འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་ག།
སངས་རྒྱས་གསང་བ།
རྒྱ་གར་སྐད་དུ། ཨཱཪྻ་བཛྲ་བི་དཱ་ར་ཎ་ནཱ་མ་ཨ་བྷི་སེ་ཀ་བི་དྷིཿ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་ག །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དག་དང༌། རྒྱལ་པོའི་བློན་པོ་དང༌། རྗེའུ་རིགས་དང༌། དམངས་རིགས་དང༌། དགེ་སྦྱོང་དང༌། བྲམ་ཟེ་གང་དག་སྲིད་པའི་རྒྱ་མཚོ་ལས་མ་རྒལ་བ་དག་ལ་ནད་ཐམས་ཅད་དང་གདོན་དང༌། བྱད་ལ་སོགས་པ་གཞན་གྱི་གནོད་པས་སྡུག་བསྔལ་བར་གྱུར་པ་དེ་དག་ལ། རྡོ་རྗེ་རྣམ་པར་འཇོམས་པའི་རིག་སྔགས་ཀྱི་ཆོ་གས་གྲོལ་བར་གྱུར་ཅིག །དེའི་ཕྱིར་དེ་དག་རྣམ་པར་དབྱེ་བའི་རིམ་པ་བརྩམ་པར་བྱའོ། །མདོ་འདིའི་མཚན་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་མིང་གི་ངེས་པ་བསྟན་ཏེ། ཇི་ལྟར་ཞེ་ན། རྡོ་རྗེ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ཏེ། ཡེ་ཤེས་དེ་ནི་བསོད་ནམས་དང་ཡེ་ཤེས་ཚད་མེད་པའི་ཚོགས་ཅན། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པས་དེའི་ཕྱིར་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་བྱ་བས། འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ལྟ་བུ་ནི་མ་ཡིན་གྱི་ཡེ་ཤེས་ཀྱི་ལུས་ཅན་དུ་བསྟན་ཏོ། །དེའི་ཕྱིར་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ཡང༌། ཡེ་ཤེས་དེ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པས། རྩེ་གཅིག་ཏུ་མཉམ་པར་གཞག་པའི་གནས་སྐབས་ལ་བྱ་བར་མངོན་ནོ། །ཅིའི་ཕྱིར་ཡེ་ཤེས་འདི་ལ་རྡོ་རྗེ་ཞེས་བྱ་ཞེ་ན། ཕྱི་རོལ་གྱི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་བདུན་ཡོད་པའི་ཕྱིར་དཔེའི་སྒོ་ནས་དོན་ཉེ་བར་མཚོན་པ་ཡིན་ཏེ། འདི་དག་ཀྱང་འདི་ལྟར། མི་ཆོད་པ། མེ་ཤིགས་པ། བདེན་པ། སྲ་པ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་བ་ཞེས་བྱ་བ་རྣམས་ཏེ། དེས་ནི་ཡེ་ཤེས་དེ་ཉིད་ཀྱི་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་གཞན་གྱི་དོན་བསྟན་པ་ནི། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སྒོ་སྣ་ཚོགས་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། ཁམས་གསུམ་པའི་འཇིག་ཚོགས་ལ་ལྟ་བ་ཕྱིན་ཅི་ལོག་གི་བསམ་པ་ཅན། །ཕྱི་དང་ནང་
