འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་ཚིག་གི་དོན་བཤད་པའི་བརྗེད་བྱང་།
― DTG071_Page_0108 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་ཚིག་གི་དོན་བཤད་པའི་བརྗོད་བྱང་བཞུགས།། ཆོས་དབྱིངས་མཉམ་པ་ཉིད་ལ་རབ་ཞུགས་ཀྱང༌། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང༌། །འགྲོ་བའི་དོན་མཛད་མཐའ་ཡས་གཟུགས་མངའ་བ། །དཔལ་
― DTG071_Page_0109 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྟན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་བསྡུས་པའི་དོན་དང་དགོས་པ་དག །སློབ་དཔོན་ཁྱད་པར་ཅན་གྱིས་གསལ་མཛད་ཀྱང༌། །ཚིག་གི་དོན་དང་མཚམས་སྦྱར་བརྒལ་བའི་ལན། །རང་ལ་གཅེས་པའི་དོན་དུ་ཅུང་ཟད་དབྱེ། །དེ་ལ་གནོད་སྦྱིན་བདག་པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་སྟེ། གནོད་སྦྱིན་ཐམས་ཅད་བྱ་བ་ལ་མངའ་གསོལ་བའི་ཕྱིར་རོ། །ཉི་མ་སྟོང་གི་གཟི་ཞེས་བྱ་བ་ནི་སྐུ་དང་ཐུགས་ཀྱི་ཡོན་ཏན་ལ་སྦྱར་རོ། །ཐུགས་རྗེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བརྩེ་བར་དགོངས་པའི་དོན་ཏོ། །རྩེ་གཅིག་ཡིད་གྱུར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དགོངས་པའི་དོན་ཏོ། །བཞུགས་པ་ལ་ཞེས་བྱ་བ་ནི་ཚངས་པའི་གནས་པ་ལ་སོགས་པ་སྟེ་ཐུགས་རྗེས་ཞེས་སྨོས་པའི་ཕྱིར་རོ། །དཔུང་བཟངས་ཚུལ་བཞིན་གུས་པར་ཕྱག་འཚལ་ནས། །ཞེས་བྱ་བ་ནི་ཤིན་ཏུ་དང་བས་མགོ་བོས་ཡབ་ཀྱི་ཞབས་ལ་གཏུགས་ཏེ་ཕྱག་བྱས་པའི་དོན་ཏོ། །ཚོགས་ཀུན་གྲུབ་ལ་ཞུས་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ལ་སོགས་པས། རིག་སྔགས་དང་གསང་སྔགས་མང་པོ་སོ་སོའི་ཆོ་ག་ཞིབ་མོ་གསུངས་པ་རྣམས་ངེས་པར་དངོས་གྲུབ་ཏུ་གྱུར་པར་བྱ་བའི་དོན་རྣམས་ཞུས་ཞེས་བྱ་བའི་ཐ་ཚིག་གོ །ས་སྟེང་མི་རྣམས་ཞེས་བྱ་བ་ནི་སྐབས་འདི་ལ་སོགས་རིག་སྔགས་འཆང་ལ་སྦྱར་བའི་ཤས་ཆུང་བའི་དོན་ཏོ། །བཟླས་བརྗོད་ཅེས་བྱ་བ་ནི་ཡན་ལག་བཞི་པའི་དོན་ཏོ། །སྨྱུང་བ་ཞེས་བྱ་བ་ནི་ཁ་ཟས་མི་ཟ་བའོ། །དཀའ་ཐུབ་ཅེས་བྱ་བ་ནི་འགལ་བའི་ཟས་དང་གོས་སྤང་བའོ། །ངེས་པར་སྤྱད་པ་ཞེས་བྱ་བ་ནི་སྨྱུང་བ་དང་མི་སྨྲ་བའི་དཀའ་ཐུབ་ཀྱི་དུས་འདི་སྲིད་གཅིག་ཏུ་བྱའོ་ཞེས་ལུས་དང་ངག་གི་སྒོ་ཤིན་ཏུ་སྡོམ་པའོ། །རབ་ཏུ་བསྒྲིམས་ཀྱང་གྲུབ་པ་མ་མཐོང་ན། །ཞེས་བྱ་བ་ནི་འབད་པར་ནི་གཟིགས་ལ་གྲུབ་པར་ནི་མ་གཟིགས་ཞེས་བྱ་བའི་ཐ་ཚིག་གོ །གཙོ་བོ་ཁྱོད་ཀྱིས་ཞེས་བྱ་བ་ནི་སྐབས་འདིར་ཕྱག་ན་རྡོ་རྗེ་ཁོ་ན་སྨོས་པ་ནི་ས་འཛིན་ནམ་རྡོ་རྗེའི་རིགས་ཀྱི་ཤས་ཆེར་གསུངས་པར་རིག་པར་བྱའོ། །སྡིག་འཇོམས་ཞེས་བྱ་བ་ནི་གསང་སྔགས་དེ་དག་གི་ལས་རྣམ་པར་དག་པ་བསྟན་ཏོ། །དག་བྱེད་རྣམས་ཀྱི་མཆོག་ཅེས་
― DTG071_Page_0110 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ་བ་ནི་རང་བཞིན་རྣམ་པར་དག་པ་བསྟན་ཏོ། །བདེན་པའི་གསུང་གིས་རབ་ཏུ་བཀའ་སྩལ་ན། །ཞེས་བྱ་བ་ནི་རྒྱུད་རྣམ་པར་དག་པར་བསྟན་པའོ། །ཇི་ལྟར་སྔགས་རྣམས་འབྲས་བུ་མ་མཆིས་གྱུར། །ཞེས་བྱ་བ་ནི་རྣམ་པར་དག་པའི་ཁུངས་ནས་བྱུང་བ་ལ། སླུ་བ་མི་སྲིད་པར་བརྗོད་པའོ། །རབ་དང་འབྲིང་དང་དེ་བཞིན་ཐ་མ་ཞེས་བྱ་བ་ལ་སོགས་པས་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་པོ་ལ་ཡོན་ཏན་ཡང་ཡོད། གསང་སྔགས་ཀྱང་མཐུ་ཆེ་མོད་ཀྱི། མ་བསྒྲུབས་པའི་ཕྱིར་དངོས་གྲུབ་མ་ཐོབ་པོ་ཞེས་བྱ་བའི་གླན་ཀ་བསལ་བའི་དོན་ཏོ། །འབྲས་བུ་ཞེས་བྱ་བ་དང་གྲུབ་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །སྒྲུབ་པ་ཉོན་མོངས་ཁོ་ན་ཅི་རུང་ལགས། །ཞེས་བྱ་བ་ནི་ངལ་བའི་འབྲས་བུ་མེད་པ་ནི་སྨད་པའོ་ཞེས་བྱ་བའི་ཐ་ཚིག་གོ །རྒྱལ་བ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་ལས་རྒྱལ་བའི་ཕྱིར་སངས་རྒྱས་ཏེ། ཇི་སྐད་དུ། སྡིག་པ་མི་དགེའི་ཆོས་ལས་ང་རྒྱལ་ཏེ། །དེ་ཕྱིར་ང་ནི་ཉེ་འགྲོ་རྒྱལ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཡེ་ཤེས་ཞི་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཁྱེན་པ་ལ་འདོད་ཆགས་ལ་སོགས་པ་མ་ཞི་བ་མི་སྲིད་པའི་ཕྱིར་རོ། །དེ་ཡིས་འདི་དག་གསོ་བར་སྔོན་གསུངས་ན། །ཞེས་བྱ་བ་ནི་ཡེ་ཤེས་དེ་སེམས་ཅན་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་དུ་འདོད་ཆགས་ནས་ལེ་ལོའི་བར་གྱི་གཉེན་པོར་མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་ལ་གདུལ་བྱ་རྣམས་དགོད་པར་ལུང་ལས་གསུངས་པའོ། །གང་ལ་སྔགས་དང་རིག་པའང་འགྲུབ་མེད་པ། །ཞེས་བྱ་བ་ནི་གསང་སྔགས་ཀྱི་སྒོ་ནས་འཇུག་པ་རྣམས་བག་མེད་པའི་གནས་ནས་བསླངས་ཏེ། དངོས་གྲུབ་ཐོབ་པར་འགྱུར་བའི་ཐབས་བཤད་པར་གསོལ་བ་འདེབས་པའི་དོན་ཏོ། །དེ་དག་རྣམས་ཀྱང་ཇི་ལྟར་གསོལ་བར་བགྱི། །ཞེས་བྱ་བ་ནི་ཞར་ལ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་པ་རྣམས་ཀྱང་བག་མེད་པའི་གནས་ནས་བསླངས་ཏེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་ལ་དགོད་པར་གསོལ་བ་འདེབས་པའི་ཐ་ཚིག་གོ །ཐུགས་རྗེ་དང་ལྡན་པས་ཞེས་བྱ་བ་ལ་སོགས་པས་ནི། ཡང་གསང་
― DTG071_Page_0111 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྔགས་ཀྱི་ལས་དང་རང་བཞིན་དང་རྒྱུ་རྣམ་པར་དག་པ་དེ་ཅིའི་ཕྱིར་མ་གྲུབ་ཅེས་བཟླས་ཏེ་ཞུས་པའོ། །ཆོ་ག་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པ་དང་གསང་སྔགས་དང་ཕྱག་རྒྱའོ། །ཉམས་ཞེས་བྱ་བ་ནི་དེ་དག་ཉིད་ལས་མ་ཚང་བའམ་འཁྲུལ་པའོ། །མཐུ་མ་མཆིས་ཞེས་བྱ་བ་ནི་ཀྱེ་གསང་སྔགས་དེ་དག་ལ་འགྲུབ་པར་ནུས་པའི་མཐུ་ཡོད་དམ་ཞེས་བྱ་བའི་མཐུ་ཡོད་དམ་ཞེས་བྱ་བའི་དོན་ཏོ། །དུས་ཀྱི་རང་བཞིན་ཞེས་བྱ་བ་ནི་དབྱར་དགུན་དང་སྔ་དྲོ་ལ་སོགས་པའི་དུས་དང་མ་སྦྱར་བའི་ཉེས་པའམ་ཞེས་བྱ་བའི་ཐ་ཚིག་གོ །སྡིག་པས་བསྒྲིབས་ཞེས་བྱ་བ་ནི་མཚམས་མེད་པ་ལ་སོགས་པ་མི་དགེ་བའི་ལས་བསགས་པས་མངོན་པར་མཐོ་བའི་དཔལ་དང་དངོས་གྲུབ་ཐོབ་པའི་སྐལ་བ་དང་མི་ལྡན་པར་གྱུར་ཏམ་ཞེས་བྱ་བའི་དོན་ཏོ། །གསང་སྔགས་གཞན་དུ་གྱུར་ཏམ་ཞེས་བྱ་བ་ནི་ཡི་གེ་ལྷག་པ་དང་ཆད་པས་དབྱིངས་དང་རྣམ་པར་ཐར་པའི་སྒོ་སྟོན་པའི་སྒྲ་གཞན་དུ་གྱུར་ཏམ། ཞེས་བྱ་བའི་ཐ་ཚིག་གོ །མཆོད་ལས་གྱུར་ཞེས་བྱ་བ་ནི་རིགས་ཀྱི་བྱེ་བྲག་གིས་གཞན་གྱི་མཆོད་པ་གཞན་ལ་ཕུལ་བས་འོས་པ་མ་ཡིན་པའམ། །ཡང་ན་མ་ལྕོགས་པའི་ཉེས་པའམ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་མ་ལུས་བཅོམ་ལྡན་འདས་ཀྱིས་གསུངས། །ཞེས་བྱ་བ་ནི་དཔུང་བཟངས་ཀྱིས་ཡོངས་སུ་ཞུས་པ་རྣམས་མ་ལུས་པར་བཀའ་སྩོལ་ཅིག་ཅེས་མཇུག་བསྡུས་པའོ། །ཡུད་ཙམ་ཞེས་བྱ་བ་ནི་སེ་གོལ་ཐང་ཅིག་སྐད་ཅིག་མ་དྲུག་ཅུ་རྩ་བཞི་ལ་སོགས་ཏེ། དུས་ཀྱི་བྱེ་བྲག་རབ་ཏུ་ཕྲ་བར་འདྲེན་བཞི་ལ་སོགས་ཏེ། དུས་ཀྱི་བྱེད་བྲག་རབ་ཏུ་ཕྲ་བར་འདྲེན་པ་ལ་ནི་མི་བྱའི། །འཕྲལ་གྱི་སྤྱོད་པའི་སྐད་ཅིག་ཡུད་ཙམ་ཞེས་བྱ་བ་ལ་གདགས་སོ། །དགོངས་ནས་ཞེས་བྱ་བ་ནི་མ་འོངས་པའི་སོ་སོའི་སྐྱེ་བོའི་སློབ་དཔོན་རྣམས་ལ་གདམས་པའི་དབང་དུ་མཛད་དེ་ཞུས་པའི་དོན་མ་འཁྲུལ་བ་དང་ལྡན་པ་དང་འཁྲུལ་པ་གླན་པར་བསྟན་ཏོ། །རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་མཚན་མའོ། །མེ་སྟག་ཅེས་བྱ་བ་ནི་འོད་ཟེར་རོ། །འཕྲོ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་རྒྱས་པར་མཛད་པའི་མཚན་ཉིད་དོ། །ཨེ་མའོ་ཞེས་བྱ་བ་ནི་ཡབ་ཐུགས་དགྱེས་ཤིང་ངམ་པའི་ཚིག་གོ །ཟླ་བའི་འོད་ལྟར་ལམ་མེ་བའི། །ཞེས་བྱ་བ་ནི་
― DTG071_Page_0112 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་དབྲི་བཀོལ་མེད་པར་ཕན་འདོགས་པའི་དཔེ་སྟེ། ཇི་སྐད་དུ། འོད་ཟེར་རབ་ཏུ་གསལ་བ་ཡིས། །གནམ་ནི་རྒོད་པ་ལྟར་བྱེད་པའི། །སྟོན་ཀའི་ཟླ་བ་དེ་དང་ནི། །འཇིག་རྟེན་རྣམས་དང་ཅི་ཡིས་འབྲེལ། །ཞེས་འབྱུང་བ་དང་འདྲ་བར། །སྙིང་རྗེས་སེམས་ཅན་ཕན་ཕྱིར་ཞེས་བྱ་བའི་དོན་དང་ཡང༌། དམ་པ་རིང་ན་གནས་གྱུར་ཀྱང༌། །མ་འདྲིས་གཉེན་དུ་མ་འབྲེལ་བའི། །སྐྱེ་བོ་དགའ་པས་རྗེས་འབྲངས་པ། །དེ་ཡི་རྒྱུ་ནི་ཡོན་ཏན་དཔལ། །ཞེས་བཤད་དོ། །ཤིན་ཏུ་དྲི་མ་མེད་པའི་སེམས། །ཞེས་བྱ་བ་ནི་ལྷག་པར་སེམས་ཅན་རྣམས་ལ་བཅོས་པ་མེད་པར་བརྩེ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡིས་ཞེས་བྱ་བ་ནི་ཐུགས་རྗེ་ལྷག་པར་ཆེ་བ་དེའི་ཕན་ཡོན་གྱིས་ཞེས་བྱ་བའི་དོན་ཏོ། །བདེ་གཤེགས་སྲས་ནང་ཞེས་བྱ་བ་ནི་ཐུགས་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་སར་ཆུད་པ་རྣམས་ཀྱི་ནང་ངོ༌། །ཕ་རོལ་ཕྱིན་པར་གྱུར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཚོགས་མྱུར་དུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཐུགས་རྗེ་དེ་ལྟར་སྐྱེས་པ་ཙམ་གྱིས་མཐར་ཐུག་པ་མ་ཡིན་གྱིས་ཀྱང༌། །འཇིག་རྟེན་ན་ས་བོན་ཤིན་ཏུ་བཟང་ཞིང་སྐྱོན་མེད་པ་ལ་དེའི་འབྲས་བུ་བཟང་པོ་ཞེས་འདོགས་པ་བཞིན་ཏེ་ཉེས་པ་མེད་དོ། །རང་གི་བདེ་མ་ཆགས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་བདག་གི་འདུ་ཤེས་དང་བྲལ་བས་བདག་ལ་ཕངས་པར་སེམས་པ་ཡང་མེད་ན་ཡོ་བྱད་ཐམས་ཅད་ལ་ཕངས་པར་སེམས་པ་ལྟ་ག་ལ་ཡོད་དེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སོགས་པ་ཡང་རྩྭ་དང་འདྲ་བར་འདོར་བའི་ཕྱིར་རོ། །རང་གི་སྡུག་བསྔལ་རྣམས་ཀྱིས་མི་བརྗེད་ཀྱང༌། །ཞེས་བྱ་བ་ཡང་བདག་ཏུ་འཛིན་པ་དང་བྲལ་བའི་དབང་གིས་འཆི་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་འཇིགས་ཞེས་བྱ་བའི་དོན་ཏོ། །གཞན་གྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་ཏེ། །ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པ་མ་ཉམས་པ་དང་མི་དམའ་བས་སེམས་ཅད་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་ཤིན་ཏུ་བརྩོན་པར་བྱེད་པའི་ཐ་ཚིག་གོ །དེ་དག་བདེ་བས་དགའ་དང་ལྡན་པར་གྱུར། །ཞེས་བྱ་བ་ནི་བྱམས་པ་ཆེན་པོ་དང་ལྡན་པ་རྣམས་
― DTG071_Page_0113 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་ཆོས་ཉིད་དོ། །སྐྱེ་བོ་དམ་པས་གཞན་གྱི་བདེ་བསྒྲུབས་སམ། །སྡུག་བསྔལ་བཟློག་ན་དེ་དང་མཚུངས་པར་ནི། །བདེ་དང་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར། །རང་གི་བདེ་བ་གྲུབ་ཀྱང་དེ་ལྟ་མིན། །ཞེས་བཤད་དོ། །རྩེ་གཅིག་ཡིད་བྱོས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རྒྱུད་ལ་མ་ཞི་བར་མི་འབྱུང་གིས་ཀྱང་མ་འོངས་པའི་སྐྱེ་པོ་ཆོས་ཉན་པའི་མི་རྣམས་ལ་གདམས་པའི་དབང་དུ་མཛད་དེ་གསུངས་སོ། །དེ་ཡི་བརྟུལ་ཞུགས་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པ་རྣམ་པ་བཞིའོ། །དེ་ཡིས་ཞེས་བྱ་བ་ནི་སྒྲུབ་པ་པོའི་སྐྱེས་བུས་སོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སངས་རྒྱས་ཏེ། དེ་ནི་བདེ་བར་གྱུར་ཅིང་མཐོ་རིས་ཀྱི་བདེ་བ་དང་ལྡན་པ་ལ་གནོད་པ་མི་མངའ་བའི་དོན་ཏོ། །དད་པ་སྐྱེས་ནས་ཞེས་བྱ་བ་ནི་དེ་ལ་དང་བ་དང་འདུན་པ་བསྐྱེད་པར་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཞེས་བྱ་བ་ནི་དང་བ་དང་འདུན་པ་ལྟར་རོ། །བྱང་ཆུབ་སེམས་ཀྱང་བསྐྱེད་ཅེས་བྱ་བ་ནི་འདིར་སྨོས་པ་དང་སྦྱར་རོ། །སེར་སྣ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་ཀྱིས་ཡོ་བྱད་རྣམས་ཀུན་དུ་འཛིན་པའོ། །དྲེགས་དང་རྒྱགས་པ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། རིགས་དང་སྟོབས་དང་གཟུགས་དང་ཡིད་གཞུངས་པ་དང་བློ་དང་ལོངས་སྤྱོད་དང༌། དབང་ཕྱུག་ལ་སོགས་པས་སོ། །རྣམ་སྤངས་ཏེ་ཞེས་བྱ་བ་ནི་ཐམས་ཅད་དུ་བསལ་ཏེའོ། །དཀོན་མཆོག་གསུམ་ལ་དད་པ་བརྟན་པར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ལ་བལྟ་བ་དང་ཆོས་ཉན་པ་དང༌། དགེ་འདུན་ལ་རིམ་གྲོ་བྱ་བའི་དོན་ཏོ། །རྡོ་རྗེའི་རིགས་ཞེས་བ་རྗོད་པ་རྒྱ་ཆེན་དང༌། །ཞེས་བྱ་བ་ནི་འདིར་རྡོ་རྗེའི་རིགས་ཀྱི་ཤས་ཆེར་གསུངས་པའི་ལྷའི་བྱེ་བྲག་མང་པོ་རྣམས་སོ། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་མོས་པར་བྱ་བའི་དོན་ཏོ། །ཚིག་རྩུབ་ཅེས་བྱ་བ་ནི་ཞེར་འདེབས་ཤིང་བརླང་བའོ། །ཕྲ་མ་ཞེས་བྱ་བ་ནི་དབྱེན་གྱི་ཚིག་གོ །འཁྱལ་པ་སྨྲ་ཞེས་བྱ་བ་ནི་ཚིག་གི་རྣམ་པར་གཡེངས་པའོ། །གཞན་གྱི་བུད་མེད་བགྲོད་ཅེས་བྱ་བ་ནི་རུས་དང་བདག་པོ་དང་ཆོས་ཀྱིས་བསྲུངས་པ་རྣམས་ལ་གཉིས་ཀྱི་དབང་པོ་སྤྲོད་པའམ།
― DTG071_Page_0114 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡན་ལག་མ་ཡིན་པར་སྤྱོད་པ་དོན་གཉེར་བའོ། །བརྫུན་ཞེས་བྱ་བ་ནི་སླུ་བའི་ཚིག་གོ །རྐུན་པོ་ཞེས་བྱ་བ་ནི་རྐུ་སེམས་ཉེ་བར་བཞག་སྟེ་མ་བྱིན་པར་ལེན་པའོ། །གཞན་གྱི་སྲོག་གཅོད་གནོད་བྱེད་ཅེས་བྱ་བ་ནི། ཆེད་དུ་བསམས་ཏེ་ལུས་ཀྱིས་མཐོ་བཙམས་པ་ཆེན་པོ་བྱེད་པའོ། །ཆང་དང་བྱེད་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་ཡིན་གྱིས་ཀྱང་ཉེས་པ་ཐམས་ཅད་འབྱུང་བའི་རྩ་བར་འགྱུར་བའི་ཕྱིར་རོ། །རྟག་ཏུ་སྤང་བར་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བའི་དོན་ཏོ། །རྨོངས་པ་གང་གིས་ཞེས་བྱ་བ་ནི་མི་བླུན་པོ་འགའོ། །བསོད་ནམས་བསགས་བྱས་ཀྱང་ཞེས་བྱ་བ་ནི། ཡོངས་སུ་མ་དག་པ་ལ་སོགས་སུ་པའི་སྦྱིན་པ་བྱས་པའོ། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། །ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དང་བྱེད་པ་ལ་སྐུར་པ་འདེབས་པ་དང༌། །ཚུལ་ཁྲིམས་ངན་པའི་ལྟ་བ་དང་མ་བྲལ་བའི་ཕྱིར་དགེ་བའི་ཕྱོགས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་ཏོ། །དེ་ཡི་སྨིན་མི་འདོད་འབྲས་བུར་བུར་འགྱུར། །ཞེས་བྱ་བ་ནི་ཡིད་དུ་མི་འོང་བ་སྟེ་ངན་སོང་དུ་ལྷུང་བའི་དོན་ཏོ། །འོ་ན། བསྐལ་པ་དག་ནི་བརྒྱ་རུ་ཡང༌། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཞེས་བཤད་པ་དང་སྦྱར་ན། ལོག་པར་ལྟ་བའི་སྡིག་པས་མི་འདོད་པ་མྱོང་ཡང་བསོད་རྣམས་བྱས་པས་འདོད་པའི་འབྲས་བུ་ཅིའི་ཕྱིར་མི་འགྱུར་ཞེ་ན། ལོག་པར་ལྟ་བའི་མེས་བསྲེགས་པས་དགེ་བ་མི་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ །དཔེར་བརྗོད་པ་ནི་ས་བོན་ཚིག་པའོ། །འདིར་ངག་རྩུབ་པོ་དང་སྲོག་གཅོད་པའི་རྒྱུ་ནི་གནོད་སེམས་ཡིན་ལ། མ་བྱིན་པར་ལེན་པའི་རྒྱུ་ནི་བརྣབ་སེམས་ཡིན་པ་དེ་གཉིས་གུད་དུ་མ་ཕྱེ་སྟེ་འབྲས་བུ་ལ་བསྡུས་སོ། །གོ་རིམས་འཁྲུགས་པ་ནི་ཚིགས་སུ་བཅད་པ་སྦྱར་བ་ལ་བདེ་བའི་ཕྱིར་རོ། །ལོག་པར་ལྟ་བ་རྣམ་སྤངས་ལ། །ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་བསྟན་པ་བརྗོད་པའོ། །ལྷ་ནི་ས་དང་རི་ལ་གནས་པ་དང་ལྷ་ཡུལ་པའོ། །ལྷ་མ་ཡིན་ཞེས་བྱ་བ་ནི་སྐབས་འདིར་ལྷ་མ་གཏོགས་པའི་གདོན་ཐམས་ཅད་ལ་རིག་པར་བྱའོ། ཤ་ཁྲག་ཟ་འཐུང་ཞེས་བྱ་བ་ནི་དེ་དག་གི་ཟས་ཐ་དད་པར་སྨོས་པའོ། །མཚན་
― DTG071_Page_0115 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོ་རྒྱུ་བ་ཞེས་བསྟན་པ་ནི་མི་མ་ཡིན་པའི་གདོན་རྣམས་དེའི་དུས་སུ་སྤྱོད་པའི་ཕྱིར་རོ། །གནོད་པ་བྱེད་ཅིང་རྒྱུ་ཞེས་བྱ་བ་ནི་མི་རྣམས་ལ་གཙེ་བའི་བསམ་པ་ཁོ་ནས་བགེགས་བྱེད་པར་ངེས་པ་ཞེས་བྱ་བའི་ཐ་ཚིག་གོ །བཟླས་བརྗོད་བརྩོན་པའི་སེམས་ནི་གཡེང་བར་བྱེད། །ཅེས་བྱ་བ་ནི་ཁྱད་པར་དུ་བགེགས་བྱེད་པར་བསྟན་ཏོ། །དེ་དག་རྣམས་ཀྱི་གཉེན་པོར་གྱུར་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་ནི་བགེགས་བྱེད་པའི་རྒྱུར་བསྟན་ཏོ། །གནོད་བྱེད་དེ་དག་ཅེས་བྱ་བ་ནི་བགེགས་རྣམས་སོ། །བདག་ཉིད་ཅེས་བྱ་བ་ནི་སྒྲུབ་པ་པོའི་སྐྱེས་བུའོ། །འབྱོར་བར་བྱ་ཕྱིར་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་དཔལ་མངོན་དུ་ཕྱོགས་པར་བྱ་བའི་ཐ་ཚིག་གོ །ངས་གསུངས་པའི་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཤས་ཆེར་གསུངས་པའི་དོན་ཏོ། །དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ། །དམ་ཚིག་ཇི་བཞིན་ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་པ་སྟེ། །དེར་མི་མ་ཡིན་པ་ཐམས་ཅད་ཀྱིས་དམ་ཚིག་ཕུལ་པས་རྒྱ་ཆེ་བར་ཁོང་དུ་ཆུད་པར་བྱའོ། །བསོད་ནམས་དོན་དུ་བལྟ་ཞེས་བྱ་བ་ནི་དེར་ཞུགས་ན་བསོད་ནམས་འཕེལ་ཞེས་བྱ་བའི་ཐ་ཚིག་གོ །སྣ་ཚོགས་པའི་གདོན་ཞེས་བྱ་བ་ནི་གདོན་གྱི་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དག་ཏུ་འཕེལ་བའོ། །རྣམ་པ་སྣ་ཚོགས་ལས་བྱེད་པའི། །དཀྱིལ་འཁོར་བྱ་བ་ནི་གདོན་དག་གཞོམ་པའི་གཉེན་པོར། དཀྱིལ་འཁོར་ཐ་དད་པར་བཤད་པ་དག་སྟེ། དེ་དག་ནི་གདོན་གྱི་རིགས་རེ་རེའི་ལས་ཉི་ཚེ་བྱེད་པས་རྒྱ་ཆུང་བར་བསྟན་ཏོ། །གནོད་བྱེད་གཞོམ་པའི་ཕྱིར་ཞེས་བྱ་བ་ནི་ས་འཛིན་ཏེ་དངོས་སུ་གདོན་ཐམས་ཅད་འཇོམས་པར་གོ་བར་བྱའོ། །གང་ཡང་རིག་པ་མཆོག་ཏུ་གསུངས་པ་དང༌། །ཞེས་བྱ་བ་ནི་རྒྱུད་དེར་གདོན་སྣ་ཚོགས་ཀྱི་གཉེན་པོར་དཀྱིལ་འཁོར་གང་དག་གང་བཤད་པའོ། །ཁྲོ་བོའི་དཀྱིལ་འཁོར་དུ་ཡང་འཇུག་པར་བྱ། །ཞེས་བྱ་བ་ནི་དེ་ཉིད་ལ་སོགས་པ་བརྒྱད་ཀྱི་དཀྱིལ་འཁོར་འབྱུང་བའོ། །དེར་ནི་ཞེས་བྱ་བ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོར་ཞེས་བྱ་བའི་དོན་ཏོ། །དམ་ཚིག་སྣ་ཚོགས་ངས་བཤད་པ། །ཞེས་བྱ་བ་བ་ནི་ཕྱག་ན་རྡོ་རྗེ་དང་
― DTG071_Page_0116 ―
[མ་དཔེ་གཟིགས་ན་འདིར་གནོན།]
དབང་ཕྱུག་ཆེན་པོའི་དམ་ཚིག་བཤད་པའི་དཀྱིལ་འཁོར་གྱི་རྒྱལ་པོ་དེར་ཐམས་ཅད་ཀྱི་དམ་ཚིག་འདུས་ཞེས་བྱ་བའི་གོ །ཚིག་གོ །སྡིག་པ་བསལ་ཕྱིར་རྒྱུན་དུ་བལྟ་བར་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རྒྱལ་པོ་དེར་ཞུགས་ན་སྡིག་པ་ཐམས་ཅད་འབྱང་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་རིགས་གཙོ་ཞེས་བྱ་བ་ནི་ཡུམ་མཱ་མ་ཀཱིའོ། །ཕོ་ཉ་མོའི་ཚོགས་དང་རིག་པ་མང་པོས་བསྟན་པའི་ལྷ་མོ་ཞེས་བྱ་བ་ཡང་དེ་ཉིད་དོ། །ཐམས་ཅད་ཀྱིས་མཆོད་ཅིང་བསྙེན་བཀུར་བྱ་བའི་གནས་ཡིན་པར་བསྟན་ཏོ། །ཟློས་པ་ཞེས་བྱ་བ་ནི་ཡུམ་གྱི་གསང་སྔགས་ཟློས་པའི་རིག་སྔགས་འཆད་པའོ། །མཐོང་ནས་ཞེས་བྱ་བ་ནི་བགེགས་ཀྱིས་མཐོང་ཞེས་བྱ་བའི་དོན་ཏོ། །བགེགས་རྣམས་ཕུང་བ་དང༌། རྔམ་པ་འདོན་ཅིང་ཤིན་ཏུ་སྐྲག་པར་འགྱུར། །ཞེས་བྱ་བ་ནི་ཡུམ་གྱི་གསང་སྔགས་མཐུ་རླབས་ཆེ་བར་བསྟན་པའི་ཐ་ཚིག་གོ །ཇི་ལྟ་ཇི་ལྟར་དཀྱིལ་འཁོར་མཐོང་བ་དང༌།། ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་དུ་ཞུགས་པའོ། །དེ་ལྟ་དེ་ལྟར་རྡོ་རྗེའི་རིགས་བསྟན་དང༌། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ཞུགས་ནས་ལྷར་མནོས་ཏེ་གསང་སྔགས་རྗེས་སུ་དྲན་པའོ། །རིག་པའི་ཚོགས་ལ་བརྟེན་པའི་བསོད་ནམས་ཀྱིས། །ཞེས་བྱ་བ་ནི་རིགས་གཞན་གྱི་རིག་སྔགས་ཀྱི་ཚོགས་ལ་བརྟེན་པའི་མཐུ་ཡང་དེ་བཞིན་དུ་ཆེ་བར་དགོངས་པའོ། །དེ་ཡི་ལུས་ལ་བྱིན་རླབས་མ་ལུས་འཇུག །ཅེས་བྱ་བ་ནི་དཀྱིལ་འཁོར་དུ་ཞུགས་པའི་དུས་ན་མིའི་སྤྱོད་ཡུལ་དུ་མ་གྱུར་གྱིས་ཀྱང༌། ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་རྣམས་ལས་གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་འོད་ཟེར་བྱུང་སྟེ། དེ་དག་སྒྲུབ་པ་པོའི་ལུས་ལ་འཇུག །ཅེས་བྱ་བའི་ཐ་ཚིག་གོ །མི་ཚུགས་རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་དེའི་ཕན་ཡོན་བསྟན་ཏོ། །ང་ཡི་དམ་ཚིག་མཐོང་བའི་བུ་དག་གིས། །ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་གྱི་རྣམ་གྲངས་གཞན་བསྟན་པའོ། །རིག་སྔགས་མ་མཐོང་བ་ནི་ལྷའི་རང་བཞིན་མི་ཤེས་པའོ། །དམ་ཚིག་མ་མཐོང་ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་དུ་མ་ཞུགས་ཤིང་དམ་ཚིག་མི་སྲུང་བའོ། །སྙིང་རྗེ་མེད་ཅེས་བྱ་བ་ནི་རང་བཞིན་
― DTG071_Page_0117 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྩུབ་བའོ། །བྱང་ཆུབ་ཀྱི་སེམས་མ་བསྐྱེད་ཅེས་བྱ་བ་ནི་སྨོན་པ་ཙམ་ཡང་མེད་བའོ། །སངས་རྒྱས་ལ་མ་དད་ཅེས་བྱ་བ་ནི་ཡིད་མ་ཆེས་པས་བརྙས་ཤིང་མ་དད་པའི་དོན་ཏོ། །ལྷ་གཞན་ལ་བརྟེན་ཞེས་བྱ་བ་ནི་འཇིག་རྟེན་པའི་ལྷ་ལ་བརྟེན་ཅིང་མུ་སྟེགས་པའི་ཕྱོགས་འཛིན་པའོ། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་བྱ་བ་ནི་འཆི་བ་དང་འཇིག་རྟེན་ཕ་རོལ་དུ་ཡང་ངན་སོང་དུ་སྐྱེ་བར་འགྱུར་རོ། །བསམ་པ་ཞན་ཅིང་ཞེས་བྱ་བ་སེམས་ཞུམ་པའོ། །ཉམས་ཀྱིས་མི་ལྕོགས་པས་ཞེས་བྱ་བ་ནི་ཡོ་བྱད་དང་མི་ལྡན་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཀུན་ཞེས་བྱ་བ་ནི་གོང་དུ་སྨོས་པ་ཐམས་ཅད་དོ། །བལྟ་བར་མི་ནུས་ནའང་ཞེས་བྱ་བ་ནི་ཡོ་བྱད་མ་འབྱོར་ཏེ་སེམས་ཞུམ་ནས། དཀྱིལ་འཁོར་འབྲི་ཞིང་འཇུག་མ་ནུས་ན་ཡང༌། ཞེས་བྱ་བའི་དོན་ཏོ། །གཅིག་ཙམ་ཞིག་ཀྱང་དད་པས་མཐོང་གྱུར་ན། །ཞེས་བྱ་བ་ནི་ཡོ་བྱད་མེད་པའི་སྒྲུབ་པ་པོ་དབུལ་པོས་ཀྱང་དཀྱིལ་འཁོར་དེ་དག་རྣམས་ལས་ཉམས་ཀྱིས་གང་ལྕོགས་པ་གཅིག་ནི་ངེས་པར་འདྲི་དགོས་པར་གསུངས་ཏེ། དོན་དེ་ཉིང་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་ཀྱང་ཇི་སྐད་དུ། ཡོ་བྱད་ཆུང་དུ་དག་གིས་ཀྱང༌། །བཟླས་བརྗོད་བྱེད་པས་དཀྱིལ་འཁོར་བྲི། །ཞེས་གསུངས་པའི་ཕྱིར་རོ། །གནོད་སྦྱིན་གྱི་ཚོགས་ཞེས་བྱ་བ་ནི་ས་དང་རི་དང་རི་རབ་ཀྱི་ངོས་ལ་གནས་པའོ། །མཚན་མོ་རྒྱུ་བ་ཞེས་བྱ་བ་ནི་མི་མ་ཡིན་པ་ཐམས་ཅད་དོ། །ས་བླའི་གདོན་ཞེས་བྱ་བ་ནི་པར་སྣང་པ་ལས་ཁྲུ་གང་གིས་སྤགས་པ་ཡན་ཆད་ན་གནོད་སྦྱིན་གྱི་གྲོང་གནས་པ་རྣམས་སོ། །ཀླུའི་བདག་པོ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོའོ། །ལྷ་ཞེས་བྱ་བ་ནི་ས་དང་རི་ལ་གནས་པ་དང་ལྷ་ཡུལ་པའོ། །སོགས་པ་ཞེས་བྱ་བས་ནི་འདིར་མ་སྨོས་པའི་གདོན་ཐམས་ཅད་བསྡུས་པར་རིག་པར་བྱའོ། །བགེགས་ཞེས་བྱ་བ་ནི་རྣམ་པར་འཇིགས་པ་ལ་སོགས་པའོ། །ལོག་འདྲེན་ཞེས་བྱ་བ་ནི། དེ་དག་ཉིད་གནོད་པར་བྱེད་པའི་ཁྱད་པར་གྱིས་མིང་གཞན་ནོ། །རྟུལ་ཞུགས་གནས་པ་ཞེས་བྱ་བ་ནི་རིག་སྔགས་འཆང་འཇུག་པ་ལ་སོགས་པའི་དུས་སུ་ཚུལ་ཁྲིམས་རྣམ་པ་གསུམ་པོ་དག་ལ་གནས་པའོ། །གླགས་མི་ལྟ་ཞེས་བྱ་
― DTG071_Page_0118 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ནི་ཚུལ་ཁྲིམས་དེ་དག་ལ་གནས་པའི་ཕན་ཡོན་གྱིས་གོང་དུ་སྨོས་པའི་གདོན་ཐམས་ཅད་འཛོམ་ནས་རྒོལ་མི་ཕོད་པར་བསྟན་ཏོ། །ཚུལ་ཁྲིམས་ལ་བརྟེན་ནས་ཞེས་བྱ་བ་ནི་ཚུལ་ཁྲིམས་ནི་དགེ་བའི་ཕྱོགས་ཐམས་ཅད་ཀྱི་རྟེན་ཡིན་པར་བརྗོད་པའོ། །ཆོས་དཀར་པོ་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་ལ་སྣང་བ་ཐོབ་པའི་དུས་སུ་དངོས་པོར་རྣམ་པར་བྱང་བའི་ཕྱོགས་སྐྱེས་པ་གང་ཡིན་པའོ། །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱ། །ཞེས་བྱ་བ་ནི་འདིར་སྙིང་རྗེའི་རྩ་བའི་རླན་གྱིས་ཚུལ་ཁྲིམས་ཀྱིས་གཞི་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་བསྐྱེད་ཅེས་བྱ་བར་སྦྱར་རོ། །རྒྱལ་བ་ངས་གསུངས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཤིན་ཏུ་ལེགས་པར་ཕྱེ་སྟེ་བསྟན་ཞེས་བྱ་བའི་དོན་ཏོ། །སོ་སོར་ཐར་བའི་བསླབ་པ་ཞེས་བྱ་བས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི་གདུལ་བྱ་རྣམས་སྲབ་ཀྱིས་ཁ་ལོ་སྒྱུར་བ་དང་འདྲ་བའི་དོན་ཏོ། །མ་ལུས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་ལ་བསླབ་བའི་གཞི་ཐམས་ཅད་དོ། །སྔགས་པ་ཁྱིམ་པ་རྣམས་ལ་ནི་གཞན་ཏེ། རྟགས་ཞེས་བྱ་བ་སྐྲ་དང་ཁ་སྤུ་བ་རེག་པ་དང༌། དུར་སྨྲིག་གི་སྣམ་སྦྱར་བཅང་བ་ལ་སོགས་པ་དང༌། ཆོ་ག་སྤང་ཞེས་བྱ་བ་ཡང་ལྷུང་བཟེད་བདུག་པ་ལ་སོགས་པ་བྱ་མི་དགོས་པ་བསྟན་ཏོ། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་བྱ་བ་ནི་བསླབ་པའི་གཞི་བསྙེན་གནས་དང་རིག་སྔགས་ཀྱི་བརྟུལ་ཞུགས་ལ་གནས་པས་སྨད་འཚོང་དང་གདོལ་པ་དང་ཤན་པ་དང་རྒྱལ་བོའི་ཕོ་བྲང་དུ་མི་འགྲོ་བོའི་ཕོ་བྲང་དུ་མི་འགྲོ་བའི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ལ་ནི་རབ་ཏུ་བྱུང་བ་བཞིན་དུ་བསླབ་པར་བྱ་བའི་དོན་ཏོ། །དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ནས། །ཞེས་བྱ་བ་ནི་སྡོམ་པ་ལ་གནས་པའི་ཕྱིར་རོ། །ལེགས་པར་གསུངས་པའི་ཕྱིར་ཆོས་ཞེས་བྱ་བ་ནི་གཞན་ཕྱི་རོལ་པ་དང་མི་འདྲ་བར་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་ཞིང་གོ་བར་བྱས་ཏེ་རིག་པ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ །དག་ཅིང་ཞེས་བྱ་བ་ནི་ཉོན་མོངས་པ་དང་མ་འདྲེས་པའི་དོན་ཏོ། །གྲོལ་བ་ཞེས་བྱ་བ་ནི་ཁམས་གསུམ་
― DTG071_Page_0119 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱི་འཆིང་བ་གཅོད་པའི་ཐ་ཚིག་གོ །ཟློས་པས་སྐྱོ་ན་མདོ་སྡེ་བཀླག་པར་བྱ། །ཞེས་བྱ་བ་ནི་བཟླས་བརྗོད་བཏང་བའི་དུས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གདོན་བར་བསྟན་པའི་དོན་ཏོ། །གཙང་ཞིང་ཞེས་བྱ་བ་ནི་ས་གཞི་ལ་སོགས་པ་སྐྱོན་མེད་པའོ། །དབེན་པའི་ས་ཕྱོགས་ཞེས་བྱ་བ་ནི་རྟོག་ལམ་དུ་མ་བབ་པའོ། །འཇིམ་པའམ་ནི་བྱེ་མ་ཞེས་བྱ་བ་ནི་ཡུལ་རྣམས་ཀྱིས་གང་མོད་པ་ལས་བྱ་བའི་དོན་ཏོ། །ལས་བྱས་པའི་བདེ་གཤེགས་མཆོང་རྟེན་ཞེས་བྱ་བ་ནི་མཆོད་རྟེན་གྱི་ཆ་དབྱེ་བ་ལས་བདེ་བར་གཤེགས་པའི་ཆེ་བའི་ཡོན་ཏན་དེ་ལ། རྫོགས་པར་གཞག་པས་མཆོད་པའི་འོས་ཡིན་པར་བསྟན་ཏོ། །རྟེན་འབྲེལ་སྙིང་པོ་ཅན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། ཆོས་གང་རྒྱུས་བྱུང་དེ་དག་གི །རྒྱུ་དང་དེ་འགག་གང་ཡིན་པ། དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཞེས་གསུངས་པ་འདི་དང་ལྡན་པར་བསྟན་ཏོ། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །ཅེས་བྱ་བ་ནི་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་ལས། ཇི་སྐད་དུ། །གངྒའི་ཀླུང་གི་བྱེ་མ་སྙེད་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་མང་པོར་འགྱུར་བའི་ཕྱིར་རོ། །རིང་བསྲེལ་ཅན་གྱིས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་གཟུངས་ཀྱི་ཆོ་ག་ཞིབ་མོ་ལས། ཆོས་ཀྱི་སྐུའི་རིང་བསྲེལ་དང༌། དེ་བཞིན་གཤེགས་པའི་སྐུ་གདུང་གི་རིང་བསྲེལ་དང༌། སྐུ་བལ་གྱི་རིང་བསྲེལ་དང༌། ཆོས་ཀྱི་རིང་བསྲེལ་དང༌། ཡུངས་འབྲུ་ཅམ་གྱི་རིང་བསྲེལ་ཞེས་གསུངས་ཏེ། །འདི་རྣམས་གང་དང་ལྡན་ན་ཡང་རིང་བསྲེལ་ཅན་དུ་གོ་བར་བྱའོ། །སྐུ་གཟུགས་ཞེས་བྱ་བའི་མཚན་ཉིད་ནི་འོག་མས་འཆད་དོ། །མཆོད་རྟེན་ཞེས་བྱ་བ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས་བྱ་གག་གི་སྒོ་འདྲ་བར་འདུག་ན་དངོས་གྲུབ་སྦྱིན་པར་འགྱུར་རོ་ཞེས་གསུངས་ཏེ། །དེ་དང་སྦྱར་རོ། །བསྟོད་ཅིང་ཞེས་བྱ་བ་ལ་སོགས་པས་ནི་ལུས་དང་ངག་དང་ཡིད་ཀྱི་
