Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དང་དགུ་པ།


   
   
   
བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ། 
   
   
   
   
   
   
   


 
previousབདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ། next

བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ།


DTG109_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུ་ག་ཏ་མ་ཏོ་བི་བྷི་ག་བྷཱ་ཥྲྱཾ། བོད་སྐད་དུ། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཤར་ཞིང་རྒྱུན་འཕེལ་བ་ཡི་ཡོན་ཏན་མངའ། །ཉེས་པ་རྗེས་འབྲེལ་སྤངས་ཤིང་དྲི་མེད་མཛེས་པའི་སྐུ། །རྨོངས་སེལ་གསུང་གི་འོད་མངའ་སྔོན་མེད་ཟླ་བ་སྟེ། །གསུང་གི་དབང་ཕྱུག་ལ་ནི་རྟག་པར་མགོས་ཕྱག་འཚལ། །ཐུབ་དབང་ཞབས་ཀྱི་པདྨ་ལ། །བརྟེན་པ་རྣམས་ཀྱི་རྣམ་དབྱེ་ནི། །བློ་དམན་རྣམས་ཀྱིས་རབ་རྟོགས་པར། །བསྒྲུབ་པར་འདོད་པས་བཤད་པར་བྱ། །འདིར་ཆོས་མངོན་པ་ཉི་འོག་གི་ཡུལ་པ་ལ་སོགས་པའི་བྱེ་བྲག་སངས་རྒྱས་པའི་དབྱེ་བ་ཤིན་ཏུ་མང་མོད་ཀྱི། གཙོ་བོ་ཇི་ལྟ་བུར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་དང༌། དབུ་མ་པའི་དབྱེ་བས་སངས་རྒྱས་པ་བཞི་པོ་ཙམ་བླ་ཆོས་སུ་རྟོགས་པར་འདོད་པའི་སྐྱེ་བོ་རྗེས་སུ་གཟུང་བར་བཞེད་པའི་གཞུང་རྩོམ་པ་པོས། དེ་ཁོ་ན་བཞིན་དུ་རྣམ་པར་འཇོག་པ་


DTG109_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །ཁ་ཆེ་བ་དེ་དག་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བས་དངོས་པོ་རྣམས་ཚོགས་གཉིས་སུ་སྨྲ་བར་གྲག་གོ །དེ་ལ་འདུས་མ་བྱས་ནི་རྣམ་པ་གསུམ་སྟེ། ནམ་མཁའ་དང་འགོག་པ་གཉིས་སོ། །ནམ་མཁའ་ཞེས་བྱ་བ་འདི་ཅི་ཞེ་ན། གང་འགའ་ལ་ཡང་སྒྲིབ་པར་མི་བྱེད་ཅིང་གང་གིས་ཀྱང་བསྒྲིབ་པར་བྱ་བ་མ་ཡིན་པ་དེ་ནི་གོ་འབྱེད་པས་ན་ནམ་མཁའ་ཞེས་བྱ་སྟེ། དེ་ལ་ནམ་མཁའ་མི་སྒྲིབ་པ་ཞེས་གང་གསུངས་པ་ཡིན་ནོ། །འགོག་པ་གཉིས་ནི་སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །དེ་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་ཤེས་རབ་ཡིན་ལ། དེས་ཐོབ་པར་བྱ་བའི་འགོག་པ་ནི་ཉོན་མོངས་པ་དང་བྲལ་བའོ། །དེ་ཡང་སྤང་བར་བྱ་བ་སོ་སོར་ཐ་དད་པ་ཡིན་ཏེ། ལྡན་པའི་རྫས་རྣམས་ཇི་སྙེད་པ། །བྲལ་བའི་རྫས་ཀྱང་དེ་སྙེད་དོ། །རྒྱུའི་ཚོགས་པས་སྟོང་པའི་དངོས་པོ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་ཆོས་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་ཐོབ་པར་བྱ་བ་མ་ཡིན་པས་ན། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་བརྗོད་དེ། སོ་སོར་བརྟགས་པས་འགོག་པ་གང༌། །བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་གང་གསུངས་པ་ཡིན་ནོ། །འདུས་མ་བྱས་གསུམ་པོ་འདི་ནི་འདུས་བྱས་ལས་བཟློག་པ་སྐྱེ་བ་དང་འཇིག་པ་དང་བྲལ་བས་ན་རྟག་པ་ཡིན་གྱི། གཞན་དག་གི་སྤྱི་ལ་སོགས་པ་ལྟ་བུ་ནི་མ་ཡིན་ནོ། །གསུམ་པོ་འདི་ལས་གཞན་པ་ཕུང་པོ་ལྔའི་བདག་ཉིད་ཀྱི། འདུས་བྱས་ཐམས་ཅད་སྐད་ཅིག་མ། རྒྱུ་དང་རྐྱེན་ཚོགས་ཤིང་འདུས་ནས་བྱས་པའི་དངོས་པོའི་རྣམ་པ་མཐའ་དག་ནི་སྐད་ཅིག་མ་ཡིན་ཏེ། སྐྱེས་པའི་སྐད་ཅིག་མ་ཙམ་ཁོ་ན་ཡོད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་འདུས་བྱས་ནི་འཇིག་པའི་ཁོངས་སུ་འཇུག་པར་མཐོང་ལ། དེ་ངོ་བོ་གང་གི་སྒོ་ནས་མཐར་འཇིག་པར་འགྱུར་བ་དེ་ནི་དེ་སྐྱེས་པ་ཙམ་ཁ་ན་ཡོད་པས་ན། སྐྱེ་བའི་དེ་མ་ཐག་ཁོ་ནར་འདིར་འཇིག་པར་འགྱུར་བའི་ཕྱིར། འདི་སྐད་ཅིག་མ་ཡིན་པར་གསལ་ལོ། །སྐྱེ་བའི་ངོ་བོ་གཞན་ཡིན་ལ་མཐའ་ཡང་གཞན་