ནས་བགེགས་དང་ལོག་འདྲེན་རྣམ་པར་ལྟ་བའི་རྒྱུ་ལས་ཀྱི་བག་ལ་ཉལ་དང༌། ཀུན་ནས་ལྡང་བར་བཅས་པ་དེ་དག་འདུལ་བའི་ཕྱིར། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། །སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་ཞས་བྱ་བའི་བར་དུ་ཚིག་དོན་བཅོ་ལྔས་བསྟན་ཏེ། དེ་དག་ཀྱང་མདོར་བསྡུ་ན་ལས་རྣམ་པ་བཞིའི་སྒོ་ནས་གཞན་གྱི་དོན་མཛད་པར་བསྟན་ཏེ། ཞི་དང་རྒྱས་དང་དྲག་སྤྱོད་དང༌། །དབང་སོགས་ལས་རྣམ་བཞི་པོ་དག །ཐབས་ཀྱིས་འདུལ་བའི་དོན་མཛད་པ། །ཅི་རིགས་པར་ནི་སྦྱར་བར་བྱ། །དེ་ལྟར་དེ་དག་ཡེ་ཤེས་ཀྱི་རྡོ་རྗེ་དེས་འདུལ་བར་མཛད། སེལ་བར་མཛད། འཇོམས་པར་མཛད་པའི་ཕྱིར་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱའོ། །དེ་ནས་གསང་སྔགས་ཀྱི་ཚིག་གང་དག་གསུངས་པ་དེ་དག་ཀྱང་ཡེ་ཤེས་དེའི་རྒྱུ་ལས་བྱུང་བའི་ཕྱིར་ཐོགས་པ་མེད་པ་རྡོ་རྗེའི་ཚིག་ཏུ་རིག་པར་བྱའོ། །དེ་ནས་དེ་དག་གི་ཆོ་ག་བཤད་པར་བྱ་སྟེ། ཆོ་གར་བྱ་བ་ཐམས་ཅད་ཀྱང་གཙོ་བོར་སློབ་དཔོན་ལ་བརྟེན་པ་ཡིན་པས། དེའི་ཕྱིར་སློབ་དཔོན་དང་སློབ་མ་གཉིས་ཀ་སྟ་གོན་དུ་གནས་པའི་ཆོ་ག་ནི། དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང༌། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་བྱ་བ་ལ་ཤིན་ཏུ་ཁྲུས་བྱ་བ་དང་གོས་གཙང་མ་གྱོན་པ་ནི་ཕྱིའི་གཙང་སྦྲའོ། །སྒོ་གསུམ་ནས་སྡིག་པ་མི་དགེ་བ་མི་བྱེད་པ་ནི་ཡིད་དགེ་བའོ། །བྱང་ཆུབ་ཏུ་སྨོན་པ་ནི་སེམས་དང་བ་སྟེ་དེ་དག་ནི་ནང་གི་གཙང་སྦྲའོ། །མདོ་སྡེ་དམ་པ་མཉན་པར་བྱ། །ཞེས་པའི་དོན་ནི་རིག་སྔགས་དེ་དག་ཡེ་ཤེས་ལས་བྱུང་བར་ཁོང་དུ་ཆུད་པར་བྱའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་བྱ་བ་ཡང་ཡེ་ཤེས་དེའི་རང་བཞིན་དུ་རྟོགས་པ་ཉིད་དོ། །དེ་ནས་སློབ་དཔོན་གྱི་ཆོ་གར་བྱ་བ་ནི་མདོ་འདི་ཉིད་ལས་དབང་བསྐུར་བའི་ཡན་ལག་ཏུ་བུམ་པ་བསྟན་པ་ཙམ་དུ་ཟད་དོ། །དཀྱིལ་འཁོར་ལ་སོགས་པའི་ཆོ་ག་མ་གསུངས་པ་དེ་དག་འདི་ཉིད་དུ་གསུངས་པ་ལ་མི་མངོན་པར་འགྱུར་བའམ། ཡང་ན་སྤྱི་རྒྱུད་ལས་གསལ་བའི་ཕྱིར་རམ་དེ་དག་ཏུ་མ་བསྟན་པ་ནི་གཉིས་ཀ་ལྟར་ན་ཡང་དེ་ལྟར་སྦྱར་བ་ཉིད་དེ། དེ་ལས་ནི། ཕྱུགས་