― DTG071_Page_0120 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཆོད་པ་དང་མཐུན་མཐུན་དུ་སྦྱར་བའི་དོན་ཏོ། །རབ་ཏུ་གྲུབ་པར་བྱེད་བའི་རྒྱུད་ཆེན་པོ་ལས། ཡིད་ཀྱི་མཆོད་པ་ལྷག་པར་ནན་ཏན་དུ་བྱ་དགོས་པར་གསུངས་ཏེ། ཇི་སྐད་དུ། ཡིད་ཀྱི་མཆོད་པ་ཁྱད་པར་ཅན། །ཡང་དག་ཉིད་དུ་བརྩམ་པར་བྱ། །ཆོས་ཀྱི་ཐོག་མར་ཡིད་འགྲོ་ཞེས། །ཐུབ་པ་ཆེན་པོས་བཀའ་སྩལ་ཏོ། །ཞེས་གསུངས་པའི་ཕྱིར་རོ། །ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོས་གང་དུ་སྨོས་པའི་ཚུལ་ལས་མི་འགལ་བར་འབད་ཀྱིས་ཀྱང༌། སྒྲུབ་པའི་གྲོགས་མཆོག་མེད་ན་དངོས་གྲུབ་མི་ཐོབ་པར་བསྟན་ཏེ། ཚིག་གི་དོན་གཞན་ནི་གོ་བར་ཟད་དོ། །རྩོད་པའི་དུས་ཞེས་སྨོས་པས་ནི་འདི་ལྟར་ཏིང་ངེ་འཛིན་བརྟན་པའི་དུས་དང༌། ཏིང་ངེ་འཛིན་དགེ་བའི་རྩ་བ་ལ་བརྟེན་པའི་དུས་དང༌། ཐོས་པ་འཛིན་པའི་དུས་ན་ཡང་ཁམས་གསུམ་ལས་སྒྲོལ་བའི་རྒྱུ་ངེས་པར་གནས་ཀྱི། དུས་ལྔ་བརྒྱའི་ཐ་མ་ལ་དགེ་བའི་རྩ་བ་མཐུ་ཆུང་བའི་ཚེ་དངོས་གྲུབ་ཀྱི་མཐུ་ལ་བརྟེན་ནས་ཐར་པའི་ལམ་ལ་འཇུག་པར་བསྟན་པའི་དོན་དུ་རྩོད་པའི་དུས་སུ་དངོས་གྲུབ་སྒྲུབ་པ་གཙོར་གསུངས་ཞེས་བྱ་བའི་ཐ་ཚིག་གོ །ལེའུ་དང་པོའི་དོན་བཤད་ཟིན་ཏོ།། །།རང་སངས་རྒྱས་ཞེས་བྱ་བ་ནི་རང་བྱང་ཆུབ་སྟེ་དེ་དག་བཞུགས་པའི་གནས་ནི་བཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བའི་རི་ལ་སོགས་པའོ། །བདེ་གཤེགས་ཉིད་སྐྱེས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་དག་གི་གནས་ངེས་པ་ནི་རི་བོ་རྩེ་ལྔ་ལ་སོགས་པའོ། །རྒྱལ་བ་སྔོན་ཆད་གང་ན་བཞུགས་པ་ཡི། །གནས་གང་ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་རི་ལ་སོགས་པའོ། །བསོད་ནམས་ལྡན་ཞིང་ཞེས་བྱ་བ་ནི་འཕགས་པ་བསོད་ནམས་དང་ལྡན་པས་ཞབས་ཀྱིས་བཅགས་པའོ། །ཡིད་དགའ་བ་ཞེས་བྱ་བ་ནི་སྒྲུབ་པ་པོ་གནས་དེར་མོས་པའོ། །ལྷ་དང་ལྷ་མིན་སོགས་པས་ཕྱག་འཚལ་མཆོད། །ཅེས་བྱ་བ་ནི་སྔོན་འཕགས་པ་རྣམས་བཞུགས་པའི་ཚེ། །དེ་དག་གིས་ཕྱག་བྱས་ཤིང་མཆོད་པའམ། །ཡང་ན་སྔོན་ཞབས་ཀྱིས་བཅགས་པས་དེ་ཡང་ས་ཕྱོགས་མཆོད་པའི་འོས་ཡིན་པའི་ཕྱིར་རོ། །གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། །ཞེས་བྱ་བ་ནི་སྒྲུབ་པ་
― DTG071_Page_0121 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོའི་སྐྱེས་བུའོ། །བདག་ཉིད་དག་པར་བྱ་ཕྱིར་བརྟེན་བྱ་བ། །ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། གནས་དེ་རྣམས་སུ་དངོས་གྲུབ་ནི། །རྣམ་པ་གསུམ་དག་རབ་ཏུ་བསྟན། །ངེས་ཤིང་མྱུར་ལ་རྒྱ་ཆེ་ཞིང༌། །བགེགས་མེད་པར་ཡང་དེར་འགྱུར་རོ།། ཞེས་པའི་ཕྱིར་རོ། །དེ་ལྟ་བུ་དག་མ་རྙེད་ཅེས་བྱ་བ་ནི་བྱིན་གྱིས་བརླབས་པའི་གནས་སོ། །གཞན་ཡང་ཞེས་བྱ་བ་ནི་རང་བཞིན་གྱིས་ཡོན་ཏན་ཅན་བཙལ་བར་བསྟན་པའོ། །ཆུ་བོ་ཆུ་ཀླུང་ཞེས་བྱ་བ་ལ་སོགས་པས་ནི་གནས་ཀྱི་རང་བཞིན་གྱི་ཡོན་ཏན་རྣམས་བརྗོད་པའོ། །མི་བཟད་གདོན་རྣམས་ཀྱང་ནི་མི་གནས་པ། །ཞེས་པ་ནི་ཀླུ་ནག་པོ་གདུག་པ་ལ་སོགས་པའོ། །གྲོག་པོ་གྲོག་མཁར་ཐལ་བ་སྐྲ་ཤད་དང༌། །ཉལ་ཉིལ་སོལ་བ་ཚ་སྒོའམ་བཙོག་ཅན་སྤང༌། །ཞེས་བྱ་བ་ལ་སོགས་པས་ནི་གནས་ཀྱི་མཚན་ཉིད་མངོན་པར་འདུས་བྱས་པའི་ཡོན་ཏན་དང་ལྡན་པར་བྱ་བར་བསྟན་ཏོ། །ལྷོ་ཕྱོགས་སུ་ནི་ནམ་ཡང་སྒོ་མི་གདོད། །ཅེས་བྱ་བ་ནི་གཤིན་རྗེའི་ཕྱོགས་ཡིན་པས་བཀྲ་མི་ཤིས་པའི་ཕྱིར་རོ། །དྲི་གཙང་ཁང་པ་དེ་ཡི་ཕྱོགས་ཅིག་ཏུ། །ཞེས་བྱ་བ་ནི་ཤར་ཕྱོགས་ལ་དགོངས་པའི་དོན་ཏོ། །རྒྱལ་བའི་ལམ་མཆོག་རྣམ་པར་སྟོན་པ་ཡི། །ཞེས་བྱ་བ་ནི་དངོས་གྲུབ་དང་ཐར་པ་ཞེས་བྱ་བའི་ཐ་ཚིག་གོ །རས་ཀྱི་སྐུ་གཟུགས་ལས་ཕྱིར་བསྟན་པར་གདགས། །ཞེས་བྱ་བ་ནི་སྒྲུབ་པ་པོའི་ཁྱད་པར་གྱི་ལྷའི་གཟུགས་ནི་སོ་སོའི་ཆོག་ཞིབ་མོ་དག་ལས་འབྱུང་སྟེ་ཡོད་ཀྱང་རུང་མི་འབྱུང་སྟེ་མེད་ཀྱང་རུང་གི་སངས་རྒྱས་ཀྱི་སྐུ་གཟུགས་ནི་རྒྱས་པ་ལ་སོགས་པའི་ལས་འགྲུབ་པའི་དོན་དུ་ངེས་པར་གཞག་པར་བསྟན་པའོ། །ཡང་ན་ཤིང་གཟུགས་ལེགས་པ་མཆོད་ཕྱིར་གཞག །ཅེས་བྱ་བ་ཡང་ཕན་ཡོན་གོང་མ་དང་འདྲ་བའི་ཕྱིར་རོ། །ཤིང་གི་སྐུ་གཟུགས་དེའི་ཚད་ཇི་ཙམ་ཞེས་བྱ་ཞེ་ན། །གསང་རྒྱུད་ལྟར་རམ། འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས་བདེ་བར་གཤེགས་པའི་མཐོ་གང་ཚད་ཀྱི་སྐུ་གཟུགས་གཞག་ལ་ཞེས་འབྱུང་སྟེ་དེ་དང་སྦྱར་རོ། །ཐག་པས་བཏགས་ཞེས་བྱ་བ་ལ་སོགས་པ་རི་མོར་བྲི་བའི་ཆོ་ག་ཡང་རྒྱུད་དེ་ཉིད་ཀྱི་ཚིག་གིས་དགྲོལ་བར་བྱ་བ་སྟེ། དེ་ལས་ཇི་སྐད་དུ། བྲམ་
― DTG071_Page_0122 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཟེའམ་རྒྱལ་རིགས་ཀྱི་བུ་མོ་གཟུགས་བཟང་བ། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ། གསོ་སྦྱང་བཟུང་བ་ཞག་གི་རིན་ལ་མ་བརྩེགས་པར་ཉོས་པའི་ཤིང་བལ་འཁལ་དུ་བཅུག་ལ། ཚེས་གྲངས་དང་བྱེད་པ་དང་ཡུད་ཙམ་བཟང་པོ་ལ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པའི་ཐ་ག་པ་འཐག་ཏུ་གཞུག་སྟེ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ལ། སྤོས་དང་མེ་ཏོག་དང་བདུག་པ་ལ་སོགས་པས་ཡང་མཆོད་དོ། །ཐ་ག་པའི་ཐགས་ཆ་རྣམས་ཀྱང་བའི་རྣམ་ལྔ་དང་སྤོས་ཆུས་བཀྲུའོ་ཞེས་གསུངས་སོ། །འཇམ་ལ་སྙོམས་པ་དང། ཐགས་བཟངས་དེ་བཞིན་སྐྲ་ཤད་མེད་པ་དང༌། །ཞེས་བྱ་བ་ཡང་དེ་ཉིད་ལས་སྐྲ་མེད་པ་དང་མཉམ་པ་དང་འཇམ་པར་བྱའོ་ཞེས་གསུངས་སོ། །ཁོ་ལག་ཆེ་ཞིང་ཞེས་བྱ་བ་ནི་ཆུ་ཞིང་འཚམ་པར་མི་ཆུང་བའོ། །མ་ཉམས་ཞེས་བྱ་བ་ནི་མ་དྲས་པའོ། །ཁ་ཚར་བཅས་ཞེས་བྱ་བ་ནི་མ་གོད་པའོ། །གཙང་མ་ཞེས་བྱ་བ་ཡང་རྒྱུད་དེ་ཉིད་ལས། སྒྲུབ་པ་པོ་ཁྲུས་བྱས་ཤིང་བྱུག་པས་བྱུགས་ལ། ཐོད་ཟེའུ་ཀས་བཅིངས་ཤིང་དྲི་ཞིམ་པོའི་དྲི་དང་ལྡན་པར་བྱས་པས་མཆོད་པ་རྒྱ་ཆེར་བྱས་ལ། ཨ་ཀ་རུའི་བདུག་པ་བསྲེག་ཅིང་ཐ་ག་པ་ལ་ཡོན་བཟང་དུ་བྱིན་ལ་དགྲོལ་བར་བྱའོ། །བཀྲོལ་ནས་ཀྱང་བྱིན་གྱིས་བརླབས་ཏེ། ས་ཕྱོགས་གཙང་མར་མེ་ཏོག་གི་སིལ་མ་བཀྲམ་པ་སྤོས་དང་བདུག་པས་བདུགས་ལ་སྤོས་ཆུའི་ནང་དུ་བཅུག་སྟེ་ཞག་བདུན་དུ་གཞག་གོ་ཞེས་གསུངས་སོ། །སྤོས་ཀྱིས་བཏབ་པ་ཞེས་བྱ་བ་ཡང་དེ་ཉིད་ལས་ཕྱེ་མ་འཇམ་པོས་རས་ལ་ལན་མང་དུ་བསྒོ་བར་བྱའོ། །ཀླུ་ཤིང་དང་ཙམ་པ་ཀ་དང་སྐྱ་སྣར་ལ་སོགས་པའི་མེ་ཏོག་གིས་ཀྱང་བསྐོར་བར་བྱའོ། །དེའི་འོག་ཏུ་སྲུང་བ་བྱས་པས་ཚེས་གྲངས་ངན་པ་དང་མི་མཐུན་པར་འཇུག་པའི་ཉེས་པ་དང་བྲལ་ཞིང༌། ཚེས་གྲངས་དང་བྱེད་པ་དང༌། ཡུད་ཙམ་བཟང་པོ་ལ་རོལ་མོའི་སྒྲ་སྣ་ཚོགས་མང་པོ་འབྱིན་པ། ཤིས་པར་བརྗོད་པ་ཡོད་པ། མེ་ཏོག་བཀྲམ་པའི་དཀྱིལ་འཁོར་དུ་མཆོད་པ་རྒྱ་ཆེར་བྱས་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་གསོལ་བ་བཏབ་སྟེ་བྲིའོ་ཞེས་གསུངས་སོ། །དེ་ལ་ནི་ཞེས་བྱ་བ་ནི་དག་ཅིང་བསྒོས་
― DTG071_Page_0123 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་རས་ལའོ། །ཚོན་རྩི་སྤྱིན་མེད་ཅེས་བྱ་བ་ནི་ཀ་པི་ཏ་དང་སྦྱར་བའོ། །ཁྲུས་བྱས་གཙང་ལ་གསོ་སྦྱོང་གཟུང་བའི་མི། །མཁས་པས་ཞེས་བྱ་བ་ཡང་དེ་ཉིད་ལས། །རི་མོ་མཁན་གསོ་སྦྱོང་གཟུང་བ། མཁས་པ་དད་པ་སྙིང་རྗེ་དང་ལྡན་པ་སེར་སྣ་མེད་པ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པས་བྲི་བར་གསུངས་སོ། །བ་ལང་སྦུ་ཞེས་བྱ་བ་ནི་རྣ་སྤུ་སྟེ་པིར་གྱི་རྒྱུའོ། །བྲི་བར་བྱ་ཞེས་བྱ་བ་ཡང༌། དེ་ཉིད་ལས་སྒྲུབ་པ་པོ་བྱམས་པའི་སེམས་དང་ལྡན་པ། ཐོད་ཟེའུ་ཀ་བཅིངས་པ། སྔགས་བ་གྲང་ནོར་བུ་འཆང་བ་དང་བཅས་པར་རི་མོ་མཁན་གྱི་རྒྱབ་ན་འདུག་ཅིང༌། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་དང་ཁ་དོག་དང་བཅས་པར་བྱའོ། །ཕྱག་རྒྱ་དང་ཡི་གེ་རྣམས་ཀྱང་བསམ་མོ། །ཡང་ན་སྒྲུབ་པ་པོ་བདག་ཉིད་ཀྱིས་བྲི་བར་བྱའོ་ཞེས་གསུངས་སོ། །དེའི་ཁ་དོག་དང་ཚུལ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་བརྙན་གསེར་གྱི་ཁ་དོག་ལྟ་བུ་མཚན་ཐམས་ཅད་ཡོངས་སུ་རྫོགས་ཤིང་དཔལ་གྱི་བེའུས་བརྒྱན་པ། ཕྱག་གཡས་པ་མཆོག་སྦྱིན་པའི་ཚུལ་ལམ་སྐྱབས་མཛད་པའི་ཚུལ་ལ་བལྟས་ཏེ། རིག་སྔགས་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །ཤིང་གཟུགས་ཀྱི་ཚུལ་དེ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ། །ཕྲེང་བ་ཞེས་བྱ་བ་ལ་སོགས་པའི་མཆོད་པ་ནི་རབ་ཏུ་གྲུབ་པའི་རྒྱུད་ཆེན་པོ་ལས་བལྟ་བར་བྱ་སྟེ། འདིར་ཡི་གེ་མང་དུ་དོགས་པས་མ་སྤྲོས་སོ། །སྐུ་གཟུགས་ཆེར་མཆོད་དེ་ཞེས་བྱ་བ་ནི་བྲི་བ་ཟིན་ནས་ཏེ། དེ་ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དེ་ཉིད་ལས། གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་ཞིང༌། སིལ་སྙན་དང་དགའ་བར་འགྱུར་བའི་སྒྲ་མང་པོ་དང༌། ཤིས་པ་རྒྱ་ཆེན་པོ་དང༌། བཀྲ་ཤིས་བརྗོད་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་གསུངས་སོ། །ནུབ་ཕྱོགས་ཞལ་བསྟན་ཞེས་བྱ་བ་ནི་བསྙེན་པ་ལ་འཇུག་པའི་དུས་སུ་རྒྱས་བའི་ལས་དང་སྦྱར་དགོས་པས་སྐུ་གཟུགས་ཞལ་ནུབ་ཕྱོགས་སུ་བསྟན་ལ། སྒྲུབ་པ་པོ་ཁ་ཤར་ཕྱོགས་སུ་བསྟན་པའི་དོན་ཏོ། །དེ་ཡི་སྤྱན་སྔར་དངོས་གྲུབ་བརྩམ་པར་བྱ། །ཞེས་བྱ་བ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། སྐུ་གཟུགས་
― DTG071_Page_0124 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་ཐད་ཀར་བལྟ་ཞིང་བསྒྲུབ་པར་བྱ་བ་སྟེ། གཞན་དུ་བལྟ་ཞིང་བསྒྲུབ་པར་མི་བྱའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་དེ་བཞིན་གཤེགས་པའི་སྤྱན་སྔར་དྲག་ཤུལ་བསྒྲུབ་པར་མི་བྱ་སྟེ། དེ་ནི་ལག་ན་རྡོ་རྗེའི་དྲུང་དུ་བསྒྲུབ་པར་བྱའོ་ཞེས་ཀྱང་གསུངས་སོ། །གཙུག་ཕུད་གཞག་སྟེ་སྐྲ་ནི་བྲེགས་ནས་སུ། །ཞེས་བྱ་བ་ནི་སྒྲུབ་པ་པོ་ཁྱིམ་པ་རྣམས་ཚུལ་བསྒྱུར་བར་བསྟན་ཏོ། །འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་ཏེ་ངུར་སྨྲིག་ལས་དགོངས་སོ། །གོས་དཀར་པོ་ཞེས་བྱ་བ་ནི་ཁྱིམ་པ་རྣམས་ལའོ། །ཤིང་ལོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་ཀའི་ཐུན་མོང་གི་བརྟུལ་ཞུགས་ཁྱད་པར་ཅན་ལས་དགོངས་པར་རིག་པར་བྱའོ། །གཞན་ནི་གོ་བར་ཟད་དོ། །བཟའ་བཏུང་མོད་ཅེས་བྱ་བ་ནི། གྲོང་བཀྲེན་པ་མ་ཡིན་པའི་དོན་ཏོ། །དམངས་རིགས་མང་བ་ཞེས་བྱ་བ་ནི་དེ་དག་ལུགས་ཀྱིས་དགེ་སྦྱོང་དང་བྲམ་ཟེ་ལ་རིམ་གྲོ་ཆེ་བའི་ཕྱིར་རོ། །མགྲོན་པོ་ལ་མཆོད་བྱེད་ཅེས་བྱ་བ་ནི་བསོད་སྙོམས་པ་ལ་སོགས་ཏེ་གློ་བུར་བ་ལ་བྱམས་པའི་དོན་ཏོ། །ལེགས་པར་གནས་པའི་གྲོང་ཞེས་བྱ་བ་ནི་བཟའ་བཏུང་མོད་པའམ་ཡང་ན་ཆོམ་པོ་ལ་སོགས་པའི་གཡོན་ཅན་རྣམས་ཀྱིས་ཕུང་བར་མི་འགྱུར་བའོ། །ཧ་ཅང་མི་ཉེ་ཞེས་བྱ་བ་ནི་སྒྲུབ་པའི་གནས་གྲོང་དེ་དང་ཉེ་ཆེས་ན་རྣལ་འབྱོར་ལ་སྦྱོར་བའི་དུས་སུ་སྒྲ་ལ་སོགས་པའི་ཚེར་མས་གནོད་པར་འགྱུར་བའི་ཕྱིར་རོ། །ཧ་ཅང་མི་རིང་ཞེས་བྱ་བ་ནི་བསོད་སྙོམས་བསྙག་ཏུ་མི་སླེབས་པའམ། ཡང་ན་སྐྱེ་བོ་གཡོན་ཅན་རྣམས་འཚེ་བའི་ཕྱིར་རོ། །བྲམ་ཟེ་ཕྱི་རོལ་སྐྱེ་བོ་ཞེས་བྱ་བ་ནི་བསྟན་པ་ལས་ཕྱི་རོལ་པའོ། །མེད་ཅེས་བྱ་བ་ནི་གནས་པའོ། །ང་རྒྱལ་གྱིས་ནི་ནོན་པ་ཞེས་བྱ་བ་ནི་རང་བཞིན་གྱིས་མངོན་པའི་ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང་ལྡན་པའི་ཕྱིར་རོ། །བྲམ་ཟེ་རྣམས་རིགས་ཀྱིས་རློམ་ཞིང་ཞེས་བྱ་བ་ནི་ཚངས་པའི་བུ་ཡིན་པར་སེམས་པའི་ཕྱིར་རོ། །སྙིང་རྗེ་མི་ལྡན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཕྱོགས་པ་རྣམས་ལ་རྣམ་པ་སྣ་ཚོགས་ཀྱིས་མཐོ་བཙམས་པའི་དུས་ན་བརྩེ་བ་མེད་པའི་ཐ་ཚིག་གོ །དེ་དག་ཅེས་བྱ་བ་ནི་བྲམ་ཟེ་རྣམས་སོ། །བདེ་བར་གཤེགས་
― DTG071_Page_0125 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་མཆོད་རྟེན་ཞེས་བྱ་བ་ནི་སྐུ་གཟུགས་ལ་སོགས་པའོ།།མཆོད་པ་ཞེས་བྱ་བ་ནི་ཕྱོགས་འདིའི་ནང་པའི་རིག་སྔགས་འཆང་བའོ། །མཐོང་ནས་བགེགས་ཀྱང་བྱེད་པར་འགྱུར། །ཞེས་བྱ་བ་ནི་བྲམ་ཟེ་རྣམས་ཐབས་སྣ་ཚོགས་ཀྱིས་འགོག་པའི་དོན་ཏོ། །བྲམ་ཟེ་སངས་རྒྱས་པ་ལས་ཇི་ལྟར་དམན། །ཞེས་བྱ་བ་ལ་སོགས་པས་ནི། སྒྲུབ་པ་པོ་དམངས་རིགས་ཞིག་ཡིན་ན་བྲམ་ཟེ་རྣམས་འདི་སྐད་དུ། །ཁྱེད་ངེད་ལ་བཀུར་སྟི་དང་མཆོད་པ་བྱེད་པ་དང༌། རང་གི་ལས་སྦྱིན་པ་བྱེད་པ་དང༌། ཕྱུགས་འཚོ་བས་གྲོལ་བ་ཡིན་ན། ཅིའི་ཕྱིར་སངས་རྒྱས་པའི་ལྟ་བ་ལ་ཕྱོགས་ཤིང་དེའི་གསང་སྔགས་ཟློས་ཞེས་འཚེ་བའི་དོན་ཏོ། །ལྷ་དང་མགྲོན་མཆོད་པ་ཞེས་བྱ་བ་ནི་དེའི་དོན་དང་བྲམ་ཟེའི་གཞུང་གིས་སྲོག་གཅོད་པར་གནང་བའོ། །ལས་དྲུག་ཅེས་བྱ་བ་ནི་བྲམ་ཟེ་རྣམས་མཆོད་སྦྱིན་བྱེད། བྱེད་དུ་འཇུག །སྨྲང་འདོན། འདོན་དུ་འཇུག། སྦྱིན་པར་བྱེད། སྦྱིན་པ་ལན་པ་དང་ལྡན་པའོ་ཞེས་བརྟགས་པའོ། །རྒྱལ་པོ་དང་ནི་མེ་ལྷ་བསྟེན་པ་ཞེས་བྱ་བ་ནི་སྲིད་བཙལ་པ་དང༌། ལྷ་མཉེས་པར་བྱ་བའི་དོན་གྱི་ཕྱིར་རོ། །བུ་ཡི་དོན་དུ་འགྲོ་བར་བྱ་བ་དག །ཅེས་བྱ་བ་ནི་རིགས་རྒྱུན་མི་གཅད་པར་བྱ་བའི་ཕྱིར་རང་དབང་བའི་བུད་མེད་དང་འཚོ་བའོ། །བྲམ་ཟེ་རྣམས་ཀྱིས་ངེས་པར་གྲུབ་པ་ཡིན། །ཞེས་བྱ་བ་ནི་སྒྲུབ་པ་པོ་བྲམ་ཟེའི་རིགས་ཤིག་ཡིན་ན་ནི། དེའི་ཕྱི་རོལ་པའི་བྲམ་ཟེ་རྣམས་བདག་ཅག་གིས་ལས་ངེས་པ་འདི་ལྟ་བུ་བོར་ནས་ཅིའི་ཕྱིར་སངས་རྒྱས་པའི་གསང་སྔགས་ཟློས་ཞེས་འཚོ་བའི་དོན་སྟོན་ཏོ།། རྒྱལ་རིགས་རྗེའུ་རིགས་རྣམས་ཀྱང་རང་གི་ལས་གྲུབ་པ་འདི་ལ་ཐེ་ཚོམ་བྱེད་ཅེས་བྱ་བ་ནི་སྒྲུབ་པ་པོ་རྒྱལ་རིགས་ན་རང་གི་ལས་བཞི་དང་འགྲོ་བ་སྐྱོང་བ་ཡིན། སྒྲུབ་པ་པོ་རྗེའུ་རིགས་ན་རང་གི་ལས་གཉིས་དང་ཞིང་མེད་པ་ཡིན་ན། ཅིའི་ཕྱིར་འདི་ལ་ཐེ་ཚོམ་དུ་གྱུར་ཅིང་ལྟ་བ་གཞན་དུ་ཕྱོགས་ཞེས་འཚེ་བར་བྱེད་པའི་དོན་ཏོ། །བརྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས། །ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུའི་གཞུང་དེ་དག་འཛུགས་པའི་ཚེ་ཁ་སྟོབས་ཀྱིས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའོ། །བདག་དང་གཞན་གྱི་སེམས་ནི་སྲེག་པར་བྱེད། །ཅེས་བྱ་བ་ནི་ཁྲོས་པའི་དབང་
― DTG071_Page_0126 ―
[མ་དཔེ་གཟིགས་ན་འདིར་གནོན།]
གིས་ཞེ་སྡང་ལངས་པའི་ཕྱིར་དགེ་བའི་རྩ་བ་བསྲེགས་ཏེ་ཇི་སྐད་དུ། ཡིད་ལ་ཞེ་སྡང་ཡོད་ན་བདག་དང་གཞན་དག་ལ། །ཕན་པར་འགྱུར་བ་མེད་བཞིན་རབ་ཏུ་སྲེག་པར་བྱེད། །ཅེས་བཤད་པ་དེ་ལྟ་བུའོ། །ཡན་ལག་བརྒྱད་ལམ་གནས་པར་རབ་ཏུ་བྱུང་བ་ལ་མ་སྨོས་ཀྱིས་ཀྱང༌། གཉིས་ཀ་ལ་གདམས་པའི་དོན་དུ་གོ་བར་བྱའོ། །ཉི་མ་ཕྱེད་མཚམས་ཚུན་ཆད་བླང་བར་བྱ། །ཞེས་བྱ་བ་ནི་འདི་ནི་སངས་རྒྱས་པའི་དུས་ཡིན་པའི་ཕྱིར་རོ། །བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན། །ཞེས་བྱ་བ་ནི་དེ་དག་གི་ཟས་ཟ་བའི་དུས་ངེས་པའོ། །དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ། །ཞེས་བྱ་བ་ནི་དུས་མི་མཐུན་ཏེ། ཁ་ཟས་མེད་པ་དང་གླན་ཀ་ཚོལ་བའི་ཕྱིར་རོ། །དགེ་དང་མི་དགེའི་ཤེས་པ་བཟུང་བ་ནི། །ཞེས་བྱ་བ་ནི་ལས་ལེགས་ཉེས་ཀྱི་འབྲས་བུ་འདོད་པ་དང་མི་འདོད་པར་སྨིན་པར་རིག་ན་ཞེས་བྱ་བའི་དོན་ཏོ། །བྲམ་ཟེ་དམངས་རིགས་དག་ལ་ཁྱད་པར་མེད། །ཅེས་བྱ་བ་ནི་བྲམ་ཟེ་རྣམས་ཚངས་པའི་བུ་ཡིན་པས་རང་བཞིན་གྱིས་དག་སྟེ། རིགས་མཐོ་བའི་ཕྱིར་མཐོ་རིས་སུ་སྐྱེ་ལ། གཞན་རྣམས་ནི་རིགས་ཀྱིས་དམའ་བས་འགྲོ་བ་གཞན་དུ་སྐྱེའོ་ཞེས་བྲམ་ཟེའི་གཞུང་ལས་འབྱུང་བ་དགག་པའི་དོན་དུ། ལས་ལེགས་ཉེས་ཀྱི་དབང་གིས་གནས་མཐོང་དམན་དུ་སྐྱེ་བར་མཚུངས་པར་བསྟན་པའོ། །བརྟགས་པ་ཞེས་བྱ་བ་ནི་གང་ལ་གང་མེད་པ་དེ་ལ་དེ་འདོགས་པ་སྟེ། ནམ་མཁའི་མེ་ཏོག་གི་གཙུག་ཕུད་ཅེས་བྱ་བ་དང་འདྲའོ། །གཞན་ནི་གོ་སླ་བས་མ་ཕྱེའོ། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཞེས། །རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་པས། །ཞེས་བྱ་བ་ནི་ཁམས་གང་མ་དག་ན་སེམས་པའི་ཟས་ཀྱིས་ལུས་བརྟེན་ཏེ། འཇུ་བའི་ཟས་ལ་མི་ལྟོས་པ་ལྟར་འདིར་དེ་ལྟ་མ་ཡིན་པར་བསྟན་ཏོ། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །ཞེས་བྱ་བ་ནི་སྙིང་པོ་མེད་པ་དེ་འཇུ་བའི་ཟས་ཁོ་ནས་བརྟེན་པར་བསྟན་ཏོ། །སོགས་ལ་ཞེས་བྱ་བ་ནི་བཅའ་བ་དང་བལྡག་པ་དང་གཞིབས་པ་དང་བཏུང་བ་དག་གོ །ཆགས་མི་བྱ་ཞེས་བྱ་བ་ནི་ཚེ་དང་ལོངས་སྤྱོད་ལ་དགའ་བའི་དོན་དུ་མ་ཡིན་གྱི། གཞན་དུ་ན་ལུས་གནས་པ་ཙམ་དུ་བྱ་བའི་ཕྱིར་བཟའ་ཞེས་བྱ་བའི་
― DTG071_Page_0127 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐ་ཚིག་གོ །དབང་པོ་དྲུག་པོ་ཞེས་བྱ་བ་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དག་གོ །ཡུལ་ལ་ཞེས་བྱ་བ་ནི་གཟུགས་ནས་ཆོས་ཀྱི་བར་དག་གོ །འཕྲོས་པ་ཞེས་བྱ་བ་ནི་སོ་སོར་འཇུག་པའོ། །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ཞེས་བྱ་བ་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པས་སུན་ཕྱུང་སྟེ་འཕྲོ་བ་དགག་པར་བསྟན་ཏོ། །ལྷུང་བཟེད་དེ་དག་ལས་གཅིག་ཐོགས་ནས་སུ། །ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཀུ་བ་ལ་སོགས་པ་ལས་གང་འབྱོར་པའོ། །གཉའ་ཤིང་གང་དུ་བལྟ་ཞིང་ཞེས་བྱ་བ་ནི་སྤྱོད་ལམ་ཞི་བར་བྱེད་པར་བསྟན་ཏོ། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཞེས་བྱ་བ་ནི་བུད་མེད་ཀྱི་ངག་འདོད་ཆགས་ལ་ཞེན་པས་སྐྱེས་པ་ལ་ཡང་འདོད་ཆགས་སྐྱེད་པར་བྱེད་པའི་དོན་ཏོ། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །ཞེས་བྱ་བ་ནི་སྐྱེས་པའི་སེམས་སླུ་བའི་དོན་ཏོ། །མཚོན་ཆ་འཇེབས་འདྲ་བས་ཞེས་བྱ་བ་ནི་དགེ་བ་སྤྲོག་དང་འདྲ་བའི་རྒྱུན་གཅོད་ཅེས་བྱ་བའི་ཐ་ཚིག་གོ །སྐྱེས་པའི་སེམས་དག་མངོན་དུ་འཕྲོག་པར་བྱེད། །ཅེས་བྱ་བ་ནི་རང་དབང་མེད་པར་ཉོན་མོངས་པའི་དབང་དུ་འགྱུར་བའི་དོན་ཏོ། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་ཆེས་བླ་ཡི། །ཞེས་བྱ་བ་ནི་འདྲ་བའི་དོན་མཐོང་བའི་ཕྱིར་རོ། །ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་མཐོང་བའི་ཕྱིར་རོ། །ཡང་ན་གནོད་པ་དེ་ཙམ་དང་བསྔོས་ཏེ་མི་བལྟའོ་ཞེས་དགག་པར་བསྟན་ཏོ། །གང་དུ་དགའ་བར་འགྲོ་ཞེས་བྱ་བ་ནི་བསོད་སྙོམས་ལ་གང་མོས་པའི་གྲོང་དུ་འགྲོ་ཞེས་བྱ་བའི་ཐ་ཚིག་གོ །འཛིན་མེད་ཅེས་བྱ་བ་ནི་གྲོང་དེ་དག་ཏུ་འགྲོ་བ་ན་བུད་མེད་ལ་སོགས་པ་ལ་མཚན་མ་དང་མངོན་རྟགས་སུ་མི་གཟུང་བའོ། །སེམས་ཀྱིས་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་བའོ། །སེམས་ནི་རྣམ་པར་བཏུལ་བཞིན་དུ། །ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་ལ་སེམས་འཕྲོ་བ་མི་རྟག་པ་ལ་སོགས་པའི་གཉེན་པོ་ལ་བརྟེན་ཅིང་གླན་པའོ། །
― DTG071_Page_0128 ―
[མ་དཔེ་གཟིགས་ན་འདིར་གནོན།]
རབ་དང་འབྲིང་ལ་སོགས་པར་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་རིགས་བཞིའི་ཁྱིམ་དུ་བསོད་སྙོམས་བསླང་བར་གསུངས་ཏེ། གདོལ་པ་དག་གི་དེར་ནི་མ་ཡིན་ནོ། །སྤངས་ནས་སུ་ཞེས་བྱ་བ་ནི་དེ་དག་ཏུ་སྤྱོད་ལམ་མ་ཞི་བ་སྤངས་པའི་དོན་ཏོ། །མི་སྨྲ་བར་ནི་ཞེས་བྱ་བ་ནི་ངག་གི་བརྟུལ་ཞུགས་ལ་གནས་པའི་ཕྱིར་རོ། །གང་ན་བ་བཞོན་བེའུ་ཕྲུག་ཆུང་བ་དང༌། །ཞེས་བྱ་བ་ལ་སོགས་པས་ནི་གནོད་པ་དང་ཆགས་པའི་སྒོ་ནས་གཉེན་དུ་འགྱུར་བས་སྤང་བར་བསྟན་ཏོ། །བསོད་སྙོམས་ཅི་རྙེད་ཅེས་བྱ་བ་ནི་ཇི་ཙམ་རྙེད་པ་ལས་ཞེས་བྱ་བའི་དོན་ཏོ། །དང་པོར་ཇི་ལྟར་བདེ་བར་བགོ་བར་བྱ། །ཞེས་བྱ་བ་ནི་ཆ་གསུམ་དུ་བགོས་ཏེ་ཆ་དང་པོ་ཆུང་དུ་གཅིག་ནི་ལྷ་ལ་དབུལ་བར་བསྟན་ཏོ། །རྐང་པ་བཀྲུས་ཏེ་ཞེས་བྱ་བ་ནི། དང་པོར་བསོད་སྙོམས་བླངས་ནས་སླར་འཁོར་བའི་དུས་སུ་སྟེ། ཚིགས་སུ་བཅད་པ་སྦྱར་བ་ལ་བདེ་བའི་ཕྱིར་འདིར་སྨོས་པར་གོ་བར་བྱའོ། །གློ་བུར་བ་ལ་བྱིན་ནས་སུ་ཞེས་བྱ་བ་ནི་ཆ་གཉིས་པའོ། །ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ། །ཞེས་བྱ་བ་ནི་ཆ་གསུམ་པ་བདག་ཉིད་ཀྱིས་བཟའ་བར་བསྟན་ཏོ། །དུས་སུ་ཟོས་ནས་ཞེས་བྱ་བ་ནི་ཕྱེད་མཚམས་སུ་བཟའ་བའི་དོན་ཏོ། དུས་གསུམ་ཁྲུས་བྱས་ཏེ་ཞེས་བྱ་བའི་དོན་ནི་ཕྱི་རོལ་ཆེ་ཆུང་དང་ཁ་ཟས་བཟའ་བ་དང༌། བཟླས་བརྗོད་ཀྱི་དུས་འདི་གསུམ་དུ་ཁྲུས་བྱ་བར་བསྟན་མོད་ཀྱི། བཟླས་བརྗོད་ཉིད་དུས་གསུམ་དུ་བྱ་དགོས་པས་ཁྲུས་ནི་མང་དུ་བྱ་དགོས་པར་རིག་པར་བྱའོ། །གཞན་ནི་གོ་བར་ཟད་དོ། རྗེས་སུ་དྲན་དྲུག་ཅེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ལྷ་དང་གཏོང་པ་དང་ཚུལ་ཁྲིམས་རྗེས་སུ་དྲན་པའོ། །སོ་སོའི་ཡོན་ཏན་དང་ཞེས་བྱ་བ་ནི་དང་པོ་གསུམ་ནི་དང་བཞིན་གྱི་ཡོན་ཏན་ལས་རྗེས་སུ་དྲན་པར་བྱའོ། །བཞི་པ་ནི་རྒྱུ་ཡི་ཡོན་ཏན་ལས་རྗེས་སུ་དྲན་པར་བྱའོ།། ལྔ་པ་དང་དྲུག་པ་ནི་འབྲས་བུའི་ཡོན་ཏན་ལས་རྗེས་སུ་དྲན་པར་བྱས་ཏེ། འདིར་ནི་མདོར་བརྗོད་པ་ཡིན་ནོ། །རྒྱས་པར་ནི་མདོ་སྡེ་ལས་བལྟ་བར་བྱ་སྟེ། འདིར་ཡི་གེ་མངས་སུ་དོགས་ནས་མ་སྤྲོས་སོ། །རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ། །ཞེས་བྱ་བ་ནི། འགྲེང་དང་འདུག་
― DTG071_Page_0129 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་མ་ལོག་ཉལ་བ་དང༌། །འགྲོ་འཕྲེས་ཟ་ཀློག་ཅེས་བྱ་བའི་དུས་ནི། གོང་དུ་སྨོས་པ་དྲུག་པོ་དེ་དག་རྗེས་སུ་དྲན་པར་བྱས་ལ། བཟླས་བརྗོད་བྱེད་པའི་དུས་སུ་ནི་རང་གི་རིག་སྔགས་རྗེས་སུ་དྲན་པའི་དོན་ཏོ། །ལེའུ་གཉིས་པའི་དོན་བཤད་ཟིན་ཏོ།། །།འདོད་ཆགས་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེན་པ་དང༌། ལྷག་པར་ཆགས་པའོ། །སོགས་པ་ཞེས་བྱ་བ་ནི་ཁོང་ཁྲོ་བ་དང༌། །མ་རིག་པ་དང༌། ལྟབ་དང༌། ཐེ་ཚོམ་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །ཚོགས་ལྡན་པ་ཞེས་བྱ་བ་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་སོ། །སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད། །ཅེས་བྱ་བ་ནི་ཇི་ཙམ་དུ་སེམས་ཀྱི་རྒྱུད་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་ལྡན་ན་དེ་སྲིད་དུ་འཁོར་བ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་རྣམ་གྲོལ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སྤངས་པ་ཉིད་འཁོར་བ་ལས་ལོག་པར་བསྟན་ཏོ། །ཤེལ་ཞེས་བྱ་བ་ནི་རང་གི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་དག་པའི་དཔེའོ། །ཟླ་བ་འདྲ་བ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཡང་སྤངས་པས། བདག་དང་གཞན་གྱི་རྒྱུད་གཉི་གའི་གཏི་མུག་གི་མུན་པ་སེལ་བའི་དཔེ་བརྗོད་པའོ། །སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བྲལ་བའི་དབང་གིས་ཡང་སྲིད་པར་སེམས་མངོན་དུ་ཕྱོགས་པར་བྱེད་པའི་སྐྱེ་བོའི་རྐྱེན་རྣམས་ཀྱི་ཚོགས་ལྡོག་པའི་ཕྱིར་རོ། །དཔེར་ན་དྲི་མེད་ཆུ་ནི་རྡུལ་སོགས་ཀྱིས། །སྐད་ཅིག་ཏུ་ཡང་རྙོག་པར་བྱེད་པ་ལྟར། །ཞེས་བྱ་བ་ནི་ཆུ་དངས་པའི་ནང་དུ་བཅག་ལ་སོགས་པ་མཉེས་ན། གཞན་དུ་སྣང་སྟེ་ཆུའི་རང་བཞིན་དུ་མི་སྣང་བ་ལྟ་བུའོ། །དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས། །འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོགས་པར་འགྱུར། །ཞེས་བྱ་བ་ཡང་གློ་བུར་གྱི་དྲི་མས་ཉོན་མོངས་པར་བྱས་ཀྱི་གཅིག་པ་མ་ཡིན་ཏེ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །འོ་ན་
― DTG071_Page_0130 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་ཀྱི་ངོ་བོ་ཉིད་དེ་ཇི་ལྟ་བུ་ཞིག་ཅེ་ན། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས་འདི་སྐད་དུ། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། །ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་གསུངས་སོ། །བདག་གི་དེ་ཁོ་ན་ཉིད་ཀྱི་ཆོས་ཉིད་དེ་ལྟ་བུ་དང༌། ལྷའི་ཆོས་ཀྱི་སྐུ་དེ་བཞིན་ཉིད་དང་ཡང་དབྱེར་མེད་དོ། །དོན་དེ་ཉིད་འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས་འདི་སྐད་དུ། བདག་གི་ངག་མ་གཏོགས་པར་ཡིད་མེད། ཡིད་མ་གཏོགས་པར་ངག་མེད། བདག་གི་ཡིད་མ་གཏོགས་པར་ལྷའི་སྐུ་མེད་དེ་ཡིད་ཉིད་ངག་ཡིན། ངག་ཉིད་ཡིད་ཡིན་ལ། ལྷའི་གཟུགས་ཉིད་ཀྱང་ཡིད་ཡིན་ལ། ངག་ཉིད་ཀྱང་ལྷའི་གཟུགས་ཡིན་ནོ་ཞེས་རྒྱ་ཆེར་གསུངས་སོ།། དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་ལ་དམིགས་པའི་ཏིང་ངེ་འཛིན་འདི་ངེས་པར་བསྒོམས་པའི་དོན་ནི་འཕགས་པ་རྡོ་རྗེའི་གཙུག་ཏོར་རྒྱུད་ཕྱི་མ་བསམ་གཏན་གྱི་ལེའུ་ལས་འདི་སྐད་དུ། མི་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་པ་མདུན་ན་གནས།། ཞེས་གསུངས་པ་སྟེ། དེ་ལྟར་ཅི་ནུས་སུ་བསྒོམ་ཞིང་གོམས་པར་བྱེད་པ་ནི་སྒྲུབ་པ་པོ་དེ་ཁོ་ན་ཉིད་ཀྱི་དོན་ལ་དམིགས་པ་ཞེས་བྱའོ། །གཞན་ནི་གོ་བར་ཟད་དོ། །འདུག་ནས་ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། སྐྱིལ་མོ་བཀྲ་ཤིས་བཟང་མོ་སྟེ། དེ་དག་འདུག་པ་གསུམ་ཡིན་ནོ། །ཞེས་གསུངས་པ་ཉིད་བལྟ་བར་བྱའོ། །དབང་པོ་ཡང་དག་བསྡམ་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་གཡེངས་པ་ལ་སོགས་ཏེ། རྣམ་པར་གཡེང་བ་དྲུག་ལས་སླར་གླན་པར་དགོངས་པའོ། །ལུས་ཀྱང་དྲང་ཞིང་ཞེས་བྱ་བ་ནི་སྒལ་ཚིགས་བསྲང་བའི་དོན་ཏོ། །བརྟན་པ་ཞེས་བྱ་བ་ནི་དང་པོ་ལས་ཕྱིས་མི་བསྐྱོད་པའི་ཐ་ཚིག་གོ །ཕྱིས་ནི་ཞེས་བྱ་བ་ནི་ལུས་བརྟན་པོར་བཞག་ནས་དེའི་འོག་ཏུ་བཟླས་བརྗོད་བརྩམ་པར་བསྟན་ཏོ། །མ་མཆུ་ཤིན་ཏུ་མཛེས་པར་ཡང་།བསྒུལ་ཞིང༌། །ཞེས་བྱ་བ་ནི་ཤུབ་བུར་བཟླས་བརྗོད་བྱ་བའི་དོན་ཏོ། །གསང་སྔགས་ཅི་
― DTG071_Page_0131 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགར་བཟླས་བརྗོད་བྱ། །ཞེས་བྱ་བ་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་གང་ལས་གོམས་བའི་ཚུལ་དུ་བཟླས་པའི་ཐ་ཚིག་གོ །སེམས་ནི་གློག་དང་འདྲ་ཞེས་བྱ་བ་ནི་བྱུང་མ་ཐག་ཏུ་འགག་པའི་མཚན་ཉིད་དུ་བསྟན་ཏོ། །སྤྲེའུ་དང་འདྲ་ཞེས་བྱ་བ་ནི་ཡུལ་ཀུན་དུ་འཇུག་པའི་དོན་ཏོ། །རླུང་དང་མཚུངས་ཞེས་བྱ་བ་ནི་རིང་དུ་འགྲོ་ཞིང་གཟུང་རྒྱུ་མེད་པར་རྒྱུ་བའོ། །རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །ཞེས་བྱ་བ་ནི། ཇི་ལྟར་རྒྱ་མཚོའི་རླབས་དེ་ཆེ་ཆུང་དང་གཉེར་མ་སྣ་ཚོགས་སུ་འགྱུར་བ་བཞིན་དུ། སེམས་འདི་ཡང་དངོས་པོ་སྣ་ཚོགས་ཀྱི་དང་དུ་འབྱུང་བའི་དོན་ཏོ། །སྒྱུ་ཅན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་སླུ་བའི་ཐ་ཚིག་གོ །འདོད་དགུར་ཡུལ་ལ་མངོན་དགའ་བ། །ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཡུལ་ལ་སོ་སོར་ཞེན་པར་རྒྱུ་བའི་དོན་ཏོ། །གཡོ་ཞིང་འཕྱེན་པ་ཞེས་བྱ་བ་ནི་མི་བརྟན་པའོ། །ངེས་པར་གདུལ་བར་བྱ་ཞེས་བྱ་བ་ནི་རང་གི་ལྷའི་བཟླས་བརྗོད་ལ་འབད་པའི་དུས་སུ་རང་ཡན་དུ་མི་གཏོང་བར་དགུག་པའི་དོན་ཏོ། །གང་ཚེ་ཟློས་དགའི་སེམས་ནི་ཞི་བ་ལ། །བརྟེན་པས་ཉིད་ཀྱི་དྲན་པ་རྨོངས་གྱུར་ན། །ཞེས་བྱ་བ་ནི་རྒོད་པ་ལས་དགུག་དྲགས་པས་བྱིང་བར་གྱུར་པའོ།། ལྔས་ནས་བཅག་ཅིང་ཞེས་བྱ་བ་ལ་སོགས་པས་ནི་གཉིད་བསལ་བའི་ཐབས་བསྟན་པའོ། །ལས་ཀྱི་དབང་གྱུར་ཞེས་བྱ་བ་ནི་དེས་སྐྱིད་སྡུག་ཏུ་གྱུར་པའོ། །བདག་པོ་མེད་ཅེས་བྱ་བ་ནི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་རྗེ་དཔོན་འགའ་ཡང་མེད་པའི་དོན་ཏོ། །མགོན་མེད་ཅེས་བྱ་བ་ནི་ཉོན་མོངས་པས་ལོག་པར་ཁྲིད་ཀྱང་དེ་ལས་བཟློག་པའི་ཉེ་དུ་གང་ཡང་མེད་པར་བསྟན་ཏོ། །རྟེན་མེད་ཅེས་བྱ་བ་ནི་མི་རྟག་པ་དང་སྐད་ཅིག་མས་བཅོམ་པའི་ཚེ་སྡོད་པའི་མཐུ་མེད་པའི་དོན་ཏོ། །ཚེ་རབས་གཅིག་ནས་གཅིག་ཅེས་བྱ་བ་ནི་ཁམས་གསུམ་གྱི་ནང་དུ་འཁོར་བའི།། ལུས་ཀྱི་ཁ་བརྒྱུད་ཅེས་བྱ་བ་ནི། སྐྱེ་གནས་བཞི་ཡི་མིང་ལ་བརྟགས། །ཞེས་བྱ་བའི་ཐ་ཚིག་གོ །རྗེས་སུ་རབ་འགྲོ་བ་ཞེས་བྱ་བ་ནི། འགྲོ་བ་དྲུག་པོ་དག་གི་ནང་དུའོ། །དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང༌། །ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སྐྱེ་གནས་སུ་ལུས་བླངས་ཀྱང༌།