DTG109_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། ངོ་བོ་དེ་ལས་ཐ་མི་དད་པ་ན་དེ་དག་འདྲ་བར་ཐ་མི་དད་པར་ཐལ་བའི་ཕྱིར་དང༌། དེ་ངོ་བོ་ལས་ཐ་དད་པ་ན་དེ་དང་འདྲ་བར་ཐ་དད་པར་ཐལ་བའི་ཕྱིར་རོ། །ཇི་སྟེ་དུས་རེ་ཞིག་གནས་ནས་ལྡོག་པ་གང་ཡིན་པ་འདི་ཉིད་དེ་དག་གི་རང་གི་རྒྱུས་བསྐྱེད་པའི་རང་བཞིན་ཡིན་ནོ་ཞེ་ན། དེ་ལྟར་དེ་སྐྱེས་པ་ཙམ་གྱི་རང་བཞིན་ཇི་ལྟ་བུ་ཡིན་པ་དེ་ཁོ་ན་ལྟ་བུ་མཐར་ཡང་ཡིན་པས་ན། ཡང་དུས་དེ་སྲིད་ཁོ་ནར་གནས་པར་འགྱུར་ཞིང༌། སླར་ཡང་དེ་ལྟ་བུ་ཡིན་པས་ན་ནམ་ཡང་ནི་གནས་པར་མི་འགྱུར་རོ། །དེའི་ཕྱིར་སྐད་ཅིག་གཉིས་སུ་གནས་སྐྱེས་པ་ཡིན་ན་སྐད་ཅིག་དང་པོ་བཞིན་དུ་སྐད་ཅིག་གཉིས་པ་ལ་ཡང་སྐད་ཅིག་གཉིས་སུ་གནས་པ་ཡིན་པས་ན། སྐད་ཅིག་གཞན་དུ་གནས་པར་འགྱུར་ཞིང༌། དེར་ཡང་དེ་ལྟ་བུ་ཡིན་པས་ན་ནམ་ཡང་འཇིག་པར་མི་འགྱུར་རོ། །འདི་སྙམ་དུ་དངོས་པོ་དེ་ནི་བརྟན་པ་ཁོ་ནར་རང་གི་རྒྱུ་ལས་སྐྱེས་པ་ཡིན་ཏེ། དེ་ནི་མཐར་ཡང་ངོ་བོ་གཞན་དུ་འགྱུར་བ་མ་ཡིན་ལ། འོན་ཀྱང་འགོག་བྱེད་ཀྱི་ནན་གྱིས་འཇིག་པར་བྱེད་པ་ཡིན་ནོ་སྙམ་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་དེ་འགོག་བྱེད་ཉེ་ཡང་སྔ་མ་ཁོ་ན་བཞིན་དུ་འཇིག་པའི་ངང་ཅན་མ་ཡིན་པའི་ངོ་བོ་ཉིད་ཡིན་ན་ནི། འོ་ན་དེའི་ཚེ་ཡང་འཇིག་པར་མི་འགྱུར་རོ། །དེ་འཇིག་པའི་ངང་ཅན་མ་ཡིན་ཡང་དེས་འཇིག་པར་བྱེད་དོ་ཞེ་ན། དེ་ནི་མི་འཇིག་གོ །དེ་ལ་འཇིག་པ་ནི་ཡོད་དོ་ཞེས་བྱ་བ་འདི་ལྟར་རིགས་པར་འགྱུར་ཏེ། ལྷས་བྱིན་ནི་གསོན་ནོ། །འདི་འཆི་བར་འགྱུར་རོ་ཞེས་བྱ་བ་འདི་ནི་སྲིད་པ་མ་ཡིན་ནོ། །ཇི་སྟེ་འཇིག་པར་འགྱུར་ན་མི་འཇིག་པའི་ངང་ཅན་ཇི་ལྟར་ཡིན་ཏེ། འཆི་བར་ནི་འགྱུར་ལ་མི་འཆི་བའི་ཆོས་ཅན་ཡིན་པ་ནི་མ་ཡིན་ནོ། །འགོག་བྱེད་ཉེ་བ་ན་འཇིག་པའི་ངང་ཅན་གྱི་ངོ་བོ་ཉིད་དུ་སྐྱེད་དོ་ཞེ་ན། ཅི་སྔར་གྱི་འཇིག་པའི་ངང་ཅན་མ་ཡིན་པའི་ངོ་བོ་རྗེས་སུ་འཇུག་པ་ཡོད་དམ། འོན་ཏེ་མེད། གལ་ཏེ་ཡོད་ན་འོ་ན་དེ་འཇིག་པ་ཡང་མ་ཡིན་མི་འཇིག་པ་ཡང་མ་ཡིན་པས་ན། རྒལ་བར་དཀའ་བའི་སྡུག་བསྔལ་ཉམ་ང་བར་ཆུད་པ་ཡིན་ནོ། །གལ་ཏེ་མེད་ན་ནི་དེ་དང་ཐ་མི་དད་པས་ན་སྔར་གྱི་དངོས་པོ་དེ་ཡང་མེད་པའི་ཕྱིར་གང་ལ་འཇིག་པའི་ངང་ཅན་སྐྱེད་པར་བྱེད། དེ་ནས་འཇིག་པའི་ངང་ཅན་མ་ཡིན་ན་


DTG109_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཡང་འཇིག་པར་མི་འཐད་པའི་ཕྱིར་དང༌། འཇིག་པ་ཡང་མཐོང་བས་ན། གཟུགས་ལ་སོགས་པ་རང་གི་རྒྱུ་ལས་འཇིག་པའི་ངང་ཅན་ཁོ་ནར་སྐྱེ་བས་ན། སྐྱེས་པ་ཙམ་ཁོ་ན་འཇིག་པ་ཡིན་ཞིང༌། དེ་ལྟ་ན་ཡང་སྐད་ཅིག་མ་འཇིག་པ་འགྲུབ་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་ཚེ་འཇིག་པའི་ངང་ཅན་ཡིན་པ་དེ་ནི་དེའི་ཚེ་དེ་མ་ཐག་ཏུ་མི་གནས་པ་ཡིན་ཏེ། དཔེར་ན་མཐའི་སྐད་ཅིག་ལ་གནས་པའི་ངོ་བོ་བཞིན་ནོ། །གཟུགས་ལ་སོགས་པ་ཡང་སྐྱེ་བའི་དུས་ན་འཇིག་པའི་ངང་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་དངོས་པོ་རྣམས་སྐད་ཅིག་མས་འཇིག་པ་ཡིན་ན། འོ་ན་དེ་ཉིད་འདི་ཡིན་ནོ་སྙམ་པའི་ངོ་ཤེས་པ་ཇི་ལྟར་ཡིན་ཞེ་ན། རྒྱུན་མི་འཆད་པར་འདྲ་བས་གཞན་དང་གཞན་འབྱུང་བ་དང༌། མ་རིག་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །སྐད་ཅིག་མ་འཇིག་པའི་དུས་ཁོ་ན་དེ་དང་འདྲ་བའི་སྐད་ཅིག་མ་གཞན་འབྱུང་བར་འགྱུར་ཏེ། དེས་ནི་རྣམ་པ་མི་འདྲ་བ་མེད་པའི་ཕྱིར་དང་དངོས་པོ་མེད་པས་བར་དུ་མ་ཆོད་པའི་ཕྱིར་དང༌། མ་རིག་པས་གཡེར་བག་བཅོས་པ་རྣམས་ལ་ཐ་དད་པ་ཡིན་ཡང་དེ་ཉིད་འདི་ཡིན་ནོ་སྙམ་དུ་ཐ་དད་པ་མེད་པར་ཞེན་པའི་རྟོག་པ་འབྱུང་སྟེ། དྲེགས་ནས་སླར་སྐྱེས་པའི་སྐྲ་དང་སེན་མོ་ལ་སོགས་པ་ཤིན་ཏུ་ཐ་དད་པ་ལ་ཡང་དེ་ཉིད་འདི་ཡིན་ནོ་སྙམ་པའི་ཤེས་པ་མཐོང་བ་དེ་བཞིན་དུ་འདིར་ཡང་ཇི་སྟེ་མི་སྲིད། ཅི་འོ་ན་འདུས་བྱས་འདི་ཇི་ལྟར་གཞན་དག་འདོད་པ་བཞིན་དུ་བདག་གིས་བྱིན་གྱིས་བརླབས་པ་ཡིན་ནམ། དེ་དག་ནི་འདི་སྐད་དུ་ལུས་ལ་སོགས་པ་ལས་ཐ་དད་པ་དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱེད་པ་དེའི་འབྲས་བུའི་མྱོང་བ་པོ་རྟོག་པ་དང་ཁྱབ་པའི་ངོ་བོ་བདག་ཅེས་བྱ་བ་རྫས་གཞན་ཡོད་པ་ཡིན་ལ། དེས་སྣ་ཚོགས་ལ་ཁྱབ་པ་ཡིན་མོད་ཀྱི། འོན་ཀྱང་ཉེ་བར་ལོངས་སྤྱོད་པའི་གནས་ཉིད་དུ་ཡོངས་སུ་བཟུང་བའི་གསོན་པོའི་ལུས་གང་ཡིན་པ་དེ་ཁོ་ན་བདག་དང་བཅས་པ་ཞེས་བརྗོད་དོ་ཞེས་སྨྲའོ་ཞེ་ན། མ་ཡིན་ཏེ། བདག་གིས་སྟོང་ཞིང་ཞེས་སྨོས་ཏེ། བདག་གིས་སྟོང་ཞིང་བྲལ་ཏེ་བྱིན་གྱིས་མ་བརླབས་པའོ། །འདི་ལྟར་རེ་ཞིག་བདག་སྒྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ། །མངོན་སུམ་གྱིས་བདག་རྟོག་པ་མ་ཡིན་ཏེ། མིག་ལ་སོགས་པའི་ཤེས་པ་ནི་གཟུགས་ལ་


