རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་ཆོ་ག། བྱང་ཆུབ་སྙིང་པོ།
― DTG073_Page_0619 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎཱི་བི་དྷིཿ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་ཆོ་ག །རྡོ་རྗེ་རྣམ་པར་
― DTG073_Page_0620 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇོམས་པ་ལ་ཕྱག་འཚལ་ལོ། །ཞི་ཡང་གདུག་འདུལ་ཁྲོ་མཆོག་སྐུ་འདུད་དེ་ཡི་ཆོ་ག་བཤད། རང་སྐད་ཅིག་གིས་ལྷའི་ང་རྒྱལ་དང་ལྡན་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་ཀྱི་སྔགས་བསམས་ལ་དེའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་བཅས་པ་སྤྱན་དྲངས་ལ། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལམ་ལ་གནས་པ་དང༌། ལུས་དབུལ་བ་དང༌། དགེ་བའི་རྩ་བ་བསྔོ་བ་བྱས་ལ། ཨོཾ་ཤཱུ་ནྱ་ཧཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཉ྄ཧཾ་ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ལྷག་པར་མོས་པར་བྱའོ། །དེའི་རྗེས་ལ་གཟུངས་ཀྱི་ཡི་གེ་སྒྲ་ཙམ་ལ་དམིགས་པ་དང༌། དེ་ཡོངས་སུ་གྱུར་པ་ལས། གཟུངས་ཀྱི་ཡིག་འབྲུ་རྣམ་པར་བསམ་པ་དང༌། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཆེན་པོ་གཟུངས་ཀྱི་ཡི་གེ་རྣམས་གཟུངས་ཀྱི་ཚུལ་དུ་ནང་ན་གནས་པར་བསམས་ལ། དེ་ལས་ཕྱག་ན་རྡོ་རྗེའི་སྐུ་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་སྦྱངས་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དེ། སླར་འདུས་ནས་ཟླ་བ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་གུ་ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་ངོས་གཅིག་མེད་པ་བསྣམས་པ་གཡོན་པ་དྲིལ་བུ་དཀུར་བརྟེན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དེའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་ཀྱི་ཡི་གེ་རྣམས་བསམ་མོ། །དེའི་སྔགས་ཀྱི་འོད་ཀྱིས་མདུན་དུ་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ་ལྕང་ལོ་ཅན་གྱི་ཕོ་བྲང་ནས་སྤྱན་དྲངས་ནས། མེ་ཏོག་གླ་སོགས་པས་མཆོད་ནས་བསྟོད་དེ། དེ་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་སྔགས་ལས་འོད་འཕྲོས་པས་སྔགས་ཀྱི་ཡི་གེ་རབ་འོད་བསྐལ་པའི་མེ་འདྲ་པར་བསམ། །ཡེ་ཤེས་སེམས་དཔའ་སྐུ་དང་དེའི་ཐུགས་ཀའི་ཟླ་བ་དང༌། དེའི་སྟེང་གི་གཟུངས་ཀྱི་ཡི་གེ་ལ་ལ་དམིགས་ཏེ་གཟུངས་གདོན་ནོ། །ཡང་དམ་ཚིག་སེམས་པའི་གསུང་ལ་དམིགས་ཏེ་གཟུངས་གདོན་ནོ།།
― DTG073_Page_0621 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་བཞིན་དུ་རིམ་གྱིས་ཐུན་བཞི་རུ་གཟུངས་འབུམ་བཟླས་པ་ནི་སྔོན་དུ་བསྙེན་པའོ། །དེ་ནས་ནད་པ་ལ་སོགས་པའི་དོན་དུ་ས་ཕྱོགས་གཙང་མ་རུ་བའི་རྣམ་པ་ལྔས་བྱུགས་ཏེ། མེ་ཏོག་གི་སིལ་མ་དགྲམ་པར་བྱའོ། །ཕྱོགས་སྐྱོང་བཅུ་དང་བཅས་པའི་དཀྱིལ་འཁོར་བྲི་བའམ། མཎྜལ་གང་ཡང་རུང་བ་བྱས་ལ། རིན་པོ་ཆེའམ་ས་ལས་བྱས་པའི་བུམ་པ་རྩ་བ་མི་གནག་པ་ནག་པོར་རི་མེད་པར་རིན་པོ་ཆེ་སྣ་ལྔ་དང༌། འབྲུ་ལྔ་དང༌། སྨན་ལྔ་དང༌། སྙིང་པོ་ལྔ་དང༌། སྤོས་དྲི་ཞིམ་པོ་བླུགས་ཏེ། ལྡུམ་བུས་ཁ་བརྒྱན་ལ་མགྲིན་པར་རས་ཀྱིས་དཀྲིའོ། །བྷྲཱུཾ་ལས་རིན་པོ་ཆེའི་བུམ་པར་བསྐྱེད་དེ་བཾ་ལས་བདུད་རྩིའི་རྒྱ་མཚོ། པཾ་ལས་པདྨ་དེའི་སྟེང་དུ་གོང་བཞིན་དུ་བཅོམ་ལྡན་འདས་བསྐྱེད་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་བསྟོད་བྱས་ལ་གཏོར་མ་བཏང་སྟེ། གོང་བཞིན་བཟླས་པར་བྱའོ། །དེ་ནས་ནད་པ་སྡོམ་པ་འཛིན་དུ་བཅུག་ལ། བུམ་པའི་ཆུས་ཁྲུས་བྱས་ན་ནད་པ་ནད་ལས་ཐར་པར་འགྱུར་རོ། །རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ་རྫོགས་སོ།།
|