― DTG071_Page_0132 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དང་འབྲེལ་པ་མ་ཡིན་གྱི། །ལས་དགེ་བ་ལ་སོགས་པའི་བག་ཆགས་ཁོ་ན་དང་འབྲེལ་བར་བསྟན་ཏོ། །གཞན་ནི་གོ་བར་ཟད་དོ། །འདོད་ཆགས་ཤས་ཆེ་བ་ཞེས་བྱ་བ་ནི་སྒྲུབ་པ་པོ་ཁ་ཅིག་གོ །མི་གཙང་ཤ་ཆལ་དང༌། པགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག །ཅེས་བྱ་བ་ནི་གཉེན་པོ་རྣམ་པར་ཐར་པའི་ལམ་མི་སྡུག་པའི་ཏིང་ངེ་འཛིན་བསྒོམ་བར་བསྟན་ཏེ། དེ་ཡང༌། ཐོག་མར་པགས་པའི་རིམ་པ་འདི། །རང་གི་བློ་ཡིས་ཐ་དང་ཕྱེ། །ཤ་ཡང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་གྱིས་གུང་དུ་ཕྱེ། །རུས་པ་རྣམས་ཀྱང་དབྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང༌། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བརྟག་པར་གྱིས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །བྱམས་དང་ཞེས་བྱ་བ་ནི་སྒྲུབ་པ་པོ་ལ་ལ་ཞེ་སྡང་གི་ཤས་ཆེ་བ་ལ་གཉེན་པོ་བྱམས་པའི་ཏིང་ངེ་འཛིན་བསྒོམ་པར་བསྟན་ཏེ། དེ་ལ་དང་པོར་གང་ཟག་ཡོན་ཏན་དང་ལྡན་པ་བཀུར་སྟི་བྱ་བར་འོས་པ་བླ་མ་ལྟ་བུའི་གནས་ཤིག་ལ་དད་པ་བསྐྱེད་ནས་སྐྱེས་བུ་དམ་པ་འདི་བདེ་བར་གྱུར་ཅིག་སྙམ་པའི་ཡིད་ལ་བྱེད་པ་འཇུག་པར་བྱེད་དེ། ཇི་སྲིད་དུ་འདི་སེམས་ཆུང་དུ་འབྱུང་བ་དེ་སྲིད་དུ་འཇུག་པར་བྱེད་དོ། །དེ་ནས་གང་ཟག་སྡུག་པ་ལ་སེམས་གཏོད་པར་བྱེད་དེ། དེ་ལ་ཡང་ཇི་སྲིད་དུ་གང་ཟག་སྔ་མ་དང་མཉམ་པའི་སེམས་བསྐྱེད་པ་དེ་སྲིད་དུ། སེམས་གཏོད་པར་བྱེད་དོ། །དེ་ནས་གང་ཟག་ཐ་མ་ལ་པ་ལ་གཏོད་པར་བྱེད་དེ་སྔ་མ་བཞིན་ནོ། །དེ་ནས་གང་ཟག་མི་སྡུག་པ་ལ་གཏོད་པར་བྱེད་དེ་སྔ་མ་བཞིན་ནོ། །གལ་ཏེ་འདི་ལ་གང་ཟག་ཤ་ཁོན་ཅན་ཞིག་ཡོད་ན། དེ་ལ་འདི་བདེ་བར་གྱུར་ཅིག་སྙམ་པའི་སེམས་བསྐྱེད་པར་བྱ་སྟེ། དེ་ལ་ཡང་ཇི་སྲིད་དུ་སྔ་མ་དག་དང་ལྷན་ཅིག་མཉམ་པའི་སེམས་བསྐྱེད་པ་དེ་སྲིད་དུ་སྐྱེད་པར་བྱེད་དེ། འདི་ཙམ་གྱིས་ན་བྱམས་པའི་སེམས་ཀྱིས་རྣམ་པར་གྲོལ་བ་མཚམས་ཐ་དད་པ་བསྒོམས་པ་ཡིན་ནོ། །དེ་ཕྱིན་ཆད་ནི་ཕྱོགས་ཁྱད་པར་བྱེད་པའི་དབང་གིས་ཡིད་ལ་བྱེད་པར་རིག་པར་བྱའོ། །སྙིང་རྗེ་ཞེས་བྱ་བ་ནི་གང་ཟག་སྡུག་བསྔལ་བ་མགོན་མེད་པ་སྐྱབས་མེད་པ་ལ་དམིགས་ནས། རིམ་པ་འདི་ཉིད་ཀྱིས་འཇུག་པར་བྱའོ། །འདིའི་ཕན་ཡོན་
― DTG071_Page_0133 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་རྣམ་པར་སྣང་མཛད་ཀྱི་རྒྱུད་ཕྱི་མ་ལས། །གང་གིས་རྟ་དང་འདྲ་བའི་སེམས། །མཉམ་པར་གཞག་པས་བཏུལ་ནས་སུ། །བྱམས་དང་སྙིང་རྗེ་བརྟན་བྱས་ན། །དངོས་གྲུབ་བརྟན་པ་མོད་ལ་ཐོབ། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །ཆུས་གདབ་ཞེ་སྡང་ལ་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེས་ཞེ་སྡང་གི་མེ་བསད་པའམ། ཡང་ན་དགེ་བའི་རྩ་བ་བསྐྱེད་པའི་དོན་ཏོ། །གཏི་མུག་ཅེས་བྱ་བ་ནི་མི་ཤེས་པ་སྟེ། སྒྲུབ་པ་པོ་ལ་ལའི་རྒྱུད་ལ་གཏི་མུག་གི་ཤས་ཆེ་ཞེས་བྱ་བའི་ཐ་ཚིག་གོ །རྟེན་འབྲེལ་ལམ་གྱིས་སོ་ཞེས་བྱ་བ་ནི་གཏི་མུག་གི་གཉེན་པོ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་མ་རིག་པ་མ་བྱུང་ན་འདུ་བྱེད་རྣམས་ཀྱང་མི་མངོན། སྐྱེ་བ་མ་བྱུང་ན་རྒ་ཤིའི་བར་དུ་ཡང་མི་མངོན་པ་ཞིག་ན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་མདོ་སྡེ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། འདིར་ནི་ཡི་གེ་མངས་སུ་དོགས་པས་མ་སྤྲོས་སོ། །རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །ཞེས་བྱ་བ་ལ་སོགས་པས་ནི་ངེས་པ་མེད་པར་བསྟན་ཏོ། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །ཞེས་བྱ་བ་ནི་སྒྲུབ་པ་པོའི་ཕྱིན་ཅི་ལོག་གི་བློ་བཟློག་པར་རྩོལ་བ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག །བཟློག་ནས་ཞེས་བྱ་བའི་ཤུགས་ཀྱིས་ནི་དགྲ་ལ་ཞེ་སྡང་བཟློག་དགོས་པར་ཡང་གོ་བར་བྱའོ། །དེ་ལྟར་ན་དགེ་བ་ལ་སེམས་ཅི་བདེར་འཇོག་ནུས་ཀྱི་དེ་ལྟ་མ་ཡིན་ཏེ་མཛའ་བ་བཟུང་ན་ནི། ཧ་ཅང་ཡང་བྱེད་འདོད་པར་འགྱུར། མི་མཛའ་བས་བཟུང་ན་ནི། ཐམས་ཅད་ཀྱི་ཐམས་ཅད་དུ་བྱེད་མི་འདོད་པར་གྱུར་པས། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་སེམས་གཉིས་དང་ལྡན་པས་ནི་ཆོས་མཉམ་པ་ཉིད་དེ་ཁོང་དུ་ཆུད་པར་བྱེད་མི་ནུས་སོ། །སྔགས་འཆང་ནམ་ཡང་སྨྲ་བར་མི་བྱའོ། །ཞེས་བྱ་བ་ནི་བཟླས་བརྗོད་ལ་སྦྱོར་བའི་དུས་སུ་ཐམས་ཅད་བཀག་གོ །ཇི་སྟེ་དགོས་པ་ཡོད་ན་སྔགས་གཡོག་དང༌། །བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །ཞེས་བྱ་བ་ནི་བ་སྙེན་པ་ལ་ཞུགས་
― DTG071_Page_0134 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ཚེ་བཟླས་བརྗོད་དང་མདོ་སྡེ་བཀླག་པ་མ་གཏོགས་པའི་ཚིག་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པའི་དུས་སུ་ཡང་ཆེད་ཆེ་བ་ཞིག་ཡོད་ན། །སྔགས་གཡོག་ཁོ་ན་ཅུང་ཟད་སྨྲ་བར་སྐབས་ཕྱེ་བའོ། །མེ་ཏོག་དྲི་སྣོད་ཅེས་བྱ་བ་ལ་སོགས་པས་ནི་ལྷ་མཉེས་པར་བྱ་བའི་དོན་དུ་དགེ་བ་གང་དང་གང་སྤྱད་པའོ། །སངས་རྒྱས་བྱང་ཆུབ་མཆོག་ཏུ་བསྔོ་བར་བྱ། །ཞེས་བྱ་བ་ནི་ཐབས་མཁས་པར་འབྲས་བུ་ཡོངས་སུ་མི་ཟད་པར་བྱ་བའི་ཕྱིར་རྒྱ་ཆེན་པོར་བསྔོ་བར་བསྟན་ཏོ། །ཆུ་ཀླུང་ཞེས་བྱ་བ་ནི་ཕྱོགས་ཐ་དད་པ་ནས་འབབ་པའི་རོ་སྣ་ཚོགས་དང་ལྡན་པའོ། །རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོར་ནི་གཅིག་ཏུ་གྱུར། །ཅེས་བྱ་བ་ནི་དེར་སོན་པའི་དབང་གིས་རོ་གཅིག་པར་གྱུར་པར་བསྟན་ཏོ། །དེ་བཞིན་ཞེས་བྱ་བ་ནི་དཔེ་བརྗོད་པ་དེ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ །རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར། །ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྩོན་འགྲུས་ལ་སོགས་པ་སྒོ་ཐ་དད་པ་ནས་བསྒྲུབས་པ་ཡང༌། འབྲས་བུ་སངས་རྒྱས་ཁོ་ནར་འགྲུབ་པར་བསྟན་པའི་དོན་ཏོ། །འབྲས་བུའི་ཕྱིར་སཱ་ལུ་བསྐྱེད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་དགེ་བ་སྤྱད་དོ་ཅོག་སངས་རྒྱས་ཉིད་དུ་བསྔོས་ན་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རིག་སྔགས་འཆད་དུ་མི་འགྲུབ་པར་དགོས་པའི་རྟོག་པ་བསལ་ཏེ། ཚིག་གི་དོན་གཞན་ནི་གོ་བར་ཟད་དོ། །སོག་མ་དཔེར་བརྗོད་པ་ནི་ལྷ་དང་མིའི་ལོངས་སྤྱོད་ལ་སྙིང་པོ་མེད་པར་ཞར་ལ་བསྟན་པའི་ཐ་ཚིག་གོ །ཚེ་རིང་བ་ལེགས་པར་ཐོབ་པ་ཞེས་བྱ་བ་ནི་སྲོག་གཅོད་པ་སྤངས་པའི་འབྲས་བུའོ། །དང་ཞེས་བྱ་བ་ནི་མི་དགེ་བ་ལྷག་མ་དགུ་སྤང་བའི་ཚུལ་ཁྲིམས་ལ་ཡང་དེ་བཞིན་དུ་སྤྲོ་བ་བསྐྱེད་པར་བྱ་བའི་ཐ་ཚིག་གོ །ཆོས་བཞིན་བསྒྲུབས་ཞེས་བྱ་བ་ནི། དགེ་བ་བཅུའི་ཚུལ་བཞིན་སྤྱོད་པའོ། །ཡུལ་དག་རྙེད་པ་ཞེས་བྱ་བ་ནི་དེའི་དབང་གིས་མངོན་པར་མཐོ་བའི་དཔལ་མངོན་དུ་ཕྱོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །སྐྱོ་བ་མེད་པར་འགྱུར་ཞིང་ཞེས་བྱ་བ་ནི་དགེ་བ་བཅུའི་འབྲས་བུའི་ཕན་ཡོན་དཔག་ཏུ་མེད་བར་རྫོགས་པའི་ཕྱིར་རྒྱུ་ཉིད་ཟད་མི་ཤེས་པར་བསྔོ་བའི་དོན་ཏོ། །འགྲོ་བའི་བསམ་པ་རྣམས་ནི་རྟག་
― DTG071_Page_0135 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏུ་རྫོགས་པར་བྱ། །ཞེས་བྱ་བ་ནི་དཔག་བསམ་གྱི་ཤིང་ལྗོན་བའམ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་སེམས་ཅན་རྣམས་ཀྱི་རེ་བ་སྣ་ཚོགས་སྐོང་བའི་མཐུ་དང་ལྡན་པར་གྱུར་ཅིག་ཅེས་བསྔོ་བར་བསྟན་ཏོ། །གྲགས་དང་མ་གྲགས་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་གྱི་ཆོས་བརྒྱད་བརྗོད་པ་སྟེ། རབ་བཅོམ་སྟེ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པ་ལ། དམིགས་བས་སོ་སོར་བརྟག་ཅེས་བྱ་བའི་ཐ་ཚིག་གོ །སྡིག་པའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཕན་ཡོན་གྲགས་པ་ལ་སོགས་པ་ཞིག་བྱུང་ནས་ཆགས་ཤིང་རྒྱགས་པ་ནི་སྡིག་པའི་གནས་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་པའི་སྐྱོན་མ་གྲགས་པ་ལ་སོགས་པ་རྣམས་བྱུང་བའི་ཚེ། ཞུམ་ཞིང་འཁྲུག་པ་ཡང་སྡིག་པའི་གནས་ཡིན་ནོ། །སྤང་བར་བྱ་ཞེས་བྱ་བ་ནི་ཐམས་ཅད་དུའོ། །ལྷན་ཅིག་མི་གནས་ལྟར་ཞེས་བྱ་བ་ནི་རྒྱ་མཚོ་ཆེན་པོའི་ནང་དུ་མི་རོ་བོར་ན། ཀླུ་མཐུ་བོ་ཆེ་རྣམས་ཀྱིས་གཅིག་གི་གནས་ནས་གཅིག་ཏུ་ཕུལ་ཏེ། མཐར་ཕྱིན་པ་ནི་དཔེར་བརྗོད་པའོ། །དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ། །ཞེས་བྱ་བ་ནི་ཆགས་པ་ནས་ལེ་ལོའི་བར་གྱིས་དབང་དུ་གྱུར་པའོ། །སྔགས་པ་སྐད་ཅིག་ཙམ་ཡང་གནས་མ་བྱ། །ཞེས་བྱ་བ་ནི་མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་གྱིས་གསལ་བར་བྱ་བའི་དོན་ཏོ། །རྩེ་གཅིག་སེམས་ཀྱིས་ཞེས་བྱ་བ་ནི་རྣམ་པར་རྟོག་པས་གླགས་མི་ཐོད་བའི་ཞི་གནས་དང་ལྷག་མཐོང་གིས་འཁྱུད་པའི་ཏིང་ངེ་འཛིན་ཏོ། །ཟློས་ལ་མངོན་པར་དགའ་བ་ཡི། །ཞེས་བྱ་བ་ནི་བཟླས་བརྗོད་ཤེས་རབ་དང་ལྡན་པས་སྒྲིབ་པ་བསལ་བའི་དབང་གིས་བཟླས་བརྗོད་ལ་ཞེན་ཏེ་ཏིང་ངེ་འཛིན་གྱི་བདེ་བ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པས་སེམས་བྱང་སྟེ། དགའ་བ་ཐོབ་པའི་དབང་གིས་ལུས་ཀྱང་བྱང་ནས་རིག་སྔགས་འཆང་ལྷའི་གཟུགས་སུ་གྱུར་ཏེ། གཟི་བརྗིད་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །གཞན་ནི་གོ་བར་ཟད་དོ། །དེ་ལྟར་བཟླས་བརྗོད་བྱེད་པའི་སྒྲུབ་པ་པོས། །ཉིན་གཅིག་བཞིན་དུ་བྱས་ནས་ཞེས་བྱ་བ་ནི་བསོད་ནམས་བླང་བ་དང༌།
― DTG071_Page_0136 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཟླས་བརྗོད་བྱ་བ་དང༌། མདོ་སྡེ་བཀླག་པ་དང༌། མཆོད་རྟེན་གདབ་པ་ལ་སོགས་པའི་དགེ་བ་སྤྱད་པ་འབའ་ཞིག་གིས་ཉིན་པར་གྱི་དུས་འདས་པར་བྱ་བའི་ཐ་ཚིག་གོ །བཟླས་པ་ཕུལ་ནས་ཞེས་བྱ་བ་ནི་འཕགས་པ་རྨུགས་འཛིན་ལ་སོགས་ཏེ་ནོར་ཅན་གྱི་རིགས་སྒྲུབ་པ་ལ་ནི་བསོད་ནམས་ཀྱི་ཚོགས་བསྟན་པར་བྱ་བའི་དོན་ཏོ། །བཟླས་བརྗོད་བྱས་པ་རྣམས་གསེར་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ནང་དུ་བཅུག་སྟེ། ཁ་པདྨ་དཀར་པོས་བཅད་ནས་ལྷའི་ཕྱག་ཏུ་དབུལ་བར་བསམ་པར་བྱེད་ཅེས་གྲག་གོ །གསང་སྔགས་གཞན་ལ་ནི་འདིས་མི་བསྒྲེ་སྟེ། །བཟླས་བརྗོད་བྱས་པའི་བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་དོན་དུ། །རང་གི་ལྷ་ལ་དབུལ་བར་བསྟན་ཏེ། ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་དགེ་བའི་རྩ་བ་ཐམས་ཅད་ཕུལ་ནས། བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྡུས་པའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་ཤིང་བསམ་གྱིས་མི་ཁྱབ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་གང་ལགས་པ་དེས་བདག་བརྟན་པར་གྱུར་ནས་ཞེས་བྱ་བ་དང་འདྲའོ། །ནུབ་མོ་ཞེས་བྱ་བ་ནི་ཉིན་པར་མི་ཉལ་བར་བསྟན་ཏོ། །ཀུ་ཤ་བཏིང་ནས་ཉལ་བར་བྱ། །ཞེས་བྱ་བ་ནི་ཁྲི་ལ་མི་ཉལ་བར་བསྟན་ཏོ། །བྱམས་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་ཤོག་ཅིག་པའི་བསམ་པའོ། །སྙིང་རྗེ་ཞེས་བྱ་བ་ནི་སྡུག་བསྔལ་བ་རྣམས་དེ་དང་བྲལ་བར་ཤོག་ཤིག་པའི་བསམ་པའོ། །དགའ་བ་ཞེས་བྱ་བ་ནི་བདེ་བ་རྣམས་དང་མི་འབྲལ་བར་ཤོག་ཤིག་པའི་བསམ་པའོ། །བཏང་སྙོམས་ཞེས་བྱ་བ་ནི་ཕན་པ་དང་བདེ་བས་གཞན་དག་གི་ཉོན་མོངས་པ་མི་སྐྱེ་བར་བྱ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པའོ། །ལྡན་ཞེས་བྱ་བ་ནི་རང་གི་ལྷའི་ལྷག་པའི་ཏིང་ངེ་འཛིན་ལ་གནས་པའི་ཞར་ལ་དེ་རྣམས་རྗེས་སུ་དྲན་པར་བྱ་བ་ཙམ་དུ་ཟད་ཀྱི། རྒྱུན་གྱི་ཏིང་ངེ་འཛིན་རྣམས་རྣམ་པར་ཕྱེ་སྟེ་བསྒོམ་པ་ལྟ་བུ་ནི་མ་ཡིན་ནོ། །བཅས་པར་དྲན་བྱས་ཏེ་ཞེས་བྱ་བ་ནི་ལྷ་དང་གཏོང་བ་དང་ཚུལ་ཁྲིམས་སོ། །ཤཱ་རིའི་བུ་ལ་ཕྱག་འཚལ་ནས་ཉལ་བ་ནི་བསོད་ནམས་འཕེལ་བའི་དོན་དུ་
― DTG071_Page_0137 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉལ་བ་སྟེ། རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། ཐུབ་པ་སངས་རྒྱས་གཉིས་པ་ནི། །འཕགས་པ་ཤ་ར་དྭ་ཏིའི་བུ། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ཀླུ་དང་གནོད་སྦྱིན་ཆོགས་ཀྱིས་མཆོད། །ཅེས་གསུངས་པའི་ཕྱིར་རོ། །ང་ལ་ཐལ་སྦྱར་བཏུད་ནས་ཉལ། །ཞེས་བྱ་བ་ནི་ལོག་འདྲེན་རྨོངས་པར་བྱ་བའི་དོན་དུ་སྟེ། ཡང་རྒྱུད་དེ་ཉིད་ལས། དེ་བཞིན་དམ་པ་གྲུབ་པ་དེ། །རིག་སྔགས་འཆང་ཀུན་དབང་ཕྱུག་རྗེ། །དཔའ་བོ་གཅིག་པོ་དགྲ་ཐུལ་བ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །སྡིག་པ་མཐའ་དག་ཟད་པར་བྱ། །ཞེས་བྱ་བ་ནི་རིམ་པ་དེ་རྣམས་སྤྱད་པས་སོ། །ལེའུ་གསུམ་པའི་དོན་བཤད་ཟིན་ཏོ།། །།སོར་བཅུ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་རྣམས་ཀྱི་ཚད་བསྟན་ཏོ། རིག་སྔགས་འཆང་ཉིད་ཅེས་བྱ་བ་ནི་ནམ་མཁར་འགྲོ་བ་ཁོ་ནའོ། །ས་རྣམས་ཐོབ་པ་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ལ་དབང་བའི་རྒྱལ་པོའོ། །རྒྱལ་པོའི་དོན་དུ་ཞེས་བྱ་བ་ནི་རྒྱལ་ཕྲན་དོན་དུ་གཉེར་བའོ། །རིན་ཆེན་འབྱུང་བ་ནི་དེའི་གཏེར་རྒྱ་མཚོ་ཡིན་ནོ། །དོན་ཀུན་སྒྲུབ་བ་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ལ། ལྕགས་གསུམ་གྱི་ཞེས་བྱ་བ་ནི་གསེར་དང་དངུལ་དང་ཟངས་རྣམས་བསྲེས་པའི་རྡོ་རྗེ་ཞེས་བྱ་བའི་ཐ་ཚིག་གོ །གདོན་གཞན་ཞེས་བྱ་བ་ནི་གནོད་སྦྱིན་མ་གཏོགས་པ་ཐམས་ཅད་དོ། །སེང་ལྡེང་ཞེས་བྱ་བ་ནི་དེའི་རྡོ་རྗེས་གཞོམ་པའི་དོན་ཏོ། །དཔལ་ཞེས་བྱ་བ་ནི་དབང་ཕྱུག་གི་དོན་འབྱོར་པའོ། །ཚེ་ཞེས་བྱ་བ་ནི་བརྟན་པ་དང་སྲིད་པའོ། །ནོར་རྫས་ཞེས་བྱ་བ་ནི་གཏེར་ལ་སོགས་པ་དང་རྟ་ལ་སོགས་པ་འཕེལ་བར་གྲུབ་པའོ། །ཤ་ཟ་སྒྲུབ་པ་ལ་ཡང་རྟག་ཏུ་ཤིས། །ཞེས་བྱ་བ་ཡང་བ་རུ་རའི་ཤིང་ལས་བྱས་པའི་རྡོ་རྗེ་ཉིད་དོ། །གཟུགས་བསྒྱུར་བ་ཞེས་བྱ་བ་ནི་མི་ལས་བྱོལ་སོང་ལ་སོགས་པར་བསྒྱུར་ཞིང་བརྫུའོ། །ས་ལས་བྱས་པའི་རྡོ་རྗེ་ཞེས་བྱ་བ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། ཆུ་ངོགས་གཉིས་ཀ་ནས་བླངས་པའི་ས་ཞེས་གསུངས་སོ། །ཡིད་དུ་འོང་བའི་འདོད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་རྣམ་ལྔ་ཡིད་བཞིན་དུ་འབྱོར་པར་སྒྲུབ་
― DTG071_Page_0138 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའོ། །དབྱིབས་ལེགས་ཞེས་བྱ་བ་ནི་ཆུ་ཞེང་འཚམ་པའོ། །འཇམ་ཞིང་ཞེས་བྱ་བ་ནི་བྱི་དོར་ལེགས་པའོ། །མ་ཉམས་ཞེས་བྱ་བ་ནི་མཚན་ཉིད་རྫོགས་པའོ། །ཡང་ན་ཡ་ཡོ་མེད་པའི་དོན་ཏོ། །རྨ་མེད་ཅེས་བྱ་བ་ནི་སེལ་ལམ་འཕན་མེད་པའོ། །རྡོ་རྗེ་རྩེ་ལྔ་ཞེས་བྱ་བ་ནི་དེ་ཐམས་ཅད་ཀྱི་དབྱིབས་ཏེ་རིགས་ལྔའི་ངོ་བོ་ཉིད་དུ་བསྟན་པའི་དོན་ཏོ། །གཞན་ནི་གོ་བར་ཟད་དོ། །རྡོ་རྗེ་མེད་ན་གྲུབ་པར་མི་འགྱུར་རོ། །ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། རྡོ་རྗེ་དེ་ནི་བཅངས་པ་ཡིས། །བགེགས་དང་ལོག་འདྲེན་ཐམས་ཅད་དང༌། །གང་དག་གནོད་པར་བྱེད་པ་རྣམས། །ཤིན་ཏུ་སྐྲག་ནས་འབྱེར་བར་བྱེད། །ཅེས་བྱ་བ་དང༌། དེ་བཞིན་དུ་ལས་ཀྱི་རྡོ་རྗེ་ཞེས་བྱ་སྟེ། དེ་ཉིད་སྨད་ཀྱི་ལས་ཀྱང་བྱེད། །འདི་ནི་སྒྲུབ་པ་པོ་རྣམས་ཀྱི། །གསང་ཞིང་ཕྲ་བ་གཅིག་པུར་བསྒྲགས། །ཞེས་གསུངས་པའི་ཕྱིར་རོ། །ཁུ་ཚུར་བཅངས་ནས་ཞེས་བྱ་བ་ནི་རིག་སྔགས་འཆང་དངོས་གྲུབ་ལ་མི་རྩོལ་བ་རྣམས་ཀྱི་ངོར་གསུངས་སོ། །ལྡོང་རོས་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་རྫས་ཀྱི་མཚན་ཉིད་བསྟན་ཏེ། དེ་ཡང་ཆོ་ག་ཞིབ་མོ་ཁ་ཅིག་ཏུ་གསང་སྔགས་གསུངས་ལ། རྫས་གང་ལས་སྒྲུབ་པ་མ་གསུངས་པ་དང༌། གཞན་དག་ཏུ་རྫས་ཐམས་ཅད་ལ་སྒྲུབ་ཅེས་ཁུངས་ཕྱུང་ལ། རྫས་དངོས་སུ་མ་བསྟན་པ་རྣམས་སྤྱིའི་རྒྱུད་འདི་དང་སྦྱར་རོ། །རྫས་ནི་བཅུ་བདུན་སྒྲུབ་པ་པོ་དེ་རྣམས་ཀྱིས། །ཞེས་བྱ་བ་ནི་གྲངས་ངེས་པ་སྟེ་དེ་དག་བལྟ་བ་དང༌། གཟུང་བ་དང༌། སྦྱང་བ་དང༌། རབ་ཏུ་གྲུབ་པར་བྱེད་པ་དང༌། རིག་པ་མཆོག་གི་རྒྱུད་ཆེན་པོ་དེ་དག་ལས་འབྱུང་སྟེ། འདིར་ཡི་གེ་མངས་སུ་དོགས་ནས་མ་སྤྲོས་སོ། །གྲུབ་པ་རྣམ་པ་གསུམ་རྣམས་གྲུབ་པར་བྱེད། །ཅེས་བྱ་བ་ནི། དེ་དག་སྦྱངས་ནས་བསྒྲུབས་ན་འབར་བ་དང༌། དུད་པ་འབྱུང་བ་དང༌། ཚེའི་བྱེ་བྲག་གིས་རབ་དང་ཐ་མའི་དངོས་གྲུབ་ཐོབ་པའི་དོན་ཏོ། །རང་སྔགས་ཆོ་གར་ལྷག་པར་བཤད་པ་གང༌། །ཞེས་བྱ་བ་ནི་སོ་སོའི་ཆོ་ག་ཞིབ་མོ་དག་ཏུ་འདིར་མ་སྨོས་པའི་རྫས་ཞིག་བྱུང་ན་ཡང་སྒྲུབ་ཏུ་རུང་ཞེས་བྱ་བའི་ཐ་ཚིག་
― DTG071_Page_0139 ―
[མ་དཔེ་གཟིགས་ན་འདིར་གནོན།]
གོ །དེར་ཡང་གྲུབ་པ་རྣམ་པ་གསུམ་དུ་མཐོང༌། །ཞེས་བྱ་བ་ནི་རྫས་བཅུ་བདུན་ལས་ལྷག་པའི་འགལ་བ་མེད་དེ། །དངོས་གྲུབ་ཏུ་གྱུར་པར་བསྟན་ཏོ། །བགེགས་དང་ལོག་འདྲེན་གྲུབ་པར་མི་དགའ་བ། །ཞེས་བྱ་བ་ནི་དེ་དག་གི་རང་བཞིན་བསྟན་ཏོ། །རིག་པའི་ཚོགས་རྣམས་ཀྱི་ནི་མདུན་ནས་རྒྱུ། །ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གི་སྤྱོད་པ་བསྟན་ཏོ། །རྣམ་པ་བཞི་ཡོད་དེ་ཞེས་བྱ་བ་ནི་དེ་དག་གི་རིགས་ཀྱི་སྡོམ་སྟེ། འོག་ནས་རིགས་གཉིས་འབྱུང་བས་བསྣན་ན་རིགས་དྲུག་ཏུ་བགེགས་ཐམས་ཅད་འདུས་སོ། །འཇིག་རྟེན་སྐྱོང་པ་བཞི་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའོ། །དེ་དག་གཡོག་འཁོར་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའི་གཡོག་འཁོར་དུ་གཏོགས་པའོ། །མྱ་ངན་མེད་པ་ཞེས་བྱ་བ་ཡང་དེ་ཉིད་དེ་བགེགས་ཀྱི་རིགས་རྣམས་འཇིག་ཅེས་བྱ་བའི་སྡེ་དཔོན་མིང་ངོ༌། །དེ་ཡི་གཡོག་འཁོར་བྱེ་བ་ཕྲག་བདུན་རྣམས། །ཞེས་བྱ་བ་ནི་རྣམ་པར་འཇིག་གི་རིགས་ལ་གཏོགས་པ་མྱ་ངན་མེད་པའི་གཡོག་གི་གྲངས་སོ། །དེ་དག་གསང་སྔགས་སྒྲུབ་ལ་བགེགས་བྱེད་དོ། །ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་ཡིས་གསང་སྔགས་སྒྲུབ་པ་རྣམས་ལ་བགེགས་བྱེད་པའི་དོན་ཏོ། །ས་སྟེངས་མཐའ་དག་ཀུན་དུ་བགེགས་ཀྱང་བྱེད། །ཅེས་བྱ་བ་ནི་རང་གི་རིགས་དང་གཞན་ལ་ཡང་བྱེད་དེ། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་ཐམས་ཅད་ལ་ཡང་གོ་བར་བྱའོ། །གཞན་ནི་གོ་སླ་བས་མི་ཕྱེའོ། །ཁྲོས་ཤིང་འཁྲུགས་ནས་ཕྱིར་ཡང་ཕྱོགས་པར་འགྱུར། །ཞེས་བྱ་བ་ནི་བགེགས་ཀྱི་དབང་དུ་གྱུར་པའི་ཉེས་དམིགས་བསྟན་པ་སྟེ། བདག་དང་གནས་དང་རྫས་རྣམས་བསྲུང་བར་གསུངས་པ་རྣམས་ཁྱད་དུ་བསད་དེ་མ་བྱས་པས་དངོས་གྲུབ་ཀྱི་སྣོད་དུ་མི་རུང་བའི་དོན་ཏོ། །སེམས་ནི་འཇུངས་ཤིང་ཞེས་བྱ་བ་ནི་སེར་སྣའི་དབང་གིས་གཞན་གྱི་འབྱོར་པ་མི་བཟོད་པའོ། །རྨོངས་པ་ཞེས་བྱ་བ་ནི་བླུན་པས་མ་དཔྱད་པར་བྱས་པའོ། །ལྷ་ཞེས་བྱ་བ་ནི་བགེགས་སྤྲུལ་པར་བྱིན་གྱིས་རློབ་པ་རྣམས་སོ། །ལོག་འདྲེན་བགེགས་ཀྱི་ལུགས་འདི་གཏོད། །ཅེས་བྱ་བ་ནི་ཕྲག་དོག་གི་བར་གཏོད་པའི་དོན་ཏོ།།
― DTG071_Page_0140 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། ལྷ་རྣམས། །འཐབ་པའི་ཕྱིར་ནི་དང་བ་ལྟར། །སེམས་ཅན་རྣམས་ལ་བགེགས་བྱེད་ཕྱིར། །དེ་བཞིན་བགེགས་རྣམས་འབྱུང་བར་འགྱུར། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས་ནི་གཞན་དུ་བཀའ་སྩལ་ཏེ། སྔོན་ཆད་སེར་སྣ་བསྟེན་པའི་ཕྱིར། །བགེགས་ནི་རང་གི་སེམས་ལས་བྱུང༌། །ཞེས་གསུངས་སོ། །གཉེན་པོ་ཡང་དེ་ཉིད་ལས་ཇི་སྐད་དུ། དེ་ཡི་རྒྱུ་ནི་གཞིག་པའི་ཕྱིར། །གང་དུ་སེམས་དང་སེམས་འབྱུང་བའི། །རྟོག་པ་ཐམས་ཅད་སྤོང་བ་དང༌། །རྣམ་པར་རྟོག་པ་ལས་བྱུང་བའི། །སྤྲོས་པ་ཐམས་ཅད་འགག་འགྱུར་བ། །བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །ཞེས་གསུངས་ཏེ། དེ་དང་ཡང་སྦྱར་བར་བྱའོ། །བཟློག་མི་ནུས་ཞེས་བྱ་བ་ནི་བགེགས་མི་བྱེད་པའི་ལུགས་སྡོད་པར་མི་ནུས་པའི་དོན་ཏོ། །བགེགས་ཀྱིས་འཇིགས་སུ་རུང་བ་བྱས་པ་དག །ཅེས་བྱ་བ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོ་ལ་ཇི་སྐད་དུ། ལོག་འདྲེན་དེ་དག་ནི་བསོད་ནམས་ཀྱིས་རེག་པ་ཙམ་གྱིས་ལྷའི་ལོ་སྟོང་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་བསོད་རྣམས་ཀྱི་ཕུང་པོ་ཡང་ཐལ་བར་རློག་པར་བྱེད་ཅིང༌། རིག་སྔགས་སྒྲུབ་པའི་བསོད་ནམས་ཀྱང་ཟད་པར་བྱེད་དེ། དེས་ན་རིག་སྔགས་འགྲུབ་པར་མི་འགྱུར་རོ་ཞེས་གསུངས་སོ། །སྔར་བཤད་པ་ནི་དེ་དག་ཟློག་པར་བྱེད། །ཅེས་བྱ་བ་ལ་སོགས་པས་ནི་གོང་དུ་བཟླས་བརྗོད་དང་དཀྱིལ་འཁོར་དུ་འཇུག་པར་གསུངས་པ་དག་གོ །གཞན་ནི་གོ་བར་ཟད་དོ། །འདི་ལྟར་ཕན་ཚུན་དུ་ནི་འགྲོ་བ་ན། །རིག་པ་འདོན་པའི་སེམས་ནི་གཡེང་བར་བྱེད། །ཅེས་བྱ་བ་ནི་བགེགས་འཇུག་ཅེས་བྱ་བར་གོ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ངེས་པར་གནས་པ་ལ་ཡང་གནས་ནས། གནས་སུ་འགྲོ་བ་ལ་ཡང་སྒོམ་པ་རེ་རེ་ལ་ལོག་འདྲེན་རྣམས་གླགས་ཚོལ་བའི་ཕྱིར་འཁོད་པ་ཡང་ཡོད་དོ་ཞེས་གསུངས་སོ། །དེར་ན་ཆུ་ནང་གྲིབ་མ་སྣང་བ་ལྟར། །ཞེས་བྱ་བ་ནི་གྲིབ་མ་ཆུའི་ནང་དུ་འབྱུང་བ་ན་
― DTG071_Page_0141 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐོགས་པའམ་སོང་བའི་རྗེས་ཤུལ་མི་སྣང་བར་གཏིང་དུ་ཕྱིན་ཏོ། །དེ་བཞིན་མི་ཡི་ལུས་ལ་འཇུག་པར་འགྱུར། །ཞེས་བྱབ་ཡང་ཐོགས་པ་མེད་ཅིང་རྨ་མེད་པར་འཇུག་པའི་དོན་ཏོ། །འཁྲུ་ཚེ་གཞན་ལ་ཞེས་བྱ་བ་ལ་སོགས་པ་ནི་བགེགས་ཀྱི་རིགས་དྲུག་སོ་སོ་ལ་ཡང་ཁྱད་པར་དུ་བགེགས་བྱེད་པ་རྣམས་ཀྱིས་རང་བཞིན་བསྟན་པ་སྟེ་ཚུལ་ནི་འོག་ནས་འཆད་དོ། །མ་བརྩལ་མེ་ནི་འབྱུང་བ་ལྟར། །ཞེས་བྱ་བ་ནི་རང་དབང་མེད་པར་འབྱུང་བའི་དཔེའོ། །འདོད་ཆགས་མེ་ཆེན་ཞེས་བྱ་བ་དེས་དགེ་བའི་རྩ་བ་ཐམས་ཅད་བསྲེག་པའི་དོན་ཏོ། །གཡོ་ཞིང་འགུལ་བ་ཞེས་ནི་བྱ་བའི་བགེགས། །ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་དུ་བགེགས་བྱེད་པ་དེ་དག་སྒྲུབ་པ་པོ་ལ་འཛིན་པའི་དུས་དང༌། ཟིན་པའི་མཚན་མ་བསྟན་པ་སྟེ་ཚིག་གི་དོན་ནི་གོ་སླ་བས་མ་ཕྱེའོ། །བགེགས་ཀྱིས་བརླམས་བ་ཞེས་བྱ་བ་ནི་དེས་ཟིན་ནས་མིའི་རང་བཞིན་གྱུར་པའོ། །ཕྱོགས་ན་ལམ་མིན་ལམ་དུ་མཐོང༌། །ཞེས་བྱ་བ་ནི་ལོག་པའི་སྤྱོད་པ་ལ་འཇུག་པའོ། །གཞན་ནི་གོ་བར་ཟད་དོ། །བགེགས་དང་ལོག་འདྲེན་རྣམ་པར་གཞིག་པའི་ཕྱིར། །ཞེས་བྱ་བ་ནི་དེ་དག་གཞོམ་པའི་དོན་དུ་ཞེས་བྱ་བའི་ཐ་ཚིག་གོ །བདུད་རྩི་ཐབ་སྦྱོར་དྲག་ཤུལ་ལས་ཅན་སྦྱོར། །སྔགས་པ་དེ་ཡིས་གསང་སྔགས་ལམ་ཞུགས་པ། །ཞེས་བྱ་བ་ཡང་རྒྱུད་དེ་ཉིད་ལས། །དེ་བས་ན་རིག་སྔགས་འཆང་གིས་ཉི་མ་ཤར་ཕྱོགས་སུ་ཁ་བལྟས་ལ། རྟག་ཏུ་ཆུ་ཁྱོར་བ་གང་གཏོར་ནས་ཁྲོ་བོའི་གསང་སྔགས་ཀྱང་ལན་བདུན་བརྗོད་པར་བྱ་སྟེ། ཇི་སྐད་དུ། བདག་མིང་འདི་ཞེས་བྱ་བ་རིག་སྔགས་ཆེ་གེ་མོ་ཞིག་སྒྲུབ་ཀྱིས་ཁྱེད་ཡིད་དགའ་བར་གྱིས་ཤིག་ཅེས་སྨྲ་བར་བྱའོ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡང་མི་ཚུགས། །ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་ལམ་དུ་ཞུགས་པའི་ཕན་ཡོན་བསྟན་པ་སྟེ། ཡང་རྒྱུད་དེ་ཉིད་ལས་དེས་ལོག་འདྲེན་རྣམས་དགའ་ཞིང་མགུ་ལ་ཡིད་དགའ་བར་འགྱུར་ཏེ། དངོས་གྲུབ་སྦྱིན་པར་བྱེད་ཅིང་སེམས་ཀྱང་དང་བར་འགྱུར་རོ་ཞེས་གསུངས་སོ། །བགེགས་ཀྱི་རྣམ་གྲངས་མང་པོ་དེ་དག་གི་ངོ་ལོན་དང་གཉེན་པོ་ཐ་དད་པ་ཡང་རྒྱུད་དེ་ལས་རྒྱས་པར་སོ་
― DTG071_Page_0142 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོར་ཕྱེ་སྟེ་བསྟན་པ་རྣམས་འདིར་ཡི་གེ་མངས་སུ་དོགས་ཏེ་མ་སྤྲོས་པས་རྒྱུད་ཉིད་ལས་བལྟ་བར་བྱའོ། །ཕྱུགས་ལྷས་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་གནས་བསྟན་ཏོ། །ཤིང་གཅིག་ཅེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་བའི་རྒྱུད་ཆེན་པོ་ལས། ཀུན་དུ་ཟླུམ་པོའི་ཤིང་དྲུང་ངམ། །ཞེས་གསུངས་སོ། །གཞན་ནི་གོ་བར་ཟད་དོ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ཚད། །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་ཕྱིའི་རྒྱའི་ར་བའི་ཚིང་ངོ༌། །ཚོན་རྩི་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་དཀར་པོ་དང་དམར་པོ་དང་སེར་པོ་དང་ལྗང་གུ་དང་ནག་པོ་རྣམས་ཏེ། དེ་ཡང་དབུས་སུ་ནི་ཁྲུ་ཕྱེད་པའི་ས་ཁྲུ་དོ་དོར་རོ། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་གཟུང༌། །ཞེས་བྱ་བ་ནི་དེའི་ཕྱི་རིམ་ཁྱོན་ཁྲུ་གང་ཞིག་ཡོད་པའི་སུམ་ཆ་འཁོར་སར་གཞག་སྟེ། སུམ་གཉིས་ལ་ལྷ་རྣམས་དགོད་པ་ནི་གསང་བའི་དཀྱིལ་འཁོར་ལས། ཇི་སྐད་དུ། བརྒྱ་བྱིན་གྱི་ནི་རྡོ་རྗེར་གསུངས། །མེ་ལྷའི་ཕྱག་རྒྱ་ཞུགས་ཐབ་ཡིན། །གཤིན་རྗེའི་ཕྱག་རྒྱ་བེ་ཅོན་ཡིན། །བདེན་བྲལ་གྱི་ནི་རལ་གྲི་ཡིན། །ཆུ་བདག་གི་ནི་ཞགས་པར་བཤད། །རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །ཀུ་བེ་ར་ཡི་དབྱུག་ཏོ་ཡིན། །དབང་ཕྱུག་གི་ནི་རྩེ་གསུམ་གསུངས། །ས་ཡི་ཕྱག་རྒྱ་བུམ་པ་ཡིན། །ཉི་ཟླའི་ཕྱག་རྒྱ་ཟླུམ་པོར་བྱ། །ཞེས་གསུངས་ཏེ། ཤར་ཕྱོགས་ནས་བརྩམ་པར་བྱའོ། །ཟླ་བ་ནི་མདུང་རྩེ་གསུམ་པ་དང་རྡོ་རྗེའི་བར་དུ་གཞག་སྟེ་དཀར་པོར་བྱའོ། །ཉི་མ་ནི་རལ་གྲི་དང་ཞགས་པའི་བར་དུ་གཞག་སྟེ་ཤིན་ཏུ་དམར་པོར་བྱའོ། །སའི་ལྷ་མོའི་བུམ་པ་ནི་ཞགས་པ་དང་རྒྱལ་མཚན་གྱི་བར་དུ་གཞག་གོ །སྒོ་བཞི་པ་ལ་ཞེས་བྱ་བ་ཡང་རྒྱུད་དེ་ཉིད་ལས། དབུས་སུ་སྒོ་ནི་གདོད་པར་བྱ། །ངོས་གཉིས་སུ་ནི་ཚད་དག་ཀྱང༌། །བཞི་བཞི་དག་ནི་དོར་བར་བྱ། །ཞེས་གསུངས་སོ། །ཀུ་ཤའི་རྩྭ་ཡང་དགྲམ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རི་མོ་ལ་མ་བབ་པའི་ཐ་མ་ཐོག་ཐག་རྩེ་མོས་རྩ་བ་མནན་ནས་བསྐོར་རོ། །བཟའ་བ་ཞེས་བྱ་བ་ནི་ཁུར་བ་སྣ་ཚོགས་སོ། །ཤ་ཆང་ལ་ཕུག་ཅེས་བྱ་བ་ནི་སྤྱིར་སྨོས་ཀྱང༌། ལྷ་གཞན་ལ་སྦྱིན་པར་བྱ་བ་མ་ཡིན་ཏེ། གཤིན་རྗེ་དང་བདེན་བྲལ་ལ་