DTG109_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཡུལ་ལྔར་ངེས་པའི་ཕྱིར་དང༌། བདག་ཏུ་རྟོག་པའི་ཡིད་ཀྱི་ཤེས་པའི་ཡུལ་ཡང་ལུས་ལ་སོགས་པ་ཡིན་པའི་ཕྱིར་རོ། །བདག་དཀར་ཤམ་མོ་བདག་སྦོམ་མོ་བདག་འགྲོའོ་སྙམ་པ་ལ་སོགས་པའི་རྣམ་པས་བདག་ཏུ་ཤེས་པ་འབྱུང་ལ། ལུས་ལས་ཐ་དད་པ་འདི་ལ་ནི་ལུས་དེའི་ཆོས་དཀར་ཤམ་ཉིད་དང་སྦོམ་པ་ཉིད་ཡོད་པ་མ་ཡིན་ཞིང༌། ཁྱབ་བྱེད་ལུས་ཅན་མ་ཡིན་པ་ལ་ལུས་ཅན་གྱི་རྫས་ཀྱི་རྗེས་སུ་འབྲང་བའི་འགྲོ་བའི་བྱ་བ་འཐད་པ་དང་ལྡན་པ་ཡང་མ་ཡིན་ནོ། །འདི་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་པ་བཞིན་དུ་བརྟགས་པར་རྟོག་པ་ཡང་མི་རིགས་ཏེ། གཡོ་བ་མེད་པའི་ཕྱིར་རོ། །གཡོ་བ་མེད་པ་ལ་བཏགས་པ་བར་རྟོག་པ་ཡང་མི་རིགས་ཏེ། དངོས་ཀྱི་ཐ་སྙད་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ། །རྗེས་སུ་དཔག་པས་རྟོགས་པ་ཡང་ཡིན་ཏེ། རང་བཞིན་དང་འབྲས་བུའི་རྟགས་མེད་པའི་ཕྱིར་རོ། །རྟག་ཏུ་ལྐོག་ཏུ་གྱུར་ཅིང་ཡུལ་དང་དུས་སུ་ལྡོག་པ་མེད་པའི་བདག་དང་འགའ་ཡང་རྗེས་སུ་འགྲོ་བ་དག་ལྡོག་པའི་བདག་ཉིད་ཅན་གྱི་རྒྱུ་དང་འབྲས་བུའི་ངོ་བོ་མ་གྲུབ་པས་ན་འབྲས་བུའི་རྟགས་མི་འཐད་པའི་ཕྱིར་དང༌། ཆོས་ཅན་ཡོད་པ་ཉིད་མ་གྲུབ་པས་ན་རང་བཞིན་གྱི་རྟགས་མི་འཐད་པའི་ཕྱིར་རོ། །གང་གིས་རྗེས་སུ་དཔོག་པར་འགྱུར་བ་ཡོད་པར་སྒྲུབ་པར་དབང་བའི་རྟགས་གཞན་ཡང་ཡོད་པ་མ་ཡིན་ལ། རྟགས་གཞན་ཡོད་ན་ཡང་བསྒྲུབ་བྱས་ཁྱབ་པར་འགྱུར་དགོས་ལ། དེ་ནི་འགར་ཡང་མ་གྲུབ་པས་ན་ཁྱབ་པར་བྱེད་པ་ཉིད་དུ་མ་ངེས་པའི་ཕྱིར། གང་དུ་ཡང་གང་གིས་ཀྱང་གང་ཡང་དེས་ཁྱབ་པར་ངེས་པར་མི་འགྱུར་བས་ན་འདི་ལ་རྟགས་འགའ་ཡང་མེད་དོ། །འདི་སྙམ་དུ་གལ་ཏེ་གསོན་པའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། རྟགས་འདིའི་ཕྱིར་རོ་ཞེས་སྒྲུབ་ན་སྐྱོན་འདིར་འགྱུར་བ་ཞིག་ན། འོན་ཀྱང་འདོད་པ་ལ་སོགས་པ་ནི་རྟེན་དང་བཅས་པ་ཡིན་ཏེ། དངོས་པོ་ཡིན་ནོ་ཞེ་ན། འབྲས་བུ་ཡིན་པའི་ཕྱིར་ན་གཟུགས་ལ་སོགས་པ་བཞིན་ནོ་ཞེས་སྒྲུབ་པ་ཡིན་ལ། འདོད་པ་ལ་སོགས་པའི་རྟེན་གང་ཡིན་པ་འདི་ནི་ཁོ་བོ་ཅག་གི་བདག་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་ཡང་གལ་ཏེ་རྒྱུ་ལ་བརྟེན་དུ་འདོད་ན། དེའི་ཚེ་ཁོ་བོ་ཅག་ཀྱང་འདོད་པ་ལ་སོགས་པ་རྒྱུ་མེད་པར་མི་འདོད་པས་ན་


DTG109_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོ་ཅག་ལ་གྲུབ་པ་ཡིན་པས་ན་གཏན་ཚིགས་དོན་མེད་པ་ཡིན་ནོ། །འོན་ཏེ་རྟེན་གཞི་ཡིན་ན་དེའི་འབྲས་བུ་ཡང་ཡིན་ལ། གཞི་དང་མི་ལྡན་པ་ཡང་ཡིན་པ་ཞེས་བྱ་བའི་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པས་ན། ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ངེས་པ་ཡིན་ནོ། །འབྲས་བུ་འགའ་ཡང་གཞི་དང་མི་ལྡན་པར་མཐོང་བ་ཡིན་པས་ན་ཐམས་ཅད་དེ་ལྟ་བུར་འགྱུར་ཏེ། ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །གང་ཡང་གསོན་པའི་ལུས་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བའི་ཕྱིར་རོ་ཞེས་བརྗོད་པ་དེ་ཡང་བདག་སྒྲུབ་པར་ནུས་པ་མ་ཡིན་ཏེ། བདག་མེད་པའི་བུམ་པ་ལ་སོགས་པས་སྟོང་པར་མཐོང་ཞེས་ཏེ། གསོན་པའི་ལུས་ཀྱང་ད་ལྟ་བུར་འགྱུར་དགོས་སོ་ཞེས་བྱ་བ་འདི་ལ་ངེས་པའི་རྒྱུ་ནི་ཡོད་པ་ཡིན་ནོ། །འདི་ལྟར་གང་ཞིག་གང་དང་བདག་ཉིད་འགའ་ཞིག་གིས་མཚུངས་པ་ཡང་དེ་དང་དེ་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པར་མཐོང་བའམ་མི་འདོད་པ་ནི་མ་ཡིན་ཏེ། བུམ་པ་དང་སྣམ་བུ་བྱས་པ་ཉིད་དང་བདག་མེད་པ་ཉིད་དུ་མཚུངས་ཀྱང་བུམ་པ་དང་བུམ་པ་མ་ཡིན་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །བདག་ནི་སྲོག་ལ་སོགས་པའི་རྒྱུ་ཡང་མ་ཡིན་ལ་ཁྱབ་པར་བྱེད་པའི་རང་བཞིན་ཡང་མ་ཡིན་པའི་ངོ་བོ་ཞིག་ཡིན་གྲང༌། དེ་ལ་ཕྱོགས་དང་པོ་ལ་ནི་མིག་ལ་སོགས་པ་འབྲས་བུ་མེད་པར་ཐལ་བ་བཟློག་པར་དཀའ་སྟེ། འདི་ལྟར་གཟུགས་ལ་སོགས་པ་དམིགས་པའི་བདག་ཉིད་ཅན་གྱི་བདག་རྟག་པ་ཡོད་ན། མིག་ལ་སོགས་པ་ལ་ཉེ་བར་མཁོ་བ་ཅི་ཡང་མེད་ལ། གང་འདི་དག་ཉེ་བར་མཁོ་བར་འགྱུར་བ། བདག་ཤེས་པའི་ངོ་བོར་སྨྲ་བ་རྣམས་ལ་དམིགས་པ་མི་བརྟག་པ་ནི་སྲིད་པ་མ་ཡིན་ནོ། །དེ་དམིགས་པ་མི་རྟག་པ་འགའ་ཞིག་སྲིད་ཀྱང་དམིགས་པའི་བདག་ཉིད་ཀྱི་བདག་རྟག་པ་རྟག་ཏུ་ཡོད་པས་དེ་སྲིད་དུ་ཆུག་ཀྱང་དམིགས་པའི་བདག་ཉིད་ཀྱི་བདག་རྟག་པ་ཡོད་པ་ན་དབང་པོ་རྣམས་ཉེ་བར་མཁོ་བ་དང་བྲལ་བའི་གནས་སྐབས་དེ་ཉིད་ཡིན་ཏེ། དེའི་ཚེ་དམིགས་པ་མི་རྟག་པར་ཁས་བླངས་པས་ཅི་ཞིག་བྱ། མི་རྟག་པ་མེད་ན་མ་བཅོས་པའི་རྟག་པ་དེ་དངོས་པོར་འཛིན་པ་མ་ཡིན་པ་ན་དེ་ལྟ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མི་རྟག་པའི་སེམས་པ་དང་བྲལ་ཡང་སེམས་པ་ཅན་