ལྷས་ཤིང་གཅིག་ལྷ་ཡི་ཁང་པའམ། །ལམ་གྱི་བཞི་མདོ་འམ་ཁང་སྟོང་ནགས་ཚལ་དུ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་གྲུ་བཞིའི་ཚད། །ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་གཟུང༌། །སྒོ་བཞིའི་ས་ལ་ཀུ་ཤའི་རྩྭ་ཡང་དགྲམ། །ཞེས་གསུངས་པ་ལས་རིག་པར་བྱའོ། །དེ་ནས་དཀྱིལ་འཁོར་བྱ་བ་ཡང་སློབ་དཔོན་གྱིས་དང་པོ་ས་བསླང་པར་བྱ་བ་དང་སྦྱང་བ་ལ་སོགས་པའི་ཆོ་ག་ཚུལ་བཞིན་དུ་བྱས་པ་སྟེ། འཐས་པར་བཅགས་ལ་བའི་རྣམ་པ་ལྔ་དང་སྦོས་ཆུ་གཙང་མས་བྱུག་གོ །སྟེང་དུ་ཡང་བླ་རེ་བྲེ་ཞིང་དར་གྱི་ལྔ་ལྡི་དང་མེ་ཏོག་གི་ཕྲེང་བ་དང་མེ་ལོང་དག་གིས་ཀྱང་བརྒྱན་པར་བྱའོ། །གཞན་ཡང་དབང་བསྐུར་བའི་ཆོ་ག་ལ་བཀྲ་ཤིས་ཀྱི་བུམ་པ་ཚུལ་དང་ལྡན་པས་ཡོན་ཏན་འགྲུབ་པའི་ཕྱིར། འདི་ཉིད་ལས་དེའི་རྒྱུ་བསྟན་པ་ནི། གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང༌། །ཞེས་བྱ་བས་བསྟན་ཏོ། །དེ་དག་གི་ནང་དགང་བ་ནི་ཆུའོ་ཞེས་བྱ་བ་སྨོས་ཏེ། ཙནྡན་དང་ག་པུར་དང་གུར་གུམ་ལ་སོགས་པའི་ཆུས་ནང་བཀང་ལ། དེ་དང་ལྷན་ཅིག་དང་ལྡན་པའི་རིན་པོ་ཆེ་དང་ཤེལ་དང་ཞེས་བྱ་བ་ནི་དངོས་སུ་ཟད་དོ། །ནོར་བུ་ཞེས་བྱ་བ་ནི་སྤྱི་ཚིག་ཏུ་སྨོས་པ་སྟེ། རྣམ་པར་ཕྱེ་ན་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་ལ་སོགས་པ་རིན་པོ་ཆེའི་རིགས་སུ་གཏོགས་པ་མུ་ཏིག་དང་ས་ལེ་སྦྲམ་ལ་སོགས་པ་དག་སྟེ་དེ་དག་ཀྱང་གས་ཆག་མེད་པ་རྒྱན་གྱི་བྱ་བ་བྱེད་ནུས་པ་དག་ནི་རྨ་མེད་ཅེས་བྱའོ། །གཞན་ཡང་དེའི་ཟླ་ལ་ཡུངས་ཀར་དང༌། རྩྭ་དཱུར་བ་དང་མེ་ཏོག་རྣམས་གཞུག་པར་བྱའོ། །ཚུལ་བཞིན་དུ་སྤྱིའི་རྒྱུད་ལས་ཀྱང༌། །བུམ་པ་པདྨ་དམར་པོའི་མདོག་འདྲ་ཞིང༌། །ནག་པོར་རི་མེད་པ་རིན་ཆེན་བཅས། །སྨན་དང་འབྲུ་དང་སྦོས་ཆུས་བཀང་བ་དག །ལྡུམ་བུས་ཁ་བརྒྱན་རས་ཀྱིས་མགུལ་བ་དཀྲི། །ཞེས་བསྟན་ཏེ། དེ་དག་གི་ལྟོར་ནི་ཆུ་བྲེ་གང་ཤོང་པ་ལས་བྱ་བར་བསྟན་ཏོ། །མཚན་ཉིད་གཞན་ནི་རྒྱུད་གཞན་དག་ལས་རིག་པར་བྱའོ། །ཡང་གོང་མ་འབྲུ་དང་སྨན་དང་ཞེས་བྱ་བ་ལ། བྱ་ཀྲྀ་དང་སེང་ཀྲི་ལ་སོགས་པའི་སྨན་རྣམ་པ་ལྔ་དང༌། ཏིལ་དང་སྲན་མ་ལ་སོགས་པ་འབྲུ་སྣ་ལྔ་རྣམས་རྒྱུད་ལས་གྲགས་པ་བཞིན་དུ་སྦྱར་རོ། །མགུལ་ཆིངས་ནི་གཙང་མའི་གོས་ཞེས་