― DTG071_Page_0143 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྦྱིན་ནོ། །འབྲས་བུ་མང་པོ་ཞེས་བྱ་བ་ནི་ཤིང་ཐོག་སྣ་ཚོགས་སོ། །གཏོར་མ་སྦྱིན་ཞེས་བྱ་བ་ནི་གཏོར་མ་དེ་དག་སྦྱར་ནས་འཁོར་བའི་སྣམ་བུ་ལ་སོ་སོའི་མདུན་དུ་དབབ་པོ། །བུམ་པ་ཞེས་བྱ་བ་ནི་ཚད་དང་དབྱིབས་ནི་འདིར་ཡི་གེ་མངས་སུ་དོགས་ནས་མ་སྤྲོས་ཏེ། འགྲོ་ལྡིང་གི་བུམ་པའི་ཆོ་ག་ལས་བལྟ་བར་བྱའོ། །པདྨ་དམར་པོའི་མདོག་འདྲ་བ། །ཞེས་བྱ་བ་ནི་སོ་བཏང་ལེགས་པས་ཁ་དོག་དམར་པོར་གྱུར་པའོ། །ནག་པོ་ར་རི་མེད་ཅེས་བྱ་བ་ནི་སོ་བཏང་ཉེས་པའི་སྐྱོན་མེད་པའོ། །རིན་ཆེན་བཅས་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་ལས་ཇི་སྐད་དུ། བྱི་རུ་དང་ནི་ས་ལེ་སྦྲམ། །དུང་དང་མུ་ཏིག་ནོར་བུ་སྟེ། །རིན་ཆེན་ཀུན་ཞེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །ཞེས་གསུངས་སོ། །སྨན་དང་ཞེས་བྱ་བ་ཡང་དེ་ཉིད་ལས། །སིང་ཧ་བྱ་ཀྲྀ་ཀ་ར་ཎི། །ཧ་ས་ཧ་ས་དེ་བ་སྟེ། །སྨན་རྣམས་ཀུན་ཞེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །ཞེས་གསུངས་སོ། །འབྲུ་དང་ཞེས་བྱ་བ་ཡང་དེ་ཉིད་ལས། །འབྲས་ཀྱི་སོ་བ་མོ་སྲན་གྲེའུ། །ནས་དང་ཏིལ་དང་གྲོ་དང་ལྔ། །འབྲུ་རྣམས་ཀུན་ཞེས་བྱ་བ་ནི། །ལས་རྣམས་ཀུན་ལ་འདི་དག་གཟུང༌། །ཞེས་གསུངས་སོ། །སྤོས་ཆུས་བཀང་ཞེས་བྱ་བ་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་ཆེན་པོ་མགུལ་བ་དཀྲིས་ཞེས་བྱ་བ་ནི་རས་ཕྲན་དཀར་པོ་ཁ་ཚར་མ་གོད་།བཞི་ཞེས་བྱ་བ་ནི་བུམ་པ་རེ་རེའི་ནང་དུ་ལྷ་རེ་རེ་སྤྱན་འདྲེན་པའི་ཕྱིར་རོ། །ལྡུམ་བུས་ཁ་བཀང་ཞེས་བྱ་བ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། འོ་མ་ཡོང་པའི་ཤིང་གི་ཡལ་གས་ཁ་བརྒྱན་པར་གསུངས་སོ། །རས་ཀྱིས་མགུལ་བ་དཀྲིས་ཞེས་བྱ་བ་ནི་རས་ཕྲན་དཀར་པོ་ཁ་ཚར་མ་གོད་པ་ཁྱེའུ་གཙང་གིས་མགྲིན་པ་བཅིང་བའི་དོན་ཏོ། །ལུས་དམར་པོ་དང་ཀི་ལི་ཀི་ལི་དང༌། །འགྲོ་ལྡིང་བའི་ཞེས་བྱ་བའི་ལྷ་འདི་དག་ནི་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་རང་བཞིན་སྙིང་པོ་ཞེས་བྱ་སྟེ། གཏན་ཚིགས་ནི་འོག་ནས་འཆད་དོ། །སོགས་པ་ཞེས་བྱ་བ་ནི་འཕགས་པ་སྟོབས་པོ་ཆེ་ལས་རིག་པར་བྱ་སྟེ། འོག་ནས་སྦྱིན་སྲེག་གི་སྐབས་སུ་ཡང་ལས་ཐམས་ཅད་ལ་སྦྱར་བར་འབྱུང་སྟེ། ཇི་སྐད་དུ། མེ་ཡི་མཚན་མ་འདི་
― DTG071_Page_0144 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་མཐོང་ནས་ནི། །སྟོབས་པོ་ཆེ་ཡིས་མར་གྱི་སྦྱིན་སྲེག་བྱ། །ཞེས་འབྱུང་བས་ལྷ་གཞན་མ་ཡིན་པར་མངོན་ནོ། །ཁྲོ་བོ་སྔ་མ་གསུམ་པོ་ནས་བཟླས་པ་ཡང་མ་ཡིན་ཏེ། བུམ་པ་བཞི་ཡོད་ལ། བཟླས་བརྗོད་བྱེད་ཅིང་བུམ་པ་རེ་རེས་བཀྲུ། །ཞེས་འབྱུང་བ་དང་འགལ་བའི་ཕྱིར་རོ། །བརྒྱར་བཟླས་ཏེ་ཞེས་བྱ་བ་ནི་བུམ་པ་རེ་རེ་ལ་ལྷ་རེ་རེས་བརྒྱ་རྩ་བརྒྱད་བཟླས་པའི་དོན་ཏོ། །ཁོར་ཡུག་ཏུ་ནི་གཞག་པར་བྱ། །ཞེས་བྱ་བ་ནི་ཁྲུས་བྱེད་པའི་ས་བོར་བའི་ཕྱི་རིམ་གྱི་གྲྭ་བཞིར་ཡང་ཀུ་ཤ་བཏིང་ནས་དེའི་སྟེང་དུ་བུམ་པ་གཞག་སྟེ་དེའི་ནང་དུ་ཁྲོ་བོ་རྣམས་སྤྱན་དྲང་ངོ། །དེའི་ནང་དུ་སྤྱན་དྲང་བར་ཅི་མངོན་ཞེ་ན། ལས་ཀྱི་ཕྲེང་བ་ལས། འཇིག་རྟེན་དབང་ཕྱུག་ཆུ་དབུས་སྤྱན་དྲངས་ཏེ། །ཞེས་གསུངས་པ་དེ་དང་མཐུན་པའི་ཕྱིར་རོ། །དེ་ལྟ་བས་ན་བུམ་པ་དེ་དག་ཀྱང་ཡིད་བཞིན་གྱི་མཚོ་བདུད་རྩིའི་ཆུས་གང་བར་བསམས་ལ། དེ་ལ་གནས་རྣམས་བཀོད་དེ་འཕགས་པ་རྣམས་མཆོད་ཡོན་ནམ་གསང་སྔགས་ཀྱིས་སྤྱན་དྲང་ངོ༌། །དེ་ནས་བྱུག་སྤོས་བདུག་སྤོས་ལ་སོགས་དབུལ། །ཞེས་བྱ་བ་ནི་དེ་དག་གཤེགས་པར་རིག་པ་དང་མཆོད་པ་རྣམ་ལྔ་རིམ་པ་བཞིན་དུ་དབུལ་བའི་དོན་ཏོ། །དེ་ནས་ཕྱོགས་སྐྱོང་དག་ལ་ཡང་གཏོར་མ་བསྔོས་ནས་བཟླས་བརྗོད་བརྩམ་པར་བྱའོ། །བཟླས་བརྗོད་ཟིན་ནས་ཕྱོགས་ཀྱི་ལྷ་རྣམས་དགའ་བར་བྱ་བའི་ཕྱིར་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། དེ་དག་ལས་བསྟོད་པའི་ཚིག་འབྱུང་བ་བརྗོད་པར་བྱ་སྟེ། འདིར་ཡི་གེ་མངས་སུ་དོགས་པས་མ་སྤྲོས་སོ། །བདེ་བའི་སྟན་ལ་གཞག་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུ་ཀུ་ཤའི་ཁྲེས་ཅིག་གཞག་ལ། དེའི་སྟེང་དུ་ནད་པ་གཞག་གོ །བཟླས་བརྗོད་བྱེད་ཅིང་བུམ་པ་རེ་རེས་བཀྲུ། །ཞེས་བྱ་བ་ནི་ལྷ་གང་གི་བཟླས་པའི་བུམ་པ་དེ་ཆུ་བླུགས་པ་ནི་དེ་ཉིད་ཀྱི་གསང་སྔགས་བརྗོད་བའི་དོན་ཏོ། །འོན་ཀྱང་ལོག་འདྲེན་རྣམས་ལས་ཐར་པར་འགྱུར། །ཞེས་བྱ་བ་ནི་བགེགས་ཀྱིས་ཟིན་པའམ། མ་ཟིན་པ་རྣམས་ཀྱིས་ལས་འདི་བྱས་ན་ཡང་ཕྱིས་མི་ཚུགས་པར་ཐར་པའོ། །སྒྲུབ་པ་པོ་ཡི་མིང་ནི་འབའ་ཞིག་ལ། །བགེགས་རྣམས་གཞིག་ཕྱིར་ཕན་པར་མ་ཟད་ཀྱི། །ཞེས་
― DTG071_Page_0145 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ་བ་ལ་སོགས་པས་ནི་ཞར་གྱི་ཕན་ཡོན་བསྟན་ཏེ། ཚིག་གི་དོན་གཞན་ནི་གོ་བར་ཟད་དོ། །བུ་མོ་དག་ཅེས་བྱ་བ་ནི་མི་ལ་མ་སོང་བའོ། །བུད་མེད་ཕལ་ཞེས་བྱ་བ་ནི་སྨད་འཚོང་མའོ། །ལེའུ་བཞི་བའི་དོན་བཤད་ཟིན་ཏོ།། །།རྣམ་པར་བསལ་ཏེ་ཞེས་བྱ་བ་ནི་བགེགས་དང་བྲལ་བའི་དབང་གིས་སྡིག་པའི་དྲི་མ་མེད་དེ་སེམས་ཀྱི་རྒྱུད་དང་ཞེས་བྱ་བའི་ཐ་ཚིག་གོ །ཆོ་ག་ཉམས་དང་ཞེས་བྱ་བ་ནི་སྐད་ཅིག་གསུངས་པའི་ཆོག་རྣམས་མ་ལྕོགས་པར་ཟློས་པའོ། །ཡི་གེ་གུག་སྐྱེད་མེད་ཅེས་བྱ་བ་ནི་ལྷག་པ་དང་ཆད་པས་དབྱིངས་དང་རྣམ་པར་ཐར་པའི་སྒོ་སྟོན་པའི་དོན་གྱིས་སྒྲ་གཞན་དུ་གྱུར་བའི་ཕྱིར་རོ། །མཆོད་པ་མེད་ཅེས་པ་ནི་མ་འབྱོར་པའོ། །མི་གཙང་ཞེས་བྱ་བ་ནི་ཕྱི་ནང་གི་དྲི་མ་མ་བསལ་བའོ། །དངོས་གྲུབ་རྒྱ་ཆེན་མི་སྟེར་རོ། །ཞེས་བྱ་བ་ནི་སྐྱོན་གོང་མ་རྣམས་དང་མ་བྲལ་བའི་ཉེས་པས་ཞེས་བྱ་བའི་ཐ་ཚིག་གོ །ཆར་པ་ལེགས་པར་འབེབས་ཞེས་བྱ་བ་ནི་ལོ་ལེགས་པའི་སྐལ་བ་དང་ལྡན་པ་རྣམས་ཀྱི་ཡུལ་དུའོ། །མི་ཡི་སྐལ་བ་དང་ལྡན་པ་ཞེས་བྱ་བ་ནི་ཚེ་འདི་དང་གཞན་དུ་སྤྱད་པའི་བསོད་ནམས་ཀྱི་འཕྲོ་ཡོད་པའོ། །འདོད་པ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་སྒྲུབ་པ་པོ་གང་ལ་རེ་བའི་འབྲས་བུ་ཐོབ་པའི་དོན་ཏོ། །ཡུལ་ཞེས་བྱ་བ་ནི་རབ་ཏུ་གྲུབ་པའི་རྒྱུད་ཆེན་པོ་ལས་ཇི་སྐད་དུ། གང་དུ་བདུད་བཞི་བཏུལ་ནས་ནི། །བཅོམ་ལྡན་མངོན་པར་སངས་རྒྱས་པར། །དངོས་གྲུབ་མང་པོ་ཀུན་གྱི་མཆོག །རྨད་བྱུང་གོ་འཕང་ཐོབ་གྱུར་པ། །ཞེས་བྱ་པ་ལ་སོགས་པའོ། །དུས་ཞེས་བྱ་བ་ཡང་རྒྱུད་དེ་ཉིད་ལས། །ཇི་སྐད་དུ། དགུན་ཟླ་ཐ་ཆུངས་སྟོན་ཟླ་འབྲིང༌། །དཔྱིད་ཟླ་རབ་འབྲིང་པོ་དང༌། །དབྱར་ཟླ་ར་བའི་ཉ་ལ་ཡང༌། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །ཞེས་གསུངས་པའོ། །ཆོག་ཞེས་བྱ་བ་ནི་ལྷ་གཟི་བྱིན་བསྐྱེད་པ་ལ་སོགས་པའོ། །ལས་ཞེས་བྱ་བ་ནི་རྣམ་པ་བཞིའོ། །སྡིག་པ་བྱང་ཞེས་བྱ་བ་ནི་བཟླས་བརྗོད་དང་བསམ་གཏན་དང་དཀའ་ཐུབ་ལ་སོགས་པས་འབྱང་བའི་དོན་ཏོ། །བསོད་ནམས་བསགས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པ་གསུམ་པོ་ལ་གནས་ཤིང་པ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པའོ། །
― DTG071_Page_0146 ―
[མ་དཔེ་གཟིགས་ན་འདིར་གནོན།]
གུས་པ་ཞེས་བྱ་བ་ནི་ལྷ་དང་བླ་མ་ལ་ཡིད་ཆེས་པས། ནན་ཏན་ངེས་པར་བྱེད་པར་འགྱུར་བའི་དོན་ཏོ། །བཟླས་བརྗོད་ཅེས་བྱ་བ་ནི་ཡན་ལག་དང་ལྡན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཇི་ཙམ་སྡིག་པ་མང་པོ་ཞེས་བྱ་བ་ལ་སོགས་པས་ནི་སྔ་མའི་ཡོན་ཏན་ལས་བཟློག་པའི་སྐྱོན་རྣམས་བརྗོད་པའོ། །བར་ཆད་སྔགས་གཞན་བཟླས་ཞེས་བྱ་བ་ནི་སྒྲུབ་པ་པོ་བློ་ཙམ་ལ་མ་ཕེབས་པ་ཁ་ཅིག་ལྷ་ལ་ལྷའི་ཡོན་ཏན་མྱུར་མྱུར་སྐད་འབྱུང་བ་དག་ཐོས་ནས། རང་གི་ཁྱད་པར་གྱི་ལྷ་བཏང་སྟེ། དེའི་གསང་སྔགས་ཟློས་པའོ། །བཟླས་པ་བཏང་ཞེས་བྱ་བ་ནི་བསྙེན་པའི་གྲངས་ཚང་ནས་སྒྲུབ་པའི་དུས་ལ་སྡོད་པའི་སྐབས་སུ་སྟེ། རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། སྔོན་དུ་བསྙེན་པ་རྫོགས་པ་ལ། །མི་ནུས་ན་ནི་དུས་གཅིག་གམ། དུས་གཉིས་སུ་ནི་ཆོག་བསྒོམ། །ཞེས་བྱ་བ་དེ་མ་ཟློས་པའོ། །གཞན་ལ་བྱིན་ཞེས་བྱ་བ་ནི་བདག་གིས་བསྙེན་པ་བྱས་པ་རྣམས་གཞན་དངོས་གྲུབ་ཐོབ་པར་བསྔོས་ནས་སྦྱིན་པའོ། །དེས་ཇི་ལྟར་ཕན་ཐོགས་པར་འགྱུར་ཞེ་ན། འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། ལས་གཞན་གྱིས་བྱས་ལ་འབྲས་བུ་གཞན་སྤྱོད་པའི་དཔེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ཞིང་པ་བརྗོད་པ་ལྟ་བུར་གོ་བར་བྱའོ། །དུས་གསུམ་མཆོད་པ་ལ་ནི་བརྩོན་བྱས་ནས། །སླར་ཡང་འབུམ་བཟླས་ཞེས་བྱ་བ་ནི་གོང་དུ་སྨོས་པའི་སྐྱོན་དེ་དག་བྱུང་ནས། སླར་བསབ་པར་འདོད་པས་སྔོན་དུ་བསྙེན་པ་བྱས་པ་རྣམས་ཀྱང་བརྡེག་བསྣུན་ཏེ། སྔོན་བས་ཀྱང་མཆོད་པའི་བུངས་བསྐྱེད། ཡོ་བྱད་བཟང་དུ་བསྟར་ནས་བསབ་པའི་དོན་དུ་འབུམ་བཟླས་བརྗོད་བྱ་བར་བསྟན་ཏོ། །སྒྲུབ་ལ་འཇུག་པར་བྱ་ཞེས་བྱ་བ་ནི་དེ་ལྟར་ཉེས་པ་བསབ་ནས། དེའི་འོག་ཏུ་བསྙེན་པའི་མགོ་གཟུགས་ཞེས་བྱ་བའི་ཐ་ཚིག་གོ །སྟོང་ཕྲག་ཅེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །བཅུ་ཞེས་བྱ་བ་ནི་དངོས་གྲུབ་རབ་ཀྱི་དོན་དུའོ། །བརྒྱད་དམ་བདུན་ཞེས་བྱ་བ་ནི་འབྲིང་ལས་དགོངས་པའོ། །བཞི་ཞེས་བྱ་བ་ནི་དངོས་གྲུབ་ཐ་མ་སྒྲུབ་པ་རྣམས་ཀྱི་གྲངས་སོ། །བཟླས་མཐར་ཞེས་བྱ་བ་ནི་བསབ་པའི་དོན་དུ་བཟླས་བརྗོད་
― DTG071_Page_0147 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབུམ་བྱེད་པའི་ཚེ། འབུམ་གྱི་གྲངས་མ་ཚང་གི་བར་དུ་བཟླས་བརྗོད་དུས་གསུམ་དུ་བྱེད་པར་མཇུག་ཐོགས་སུ་སྦྱིན་སྲེག་བྱ་དགོས་པར་བསྟན་པའོ། །མར་གྱི་སྦྱིན་སྲེག་བྱ་ཞེས་བྱ་བ་ནི་དེའི་ཚེ་མར་འབའ་ཞིག་གི་སྦྱིན་སྲེག་བྱ་བར་གསུངས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་མར་འབའ་ཞིག་གི་སྦྱིན་སྲེག་ལས་རྣམ་པ་གཞན་དུ་ཡང་བསྟན་ཏོ། །འཛམ་བུ་མ་ནུ་ཞེས་བྱ་བ་ལ་སོགས་པས་ནི་ཡམ་ཤིང་གི་རིགས་བསྟན་ཏོ། །ཡམ་ཤིང་གཞོན་ནུ་ཞེས་བྱ་བས་ནི་མཚན་ཉིད་བསྟན་ཏོ། །སོར་བཅུ་གཉིས་པའི་ཞེས་བྱ་བས་ནི་ཚད་བསྟན་ཏོ།། ཞོ་མར་སྦྲང་རྩི་ལ་བཏགས་ནས། །ཞེས་བྱ་བ་ནི་བསབ་པའི་དོན་དུ་སྦྱིན་སྲེག་བྱེད་པ་རྒྱས་པའི་ལས་དང་སྦྱར་དགོས་པའི་ཕྱིར་རོ། །ང་ཡི་མདུན་དུ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་དྲུང་གཡོན་ལེགས་སུ་བཞག་པའི་དོན་ཏོ། །མངོན་དུ་ཕྱོགས་པར་བཞག་ཅེས་བྱ་བ་ནི་འཇིམ་གཟུགས་དེའི་ཞལ་ཡང་ཕྱག་ན་རྡོ་རྗེ་ལ་བསྟན་པའི་ཐ་ཚིག་གོ །ཀི་ལི་ཀི་སོགས་ཞེས་བྱ་བ་ནི་གོང་དུ་བུམ་པའི་ཆོ་ག་ལས་འབྱུང་བའི་ལྷ་བཞི་པོ་རྣམས་སོ། །སྙིང་པོས་མར་དང་འོ་མ་ཞེས་བྱ་བ་ནི་མར་དང་འོ་མ་གཙང་མས་བུམ་པ་བཀང་ལ། ལྷ་དེ་རྣམས་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པའི་དོན་ཏོ། །དེའི་གཟུགས་བརྙན་བཀྲུ་ཞེས་བྱ་བ་ནི་འཇིམ་གཟུགས་དེ་དུས་གསུམ་དུ་བཟླས་པའི་མར་དང་འོ་མས་བཀྲུ་བའི་དོན་ཏོ། །དེ་ལྟར་ཞག་བདུན་བྱས་ནས་ཞེས་བྱ་བ་ནི་ཞག་བདུན་དུ་དུས་གསུམ་དུ་བཀྲུས་བས་གཟུགས་བརྙན་དེ་ཡང་འཇིག་པར་འགྱུར་ཏེ་ཞེས་པའི་རྫས་དང༌། བཀྲུ་བའི་རྫས་བཅས་ཏེ། ཆུ་ཀླུང་ཆེན་པོར་དོར་རོ། །དེའི་གཟུགས་ཞེས་བྱ་བ་ནི་རང་གི་ལྷའི་གཟུགས་སྤྲ་ཚིལ་ལས་བྱས་པའོ། །མདའ་དུག་དང་སྐེ་ཚེས་བྱུགས་ནས་ཞེས་བྱ་བ་ནི་དེའི་ལྡེ་གུས་གཟུགས་བརྙན་བསྐུ་བའི་དོན་ཏོ། །ཀི་ལི་ཀི་ལ་འགྲོ་ལྡིང་ལ་སོགས་པའི། །སྔགས་ཀྱིས་ཞེས་བྱ་བ་ཡང༌། གོང་མའི་ལྷ་བཞི་པོ་དེ་རྣམས་ཉིད་དེ། ལྷ་དེ་རྣམས་དྲག་པོའི་ཚུལ་གྱིས་དྲག་པོའི་ཐབ་ཏུ་སྤྱན་དྲངས་ལ། རང་གི་ལྷ་ལ་དྲག་ཤུལ་མཛོད་ཅིག་ཅེས་གསོལ་བ་གདབ་པའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་རང་གི་ལྷའི་གཟུགས་
― DTG071_Page_0148 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྙན་ནོ། །ཡུངས་མར་ཚ་བ་དང་སྦྱར་ཞེས་བྱ་བ་ནི་དེའི་དུམ་བུར་བཅད་ནས་ཡུངས་མར་ཚྭ་དང་བསྲེ་བའི་ཐ་ཚིག་གོ །ཞག་བདུན་དུས་གསུམ་སྦྱིན་སྲེག་ལས་བྱས་ན། །ཞེས་བྱ་བ་ནི་གཟུགས་ཀྱི་དུམ་བུ་དེ་དང་དྲག་པོའི་རྫས་རྣམས་བསོགས་ལ་དྲག་པོའི་བསྐུལ་ཚིག་བཅུག་སྟེ། སྦྱིན་སྲེག་བྱ་བའི་དོན་ཏོ། །གསང་སྔགས་འོངས་ནས་རྨི་ལམ་དག་ཏུ་ནི། །ཞེས་བྱ་བ་ནི་དྲག་ཤུལ་སྤྱད་པའི་རྗེས་ལ་ངེས་པར་ལྷ་བྱོན་ཏེ་སྟོན་པའི་ཐ་ཚིག་གོ །ཆོ་ག་ཉམས་པའམ་ཡི་གེ་ལྷག་ཆད་སྟོན། ཞེས་བྱ་བ་ནི་གསང་སྔགས་ཀྱི་ལྷ་རྣམས་ཀྱང་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཆོག་མ་ཉམས་ན། དངོས་གྲུབ་མི་སྟེར་མི་སྲིད་པས་སྒྲུབ་པ་པོས་ཆོག་ཉམས་པ་འགའ་ཞིག་ངོས་མ་ཟིན་པར་དྲག་ཤུལ་གྱི་ལས་བྱས་ཏེ་བསྐུལ་བས་གང་ཉེས་པ་དེ་སྟོན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྒྱ་མཚོ་དུས་ལས་མི་འདའ་ལྟར། །ཞེས་བྱ་བ་ནི་ཆོས་ཉིད་དེ་གཞན་དུ་འགྱུར་མི་སྲིད་པར་བསྟན་པའོ། །སྔགས་ཀྱིས་གཞན་གྱི་གསང་སྔགས་མི་གནོན་ཅིང༌། །ཞེས་བྱ་པ་ལ་སོགས་པས་ནི་གསང་སྔགས་མཐུ་ཆེ་བར་བསྟན་པའི་སྐབས་སུ། དེ་ལྟར་ལས་སྣ་ཚོགས་འགྲུབ་ནུས་པར་བརྡ་སྤྲད་ཀྱིས་ཀྱང༌། དེ་དག་གཅིག་ལ་གཅིག་གནོད་པ་མི་མཛད་ཅེས་བྱ་བའི་ཐ་ཚིག་གོ །དཔེ་ནི་གོ་སླ་བས་མ་ཕྱེའོ། །དེ་བཞིན་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྔགས་པས་གང་ཡང་རུང་བའི་སྔགས་བཟླས་ནས། །ཞེས་བྱ་བ་ནི་གསང་སྔགས་གདུག་པ་གང་ཡང་རུང་བའོ། །གཞན་གྱི་གསང་སྔགས་མནན་མི་བྱ། །ཞེས་བྱ་བ་ནི་ཕྲག་དོག་གི་དབང་གིས་སྒྲུབ་པ་པོ་གཞན་དངོས་གྲུབ་ཐོབ་ཏུ་དོགས་ནས། དེའི་ལྷ་ལ་ཕུར་བུས་འདེབས་པ་དག་དགག་པར་བསྟན་ཏོ། །གསང་སྔགས་བཅད་དང་བཅིང་བར་མི་བྱ་ཞིང༌། །ཞེས་བྱ་བ་ཡང་དེའི་དངོས་གྲུབ་བཀག་པའི་དོན་དུ། གཞན་གྱི་ལྷའི་གཟུགས་བརྙན་ནམ་རྩྭ་ཀུ་ཤ་ལས་མཚོན་རྣོན་པོས་གཅོད་པ་དང༌། དེའི་གཟུགས་བརྙན་ཚོན་སྣ་ལྔའི་སྐུད་པས་འཆིང་བ་ལྟ་བུའི་ལས་དྲག་པོ་བྱེད་དུ་མ་གནང་བའི་དོན་ཏོ། །ཡི་གེ་ལྷག་ཆད་གསང་སྔགས་མི་སྦྱིན་ནོ། །ཞེས་བྱ་བ་ནི་སེར་སྣའི་ཐབ་དང་མ་བྲལ་
― DTG071_Page_0149 ―
[མ་དཔེ་གཟིགས་ན་འདིར་གནོན།]
བས་གཞན་མི་འགྲུབ་པར་བྱ་བའི་དོན་དུ། གསང་སྔགས་ཀྱི་ཡི་གེ་འབྲུ་བསྣན་པའམ། ཕྲི་སྟེ་སྦྱིན་པ་དགག་པར་བསྟན་པའོ། །ལས་རྣམས་སྤྱད་པས་གཞན་དུ་བསྒྱུར་མི་བྱ། །ཞེས་བྱ་བ་ནི་ཞེ་བའི་ལས་བྱེད་འདོད་པ་རྣམས་ལ་མི་འགྲུབ་པར་བྱ་བའི་དོན་དུ། དྲག་པོ་ལ་སོགས་པའི་ཚུལ་དུ་མན་ངག་ལོག་པར་མི་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །གནས་རྣམས་གཟིར་བར་རམ་ཡང་མི་བྱའོ། །ཞེས་བྱ་བ་ནི་ཀླུ་ལ་སོགས་པ་གནས་པའི་ས་གཞི་ལ། དེ་དག་གཙེ་བའི་དོན་དུ་གསང་སྔགས་དྲག་པོའི་ཕུར་བུས་གདབ་པ་ལ་སོགས་མི་བྱ་བར་བསྟན་ཏོ། །གཤན་ནི་གོ་སླ་བར་ཟད་དོ། །དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། །ཞེས་བྱ་བ་ནི་སྒྲུབ་པ་པོ་ལ་ལའི་ལུགས་ལས་གཙོ་བོ་བཅུར་འདོད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་སྔགས་པ་དང་ཞེས་བྱ་བ་ནི་སྒྲུབ་པ་པོའི་སྐྱེས་བུའོ། །རང་སྔགས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཁྱད་པར་གྱི་ལྷའོ། །གཡོག་ཅེས་བྱ་བ་ནི་སྒྲུབ་པ་པོའི་གྲོགས་མཆོག་གོ །རྫས་ཞེས་བྱ་བ་ནི་སྡོང་རོས་ལ་སོགས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་སྦྱོར་བ་ལ་སོགས་པའོ། །ཕྱོགས་ཞེས་བྱ་བ་ནི་དབུས་ལ་སོགས་པའི་ཡུལ་ལོ། །ས་གཞི་ཞེས་བྱ་བ་ནི་རིའི་རྩེ་མོ་ལ་སོགས་པའི་གནས་སོ། །དུས་ཞེས་བྱ་བ་ནི་དཔྱིད་ཟླ་ལ་སོགས་པ་དང༌། སྔ་དྲོ་ལ་སོགས་པའོ། །ཡན་ལག་རྫོགས་པའི་ལྷ་ཞེས་པ་ནི་རི་མོ་དང་ཤིང་གཟུགས་ལ་སོགས་པའོ། །སེམས་སྟོབ་ཞེས་བྱ་བ་ནི་འཇིགས་པ་མེད་ཅིང་སྲན་ཆེ་བའོ། །ཚིག་གི་དོན་ལྷག་མ་ནི་གོ་བར་ཟད་དོ། །བཅུ་ཞེས་བྱ་བ་ནི་བཤད་པ་ཐ་མའོ། །བརྒྱད་ཅེས་བྱ་བ་ནི་བཅུ་པོ་དེ་དག་ལས་ཐ་མ་གཉིས་ཕྲི་བའོ། །ལྔ་ཞེས་བྱ་བ་ནི། །གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར། །གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །ཅེས་བྱ་བ་འདེ་ཉིད་ཀྱིས་བསྟན་པར་རིག་པར་བྱའོ། །བཞི་ཞེས་བྱ་བ་ནི། །གཞན་ནི་རྫས་དང་ས་གཞིའི་ལྷ་དང་སྔགས། །ཞེས་བྱ་བ་དེ་ཉིད་ཀྱིས་བསྟན་ཏོ། །གསུམ་ཞེས་བྱ་བ་ནི་ལྔ་པོའི་གྲངས་སུ་སྨོས་པའི་རྐང་པ་འོག་མ། གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །ཅེས་བྱ་བས་བསྟན་ཏོ། །
― DTG071_Page_0150 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཅིག་ཅེས་བྱ་བ་ནི། ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་སྨྲ། །ཞེས་བྱ་བས་བསྟན་ཏོ། །སྔགས་རིག་རང་རང་བློ་ཡིས་རྣམ་པར་འཆད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་བའི་ཚེ་འཇིག་རྟེན་པའི་ལྷ་དེ་དག་གིས་སོ་སོར་བརྟགས་ཞེས་བྱ་བའི་ཐ་ཚིག་གོ ། སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ། །ཅེས་བྱ་བ་ནི་ཤིན་ཏུ་རིགས་པར་གསུངས་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྒྲུབ་པ་གང་ཞིག་རང་གི་ཡོན་ཏན་རྫོགས། །ཞེས་བྱ་བ་ལ་སོགས་པ་དང༌། གུག་སྐྱེད་ཀླད་ཀོར་ཚེག་ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །ཞེས་བྱ་བ་འདི་གཉིས་གཙོ་བོར་གཞག་གོ །ཕྱི་རོལ་པ་རྣམས་ཀྱིས་ནི་ཐམས་ཅད་གཙོ་བོར་བཞག་པས། གཙོ་བོ་དང་ཡན་ལག་ཅེས་བྱེ་བྲག་དབྱེར་མེད་པ་ཉིད་ཀྱིས་ཉེས་པར་བཤད་པ་ཡིན་ནོ། །གནས་ཞེས་བྱེ་བྲག་ཏུ་སྨོས་པ་ནི་ཡན་ལག་གི་ནང་ནས་གཅེས་པར་དགོངས་པའི་ཕྱིར་རོ། །གཞན་ནི་གོ་བར་ཟད་དོ། །གླིང་བུའི་སྒྲ་དང་ཞེས་བྱ་བ་ལ་སོགས་པས་ནི་ཆགས་པ་དང་གནོད་པའི་སྒོ་ནས་གཡེང་བའི་རྒྱུར་འགྱུར་བའི་ཕྱིར་སྤང་བར་དགོངས་པའོ། །མི་མྱུར་ཞེས་བྱ་བ་ནི་བཟླས་བརྗོད་ཟུར་མི་ཕྱིན་པ་དགག་པར་བསྟན་ཏོ། །མི་ངལ་ཞེས་བྱ་བ་ནི་སེམས་གཞན་དུ་གཡེང་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །སྒྲ་ཆེར་མི་འབྱུང་ཞེས་བྱ་བས་ནི་རྒོད་པའི་སྐྱོན་བཟློག་པར་བསྟན་ཏོ། །ཧ་ཅང་ཆུང་བར་མིན་ཞེས་བྱ་བས་ནི་བྱིང་བའི་སྐྱོན་དགག་པར་བསྟན་ཏོ། །སྨྲ་ཞིན་མིན་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཚིག་བདེན་པར་བྱིན་གྱིས་བརླབས་པ་འདོན་པ་ན་ཚིག་གཞན་དང་འདྲེས་ན་དངོས་གྲུབ་ཏུ་མི་འགྱུར་བས་དེ་དགག་པར་བསྟན་དོ། །གཞན་དུ་ཡེངས་བཞིན་མིན་ཞེས་བྱ་བ་ནི་ལྷའི་སྐུ་དང་ཟླ་བའི་དཀྱིལ་འཁོར་ལ་ཡི་གེའི་ཕྲེང་བ་བཀོད་པ་དང༌། ཡི་གེའི་སྒྲ་ལ་མ་གཏོགས་པར་གཞན་དུ་ཡེངས་པར་མི་བྱ་བའི་དོན་ཏོ། །གུག་སྐྱེད་ཀླད་ཀོར་ཚེག་རྣམས་ཉམས་པར་མིན། །ཞེས་བྱ་བ་ནི་དམིགས་པ་དང་འདོན་པ་གཉི་ག་ལའོ། །ཇི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི། །ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་ཏུ་སྨྲ་བའི་སྡོམ་པ་དང༌། སྡོམ་པ་མ་ཡིན་པ་ཡང་དག་པར་བླངས་པ་ལས་
― DTG071_Page_0151 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གནས་པ་དང་འདྲ་བར་འདིར་ཡང་དགེ་བའི་བག་ཆགས་ཀྱི་རྒྱུན་གནས་པ་ཉིད་དུ་བཞེད་དོ། །ལེ་ལོ་ཞེས་བྱ་བ་ནི་དགེ་བ་ལ་སེམས་མངོན་པར་སྤྲོ་བ་མེད་པ་སྟེ། གཉིད་དང་གློས་ཕབ་སྟེ་ཉལ་བ་དང༌། བསོད་སྙོམས་ལ་བརྟེན་ནས་སྙོམ་པའི་དབང་དུ་གྱུར་པའོ། །འདོད་ཆགས་ཞེས་བྱ་བ་ནི་བུད་མེད་ལ་སོགས་པ་ལ་སེམས་མངོན་པར་ཕྱོགས་པའོ། །མི་དགེར་ལྡན་པའི་སེམས་ཞེས་བྱ་བ་ནི་དེ་དག་དང་ཆ་མཐུན་པ་གཞན་རྣམས་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དོ། །བཟློག་ནས་ཞེས་བྱ་བ་ནི་སྐབས་འདིར་གཉེན་པོ་ལ་བརྟེན་པར་བྱ་བ་མ་ཡིན་གྱི་དགག་པར་བསྟན་ཏོ། །གསང་སྔགས་ཡི་གེ་མཆོད་ལ་སྦྱར་བར་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་དང་གསང་སྔགས་དང་ཡིད་དང་ཟང་ཟིང་གི་མཆོད་པ་རྣམས་ནི་སྐབས་འདིར་མི་སྲིད་པས་ནན་ཏན་གྱིས་གུས་པར་བཟླས་བརྗོད་བྱེད་པ་ཉིད་འཕགས་པ་དགྱེས་པའི་མཆོད་པ་ཞེས་གདགས་སོ། །སྣ་རྩེར་བལྟ་ཞིང་ཞེས་བྱ་བ་ནི་མིག་ཟམ་ཟིམ་དུ་བལྟས་ཏེ། སྣའི་རྩེ་མོ་ལ་བལྟ་བར་དམིགས་པ་ཉེ་བར་གཞག་ན། སེམས་གཞན་དུ་མི་གཡེང་ཞེས་བྱ་བའི་ཐ་ཚིག་གོ།། རྣམ་པར་རྟོག་པ་སྤང་ཞེས་བྱ་བ་ནི་གང་ལ་དམིགས་པའི་ཏིང་ངེ་འཛིན་གྱི་ཡུལ་ལས་སེམས་གཞན་དུ་མ་འཕྲོས་པར་གཞག་པའི་དོན་ཏོ། །ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། །ཞེས་བྱ་བ་ནི་རྣལ་འབྱོར་པ་སེམས་མཉམ་པར་གཞག་པ་དེ་གོམས་པའི་ཤུགས་ཀྱིས་སྒྲ་ལ་སོགས་པའི་རྐྱེན་ཅི་བྱུང་ཡང་གང་ལ་དམིགས་པའི་ཏིང་ངེ་འཛིན་ལས་མི་གཡོ་བའོ། །དེ་ཚེ་དམིགས་ལ་གནས་པ་ཐོབ་པ་སྟེ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མིང་དེ་སྐད་ཅེས་གདགས་པ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ །སེམས་ནི་ལས་སུ་རུང་བར་གྱུར་པ་དེས། །ཞེས་བྱ་བ་ནི་དེ་ནས་བསྙེན་པ་ལ་འཇུག་པའི་ལས་བྱར་རུང་བའི་དོན་ཏོ། །རྩེ་གཅིག་སེམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་བསམ་གཏན་ཐོབ་པའི་ཕན་ཡོན་བསྟན་ཏོ། །དེ་ཚེ་བཟླས་བརྗོད་ཐོགས་པ་མེད་པར་འགྱུར། །ཞེས་བྱ་བ་ནི་སེམས་ལས་སུ་རུང་བའི་
― DTG071_Page_0152 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཟླས་བརྗོད་རྣམས་བསྙེན་པའི་གྲངས་སུ་ཆུད་དེ། དངོས་གྲུབ་ཀྱི་དོན་ལ་ཆུད་མི་ཟ་ཞེས་བའི་ཐ་ཚིག་གོ །གཞན་ནི་གོ་བར་ཟད་དོ། །བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས། །ཞེས་བྱ་བ་ནི་ལུང་ཤིན་ཏུ་དག་པ་ལས་ཁུངས་ཕྱུང་བའོ། །ཆོས་འདི་ཀུན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐམས་ཅད་དོ། །རྩ་བ་སེམས་ཞེས་གསུངས་ཞེས་བྱ་བ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་སྟེ། དེའི་རང་བཞིན་ངོ་བོ་ཉིད་གསུམ་པོ་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པ་སྟེ། དེར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་འདུས་པའི་ཕྱིར་རོ། །དེར་ཆོས་ལྷ་མིའི་བདེ་བ་ཞེས་བྱ་བ་ནི་དེ་དག་གིས་ལོངས་སྤྱད་པའོ། །མཐོ་རིས་ཞེས་བྱ་བ་ནི་འགྲོ་བའི་རིས་ཀྱིས་མཐོ་བའོ། །བྱང་གྲོལ་ཞེས་བྱ་བ་ནི་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པའོ། །སེམས་རབ་ཏུ་དང་བ་ཞེས་བྱ་བ་ནི་སྒྲིབ་པ་རྣམ་པ་གཉིས་སྤངས་པས་གནས་གྱུར་ཞེས་བྱ་བའི་ཐ་ཚིག་གོ །ས་ཆུ་མེ་རླུང་དང་བྲལ་ཞེས་བྱ་བ་ནི་ཆོས་སྐུའི་ངོ་བོ་ཉིད་ཐོབ་པའི་ཕྱིར་རོ། །སྐྱེ་བ་དང་རྒས་པ་དང་འཆི་བ་དང་བྲལ་ཞེས་བྱ་བ་ནི་དེ་ལ་དབང་ཐོབ་པའི་དོན་ཏོ། །སོགས་པ་ཞེས་བྱ་བ་ནི་ན་བ་དང་ཡང་བྲལ་བར་བསྟན་ཏོ། །ཐོག་མ་དང་བར་དང་ཐ་མར་གནོད་པ་ཀུན་དང་བྲལ་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་གནས་པ་དེ་དུས་གསུམ་ལས་འདས་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་འཆིང་བའི་རྒྱུ་བཅད་པའི་དོན་ཏོ། །བདེ་ཞིང་ཞི་པར་ཐོབ་བར་འགྱུར། །ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་སྟེ། ཇི་སྐད་དུ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་བཤད་པའི་ཕྱིར་རོ། །གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། །ཞེས་བྱ་བ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀས་སྒྲུབ་ཏུ་རུང་བའི་དོན་ཏོ། །བདེ་བ་ཆུང་ཞིང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་ལྟོས་ན་མི་བདེ་བར་འགྱུར་ཏེ། རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། མྱ་ངས་འདས་པ་བདེ་བའི་མཆོག །ཅེས་
― DTG071_Page_0153 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུངས་པའི་ཕྱིར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་འགྱུར་བ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང་མ་བྲལ་བའི་དོན་ཏོ། །བརྒྱ་ཞེས་བྱ་བ་ནི་མང་པོར་མཚོན་པའི་ཐ་ཚིག་གོ །འབྲེལ་པ་ཞེས་བྱ་བ་ནི་ལྟ་འོག་ནས་འབྱུང་བའི་སྐྱོན་དེ་དག་དངོས་གྲུབ་ཐོབ་པའི་རིག་སྔགས་འཆང་དང་མ་བྲལ་བའི་དོན་ཏོ། །ཉོན་མོངས་དུག་བཅས་ཞེས་བྱ་བ་ནི་དེ་ཉིད་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཐབ་མ་སྤངས་པའི་ཕྱིར་རོ། །རྣམ་པར་འཇིག་འགྱུར་བ་ཞེས་བྱ་བ་ནི་ཐེར་ཟུག་མ་ཡིན་པར་བསྟན་ཏེ། དོན་དེ་ཉིད་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་ཀྱང༌། །བདེ་བ་དང་ནི་སྡུག་བསྔལ་མཐའ། །འདོད་དང་ཁྲོ་དང་འཇིགས་པ་དང༌། །ནད་དང་འཆི་དང་གདོན་དག་གི །རྒྱུ་ནི་སྔགས་པ་རྣམས་ལ་ཡོད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །འདིར་དངོས་གྲུབ་ཀྱི་འབྲས་བུ་སྨད་པ་ཡང༌། །དེ་ཉིད་ལ་ཞེན་པའི་བློ་སྤངས་པས་ཐར་པ་ལ་སེམས་གཞོལ་བར་འགྱུར་བའི་ཕྱིར་རོ། །དང་བའི་སེམས་ཀྱིས་ཐོབ་པར་འགྱུར་བ་ཡིན། །ཞེས་བྱ་བ་ནི་ཐར་པ་འདོད་པ་འབའ་ཞིག་གིས་བསམ་གཏན་ལ་བརྟེན་པར་བྱ་བར་མ་ཟད་ཀྱི། དངོས་གྲུབ་འདོད་པས་ཀྱང་དེ་མི་བསྒོམ་དུ་མི་རུང་བར་བསྟན་ཏོ། །ཡང་རྒྱུད་དེ་ཉིད་ལས་ཇི་སྐད་དུ། །གསང་སྔགས་བསམ་གཏན་ཞེས་བྱ་བ། །མཆོག་ཏུ་གསང་བ་ཡང་དག་གསུངས། །དྲང་སྲོང་དཀའ་ཐུབ་ཆེན་པོ་ཡང༌། །དེ་དག་མེད་ན་མི་འགྲུབ་པོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འདོད་རྒྱལ་ཞེས་བྱ་བ་ནི་གནམ་བབས་སུ་སྨྲ་བའོ། །དེ་ལས་ཀྱང་མ་བྱུང་ཞེས་བྱ་བ་ནི་སྐྱེས་བུའི་བྱེད་པ་འབྲས་བུ་དང་བཅས་པར་མཐོང་བའི་ཕྱིར་རོ། །དུས་ཞེས་བྱ་བ་ནི་ཇི་སྐད་དུ། དུས་ནི་འབྱུང་བ་རྣམ་སྨིན་བྱེད། །དུས་ནི་སྐྱེ་དགུ་རྣམས་འཇིག་བྱེད། །དུས་ནི་གཉིད་ལོག་རྣམ་སད་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་སྨྲ་བའོ། །དེ་ལས་མིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པར་མི་དམིགས་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །རང་བཞིན་ཞེས་བྱ་བ་ནི་གྲངས་ཅན་རྣམས་ཀྱིས་བརྟགས་ཏེ། ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པའི་སྙིང་
― DTG071_Page_0154 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟོབས་དང་རྔུལ་དང༌། མུན་པའི་ངོ་བོ་ཉིད་གཅིག་པུ་རྟག་པ་ཁྱབ་པ་ཞིག་དམིགས་པའོ། །དེ་ཡང་མ་ཡིན་ཞེས་བྱ་བར་སྦྱར་ཏེ། དེ་ནམ་མཁའ་ལྟར་རྟག་པ་ཁྱབ་པ་ཞིག་ན་ནི་འགྱུར་དུ་མི་བཏུབ་པས་ཆོས་གང་ལ་ཡང་རྒྱུའི་བྱ་བ་བྱེད་མི་སྲིད་དོ། །འགྱུར་བ་ཞིག་ན་ནི་བདག་ཉིད་ཐམས་ཅད་ཀྱིས་སམ་ཕྱོགས་གཅིག་གིས་རྒྱུ་བྱེད་ཅེ་ན་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་ན་ནི་རང་བཞིན་ཆད་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་ནི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །དབང་ཕྱུག་ཅེས་བྱ་བ་ནི། ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱེད་ཀུན་རིག་ཐམས་ཅད་བྱེད། །རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུམ། །ཉི་མ་ཟླ་བ་ས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའི་ལུས་ཅན་ཏེ། །ཞི་བའི་བདེ་དགའ་འགྲུབ་པར་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ། །ཞེས་སྨྲ་བའོ། །མ་ཡིན་ཞེས་བྱ་བ་ནི་དབང་ཕྱུག་ཀྱང་ཕྲ་བ་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར། ས་ལ་སོགས་པ་ལྟ་བུ་ཁོ་ནའོ། །གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་ཉིད་ཀྱང་རུང་བ་མ་ཡིན་ལ། དུ་མའི་བདག་ཉིད་ཀྱང་མ་ཡིན་པས་འདི་ས་ལ་སོགས་པའི་ལུས་ཅན་ཉིད་དུ་ཡང་མི་སྲིད་དོ། །རབ་ཏུ་སྲབ་མོར་བྱེད་པ་ཡང་མ་ཡིན་ཏེ། སྐྱེ་བའི་ལུས་ཅན་ཡིན་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ། །ཀུན་རིག་པ་ཡང་མ་ཡིན་ཏེ་རབ་ཏུ་སྲབ་མོར་བྱེད་པའི་ཕྱིར། གྲོལ་བའི་བདག་བཞིན་ནོ། །ཐམས་ཅད་བྱེད་པ་ཡང་མ་ཡིན་ཏེ། ཕྲ་བའི་ཕྱིར་རྡུལ་ཕྲ་རབ་བཞིན་ནོ། །རྟག་པ་ཡང་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་རྒྱུ་ཡང་མ་ཡིན་ཏེ། ཅིག་ཅར་མི་བསྐྱེད་པའི་ཕྱིར་རྫ་མཁན་བཞིན་ནོ། །གཟུགས་ལ་སོགས་པ་བསྐྱེད་པ་ཡང་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དབང་ཕྱུག་བཞིན་ནོ། །ཐམས་ཅད་བྱེད་པ་ཡང་མ་ཡིན་ཏེ། བདག་མེད་པའི་ཕྱིར་བུམ་པ་བཞིན་ནོ། །བདག་ཡོད་ན་ནི་སྐྱེས་བུ་བཅིངས་པ་བཞིན་དུ་དབང་ཕྱུག་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱུ་མེད་པ་ཅན་ཞེས་བྱ་བ་ནི། ཇི་སྐད་པདྨའི་སྡོང་བུ་