DTG109_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདག་དེ་ལ་སྡོད་པར་མ་འཐད་པའི་ཕྱིར་དང༌། སྡོད་ན་ཡང་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་གྱི་ཚེ་ཡང་དངོས་པོ་མི་འཛིན་པ་ན་བདག་རང་ཉིད་ནི་སེམས་པ་མེད་པ་ཁོ་ན་ཡིན་ལ། སེམས་པ་དང་ལྡན་པས་ན་སེམས་པར་བྱེད་དོ་ཞེས་བྱ་བར་འགྱུར་ལ། མོ་གཤམ་ལ་མ་ཉིད་བཞིན་དུ་རང་ཉིད་སེམས་པ་མེད་པ་ནི་སེམས་པའི་བདག་ཉིད་དུ་མི་འཐད་པའི་ཕྱིར་རོ། །འདི་རྟག་པ་སེམས་ཅན་དུ་ཡང་འདོད་པ་ཡིན་ཏེ། དེའི་ཕྱིར་ནམ་ཡང་མི་སེམས་པར་མི་འགྱུར་ལ། དེ་ལྟ་ན་ཡང་མིག་ལ་སོགས་པ་དོན་མེད་པ་ཉིད་དུ་འགྱུར་ཞིང༌། འདི་དག་དོན་མེད་པར་ནི་མཐོང་བའམ་འདོད་པ་ཡང་མ་ཡིན་ནོ། །འདི་དག་དོན་དང་ལྡན་པ་ཉིད་འདི་ནི་གཟུགས་ལ་སོགས་པ་དམིགས་པ་རྟག་པ་ཡིན་པ་སེལ་བར་བྱེད་དོ། །སྦྱོར་བ་ནི་གང་ཞིག་གང་མེད་པར་གང་དམིགས་པ་དང་ལྡན། དེ་ནི་དམིགས་པ་ན་དེ་ལ་ལྟོས་པ་མ་ཡིན་ཏེ། དཔེར་ན་བྱི་ལ་བྱི་བ་དམིགས་པ་ན་སྣང་བ་བཞིན་ནོ། །གཞན་གྱི་ལུགས་ལྟར་ན་རྟོག་པ་པོ་མིག་ལ་སོགས་པ་མེད་པར་གཟུགས་ལ་སོགས་པ་དམིགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི། ཁྱབ་བྱེད་འགལ་བ་དམིགས་པའི་ཐལ་བ་ཡིན་ལ། དེ་ལྟ་ན་ཡང་མ་ཡིན་ཏེ། དེ་ན་བཟློག་པ་ནི། གང་ཞིག་གང་དམིགས་པ་ན་གང་ལ་ལྟོས་པ་དེ་ནི་དེ་མེད་པར་དེ་དམིགས་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་མིག་ནང་ན་གནས་པའི་དངོས་པོ་དམིགས་པ་ན་སྒྲོན་མ་ལ་ལྟོས་པ་དང་བཅས་པ་བཞིན་ནོ། །རྟོག་པ་པོ་ཡང་གཟུགས་ལ་སོགས་པ་དམིགས་པ་ན་མིག་ལ་སོགས་པ་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི། འགལ་བས་ཁྱབ་པ་དམིགས་པའོ། །འདི་སྙམ་དུ་དབང་པོ་ཉེ་བར་མི་སྦྱོར་ན་གཟུགས་ལ་སོགས་པ་དམིགས་པ་མི་འདོད་པ་ཉིད་དེ། དམིགས་པ་ཙམ་ནི་གནས་སྐབས་ཐམས་ཅད་དུ་རྗེས་སུ་འགྲོ་བ་ཉིད་འདོད་པའི་ཕྱིར་ཏེ། ཁོ་བོའི་སྐྱེས་བུས་བདེ་བ་དང༌། །བདེ་སོགས་གནས་སྐབས་འགྲོ་ན་ཡང༌། །སེམས་པ་རྫས་དང་སེམས་ཅན་སོགས། །ངོ་བོ་འདོད་པར་བྱེད་པ་མིན། །ཞེས་གང་སྨྲས་པ་ཡིན་ནོ། །དེས་ན་ཐལ་བ་སྒྲུབ་པ་ལ་གཏན་ཚིགས་མ་གྲུབ་ཅིང༌། བཟློག་པ་ནི་གྲུབ་པ་སྒྲུབ་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་དབང་པོ་ཉེ་བར་མི་སྦྱོར་བ་ན་གཟུགས་ལ་


