ཞི་བའི་སྦྱིན་སྲེག་གི་ཆོ་ག།
རྒྱ་གར་སྐད་དུ། །ཤཱནྟིཾ་ཧོ་མ་བིདྷིཿ། བོད་སྐད་དུ། ཞི་བའི་སྦྱིན་སྲེག་གི་ཆོ་ག །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཟུག་རྔུའི་ཉེས་པ་དང་བྲལ་བ། །མི་ཤེས་མཚན་མ་སྤངས་པ་དང༌། །མ་རུངས་གདོན་བགེགས་མི་གནས་པར། །དཀར་ཞིང་གཙང་ལ་སྣུམ་པའི་སར། །ཁྲུ་གང་ཀུན་ནས་ཟླུམ་པའི་དབྱིབས། །ཁྲུ་ཕྱེད་ཐུར་དུ་བྲུས་པའི་ཁུང༌། །ཁ་ཁྱེར་གྱིས་མཛེས་ཞི་བ་ཡི། །མཚན་མ་དཀར་པོའི་རྫས་ཀྱིས་བྱུག །དཀར་ཞིང་དྲི་ཞིམ་འོ་མ་ཅན། །རེག་ན་ཟུག་རྔུ་དང་བྲལ་བ། །ཟླ་མདོག་མེ་ཏོག་འབྱུང་བའི་ཤིང༌། །ཁུང་དང་རྗེས་མཐུན་དབྱིབས་སུ་བརྩིགས། །མཆོད་པ་བསྲེགས་པའི་ཡོ་བྱད་རྣམས། །ལས་དང་རྗེས་མཐུན་ཉེར་བསགས་ཏེ། །མེ་སྤར་མེ་དབུས་རཾ་ལས་ལྷ། །མདོག་དཀར་བགྲང་ཕྲེང་དབྱུ་གུ་དང༌། །མི་འཇིགས་སྤྱི་བླུགས་འཛིན་པ་བསྐྱེད།། ཡི་ཤེས་མེ་བཀུག་གཉིས་མེད་བསྟིམ། །མཆོད་དང་བསྟོད་དང་བསྲེགས་པའི་མཐར། །སླར་ཡང་མཆོད་བསྟོད་མཉེས་པ་ཡི། །མེ་ལྷ་འབར་བའི་མེ་དབུས་སུ། །རང་ལྷག་ལྷར་བསྐྱེད་ཡེ་ཤེས་བསྟིམ། །དེར་ཡང་མཆོད་དང་བསྟོད་པ་དང༌། །བསྲེག་པའི་རྫས་ཀྱིས་མཉེས་པ་དང༌། །མཆོད་བསྟོད་འདོད་དོན་གསོལ་བ་གདབ། །ཡི་གེ་བརྒྱ་པས་ཡོངས་བསྐང་ནས། །གཤེགས་བསྡུ་སླར་ཡང་མེ་ལྷ་ཡི། །མཆོད་བསྲེག་རྫས་ཀྱིས་ཚིམ་བྱས་ལ། །འདོད་དོན་ལས་ཀྱི་གསོལ་གདབ་སྟེ། །གཤེགས་གསོལ་ཉེ་བར་བསྡུ་བར་བྱ། །ཞི་བའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།