བྱ་བ་མ་སྤྱད་པ་མ་བབ་པའི་རས་དཀར་པོ་ཁ་ཚར་མ་ཉམས་བ་དང་བཅས་པའོ། །དཀྲི་ཞིང་དགང་བ་ནི་གོང་དུ་བསྟན་པའི་རྫས་རྣམས་ཀྱི་དོན་མདོར་བསྡུས་ཏེ་བསྟན་པའོ། །བུམ་པ་དེ་ལྟར་བཅའ་བ་དེ་ཡང་རྟོག་པ་གཞན་གྱི་ཆོ་ག་ལས་འབྱུང་བ་བཞིན་དུ་གྲངས་བཞིའམ་ལྔ་དག་གུ་གུལ་ལ་སོགས་པ་ལ་རྡོ་རྗེ་ཁྲོ་བོའི་སྔགས་ཀྱིས་བཏབ་སྟེ་བདུགས་ལ་དབུས་དང་གྲྭ་བཞི་རུ་གཞག་པར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་ལས་ཀྱི་ཁྲོ་བོར་བསྒྱུར་ལ་ལག་ཏུ་རྡོ་རྗེ་དང་ཡུངས་ཀར་བླངས་ཏེ། བསྐྲད་ཅིང་བསྲུང་བ་དང༌། མཚམས་བཅད་པ་དག་བྱས་ནས། ཐིག་སྐུད་ལག་ཏུ་བླངས་ཏེ་ཕྱོགས་མ་འཁྲུལ་པར་བཅད་ལ་རིམ་པ་གསུམ་པར་ཐིག་གདབ་པོ། །དེ་ནས་ལྷའི་རི་མོ་བྲིས་ཏེ། དབུས་ཀྱི་དཀྱིལ་འཁོར་དུ་གཙོ་བོ་ཕྱག་ན་རྡོ་རྗེ་རྒྱ་གྲམ་ཕྱོགས་གཅིག་མེད་པ་པདྨ་དང་སེང་གེའི་ཁྲི་སྟེངས་སུ་གཞག་གོ །དེའི་གྲྭ་བཞིར་འཁོར་རྣམས་ཀྱི་ཕྱག་རྒྱ་བྱང་ཤར་མཚམས་ནས་བཟུང་སྟེ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་གདེངས་པ་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། བེ་ཅོན་རྡོ་རྗེས་མཚན་པ་དང༌། རྡོ་རྗེ་ཐོ་བ་རྣམས་བྲིའོ། །དེ་ནས་རིམ་པ་གཉིས་པར་དབང་ལྡན་ལ་སོགས་པར་འཇིག་རྟེན་སྐྱོང་པ་བཅུ་དང༌། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱི་མཚན་མ་དག་བྲིའོ། །རིམ་པ་གསུམ་པར་རིན་པོ་ཆེའི་ཆུན་འཕྱང་དང༌། མུ་ཏིག་གི་ཕྲེང་བ་དག་དགོད་དོ། །ཕྱོགས་བཞིར་སྒོ་ཁྱུད་དང་རྟ་བབས་དག་གིས་མཛེས་པར་བྱའོ། །དེའི་ཕྱི་རོལ་སྟེགས་བུའི་མཐའ་སྐོར་དུ་ཡང་རྩྭ་ཀུ་ཤས་བསྐོར་ཅིང་མེ་ཏོག་གི་སིལ་མ་དག་ཀྱང་བཀྲམ་མོ། །དེ་ནས་ཕྱི་རོལ་དུ་བྱུང་སྟེ་འབྱུང་པོ་རྣམས་ལ་སྙིང་བརྩེ་བའི་ཕྱིར། བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །ཞེས་བྱ་བ་དག་ཁྱེར་ནས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་འགྲུལ། །ཞེས་བྱ་བ་ལ་སོགས་པའི་བསྟོད་པའི་བདེན་པ་བདར་ལ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་ཁ་ཕྱེ་སྟེ་བཀན་ནས་བསྟན་པའི་ཚུལ་དུ་བྱས་པ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱ་སྟེ། འབྱུང་པོ་དེ་དག་ལ་སོ་སོའི་རིག་སྔགས་དག་བརྗོད་ཅིང་ནམ་མཁའ་མཛོད་ཀྱི་རིག་པས་ཀྱང་བྱིན་གྱིས་བརླབས་ལ་བསྔོའོ། །དེ་ནས་སླར་ལོག་སྟེ་ལྷའི་གནས་སུ་སོང་ལ་ཚོན་