DTG109_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དམིགས་པར་མི་འདོད་ན། འོ་ན་དེ་ཉེ་བར་སྦྱོར་བ་ན་འདོད་པར་འགྱུར་ལ། དེ་ལྟ་ན་ཡང་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་རྣམས་དེའི་འབྲས་བུ་ཉིད་ལས་མི་མངའ་ཞིང༌། དེ་དག་དེའི་འབྲས་བུ་ཡིན་ན་ཡང༌། གང་ཞིག་གནས་སྐབས་མ་ལུས་པར་རྗེས་སུ་འགྲོ་བར་འགྱུར་བ་གཞན་དམིགས་པ་ཙམ་ལྷག་ལུས་པ་ཅི་ཡོད། དམིགས་པ་ཙམ་དེས་གལ་ཏེ་ཅི་ཡང་མི་དམིགས་ན་དེ་ཇི་ལྟར་དམིགས་པའི་ངོ་བོ་ཡིན། གལ་ཏེ་དམིགས་ན་འོ་ན་དེ་ནི་གཟུགས་ལ་སོགས་པ་དམིགས་པ་ཉིད་ཡིན་ཏེ། དེ་བས་ན་དབང་པོ་ཉེ་བར་མི་སྦྱོར་བ་ནི་གཟུགས་ལ་སོགས་པ་དམིགས་པར་མི་འདོད་དོ་ཞེས་ཅིའི་ཕྱིར་བརྗོད། ཁས་ལེན་ན་ཐལ་བའི་གཏན་ཚིགས་མ་གྲུབ་ན་བཟློག་པ་ལ་འདོད་པའི་སྐབས་ཅི་ཡོད། དེ་ལྟར་རྗེས་སུ་དཔག་པས་དམིགས་པ་རྟག་པ་བཀག་པའི་ཕྱིར། དེའི་རང་བཞིན་ཅན་གྱི་བདག་དགག་པ་བྱས་པར་འགྱུར་ཏེ། དགོས་པ་མི་རྟག་པ་ལ་བདག་ཏུ་འདོགས་ན་རྩོད་པ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་དམིགས་པ་རྟག་པ་ཉམས་སུ་མྱོང་བའི་ཕྱིར། སེམས་ཅན་གྱི་བདག་ཉིད་ཀྱི་བདག་རྟག་པ་ནི་མངོན་སུམ་གྱིས་ཀྱང་བཟོད་པ་མ་ཡིན་ཞིང༌། རྟོགས་པའི་ངོ་བོ་མ་ཡིན་པའི་བདག་ཡོད་པར་མི་དམིགས་པས་མི་བཟོད་དེ། གང་ཞིག་གང་དུ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་དེ་ནི་དེར་མེད་པའི་ཐ་སྙད་དུ་བྱ་བ་ཡིན་ཏེ། དཔེར་ན་རྟའི་མགོ་ལ་རྭ་བཞིན་ནོ། །ལུས་ལ་སོགས་པ་ལ་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པའི་བདག་མ་དམིགས་པ་ཡིན་ནོ། །འོ་ན་ལུས་ལ་སོགས་པ་བདག་གི་རྟེན་དུ་སྨྲ་བ་རྣམས་མི་འདོད་པ་མ་ཡིན་ནམ། གང་གི་ལུས་ལ་བདག་ཡོད་མིན། །ཞེས་གང་སྨྲས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་བཀག་པ་ན་མི་འདོད་པ་ཅི་ཡང་མེད་དོ་ཞེ་ན། བདེན་ཏེ། ཁོ་བོ་ཅག་གིས་ཀྱང་འདིར་བརྟེན་པ་ཡིན་པ་དགག་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་བསྟན་པ་ཡིན་ནོ། །ཐམས་ཅད་དུ་ཡང་མི་དམིགས་པས་ལྡན་པ་ཁོ་ན་དགག་པར་བྱ་བ་ཁོ་ན་ཡིན་ཏེ། དགག་པར་བྱ་བ་བུམ་པ་ལ་སོགས་པ་ཡང་ལྡན་པའི་ཕྱིར་རོ། །བརྟེན་པ་ཁོ་ན་ནི་ལྡན་པ་མ་ཡིན་ཏེ། བརྟེན་པ་མ་ཡིན་པ་དང་དེ་ལྟ་བུ་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བརྟེན་པ་མ་ཡིན་པའི་


DTG109_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་ལྡན་པའི་ཕྱིར་ལུས་ལ་སོགས་པ་བདག་དང་བཅས་པར་ཡང་མི་འགྱུར་རོ། །འདིར་ལུས་ལ་སོགས་པ་དགག་བྱའི་རྟེན་དུ་གཟུང་བ་ནི་མ་ཡིན་གྱི། འོན་ཀྱང་མི་དམིགས་པ་དང་མེད་པའི་ཐ་སྙད་དག་གི་རྟེན་ཡིན་པས་ན་སྐྱོན་མེད་དོ། །འོ་ན་མི་དམིགས་པ་འདི་རེ་ཞིག་དམིགས་པ་མེད་པ་མ་ཡིན་ཏེ། དེ་སྒྲུབ་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཤེས་པ་གཅིག་ལ་འདྲེ་བའི་དངོས་པོ་གཞན་དམིགས་པའི་རང་བཞིན་ཡང་མ་ཡིན་ཏེ། བདག་དང་ཤེས་པ་གཅིག་ལ་འདྲེ་བ་གང་ཡང་མེད་པའི་ཕྱིར་རོ། །ཤེས་པ་ཐ་དད་པ་དམིགས་པའི་དངོས་པོ་དམིགས་པའི་རང་བཞིན་ཡང་མ་ཡིན་ཏེ། དེ་མེད་པར་སྒྲུབ་པ་ལ་མི་མཁོ་བའི་ཕྱིར་རོ། །ཉེ་བར་མཁོ་ན་ནི་སྒྲ་དམིགས་པས་ཀྱང་གཟུགས་མེད་པ་སྒྲུབ་པར་ཐལ་བའི་ཕྱིར་རོ། །རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་བས་མི་དམིགས་པ་འདི་ཅིའི་བདག་ཉིད་ཡིན་པ་མི་ཤེས་སོ་ཞེ་ན། བརྗོད་པ། ཕྱོགས་བར་མ་ཉིད་ཁོ་བོ་ཅག་གི་འདོད་པ་ཡིན་ཏེ། བདག་ཏུ་ཤེས་པ་ནི་བདག་གི་ཡུལ་ཅན་དུ་ཕ་རོལ་གྱིས་བཏགས་པ་ཡིན་ལ། དེ་ཡང་ལུས་སུ་གཏོགས་པ་ཡིན་ལ་དམིགས་བཞིན་པར་ཤིན་ཏུ་གསལ་བར་མྱོང་སྟེ། དེའི་ཕྱིར་ལུས་ལ་སོགས་པ་ཉིད་བདག་དང་ཤེས་པ་གཅིག་ལ་འདྲེ་བ་ཡིན་ཞིང༌། བདག་གི་ཤེས་པའི་ཡུལ་དུ་གྱུར་པ་དེ་ལས་ཐ་དད་པ་ནི་ཉམས་སུ་མྱོང་བ་མེད་པས་ན་ལུས་དེ་དམིགས་པ་ཁོ་ན་དེ་མི་དམིགས་པ་ཡིན་ནོ། །གལ་ཏེ་ལུས་ལ་སོགས་པ་ཐ་དད་པའི་བདག་གི་དོན་ཅན་གྱི་ཤེས་པའི་ཡུལ་མེད་པ་ན། བདག་གི་ལུས་ལ་སོགས་པ་ཞེས་བྱ་བར་མི་འགྱུར་ལ། ཤེས་པ་འདི་ནི་ཡོད་པ་ཡིན་ཏེ། དེ་བས་བདག་གི་དོན་ཅན་ནི་ལུས་ལ་སོགས་པ་ལས་ཐ་དད་པར་རྟོགས་པར་བལྟ་བར་བྱའོ། །དེས་ན་མ་དམིགས་སོ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། དེ་ནི་མི་བདེན་ཏེ། ཐ་དད་པ་མེད་ཀྱང་མངོན་པར་ཞེན་པའི་ཤེས་པ་སྐྱེ་བའི་ཕྱིར་ཏེ། དཔེར་ན་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ།། འདིར་དམིགས་པ་ཤེས་པ་ཙམ་ཡང་མ་ཡིན་གྱི། འོན་ཀྱང་མངོན་སུམ་དུ་འདོད་པའི་ཤེས་པ་ཡིན་ལ། འདི་ཉིད་ཀྱང་མངོན་སུམ་གྱི་ཤེས་པ་མ་ཡིན་ཏེ། མཆི་གུའི་ལུས་ལས་གཞན་པའི་ཤེས་པ་མངོན་སུམ་མ་ཡིན་པ་དང་ཁྱད་པར་མེད་པའི་ཕྱིར་དང༌། དེ་དང་ཁྱད་པར་མེད་པའི་མངོན་སུམ་ཡིན་ན་


