དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་བསྟོད་པ།
མ་ཎི་བཛྲ།
རྒྱ་གར་སྐད་དུ། ཤྲཱི་བཛྲ་བི་དཱ་ར་ཎ་སྟོ་ཏྲ། བོད་སྐད་དུ། དཔལ་དོ་རྗེ་རྣམ་པར་འཇོམས་པ་ལ་བསྟོད་པ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཡོན་ཏན་ངང་ཉིད་ལས། །ཐབས་མཁས་ཐུགས་རྗེས་འགྲོ་དོན་མཛད་སྤྲུལ་པ། །གདུག་པ་འདུལ་ཕྱིར་འཇིགས་པའི་ཆ་ལུགས་ཅན། །བཅོམ་ལྡན་རྡོ་རྗེས་འཇོམས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། །གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོ་བ་དང༌། །འདོད་ཆགས་ཅན་ལ་ཆགས་ཅན་ལར་སྨོས་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི། །གསང་སྔགས་རོལ་པ་རབ་ཏུ་སྟོན་མཛད་པ། །བསམ་ཡས་སྤྲུལ་པ་མངའ་ལ་ཕྱག་འཚལ་ལོ། །གང་ཞིག་སྡང་དང་གདུག་པ་ཚར་གཅད་ཅིང༌། །སྡིག་པའི་མཚོན་ཆ་སྣ་ཚོགས་འཛིན་པའི་སྐུ། །ཉོན་མོངས་དུག་ཆེན་རྩད་ནས་གཅོད་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་བའི་མེ་ལྟར་འབར་བའི་འོད་དབུས་ན། །དཔའ་བོའི་
སྟང་སྟབས་བརྐྱང་བསྐུམ་ཚུལ་བཞུགས་པ། །སྤྱན་གྱི་སྡང་མིག་ཉི་ཟླ་འབར་བ་ཡིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །དུས་མཐའི་མེ་ལྟར་གཟི་བརྗིད་འབར་བའི་སྐུ། །གློག་སྟོང་འགྱུར་འདྲ་ཁྲོ་གཉེར་མཆེ་བ་གཙིགས། །གསུང་གི་ང་རོ་འབྲུག་སྟོང་བཞིན་སྒྲོགས་པས། །བགེགས་འདུལ་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་བསྟོད་པ་སློབ་དཔོན་བྲམ་ཟེ་མ་ཎི་བཛྲས་མཛད་པ་རྫོགས་སོ།། །།པཎྚི་ཏ་བཛྲ་ཤྲཱི་དང་ལོ་ཙཱ་བ་རབ་ཞི་བ་ཤེས་གཉེན་གྱིས་བསྒྱུར་བའོ།།