གྱི་དཀྱིལ་འཁོར་དེ་དག་མདུན་གྱི་ནམ་མཁའ་ལ་གྱེན་དུ་དཔག་ཅིང༌། རིན་པོ་ཆེའི་གཞལ་ཡས་ཁང་པདྨ་དང་སེང་གེའི་གདན་ཁྲིར་བཅས་པ་བསམས་ནས། དེར་རིགས་ཀྱི་སྔགས་ཀྱི་ལྷ་འཁོར་དང་བཅས་པ་སྤྱན་དྲང་བ་ནི་ཕོ་བྲང་ལྕང་ལོ་ཅན་ནས་དཔལ་ཕྱག་ན་རྡོ་རྗེ་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བ་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་སྐུ་མདོག་ལྗང་སྔོན་ཞལ་གྱི་སྨིན་མ་ཁྲོ་གཉེར་ཅན། ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། གཡོན་པ་དཀུར་བརྟེན་ཅིང་འགྱིང་བ། སྟོད་གཡོགས་དང་སྨད་གཡོགས་དང་དར་པ་ཏིའམ་ཚི་གུ་གསོལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་གསང་སྔགས་དང་རིག་སྔགས་ཀྱི་ཁྲོ་བོ་དང༌། ཁྲོ་མོ་ཕྱག་བརྙན་གྲངས་མེད་པའི་ཚོགས་ཅན་དག་རང་ཉིད་ཀྱི་རྩ་བའི་ཕྱག་རྒྱས་སྤྱན་དྲངས་ཏེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཀུག་སྟེ་ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་དབྱུང་བར་བྱས་ལ། གུང་མོ་གཉིས་གཞིབས་པའི་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་སྟེ། བར་ནས་གང་ཙམ་གྱིས་མ་རེག་པར་བྱས་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་གཞིབས་པར་བྱའོ། །དེའི་སྔགས་ལ། ཨོཾ་བཛྲ་ཛྭ་ལ་ན་ཡེ་སྭཱ་ཧཱ། ཞེས་བྱའོ། །ཡང་ན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་སྤྱན་དྲང་ངོ༌། །དེ་ནས་ཐོག་མར་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། ལག་པ་གཡས་པའི་མཐེའུ་ཆུང་གི་སེན་མོ་མཐེ་བོས་མནན་ལ་ལྷག་མ་རྣམས་རྡོ་རྗེ་རྩེ་གསུམ་གྱི་ཚུལ་དུ་བྱས་ལ། དེའི་སྔགས་ནི། ཨོཾ་ཤཾ་ཀ་ར་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཞེས་སོ། །དེ་ནས་དཀྱིལ་འཁོར་གྱི་གྲྭ་བཞིར་ཁྲོ་བོ་བཞི་གཞག་སྟེ། བྱང་ཤར་མཚམས་ནས་བཟུང་སྟེ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཏུམ་པོ་ཞེས་བྱ་བ་མདོག་སྨུག་ནག་བཞིན་ཁྲོ་གཉེར་ཅན་ཕྱག་གཡས་པ་ན་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་གདེངས་པ་ཕྱར་ཏེ་ཐོགས་པར་བསམ་མོ། །དེའི་ཕྱག་རྒྱ་ནི་ལག་པ་གཡོན་པའི་མཛུབ་མོ་སྙིང་གའི་ལོགས་སུ་གཞག །གཡས་པའི་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་ཏེ། དེའི་སྔགས་ཀྱང་འདི་ཉིད་ལས། ཨོཾ་ཙུ་རུ་ཙུ་རུ་ཙཎྜ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་སྦྱར་རོ། །དེ་ནས་ཤར་ལྷོའི་མཚམས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལཱ་ཡ་ཞེས་བྱ་བ་མདོག་ལྗང་ནག་