DTG109_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མངོན་སུམ་དུ་ཐལ་བའི་ཕྱིར་རོ། །མངོན་སུམ་ཡིན་ཡང་དངོས་པོ་ཐ་དད་པར་རྣམ་པར་འཇོག་པའི་ཡན་ལག་ཏུ་ཐལ་བའི་ཕྱིར་རོ། །ཇི་ལྟར་བདག་གི་ལུས་ལ་སོགས་པའོ་སྙམ་དུ་ཤེས་པ་དེ་བཞིན་དུ་ངའི་བདག་གོ་སྙམ་དུ་ཡང་འགྱུར་བ་ཁོ་ན་སྟེ། དེས་ན་འདིས་ནི་ལྷ་རྣམས་དགའ་བ་ཡིན་ནོ། །བདག་དོན་ཅན་ལས་ཐ་དད་པའི་ཤེས་པ་གཞན་ཚད་མར་བྱེད་ན་ཁྱད་པར་མེད་པའི་ཕྱིར་འདི་ཡང་ཚད་མར་བྱ་བར་འོས་ལ། ཚད་མར་བྱེད་ན་ཡང་དག་གཞན་ཡང་རྣམ་པར་གཞག་པར་འགྱུར་རོ། །ཇི་སྟེ་ངའི་ལུས་ལ་སོགས་པའོ་སྙམ་པའི་ཤེས་པ་འདི་མཆི་གུའི་ལུས་ལས་ཐ་དད་པའི་རྟོགས་པའི་ཕྱོགས་སུ་འཇོག་ན་ནི། དེ་ལྟ་ན་བདག་ཀྱང་འཇོག་པར་འགྱུར་ཏེ། མངས་པས་བཞག་གོ །ངེས་རྟོགས་པའི་བདག་ཉིད་མ་ཡིན་པའི་བདག་མི་དམིགས་པས་བཟོད་དོ་ཞེས་བྱ་བ་ནི་གནས་པ་ཡིན་ནོ། །གཞན་ཡང་བདག་དེ་ནི་ཤེས་པ་པོར་འདོད་པ་ཡིན་ན། རྟོགས་པའི་ངོ་བོ་མ་ཡིན་པ་ནི་ཅི་ལྟར་ཡང་ཤེས་པ་པོ་ཉིད་དུ་རིགས་པར་མ་མཐོང་ངོ༌། །ཤེས་པའི་བདག་ཉིད་མ་ཡིན་པ་ཡང་ཤེས་པ་དང་འབྲེལ་པས་ཤེས་པ་ཉིད་དུ་མི་འགལ་ལོ་ཞེ་ན། འོ་ན་མིག་ལ་སོགས་པ་ཡང་ཤེས་པ་པོ་ཉིད་དུ་མི་འགལ་བ་ཉིད་དོ། །ཤེས་པ་དང་འདུ་ཤེས་པ་པོ་ཉིད་ཡིན་ཏེ། དེས་ན་ཐལ་བ་འདི་མེད་དོ་ཞེ་ན། དེ་ལྟ་ན་ཡང་ཐལ་བ་ཇི་ལྟར་མེད། མིག་ལ་སོགས་པ་ལ་ཤེས་པ་དང་འདུ་བ་མེད་པའི་ཕྱིར་རོ། །འོ་ན་བདག་ཀྱང་ཤེས་པ་པོ་ཉིད་དུ་མི་འགྱུར་ཏེ། དེ་ལ་ཡང་དེ་མི་འཐད་པའི་ཕྱིར་རོ། །དེ་ནི་བརྟེན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དང༌། ལུས་ཅན་མ་ཡིན་པ་ནི་བརྟེན་པ་མ་ཡིན་པའི་ཕྱིར་རོ། །འདུ་བ་གཅིག་ཡིན་པ་ན་འགའ་ལས་ཤེས་པ་དང་འདུ་བ་མེད་པ་མ་ཡིན་པའི་ཕྱིར་དང༌། འདུ་བ་གཅིག་ཡིན་པ་ཉིད་ཀྱིས་འགར་ཡང་ཤེས་པ་དང་འདུ་བ་མི་འཐད་པའི་ཕྱིར་དང༌། གཉིས་པ་ཁས་ལེན་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །དེ་མེད་ན་ཡང་འདི་ནའོ་ཞེས་བྱ་བའི་འདུ་བའི་དོན་མེད་པའི་ཕྱིར་དང༌། ཤེས་པ་བདག་ལ་འདུས་པ་ཡིན་ལ། དེ་ལ་ཤེས་པ་དད་འདུ་བ་ནི་མེད་དོ་ཞེས་བྱ་བའི་རྟོགས་པ་འདི་ཡང་འགལ་བའི་ཕྱིར་རོ། །ཤེས་པའི་བྱེད་པ་པོ་ཡིན་པས་ན་བདག་ཁོ་ན་ཤེས་པ་པོ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེ་ན། འབྲས་བུ་ཚོགས་པ་ལས་སྐྱེ་བ་ནི་འདིའི་བྱེད་པ་པོ་ཡིན་


DTG109_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་བྱ་བ་འདི་ཅི་ཡིན་མ་རིག་གོ །རྒྱུ་ཡིན་པ་ཙམ་གྱིས་ནི་བྱེད་པ་པོ་མ་ཡིན་པས་བ་ལང་ལོག་པ་ན་རྟ་ལ་སོགས་པ་བཞིན་དུ། དེ་ལོག་པ་ན་སྲོག་ལ་སོགས་པ་ཇི་ལྟར་ལྡོག་པར་འགྱུར། དེས་ན། དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་མི་ལྡན་ཞེས་ཏེ། །ཕྱུགས་ཀྱང་ལྡན་པ་མིན་ནམ་ཅི། །ཞེས་གསུངས་སོ། །འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་གསོན་པོའི་ལུས་འདི་ནི་ནམ་མཁའི་པདྨ་དང་མི་ལྡན་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བའི་ཕྱིར་ན་བུམ་པ་བཞིན་ནོ་ཞེས་ནམ་མཁའི་པདྨ་ཡང་རྗེས་སུ་དཔོག་པར་འགྱུར་རོ། །ནམ་མཁའ་པདྨ་དང་སྲོག་ལ་སོགས་པ་ལ་འབྲེལ་པ་མེད་པའི་ཕྱིར་མ་ཡིན་ནོ་ཞེ་ན། བདག་དང་ཡང་འབྲེལ་བ་ཅི་ཡོད། བདག་ལྡོག་པ་ལ་སྲོག་ལ་སོགས་པ་ལྡོག་པར་མཐོང་བའི་ཕྱིར་འབྲེལ་བ་མེད་ཀྱང་སྐྱོན་མེད་དོ་ཞེ་ན། ནམ་མཁའི་པདྨ་ལྡོག་པ་ལ་ཡང་དེ་མཐོང་བས་ན་དེར་ཡང་འབྲེལ་པ་མེད་པར་ཅིའི་ཕྱིར་བརྗོད། གཞན་ཡང་བདག་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པར་མཐོང་བ་འདི་གང་དུ་ཡིན། བུམ་པ་ལ་སོགས་པ་ལའོ་ཞེ་ན། དེ་ལ་ཡང་བདག་ལྡོག་པར་ཚད་མ་གང་ལས་རྟོགས། མི་དམིགས་པ་ལས་སོ་ཞེ་ན། འདི་ནི་ཚིག་གཅིག་ཙམ་ཡིན་ཏེ། གལ་ཏེ་མི་དམིགས་པ་ལས་བདག་ལྡོག་པ་གྲུབ་པར་འདོད་ན། གསོན་པོའི་ལུས་ལ་ཡང་ཅི་སྟེ་མི་འདོད། གཞན་གྱི་ལུས་དང་འབྲེལ་པའི་བདག་ནི་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྩོད་པ་མེད་པ་ཁོ་ནའོ། །གལ་ཏེ་བདག་གི་ལུས་དང་འབྲེལ་པ་ཡང་དམིགས་པ་ཡིན་ནོ། །ལྡོག་པ་ཅན་གྱི་གཏན་ཚིགས་བཀོད་པས་ཅི་ཞིག་བྱ། དེས་ན་གལ་ཏེ་མི་དམིགས་པ་འདི་འགའ་ཞིག་ཏུ་བདག་དང་འབྲེལ་བ་མེད་པ་སྒྲུབ་པར་བྱེད་པ་ཡིན་ན་གསོན་པོའི་ལུས་ལ་ཡང་སྒྲུབ་པར་འགྱུར་ལ། ཡང་ན་འགར་ཡང་མ་ཡིན་ནོ་ཞེས་ངེས་པ་ཡིན་ནོ། །མི་དམིགས་པ་ཙམ་གྱིས་དོན་མེད་པར་འགྲུབ་པ་ཡང་མ་ཡིན་ཏེ། ཡོད་པ་འགའ་ཞིག་ཀྱང་ཅི་ཞིག་ལྟར་མི་དམིགས་པ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འགར་ཡང་བདག་ལྡོག་པར་མཐོང་བ་མེད་པས་ན། དེ་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པ་ཡང་འགར་ཡང་མ་མཐོང་བས་ལྡོག་པའི་སྒོ་ནས་ཀྱང་སྲོག་


DTG109_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བདག་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་བདག་མེད་པར་གཞན་ལ་སྲོག་ལ་སོགས་པ་དང་ལྡན་པར་མ་མཐོང་བའི་ཕྱིར་ན། གསོན་པའི་ལུས་ལ་ཡང་བདག་མེད་ན་དེ་མེད་པར་ཐལ་བར་འགྱུར་ཏེ། དེའི་ཕྱིར་དེ་ལ་བདག་དང་བཅས་པ་ཉིད་རྗེས་སུ་དཔོག་ན། བུམ་པ་ལ་བུམ་པ་ཡིན་པ་ཉིད་ཀྱི་རྗེས་སུ་དཔོག་པར་འགྱུར་ཏེ། བདག་མེད་པར་གཞན་ལ་བུམ་པ་ཉིད་མ་མཐོང་བའི་ཕྱིར་རོ། །དེ་ལ་ཡང་བདག་མེད་ན་དེ་མེད་པར་ཐལ་བའི་ཕྱིར་རོ། །ཇི་ལྟར་སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་གསོན་པོའི་ལུས་ལ་བདག་དང་བཅས་པ་རྗེས་སུ་དཔོག་པ་དེ་བཞིན་དུ་ལག་པ་ལ་སོགས་པ་དང་ལྡན་པའི་ཕྱིར་ཤི་བའི་ལུས་ལ་ཡང་དེ་རྗེས་སུ་དཔོག་པར་འགྱུར་ཏེ། དེ་ལ་ཡང་བདག་མེད་ན་བུམ་པ་བཞིན་དུ་ལག་པ་ལ་སོགས་པ་དང་མི་ལྡན་པར་ཐལ་བའི་ཕྱིར་རོ། །འོན་ཏེ་བདག་མེད་པར་ཁྱད་པར་མེད་ཀྱང་ཆོས་ཅན་འགའ་ཞིག་ཁོ་ན་ལ་བུམ་པ་ཉིད་དང་ལག་པ་ལ་སོགས་པ་དང་ལྡན་པ་ཉིད་ཡོད་པ་ལ་འགལ་བ་མེད་དོ་ཞེས་བརྗོད་ན། སྲོག་ལ་སོགས་པ་དང་ལྡན་པ་ལ་ཡང་དེ་སྐད་དུ་སྨྲ་བའི་ཁ་ཡོན་པོར་མི་འགྱུར་རོ། །གང་ཡང་ཁ་ཅིག་གིས་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། འདུས་པ་ཡིན་པའི་ཕྱིར་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ། །ཞེས་བདག་གིས་སྒྲུབ་བྱེད་བརྗོད་པ་དེ་ཡང་སྙིང་པོ་མེད་པ་ཡིན་ཏེ། གཞན་གྱི་དོན་ཙམ་སྒྲུབ་ན་གྲུབ་པ་སྒྲུབ་པའི་ཕྱིར་དང༌། འདུས་པ་རྣམས་གཞན་གྱི་དོན་ཉིད་ཡིན་པའི་ངེས་པ་མེད་པས་ན་མི་མཐུན་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཡང་ཕྱིར་རོ། །གཞན་གྱི་དོན་ཉིད་ཀྱི་ཁྱད་པར་སྒྲུབ་ན་གཏན་ཚིགས་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དང༌། དཔེའི་ཡང་བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བའི་སྒོའམ། ལོག་པའི་སྒོ་ནས་བདག་གིས་སྒྲུབ་བྱེད་རབ་ཏུ་སྦྱར་བ་གཞན་ཡང་བརྗོད་ཟིན་པའི་སུན་འབྱིན་པ་ཐུན་མོང་ཡིན་པས་ན། གུད་དུ་སུན་དབྱུང་བས་བརྟགས་ཟིན་པ་བརྟག་པར་མི་བྱའོ། །དེས་ན་དེ་ལྟར་སྒྲུབ་པར་བྱེད་པའི་ཚད་མ་མེད་པས་ན་བདག་འདི་ཡོད་པའི་ཐ་སྙད་བྱ་བར་འོས་པ་མ་ཡིན་ནོ། །གནོད་པར་བྱེད་པའི་ཚད་མས་ལམ་དུ་བྱས་པ་ན་འདི་མེད་པའི་ཐ་སྙད་ཁོ་ནར་བྱ་བའི་དུས་ལ་བབ་པར་མཐོང་སྟེ། བདག་ཡོད་ན་རྟོགས་པའི་ངོ་བོ་