― DTG071_Page_0155 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལོ་མ་སྙིང་པོ་དང༌། །ཁ་དོག་དབྱིབས་དང་འཇམ་ལ་སོགས་པའི་རྒྱུ་ནི་གང༌། །བྱ་ཡི་འདབ་གཤོག་སྣ་ཚོགས་རི་མོར་འབྲི་བ་སུ། །འགྲོ་བ་འདི་དག་ངོ་བོ་ཉིད་ཀྱིས་དེ་བཞིན་ངེས། །ཞེས་སྨྲ་བ་སྟེ། དེའི་ཕྱོགས་གཅིག་པ་ནི་འཇིག་རྟེན་ཉིད་ཀྱིས་གསལ་བར་ཟད་པས་ཅུང་ཟད་ཀྱང་མི་བརྗོད་དོ། །སྐྱེས་བུ་ཞེས་བྱ་བ་དང༌། བདག་ཅེས་བྱ་བ་དང༌། ཤེད་བུ་ཞེས་བྱ་བ་ལ་སོགས་པས་ནི་བདག་ཏུ་ལྟ་བ་རྣམས་ཀྱིས་མིང་ཐ་དད་པར་བརྟགས་པ་སྟེ། མ་བྱས་ཞེས་བྱ་བའི་གཏན་ཚིགས་ནི་བཤད་མ་ཐག་པ་རྣམས་སོ། །ལས་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བ་དང་མི་གཡོ་བའོ། །ཉོན་མོངས་པ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པའོ། །སེམས་ཅན་བྱུང་ཞེས་བྱ་བ་ནི་འཁོར་བ་ལུགས་བཞིན་དུ་བྱུང་བའི་རྒྱུ་ངེས་པ་དེ་གཉིས་ཡིན་པར་བསྟན་ཏོ། །གཟུགས་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པས་བསྐྱེད་པའི་རེག་པ་དང་ཡུལ་བརྟགས་པས་གཟུགས་སུ་རུང་པའོ། །འབྱུང་བ་ཆེན་པོ་བཞི་དང་ལྡན་ཞེས་བྱ་བ་ནི་གཟུགས་དེ་ཡང་ས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་ལས་གཞན་མ་ཡིན་པའི་དོན་ཏོ། །དེ་ནི་བདག་མིན་ཞེས་བྱ་བ་ནི་གཟུགས་དེ་ལ་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །བདག་ཀྱང་གཟུགས་མ་ཡིན་ཞེས་བྱ་བ་ནི་བདག་ཅེས་བྱ་བ་ཀུན་བརྟགས་པ་དེ་གཟུགས་ཀྱི་ངོ་བོ་ཉིད་དམ། གཟུགས་དང་ལྡན་པར་ཡང་ཡོད་པ་མ་ཡིན་པའི་དོན་ཏོ། །གཟུགས་ལ་བདག་མེད་ཅེས་བྱ་བ་ནི་འབྱུང་བའི་ངོ་བོས་སོ་སོར་བཤིག་གམ། འདུས་པ་ལ་ཡང་བདག་མེད་ཅེས་བྱ་བའི་ཐ་ཚིག་གོ །བདག་ལ་གཟུགས་མེད་ཅེས་བྱ་བ་ནི་བརྟགས་པའི་ངོ་བོ་དེ་ལ་གཟུགས་ཀྱི་རྫས་མེད་པའི་དོན་ཏོ། །གཟུགས་ནི་སྟོང་པའོ་ཞེས་བྱ་བ་ནི་དེ་ལྟར་གཟུགས་ཀྱི་གྲུབ་པའི་མཐའ་ནི་རྡུལ་ཕྲ་རབ་དག་ཡིན་ལ། དེ་ཉིད་ཀྱང་ཕྱོགས་ཆས་སོ་སོར་བཤིག་ན། ཐ་མ་མེད་པར་གྲུབ་པས་དོན་དམ་པར་གཟུགས་ཀྱང་གཟུགས་ཀྱི་རང་བཞིན་གྱིས་སྟོང་ཞེས་བྱ་བའི་ཐ་ཚིག་གོ །ཕུང་པོ་བཞི་ཡང་རིག་པར་གྱིས། །ཞེས་བྱ་བ་ནི་གཟུགས་ལ་ཇི་ལྟར་རྣམ་པ་བཞིར་ཕྱེ་སྟེ་བརྟགས་ན། བདག་
― DTG071_Page_0156 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོད་པར་མ་གྱུར་ཅིང་སྟོང་པ་ལྟར་ཕུང་པོ་ལྷག་མ་རྣམས་ལ་ཡང་གོ་བར་བྱ་བའི་དོན་ཏོ། །གཟུགས་ནི་དབུ་བ་དག་དང་འདྲ་བ་སྟེ། །ཞེས་བྱ་བ་ལ་སོགས་པས་ནི་དཔེ་བརྗོད་པ་སྟེ་ཇི་སྐད་དུ། །གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུའོ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་མཐོང་ལ་ལྟ་བ་བཟང་པོ་ཡིན། །ཞེས་བྱ་བ་ནི་འདི་ལས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་བཤད་ལ་ཀུན་རྫོབ་ཏུ་ནི་སྒྱུ་མ་ལྟ་བུར་རང་སྣང་བར་རྟོགས་པས་དབུ་མའི་ལམ་མ་ནོར་བར་བསྟན་པའི་ཕྱིར་རོ། །གང་ཞིག་གཞན་གྱུར་དེ་ནི་ལྟ་ངན་གསུངས། །ཞེས་བྱ་བ་ནི་ཕྱི་རོལ་པ་ལ་སོགས་པས་བདེན་པ་གཉིས་ཀྱི་དོན་མ་རྟོགས་པ་དང༌། ལོག་པར་རྟོགས་པའི་ཕྱིར་རོ། །སེམས་དང་བ་དང་མ་དང་བའི་སྐབས་ནས་འཕྲོས་ཏེ་ཞར་ལས་འོངས་པ་བཤད་ནས་དཀྱུས་ཆ་ལ་འཇུག་པ་ནི། དང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་དང་འདིར་འབྲེལ་ཏེ། དེ་ལྟར་ཟློས་པའི་གསང་སྔགས་ཉེ་གྱུར་ན། །མཚན་མོ་ཉལ་བའི་རྨི་ལམ་འདི་རྣམས་མཐོང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སྒྲུབ་པའི་དུས་ལ་བབ་པར་ཤེས་པར་བྱ་སྟེ། ཚིག་གི་དོན་གཞན་ནི་གོ་སླ་བས་མ་ཕྱེའོ། །ཐོ་རངས་ཁར་ཞེས་བྱ་བ་ནི་ལྟ་འོག་ཐམས་ཅད་ལ་སྦྱར་རོ། །དེ་ཡང་སྲོད་ལ་ནི་བད་ཀན་གྱི་དུས་ལ་བབ་པས་ལྕི། འཇིང་དང་ནམ་གུང་ལ་ནི་མཁྲིས་པའི་དུས་ལ་བབ་པས་རྨུགས་ཏེ་མི་གསལ་བས་ལྟས་རྣམས་རྟོགས་པར་མི་འགྱུར་གྱི། ཐོ་རངས་ནི་རླུང་གི་དུས་ལ་བབ་པས་གསལ་ཏེ་རྟོགས་པའི་དོན་ཏོ། །དོན་དེ་ཉིད་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས་ཀྱང་ཇི་སྐད་དུ། ནམ་གྱི་བཞི་ཆ་ལུས་པའི་ཚེ། །གལ་ཏེ་རྨི་ལམ་བཟང་རྨིས་ན། །ཞེས་གསུངས་པའི་ཕྱིར་རོ། །ལེ་འུ་ལྔ་པའི་དོན་བཤད་ཟིན་ཏོ།། །།དངོས་གྲུབ་དང་ཉེ་བ་ཞེས་བྱ་བ་ནི་གསང་སྔགས་མངོན་དུ་ཕྱོགས་པ་ལ་བསྙེན་པ་ཁྱད་པར་ཅན་གྱིས་ལྷ་མཉེས་ནས་སྔ་མ་བས་ཀྱང་དངོས་གྲུབ་ཐོབ་པ་དང་ཉེ་བའི་དོན་ཏོ། །ཟློས་ལ་
― DTG071_Page_0157 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགའ་ཞེས་བྱ་བ་ལ་སོགས་པས་ནི་ལྷ་ཉེ་བར་གྱུར་ནས་ལུས་དང་ངག་དང་ཡིད་ཀྱི་ཡོན་ཏན་རྣམས་འབྱུང་བར་བསྟན་ཏེ། ཚིག་གི་དོན་གཞན་ནི་གོ་བར་ཟད་དོ། །བུད་མེད་ཅེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་བྱད་གཟུགས་ཁྱད་པར་ཅན་རྣམས་སོ། །འདོད་ལྷ་ཞེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་བྱད་གཟུགས་ཁྱད་པར་ཅན་རྣམས་སོ། །མདངས་འཕྲོག་ཅེས་བྱ་བ་ནི་དེ་དག་གཅིག་ལ་གཅིག་མཐོང་བ་ཙམ་གྱིས་རང་དབང་མེད་པར་འདོད་ཆགས་སྐྱེ་བ་སྟེ། ལྷའི་བུ་མོ་དེ་དག་གཞན་གྱིས་མི་མཐོང་བར་བྱ་བའི་ཕྱིར་གསང་སྔགས་དང་སྨན་གྱིས་བསྒྲུབས་ཏེ། ལུས་སྦས་པ་རྣམས་སོ། །འདོད་ལ་ལོངས་སྤྱད་ཕྱིར་ནི་འབོད་པར་འགྱུར། །ཞེས་བྱ་བ་ནི་སྒྲུབ་པ་པོ་སྒོ་གསུམ་དག་པས། །ལྷའི་བུ་མོ་ལུས་སྦས་པ་དེ་དག་ཀྱང་མངོན་སུམ་དུ་མཐོང་ཞིང་དེ་དག་གིས་ཀྱང་ཉེ་བར་སྤྱོད་པ་རྣམས་ཀྱིས་མཆོད་ཅེས་བྱ་བའི་ཐ་ཚིག་གོ །ལུས་ནི་དྲི་མེད་དག་པར་རིག་པ་དང༌། །ཞེས་བྱ་བ་ནི་མཚན་མ་དེ་དག་བྱུང་ན། དངོས་གྲུབ་དང་འགལ་བའི་སྐྱོན་མེད་པར་ཁོང་དུ་ཆུད་པར་བྱ་བའི་དོན་ཏོ། །གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། །ཞེས་བྱ་བ་ནི་དེ་ནས་ཉེས་པ་ཐམས་ཅད་བཤགས་ལ་རང་གི་ལྷའི་གཟུགས་ཀྱི་སྤྱན་སྔར་བྱང་ཆུབ་ཀྱི་སྡོམ་པ་ནོད་ཅེས་བྱ་བའི་ཐ་ཚིག་གོ །ཉིན་ཞག་གཅིག་གམ་གཉིས་སམ་གསུམ་དུ་ནི། །ཁ་ཟས་སྤངས་ཤིང་སྨྱུང་བར་གནས་པ་ཡིས། །ཞེས་བྱ་བ་ནི་དངོས་གྲུབ་རབ་ལ་སོགས་པ་གསུམ་གྱི་དོན་དུ་ཞག་གྲངས་མང་ཉུང་དུ་སྨྱུང་བ་བྱ་བར་བསྟན་ཏོ། །གཞན་དག་ན་རེ་སྒྲུབ་པ་པོ་ཉིད་ཀྱི་ཉམས་ཆེ་ཆུང་ལས་བྱུང་བ་ན་རྣམ་པ་གསུམ་དུ་གསུངས་སོ་ཞེའོ། །རང་གི་འབྱོར་པ་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་ཏེ་མངོན་པར་མཐོ་བའི་དཔལ་ཐོབ་པར་འགྱུར་རོ། །གཞན་ནི་གོ་བར་ཟད་དོ། །དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང༌། །ཞེས་བྱ་བ་ནི་བཤད་མ་ཐག་པའི་མི་གཙང་བ་རྣམས་སོ། །ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན། །ཞེས་བྱ་བ་ནི་དེ་ཉིད་ཀྱང་ཁམས་ལྔའི་རང་བཞིན་ཡིན་པར་བསྟན་ཏོ། །ཇི་བཞིན་ལས་ཀྱི་རྗེས་འབྲངས་མི་ཡི་ལུས།།
― DTG071_Page_0158 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་བྱ་བ་ནི་སྔོན་གྱི་ལས་བཟང་ངན་གྱི་དབང་གིས་གྲུབ་པའོ། །ཐམས་ཅད་ལྡན་ཞེས་བྱ་བ་ནི་ནང་གྲོལ་ལ་སོགས་པ་དང་འབྲེལ་པར་བསྟན་ཏོ། །མི་ཡི་གཟུགས་ལ་གནས་པ་ཡིས། །བཤང་གཅི་སྣབས་དང་མཆིལ་མ་བད་ཀན་དང༌། །ཞེས་བྱ་བ་ནི་བུ་ག་དགུ་ནས་འཛག་པ་རྣམས་སོ། །འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས། །ཞེས་བྱ་བ་ནི་ནང་གྲོལ་དང༌། མི་གཙང་བ་དང་ལྡན་པའི་ལུས་དེ་ཐམས་ཅད་སྤང་དུ་མི་རུང་གིས་ཀྱང་བཙོག་པ་དེ་དག་ཆུང་ཞིང་ཉུང་བར་བྱ་བའི་དོན་ཏོ། །དྲི་མ་ཟད་ནས་ཞེས་བྱ་བ་ནི་ཆུང་ཞིང་ཉུང་བའོ། །མི་ཡི་ལུས་དག་བསྒྲུབས་ན་བདེ་པར་འཇུག །ཅེས་བྱ་བ་ནི་ལུས་དག་སྟེ་དྲི་མ་མེད་ན་དངོས་གྲུབ་ཀྱི་སྣོད་དུ་རུང་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང༌། །ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་གཉེན་པོ་བཤད་པའི་སྐབས་ནས། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང༌། །པགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག །ཅེས་གསུངས་པ་དེར་མི་གཙང་བ་གང་དང་གང་ཡིན་པ་ཕྱེ་སྟེ། མ་བཤད་པ་ཡང་འདིས་ཞར་ལ་བསྟན་ཏོ། །ཡེ་ཤེས་ཀྱི་མིག་ཅེས་བྱ་བ་ནི་བློ་མ་འཁྲུལ་བའི་ཤེས་རབ་ཀྱིས་བརྟགས་པའོ། །འདོད་ཆགས་རྩད་ནས་ཡོང་ཡེ་ཞི་གྱུར་ཏེ། །ཞེས་བྱ་བ་ནི་མི་སྡུག་པའི་ཏིང་ངེ་འཛིན་གྱིས་སུན་ཕྱུང་བའི་ཕྱིར་རོ། །དཔེར་ན་ཉི་མས་མུན་ནག་གཏན་ནས་བསལ་བ་བཞིན། །ཞེས་བྱ་བ་ནི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱི་མཐུས་ཉོན་མོངས་པ་ཟིལ་གྱིས་མནན་ནས་སྤངས་པའི་དོན་ཏོ། །ཕན་ཡོན་དེ་ཡིས་ཞེས་བྱ་བ་ནི་རྣམ་པར་ཐར་པའི་ཏིང་ངེ་འཛིན་ལ་བརྟེན་པས་ཞེས་བྱ་བའི་ཐ་ཚིག་གོ །གསང་སྔགས་དེས་བསྙེན་ནས་ཞེས་བྱ་བ་ནི་སྔར་ཉོན་མོངས་པ་གང་དང་གང་བྱུང་བའི་གཉེན་པོ་བསྒོམས་ནས། དེའི་འོག་ཏུ་བསྙེན་པ་ལ་འཇུག་པར་བསྟན་ཏོ། །རང་གི་ལུས་ལ་ཉེ་བར་རིག་པ་དང༌། །ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་ལུས་དང་ངག་དང་ཡིད་ཀྱི་ཡོན་ཏན་གྱིས་བདག་ཉིད་ལ་ཡིད་ཆེས་པ་དང༌། དེ་བཞིན་དུ་ཕྱིར་རོལ་གྱི་ཡོན་ཏན་ཡང༌། གང་ཚེ་མཁའ་ལས་ལྷ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་ཡི་བུ་
― DTG071_Page_0159 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོའི་ལུས་དང་སྒྲ། །མིས་ནི་དག་པའི་ཡིད་ཀྱིས་མཐོང་ཐོས་ན། དེ་ཚེ་ཤིན་ཏུ་ཉེ་བར་འགྱུར་བ་ཡིན། །ཞེས་བྱ་བ་དག་བྱུང་ཞེས་བྱ་བའི་ཐ་ཚིག་གོ །ཡར་གྱི་ཚེས་བརྒྱད་དམ་ནི་བཅུ་བཞིའམ། །ཡང་ན་བཅོ་ལྔ་ལ་ནི་ཞེས་བྱ་བ་ནི་ཚེས་གྲངས་དེ་དག་ལ་སྒྲུབ་པར་བསྟན་ཏོ། །བཟླས་བརྗོད་བྱ་ཞེས་བྱ་བ་ནི་སྒྲུབ་པའི་ནུབ་མོ་མཚན་རངས་པར་བཟླས་པ་ལ་དགོངས་པའི་དོན་ཏོ། །ས་བསྟར་བ་ཞེས་བྱ་བ་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་སའོ། །སོགས་པ་ཞེས་བྱ་བ་ནི་དེར་སྤོས་གཙང་མ་སྣ་ཚོགས་ཀྱིས་བསྲེས་པའི་དོན་ཏོ། །བྱུག་ཅེས་བྱ་བ་ནི་ནུབ་མོ་བསྒྲུབ་ན་དེའི་ནང་པར་ནས་བསྐུ་བར་བསྟན་ཏོ། །རྡོ་རྗེ་འཛིན་པ་ང་ལ་མཆོད། །ཅེས་བྱ་བས་ནི་དེའི་ཤུགས་ཀྱིས་པདྨ་འཛིན་པ་ལ་ཡང་གོ་བར་བྱའོ། །གཞན་ནི་བརྡ་ཕྲད་པར་ཟད་དོ། །ཚོན་རྩི་རྣམས་ཀྱིས་བྲི་བར་བྱ། །ཞེས་བྱ་བ་ནི་སོ་སོའི་ཆོ་ག་ཞི་བ་མོ་དག་ལས་སྣ་ལྔའམ་སྣ་གསུམ་མམ་སྣ་གཅིག་གིས་བྲི་བར་གསུངས་པའོ། །རྡོ་རྗེ་ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་ཇི་སྐད་དུ། རྡོ་རྗེའི་ར་བས་བསྔགས་པ་ཡི། །ལྕགས་ཀྱི་ཕྱེ་མས་ར་བ་བྱ། །ཞེས་གསུངས་སོ། །མེ་དང་ཆུ་དང་རླུང་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས། རྩྭ་དང་མེ་དང་ཆུ་དང་ཐལ་བལ་ལན་བདུན་བསྔགས་པས་ར་བར་འགྱུར་རོ་ཞེས་གསུངས་པའོ། །མདུང་ཐུང་ཞེས་བྱ་བ་ནི་མདུང་ཐུང་གི་རྩེ་མོ་ཕྱི་རོལ་དུ་བསྟན་པ་ཤ་སྟག་བྲི་བའི་དོན་ཏོ། །རིམ་བཞིན་དཀྱིལ་འཁོར་འདིར་ནི་བྲི་བར་བྱ། །ཞེས་བྱ་བ་ནི་དང་པོར་ལྕགས་ཕྱེ་ལས་རྡོ་རྗེའི་ར་བ་བྲི་བ་ནི་ཕྱི་རིམ་དུ་བྲི་ལ། མདུང་ཐུང་ནི་ནང་དུ་བྲི་བའི་དོན་ཏོ། །སྡང་བའི་བདག་ཉིད་སེམས་ནི་མྱོས་པར་འགྱུར། །ཞེས་བྱ་བ་ནི་དཀྱིལ་འཁོར་དེ་བྲིས་པའི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་དང་མེ་ལ་སོགས་པ་དངོས་ཀྱི་ར་བར་མཐོང་བས་རྒོལ་མི་ནུས་པའི་དོན་ཏོ། །བསྟན་ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། དཱུར་བ་སྔོན་པོའི་རྩ་སྟན་ནི། །འཕང་དུ་སོར་བཞི་བྱ་བ་སྟེ། །མཉམ་ཞིང་ཞེང་དུ་མཐོ་གང་བ། །སྲིད་དུ་སོར་ནི་བཅུ་དྲུག་གོ །ཞེས་གསུངས་པ་ཉིད་བལྟ་བར་བྱའོ། །བདག་ཉིད་བསྲུང་
― DTG071_Page_0160 ―
[མ་དཔེ་གཟིགས་ན་འདིར་གནོན།]
བར་བྱ་སྟེ་ཞེས་བྱ་བ་ནི་ས་འཛིན་ཙམ་ཞིག་སྨོས་ཀྱི། དངོས་སུ་ནི་རྒྱུད་དེ་ཉིད་ལས་ཇི་སྐད་དུ། བསྐྲད་པ་དང་ནི་འོག་འཆིང་དང༌། །སྟེང་ཡང་བཅིང་ཞིང་འཁོར་ཡུག་ཏུ། །མཚམས་གཅད་ཕྱོགས་ཀྱང་བཅིང་བར་བྱ། །རྡོ་རྗེའི་ར་བ་དྲ་བར་བྱ། །རྫས་དང་བདག་དང་ལྷ་རྣམས་བསྲུང༌།། ཞེས་གསུངས་པ་དང་སྦྱར་རོ། །རྫས་བླངས་མྱུར་དུ་བཟླས་བརྗོད་བྱས་ནས་ནི། །ཞེས་བྱ་བ་ནི་དེ་ནས་སྒྲུབ་པའི་རྫས་ལས་ལག་ཏུ་བླངས་ནས་བརྒྱ་རྩ་བརྒྱད་ཙམ་ཞིག་བཟླས་བརྗོད་བྱ་བའི་དོན་ཏོ། །བདུག་པའི་སྦྱིན་སྲེག་སྟོང་བྱ་ཞེས་བྱ་བ་དེའི་འོག་ཏུ་རྫས་ལ་མར་གྱིས་བདུག་པའི་སྦྱིན་སྲེག་སྟོང་བྱ་བར་བསྟན་ཏོ། །དེ་ནས་དེ་ནི་དྲི་ཆུས་བཀྲུས་ནས་སུ། །ཞེས་བྱ་བ་ནི་སྒྲུབ་པའི་རྫས་དེ་སྦྱིན་སྲེག་གི་དུས་སུ་དྲི་མ་དང་སྣུམ་གྱིས་འབགས་པའི་ཕྱིར་རོ། །བགེགས་མང་རྣམས་ཀྱང་རབ་ཏུ་བསལ་བྱས་ནས། །ཞེས་བྱ་བ་ཡང་རྒྱུད་དེ་ལས། གསང་སྔགས་དག་གི་ཕྱི་ནང་དུ། །བགེགས་རྣམས་ཐམས་ཅད་བཟློག་པར་བྱ། །ཞེས་གསུངས་སོ། །གཞན་ནི་གོ་བར་ཟད་དོ། །དབྱིབ་ཅེས་བྱ་བ་ནི་རིན་པོ་ཆེ་སྣ་ལྔའོ། །སྟོད་དང་བཅས་པར་ཞེས་བྱ་བ་ནི་ཚིག་ཏུ་ལྷ་དེའི་ཡོན་ཏན་བརྗོད་པའོ། །རྩེ་གཅིག་སེམས་ཀྱིས་ཞེས་བྱ་བ་ནི་རང་གི་ལྷ་ཁོ་ན་ལ་དམིགས་པ་ལས་སེམས་གཞན་དུ་མ་ཡེངས་པའོ། །དད་པ་ཞེས་བྱ་བ་ནི་དང་པོ་ནས་ལྷ་དེ་ལ་དད་པའོ། །འབད་པ་ཞེས་བྱ་བ་ནི་སྒྲུབ་པ་པོ་དངོས་གྲུབ་འདོད་པས་སྔར་དཀའ་བ་སྣ་ཚོགས་སྤྱད་པའོ། །རྗེས་སུ་མཐུན་པའི་མཆོག་བསླང་ངོ༌། །ཞེས་བྱ་བ་ནི་དང་པོ་ནས་དངོས་གྲུབ་གང་ལ་དམིགས་པ་དེ་ཉིད་གསོལ་བའི་དོན་ཏོ། །གཞན་ནི་གོ་བར་ཟད་དོ། །སེམས་སྟོབས་མཆོག་དང་ལྡན་པ་ཞེས་བྱ་བ་ནི་གཅིག་ཏུ་དཔའ་བའོ། །འཇིགས་དང་བཅས་པའི་ལས་ཞེས་བྱ་བ་ནི་ཉེན་ཆེན་པོ་ཡོད་པའི་དོན་ཏོ། །ཤ་ཟ་ཞེས་བྱ་བ་ནི་དུར་ཁྲོད་ལ་དབང་བསྒྱུར་བའི་གདོན་རྣམས་སོ། །ཕུང་བར་བྱེད་ཅེས་བྱ་བ་ནི་གསོད་པའི་དོན་ཏོ། །གཞན་ནི་གོ་སླ་བསམ་ཕྱེའོ། །རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས། །ཉིན་པར་ཐོག་ཐག་ཏུ་ནི་བསྲུང་བར་བྱ། །ཞེས་བྱ་བ་ནི་སྒྲུབ་པ་པོའི་གྲོགས་པོ་མཆོག་གིས་བྱས་པའི་དོན་ཏོ། །གཞན་ནི་གོ་བར་ཟད་དོ། །
― DTG071_Page_0161 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་འབྱུང༌། །ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་འབྱུང་སྟེ། དེ་ལ་སྒྲུབ་པ་པོ་ནི་བཟླས་བརྗོད་བྱེད་པ་ལས་མི་བསྐྱོད་པར་འདུག་ལ་གྲོགས་པོ་མཆོག་གིས་ནི་བགེགས་གཞོམ་མོ། །གཙུག་ཏོར་རྒྱལ་པོ་ཞེས་བྱ་བ་ནི་དེའི་གསང་སྔགས་ཁྱད་པར་དུ་མཐུ་རླབས་ཆེ་བའི་ཕྱིར་རོ། །འབྱེར་བར་འགྱུར་ཞེས་བྱ་བ་ནི་གསང་སྔགས་ཀྱི་གཟི་བརྗིད་ལ་ཉེ་མི་ཕོད་ཅེས་བྱ་བའི་དོན་ཏོ། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་དྲག་ཤུལ་ལས་ཅན་སྦྱར། །ཞེས་བྱ་བའི་མཐུ་རླབས་ཀྱང་སྔ་མ་དང་འདྲ་སྟེ། གང་ལ་གོམས་པར་བྱ་བ་བསྟན་ཏོ། །གང་ཞིག་གསང་སྔགས་ཆོ་ག་ཞིབ་མོ་ལས། །མཐོང་བ་དེ་ནི་དོགས་པ་མེད་པར་འགྲུབ། །ཅེས་བྱ་བ་ནི་དེ་དག་ལས་དངོས་གྲུབ་གང་གསུངས་པ་ཐམས་ཅད་འགྲུབ་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡིས་གསང་སྔགས་ཆོ་ག་མི་ཤེས་ན། །ཞེས་བྱ་བ་ནི་རང་གི་ཆོ་ག་ཞིབ་མོ་ལས་ལས་འདི་མི་འབྱུང་ན་ཞེས་བྱ་བའི་དོན་ཏོ། །གསང་སྔགས་གཞན་དུ་བསྟན་པའི་ཆོ་ག་ཡིས། །དེ་ལ་རང་གིས་དངོས་གྲུབ་བསླང་ཞེས་བྱ་བ་ནི་གཞན་གྱི་ཆོ་ག་ཞིབ་མོ་དེའི་དངོས་གྲུབ་འབྱུང་བ་རྣམས་བསླངས་ན་སྟེར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཏེར་གྱི་ཕྱོགས་ཞེས་བྱ་བ་ལ་སོགས་པས་ནི་དེའི་འབྲས་བུ་དངོས་གྲུབ་རྣམས་བསྟན་པ་སྟེ། གཏེར་ལ་སོགས་པ་དེ་དག་གི་མཚན་ཉིད་ནི་འོག་ནས་འཆད་པས་འདིར་མ་ཕྱེའོ། །བསྲུང་བའི་སྟོབས་མེད་ཅེས་བྱ་བ་ནི་དུས་གསུམ་བྱས་ཤིང་མ་ལྕོགས་པའོ། །གསང་སྔགས་ཀྱི་སྟོབས་མེད་ཅེས་བྱ་བ་ནི་ལྷ་ཉིད་མཐུ་ཞན་པའོ། །དཀའ་ཐུབ་ཀྱི་སྟོབས་མེད་ཅེས་བྱ་བ་ནི་དཀའ་ཐུབ་ཞིག་པའོ། །སེམས་སྟོབས་མེད་ཅེས་བྱ་བ་ནི་སྔར་མའོ། །བློ་ཞན་ཞེས་བྱ་བ་ནི་དང་བླུན་པའོ། །དེ་ནི་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད། །ཅེས་བྱ་བ་ནི་ཉེན་ཆེན་པོ་ཡོད་པར་བསྟན་པའི་དོན་ཏོ། །ལེའུ་དྲུག་པའི་དོན་བཤད་ཟིན་ཏོ།། །།འཚོང་འདོད་ཅེས་བྱ་བ་ནི་སྒྲུབ་པ་པོ་ཁ་ཅིག་ལས་དེ་ལྟ་བུ་ལ་དགའ་བའོ། །མར་གྱི་ངོ་ལ་ཞེས་བྱ་བ་ནི་མར་གྱི་ངོའི་དུས་ཚིགས་གང་ཡང་རུང་བ་ཞེས་བྱ་བའི་ཐ་ཚིག་གོ །གཞན་ནི་གོ་བར་ཟད་དོ། །མི་ཉུང་ཞེས་བྱ་བ་ནི་སྲང་བརྒྱ་ཡན་ཆད་
― DTG071_Page_0162 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོ། །དེ་ཡང་སྐྱེས་པའི་ཤ་ཞེས་གྲག་གོ །ཚིག་གི་དོན་གཞན་ནི་གོ་བར་ཟད་དོ། །རབ་ཏུ་བསྒྲིམས་ནས་ཞེས་བྱ་བ་ནི་རང་གི་ལྷ་རྗེས་སུ་དྲན་པ་དང༌། མི་སྐྲག་པར་འབད་པའི་དོན་ཏོ། །སྒྲ་ཆེར་འབོད་ཅིང་ཞེས་བྱ་བ་ནི་སྤ་མི་འགོང་བའི་ཚིག་གིས་སྐད་ཆེར་འབོད་པའི་ཐ་ཚིག་གོ །ཤར་དང་བྱང་དང་ལྷོ་དང་ནུབ་ཕྱོགས་སུ། །ཞེས་བྱ་བ་ནི་ཤར་ལྷོའི་མཚམས་ནས་བྱང་ཤར་ལོགས་སུ་འགྲོ་བར་བྱའོ། །དེ་ནས་སླར་ལོག་སྟེ་ཤར་ལྷོའི་མཚམས་ནས་ལྷོ་ནུབ་ཀྱི་མཚམས་ལོགས་སུ་འགྲོ་བར་བྱའོ། །མྱུར་དུ་ཞེས་བྱ་བ་ནི་དེར་ལེ་ལོ་མི་བྱེད་ཅིང་དྲག་ཏུ་འགྲོ་བར་བྱ་བའི་དོན་ཏོ། །བསྐོར་ཞིང་ཞེས་བྱ་བ་ནི་དེ་ནས་མཐའ་བསྐོར་ཏེ་དབུས་སུ་མི་འགྲོ་ཞེས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་བརྗོད་པར་བྱ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཚིག་གི་དོན་བརྗོད་ཅིང་སྐབས་སྐབས་སུ་མི་སྨྲ་བར་ཉན་ཅིང་འགྲོ་བའི་དོན་ཏོ། །སྔར་ནི་གང་ཞིག་སེམས་ཀྱིས་བསམས་པའི་དོན། །དེ་ཉིད་སྨྲ་བ་ཞེས་བྱ་བ་ནི་དང་པོ་ནས་གང་ལ་རྣམ་པ་དེ་དང་ཚོང་བྱས་པའི་ཐ་ཚིག་གོ །གཞན་དུ་སྨྲ་མི་བྱ་ཞེས་བྱ་བ་ནི་སྔར་དངོས་པོ་ཆུང་ངུར་བསམས་ལ། འཕྲལ་ལ་ཁེ་མཐོང་སྟེ་ཆེན་པོར་མི་བཙོང༌། སྔར་དངོས་པོ་ཆེན་པོ་ཞིག་བསམས་ལ་དེར་སྤ་བཀོང་ནས་ཆུང་ངུར་ཡང་མི་བཙོང་ཞེས་བྱ་བའི་དོན་ཏོ། །དེ་ཉོས་པས་ཅིར་བྱ་ཞེ་ན། ཉོ་བའི་གསང་སྔགས་ཀྱིས་ལྷ་ལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པའི་ཁྲོ་བོ་ལ་སོགས་པ་དང༌། འཇིག་རྟེན་གྱི་མ་མོ་དག་ནི་བྱིན་གྱིས་བརླབས་དག་ལས་བྱུང་བ་ཞེས་བྱ་བ་སྟེ། །དེའི་རང་བཞིན་གྱིས་ཕན་འདོགས་པའི་དོན་དུ་འབྱུང་ངོ༌། །ཤ་ཟའི་རིགས་སུ་སྐྱེས་པའི་སྲིན་པོ་ལ་སོགས་པའི་རྣམ་པར་སྨིན་པའི་གསང་སྔགས་ཞེས་བྱ་སྟེ་དེ་ཉིད་ཟ་བའོ། །གཞན་ནི་གོ་བར་ཟད་དོ། །གསང་སྔགས་མ་བཟླས་པ་ཡིས་བསྟེན་མི་བྱ། །ཞེས་བྱ་བ་ནི་སྔར་བསྙེན་པ་མ་རྫོགས་པའམ་རྫོགས་ཀྱིས་ཀྱང་ལས་འདི་ལྟ་བུ་བྱོས་ཤིག་ཅེས་ལྷ་ཉིད་ཀྱི་བཀའ་ལུང་མེད་པར་མི་བྱ་བའི་དོན་ཏོ། །སོགས་པ་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་རོ། །བསྲུང་བ་ངས་གསུངས་སོ་ཞེས་བྱ་བ་ནི་གསང་སྔགས་དེ་དག་ཁྱད་པར་དུ་མཐུ་རླབས་ཆེ་
― DTG071_Page_0163 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཕྱིར་རོ། །གསང་སྔགས་དྲག་པོ་གང་ཞིག་ཤ་ཟ་བ། །ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའོ། །མེ་ཏོག་མ་ཉམས་པ་ཞེས་བྱ་བ་ནི་མ་རྙིངས་པའོ། །གཞན་ནི་གོ་བར་ཟད་དོ། །ཚེས་གྲངས་དག་ལ་ཞེས་བྱ་བ་ནི་མར་གྱི་ངོའི་དུས་ཚིགས་སོ། །གྲུབ་པ་འདི་རྣམས་སྟེར་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་རྣམ་གྲངས་སོ། །ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག །ཅེས་བྱ་བ་ནི་གང་བསམས་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གྲུབ་འབྲིང་ཞེས་བྱ་བ་ནི་སྡིག་པ་ལྟ་དགོས་པའི་ཉེན་དག་ཡོད་པའི་ཕྱིར་རོ། །གྲུབ་པ་ཐ་མ་ཞེས་བྱ་བ་ནི་ཉོན་མོངས་པའི་འདམ་དུ་བྱིང་ཞིང་ཕྲག་དོག་ལ་སོགས་པའི་ཉེན་ཆེན་པོ་ཡོད་པའི་དོན་ཏོ། །དུས་གསུམ་དུ་ཞེས་བྱ་བ་ནི་སྔ་དྲོ་དང་གུང་དང་དགོངས་ཀའོ། །གཏོར་མ་སྣ་ཚོགས་པ་ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་བལྟ་བར་བྱ་སྟེ། འདིར་ཡི་གེ་མངས་སུ་དོགས་པས་མ་སྤྲོས་སོ། །རྟག་ཏུ་མཚན་མོ་སྦྱིན་པར་བྱ། །ཞེས་བྱ་བ་ནི་དངོས་གྲུབ་ཐོབ་ཀྱི་བར་དུ་ནུབ་མོའི་དུས་ཤིག་ཏུ་ལན་རེ་གཏོར་མ་སྦྱིན་པའི་དོན་ཏོ། །དགའ་ནས་ཞེས་བྱ་བ་ནི་བསྙེན་པས་མགུ་ཞེས་བྱ་བའི་ཐ་ཚིག་གོ །མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་བསྙེན་པ་བྱས་པའི་དབང་གིས་དངོས་གྲུབ་ཐོབ་པར་ངེས་པའོ། །རྙེད་པ་རྙེད་ཅིང་ཞེས་བྱ་བ་ནི་ནོར་རྫས་འདུ་བའི་དོན་ཏོ། །ས་བོན་འབྱུང་བར་བྱེད་ཅེས་བྱ་བ་ནི་ཁུ་བ་རླུགས་པའོ། །འདོད་ཆགས་ཟིལ་གྱིས་ནོན་པའི་བུད་མེད་དག །ཅེས་བྱ་བ་ནི་གནོད་སྦྱིན་མོ་མི་གཟུགས་ལས་ཁྱད་པར་དུ་འཕགས་པ་ལྷའི་བུ་མོའི་གཟུགས་དང་འདྲ་བ་དེ་མཐོང་བས་རང་དབང་མེད་པར་འདོད་ཆགས་ཀྱིས་མྱོས་ནས་སྒྲུབ་པ་གཞན་མི་དྲན་པར་འགྱུར་བའི་ཕྱིར་རོ། །གནོད་པར་བྱེད་པ་ངེས་པར་གནས་པར་འགྱུར། །ཞེས་བྱ་བ་ནི་སྒྲུབ་པ་པོས་དངོས་གྲུབ་མི་ཐོབ་པར་བྱ་བའི་དོན་དུ། རྩེད་འཇོ་ལ་སོགས་པས་བསྟེན་ཅིང་སེམས་གཡེང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གནོད་པ་བྱེད་ཚེ་འགྲོ་བར་མི་བྱ་ཞིང༌། །ཞེས་བྱ་བ་ནི་དེ་དག་གིས་བྲོས་པའི་དུས་སུ་བསླུར་མི་བཏུབ་པའོ། །རྙེད་པ་མང་ཉུང་ལ་ཡང་འདོད་མི་སྐྱེད། །ཅེས་བྱ་བ་ནི་དེའི་དུས་སུ་ཅི་རྙེད་ན་ཡང་མི་
― DTG071_Page_0164 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསླང་བ་དང་གཞན་ལ་གཏང་བའི་དོན་ཏོ། །མཚན་མོ་ཁུ་བ་དགག་བྱས་ནས། །ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། བུ་མོས་བཀལ་པའི་སྐུད་པ་ནི། །ལེ་བརྒན་རྩིའམ་གུར་ཀུམ་བཙོས། །དེ་ནི་བཟླས་བརྗོད་སྟོང་བྱས་ཤིང༌། །མདུད་པ་དག་ནི་བདུན་བོར་ལ། །སྲོད་ལ་རིག་སྔགས་འདི་ཡིས་ནི། །བདག་གི་རྐེད་པར་བཅིང་བར་བྱ། །ཞེས་གསུངས་པ་ཉིད་འདིར་སྦྱར་རོ། །བརྩོན་འགྲུས་རབ་ཏུ་བསྐྱེད་དེ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་བགེགས་ཀྱིས་བསླུས་པའི་དབང་དུ་ཡང་མི་གཏང༌། འདི་དག་ནི་དངོས་གྲུབ་དང་ཉེ་བའི་མཚན་མའོ་ཞེས་ཡ་ཡ་པོའི་དགའ་བ་བསྐྱེད་པར་ཡང་མི་བྱ་བར་སྔོན་བས་ཀྱང་ཤིན་དུ་བརྩོན་འགྲུས་བསྐྱེད་དེ་སྒྲུབ་པའི་དོན་ཏོ། །སེམས་རྨོངས་པ་ཞེས་བྱ་བ་ནི་སྒྲུབ་པ་པོ་བླུན་པོ་ཁ་ཅིག་གོ །གཞན་དུ་བརྩམས་ནས་ཞེས་བྱ་བ་ནི་འདོད་ཆགས་ལ་ཞེན་པའི་དབང་གིས་བགེགས་ཀྱིས་འབྲོངས་པའི་ཚེ་བསླུར་བཏུབ་པ་དང༌། ནོར་རྫས་དག་བླངས་པ་དང༌། བརྩོན་འགྲུས་ལྷོད་པས་སྒྲུབ་པ་རྣམས་སོ། །ཕུང་བར་འགྱུར་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའི་ཕྱིར་རོ། །ཤ་ཟའི་གནོད་སྦྱིན་མོ་ལའང་དེ་ཉིད་དོ། །ཞེས་བྱ་བ་ནི་ཆོ་གའི་སྦུབས་གོང་མ་དང་འདྲ་བར་བསྟན་ཏོ། །ཆོ་ག་ལྷག་མ་འདི་རྣམས་བྱ། །ཞེས་བྱ་བ་ནི་སྔ་མ་ལས་མ་བཤད་པའོ། །གཞན་ནི་གོ་བར་ཟད་དོ། །གོས་ཀྱང་སྔོན་པོ་ཞེས་བྱ་བ་ནི་སྒྲུབ་པ་པོ་རང་བགོ་བའོ། །བྲང་གིས་འགྲོ་བ་ཞེས་བྱ་བ་ནི་ཀླུ་རྣམས་ཀྱི་རང་བཞིན་གྱི་གཟུགས་སྦྲུལ་ཡིན་པའི་ཕྱིར་རོ། །རྟག་ཏུ་འབྱུང་ཞེས་བྱ་བ་ནི་རྫས་དེ་རྣམས་པྲ་སེ་ན་སྟོན་པའི་གཞི་ཡིན་ཏེ། སྣང་དུ་བཏུབ་ཅེས་བྱ་བའི་ཐ་ཚིག་གོ །མཐོ་རིས་ཞེས་བྱ་བ་ནི་ལྷ་ཡུལ་བ་རྣམས་སོ། །ས་སྟེངས་ཞེས་བྱ་བ་ནི་མི་རྣམས་སོ། །དེའི་ཤུགས་ཀྱིས་ངན་སོང་དག་ཀྱང་རྟོགས་པར་ཁོང་དུ་ཆུད་པར་བྱའོ། །དུས་དང་མི་ལྡན་པ་ཞེས་བྱ་བ་ནི་དུས་གསུམ་ལས་འདས་པ་འཕགས་པ་དགྲ་བཅོམ་པ་ལ་སོགས་པ་ཡང་རྟོགས་པར་འགྱུར་བའི་དོན་ཏོ། །གཞན་ནི་གོ་བར་ཟད་དོ། །སྔོན་དུ་ཆོ་ག་བཞིན་བཟླས་ཤིང༌། །ཞེས་བྱ་བ་ནི་སོ་སོའི་ཆོ་ག་ཞིབ་མོ་དག་ལས་བསྙེན་པའི་གྲངས་ངེས་པར་གཟུང་པའོ། །
― DTG071_Page_0165 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚེས་གྲངས་བཟང་ལ་ཞེས་བྱ་བ་ནི་ཡར་གྱི་ངོའི་དུས་ཚིགས་རྣམས་སོ། །སྨྱུང་བ་ཞེས་བྱ་བ་ནི་ཞག་གཅིག་གི་མདུན་ནས་ཁ་ཟས་སྤང་བར་བསྟན་ཏོ། །དགོངས་ཀར་ཞེས་བྱ་བ་ནི་སྨྱུང་བ་བྱས་པའི་ཕྱི་འཕྲེད་དོ། །བྱིས་པ་གཞོན་ནུ་ཞེས་བྱ་བ་ནི་ལོ་བཅུ་དྲུག་ལོན་པ་མན་ཆད་དོ། །སྟ་གོན་གནས་པར་བྱ་ཞེས་བྱ་བ་ནི་བྱིས་པ་དེ་དག་ཀྱང་སྨྱུང་བ་བྱེད་དུ་བཅུག་ལ་འདི་དག་གིས་མཐོང་བར་གྱུར་ཅིག་ཅེས་ལྷ་ལ་གསོལ་བ་བཏབ་སྟེ་དེ་རྣམས་བསྲུང་བར་བྱས་ནས་མེ་ཏོག་དང་སྤོས་དག་ཀྱང་བདག་གིས་ལག་དར་ཏེ་བྱིན་ནས་ས་གཙང་མར་གོས་སར་པ་བསྐོན་ཏེ། བསྙལ་བའི་དོན་ཏོ། །ཁྲུས་བྱས་ཞེས་བྱ་བ་ནི་སྒྲུབ་པ་པོ་དང་བྱིས་པ་གཉིས་ཀའོ། །ཤར་ཕྱོགས་ཁ་བལྟས་ཀུ་ཤའི་སྟན་སྟེང་དུ། །འདུག་ནས་ཞེས་བྱ་བ་ནི་སྒྲུབ་པ་པོ་ཉིད་དོ། །གསང་སྔགས་རྗེས་སུ་དྲན་པར་བྱ། །ཞེས་བྱ་བ་ནི་ལྷའི་ཏིང་ངེ་འཛིན་ལ་གནས་ལས་བརྩམ་པར་བསྟན་ཏོ། །ཐལ་བ་གཙང་མ་ཞེས་བྱ་བ་ནི་སྦྱིན་སྲེག་བྱ་བའི་ཐལ་བའོ། །རྩེ་གཅིག་སེམས་ཀྱིས་གསང་སྔགས་ཟློས་བཞིན་དུ། །ཞེས་བྱ་བ་ནི་བདག་ཉིད་ལྷའི་ཏིང་ངེ་འཛིན་དུ་ཇི་ལྟ་བ་བཞིན་དུ་བསྒོམས་པ་ལས་མ་ཉམས་པས་གཞི་གང་ཡིན་པ་ལ་ལྷ་སྤྱན་དྲངས་ཏེ་མཆོད་ནས། དངོས་པོ་གང་བལྟ་བར་བྱ་བ་ཡང་སྟོན་ཅིག་ཅེས་བསྐུལ་ཞིང་བཟླས་བརྗོད་བྱ་བར་བསྟན་ཏོ། །ནུབ་ཏུ་ཁ་བསྟན་ཞེས་བྱ་བ་ནི་སྒྲུབ་པ་པོ་ཁ་བལྟ་དགོས་པའི་ཕྱིར་ཏེ་བར་གཉའ་ཤིང་གང་ལྷག་ཙམ་གྱིས་བཅད་ནས་བལྟར་གཞུག་གོ །ལྷ་ཡི་མིག་གིས་ཞེས་བྱ་བ་ནི་སྦྱིན་སྲེག་བྱས་པའི་ཐལ་བས་སོར་མོ་ལ་བསྐུས་ཏེ། གསང་སྔགས་དག་ཀྱང་བཟླས་ནས། ལྷའི་མིག་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བསྐུལ་ཚིག་བཅུག་ནས། བྱིས་པའི་མིག་ལ་བསྐུ་བའི་དོན་ཏོ། །བལྟས་ན་ཞེས་བྱ་བ་ནི་ཉི་མ་ཤར་བ་གབ་ནས་དྲོས་ཆེན་གྱི་བར་དུ་བལྟར་གཞུག་པའི་ཐ་ཚིག་གོ །མཐོང་བར་གྱུར་ཞེས་བྱ་བ་ནི་དངོས་པོ་རྣམས་གཟུགས་སུ་མཐོང་བ་འམ། ཡི་གེའི་འབྲས་བུས་ཀྱང་བརྡ་སྤྲོད་པར་བྱེད་དོ། །ཁ་ཅིག་ན་རེ་གཞི་བསྙེན་ན་སྒྲར་ཡང་གྲག་ཅེའོ། །གཞན་ནི་གོ་བར་ཟད་དོ། །གལ་ཏེ་
― DTG071_Page_0166 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིད་ཆེས་པར་ནི་མ་གྱུར་ན། །ཞེས་བྱ་བ་ནི་པྲ་སེ་ནས་གཏན་ལ་མ་ཕེབས་སུ་དོགས་ན་ཞེས་བྱ་བའི་ཐ་ཚིག་གོ །རིག་སྔགས་མི་གདུག་ཅེས་བྱ་བ་ནི་རིག་སྔགས་ཀྱི་ལྷ་ལ་ཡང་རྣམ་པ་གཉིས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ནི་ཡེ་ཤེས་ལས་བྱུང་བའོ། །དབང་ཕྱུག་ལ་སོགས་པ་ནི་རྣམ་པར་སྨིན་པས་བསྐྱེད་པའོ། །དེ་བཞིན་དུ་དེ་དག་གི་བྱིན་གྱི་རླབས་ལས་འཁོར་བའི་མཐའ་ཇི་ཙམ་པར་སེམས་ཅན་གྱི་དོན་མཛད་པ་ཁྲོ་བོ་འཇིགས་པའི་མེ་ལ་སོགས་པ་དང༌། འཇིག་རྟེན་པའི་ཡང་བསྐལ་པའི་མཐར་ཐུག་པར་མ་མོ་ལ་སོགས་པ་དྲག་ཅིང་གདུག་པར་བྱིན་གྱིས་བརླབས་པ་དག་ཡོད་དེ། དེ་དག་ཕབ་ན་བྱིས་པ་འཆི་བའི་ཉེན་ཡོད་པས་དེ་ལྟ་བུ་མ་ཡིན་པའི་གསང་སྔགས་མི་གདུག་པ་བཟླས་པར་བསྟན་ཏོ། །ང་ཡི་གསང་སྔགས་ཞེས་བྱ་བ་ནི་སྐབས་འདིར་རྡོ་རྗེའི་རིགས་ཀྱི་ཤས་ཆེར་གསུངས་པའི་ཐ་ཚིག་གོ །དག་པ་ཞེས་བྱ་བ་ནི་ཡི་གེ་ལྷག་ཆད་མེད་པའོ། །གང་ཡང་རུང་ཞེས་བྱ་བ་ནི་སྒྲུབ་པ་པོ་ཉིད་གང་ལ་དད་པའོ། །གསོ་སྦྱོང་བྱས་པས་ནན་ཏན་བཟུང་ནས་སུ། །ཞེས་བྱ་བ་ནི་རང་གི་ལྷ་མཉེས་པར་བྱ་བའི་དོན་ཡིན་པས། ལྷ་གཟུང་བ་ཡང་རང་གི་ལྷ་ལ་བཟོད་པར་གསོལ་ཡང་མི་དགོས། བླ་མ་ལས་ནོད་ཀྱང་མི་དགོས་པར་རང་གིས་གསོ་སྦྱོང་བྱས་ནས་གཟུང་བར་བསྟན་ཏོ། །རྒྱལ་བའི་རིང་བསྲེལ་ཞེས་བྱ་བ་ལ་སོགས་པས་ནི་དེའི་བསྙེན་པའི་གནས་བསྟན་ཏོ། །གཡོ་བ་ཞེས་བྱ་བ་ནི་ཡུལ་སོ་སོར་འཇུག་པའོ། །རབ་ཏུ་བསྡམས་ནས་ཞེས་བྱ་བ་ནི་སོ་སོར་དག་པར་བསྟན་ཏོ། །དེ་ལ་ཡིད་གཞོལ་བ་ཞེས་བྱ་བ་ནི་ལྷའི་དེ་ཁོ་ན་ལ་སེམས་གཏོད་ཅིང༌། བཟླས་བརྗོད་ཡན་ལག་དང་ལྡན་པར་བྱེད་པའོ། །བྱམས་ལ་གནས་ཤིང་ཞེས་བྱ་བ་ནི་དང་པོར་བྱམས་པའི་ཏིང་ངེ་འཛིན་བསྒོམས་ལ་དེའི་རྗེས་ལ་ལྷའི་སྦྱོར་བ་བྱ་བར་བསྟན་ཏེ། དེ་ནི་བསོད་ནམས་འཕེལ་བས་བགེགས་ཀྱིས་མི་ཚུགས་པར་འགྱུར་རོ། །ཀུ་ཤའི་ཁྲེས་ལ་འདུག་ཅེས་བྱ་བ་ནི་དེའི་དཀའ་ཐུབ་ཀྱི་སྟན་བསྟན་པ་སྟེ། དབྱིབས་དང་ཚད་དང་སོགས་པས་ནི་སྔར་བཤད་པ་དང་མཐུན་པར་རིག་པར་བྱའོ། །ཇི་སྲིད་དུ་ནི་རྩེ་གཅིག་གནས་གྱུར་པ། །ཞེས་བྱ་བ་ནི་སེམས་བཟླས་བརྗོད་
― DTG071_Page_0167 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་ཞེན་ཏེ། གཞན་དུ་མི་གཡོ་བར་གྱུར་པའི་དོན་ཏོ། །དེ་སྲིད་དུ་ནི་འབུམ་མམ་ཉིས་འབུམ་བཟླས། །ཞེས་བྱ་བ་ནི་སེམས་ཀྱི་གདེང་ལས་དཔག་པར་བྱ་བའི་ཐ་ཚིག་གོ །ཧཱུཾ་ཞེས་བྱ་བ་ནི་གསང་སྔགས་གང་ཡང་རུང་བའི་ཀླད་ལ་སྤེལ་བའི་དོན་ཏོ། །ཤིང་ལའང་འབབ་ན་མི་ལ་སྨོས་ཅི་དགོས། །ཞེས་བྱ་བ་ནི་སྤྱིར་གསང་སྔགས་མཐུ་ཆེ་བར་རྗེས་སུ་བསྔགས་པའོ། །སྣོད་ཅེས་བྱ་བ་ནི་བྱིས་པ་ཡོན་ཏན་དང་ལྡན་པ་ལ་ལྷ་དབབ་པའི་སྐལ་བ་ཡོད་པས་སྣོད་དུ་རུང་ཞེས་བྱ་བའི་དོན་ཏོ། །ཚིག་གི་དོན་གཞན་ནི་གོ་སླ་བས་མ་ཕྱེའོ། །ཚེས་གྲངས་བཟང་ལ་ཞེས་བྱ་བ་ནི་ངོ་གཉིས་ཀྱི་དུས་ཚིགས་རྣམས་སོ། །སྨྱུང་བ་བྱས་པ་ཞེས་བྱ་བ་ནི་རིག་སྔགས་འཆང་ཉིད་དང་བྱིས་པ་རྣམས་སོ། །ཁྲུས་བྱས་གོས་དཀར་བསྐོན་ཞེས་བྱ་བ་ནི་འབེབས་པ་ཉིད་ཀྱིས་སྔ་དྲོའོ། །ཤར་ཕྱོགས་ཁ་བསྟན་རྒྱན་ནི་རྣམ་པར་སྤངས། །ཞེས་བྱ་བ་ཡང་བུས་པ་རྣམས་ཏེ། དེ་དག་འདབ་མ་ཕྲག་པར་བཀོད་ལ། གཉའ་བ་ལ་དབབ་པར་བྱ་བའི་གསང་སྔགས་སྤྱན་དྲངས་ཏེ་མཆོད་ནས་ཁོང་དུ་ཞུགས་པར་བསམ་མོ། །བདུག་པས་བདུགས་ཤིང་ཞེས་བྱ་བ་ནི་གུ་གུལ་གྱིས་བདུགས་པས་སོ། །རྫོགས་པར་གྱུར་པར་ཤེས་པར་བྱ། །ཞེས་བྱ་བ་ནི་ལྷ་ཞུགས་པའི་མཚན་མ་མ་ལུས་ཞེས་བྱ་བའི་དོན་ཏོ། །འཇིགས་པ་མེད་པ་ཞེས་བྱ་བ་ནི་མ་བབས་སུ་དོགས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ །རིག་པ་མཆོག་གི་གསང་སྔགས་དྲན་བྱས་ནས། །ཞེས་བྱ་བ་ནི་དེར་བགེགས་གཞན་མི་འཇུག་པར་བྱ་བའི་དོན་དུ་བསྲུང་བར་གསུངས་སོ། །གཞན་ནི་གོ་བར་ཟད་དོ། །གང་ཞིག་བླུན་པས་གཞན་དུ་བརྩམས་ནས་ནི། །དེ་ནི་མི་རྣམས་ཀུན་གྱིས་དཔྱས་པར་འགྱུར། །ཞེས་བྱ་བ་ནི་ལྷ་གདུག་པ་ཕབ་པས་བྱིས་པ་ཐལ་བྱུང་ཁྱེར་བ་དང༌། བསྙེན་པ་གུས་པར་མ་བྱས་ཤིང༌། ཆོ་ག་མ་སྨིན་པས་མ་ཕེབས་ན་དཔྱས་སུ་འགྱུར་བའི་ཕྱིར་རོ། །གཞན་ནི་གོ་བར་ཟད་དོ། །དྲག་པོའི་སྦྱིན་སྲེག་ཉི་ཤུ་རྩ་གཅིག་བྱ། །ཞེས་བྱ་བ་ནི་དྲག་པོའི་ཐབ་ཏུ་མེ་ཁྲོ་གཉེར་ལ་བསྐྲད་པའི་བསྐུལ་ཚིག་བཅུག་ནས་དྲག་པོའི་ལས་བྱ་བར་བསྟན་ཏོ། །སྔ་མ་བཞིན་ཞེས་བྱ་བ་ལ་
― DTG071_Page_0168 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་པས་ནི་གོང་དུ་སྨོས་པའི་ཆོ་ག་རྣམས་ལས་མི་འགལ་བར་བྱས་པའི་ཕན་ཡོན་བརྗོད་པའོ། །སྔགས་པ་ཡུན་རིངས་ཉོན་མོངས་མི་འགྱུར་རོ། །ཞེས་བྱ་བ་ནི་ཡོན་ཏན་དང་སྐྱོན་ལྷ་ཉིད་ལས་ལུང་ཐོབ་པའི་ཕྱིར་རོ། །ལེའུ་བདུན་པའི་དོན་བཤད་ཟིན་ཏོ།། །།སངས་རྒྱས་ཀྱིས་གསུངས་ཞེས་བྱ་བ་ནི་མི་སླུ་བའི་ཁུངས་ཏེ་ལུང་ཤིན་ཏུ་དག་པ་ཡིན་པར་བསྟན་ཏོ། །ཡན་ལག་བརྒྱད་ཅེས་བྱ་བ་ནི་ལམ་དེའི་རང་བཞིན་གྱི་རྣམ་གྲངས་སོ། །ལམ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་བགྲོད་པར་བྱ་བ་སྒྲུབ་པའི་གཞི་ཡིན་པའི་ཕྱིར་རོ། །ཡང་དག་པའི་འཚོ་བ་ཞེས་བྱ་བ་ནི་ཚུལ་འཚོས་པ་དང་གཞོགས་སློང་ལ་སོགས་པ་ལོག་པས་འཚོ་བའི་ཉེས་པ་སྤངས་ཤིང་ཡོངས་སུ་དག་པའི་ལུས་དང་ངག་གི་ལས་ཀུན་དུ་སྤྱོད་པའོ། །ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་སྤངས་ཤིང་ལུས་ཀྱི་ལས་ཡོངས་སུ་དག་པའོ། །ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར་རྣམས་མངོན་པར་བསྒྲུབ་པའི་ཕྱིར་རྟག་ཏུ་མཉམ་པར་གཞག་པའོ། །ཡང་དག་པའི་ངག་ཅེས་བྱ་བ་ནི་གཞན་དག་ལ་གདམས་ངག་མ་ནོར་བར་འཆད་ཅིང་བརྫུན་པ་ལ་སོགས་པའི་ཉེས་པ་སྤོང་བའོ། །ཡང་དག་པའི་རྩོལ་བ་ཞེས་བྱ་བ་ནི་ཉེས་པ་ཐམས་ཅད་སྤོང་བ་ལ་མངོན་པར་སྤྲོ་བའོ། །ཡང་དག་པའི་རྟོག་པ་ཞེས་བྱ་བ་ནི། དེས་ཇི་ལྟར་རྟོགས་པའི་དོན་རྣམ་པར་བཞག་ནས་གདོན་པའོ། །ཡང་དག་པའི་དྲན་པ་ཞེས་བྱ་བ་ནི་དེ་ཉིད་མི་བརྗེད་པའོ། །ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་མ་ནོར་བའི་རང་བཞིན་དུ་འཛིན་པའོ། །འདིར་གོ་རིམས་འཁྲུགས་པ་ནི་ཚིགས་སུ་བཅད་པ་སྦྱར་བ་ལ་བདེ་བའི་ཕྱིར་རོ། །སོ་སོ་སོ་སོར་ཡང་དག་བསྟེན་པར་བྱ། །ཞེས་བྱ་བ་ནི་ལམ་གྱི་ཡན་ལག་རེ་རེ་ལ་ཡང་གུས་པས་བརྟེན་པར་བསྟན་ཏོ། །ཡང་ན་སོ་སོའི་སྐྱེ་བོ་དང་འཕགས་པ་ཉན་ཐོས་དང༌། །རང་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོའི་རྒྱུའི་སྟོབས་ཀྱིས་འཇུག་ཅེས་བྱ་བའི་ཐ་ཚིག་གོ །ལམ་འདི་རྣམས་ཀྱིས་ཞེས་བྱ་བ་ནི་བཤད་མ་ཐག་པའི་
― DTG071_Page_0169 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡན་ལག་བརྒྱད་པའོ། །གསང་སྔགས་དངོས་གྲུབ་སྒྲུབ་ཅིང༌། དེ་བཞིན་འདིས་ནི་མཐོ་རིས་ཞེས་བྱ་བས་ནི་སོ་སོའི་སྐྱེ་བོ་མངོན་པར་མཐོ་བར་འདོད་པ་རྣམས་ཀྱིས་བགྲོད་དགོས་པར་བསྟན་ཏོ། །ཐར་པ་ཐོབ་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་འདོད་པས་འཕགས་པའི་ལམ་བགྲོད་དགོས་པར་བསྟན་ཏོ། །རྒྱལ་སྲས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །སྔོན་གྱི་རྒྱལ་བ་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་གཤེགས་པར་འགྱུར་ཞེས་བྱ་བ་ནི་མ་བྱོན་པའི་སངས་རྒྱས་རྣམས་སོ། །འབྱུང་བའི་ལམ་སྲོལ་ཡང་འདི་ཉིད་ཡིན་པར་གསུངས་པའི་དོན་ཏོ། །ངོམས་མེད་སེམས་ཀྱིས་ཞེས་བྱ་བ་ནི་གོ་འཕང་ཁྱད་པར་ཅན་འདོད་པ་རྣམས་ཀྱིས་བགྲོད་པ་དེ་ངེས་པར་བསྒྲུབ་དགོས་པའི་ཕྱིར་རོ། །བདེན་པའི་ལམ་དམིགས་ན་ཞེས་བྱ་བ་ནི་མི་སླུ་བའི་གཞི་དེ་ལ་ངེས་པར་གཟུད་དེ་ཡིད་བརྟན་ན་ཞེས་བྱ་བའི་དོན་ཏོ། །དགེ་བའི་ལས་དེ་ཡང་དག་བསྐྱེད་པ་ཡིན། །ཞེས་བྱ་བ་ནི་དེའི་ཕན་ཡོན་གྱིས་སོ་སོའི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་འཚོ་བ་རྣམ་པར་ཕྱེ་སྟེ་བསྟན་པའོ། །སྟག་ཅེས་བྱ་བ་ནི་སྲོག་ཕངས་པ་དང་བྲལ་བར་བྱེད་པས་བསྙེན་དུ་མི་རུང་བའི་དོན་ཏོ། །སྦྲུལ་ཞེས་བྱ་བ་ནི་གདུག་ཅིང་མ་རུངས་པ་ཉིད་ཡིན་པས་ཡིད་འབྱུང་བར་བྱ་བ་ཡིན་ནོ། །མེ་ཞེས་བྱ་བ་ནི་གདུང་བར་བྱེད་པ་ཉིད་ཀྱིས་སྡུག་བསྔལ་བསྐྱེད་པའི་ཐ་ཚིག་གོ །འཇིག་རྟེན་ལ་བསམས་ནས་ཞེས་བྱ་བ་ནི་དཔེ་གོང་མ་རྣམས་དང་འཇིག་རྟེན་པའི་འདོད་པའི་ཡོན་ཏན་དང་མཚུངས་པར་དམིགས་པར་བསྟན་པ་སྟེ། ཇི་སྐང་དུ། འདོད་པ་རྣམས་ནི་ཕུང་བ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས།། དེ་དག་སྤང་བྱ་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་བཤད་པ་ལྟ་བུའོ། །སྤངས་ཏེ་ཞེས་བྱ་བ་ནི་གཉེན་པོ་བསྒོམ་པའི་དུས་སུའོ། །བུད་མེད་མཚན་ཉིད་ཅེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་དྲན་པའི་མི་མཐུན་པའི་
― DTG071_Page_0170 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱོགས་སྤང་བར་བསྟན་ཏོ། །གླང་ཆེན་རྟ་དང་ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་རྩོལ་བའི་མི་མཐུན་པའི་ཕྱོགས་སྤང་བར་བསྟན་ཏོ། །ཡུལ་སའི་གཏམ་དང་ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་ངག་གི་མི་མཐུན་པའི་ཕྱོགས་སྤང་བར་བསྟན་ཏོ། །བསྟི་གནས་ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་ལས་ཀྱི་མཐའ་བསྟན་ཏེ། དེ་ལ་བསྟི་གནས་ནི་བསོད་ནམས་འདོད་པ་དག་གིས་ལམ་གྱིས་དུབ་པ་རྣམས་བསྟན་པའི་གནས་བཤམས་པའོ། །སྡང་བཤད་པའི་གནས་རྣམས་མ་རྙེད་ན་ཞེས་བྱ་བ་ནི་གང་དུ། །དྲོ་ལ་བརྟན་ཞིང་འཇིམ་པས་ཞལ་ཞལ་བྱས། །ཞེས་བྱ་བ་ལ་སོགས་པའི་གནས་སྒྲུབ་པ་པོ་དབུལ་པོས་མི་ནུས་ན་ཞེས་བྱ་བའི་དོན་ཏོ། །ལྷ་ཁང་སྟོང་པ་ཞེས་བྱ་བ་ལ་སོགས་པས་ནི་རིག་སྔགས་འཆང་དབུལ་པོ་རྣམས་གནས་དེ་དག་ཏུ་བསྒྲུབ་པར་བསྟན་ཏོ། །ཡང་ན་གནས་ནི་ངེས་པར་མ་བྱས་ན། །ཞེས་བྱ་བ་ནི་དང་པོ་ནས་གནས་གར་བདེ་བ་དེར་བསྟན་པར་དམ་བཅས་པའོ། །ཟླ་བ་བརྒྱད་པོ་ཞེས་བྱ་བ་ནི་སྟོན་ཟླ་ཐ་ཆུངས་ཉ་ནས་དབྱར་ཟླ་འབྲང་པོའི་ཉའི་བར་རོ། །གནས་འདི་གང་ཡང་རུང་བ་ཅིག་ཏུ་བསྟེན། །ཞེས་བྱ་བ་ནི་སྒྲུབ་པ་པོ་དབུལ་པོ་མ་ཡིན་པས་ཀྱང་གནས་གར་བདེ་བ་དེར་འཕོ་ཞིང་བསྙེན་པ་བྱ་བར་དམ་བཅས་ན་ནི་འཕོས་པའི་ཉེས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ །མཚོ་དང་ཞེས་བྱ་བ་ལ་སོགས་པས་ནི། གང་དང་གང་དུ་གནས་སུ་རུང་བའི་རྣམ་གྲངས་བསྟན་པའོ། །དགུན་དཔྱིད་ཅེས་བྱ་བ་ནི་གོང་དུ་སྨོས་པའི་ཟླ་བ་བརྒྱད་པོ་ལས་བཞི་བཞིའོ། །དབྱར་ནི་གཅིག་ཏུ་གནས་པར་བྱའོ་ཞེས་བྱ་བ་ནི་དབྱར་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་དུ་ཟླ་བ་གསུམ་ནི་མི་འཕོ་བར་གནས་གཅིག་ཏུ་གནས་ཏེ་བཟླས་བརྗོད་བྱ་བར་གསུངས་སོ། །དཔེ་ནི་གོ་བར་ཟད་དོ། །སྔགས་པས་དབྱར་ནི་སྒྲུབ་ལ་མི་འཇུག་པར། །ཞེས་བྱ་བ་ནི་བསྙེན་པ་རྫོགས་ཏེ་སྒྲུབ་པ་ལ་འཇུག་པ་དག་གིས་ཀྱང་ཆར་པ་ལ་སོགས་པའི་བགེགས་མང་བས་ཟླ་བ་དེ་གསུམ་ལ་བསྒྲུབ་པར་མི་བྱ་བའི་དོན་ཏོ། །བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདའ་བར་བྱ། །ཞེས་བྱ་བ་ནི་བསྙེན་པའི་གྲངས་ཚང་གིས་ཀྱང་དབྱར་
― DTG071_Page_0171 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས་འདས་སུ་ཉིན་རེ་ཞིག་དུས་གཉིས་སམ་དུས་གཅིག་ལ་བཟླས་བརྗོད་བར་ཆད་མེད་པར་བསྟན་ཏོ། །སྟོན་ཟླ་འབྲིང་པོ་ཉ་ནས་ཐ་ཆུངས་ཉའི་བར་དུ་ཟླ་བ་གཅིག་མ་སྨོས་པ་ནི་བསྒྲུབ་པའི་དུས་སུ་ནི་མི་རུང་སྟེ། རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། སྟོན་ཟླ་འབྲིང་པོ་གློག་འགྱུ་ཞིང༌། །སྒྲ་ཆེན་རྣམས་ཀྱང་འབྱུང་བར་འགྱུར། །ཞེས་གསུངས་སོ། །དབྱར་གྱི་ནང་དུ་མ་བསྡུས་པ་ནི་ཟླ་བ་འདི་ལ་ཚུལ་ནས་བྱུང་བའི་ཕྱིར་རོ། །གསང་སྔགས་གཟི་བརྗིད་བསྐྱེད་པས་ཞེས་བྱ་བ་ནི་བཟླས་བརྗོད་དང་སྦྱིན་སྲེག་གིས་བྱིན་བསྐྱེད་ནས་དངོས་གྲུབ་ཏུ་འགྱུར་བའི་མཐུ་དང་ལྡན་པའི་དོན་ཏོ། །བདག་ཉིད་ཅེས་བྱ་བ་ནི་སྒྲུབ་པ་པོའི་སྐྱེས་བུའོ། །ཟླུམ་པོ་ཞེས་བྱ་བ་ནི་ཀུན་དུ་དཀྱིལ་འཁོར་རོ། །གྲུ་གསུམ་ཞེས་བྱ་བ་ནི་ཟུར་གསུམ་མོ། །གྲུ་བཞི་ཞེས་བྱ་བ་ནི་ལྷམ་པའོ། །པདྨ་ལྟ་བུ་ཞེས་བྱ་བ་ནི་པདྨའི་འདབ་མ་ཡ་གཅིག་གི་དབྱིབས་སོ། །དབྱིབས་ལེགས་ཤིང༌། འཇམ་ཞིང་ཤིན་ཏུ་མཉམ་པར་བྱས་ནས་སུ། །ས་དང་ལྕི་བས་ལེགས་པར་བྱུག །ཅེས་བྱ་བ་ནི་ཐབ་ཀྱི་དབྱིབས་རྣམ་པ་བཞི་ཆར་ལ་ཡང་སྦྱར་བའི་དོན་ཏོ། །དབང་ཐང་བསྐྱེད་ཅེས་བྱ་བ་ནི་དབང་ཕྱུག་གི་དཔལ་མངོན་དུ་ཕྱོགས་པར་སྒྲུབ་པའི་དོན་ཏོ། །ནོར་འགུགས་པ་ཞེས་བྱ་བ་ནི་གཏེར་ལ་སོགས་པ་བསྡུ་བའོ། །སྤྱན་དྲང་བ་ཞེས་བྱ་བ་ནི་ལྷ་མཉེས་པར་བྱ་བའི་དོན་དུ་ཚིམ་པ་དང་གཟི་བྱིན་བསྐྱེད་པའི་སྦྱིན་སྲེག་བྱེད་པ་སྟེ། དེ་དག་ནི་རྒྱས་པའི་ལས་སོ། །ཞི་བའི་ཆོ་ག་ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། དུས་མིན་འཆི་དང་ནད་རྣམས་དང༌། །ཡམས་ཀྱི་ནད་དང་གནོད་པ་དང༌། །དེ་བཞིན་བགེགས་དང་ནད་འགོ་དང༌། །ཞི་བར་བྱེད་པས་ཞི་ཞེས་བྱ། །ཞེས་གསུངས་སོ། །བྱ་བར་ཤིས་ཞེས་བྱ་བ་ནི་རྒྱས་པ་དང་ཞི་བའི་ལས་ཐབ་ཁུང་ཟླུམ་པོར་བྱས་ན་འགྲུབ་པར་བསྟན་ཏོ། །དགར་ཞེས་བྱ་བ་ནི་གནས་སྔ་མ་ནས་འཕོ་ཞིང་འགྲོ་འདོད་པར་བྱེད་པའི་སྦྱོར་བའོ། །བསྐྲད་པ་ཞེས་བྱ་བ་ནི་མི་མ་ཡིན་པའི་གདོན་རྣམས་ཁོ་ན་ལ་སྟེ། གནས་དེ་ནས་མི་འགྲོ་མི་སྣང་བར་ཚར་བཅད་བའོ། །བསད་པ་
― DTG071_Page_0172 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ། །གཤེད་བྱེད་ཅེས་བྱ་བ་ནི་རོ་ལངས་རྦད་པ་ལ་སོགས་པའོ། །སོགས་པ་དྲག་པོ་རྣམས་ཞེས་བྱ་བ་ནི་དགྲའི་ཡུལ་དུ་ནད་འབྱུང་བ་དང༌། དམག་མནན་པ་དང༌། དབྱེ་བ་ལ་སོགས་པ་གཏོང་བ་དང༌། དེ་ལྟ་བུ་དག་དང་ཆ་མཐུན་པར་སྒྲུབ་པ་ཐམས་ཅད་དོ། །སྲོག་སྐམ་པའམ་ཡན་ལག་གཞིག་པ་ཞེས་བྱ་བ་འདིར་ཡང་དྲག་པོའི་ལས་དང་མཐུན་པར་གསུངས་པ་རྒྱུད་གཞན་ལས་ཐབ་ཁུང་གྲུ་བཞི་པོར་རྒྱས་པའི་ལས་དང་སྦྱར་བ་མི་འགལ་ལོ་ཞེ་ན། ཀླུ་དང་གནོད་སྦྱིན་ལ་སོགས་པ་གཟིར་བ་དང༌། ལྷ་མ་ཡིན་གྱི་ཕུག་གི་འཁྲུལ་འཁོར་ལ་སོགས་པ་ཆོམས་ནས། ཁྱད་པར་གྱི་དཔལ་མངོན་དུ་ཕྱོགས་པའི་ཕྱིར་ཉེས་པ་མེད་དོ། །བུད་མེད་ཅེས་བྱ་བ་ནི་ཡུགས་ས་མོ་ལ་སོགས་པའོ། །བུ་མོ་ཞེས་བྱ་བ་ནི་བདག་འདོད་པ་སྟེ། དེ་བཞིན་དུ་བཟློག་ནས་སྦྱོར་བ་བྱས་པས་ནི་སྐྱེས་པ་ཡང་དབང་དུ་འགྱུར་བར་གོ་བར་བྱའོ། །གྲོང་དང་ཡུལ་འཁོར་འཐོབ་པ་ཞེས་བྱ་བ་ཡང་དབང་གི་ལས་ཀྱིས་འགྲུབ་པའི་ཕྱིར་རོ། །དོན་ཀུན་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའོ། །ལྕི་བ་གཙང་མ་ཞེས་བྱ་བ་ནི་བའི་ལྕི་བ་ས་ལ་མ་ལྷུང་པའོ། །ཐ་མ་ཐོག་ཐག་ཏུ་ཀུ་ཤ་དགྲམ་པར་བྱ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ཙུནདའི་ཆོ་ག་ཞི་བ་མོ་ལས་ཇི་སྐད་དུ། ཀུ་ཤའི་རྩྭ་ནི་རློན་པ་དག །ཐབ་ཁུང་བསྐོར་བའི་ཚུལ་དུ་བཏིང༌། །ཐ་མས་རྩེ་མོ་མནན་ནས་སུ། །རྩ་བ་དག་ཀྱང་རྩེ་མོས་མནན། །ཞེས་གསུངས་པའི་ཕྱིར་རོ། །ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ནི་འདིར་རྡོ་རྗེའི་རིགས་ཀྱི་ཤས་ཆེར་གསུངས་པའི་ཕྱིར། དེ་སྐད་མོས་ཏེ། རིགས་གཞན་ནི་སྐབས་སུ་ཡང་སོ་སོའི་གཙོ་བོ་ལ་རིག་པར་བྱའོ། །ཡམ་ཤིང་མང་པོ་ཞེས་བྱ་བ་ནི་རྣམ་གྲངས་བཅུ་གཉིས་སུ་ཕྱ་བའམ། །ལས་ཀྱི་བྱེ་བྲག་གིས་ཐ་དད་པ་རྣམས་ལས་སྣ་གཅིག་ཡིན་གྱི་འདིར་སྣ་ཚོགས་བ་སོགས་པ་ནི་མ་ཡིན་ནོ། །ཐབ་ཀྱི་དྲུང་དུ་བཞག་སྟེ་ཞེས་བྱ་བ་ནི་སྒྲུབ་པ་པོའི་གཡས་ཕྱོགས་སུ་བཞག་པའི་དོན་ཏོ། །བདུན་ནམ་བརྒྱད་ཅེས་བྱ་བ་ནི་བགེགས་ཀྱི་མཚན་མ་ཆུང་དུ་བྱུང་བའི་ངོ་ལོན་དུ་བསྟན་ཏོ། །བཅུ་ཞེས་བྱ་བ་ནི་འབྲིང་གི་ངོ་ལོན་དུ་བསྟན་ཏོ།།
― DTG071_Page_0173 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉི་ཤུ་ཞེས་བྱ་བ་ནི་བགེགས་ཆེན་པོའི་མཚན་མ་ཞིག་བྱུང་ན་དེས་བཟློག་པར་དགོངས་པའི་དོན་ཏོ། །ཀུ་ཤ་བཏིང་བའམ་ཁྲེས་སམ་རྩྭ་སྟན་ལ། །ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་ལས། ཞི་བ་ལ་ནི་པདྨའི་སྟན། །རྒྱས་པ་ལ་ནི་ཀུ་ཤའི་ཁྲེས། དྲག་ཤུལ་སྤྱོད་ལ་སྟན་མེད་པར། །ཞེས་གསུངས་སོ། །འདུག་ནས་ཞེས་བྱ་བ་ནི་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། སྐྱིལ་ཀྲུང་བཀྲ་ཤིས་བཟང་པོ་སྟེ། །དེ་དག་འདུག་པ་གསུམ་ཡིན་ནོ། །ཞེས་གསུངས་ཏེ། ལས་རྣམ་གསུམ་དང་སྦྱར་རོ། །དྲག་པོ་ལ་ནི་གསང་བའི་དཀྱིལ་འཁོར་ལས། ཇི་སྐད་དུ། རྐང་པས་རྐང་པ་མནན་ཏེ་བྱ། །ཞེས་གསུངས་སོ། །ཤར་ཕྱོགས་ཁ་བལྟས་ཞེས་བྱ་བ་ནི་ལྷ་མཉེས་པར་བྱ་བའི་སྐབས་དང་འབྲེལ་པས། རྒྱས་པའི་ལས་ཀྱི་དབང་དུ་གསུངས་པར་གོ་བར་བྱ་སྟེ། འདིས་ཐམས་ཅད་ལ་མི་བསྒྲེ་བར་གསང་བའི་དཀྱིལ་འཁོར་ལས་ཇི་སྐད་དུ། །བྱང་དུ་ཁ་བལྟས་ཞི་བའི་ཕྱིར། །ཤར་དུ་ལ་བལྟས་རྒྱས་པ་ལ། །ལྷོ་ཕྱོགས་ཁ་བལྟས་དྲག་པོ་ཡི། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །རྫས་རྣམས་ཞེས་བྱ་བ་ནི་སོ་སོའི་ཆོ་ག་ཞི་བ་མོ་དག་ལས་ཇི་སྐད་བཤད་པ་རྣམས་སོ། །མར་དང་སྦྲང་རྩི་འོ་མ་ལ་བཏགས་ནས། །ཞེས་བྱ་བ་ལ། རང་གི་ལྷ་མཉེས་པར་བྱེད་པའི་སྐབས་དང་འབྲེལ་བས་རྒྱས་པའི་དོན་ཉེ་བར་གཟུང་བའི་ཐ་ཚིག་གོ །མེ་ནི་སྟོན་པར་བྱེད་ཅེས་བྱ་བ་ནི་བཟླས་བརྗོད་ལ་ཡང་ཞེན་ལས་ལ་གོམས་ནས་སྦྱིན་སྲེག་བྱས་ན། མེ་ཡང་མཚན་མ་སྟོན་ཏོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་བྱང་ཆུབ་ཀྱི་སྙིང་པོའི་རྒྱུད་ཆེན་པོ་ལས་ཀྱང༌། ལས་དང་པོ་པས་སྦྱིན་སྲེག་བྱས་པས་ནི་བགེགས་ཀྱི་ཟས་སུ་འགྱུར་རོ་ཞེས་གསུངས་སོ། །ཚིག་གི་དོན་གཞན་ནི་གོ་སླ་བས་མ་ཕྱེའོ། །མེ་ཡི་མཚན་མ་འདི་རྣམས་མཐོང་ནས་ནེ། །ཞེས་བྱ་བ་ནི་ངན་པ་རྣམས་བྱུང་ན་ཞེས་བྱ་བའི་དོན་ཏོ། །སྟོབས་པོ་ཆེ་ཡིས་མར་གྱི་སྦྱིན་སྲེག་བྱ། །ཞེས་བྱ་བ་ནི་སྦྱིན་སྲེག་སྔ་མ་བྱེད་པའི་འཕྲོ་གཞག་སྟེ། ཐབ་དེར་བླ་ཐབས་སུ་ཁྲོ་བོའི་རྒྱལ་པོ་དེ་སྤྱན་དྲངས་ལ། མར་གྱི་དགང་
― DTG071_Page_0174 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླུགས་ཉི་ཤུ་རྩ་གཅིག་དབུལ་བས་ནི་ལྟ་ངན་དེའི་ངོ་ལོན་པས་དེ་ནས་སྔ་མའི་འཕྲོ་ནས་བཟུང་སྟེ། རང་གི་ལྷ་ལ་སྦྱིན་སྲེག་དབུལ་བའི་དོན་ཏོ། །སྦྱིན་པ་དག་དང་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ། གཙུག་ཕུད་གཞག་སྟེ་སྐྲ་ནི་བྲེག་པར་བྱ། །ཞེས་གསུངས་པས་སྐྲ་ལས་ཐལ་ཏེ། སྤུ་འདི་དག་བཏོགས་པ་ལ་སོགས་པ་ལ་འཇུག་པ་དགག་པར་བསྟན་ཏོ། །རལ་གྲི་སོ་ལ་འཛིན་ཞེས་པའི་དཔེ་ནི་གོ་བར་ཟད་དོ། །ལེགས་པར་མ་བཟླས་ཞེས་བྱ་བ་ནི་མ་གུས་པའོ། །འབྲས་བུ་མེད་ཅེས་བྱ་བ་ནི་མཐོང་བ་དང་མ་མཐོང་བའི་ཕན་ཡོན་ནོ། །ཕུང་བར་འགྱུར་ཞེས་བྱ་བ་ནི་འཆི་བ་ལ་སོགས་པའི་ཉེན་ཡོད་པའི་དོན་ཏོ། །མི་ནི་ཚུལ་ཁྲིམས་གཙང་སྦྲར་མི་ལྡན་ཡང༌། །ཞེས་བྱ་བ་ལ་སོགས་པས་ནི་འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ལས། དཔེར་ན་མི་ལ་ལས་ཙནྡན་ནམ། ག་པུར་རམ་གུར་ཀུམ་མམ་གླ་རྩི་ཡང་རུང་སྟེ། སྤྱོས་ཤིང་མཚང་བྲུས་ནས། ལུས་ལ་བྱུགས་ཀྱང་ཙནྡན་ལ་སོགས་པ་འདི་སྙམ་དུ་འདིས་བདག་སྤྱོས་ཀྱིས་འདི་ལ་དྲི་ང་བར་བྱའོ་སྙམ་དུ་མི་སེམས་ཏེ། ཆོས་ཀྱིས་དྲི་ཞིམ་པོ་ཁོ་ནར་བྱེད་པ་བཞིན་དུ། བདག་གིས་དོན་ཡོད་ཞགས་པའི་སྙིང་པོ་འདི་ཡང་ཁྲོས་ཏེ་དྲན་ནམ་བཏོན་ཀྱང་དེ་ལ་བསྲུང་བ་དང་བསྐྱབ་པ་དང་སྦེད་པར་བགྱིད་ལགས་སོ་ཞེས་འབྱུང་བ་དང་འགལ་བར་འགྱུར་བའི་ཐེ་ཚོམ་བསལ་བར་བསྟན་ཏོ། །གཞན་ནི་གོ་བར་ཟད་དོ། །ལྷ་དང་ཞེས་བྱ་བ་ལ་སོགས་པས་ནི་གདོན་རྣམས་ཀྱི་རིགས་བསྟན་པའོ། །རི་རབ་སྟེང་གནས་དང་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གི་གནས་བསྟན་ཏོ། །དེ་ལྟར་རིགས་དང་གནས་ཙམ་སྨོས་པས་སྤྱིར་གཉེར་བ་ཡང་གདོན་དེ་དག་རྣམ་གྲངས་མ་ངེས་པས་རེ་རེ་ནས་བརྗོད་ཀྱིས་མི་ལང་བའི་ཕྱིར་རོ། །དེ་དག་བཞེད་ནས་ཞེས་བྱ་བ་ལ་སོགས་པས་ནི་མདངས་ལེན་པ་རྣམས་ལ་བསྔོ་བའི་དོན་ཏོ། །བཏུང་ཞིང་བསྣམས་སུ་གསོལ་ཞེས་བྱ་བ་ནི་ཁམ་གྱིས་ཟ་བ་རྣམས་ལ་སྦྱིན་པར་བསྟན་ཏོ། །དེ་ལྟར་གདོན་ལ་མཆོད་པར་བྱས་ནས་སུ། །ཞེས་བྱ་བ་ནི་དེ་ལ་མཁས་པ་དག་ན་རེ། བདེན་བྲལ་གྱི་ཕྱོགས་
― DTG071_Page_0175 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་རྒྱང་བསྲིངས་ཏེ་བྱའོ་ཞེས་ཟེར་རོ། །ལས་འདི་རྣམས་ནི་འབྲས་བུ་མཆིས་པར་མཛོད། །ཅེས་བྱ་བ་ནི་དེ་དག་ལ་ལས་བཅོལ་བར་བསྟན་ཏོ། །དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པར་བྱ། །ཞེས་བྱ་བ་ནི་དེའི་འོག་ཏུ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་རེ་རེ་ནས་མཆོད་པར་བྱ་བའི་དོན་ཏོ། །ཅིའི་ཕྱིར་གདོན་རྣམས་ལ་སྔར་མཆོད་ཅེ་ན་དེ་དག་གཏུམ་ཞིང་མྱུར་དུ་འཚེ་བའི་ཕྱིར་རོ། །ལྷ་རྣམས་ཀུན་དང་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་སྐྱོང་བ་དེ་དག་ཀྱང་འཁོར་དང་བཅས་པར་མཆོད་པའི་ཐ་ཚིག་སྟེ། འདིར་འཁོར་མ་སྨོས་པ་རྣམས་ཀྱང༌། རིག་པ་མཆོག་གི་རྒྱུད་དག་ལས་གསུངས་པ་བཞིན་བརྗོད་པར་བྱ་སྟེ། འདིར་ནི་ཡི་གེ་མངས་སུ་དོགས་པས་མ་སྤྲོས་སོ། །དེ་ལྟར་གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་གཏོར་མ་གཏོང་བའི་ཕན་ཡོན་བསྟན་པའོ། །ལེའུ་བརྒྱད་པའི་དོན་བཤད་ཟིན་ཏོ།། །།དེ་བཞིན་གཤེགས་པ་ལ་སྐུ་མཚལ་འབྱིན་ཞེས་བྱ་བ་ནི་ཞེས་དང་དྲག་པོས་དེའི་སྐུའི་ཡན་ལག་ལ་བཅད་པའི་ངན་སེམས་བསྐྱེད་པའོ། །མཚམས་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཉིད་མཚམས་སྦྱོར་བ་ན། སྐྱེ་གནས་གང་གིས་ཀྱང་བར་དུ་མི་ཆོད་པར་མནར་མེད་པའི་དམྱལ་བར་ངེས་པར་སྦྱོར་བའི་དོན་ཏོ། །ཕུང་པོ་འདི་ལ་ཞེས་བྱ་བ་ནི་ད་ལྟར་གྱི་ལུས་ཉེ་བར་ལེན་པས་ཟིན་པའོ། །མཆོད་རྟེན་ཞེས་བྱ་བ་ནི་སྐུ་གཟུགས་དང་སྐུ་གདུང་བཞུགས་པའི་མཆོད་རྟེན་དང་ལུང་གི་ཆོས་སོ། །འཇིག་ཅེས་བྱ་བ་ནི་དེ་དག་གཏན་དུ་མི་སྣང་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ས་ཆེན་པོ་ལ་གནས་པའོ། །སློབ་པ་ཞེས་བྱ་བ་ནི་མོས་པའི་ས་ལ་གནས་པའོ། །མཚམས་མེད་པ་དང་ཉེ་བ་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་དང་མི་བཟད་པར་འདྲ་བ་ལས། །དགེ་བའི་ལས་དྲག་པོ་དག་གིས་དེ་ལས་བཟློག་པ་དག་སྲིད་པ་ནི་བྱེ་བྲག་གོ །ཚུལ་ཉམས་པ་ཞེས་བྱ་བ་ནི་མཐོ་རིས་དང་བྱང་གྲོལ་ཐོབ་པའི་རྒྱུ་མེད་པར་གྱུར་པའོ། །བསྐལ་པའི་བར་དུ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་གཅིག་ཏུ་ཞེས་བྱ་བའི་དོན་ཏོ། །མནར་མེད་པ་ཡི་སྡུག་བསྔལ་མྱོང་བར་འགྱུར། །ཞེས་བྱ་བ་
― DTG071_Page_0176 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་ཕྱོགས་དྲུག་ནས་མེ་འབར་བ་འཁྲིགས་པས་སེམས་ཅན་རྣམས་ཀྱི་པགས་པ་དང་ཤ་དང་རྒྱུས་པ་དང་རུས་པ་དང་རྐང་མར་མེའི་སྙིང་པོ་ལ་ཞེན་པ་བཞིན་དུ་ལུས་པོ་ལ་ཁྱབ་ནས། །དེ་ནས་ཉམ་ཐག་པའི་ང་རོ་མ་གཏོགས་པར་འདི་དག་ནི་སེམས་ཅན་ནོ། །འདི་དག་ནི་མེ་ཡིན་ནོ་ཞེས་དབྱེ་བར་མི་ནུས་པའི་ཕྱིར་སྡུག་བསྔལ་བརྒྱུད་པའི་བར་མཚམས་མེད་པའི་དམྱལ་བ་མནར་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་སྐུ་སྤོང་བ་ཞེས་བྱ་བ་ནི་འཐོབ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པའོ། །བསླབ་པའི་ཚིག་མ་ལུས་པས་བརྒྱན་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་ལ་གནས་པའོ། །ངན་པའི་སེམས་ཞེས་བྱ་བ་ནི་ཞེ་སྡང་གིས་དཀྲུགས་པའོ། །དཀའ་བར་སྤྱོད་པར་ལྡན་ཞེས་བྱ་བ་ནི་དཀའ་ཐུབ་ཁྱད་པར་ཅན་རླུང་ཟ་བ་ལ་སོགས་པ་བྱེད་པའོ། །དངོས་གྲུབ་མི་ཐོབ་ཅེས་བྱ་བ་ནི་ཤིང་ཏཱ་ལའི་མགོ་བཅད་པ་བཞིན་དུ། དངོས་གྲུབ་ཐོབ་པའི་སྐལ་བ་ཅན་དུ་སླར་གསོར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །བདག་ཉིད་མནར་མེད་ཡུན་རིང་དམྱལ་བར་བཙོས། །ཞེས་བྱ་བ་ནི་གོང་མ་གཉིས་དང་མཐུན་པར་བསྟན་ཏེ། སྐྱེ་གནས་གཞན་གྱིས་བར་དུ་མཆོད་པ་སྲིད་པ་དང༌། བསྐལ་བར་མི་གནས་པ་ནི་བྱེ་བྲག་གོ །མདོར་བཤད་པའོ་ཞེས་བྱ་བ་དང་མཚམས་མེད་པ་དང་མཐུན་པའི་ཆོས་འདིར་མ་སྨོས་པ་རྣམས་ཀྱང༌། དེ་དག་དང་འདྲ་བར་སྡིག་ལྕི་བར་བསྟན་ཏོ། །བྱང་ཆུབ་སེམས་ནི་བླངས་པ་ལས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྡོམ་པ་མནོས་པ་སྟེ། སྨོན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་དོན་ཏོ། །རྨོངས་པས་ཞེས་བྱ་བ་ནི་སྒྲུབ་པ་པོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་མི་མཁས་པ་ཁ་ཅིག་གོ །དེ་ལ་མི་དགར་གྱུར་ནས་སུ། །ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་གཞན་ལ་ཕྱག་བྱས་ན་དེ་དག་གི་དཔལ་འབྲི་བར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་ན་སེམས་ནི་དང་བ་ཡིས། །ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སྡོམ་པ་མནོས་པའི་སྐྱེས་བུ་དེ་མཆོད་པའི་གནས་ཡིན་པར་བསྟན་ཏོ། །བསླབ་པ་མཐའ་དག་བླངས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པ་གསུམ་པོ་དག་མནོས་
― DTG071_Page_0177 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་ཞེས་བྱ་བ་ནི་སྙིང་རྗེ་ལ་གནས་པས་ལྷག་པར་སྲོག་གཅོད་པ་ལ་སོགས་པའི་ཐོ་འཚམ་པ་སྤོང་བའི་སྡོམ་པ་ལེན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ལྟུང་བ་ནི་ཕལ་ཆེར་ཞེ་སྡང་ལས་བྱུང་གི་ཞེས་བཤད་པ་ལྟ་བུའོ། །དཀོན་མཆོག་གསུམ་གྱི་གདུང་ཡང་བསབས་པ་ཡིན། །ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བརྟེན་ནས། བླ་ན་མེད་པའི་སངས་རྒྱས་སུ་གྲུབ་ན། དམ་པའི་ཆོས་འཆད་ཅིང་འཕགས་པའི་དགེ་འདུན་གྱི་ཚོགས་ཀྱང་སྡུད་པའི་དོན་ཏོ། །མི་བཟད་པའི་ལས་བྱེད་ཅེས་བྱ་བ་ནི་སེམས་ཅན་ལ་རྡེག་པ་དང་འཆིང་བ་དང༌། གོ་རར་འཇུག་པ་ལ་སོགས་པའི་གནོད་པའི་སྦྱོར་བས་ཐོ་འཚམ་པའོ། །ཐུབ་གསོད་ཅེས་བྱ་བ་ནི་ལུས་དང་ངག་མི་དགེ་བ་ལས་སྡོམ་པའི་དྲང་སྲོང་རྣམས་སྲོག་དང་བྲལ་བར་བྱེད་པ་སྟེ། འདིར་ནི་འཇིག་རྟེན་པ་རྣམས་ལ་གོ་བར་བྱ་བའོ། །གཞན་ནི་བརྡ་ཕྲད་པར་ཟད་དོ། །ཕན་གནོད་བྱས་པའི་དགེ་སྡིག་མཐའ་མི་རྟོགས། །ཞེས་བྱ་བ་ནི། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་སྟེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། །དེ་ཡི་འབྲས་བུ་དེ་ལས་ལྷག་པར་འཕེལ། །ཞེས་བཤད་པའི་ཕྱིར་རོ། །ཕ་རོལ་དུ་ཡང་གྲུབ་མི་ཐོབ། །ཅེས་བྱ་བ་ནི་སེམས་ཅན་ལ་ཐོ་འཚམ་པའི་རྣམ་པ་དེ་དག་གོང་མ་དག་པས་ལྕི་བར་བསྟན་པའི་དོན་ཏོ། །བདུད་ཀྱི་དགྲ་ཞེས་བྱ་བ་ནི་སངས་རྒྱས་དེ་བདུད་ནག་པོའི་ཕྱོགས་མེ་ཏོག་མདའ་ལ་སོགས་པས་དགྲར་བཟུང་བའི་ཕྱིར་རོ། །དེ་ཡང་ཉེ་བར་བསྟན་པར་ཟད་ཀྱི་དངོས་སུ་འཇིག་རྟེན་ལས་འདས་པའི་གསང་སྔགས་ཐམས་ཅད་དང༌། དཀོན་མཆོག་གསུམ་ལ་ཕུལ་བའི་མེ་ཏོག་ཀུན་ལ་གོ་བར་བྱའོ། །བཀྲེས་པས་གདུངས་ཀྱང་ཞེས་བྱ་བ་ནི་གོང་དུ། འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང༌། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ཞེས་བྱ་བ་ཉིད་ཀྱི་རྣམ་གྲངས་བསྟན་པའོ། །
― DTG071_Page_0178 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇིགས་ཀྱང་ཕྱག་མི་བྱ་ཞེས་བྱ་བ་ནི། །རྨོངས་པས་འཇིག་རྟེན་ལྷ་ཚོགས་ཕྱག་བྱས་ན། །དེ་དག་དེ་ལ་མི་དགར་གྱུར་ནས་སུ། །ཞེས་བྱ་བ་ཉིད་ཀྱི་རྣམ་གྲངས་རྒྱས་པར་འདིར་བསྟན་ཏོ། །དེ་རྣམས་ཆོས་ལ་ངན་སེམས་མི་བྱ་ཞིང༌། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། གསང་བའི་བདག་པོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་འཁོར་བ་ན་ཀུན་དུ་འཁྱམས་བ་རྣམས་ཀྱི་དབུགས་འབྱིན་པའི་མཆོག་ཡིན་ཏེ་ཞེས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །གཞན་ནི་གོ་བར་ཟད་དོ། །བདེ་བར་གཤེགས་པ་ཀུན་གྱིས་བསྟེན་པའི་གནས། །ཞེས་བྱ་བ་ནི་རྡོ་རྗེའི་གདན་ལ་སོགས་པའི་མཆོད་རྟེན་བརྒྱད་དོ། །རྒྱལ་སྲས་རྣམས་ཞེས་བྱ་བ་ལ་སོགས་པས་ནི་བཀུར་སྟིའི་གནས་རྣམས་བརྗོད་པའོ། །དད་པས་རྒྱལ་བའི་ཐུགས་སྲས་ལ་ཕྱག་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་ཕྱིར་ཞིང་སྐྱེས་ཏེ། དེ་ལས་སངས་རྒྱས་ཉིད་ཀྱི་གོ་འཕང་དུ་འབྱུང་བའི་ཕྱིར་རོ། །བདེ་བར་གཤེགས་པ་མིན་ཞེས་བྱ་བ་ནི་དགོངས་པའི་དོན་མི་ཤེས་པ་དག་ལྷག་མ་མེད་པའི་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས། དེ་ལས་སྔ་མ་ལྷག་པར་ནན་ཏན་གྱིས་གུས་པར་ཕྱག་མི་འཚལ་བ་དག་སྲིད་ཅེས་བྱ་བའི་ཐ་ཚིག་གོ །དགོངས་པ་ནི་འདི་ཡིན་ཏེ། །ལ་ལར་རྫོགས་པར་བྱང་ཆུབ་སྟོན། །ལ་ལར་མེད་བཞིན་མྱ་ངན་འདས། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་ཇི་སྐད་བཤད་པའོ། །འཇིག་རྟེན་ཀུན་གྱི་མངོན་མཐོའི་བསླབ་པ་ཅན། །ཞེས་བྱ་བ་ནི་སྡོམ་པ་ནོད་པ་ཉིད་ཀྱི་ཚེ་ན་ཇི་སྐད་དུ། དུས་འདི་ནས་བཟུང་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ། སེམས་ཅན་ཐམས་ཅད་སྒྲོལ་བ་དང༌། །སེམས་ཅན་ཐམས་ཅད་སྒྲོལ་བ་དང༌། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སེམས་ཅད་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ་ཞེས་སྡོམ་པ་བླངས་པའི་ཕྱིར་རོ། །སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་དུ་ནི། །སྐྱེ་བ་ལེན་པ་ཞེས་བྱ་བ་ནི་སྐྱེ་བ་ལ་དབང་
― DTG071_Page_0179 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐོབ་ཀྱིས་ཀྱང་གང་དང་གང་དུ་སེམས་ཅན་གདུལ་བ་ཡོད་པ་དེ་དང་དེར་སྐྱེ་བ་ལེན་གྱི་ཞིང་དག་པ་དག་ཁོ་ནར་ངེས་པར་སྐྱེ་བ་མི་འཛིན་པའི་དོན་ཏོ། །སྐྱེས་བུ་བསམ་ཡས་ཞེས་བྱ་བ་ནི་རིག་པའི་གནས་ལྔ་ལ་འབྱམས་པས། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྒྲུབ་པའི་ཐ་ཚིག་གོ །རྨད་བྱུང་རྫུ་འཕྲུལ་ཅན་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ལ་མེད་པའི་ཆོ་འཕྲུལ་སྣ་ཚོགས་སྟོན་པའི་ཐ་ཚིག་གོ །དེ་ལ་རྒྱལ་བ་ཐམས་ཅད་ཐུགས་བྱུང་ནས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་མ་གུས་པའི་སྡིག་གི་མཐུ་ལས་བྱུང་བའི་སྒྲིབ་པས་ཐུགས་རྗེས་བསྐྱང་བར་དགོངས་པ་ལས། སྤྱན་རས་ཀྱིས་འཚོ་བའི་སྐལ་བ་མེད་པར་གྱུར་པ་སྟེ། ཇི་སྐད་དུ། ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་བསྒྲིབ་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས། །སེམས་ཅན་གྱི་ནི་ཉེས་པས་བསྒྲིབས། ཞེས་བཤད་པའི་ཕྱིར་རོ། །གཞན་ནི་གོ་བར་ཟད་དོ། །ཁྲོ་ལ་ཁྲོ་བ་དང་ཞེས་བྱ་བ་ནི་ཁྲོ་བོས་འདུལ་བ་རྣམས་ལ་འཕགས་པ་བདུད་རྩི་ཐབ་སྦྱོར་ལ་སོགས་པས་ཁྲོ་བོའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །ཞེས་བྱ་བ་ནི་ཟང་ཟིང་ལ་ཆགས་ཏེ་ཁྱིམ་གྱི་གནས་ནས་འཕགས་མི་ནུས་པ་རྣམས་གདུལ་བའི་དོན་དུ་ནི་འཕགས་པ་དྲི་མ་མེད་པར་གྲགས་པ་ལ་སོགས་པ་བཙུན་མོའི་འཁོར་དང་བཅས་པ་ལྟ་བུར་སྟོན་པའོ། །བྱང་ཆུབ་མཆོག་གནས་ཞེས་བྱ་བ་ནི་དོན་དམ་པའི་རྟོག་པས་ཆོས་ཀྱི་དབྱིངས་ལ་གནས་པའི་ཕྱིར་རོ། །ལས་དང་རྣམ་སྨིན་མཁྱེན་པ་ཡིས། །ཞེས་བྱ་བ་ནི་ཁམས་དང་བག་ལ་ཉལ་རྫོགས་པས་ཀུན་བརྗོད་པའི་ཆོ་འཕྲུལ་སྟོན་པའི་དོན་ཏོ། །འགྲོ་བ་ཀུན་དང་ཇི་ལྟ་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱི་རྗེས་སུ་ཆགས་མཛད་པ། །ཞེས་བྱ་བ་ནི་ཁྲོ་བོ་དང་ཞི་བ་ལ་སོགས་པའི་གཟུགས་ཐ་དད་པ་རྣམས་ཀྱིས་གདུལ་བྱའི་འགྲོ་བ་རྣམས་ཡིད་མགུ་བར་བྱེད་པའི་སྒོ་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཞེས་བྱ་བའི་ཐ་ཚིག་གོ །སྔགས་ཀྱིས་རྣམ་འདྲེན་ཞེས་བྱ་བ་ནི་གསང་སྔགས་ཀྱི་
― DTG071_Page_0180 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་བཞིན་རྣམ་པ་དྲུག་ཏུ་ཕྱེ་སྟེ། རྗེས་སུ་བསྟན་པས། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་སེམས་ཅན་རྣམས་བཀོད་པའི་ཕྱིར་རྗེས་སུ་བསྟན་པའི་ཆོ་འཕྲུལ་སྟོན་པའི་དོན་ཏོ། །ལེའུ་དགུ་པའི་དོན་བཤད་ཟིན་ཏོ།། །།གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །ཅེས་བྱ་བ་ནི་གཙུག་ཏོར་རྣམས་དང་ཡུམ་རྣམས་དང༌། ཁྲོ་བོ་རྣམས་དང་དེ་བཞིན་ཁྲོ་མོ་དང༌། ཕྱག་བརྙན་ལ་སོགས་པ་དང༌། གཞན་ཡང་དེ་བཞིན་གཤེགས་པའི་རིགས་སུ་བསྡུ་བའི་བྱང་ཆུབ་སེམས་དཔའ་རྣམས་དང༌། །གནས་གཙང་མའི་ལྷ་རྣམས་སུ་རྣམ་གྲངས་དུ་མར་ཕྱེ་བ་དག་གོ །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །ཞེས་བྱ་བ་ནི་ཤློ་ཀའི་གྲངས་སོ། །རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི་རིག་སྔགས་འཆང་རྣམས་ཀྱི་བསླབ་པའི་གཞི་དང༌། ལྟ་བའི་ཀླུང་གིས་གྲུབ་པའི་མཐའ་འདི་ཉིད་ཀྱི་སྟོན་པའི་དོན་ཏོ། །རྒྱལ་བས་གསུངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་དུ་མཛད་ནས་བཀའ་སྩལ་པའོ། །ངས་ནི་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེས་གསུངས་པ་རྣམས་སོ། །གསང་བ་པ་རྣམས་གཞོམ་པ་ཞེས་བྱ་བ་ནི་དེས་ཁྱད་པར་དུ་གནོད་སྦྱིན་ལ་སོགས་པ་གདུལ་བར་བསྟན་ཏོ། །དབུལ་བའི་སྡུག་བསྔལ་སེལ་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་དཔལ་གྱི་སྒོ་འབྱེད་པ་དང༌། གཏེར་དབྱུང་བའི་ཆོ་ག་ལ་སོགས་པས་སེམས་ཅན་རྣམས་ལ་ཕན་འདོགས་པའི་དོན་ཏོ། །ཕ་ཉ་མོ་བཅུ་ཞེས་བྱ་བ་ནི་རིགས་པ་མཆོག་གི་རྒྱུད་ཆེན་པོ་ལས། རྡོ་རྗེའི་བློ་གྲོས་མ་དང༌། དྲིལ་བ་ས་དང༌། ནག་མོ་དང༌། གཞན་གྱིས་མི་ཐུབ་མ་དང༌། མཛེས་མ་དང༌། ཤུགས་དང༌། ཐོག་ཐག་དང༌། བདེན་དང༌། ཉི་མ་དང༌། རྡོ་རྗེའི་དབྱུག་པ་མ་ཞེས་འབྱུང་བ་དག་གོ །རིག་པའི་རྒྱལ་པོ་བདུན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས། རབ་ཏུ་གྲུབ་བ་དང༌། དབུ་རྒྱན་རྩེ་གསུམ་དང༌། བཛྲ་ཀི་ལི་ཀི་ལ་དང༌། རིན་ཆེན་ཀི་ལི་ཀི་ལ་དང༌། གཟུགས་ལེགས་དང༌། རྡོ་རྗེའི་ཐིགས་པ་དང༌། རྡོ་རྗེའི་རོལ་པའོ། །དེ་བཞིན་ཕྱག་བརྙན་དྲུག་ཅུ་རྩ་བཞི་དང༌། །ཞེས་བྱ་བ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། རྡོ་རྗེའི་ལྟ་བ་ལ་
― DTG071_Page_0181 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་པ་འབྱུང་བ་རྣམས་ཏེ། དངོས་སུ་ཕོ་ཉ་མོ་བཅུའི་ཕྱག་བརྙན་ཡིན་ནོ། །ང་ཡི་སྙིང་པོ་དམ་པ་བརྒྱད་རྣམས་དང༌། །ཞེས་བྱ་བ་ནི་འཕགས་པ་སྟོབས་པོ་ཆེའི་ཆོ་ག་ཞིབ་མོ་དང༌། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། སྙིང་པོ་ནི་ཀི་ལི་ཀི་ལ་དང། འགྲོ་ལྡིང་དང༌། ལུས་དམར་དང༌། རྡོ་རྗེ་རྣམ་པར་འཇོམས་པ་དང༌། རྡོ་རྗེ་རྒྱ་ཆེན་དང༌། སྙིང་པོའི་མཆོག་དང༌། སོག་མེད་གཏུམ་པོ་དང༌། དཔལ་ལྡན་ཞི་བར་གྲགས་པ་ཞེས་བྱ་བ་དག་སྟེ། ལྷ་དེ་རྣམས་ནི་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་ཡོན་ཏན་གྱི་ཁྱད་པར་ལས་བརྒྱད་དུ་ཕྱེ་བར་རིག་པར་བྱའོ། །ཁྲོ་བོ་དྲག་པོ་ཞེས་བྱ་བ་ནི་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། ཚོགས་བརྒྱད་བཤད་པ་དག་སྟེ། བདུད་རྩི་ཐབ་སྦྱོར་དང༌། རྨུགས་བྱེད་དང༌། རྫོང་ལྡན་དང༌། མཚན་སྦྱིན་དང༌། ལྕགས་ཅན་དང༌། སོ་ཅན་དང༌། གསར་ཅན་དང༌། གཏུམ་བྱེད་དག་གོ ། རིག་པ་མཆོག་ལ་སོགས་པ་མཐུ་བོ་ཚེ་རིག་པའི་བདག་པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས། རིག་པའི་རྒྱལ་པོ་གཞན་བསྟན་ཏེ། རིག་པ་མཆོག་དང༌། གླང་པོའི་རྣ་བ་དང༌། གནོད་མཛེས་དང༌། བསྡིགས་སུ་རུང་བ་དང༌། འཕྲོག་བྱེད་དང༌། རྡོ་རྗེའི་ཞགས་པ་དག་གོ །གསང་སྔགས་རྗེས་སུ་འབྲང་བཅས་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་རྣམས་ཀྱི་རྗེས་སུ་འབྲང་བའི་ལྷའི་བྱེ་བྲག་མང་པོར་བསྟན་པ་རྣམས་སོ། །དེ་ཡི་རིག་སྔགས་བདག་པོ་རྟ་མགྲིན་དང༌། །ཞེས་བྱ་བ་ནི་པདྨའི་རིགས་ཀྱི་གསང་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་དོན་ཏོ། །དེ་ཡི་མིང་ཅན་དཀྱིལ་འཁོར་ཞེས་བྱ་བ་ནི་དཔལ་རྟ་མགྲིན་པདྨའི་རིགས་ཀྱི་རིག་པའི་རྒྱལ་པོ་ཡིན་པས། དཔལ་སྡོམ་གྱི་རྒྱུད་ལ་སོགས་པ་ལས། རབ་ཏུ་གནས་པའི་དཀྱིལ་འཁོར་འབྱུང་ངོ་ཅོག་ལ་དེའི་མིང་ཅན་ཞེས་གདགས་ཏེ། འཕགས་པ་རྟ་མགྲིན་ཉིད་ཀྱི་ཁྱད་པར་གྱི་དཀྱིལ་འཁོར་འབའ་ཞིག་ལ་གདམས་པ་ནི་མ་ཡིན་ནོ། །དོན་ཡོད་ཞགས་པ་བདུན་བསྟན་པ། །ཞེས་བྱ་བ་ནི་བཤད་མ་ཐག་པའི་དོན་ཡོད་པའི་ཞགས་པ་དྲུག་དང་དཔལ་རྟ་མགྲིན་དང་བདུན་ནོ། །ཉི་མ་བདུན་ལྟར་འབར་ཞེས་བྱ་བའི་དཔེས་ནི་སྒྲུབ་པ་པོའི་ལས་དང་ཉོན་མོངས་པ་ཐམས་ཅད་
― DTG071_Page_0182 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྲེག་ཅིང་མངོན་པར་མཐོ་བའི་དཔལ་ཡང་འབར་བར་བྱེད་པའི་དོན་ཏོ། །དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ། །ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་ཡིན་པས། དེ་དག་གི་དཀྱིལ་འཁོར་ལ་ཡང་དབང་བསྒྱུར་བར་བསྟན་ཏོ། །མི་ལ་མཆོག་སྦྱིན་ཞེས་བྱ་བ་ནི་དམ་པ་བརྒྱད་ལ་སོགས་པ་སྟེར་བའི་དོན་ཏོ། །འཇིག་རྟེན་གསུམ་གྱིས་འདུད་ཅེས་བྱ་བ་ནི་ལྷའི་རིགས་དང་མིའི་རིགས་དང༌། ཀླུའི་རིགས་རྣམས་ཀྱིས་མཆོད་གནས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ །སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་ནི་པདྨའི་རིགས་ཀྱི་ཡུམ་བརྒྱད་ཡོད་པར་བསྟན་པའོ། །དེ་དག་དཀྱིལ་འཁོར་ཞེས་བྱ་བ་ནི་ཡུམ་དེ་རྣམས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཐ་ཚིག་གོ །སྣ་ཚོགས་གཟུགས་ཅན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཚུལ་ཐ་དད་པ་དང༌། འཁོར་སྣ་མང་བར་བསྟན་ཏོ། །ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན། །ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་ལྷ་རེ་རེ་ལ་ཡང་ཕྱག་རྒྱ་དུ་མ་དང་བཅས་པའི་ཕྱིར་རོ། །རྒྱས་པའི་གསང་སྔགས་རྒྱུད་དུ་ཞེས་བྱ་བ་ནི་རིགས་བཞི་པར་བསྟན་པའོ། །འོག་པག་ཅན། རིག་པའི་དབང་ཕྱུག་གསང་སྔགས་བདག་མོར་གསུངས། །ཞེས་བྱ་བ་ནི་རིགས་བཞི་པ་འདིས་གསང་སྔགས་ཐམས་ཅད་ལ་དབང་བསྒྱུར་བར་བསྟན་ཏོ། །དངོས་སུ་ལྔས་རྩེན་གྱི་བཙུན་མོ་འཕྲོག་མ་ཡིན་ནོ། །དེ་ལ་ལྔས་རྩེན་ཡང་ནི་མངོན་པར་དགའ། །ཞེས་བྱ་བ་ནི་རིགས་ཀྱི་བདག་པོས་དེ་རྒྱལ་མོར་བསྒོ་བར་དགའ་བའི་དོན་ཏོ། །གནོད་སྦྱིན་དབང་ཕྱུག་ཅེས་བྱ་བ་ནི་རྒྱས་པའི་རིགས་ལ་གཏོགས་པའི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་སོ། །དེ་དང་རྟག་ཏུ་མཐུན་པ་ཞེས་བྱ་བ་ནི་ལྔས་རྩེན་དང་གནོད་སྦྱིན་གྱི་གཙོ་བོ་རྣམས་བློ་མཐུན་པས། འོག་པ་ཅན་འདིས་རྒྱས་པའི་རིགས་ཀྱི་གསང་སྔགས་ཀྱི་བདག་མོར་དབང་བསྐུར་བའི་དོན་ཏོ། །དེ་ཡི་བཀའ་ཡིས་གསང་སྔགས་ཚོགས་རྣམས་བཤད། །ཅེས་བྱ་བ་ནི་འོག་པག་ཅན་རྒྱས་པའི་རིགས་ཀྱི་རྒྱུད་རྣམས་བཤད་ཅེས་བྱ་བའི་ཐ་ཚིག་གོ །ལྔས་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། །ཞེས་བྱ་བ་ནི་རྒྱས་པའི་རིགས་ལ་ལྔས་རྩེན་གྱི་རྒྱུད་དུ་གྲགས་པ་ནི་ཤློ་ཀ་ཉི་ཁྲིའོ། །དེ་ཡི་ཆུང་མ་ཞེས་བྱ་བ་ནི་འཕྲོག་མ་ཉིད་དེ། དེའི་ཕྱེད་
― DTG071_Page_0183 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཤད་དོ་ཞེས་བྱ་བ་ནི་ཤློ་ཀ་ཁྲི་བཤད་པའི་དོན་ཏོ། །ནོར་གྱི་བདག་པོ་ཞེས་བྱ་བ་ནི་རིགས་ལྔ་པ་ནོར་བུའི་རིགས་བསྟན་པ་སྟེ། དངོས་སུ་དཔལ་ནོར་བུ་བཟང་པོའོ། །སྟོང་ཕྲག་སུམ་ཅུ་ཞེས་བྱ་བ་ནི་ནོར་བུའི་རིགས་ལ་དཔལ་ནོར་བུ་བཟང་པོའི་རྒྱུད་དུ་གྲགས་པ་ནི་ཤློ་ཀ་སུམ་ཁྲི་བཤད་པར་བསྟན་ཏོ། །གང་པོའི་ཕ་ཞེས་བྱ་བ་ནི་ལྷའི་དྲང་སྲོང་རྣམ་ཐོས་ཞེས་བྱ་བ་ཡིན་ནོ། །ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ། དད་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས་བཤད། །ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་གནང་ཞིང་རྗེས་སུ་ཐུགས་རངས་ནས་སོ་སོ་ནས་བཤད་པའོ། །གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པས་བསྐྱེད་པའི་རིགས་བཞི་པོ་དེ་དག་གི་བགབ་ཏུ་མ་བསྡུས་པའོ། །གཞན་ནི་གོ་བར་ཟད་དོ། །ངས་བཤད་གང་ཡིན་དེ་ཞེས་བྱ་བ་ནི་འཇིག་རྟེན་པའི་རིགས་རྒྱལ་བ་ལ་དད་པ་རྣམས་སོ། །བཞི་པོ་འདི་དག་རྣམ་པར་སྦྱང་བར་བྱ། །ཞེས་བྱ་བ་ནི་དེ་དག་གི་རིགས་བཞི་པོའི་བགབ་ཏུ་ཕལ་ཆེར་འདུས་པར་བསྟན་ཏོ། །གང་གཞན་ལ་ལ་འདི་ན་གནས་མེད་པར། །ཞེས་བྱ་བ་ནི་རིགས་བཞིར་མ་བསྡུས་པ་རྣམས་སོ། །བདེ་བར་གཤེགས་ལ་བརྟེན་ཞེས་བྱ་བ་ནི་དད་པས་སངས་རྒྱས་ཀྱི་སྤྱན་སྔར་སོ་སོའི་ཆོ་ག་ཞིབ་མོ་བཤད་པའོ། །ཡོངས་འཁྱམ་པ་ཞེས་བྱ་བ་ནི་དེ་དག་རིགས་ལྔ་ཆར་གྱིས་མ་བསྡུས་པའི་དོན་ཏོ། །དེ་བཞིན་གཤེགས་པའི་རིགས་སུ་མ་བསྡུས་སམ་ཞེ་ན། དེའི་རིགས་སུ་གཏོགས་པ་ནི་གཙུག་ཏོར་ལ་སོགས་པ་ཡེ་ཤེས་ལས་བྱུང་བ་ཡིན་ལ། འདི་དག་ནི་རྣམ་པར་སྨིན་པས་བསྐྱེད་པའི་ཕྱིར་རོ། །མདོ་སྡེ་འདིར་ནི་ཞེས་བྱ་བ་ནི་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་འདིར་ཞེས་བྱ་བའི་དོན་ཏོ། །དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་ནི་འཕགས་པའི་རིགས་ལྔ་དང༌། འཇིག་རྟེན་པའི་རིགས་དང་དྲུག་ཅར་རོ། །རྣམ་པར་སྦྱང་ཞེས་བྱ་བ་ནི་རྒྱུད་འདི་ཆོ་ག་ཐམས་ཅད་ལ་སྦྱར་བར་བསྟན་ཏོ། །སྲིད་པ་གསུམ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའོ། །རྒྱལ་བ་ཞེས་བྱ་བ་ནི་སངས་རྒྱས་སོ། །དཀོན་པ་ཞེས་བྱ་བ་ནི་ཨུ་དུམྺཱ་རའི་མེ་ཏོག་དང་འདྲ་བའི་དོན་
― DTG071_Page_0184 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏོ། །མཆོག་ཅེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུ་ལྟར་དེ་དང་ཡོན་ཏན་མཉམ་པ་མེད་པའི་ཕྱིར་རོ། །དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས། །ཞེས་བྱ་བ་ནི་རང་གི་དོན་དུ་རྟོགས་པའི་ཆོས་ཐུགས་སུ་ཆུད་པ་དང༌། གཞན་གྱི་དོན་དུ་ལུང་གི་ཆོས་ངེས་པར་བསྟན་པ་རྣམས་སོ། །དེའི་དགེ་འདུན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་འཕགས་པ་ཉན་ཐོས་རྣམས་སོ། །སྐྱེས་ཆེན་བརྒྱད་པོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་ཟུང་བཞི་ཡ་བརྒྱད་དོ། །སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ། །ཞེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་སྟི་བྱ་བའི་འོས་བླ་ན་མེད་པར་བསྟན་ཏོ། །གཞན་ནི་གོ་བར་ཟད་དོ། །བདེ་བར་གཤེགས་པ་མིན་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་མི་ཕྱོགས་པ་རྣམས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལམ་ལ་གནས་པ་དང་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་ཕྱོགས་པའོ། །དད་པ་མེད་ཅིང་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཕྱོགས་ལམ་དད་པའོ། །ཚུལ་འཆོས་ཞེས་བྱ་བ་ནི་གཞན་ལ་སླུ་བའི་བསམ་པས་གསང་སྔགས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་ལ་དད་པ་ལྟར་སྤྱོད་ལམ་བསྒྱུར་བའོ། །འཇུངས་པ་ཞེས་བྱ་བ་ནི་སེར་སྣས་ཀུན་ནས་དཀྲིས་པའོ། །གཞན་ནི་གོ་སླ་བས་མ་ཕྱེའོ། །གང་གི་ང་ཡི་རྗེས་སུ་འབྲང་བའི་གདོན། །འབྱུང་པོ་ཀླུ་དང་གནོད་སྦྱིན་ཤ་ཟ་ཡི། །ཞེས་བྱ་བ་ནི་རྣམ་པར་སྨིན་པས་བསྐྱེད་པའི་འཇིག་རྟེན་ལས་མ་འདས་པ་དེ་དག་ཕྱག་ན་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་བཏུལ་ནས། སོ་སོ་ནས་དམ་ཚིག་ཕུལ་ཏེ་རྡོ་རྗེའི་རིགས་སུ་བསྡུས་པ་རྣམས་སོ། །ང་ཡི་སྔགས་ཟློས་རྡོ་རྗེ་ཐོགས་པ་དང༌། །ཞེས་བྱ་བ་ནི་བཤད་མ་ཐག་པའི་སྣོད་དུ་མ་གྱུར་པ་རྣམས་སོ། །ཕུང་བར་བྱེད་ཅེས་བྱ་བ་ནི་གསོད་པའམ་རིགས་ཀྱང་རླག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ ། ཐེག་པ་མཆོག་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་སྟེ། དེའི་བླ་མར་གྱུར་པ་གཞན་མེད་པའི་ཕྱིར་རོ། །རྒྱ་ཆེན་ཞེས་བྱ་བ་ནི་ཐེག་པ་གཞན་ལས་ཁྱད་པར་དུ་དམིགས་པ་ལ་སོགས་པ་ཁྱད་ཞུགས་པར་ཆེ་བའི་ཕྱིར་རོ། །བརྩོན་འགྲུས་ཆེ་ཞིང་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་དུ་བརྩོན་པའི་
― DTG071_Page_0185 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོན་ཏོ། །བྱང་ཆུབ་ཀྱི་སེམས་བརྟན་པ་ཞེས་བྱ་བ་ནི་བརྩོན་འགྲུས་དང་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པས་བྱང་ཆུབ་ཀྱི་སེམས་གཟུང་བའི་ཐ་ཚིག་གོ །སངས་རྒྱས་པའི་གསང་སྔགས་ཞེས་བྱ་བ་ནི་རིགས་ལྔས་བསྡུས་པའོ། །ཡངས་ཤིང་ཞེས་བྱ་བ་ནི་སྒོ་མང་པོ་ནས་དྲངས་པའི་དོན་ཏོ། །རྒྱ་ཆེན་བཤད་པ་ཞེས་བྱ་བ་ནི་འབྲས་བུ་ཆེན་པོ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདུལ་བའི་སྐྱེ་བོ་རྣམས་ཀྱི་ངོར། འཇིག་རྟེན་ལས་འདས་པའི་གསང་སྔགས་རྣམས་ཀྱི་རྒྱུད་གཙོར་བཤད་པའི་སྐབས་ནས་གླེངས་པའི་དེ་མ་ཐག་པའོ། །གཞན་ཡང་འཇིག་རྟེན་པ་བསྡུས་ནས་ཞར་ལ་བཤད་པ་འདི་དག་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་རྒྱུད་ཀྱི་སྡོམ་བཤད་པའི་ཟླ་བ་གླེངས་ཞེས་བྱ་བའི་ཐ་ཚིག་གོ །དྲག་པོ་ཞེས་བྱ་བ་ནི་ལྷ་ཆེན་པོའི་མིང་གི་རྣམ་གྲངས་སོ། །ནོར་ལྷའི་བུ་ཞེས་བྱ་བ་ནི་ཁྱབ་འཇུག་གི་རྣམ་གྲངས་སོ། །གཏུམ་བྱེད་མ་ཞེས་བྱ་བ་ནི་འཇིག་རྟེན་པའི་རིག་སྔགས་ཀྱི་ལྷ་མོ་སྐལ་ལྡན་མ་ཞེས་བརྗོད་པ་སྟེ། མཁའ་འགྲོ་རྣམས་ཀྱི་ལྷ་ཞེས་ཀྱང་གྲག་གོ །ཕུར་བུ་གསུམ་པ་ཞེས་བྱ་བ་ནི་གདོལ་པའི་རྒྱལ་པོའོ། །མཚན་མོ་རྒྱུ་བའི་དབང་པོ་ཞེས་བྱ་བ་ནི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་སོ། །འཇིག་རྟེན་བདག་པོ་བཞི་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་རྣམས་སོ། །ལྷའི་དབང་ངོ་ཞེས་བྱ་བ་ནི་བརྒྱ་བྱིན་ནོ། །རང་སྔགས་མདོ་སྡེའི་རྗེས་འབྲངས་ཞེས་བྱ་བ་ནི་སོ་སོའི་ཚུལ་མ་ཉམས་པ་སྟེ། གཞན་གྱི་ཆོ་ག་དང་མ་བསྲེས་ཞེས་བྱ་བའི་ཐ་ཚིག་གོ །དད་པ་སྐྱེད་ཅེས་བྱ་བ་ནི་སོ་སོའི་ལྷ་དེ་དག་ལ་དང་པས་ཐེ་ཚོམ་མེད་པར་སྒྲུབ་པའོ། །དེ་ལས་བཟློག་ན་དངོས་གྲུབ་མི་ཐོབ་ལ། །ཞེས་བྱ་བ་ནི་སོ་སོའི་ཆོ་ག་དང་འགལ་བར་བསྒྲུབ་པ་དང༌། ལྷ་དེ་དག་ཉིད་ལ་མ་དད་པ་རྣམས་སོ། །སྡུག་བསྔལ་མང་པོ་ཡང་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་བཟླས་བརྗོད་ལ་སོགས་པའི་ལས་ཆེན་པོ་ནི་བྱས་ལ། འབྲས་བུ་མི་ཐོབ་པའམ། ཡང་ན་དེ་དག་འཁྲུགས་ནས་ཉེན་དུ་གྱུར་བའི་དོན་ཏོ། །ལེའུ་བཅུ་པའི་དོན་བཤད་ཟིན་ཏོ།། །།བཅུད་ལེན་ཞེས་བྱ་བ་ནི་སྨན་བཅུད་ལེན་ཏེ། དེ་ཡང་
― DTG071_Page_0186 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁམས་ལས་བྱུང་བ་དང༌། རྩ་ལས་བྱུང་བ་དང༌། སྲོག་ཆགས་ཀྱི་ལུས་ལས་བྱུང་བ་དང༌། ལྡེ་གུ་དང་རྣམ་པ་བཞིའོ། །དེ་དག་གི་ཕན་ཡོན་ནི་ཚེ་རིང་བ་དང༌། ནད་མེད་པ་དང༌། དབང་པོ་རྣོ་བ་དང༌། སླར་གཞོན་ནུར་གྱུར་པ་སྟེ། དེ་ཡང་གསང་སྔགས་མཉེས་པའི་སྒོ་ནས། བཅུད་ལེན་གྱི་མཐུ་འགྲུབ་ཀྱིས་སྐལ་པ་མེད་པ་རྣམས་ལ་ནི་མ་ཡིན་ཏེ། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་ཀྱང༌། ཇི་སྐད་དུ། སྨན་གྱི་ཡང་ནི་ལུས་ཅན་ལ། །ཉེ་བར་གྱུར་དང་སྔགས་གྲུབ་པས། །དབང་དུ་གྱུར་པར་རྟག་པར་རོ། །ཞེས་གསུངས་པའི་ཕྱིར་རོ། །ལྷ་དང་མིའི་གཏེར་ཞེས་བྱ་བ་ནི་ས་ལ་ཡོད་དོ། །དེ་ལ་ལྷའི་གཏེར་ཁ་གབ་ཡོད་དེ། དེ་ཕྱེ་ན་རི་ལུ་དང་ལིག་བུ་མིག་དང་མཆིལ་ལྷམ་དང་གླེགས་བམ་དག་འབྱུང་སྟེ། དེ་དག་གི་ཕན་ཡོན་ནི་ནམ་མཁའ་ལ་འགྲོ་བ་དང༌། ལུས་མི་སྣང་བར་འགྱུར་བ་དང༌། རྐང་བས་མགྱོགས་པ་དང༌། བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་དང་ལྡན་པར་འགྱུར་རོ། །མིའི་གཏེར་ནི་གསེར་དང་དངུལ་དང་རིན་པོ་ཆེ་སྣ་ཚོགས་དག་འབྱུང་བའོ། །ལྷ་མ་ཡིན་གྱི་ཕུག་ཏུ་འགྲོ་བ་ཞེས་བྱ་བ་ནི་དཔལ་གྱི་སྒོ་དང་སླས་ཀྱི་སྒོ་ནས་འགྲོ་སྟེ། དེ་ལ་དཔལ་གྱི་ཕུག་གི་སྒོ་དབྱེ་བ་ནི་ལྷའི་གཏེར་གྱི་དངོས་གྲུབ་རྣམས་ལས་གང་ཡང་རུང་བ་ཅིག་ཐོབ་པར་འགྱུར་རོ། །སླས་ཀྱི་ཕུག་གི་སྒོ་དབྱེ་ན་ནི་ལྷ་མ་ཡིན་གྱི་བུ་མོ་དང་ཕྲད་དེ། ལྷ་མ་ཡིན་གྱི་གནས་སུ་ཁྲིད་ནས་དེ་དག་དང་འཚོ་ཞིང་བསྐལ་པར་གནས་པར་འགྱུར་རོ། །ནོར་རྒྱུན་མ་ཞེས་བྱ་བ་ནི་སྨན་སྣ་ཚོགས་བསྡུས་ནས་རོ་ཉེ་ལ་སོགས་པ་ལས་གསེར་དངུལ་དུ་བྱེད་པའོ། །འབྱུང་ཁུངས་ཞེས་བྱ་བ་ནི་གསེར་དངུལ་ལ་སོགས་པའི་ཁྲོན་ཕྱིན་པའོ། །གསང་སྔགས་ཀྱི་དངོས་གྲུབ་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པའི་ལྷ་མཉེས་པ་ཐོབ་པའོ། །གསེར་སྒྱུར་རྩི་ཞེས་བྱ་ནི་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཅིག་ཡོད་དེ་དེ་ནི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་སྒྱུར་ནུས་ལ་དངུལ་ཆུ་སྲང་གཅིག་པོ་དེས་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ། ལྕགས་བསྒྱུར་བར་མི་ནུས་སོ་ཟེར། ལ་ལ་ན་རེར་ས་ཞེས་བྱ་བ་དངུལ་ཆུ་འདྲ་བ་ཞིག་ཡོད་དེ། དེ་ལྟ་བུའི་
― DTG071_Page_0187 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐིགས་པ་གཅིག་གིས་ཟངས་སྲང་སྟོང་གསེར་དུ་སྒྱུར་ནུས་ཞེས་གྲག་གོ །རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ། །ཞེས་བྱ་བ་ནི་ནོར་གྱི་རྒྱུན་གྲུབ་པའོ། །སྡིག་པ་སྤོང་བར་བྱེད་པས་ཞེས་བྱ་བ་ནི་རྣམ་པ་དེ་དག་འདོད་པས་བསོད་ནམས་ཁྱད་པར་ཅན་ལ་བརྟེན་དགོས་པའི་ཕྱིར་རོ། །མཆོག་ཏུ་སྟོན་ཞེས་བྱ་བ་ནི་དམ་པ་བརྒྱད་པོ་དེ་རྣམས་ཀྱི་ནང་ན་འབྲས་བུ་ཆེ་བའི་ཕྱིར་རོ། །དང་པོར་བསྟན་པའི་སྣོད་ཅེས་བྱ་བ་ནི་གསང་སྔགས་གྲུབ་པ་དང༌། བུག་ཏུ་འགྲོ་བ་དང་བཅུད་ཀྱིས་ལེན་གྲུབ་པའོ། །རྡུལ་ཞེས་བྱ་བ་ནི་འདིར་འདོད་ཆགས་ཀྱི་དྲི་མ་ལས་དགོངས་སོ། །ཤེས་ཆེ་བ་ཞེས་བྱ་བ་ནི་སྒྲུབ་པ་པོ་ལ་ལའི་རྒྱུད་ལ་འདོད་ཆགས་ཀྱི་བག་ལ་ཉལ་ཆེ་བ་རྣམས་སོ། །འབྲིང་པོ་རྣམས་གྲུབ་པར་འགྱུར་ཞེས་བྱ་བ་ནི་རིན་པོ་ཆེ་ལ་སོགས་པ་ནོར་གྱི་རྒྱུན་དང༌། འབྱུང་ཁུངས་ཀྱི་ཁྲོན་ཕྱིན་པ་སྟེ། དེ་དག་ནི་འདོད་ཆགས་ཀྱི་ཤས་ཆེ་བས་ཀྱང་འགྲུབ་པར་བསྟན་ཏོ། །ཐ་མ་ཞེས་བྱ་བ་ནི་གསེར་དང་ནོར་བསྒྱུར་བའི་རྩི་སྟེ། སྦྱོར་བ་དཀའ་ཞིང་ཆུད་ཟ་ལ་འབྲས་བུ་ཆུད་ཟ་བའི་ཕྱིར་རོ། །མུན་པ་ཞེས་བྱ་བ་ནི་ཡང་དག་པའི་དོན་ལ་སྒྲིབ་པས་གཏི་མུག་ལ་བྱའོ། །རྟེན་ཞེས་བྱ་བ་ནི་གཏི་མུག་གི་ཤས་ཆེ་བའི་སྒྲུབ་པ་པོས། ལས་གོང་མ་དག་ནི་མི་ལྕོགས་པའི་ཕྱིར། ཐ་མ་ཙམ་ལ་བརྟེན་དགོས་པར་བསྟན་ཏོ། །གང་ཞིག་མཆོག་ཏུ་བསྟན་པ་བསྟེན་འདོད་པས། ཞེས་བྱ་བ་ནི་བཅུད་ཀྱིས་ལེན་ལ་སོགས་པ་དང་པོར་བསྟན་པ་རྣམས་སྒྲུབ་པར་འདོད་པའོ། །དེས་ནི་ཐ་མར་བསྟན་པ་རྣམ་པར་སྤང༌། །ཞེས་བྱ་བ་ནི་གསེར་སྒྱུར་ལ་སོགས་པའི་ལས་ཕྲན་ཚོགས་མི་བྱ་བར་བསྟན་ཏོ། །ཇི་ལྟར་ཚབས་ཀྱི་མདའ་བདར་བ་བཞིན་དུ་སྔར་མི་སྤྱད་པ་དང་འདྲའོ། །གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས། །གདུངས་ན་འབྲིང་པོ་ལ་ནི་བསྟེན་པར་བྱ། །ཞེས་བྱ་བ་ནི་སྒྲུབ་པ་པོ་དང་དངོས་གྲུབ་མཆོག་སྒྲུབ་པའི་ཡོན་ཏན་གཞན་རྣམས་ཡོད་ལ་སྲིད་པའི་ཤས་ཆེ་ན་ཞེས་བྱ་བའི་དོན་ཏོ། །ལྷའི་བདེ་བ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་སྨོས་པའི་འབྲས་བུ་རྣམས་བརྗོད་པའོ། །དཀའ་ཐུབ་སྟོབས་ཀྱིས་ཐོབ། ཆགས་དང་རྣམ་བྲལ་ཞེས་བྱ་བ་ལ་སོགས་པས་ནི། འབྲས་བུ་དེ་རྣམས་ཐོབ་པའི་
― DTG071_Page_0188 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱུ་བསྟན་ཏོ། །རྡོ་རྗེ་མཚོན་ཞེས་བྱ་བའི་དཔེས་ནི། །ལས་དང་ཉོན་མོངས་པའི་དྲ་བའི་ཐིགས་པོ་མཐའ་དག་གཅོད་ཅིང་འབིགས་པར་བསྟན་ཏོ། །མེ་ཞེས་བྱ་བའི་དཔེས་ནི། དུག་གསུམ་གྱི་ནགས་སྦྱོར་གྱི་ཚང་སྟིང་མཐའ་དག་སྲེག་པར་སྟོན། གནམ་ལྕགས་ཞེས་བྱ་བའི་དཔེས་ནི། བག་ལ་ཉལ་ཕྲ་མོ་ལུས་པ་རྣམས་ཀྱང་དམིགས་ཀྱིས་སེལ་ཞེས་བྱ་བའི་ཐ་ཚིག་གོ །མིའི་འཇིག་རྟེན་ཞེས་བྱ་བ་ནི་བྱ་བའི་རྒྱུད་འདིས་མི་རྣམས་ཀྱི་དོན་དུ་གསུངས་པའི་ཤས་ཆེ་བའི་དོན་ཏོ། །འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང༌། །སྡུག་བསྔལ་སེལ་ཅིང་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། ཚེ་འདི་ལ་དངོས་གྲུབ་ལ་ངེས་པར་གཞོལ་བར་འགྱུར་བ་དང༌། ཤི་འཕོས་ནས་ཀྱང་རྡོ་རྗེའི་རིགས་སུ་གཞོན་ནུའི་ལུས་ཐོབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །སྡིག་འཇོམས་ཞེས་བྱ་བ་ནི་འོག་ནས། ཇི་སྐད་དུ། ཚེ་རབས་སྟོང་ནས་གནས་པའི་སྡིག་པའི་མུན། །བཟླས་བརྗོད་བྱས་པས་མྱུར་དུ་སེལ་བར་བྱེད། །ཅེས་གསུངས་པ་ལྟ་བུའོ། །གཞན་མེད་དོ་ཞེས་བྱ་བ་ནི་གསང་སྔགས་འདྲ་བའི་འདྲེན་པ་མེད་ཅེས་བཤད་པའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ནི་རིག་སྔགས་ཀྱི་བྱིན་གྱི་རླབས་གང་གིས་ཞེས་བྱ་བའི་དོན་ཏོ། །དཔག་བསམ་ལྗོན་པའི་ཤིང་ལྟ་བུར། ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རེ་བ་སྣ་ཚོགས་སྐོང་བའི་དཔེར་བརྗོད་པའོ། །ལ་ལར་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་ནི་དེའི་ཕན་ཡོན་གྱི་འབྲས་བུ་སྣ་ཚོགས་སུ་ཕྱེ་སྟེ་བསྟན་པ་རྣམས་ཀྱི་རྣམ་གྲངས་བཀོད་པའོ། །གསང་སྔགས་ཞེས་བྱ་བ་ནི་གསང་སྔགས་རྣམས་ཀྱི་ལྷ་དེ་ནི་ཞེས་བྱ་བར་སྦྱར་རོ། །སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ནས། །ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པ་དག་པའི་གཟུགས་དང༌། གནོད་སྦྱིན་ལ་སོགས་པ་མ་དག་པའི་གཟུགས་སུ་བསྟན་པའི་དོན་ཏོ། །གང་ཞིག་སྡུག་བསྔལ་གང་གིས་འཇིགས་སྐྲག་པ། །ཞེས་བྱ་བ་ལ་སོགས་པས་ཀྱང༌། གསང་སྔགས་ལ་བརྟེན་པའི་ཕན་ཡོན་གྱི་འབྲས་བུ་གཞན་བརྗོད་པའོ། །གང་ཞིག་ཅེས་བྱ་བ་ནི་རིག་སྔགས་འཆང་དངོས་གྲུབ་ཆེན་པོ་སྒྲུབ་པར་མི་རྩོལ་བ་རྣམས་སོ། །ཡུལ་ཞེས་