དཔྲལ་བ་ཁྲོ་གཉེར་ཅན། ཕྱག་གཡས་པ་ན་རྡོ་རྗེ་རྩེ་གཅིག་བ་ཀ་ན་ཡའི་དབྱིབས་འདྲ་བ་ཐོགས་པ་བསམ་སྟེ། དེའི་ཕྱག་རྒྱ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ལ་ཅུང་ཟད་བསྣོལ་བའི་ཚུལ་དུ་བྱས་ལ། མཐེ་བོང་གཉིས་གྱེན་དུ་གཞིབས་ལ་བསྒྲེང་ངོ༌། །དེའི་སྔགས་ནི། ཨོཾ་ཏྲ་ས་ཡ་ཏར་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་སྦྱར་རོ། །དེ་ནས་ལྷོ་ནུབ་ཀྱི་མཚམས་སུ་རྡོ་རྗེ་བེ་ཅོན་ཞེས་བྱ་བ་མདོག་མཐིང་ནག་སྨ་ར་སེར་པོ་འཁྱིལ་པ། ཕྱག་གཡས་ན་བེ་ཅོན་གྱི་རྩེ་མོ་རྡོ་རྗེས་མཚན་པ་བསྣམས་པ་སྟེ། དེའི་ཕྱག་རྒྱ་ནི་ལག་པ་གཉིས་ཕྱག་འཚལ་བའི་ཐལ་མོ་ལས་མཐེ་བོ་གཉིས་བསྒྲེང་སྟེ་ཚིགས་བཀུག་ནས་སྲིན་ལག་དྲུང་དུ་གཟུགས་པར་བྱ་སྟེ། དེའི་སྔགས་ལ། ཨོཾ་ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་སྦྱར་རོ། །དེ་ནས་ནུབ་བྱང་གི་མཚམས་སུ་རྡོ་རྗེ་ཐོ་བ་ཞེས་བྱ་བ་མདོག་ནག་པོ་ཤིན་ཏུ་ཁྲོས་པ་མཆེ་བ་གཙིགས་པ་བསམས་ཏེ། དེའི་ཕྱག་རྒྱ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་བསྒྲེང་མཐེའུ་ཆུང་གཉིས་ནང་དུ་གཞུག་གོ །དེའི་སྔགས་ནི། ཨོཾ་པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷ་ཉྫ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་སྦྱར་རོ། །དེ་ནས་ཕྱི་རོལ་གྱི་རིམ་པ་གཉིས་པར་དབང་བདག་ལ་སོགས་པ་འཇིག་རྟེན་སྐྱོད་པ་བཅུ་དང༌། རྒྱལ་མ་ལ་སོགས་པ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱི་ཕྱག་རྒྱ་བསྒོམ་སྟེ། དེ་དག་སོ་སོའི་སྔགས་དང་ཕྱག་རྒྱ་བཅིངས་ཏེ་སྤྱན་དྲང་ཞིང་རང་རང་གི་གནས་སུ་བཀོད་ལ། གཙོ་བོ་འཁོར་དང་བཅས་པ་དེ་རྣམས་ལ་གུས་པའི་མཆོད་པས་ཁྱབ་པར་བྱ་སྟེ། མཆོད་ཡོན་བྱུག་སྦོས་མེ་ཏོག་བདུག་པ་དང༌། །ཞལ་ཟས་མར་མེའི་ཚོགས་རྣམས་རིམ་བཞིན་དབུལ།། དེ་ནས་ཕྱོགས་བཅུ་དག་ན་ཇི་ལྟར་སྲིད་པའི་ལྷ་རྫས་དག་ཀུན་དུ་བཟང་པོའི་མཆོད་སྤྲིན་དག་གིས་མཆོད་ལ། ནམ་མཁའ་མཛོད་ཀྱི་རིག་པས་ཀྱང་བྱིན་གྱིས་བརླབས་ཏེ། འདི་ལྟར་རོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ། སརྦ་ཏངྑཾ་ཨུངྒ་ཏེ་སྥར་ཎ་ཧི་མཾ་ག་གན་ཁཾ་སྭཱ་ཧཱ། དེ་ནས་བསྟོད་པ་ཅི་ཤེས་པས་ཀྱང་བསྟོད་དོ། །དེ་ནས་བཟླས་པ་བྱ་བ་ནི། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །ཅེས་པ་གྲངས་མ་ངེས་པར་གསུངས་པ་ལ་རྩ་བའི་རིག་སྔགས་མཇུག་སྙིང་པོའི་རིག་སྔགས་རྣམ་པ་གཉིས་བསྐུལ་ཚིག་དང་བཅས་པར་ཟློས་པ་ནི་
ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །ཡང་ན་དེ་རྣམ་པ་གཉིས་ཀ་གདོན་པར་མི་ནུས་ན་མཇུག་ན། ན་མ་ཤྩཎྜ་བཛྲ་ཞེས་བྱ་བ་ནས་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བྱ་བའི་བར་ནི་རིག་སྔགས་འདིའི་སྙིང་པོ་ཡིན་ཏེ་བསྐུལ་ཚིག་དང་བཅས་པར་ལན་གྲངས་བརྒྱ་རྩ་བརྒྱད་གདོན་པར་བྱའོ། །དེ་ལྟར་བཟླས་བརྗོད་ཟིན་ནས་ཡོན་བདག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཁྲིའུ་ལྟ་བུ་བཞག་པའི་སར་རི་མོ་ཡིད་ཀྱིས་བཏེག་པ་དང༌། ཡང་ན་ཕྱག་རྒྱ་ཉི་ཚེ་དབྱི་བར་བྱའོ། །དེ་ནས་བུམ་པ་རྣམས་ཀྱི་ཆུ་བླུགས་ཤིང་དབང་བསྐུར་ཏེ། ཤུ་ཏི་དང་ཉེ་ཤིང་ལ་སོགས་པས་ཁྲུས་བྱའོ། །རོལ་མོ་དང་བཀྲ་ཤིས་ཀྱང་གདོན་ནོ། །ཁྲུས་ཟིན་ནས་སྒོར་འབྱུང་བའི་དུས་སུ་ཞོ་དང་སྨན་དང་འབྲས་ལ་སོགས་པ་བཀྲ་ཤིས་ཀྱི་རྫས་ལ་སོགས་པ་ཆོ་གར་བསྟན་པ་རྣམས་མཐོང་བའམ་རིག་པར་བྱ་བ་དག་ནི་བཀག་པ་མེད་དོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་འདིའི་ཆོ་གའི་ཕན་ཡོན་འབྱུང་བ་ཡང་མདོར་བསྡུ་ན་གཉིས་ཏེ། སྡུག་བསྔལ་སེལ་བར་བྱེད་པ་དང༌། བདེ་བ་སྐྱེད་པར་བྱེད་པའོ། །སྡུག་བསྔལ་སེལ་བར་བྱེད་པ་ནི། སེམས་ཅན་དབང་པོ་ཉམས་པ་དང༌། །ཚེ་ཟད་པ་དང་ཚེ་ཉམས་དང༌། །ཞེས་བྱ་བ་ནས། དེ་དག་ཐམས་ཅད་ཞི་བར་ལྟ། །ཞེས་བྱ་བའི་བར་དང༌། ཕན་ཡོན་ནི། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་པའི་ཚིགས་སུ་བཅད་བ་བཞིས་བསྟན་ཏོ། །བདེ་བ་སྐྱེད་པར་བྱེད་པ་ནི། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་བྱ་བ་དང༌། ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་བ་ཀུན་ལས་རྣམ་པར་ཐར། །ཞེས་བྱ་བ་རྣམས་ཀྱིས་བསྟན་ཏོ། །དེ་དག་ཀྱང་ཕན་ཡོན་མདོར་བསྡུས་པ་ཙམ་དུ་ཟད་ཀྱི། གཞན་ཡང་རྒྱལ་པོའི་ཆད་པ་དང༌། ཆོམ་རྐུན་དང༌། མེ་དང༌། ཆུ་དང༌། དུག་དང༌། མཚོན་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བར་རིག་པར་བྱའོ། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག །སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །།