རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས། གཾ་གཱ་དྷ་ར།
― DTG073_Page_0624 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཡེ་ཤེས་རང་བཞིན་གྱིས། །འགྲོ་བའི་གདུག་པ་ཀུན་འདུལ་བའི། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སོང་ཞིང༌། །བྱང་ཆུབ་སེམས་དང་རབ་ལྡན་པས། །དཀྱིལ་འཁོར་ཞུགས་ཤིང་དབང་བླངས་ཏེ། །རྗེས་སུ་གནང་བ་ཐོབ་པ་དང༌། །རི་བོ་བཟང་ཞིང་འཇུག་ངོགས་སོགས། །རྣམ་པར་དབེན་ཞིང་ཉམས་དགའ་བར། །ཀུན་ནས་གཙང་བའི་ཀུན་སྤྱོད་ཀྱིས། །བདེ་བའི་སྟན་ལ་འདུག་པ་དང༌། །རང་སྙིང་བད་ཟླར་གནས་པ་ཡི། །ཧཱུཾ་ཡིག་མཐིང་ཤུན་མདོག་ལྟ་བུ། །འོད་ཟེར་ཕྲེང་བ་འཁྲིགས་པ་ཡིས། །ཕྱོགས་རྣམས་ཀུན་དུ་ཁྱབ་པ་དང༌། །རྡོ་རྗེ་ཁྲོ་བོ་འཇིགས་ཆེན་པོ། །སངས་རྒྱས་བྱང་ཆུབ་སེམས་དཔར་བཅས། །ནམ་མཁའ་གང་བར་གསལ་དམིགས་ཏེ། །ཕྱག་འཚལ་ལ་སོགས་བཅུ་གཅིག་བྱ། །དེ་རྗེས་ཕུང་པོ་ལ་སོགས་པའི། །ཆོས་ཀུན་རྣམ་པར་དབེན་པ་ཡི། །སྟོང་པའི་རང་བཞིན་ལ་གནས་པས། །གསང་སྔགས་བརྗོད་དེ་བརྟན་པར་བྱ། །ནམ་མཁར་གནས་པའི་པཾ་ཡིག་དང༌། །ཨ་ལས་པདྨ་ཟླ་བར་གནས། །ཧཱུཾ་ཡིག་འོད་ཟེར་ཕྲེང་འཕྲོས་པས། །ར་བ་ས་གཞི་བླ་རེ་གུར། །དྲ་བ་མེ་ཡིས་ཡོངས་སུ་བསྐོར། །དེ་ནས་ཧཱུཾ་ལས་སྤྲོས་བསྡུས་པས།། ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ། །དེ་ཡོངས་གྱུར་ལས་རང་ལྷའི་གཟུགས། །ཞལ་གཅིག་ཕྱག་གཉིས་ཆར་སྤྲིན་མདོག །གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས། །རབ་འབར་རྡོ་རྗེ་རྩེ་ལྔ་དང༌། །དྲིལ་བུ་བ་སྒྱིངས་བཅས་སྡིགས་མཛུབ་བཅས། །རྡོ་རྗེ་ཕྲེང་བ་རིན་ཆེན་སྤྲུལ། །སྟག་གི་པགས་པས་
― DTG073_Page_0625 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམ་བརྒྱན་པ། །གཡོན་བརྐྱང་པ་ཡི་གོམ་པས་བཞུགས། །ཀུན་ནས་འོད་ཀྱི་ཚོགས་འཕྲོས་པས། །གདུག་པ་མ་ལུས་སྲེག་པར་བསྒོམ། །ལུས་ངག་ཡིད་ཀྱི་གནས་གསུམ་དུ། །པདྨ་ཉི་མ་ཟླ་བ་ལ། །རྡོ་རྗེ་རྩེ་གསུམ་རང་ཡིག་གསུམ། །དཀར་དང་དམར་དང་ནག་པོར་བསྒོམ། །ཧཱུཾ་ཡིག་ལས་འཕྲོས་འོད་ཟེར་གྱིས། །མདུན་དུ་ཡེ་ཤེས་སྤྱན་དྲངས་ཏེ། །མཆོད་དང་བསྟོད་པ་སྔོན་སོང་པས། །དབང་བསྐུར་དེ་ནས་བཟླས་པ་བརྩམ། །ཨོཾ་ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ། །ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། དམ་ཚིག་ཡེ་ཤེས་སྙིང་གར་གནས། །སྤྲོ་དང་བསྡུ་བའི་བསམ་གཏན་ཅན། །ཁྲོ་བོའི་སྐད་གསང་མཐོན་པོ་ཡིས། །སྔགས་མཆོག་ཡང་དག་བཟླས་པར་བྱ། །བཟླས་པའི་མཐར་ནི་མཆོད་པ་དང༌། །བསྟོད་དང་ཡི་གེ་བརྒྱ་པ་གདོན། །མདུན་དུ་ཡེ་ཤེས་གཤེགས་གསོལ་ལ། །ཁྲོ་བོའི་ངར་འཛིན་བརྟན་པོས་གནས། །བླ་མའི་མན་ངག་ཇི་བཞིན་དུ། །སྒྲུབ་ཐབས་ཡང་དག་བཀོད་པ་ལས། །དགེ་བ་ཐོབ་པ་གང་ཡིན་དེས། །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས་དཔལ་གཾ་གཱ་དྷ་རས་མཛད་པ་རྫོགས་སོ།། །།པཎྚི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་ཅོག་གྲུ་རབ་ཞིས་བསྒྱུར་པའོ།།
|