― DTG071_Page_0189 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ་བ་ནི་དགོན་པར་མ་སྤངས་པའམ། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པའོ། །ཁྱིམ་ཞེས་བྱ་བ་ནི་རབ་ཏུ་མ་བྱུང་ཞིང་འཆོ་ཚིས་ལྷུར་ལེན་པའོ། །དཀའ་ཐུབ་མ་ཉམས་ཞེས་བྱ་བ་ནི་དམ་ཚིག་རྣམས་བསྲུངས་པའོ། །རྩེ་གཅིག་སེམས་ཀྱིས་ཞེས་བྱ་བ་ནི་བཟླས་བརྗོད་ཡན་ལག་དང་ལྡན་པར་བྱེད་པའོ། །ཉིན་གཅིག་བཞིན་དུ་ཅུང་ཟད་སྔགས་ཟློས་ན། །ཞེས་བྱ་བ་ནི་ཡི་དམ་རྒྱུན་མི་འཆད་པར་བྱེད་བའོ། །དེ་ཡི་གསང་སྔགས་དུས་གཅིག་ན་ནི་འགྲུབ། །ཅེས་བྱ་བ་ནི་གསང་སྔགས་ཀྱི་ལྷའི་སྔོན་གྱི་སྨོན་ལམ་དང༌། སྒྲུབ་པ་པོའི་མོས་པའི་ཤུགས་ཀྱིས་ཚེ་རབས་གཞན་དང་གཞན་དུ་ཡང་ལྷ་དེའི་ཆོ་ག་ཞིབ་མོ་དང་མི་འབྲལ་ཏེ། རྒྱུའི་སྟོབས་ཇི་ཙམ་པས་ལས་སྲིད་པ་ཕྱི་མ་དང་ཡང་ཕྱི་མ་ལ་སོགས་པར་དངོས་གྲུབ་ཐོབ་པར་གསུངས་སོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་བརྟུལ་ཞུགས་ལ་སོགས་པའི་ཆོ་ག་མཐའ་དག་བསྙེན་པ་ལ་སྦྱོར་བ་དང་འདྲ་བར་བཤད་དོ། །དང་པོར་འབུམ་བཟླས་ནས་ཞེས་བྱ་བ་ནི་ཆོ་ག་ཞིབ་མོ་དག་ལ་བསྙེན་བའི་གྲངས་ངེས་པར་གསུངས་པ་ལ་མ་གཏོགས་པར་འཇུག་པའི་སྤྱོད་པ་སྔར་སྤྱད་པ་འབུམ་བཟླས་བརྗོད་བྱ་དགོས་པའི་དོན་ཏོ། །དེ་ནས་སྔགས་པ་སྒྲུབ་ལ་འཇུག་པར་བྱ། །ཞེས་བྱ་བ་ནི་སྔར་སྤྱོད་པ་བྱས་ནས་སོ་སོའི་ཆོ་ག་ཞིབ་མོ་བསྙེན་པའི་གྲངས་ངེས་པའི་མགོ་གཟུགས་པར་བསྟན་ཏོ། །ཡུན་རིང་ཉོན་མི་མོངས་ཞེས་བྱ་བ་ནི་ལུས་དང་སེམས་སྦྱངས་པས་ལས་སུ་བྱ་བ་ཐམས་ཅད་ཆུད་མི་གསོན་པའི་ཕྱིར་རོ། །ལུས་ལས་ཡི་དྲིལ་ཕྱིས་བྱས་ནས་སུ། །ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་དུས་གསུམ་ཁྲུས་བྱས་ཏེ་ཞེས་འབྱུང་ལ། ཁྲུས་ཀྱི་ཆོ་ག་དེར་མ་གསུངས་པ་འདིར་བསྟན་ཏོ། །སྤྲིང་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ། །ཞེས་བྱ་བ་ནི་གཙང་སྦྲའི་རྣམ་གྲངས་གཞན་བསྟན་པའོ། །གཙང་སྦྲ་ལ་དད་ཅེས་བྱ་བ་ནི་ཕྱི་རོལ་གྱི་དྲི་མ་སྤོང་བའོ། །ཟློས་ལ་དགའ་ཞེས་བྱ་བ་ནི་བཟླས་བརྗོད་བྱས་བའི་སྟོབས་ཆེ་བའོ། །སྙིང་རྗེ་ཅན་ཞེས་བྱ་བ་ནི་རང་བཞིན་གྱིས་སེམས་ཅན་རྣམས་ལ་བརྩེ་བའོ། །ལེན་པ་ལས་ནི་ལྡོག་ཅེས་བྱ་བ་ནི་སྲེད་པའི་ཤས་ཆུང་བས་ཡོ་བྱད་མི་མཁོ་བ་མི་སོགས་ཞེས་བྱ་བའི་ཐ་ཚིག་གོ །
― DTG071_Page_0190 ―
[མ་དཔེ་གཟིགས་ན་འདིར་གནོན།]
སློང་མོ་ཟས་ཟ་ཞེས་བྱ་བ་ནི་བསོད་སྙོམས་ལ་བརྟེན་པའོ། །ལྷའི་ལས་ལ་བརྩོན་ཞེས་བྱ་བ་ནི་བཟླས་བརྗོད་དང༌། མདོ་སྡེ་བཀླག་པ་དང༌། མཆོད་རྟེན་གདབ་པ་དང༌། མཆོད་པ་བྱེད་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་སྐྱོ་བ་མེད་པའོ། །དེ་ཡི་ལུས་ལ་གསང་སྔགས་འཇུག་པར་འགྱུར། །ཞེས་བྱ་བ་ནི་གསང་སྔགས་ཀྱི་བྱིན་གྱི་རླབས་འཇུག་པའི་སྣོད་ཡིན་པར་བསྟན་ཏོ། །འགའ་ཡིས་བུད་མེད་གོས་དང་ནོར་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་ནི་བསྙེན་པ་ལ་སྦྱོར་བའི་དུས་སུ་ཅི་ཡང་མི་བླང་བར་བསྟན་པའི་དོན་ཏོ། །ས་ཕུང་བཤད་སྒོར་ལྔ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཁྲུས་ཀྱི་ཆོ་ག་འདི་འདག་པའི་ཆལ་དང་ཚད་བསྟན་པའོ། །སོས་ཀའི་ནགས་ཞེས་བྱ་བ་ནི་དཔྱིད་ཀྱི་དུས་སུ་ཉི་མས་གདུངས་པས་སྐོམ་པའི་དོན་ཏོ། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར། །ཞེས་བྱ་བ་ནི་ཤིང་རློན་པ་ལ་མེ་བཏང་བ་ལྟར། མིས་འབད་པའི་ནན་ཏན་མི་དགོས་ཞེས་བྱ་བའི་ཐ་ཚིག་གོ །བཟླས་བརྗོད་མེ་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་བསྲེག་པའི་རྒྱུའི་གཙོ་བོར་བསྟན་ཏོ། །ཚུལ་ཁྲིམས་རླུང་གིས་སྦར། བརྩོན་འགྲུས་ཆེན་པོའི་མེ་ལྕེས་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྒྱུར་བསྟན་པའོ། །སྡིག་པའི་གངས་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུན་ཡང་དང་ཡང་དུ་བྱུང་བའི་བག་ཆགས་ཐ་མར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ནི་གོ་བར་ཟད་དོ། །ཅི་སྟེ་སྦྱིན་སྲེག་དང་བཟླས་བརྗོད་ཀྱི་གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་ན་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ཆོ་ག་བཞིན་དུ། གུས་པར་ལེན་བདུན་གྱི་བར་དུ་སྤོགས་ཤིང་བསྒྲུབས་ན་ཡང་དངོས་གྲུབ་མ་ཐོབ་ན་ཞེས་བྱ་བའི་ཐ་ཚིག་གོ །འཇིམ་པ་ལ་ནི་མཆོད་རྟེན་འབུམ་གདབ་པའམ། ཡང་ན་ཆུ་འགྲམ་བྱེ་མ་དག་ལ་རྒད་བ། ཅེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་ཆེར་བསྐྱེད་དགོས་པར་སྟོན་ཏོ། །དོན་དེ་ཉིད་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་ཀྱང༌། ཇི་སྐད་དུ། རྒྱ་མཚོར་འབབ་པའི་བྱེ་མ་ལ། །མཆོད་རྟེན་དག་ནི་ཁྲུ་གང་བ། །ཞེས་བྱ་བ་དང༌། །དེ་བཞིན་དུ། རེ་རེའི་མདུན་དུ་འདུག་ནས་ནི། །བཟླས་བརྗོད་དག་ཀྱང་སྟོང་དུ་བྱ། །མཆོད་རྟེན་ཐ་མ་འབར་བར་ནི། །མཐོང་ན་ངེས་པར་
― DTG071_Page_0191 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་ནི་ཞེས་བྱ་བ་ལ་སོགས་མཆོད་རྟེན་གདབ་པའི་ཕན་ཡོན་དེས་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། །བྱས་པ་གང་ཡིན་དེ་ནི་ཟད་འགྱུར་ན། །ཞེས་བྱ་བ་ནི་ཚེ་རབས་གཞན་ལ་སྒྲིབ་པ་ཆེན་པོ་བྱས་པ་ཐམས་ཅད་འབྱང་བར་བསྟན་ཏེ། རྒྱུད་དེ་ཉིད་ལས་ཇི་སྐད་དུ། །མཚམས་མེད་ལྔ་དག་བྱེད་པ་ཡང༌། །མཆོད་རྟེན་འབར་བར་གྱུར་ན་ནི། །དེས་པ་ཉིད་དུ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེས་ནི་ཞེས་བྱ་བ་ནི་སྡིག་པ་ཟད་ནས་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ཆོས་ཞེས་བྱ་བ་ནི་ཚེ་འདི་ཉིད་ཅེས་བྱ་བའི་ཐ་ཚིག་གོ །བསོད་ནམས་འབྲས་བུ་ཐོབ་ཅེས་བྱ་བ་ནི་དངོས་གྲུབ་ཀྱི་དཔལ་ཐོབ་པའི་དོན་ཏོ། །སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །ཞེས་བྱ་བ་ནི་སྡོམ་པ་དང་དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམས་ཀྱིས་དཀར་པོའི་ཕྱོགས་ཀྱི་གཞི་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཡང་ན་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་དོར་ནི་འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ། ཐེ་ཚོ་མ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང༌། རྟག་པར་དུས་ཐམས་ཅད་དུ་བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་མི་དབང་ཞེས་བྱ་བ་ནི་དཔེ་བསྟན་པ་སྟེ། དེ་ལ་ཡན་ལག་བདུན་དང་ལྡན། །ཞེས་བྱ་བ་ནི་མཁར་དང་བློན་པོ་སྙིང་ཉེ་ཞིང་ལྕོགས་པ་དང༌། གྲུ་དང༌། ནོར་དང༌། གླང་པོ་ཆེ་དང༌། རྟ་དང༌། དམག་མི་རྣམས་དང་ལྡན་པའོ། །སྐྱེ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །ཅེས་བྱ་བ་ནི་དངོས་པོ་བདུན་དང་ལྡན་པའི་རྒྱལ་པོ་དེ་ནི་བདེ་བླག་ཏུ་རྒྱལ་སྲིད་ལ་དབང་བསྒྱུར་བས། བདེ་བ་ལ་རེག་ཅིང་དགྲ་དྲེགས་པ་ཐམས་ཅད་ཀྱང་ཐུལ་བའི་དོན་ཏོ། །དེ་བཞིན་སྔགས་པའང་ཡན་ལག་འདི་བཞིན་དུ། །ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཅེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་མཁར་དང༌། བརྩོན་འགྲུས་ཀྱི་བློན་པོ་དང༌། བཟོད་པའི་གྲུ་དང༌། དད་པའི་ནོར་དང༌།
― DTG071_Page_0192 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སྨོན་པའི་བློ་གྲོས་ཀྱི་གླང་པོ་དང༌། གཞན་གྱི་གསང་སྔགས་གཅོད་པ་ལ་སོགས་པའི་དོན་ཆུང་ངུ་ལ་རང་གི་གསང་སྔགས་མ་སྤྱད་པའི་རྟ་ཅང་ཤེས་དང༌། ལེ་ལོ་སྤངས་པའི་དམག་མིའི་ཚོགས་དེ་བདུན་དང་ལྡན་ན། དངོས་གྲུབ་ཀྱི་སྐྱིད་པའི་དཔལ་ཡང་ཉམས་སུ་མྱོང་ལ། །ལས་དང་ཉོན་མོངས་པའི་དགྲའི་ཚོགས་ཀྱང་ཆོམས་པའི་དོན་ཏོ། །དང་པོར་བཟླས་བརྗོད་ཕལ་ཆེར་བྱས་ནས་སུ། ཞེས་བྱ་བ་ནི། ལས་དང་པོ་པ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡི་འོག་ཏུ་འདིར་ནི་སྦྱིན་སྲེག་བྱ། །ཞེས་བྱ་བ་ནི་ལས་རྣམས་ལ་གོམས་པས་ཆོ་གའི་གནས་ཐམས་ཅད་ལ་ཐགས་ཐོགས་མེད་པར་ལྕོགས་པ་རྣམས་ཀྱིས་བྱ་བར་བསྟན་ཏོ། །གཞན་ནི་གོ་སླ་བས་མ་ཕྱེའོ། །རྒྱལ་བ་ལ་དད་ཅེས་བྱ་བ་ནི་སངས་རྒྱས་ལ་དད་པའི་འཇིག་རྟེན་པའི་ལྷ་རྣམས་སོ། །གཞན་ལ་ཕན་བརྩོན་ཞེས་བྱ་བ་ནི་མ་འོངས་པའི་སེམས་ཅན་རྣམས་ལ་བརྩེ་བར་སེམས་པ་སྟེ། དེ་ཡང་ལྷ་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་པའི་གསང་སྔགས་ཀྱི་ལྷ་སངས་རྒྱས་ལ་དད་པ་རྣམས་སོ། །རྒྱལ་བའི་ཉན་ཐོས་རང་སངས་རྒྱས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས། །ཞེས་བྱ་བ་ནི་འཇིག་རྟེན་པའི་ཞུ་གནས་རྣམས་སྨོས་པའོ། །མ་འོངས་སེམས་ཅན་ཞེས་བྱ་བ་ལ་སོགས་པས་ནི་སོ་སོའི་གསང་སྔགས་ཕུལ་བ་རྣམས་བཞེས་པར་གནང་ཞིང་བྱིན་གྱིས་བརླབ་པའི་རྒྱུ་བསྟན་ཏོ། །དེ་དག་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་རྣམ་པར་དབྱེ་བ་བསྟན་ཏེ། དཔལ་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་ཕུག་གི་སྒོའི་རྣམ་གྲངས་ཀྱི་མིང་ངོ༌། །ཕུག་ཏུ་འགྲོ་ཞེས་བྱ་བ་ཡང་རྣམ་གྲངས་གཞན་ཏེ་སླས་ཀྱི་སྒོ་ལ་བྱའོ། །མིག་འཕྲུལ་སྒྱུ་མ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟུགས་མང་པོར་སྟོན་པ་ལ་སོགས་པའོ། །མཚན་མོ་རྒྱུ་བ་ཞེས་བྱ་བ་ནི་རོ་ལོངས་ལ་སོགས་པ་དུར་ཁྲོད་ཀྱི་ལས་རྣམས་གྲུབ་པའོ། །དེ་དག་མཆོག་ཡིན་ཞེས་བྱ་བ་ནི་རྣམ་པ་དེ་བརྒྱད་དངོས་གྲུབ་རབ་ཡིན་པར་བསྟན་ཏོ། །འབྲིང་ནི་ས་བདག་གོ་ཞེས་བྱ་བ་ནི་རྒྱལ་པོར་གྱུར་པའོ། །གཞན་ནི་གོ་བར་ཟད་དོ། །ངོ་མཚར་སྣ་ཚོགས་དག་ནི་སྟོན་པར་བྱེད། །ཅེས་བྱ་བ་ནི་གླུ་ལེན་པ་དང་རྔ་རྡུང་བ་དང་
― DTG071_Page_0193 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚམ་ངམ་ལུས་ཀྱི་སྒྱུར་བ་ལ་སོགས་པས་གདོན་དག་སྐྲོད་པའོ། །ཕྲ་མོའི་ཕྲན་ཚེགས་ཡིན་ཞེས་བྱ་བ་ནི་དངོས་གྲུབ་ཆུང་དུ་བསྟན་པ་བས་ཀྱང་ཆུང་བ་ཞེས་བྱ་བའི་དོན་ཏོ། །བྱ་བ་ཅེས་བྱ་བ་ནི་སྤྲུལ་གྱིས་ཟིན་ཏམ་དུག་འཐུངས་པའི་ལུས་ལ་ལག་པས་བྱབ་ཅིང་སྔགས་གདབ་པའོ། །ཁུ་ཚུར་ཐལ་ལྕག་སྐྲ་དྲང་དང༌། རྣ་བར་བཟླས་ཞེས་བྱ་བ་ནི་དུག་གིས་ཕོག་སྟེ་མྱོས་པ་བསླང་བའི་ཐབས་བསྟན་ཏོ། །དབབ་པ་ཞེས་བྱ་བ་ནི་དུག་དེ་ཤིང་ལ་སོགས་པ་ལ་ཕབ་ནས་དོར་བའོ། །བསྐྲད་པ་ཞེས་བྱ་བ་ནི་སྔགས་བཏབ་པས་འབྲོས་སུ་གཞུག་པའོ། །གསད་པ་ཞེས་བྱ་བ་ནི་སྔགས་ཀྱིས་དེ་ཉིད་དུ་གསད་དེ་ཤི་བར་བྱ་བའོ། །བཅིང་བ་ཞེས་བྱ་བ་ནི་དུག་གི་མཐུ་གཡོར་མི་གནང་པར་སྔགས་དང་ཕྱག་རྒྱས་བཅིང་བའོ། །བོད་པ་ཞེས་བྱ་བ་ནི་མྱོས་པ་བསླང་བའི་དོན་དུ་ཁུས་གདབ་ཅིང་མིང་ནས་བོད་པའོ། །རིག་པའི་གོས་དང་སྔགས་གོས་དང༌། །ཞེས་བྱ་བ་ནི་དུག་གིས་ཕོག་པའི་གོས་ལ་ཆུའི་དཀྱིལ་འཁོར་དཀར་པོའི་སྟེང་དུ། ཆུའི་ས་བོན་དཀར་པོ་གཅིག་མགོ་ཐུར་དུ་བསྟན་ཏེ་གཞག་བ་ལས། ཆུ་རྒྱུན་དཀར་པོ་བབ་པས་ཉིས་རིམ་དུ་བསྐོར་ཞིང་འཁྱིལ་པ་ལས་བདུད་རྩིའི་རྒྱུན་འབབ་པར་བསམས་ལ། འཁོར་གྱི་མི་རྣམས་ཀྱི་ཁར་ཡང་གསོ་བའི་ས་བོན་བཀོད་དེ། རིག་སྔགས་ཟློས་ཤིང་གོས་དེ་བཤུས་ལ་འཁོར་གྱི་མི་རྣམས་ཀྱིས་ཀྱང་དུག་ཕྲོགས་སོ་ཞེས་བརྗོད་པར་བྱའོ། །རྡོག་པས་བསྣུན་དང་རྣམ་པར་བསྐྱོད་པ་དང༌། །ཞེས་བྱ་བ་ནི་མྱོས་པ་ལས་བསླང་བའི་དོན་དུ། རྟིང་སྒྲས་བསྡིགས་པ་དང་ལུས་བསྒུལ་བའོ། །མིག་ཏུ་དུག་སོང་ལྟར་ནི་གཞུག་པ་དང༌། །ཞེས་བྱ་བ་ནི་མིག་ལ་ཞེན་པ་དང་འདྲ་ན། དེར་སྔགས་ཀྱི་འབྲུ་བཀོད་དེ་མིག་ཕྱེ་ནས་བལྟར་གཞུག་པའི་ཐ་ཚིག་གོ །ཁབ་ཀྱིས་གཟུགས་པ་དང་ཞེས་བྱ་བ་ནི་མྱོས་པ་བསླང་བའི་དོན་དུ། སེན་མོ་ལ་སོགས་པའི་ཡན་ལག་ལ་ཁབ་ཀྱིས་གཟུགས་པའི་དོན་ཏོ། །སྐྱུག་ཏུ་གཞུག་ཅེས་བྱ་བ་ནི་ཟོས་ཤིང་འཐུངས་པས་འཕྲང་དུ་ཚོར་ན་སྐྱུག་ཏུ་གཞུག་པའི་ཐ་ཚིག་གོ །ཕུ་ཞེས་བུད་དང་ཞེས་བྱ་བ་ནི་རིག་སྔགས་བཟླས་པའི་དབུགས་ཀྱིས་བུད་པའོ། །ཡན་ལག་གཞིག་པ་ཞེས་བྱ་བ་ནི་
― DTG071_Page_0194 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྔགས་དང་སྨན་གྱིས་མ་ཕྱིན་པའི་མི་ལ། མེའི་ས་བོན་ཁོང་དུ་གཞུག་པ་དང་བཅས་ཏེ་བསྲེགས་ནས་ཐལ་བར་སྦྱོར་བ་བྱས་ཏེ། དེ་ནས་གསོ་བའི་ས་བོན་གྱིས་ལུས་བསྐྱེད་པའི་དོན་ཏོ། །བྲང་གི་འགྲོ་བ་དག་ཀྱང་དགུག་པ་དང༌། །ཞེས་བྱ་བ་ནི་སྦྲུལ་དེ་ཉིད་སྔགས་ཀྱི་མཐུས་བཀུག་སྟེ། ངོ་མཚར་དག་བསྟན་པའོ། །བཅིངས་ཞེས་བྱ་བ་ནི་ཕྱག་རྒྱས་ཡན་ལག་ཏུ་འབྲོས་སུ་མི་གནང་བར་མཚམས་བཅད་པའོ། །མནན་པར་བྱ་བ་ཞེས་བྱ་བ་ནི་དུག་གི་མཐུ་ཉིད་བཀུག་ལ་ཕུར་བུས་བཏབ་སྟེ། སའི་སྙིང་པོས་བསྐྱེད་པའི་དབང་ཆེན་གྱི་དཀྱིལ་འཁོར་མནན་པའི་དོན་ཏོ། །རྨོངས་པར་བྱ་ཞེས་བྱ་བ་ནི་སྦྱོར་བ་དེ་རྣམས་ཀྱིས་སྦྱར་ན། དུག་གི་མཐུ་དྲུག་གོ་ཞེས་བྱ་བའི་ཐ་ཚིག་གོ །དུག་ཟར་གཞུག་པ་ཞེས་བྱ་བ་ནི་འགྲོ་བའི་དུག་བསད་པའི་དོན་དུ་གནས་པའི་དུག་འབྱིན་ལ། དེ་ཉིད་སྨན་དང་སྔགས་ཀྱི་ཕྱག་རྒྱས་གསད་པར་བསྟན་པའོ། །དུག་ནི་གཞན་ལ་སྦོ་བར་བྱ་བ་དང༌། །ཞེས་བྱ་བ་ནི་རླུང་གི་ས་བོན་གྱིས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་དུག་བཞག་ལ་གཞན་གྱི་ལུས་ལ་སྤོའོ། །དེ་ནས་ཀྱང་ཤིང་ལ་སོགས་པ་ལ་སྤོས་ནས་སའི་དཀྱིལ་འཁོར་གྱིས་མནན་ཏེ་གཞག་པའི་དོན་ཏོ། །ལྕགས་ཀྱུར་ལྡན་པས་དྲང་བར་བྱ་བའམ། །ཞེས་བྱ་བ་ནི་ཚིགས་ལ་ཞེན་པ་རྣམས་ལྕགས་ཀྱུའི་ཕྱག་རྒྱས་དྲང་བར་བསྟན་ཏོ། །ལུས་ལ་ཞེན་པའི་དུག་ནི་བསླང་བ་དང༌། །ཞེས་བྱ་བ་ནི་རྐང་པ་ལ་ཞེན་ཏེ་དབྱུང་དཀའ་བར་གྱུར་ན། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ། དུག་བཞག་ན་སློང་བར་བྱེད་དེ། ལངས་ཏེ་དེ་ནས་སྤོ་བ་དང་གསད་པ་དག་བྱ་བའི་དོན་ཏོ། །ཟོས་པར་བཟའ་བ་དང་ཞེས་བྱ་བ་ནི་སྔ་མའི་རྨ་ཁར་སྦྲུལ་ལ་སོགས་པའི་སྲོག་ཆགས་ཟར་གཞུག་ཅེས་བྱ་བའི་ཐ་ཚིག་གོ །ཟོས་པས་བཅད་པ་དང་ཞེས་བྱ་བ་ནི་གདུག་པས་ཟིན་པའི་ཁ་འཕྲོ་བཅད་དེ་དོར་བའོ། །ས་བཅིང་བ་དང་ཞེས་བྱ་བ་ནི་དུག་མཆེད་དེ་ཡན་ལག་གཞན་དུ་འཕྲོས་སུ་མི་གནང་བར་མཚམས་བཅད་པའོ། །ཕོ་ཉ་བཏང་བ་དང་ཞེས་བྱ་བ་ནི་སྦྲུལ་གྱིས་ཟིན་ཏམ། དུག་འཐུངས་སོ་ཞེས་སྦྲོན་པའི་མི་སྟེ། དེའི་ཚུལ་ལ་སོགས་པའི་བརྟག་པ་ནི། ནམ་མཁའ་ལྡིང་གི་རྒྱུད་ཞི་བའི་གཙུག་
― DTG071_Page_0195 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏོར་རྣལ་འབྱོར་དག་ལས་བལྟ་བར་བྱ་སྟེ། འདིར་ཡི་གེ་མངས་སུ་དོགས་པས་མ་སྤྲོས་སོ། །བསྐྲད་པ་ཞེས་བྱ་བ་ནི་དུག་གིས་བཏབ་པ་ཉིད་ལ་བྱ་བའི་དོན་ཏོ། །ཀླུ་རྣམས་གཞིག་པ་ཞེས་བྱ་བ་ནི་སྦྲུལ་མགོའི་ཕྱག་རྒྱ་ལ་སོགས་པ་བསྟན་པས་ཀླུའི་གདོན་རྣམས་གཞི་ལ་བའི་ཐ་ཚིག་གོ །རྔ་དང་དུང་གི་སྒྲས་ནི་བསླང་བར་བྱ། །ཞེས་བྱ་བ་ནི་སྨན་དང་སྤོས་ལ་བསྔགས་པས། རོལ་མོའི་ཆ་བྱད་ལ་བསྐུས་ཏེ། བསྒྲགས་པས་དུག་གིས་མྱོས་པ་བསླང་བའི་དོན་ཏོ། །ས་ཡི་སྟེང་ན་སྦྲུལ་ནི་བརྒྱད་ཅུ་དག །གཞན་ལ་གནོད་པ་བྱེད་ཅིང་རྣམ་པར་འཁྱམ། ཞེས་བྱ་བ་ནི་སྦྲུལ་གྱི་རིགས་ཀྱི་སྡོམ་བཤད་པའོ། །དེ་དག་རྣམས་ལས་ཉི་ཤུ་གདེངས་ཀ་ཅན། །འཁྱིལ་པ་དྲུག་དང་ཞེས་བྱ་བ་ནི་རིགས་སོ་སོར་དབྱེ་ན་དུག་ཅན་དུ་རིག་པར་བྱའོ། །ཁྲ་བོ་བཅུ་གསུམ་ཞེས་བྱ་བ་ནི་དུག་ཅན་ཡང་ཡོད་དུག་མེད་ཀྱང་ཡོད་པར་རིག་པར་བྱའོ། །སུམ་ཅུ་གང་ཡིན་རིགས་དེའི་ནང་དུ་གཏོགས། །ཞེས་བྱ་བ་ནི་བར་མ་དོའི་རིགས་སུ་བསྡུ་ཞེས་བྱ་བའི་ཐ་ཚིག་གོ །གཅིག་ལྷག་པ་ཡང་བར་མ་དོའི་རིགས་གར་ཡང་བརྩིར་རུང་བས་ཉེས་པ་མེད་དོ། །གོ་དྷ་ཞེས་བྱ་བ་ནི་རྩངས་པ་དང་འདྲ་བར་འདུག་པ་ཞིག་ཡོད་དོ་ཞེས་གྲག་གོ །ཁ་བརྒྱད་ཅེས་བྱ་བ་ནི་སྡོམ་གདུག་པའོ། །རྣམ་པར་དབྱེ་བ་རབ་ཏུ་མང་པོ་ཡོད་ཅེས་བྱ་བ་ནི་འདིར་མ་སྨོས་པའི་སྲོག་ཆགས་གདུག་པ་རྣམས་སོ། །གཅི་ན་རྟུག་ཁ་ཆུ་རེག་དང་ཞེས་བྱ་བ་ནི་རྔད་དང་ཤིང་ཐོག་དག་ལས་དུག་དབྱུང་བའོ། །མཐོང་བ་དང་ཞེས་བྱ་བ་ནི་ཀླུ་གདུག་པས་བལྟས་པས་མི་ལ་དུག་གཏོང་པའི་དོན་ཏོ། །མཆེ་བ་བཙུགས་པ་ལས་ནི་དུག་ཀྱང་གཏོང༌། །ཞེས་བྱ་བ་ནི་སྦྲུལ་ལ་སོགས་པས་ཟིན་ནས་དུག་ལྡང་པའོ། །དེ་ལ་དུག་གི་རྒྱུད་ལ་མཁས་པ་ཡིས། །རབ་འབྲིང་ཐ་མ་རྣམ་པ་གསུམ་དུ་དབྱེ། །ཞེས་བྱ་བ་ནི་གཅིན་རྟུག་ལ་སོགས་པའི་ཚད་མང་ཉུང་དང༌། །མཆེ་བས་ཟིན་པའི་རྨ་ཆེ་ཆུང་ལས་དྲག་དལ་དང༌། དུག་གི་རིགས་དབྱེ་བ་ཤེས་པར་བྱ་སྟེ། དེ་ཡང་ནམ་མཁའ་ལྡིང་གི་རྒྱུད་ཀང་ཀས་བསྡུས་པ་ལས། ཇི་སྐད་དུ། ས་ཡི་དུག་གིས་བླུན་བཅས་ཁྱི་ལ་སོགས། །འདུས་པ་དག་གི་ནད་ཀྱང་བྱེད་པར་
― DTG071_Page_0196 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཤད། དེ་བཞིན་དུ་ནི་ཆུ་སྤུ་རྣམ་ལྡང་བ། །ཁུ་ཆུ་འཛག་ཅིང་ལྐོག་མ་འགག་པར་བྱེད། །མཆི་མ་འཛག་ཅིང་སྐོམ་པར་བྱེད་པ་དང༌། །ཁྲག་འཕྲོག་པས་ནི་མེར་ཡང་མངོན་པར་འགྱུར། །རླུང་གིས་མདོག་མེད་སྐམ་ཞིང་ལྕེ་བསྐྱོད་དང༌། །ཟིན་པའི་ས་ཡང་ནག་པོར་བྱེད་པ་ཡིན། །ཞེས་བཤད་པ་བཞིན་རྟོགས་པར་བྱ་བའི་དོན་ཏོ། །དུག་བདོ་པ་ཞེས་བྱ་བ་ནི་དུག་ལངས་ནས་རང་དབང་མེད་པར་མི་ལ་དུག་འཛིན་པའོ། །ཁྲོ་བོའི་དབང་གྱུར་ཞེས་བྱ་བ་ནི་རང་བཞིན་གཏུམ་པས་འཛིན་པར་བསྟན་པའོ། །སྐྲག་པ་ཞེས་བྱ་བ་ནི་མི་མཐོང་ནས་སྤངས་ཏེ་སླར་ཟ་ཞེས་བྱ་བའི་ཐ་ཚིག་གོ །སྤངས་པ་ཞེས་བྱ་བ་ནི་རྔ་ལ་སོགས་པའི་སྒྲས་འདྲོགས་ནས་མི་ལ་ཟ་བའི་དོན་ཏོ། །བཀྲེས་པའི་ཟས་ཕྱིར་ཞེས་བྱ་བ་ནི་ཟས་འདོད་པ་ཁོ་ནའི་ཕྱིར་འཛིན་པའི་ཐ་ཚིག་གོ །ཤ་ཁོ་ན་ཡོད་པ་ཞེས་བྱ་བ་ནི་གཙེས་ཤིང་ཚང་བཤིག་པའོ། །གཤིན་རྗེས་བསྟན་པ་ཞེས་བྱ་བ་ནི་གློ་བུར་དུ་གང་ལས་འོངས་གཏོལ་མེད་པས་ཟིན་ནས་འཆི་བར་བྱེད་དོ། །ལུས་ལ་བརྫིས་ན་ཞེས་བྱ་བ་ནི་སྣད་དེ་ཁྲོས་ནས་སླར་རོ་མཁྲིས་ལྡོན་ཞིང་འཛིན་པའོ། །མ་བསྒྲིམས་ཏེ། གསང་སྔགས་ཆོ་ག་བཞིན་བཟླས་བསྒྲུབས་ན་ནི། །ཞེས་བྱ་བ་ཡང་དེ་ཉིད་ལས་ཇི་སྐད་དུ། ཁྱབ་བདག་བྱུང་བ་རྣམས་ཀྱི་རང་བཞིན་དུ། །གྱུར་པས་ས་དང་ཆུ་དང་མེ་རླུང་གི །ངོ་བོ་ཉིད་དེ་གཉེན་པོའི་ས་བོན་གྱི། །སྦྱོར་བ་ཡིས་ནི་དུག་ཀྱང་དབྲོག་པར་བྱ། །ཞེས་བྱ་བ་ནི་འདིར་སྦྱོར་བར་བསྟན་ཏོ། །ལྷ་ཀླུ་ལྷ་མིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་གདོན་རྣམས་ཀྱིས་ཟིན་པ་ལས་གསོ་པའོ་ཞེས་ནི་གསུངས་ན། གདོན་གྱི་རིགས་ངེས་པར་མ་གསུངས་པ་རྣམས་ཀྱི་འདིར་བསྟན་པའོ། །ས་ཡི་སྟེང་ན་གདོན་ནི་སྣ་ཚོགས་པ། །ཞེས་བྱ་བ་ནི་དེ་དག་གི་གནས་བསྟན་པའོ། །མི་ཡི་ཤ་ཚིལ་ཟ་ཞིང་ཁྲག་ཀྱང་འཐུངས། །ཞེས་བྱ་བ་ནི་དེ་དག་གི་ཟས་བསྟན་ཏོ། །མྱ་ངན་ཞེས་བྱ་བ་ལ་སོགས་པ་ནི་གདོན་འཇུག་པའི་སྐབས་བསྟན་ཏོ། །དེ་དག་རྣམས་ཀྱིས་ཟིན་པའི་མི་འཕྱན་ཞིང༌། །ཞེས་བྱ་བ་ལ་སོགས་པ་ནི་གདོན་གྱིས་ཟིན་པའི་རྟགས་བསྟན་ཏོ། །གཏོར་མ་འདོད་པའམ་ཞེས་བྱ་བ་ལ་སོགས་པས་ནི་གདོན་འཇུག་པའི་རྒྱུ་བསྟན་ཏོ། །དེ་ལ་རྩེད་མོ་བྱེད་
― DTG071_Page_0197 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདོད་པའམ། །ཞེས་བྱ་བ་ནི་གདོན་ཕོ་མོས་འདོད་ཆགས་ལ་བརྟེན་འདོད་པས་འཛིན་འདོད་པའོ། །བསད་པའི་དོན་དུ་ཞེས་བྱ་བ་ནི་དེ་དག་གིས་བཟའ་བའི་ཕྱིར་བཟུང་ནས་མི་གཏོང་བའི་དོན་ཏོ། །ལུས་ལ་འབེབས་ཤིང་འཇུག་ཅེས་བྱ་བ་ནི་དེ་དག་ཁོང་དུ་ཞུགས་ནས་བརླམས་པར་གྱུར་པའོ། །གསང་བ་པ་རྣམས་གཞིག་ཕྱིར་ཞེས་བྱ་བ་ནི་གདོན་རྣམས་ལ་ངོ་ལོན་བྱ་དགོས་པར་བསྟན་པའི་དོན་ཏོ། །རིགས་ཀྱི་མཆོག་མཐུ་ཆེན་སྦྱིན་ཞེས་བྱ་བ་ནི་ཉིད་རྡོ་རྗེ་ལྕགས་ཀྱུ་མ་ཞེས་བྱ་བ་ཡིན་ནོ། །གཞན་ཡང༌། ང་ཡི་རིགས་ལས་བྱུང་བའི་རིག་པ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཕོ་ཉ་མོ་བཅུ་ལ་སོགས་པའོ། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་ལ་སོགས་པས། །ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཐམས་ཅད་དོ། །གསོ་ཞེས་བྱ་བ་ནི་གསང་སྔགས་དེ་རྣམས་ཀྱིས་གདོན་དང་བྲལ་ནུས་པའི་ཕྱིར་སྦྱར་བར་བསྟན་ཏོ། །གདོན་རྣམས་འཇིགས་པར་ཞེས་བྱ་བ་ནི་གསང་སྔགས་དེ་རྣམས་ཀྱི་གཟི་བརྗིད་ཟླ་དཔེ་མེད་པར་ཆེ་བའི་ཕྱིར་རོ། །དེ་ལྟར་ནི་མི་མིན་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་བའི་གསང་སྔགས་ལ་གོམས་པའི་མཐུ་ལྟ་བུ་མེད་པས་ནི་གདོན་རྣམས་མི་སྐྲག་པར་གསུངས་སོ། །གྲོང་ཁྱེར་སུན་བརྩེགས་ཞེས་བྱ་བ་ནི། ལྷ་མ་ཡིན་གནས་པའི་གྲོང་རྡལ་ལོ། །སུམ་བརྩེགས་ཞེས་བྱ་བ་ལ། ལྷ་མ་ཡིན་གྱི་གནས་དང་པོ་ནི། གྲོང་ཁྱེར་འོད་ཅན་ཞེས་བྱ་བ་སྟེ། ལྷ་མ་ཡིན་མཉེས་ཤིང་བརྩེ་བའི་གནས་སོ། །དེའི་བདག་པོ་ནི་སྒྲ་གཅན་ཞེས་བྱའོ། །ལྷ་མ་ཡིན་གྱི་གནས་གཉིས་པ་ནི། གྲོང་ཁྱེར་སྐར་ཕྲེང་ཞེས་བྱ་སྟེ། ལྷ་མ་ཡིན་མགུལ་ཕྲེང་རྣམས་གནས་སོ། །དེའི་དབང་པོ་བསྟན་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་གནས་གསུམ་པ་ནི། གྲོང་ཁྱེར་ཟབ་པ་ཞེས་བྱ་སྟེ། ལྷ་མ་ཡིན་ཀུན་དུ་འགྲོ་རྣམས་གནས་པའོ། །དེའི་དབང་པོ་ནི། མེ་ཏོག་ཕྲེང་ཞེས་བྱ་བའོ། །ཡང་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་དང༌། སྒྲ་གཅན་གྱི་ཕོ་བྲང་རིམ་པར་བརྩེགས་པའི་ཟེར་ཏེ་སྔ་མ་བདེའོ། །དེ་དག་འཇོམས་བྱེད་ཅེས་བྱ་བ་ནི། ལྷ་ཆེན་པོས་ལྷ་མ་ཡིན་གྱི་གནས་དེ་རྣམས་སུ་ལྕགས་ཀྱི་མདའ་འབར་བ་གཅིག་འཕངས་པས་
― DTG071_Page_0198 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྲེགས་ཏེ་ཐལ་བར་བྱ་བའི་ཕྱིར་རོ། །ལྷ་མ་ཡིན་གྱི་གནས་བཞི་པ་ནི་ལྷ་མ་ཡིན་དཔུང་བཟངས་རྣམས་དང༌། དེའི་དབང་པོ་ཐགས་བཟངས་རིས་གནས་བའི་གྲོང་ཁྱེར་མཛེས་པ་ཞེས་བྱ་བ་དེ་ཅིའི་ཕྱིར་མི་གཞོམ་ཞེ་ན། གྲོང་ཁྱེར་དེ་ནི་ས་འོག་གི་སྟེང་ན་གནས་པ་ཡིན་ལ། དེ་ལ་འོག་ཏུ་གྱུར་པའི་གནས་གཞན་མེད་པས། ཕན་ཚུན་འཁྲུག་པ་དང་བྲལ་བས། དགྲ་ཟླའི་འཇིགས་པ་དང་བྲལ་བ། ནམ་མཁའ་གཉིས་པ་ལྟ་བུ་ཡིན་ཏེ། ཇི་ལྟར་ནམ་མཁའ་གཟའ་དང༌། རྒྱུ་སྐར་དང༌། སྐར་མའི་ཚོགས་དག་གིས་མཛེས་བར་བྱས་པར་དེ་ལྟར་གྲོང་ཁྱེར་དེ་ཡང༌། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང༌། མཛེས་པ་ཡིན་པས། དེ་ནི་ལྷ་རྣམས་ཀྱི་མཐུས་ཀྱང་ཆོམས་པར་མི་འགྱུར་བའི་ཕྱིར་སྨོས་སོ། །གཟི་ཅན་ཉི་མ་ཞེས་བྱ་བ་ནི་ལྷའི་བུ་ཉི་མའོ། །མེས་པོ་ཞེས་བྱ་བ་ནི་ཚངས་པ་སྟེ། དེ་ལས་སེམས་ཅན་ཐམས་ཅད་འབྱུང་བར་འདོད་པའི་ཕྱིར་རོ། །ཆུ་བདག་ཅེས་བྱ་བ་ནི་ཀླུའི་རྒྱལ་པོ་རྣམས་སོ། །ནོར་བདག་ཅེས་བྱ་བ་ནི་ཀུ་བེ་རའོ། །གནོད་སྦྱིན་རྒྱལ་པོ་ཞེས་བྱ་བ་ནི་རྣམ་ཐོས་ཀྱི་བུའོ། །ལྷག་མ་ཞེས་བྱ་བ་ནི་གོང་མ་དག་ལ་ལྟོས་ནས་དེའི་ཕྱིར་རམ་གཞན་ཡང་ཞེས་བྱ་བའི་དོན་ཏོ། །ས་སྲུངས་ཀྱི་བུ་ཞེས་བྱ་བ་ནི་གླང་པོ་ཆེ་སྟེ། དེ་ལ་ཞོན་པ་ཞེས་བྱ་བ་ནི་བརྒྱ་བྱིན་ནོ། །ལྷ་མ་ཡིན་གྱི་གྲོང་ཁྱེར་འཇིག་བྱེད་ཅེས་བྱ་བ་ཡང་དེ་ཉིད་དོ། །འབྱུང་པོའི་རིག་སྔགས་འདིར་ནི་ཀུན་མཐོང་དང༌། །ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་པའི་གསང་སྔགས་དེ་རྣམས་དེ་ལྟར་སྨད་པ་ཡིན་གྱིས་ཀྱང་གདོན་གྱི་ལས་ཀྱི་རྒྱུས་ལ་མཁས་པར་བྱ་བའི་ཕྱིར་བསླབ་དགོས་པར་བསྟན་ཏོ། །རིག་གསུམ་འཕེལ་དང་ཞེས་བྱ་བ་ནི་སངས་རྒྱས་ཏེ་དེ་ལ་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་རིག་པ་དཔག་ཏུ་མེད་པའི་དོན་ཏོ། །སྲིད་གསུམ་མཐར་ཕྱིན་དང་ཞེས་བྱ་བ་ནི་ཁམས་གསུམ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཉེས་པ་གསུམ་སྤངས་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉེས་པ་གཏན་དུ་བསལ་བའི་ཐ་ཚིག་གོ །ལམ་གསུམ་ཐུགས་སུ་ཆུད་དང་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་
― DTG071_Page_0199 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚུལ་མཁྱེན་པའི་ཕྱིར་རོ། །དེས་པ་དེའི་སྲས་ཞེས་བྱ་བ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའི་ལམ་རྗེས་སུ་འགྲོ་བའི་ལྷ་དང་ལྷ་མིན་ཞེས་བྱ་བ་ནི་འཇིག་རྟེན་པའི་ལྷ་སངས་རྒྱས་ལ་ཕྱོགས་པས་སོ་སོ་ནས་རིག་སྔགས་ཕུལ་བ་རྣམས་ཏེ། བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་མངོན་པར་མཐོ་བའི་དཔལ་ཐོབ་པའི་དོན་ཏོ། །མུན་པ་སེལ་བ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་རབ་ཀྱིས་མ་རིག་པའི་མུན་པ་བསལ་བས་ངེས་པར་ལེགས་པར་འགྱུར་རོ། །བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་འཇིག་རྟེན་པས་སོ་སོ་ནས་བྱིན་གྱིས་བརླབས་པས་སོ། །འཇིག་རྟེན་ལྷ་ཚོགས་རྣམས་ཀྱིས་བསྔགས་པ་ཡི། །གསང་སྔགས་མཐུ་ཡིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་བའི་ཚེ་སོ་སོ་ནས་བཤད་པ་རྣམས་ཏེ། དེ་ལ་བསྐྱོད་དུ་མེད་ཅེས་བྱ་བ་ནི་སྔ་མའི་མཐུ་ལ་དེས་འགྲན་དུ་མི་བཟོད་ཅེས་བྱ་བའི་དོན་ཏོ། །གཞན་ནི་གོ་བར་སླ་བས་མ་ཕྱེའོ། །ཁྱོད་ཀྱི་སྤྱོད་པ་སྣ་ཚོགས་ཞེས་བྱ་བ་ནི་གང་ལ་གང་གིས་འདུལ་བ་དེ་ལ་དེའི་གཟུགས་དང་ཚུལ་དུབ་སྟན་པས་གདུལ་བྱའི་འགྲོ་བ་རྣམས་འཛུད་པའི་དོན་ཏོ། །ཁ་ཅིག་གིས་ནི་རྡོ་རྗེ་འབར་བ་མཐོང། །ཞེས་བྱ་བ་ནི་དབང་པོ་འདུལ་བ་རྣམས་ལ་ནི་བརྒྱ་བྱིན་གྱི་གཟུགས་དང་རྡོ་རྗེ་ཐོགས་པ་དང༌། ལྷ་རྣམས་དང་མཐུན་པའི་ཚུལ་དུ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་གྱི་དབྱུག་ཏོ་གཞན་གྱི་འཁོར་ལོ་ཅན། །ཞེས་བྱ་བ་དེ་བཞིན་དུ་ཀུ་བེ་རའི་གཟུགས་སུ་ཡང་སྟོན་པའི་དོན་ཏོ། །འཁོར་ལོ་ཅན་ཞེས་བྱ་བ་ནི་ཁྱབ་འཇུག་གོ །མདུང་རྩེ་གསུམ་ཐོགས་པ་ཞེས་བྱ་བ་ནི་དབང་ལྡན་ནོ། །ཞགས་པ་ཅན་ཞེས་བྱ་བ་ནི་ཆུ་ལྷའོ། །རལ་གྲི་ཐོགས་པ་ཞེས་བྱ་བ་ནི་བདེན་བྲལ་ལོ། །གཞུ་ཐོགས་པ་ནི་ཉི་མའོ། །བེ་ཅོན་ཅན་ཞེས་བྱ་བ་ནི་གཤིན་རྗེའོ། །དེ་བཞིན་དུ་རླུང་ལྷ་དང་མེ་ལྷ་ལ་སོགས་ཏེ་འདིར་མ་སྨོས་པའི་ལྷ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་སུ་ཡང་སྟོན་ཏོ། །འཇིགས་པའི་གཟུགས་ཅན་ཞེས་བྱ་བ་ནི་འཕགས་པ་རྡོ་རྗེ་རི་རབ་ཀྱི་རྩེ་མོ་ཁང་པ་བརྩེགས་པའི་གཟུངས་ལས་ཇི་སྐད་དུ། འཇིགས་པ་བས་ཀྱང་འཇིགས་པར་
― DTG071_Page_0200 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱད་པ་འཆི་བདག་ཀྱང་སྐྲག་པར་བྱེད་པ་ཁམས་གསུམ་པ་ཐམས་ཅད་ཀྱིས་བསྡུས་པ་ལྟ་བུའི་ལུས་དང་ལྡན་པའི་ཁྲོ་བོར་གྱུར་ནས་ཞེས་གསུངས་པ་ལྟ་བུར་ཡང་སྟོན་པའི་དོན་ཏོ། །མཚོན་ཆ་ཀུན་ཐོགས་ཞེས་བྱ་བ་ཡང་དེ་ཉིད་ལས། ལག་པ་སྟོང་ཕྲག་དུ་མ་ལ། །རྡོ་རྗེ་དང་ཞགས་པ་དང་གཏུན་ཤིང་དང་ཞེས་རྒྱ་ཆེར་གསུངས་པ་ལྟ་བུར་སྟོན་པའི་ཕྱིར་རོ། །ཞི་བ་ཉིད་དུ་མཐོང་ཞེས་བྱ་བ་ནི་དེས་འདུལ་བ་རྣམས་ལ་དེ་ལྟར་སྣང་བའི་ཐ་ཚིག་གོ །དམིགས་མེད་སྐུ་མངའ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་ལྡན་པའི་དོན་ཏོ། །གཞན་ནི་གོ་བར་ཟད་དོ། །དབུལ་བའི་མུན་པ་ཞེས་བྱ་བ་ནི་ཤེས་རབ་དང་དཔལ་དང་གཟུགས་དང་ནོར་རྣམས་གང་ལ་ཡང་མི་སྣང་བའོ། །གསལ་ནས་ཉི་མ་བཞིན་དུ་འབར་བར་འགྱུར། །ཞེས་བྱ་བ་ནི་ཤེས་རབ་དང་དཔལ་དང་གཟུགས་དང་ནོར་རྣམས་ལེགས་པར་རྫོགས་པར་གྱུར་ནས་འཇིག་རྟེན་ན་མངོན་པར་མཐོ་བར་སྣང་བའི་དོན་ཏོ། །ཡན་ལག་མི་ཉམས་ཞེས་བྱ་བ་ནི་དངོས་གྲུབ་ཐོབ་ནས་ཀྱང་བཟླས་བརྗོད་ཀྱི་ཡན་ལག་མི་ཉམས་པས་ཟློས་པའི་དོན་ཏོ། །སེམས་ཀྱང་མི་ཉམས་ཤིང་ཞེས་བྱ་བ་ནི་དེའི་དུས་སུ་འདོད་པའི་ཡོན་ཏན་ལ་སྤྱོད་ཀྱང་ཕྱིན་ཅི་ལོག་གི་དབང་དུ་མི་འགྱུར་བའི་ཐ་ཚིག་གོ ། ནད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ། །ཁྱོད་ལ་དད་པའི་མིས་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་གནོད་པ་སྣ་ཚོགས་སེལ་བའི་སྨན་པའི་རྒྱལ་པོ་ཡིན་པར་བརྗོད་པའོ། །གཞན་ནི་གོ་སླ་བས་མ་ཕྱེའོ། །ལེའུ་བཅུ་གཅིག་པའི་དོན་བཤད་ཟིན་ཏོ། །འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་ཚིག་གི་དོན་བཤད་པའི་བརྗེད་བྱང་རྫོགས་སོ།། །།
|