འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་མདོར་བསྡུས་པ།
ཙནྡྲགོམིན།
༈ རྣམ་པར་འཇོམས་པ་ཡེ་ཤེས་སྐུ། །རབ་ཏུ་བཏུད་ནས་མདོར་བསྡུས་བཤད། །དབེན་གནས་འདུག་ལ་མཎྜལ་བཅའ། །ཁྲུས་བྱས་གོས་བགོས་མཆོད་པ་བཤམ། །སྦྱན་དྲངས་ལ་སོགས་སྔོན་འགྲོ་བས། །ཚད་མེད་བཞི་པོ་བསྒོམ་པར་བྱ། །དེ་ནས་སྟོང་པ་ཉིད་བསྒོམས་ཏེ། །རང་སེམས་ཟླ་བར་ཧཱུཾ་བསམ་བྱ། །ཧཱུཾ་ལས་འོད་ཟེར་འཕྲོས་པ་ཡིས། །རྡོ་རྗེ་རབ་དྲ་བ་དང༌། །འགྲོ་བའི་དོན་མཛད་ཚུར་འདུས་ཏེ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་གྱུར། གནག་ཅིང་འབར་བའི་མེ་འོད་བཅས། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །སྔར་བཞིན་སེམས་ཅན་དོན་བྱས་ཏེ། །སླར་ཡང་རྡོ་རྗེ་ཉིད་ལ་འདུས། །རྡོ་རྗེ་ཡོངས་གྱུར་སྐུ་རུ་གསལ། །སྐུ་མདོག་མཐིང་ནག་སྤྱན་གསུམ་པ། །ཉི་མའི་དཀྱིལ་འཁོར་རྣམ་པར་གནོན། །ཕྱག་གཉིས་ཐབས་དང་ཤེས་རབ་བརྡ། །ཞབས་གཉིས་སྟག་གི་པགས་པ་བསྣམས། །ཀླུ་ལྔས་ལུས་བརྒྱན་མེ་དཔུང་འབར། །དེ་ལྟར་རྣམ་པར་བསྒོམས་ནས་ཀྱང༌། །ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ། །མཆོད་ནས་རང་ལ་གཞུག་པར་བྱ། །ནམ་མཁར་སངས་རྒྱས་སྤྱན་དྲངས་ཏེ། །སྤྲུལ་པའི་ལྷ་མོས་དབང་བསྐུར་རོ།།
སྤྱི་བོར་སྣ་ཚོགས་རྡོ་རྗེ་བསམ། །སྤྱན་དྲངས་ལྷ་རྣམས་གཤེགས་པར་གྱུར། །དེ་ནས་རྣལ་འབྱོར་བདག་ཉིད་ཀྱིས། །སྤྱི་བོ་ལ་སོགས་གནས་གསུམ་དུ། །ཟླ་བའི་སྟེང་དུ་ཡི་གེ་གསུམ། །ཡོངས་གྱུར་མཚན་མ་གསུམ་དུ་གནས། །དེ་ལས་བཟླས་པ་བྱས་པ་ནི། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ལ། །སྔགས་དང་འོད་ཟེར་བཅས་པ་ལས། །ཕྱག་ན་རྡོ་རྗེའི་སྐུ་རུ་གསལ། །ཐམས་ཅད་འདུས་པའི་དབུས་དག་ན། །བདག་ཉིད་ཁྲོ་བོ་ཆེན་པོར་གནས། །ཀུན་གྱི་ཐུགས་ཀར་ཉི་སྟེང་དུ། །རྣམ་པར་འཇོམས་པའི་ཡི་གེ་དགོད། །ཕར་སྤྲོས་དོན་ནི་རྫོགས་པ་དང༌། །ཚུར་འདུས་སྒྲུབ་པ་ནུས་པར་ལྡན། །སྔགས་ཀྱི་འབྲུག་སྒྲ་ལྟ་བུ་སྟེ། །སྐྱོ་ན་གཏོར་མ་གཏང་བར་བྱ། །མཆོད་པ་བྱས་ཏེ་ཡེ་ཤེས་གཤེགས། །དམ་ཚིག་ང་རྒྱལ་ཀུན་སྤྱོད་བྱ། །འདིས་ནི་སྒྲུབ་པ་མདོར་བསྡུས་ཏེ། །བསོད་ནམས་མཆོག་ནི་གང་ཐོབ་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །རྣམ་པར་འཇོམས་པ་ཐོབ་པར་ཤོག །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་མདོར་བསྡུས་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་རྫོགས་སོ།།