DTG109_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འམ། རྟོགས་པ་མ་ཡིན་ཏེ། གཞན་ཡང་དེར་ཐལ་བའི་ཕྱིར་རོ། །རྒྱུའི་ཚོགས་པའི་རབ་སྦྱོར་བ་པོ་ཉིད་ཀྱིས་རང་དབང་ཅན་གྱི་སྒོ་ནས་ཀྱང་མ་ཡིན་ཏེ། བེམས་པོ་ལ་དེ་མི་འཐད་པའི་ཕྱིར་རོ། །མངོན་པར་རློམ་པ་ཙམ་གྱིས་ནི་ལུས་ལ་སོགས་པ་ཉིད་བྱེད་པ་པོར་རིགས་ཏེ། ངས་ཤེས་སོ་སྙམ་དུ་ཤེས་པ་དེ་ཉིད་སྣང་བའི་ཕྱིར་རོ། །རྟག་པ་དང་ཁྱབ་པ་ལ་ནི་ལྡོག་པ་ཞེས་བྱ་བ་ཡོད་པ་མ་ཡིན་ལ། ལྡོག་པ་མེད་པ་ཡང་རྒྱུ་ཞེས་བྱ་བ་མ་ཡིན་ཞིང༌། རྒྱུ་མ་ཡིན་པ་ཡང་བྱེད་པ་པོ་ཞེས་བྱ་བ་མ་ཡིན་ཏེ། དེའི་ཕྱིར་བདག་ནི་བེམས་པོ་ཡིན་ལ་ཤེས་པ་དང་ལྡན་པས་ན་ཤེས་པ་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་གཡར་པོའི་རྒྱན་ཡིན་ནོ། །འདི་ནི་འདིའི་དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱེད་པ་པོ་ཉིད་དང་དེའི་འབྲས་བུ་ལོངས་སྤྱོད་པ་པོ་ཉིད་ཀྱང་བསལ་བ་ཡིན་ཏེ། ཤེས་པ་མེད་པ་འོང་བ་ལ་སོགས་པ་དང་ཁྱད་པར་མེད་པ་ལ་དེ་མི་འཐད་པའི་ཕྱིར་རོ། །ཤེས་པ་དང་འབྲེལ་པ་ཡང་འབྲེལ་པ་གཞན་མེད་པར་མེད་པའི་ཕྱིར་རོ། །རྟོགས་པའི་བདག་ཉིད་ཅན་གྱི་བདག་ལ་ཡང་དེ་གཉི་ག་མི་སྲིད་དེ། གཅིག་པོ་དེ་དང་ཐ་དད་པ་མེད་པས་ན་བྱ་བ་དང༌། ལོངས་སྤྱོད་པ་དག་གཅིག་ཏུ་ཐལ་བའི་ཕྱིར་ལ། རྒྱུ་དང་འབྲས་བུ་ནི་དེ་དང་འགལ་བའི་ཕྱིར་རོ། །ཐ་དད་ན་ཡང་ལོངས་སྤྱོད་པ་པོ་དང་བྱེད་པ་པོ་ཉིད་ཉམས་པར་ཐལ་བའི་ཕྱིར་ཏེ། དམིགས་པའི་ངོ་བོ་བྱ་བ་དང་ལོངས་སྤྱོད་པ་དག་ལས་ནི་ཐ་དད་པ་དག་ནི་མེད་པའི་ཕྱིར་དང༌། ཐ་དད་པ་མེད་པ་དག་ཡིན་ན་ཡང་བེམས་པོའི་ངོ་བོ་བཞིན་དུ་བདག་ལ་བྱ་བ་དང་ལོངས་སྤྱོད་པ་མེད་པའི་ཕྱིར་རོ། །གཞན་ཡང་བདག་ནི་རྟག་པ་དང་ཁྱབ་པར་དེ་སྨྲ་བ་རྣམས་འདོད་ལ། དེ་སྣང་རུང་ཡིན་ན་རྟག་པ་དང་ཁྱབ་པ་ཉིད་དུ་མི་སྲིད་དེ། དེའི་ངོ་བོ་ཡིན་ན་ཁོ་ན་བཞིན་དུ་མངོན་སུམ་ཡིན་པ་ན་སྔོན་དང་ཕྱི་མའི་འཇིག་རྟེན་གཞན་དང་གཞན་འབྲེལ་པ་ཉིད་དང་ཡུལ་ཐམས་ཅད་ན་གནས་པའི་ལུས་དང་ལྡན་པས་རྫས་མ་ལུས་པ་དང་འབྲེལ་པའི་རང་བཞིན་དུ་འཛིན་པར་ཐལ་བའི་ཕྱིར་ལ། དེ་ལྟར་འཛིན་ན་འཇིག་རྟེན་ཕ་རོལ་ལ་སོགས་པ་ཡང་འཛིན་པར་འགྱུར་རོ། །བདག་རང་གི་ངོ་བོ་ཙམ་གྱི་སྒོ་ནས་མངོན་སུམ་ཡིན་གྱི། རྟག་པ་དང་ཁྱབ་པའི་སྒོ་ནས་མ་ཡིན་ཏེ། དེས་ན་ཐལ་བ་འདི་མེད་དོ་ཞེ་ན། དེའི་རྟག་པ་དང་ཁྱབ་པ་ཡང་འདིའི་ངོ་བོ་མ་ཡིན་ནམ།


DTG109_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཆོས་གཞན་ཡིན་པས་ན་དེ་ལྟ་བུ་ཡིན་ནོ་ཞེ་ན། དེ་ལྟ་ན་འདི་རྟག་པ་དང་ཁྱབ་པ་ཡིན་ནོ། །དེ་དག་དང་འབྲེལ་པས་དེ་ལྟ་བུ་ཡིན་ནོ་ཞེ་ན། འོ་ན་རང་གི་ངོ་བོ་རྟག་པ་དང་ཁྱབ་པ་མ་ཡིན་པ་བུམ་པ་ལ་སོགས་པ་དང་མཚུངས་པ་དེ་དག་དང་ཇི་ལྟར་འབྲེལ། ཅི་སྟེ་འབྲེལ་པ་ཉིད་ཀྱིས་ན་བདག་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན། ཁྱབ་པ་ཡང་མ་ཡིན་མ་ཁྱབ་པ་ཡང་མ་ཡིན་པར་འདོད་ན། དེའི་ཚེ་དེ་ལ་ངོ་བོ་ཅི་ཡང་མེད་པས་རང་བཞིན་མེད་པར་འགྱུར་ཏེ། ངོ་བོ་དང་ལྡན་པ་ལ་ཕན་ཚུན་སྤངས་པར་གནས་པའི་རྣམ་པ་གཉིས་ལས་ཕྱི་རོལ་དུ་གྱུར་བ་མེད་པའི་ཕྱིར་རོ། །ནམ་མཁའི་པདྨ་དང་མཚུངས་པའི་ངོ་བོ་མེད་པ་ལ་ནི་རྟག་པ་ཉིད་ལ་སོགས་པ་དང་འབྲེལ་པ་ཡང་མི་འཐད་དོ། །དེའི་ངོ་བོ་དང་ལྡན་པ་ཁོ་ན་ཡིན་ལ་རང་གི་བདག་ཉིད་ཀྱིས་ནི་རྟག་པ་ལ་སོགས་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། ཐ་སྙད་རྣམས་ནི་དོན་གཞན་དུ་གྱུར་པའི་ཆོས་དང་འབྲེལ་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ་ཞེ་ན། རྟག་པ་ལ་སོགས་པའི་ཐ་སྙད་མེད་མོད། དེའི་རང་གི་ངོ་བོ་ཡུལ་དུས་ཐམས་ཅད་དུ་ཁྱབ་པ་ཡིན་ནམ་འོན་ཏེ་མ་ཡིན། ཕྱོགས་དང་པོ་ལ་ནི་ཐ་དད་པའི་ཆོས་མི་འཛིན་ཀྱང་གཟུང་བཞིན་པའི་ངོ་བོ་ཉིད་དུ་འཛིན་དགོས་པས་ཐལ་བ་མི་ལྡོག་གོ །ཕྱི་མ་ལ་ནི་བུམ་པ་ལ་སོགས་པ་བཞིན་དུ་དེའི་ཆོས་ཅན་དུ་མི་འཐད་པ་དེ་ཉིད་ཡིན་ནོ། །དེས་ན་སྣང་རུང་གི་བདག་ལ་ནི་རྟག་པ་དང་ཁྱབ་པ་ཉིད་མི་སྲིད་པ་ཁོ་ནའོ། །སྣང་དུ་མི་རུང་བ་ཉིད་ཡིན་ན་ཡང་དེ་ལ་དེ་གཉིས་མི་སྲིད་དེ། རྟག་པ་ཡིན་ན་འདིའི་བདེ་བ་དང་འབྲེལ་པའི་རང་བཞིན་གང་ཡིན་པ་དེ་ཉིད་སྡུག་བསྔལ་དང་འབྲེལ་པ་ཡིན་པ་ན། ཅིག་ཅར་དུ་བདེ་བ་དང་སྡུག་བསྔལ་དུ་འབྲེལ་པར་འགྱུར་རོ། །དེའི་འཇིག་རྟེན་ཕ་རོལ་གྱི་ལུས་དང་ལྡན་པའི་ངོ་བོ་གང་ཡིན་པ་དེ་ཉིད་འཇིག་རྟེན་འདིའི་ལུས་དང་ལྡན་པའི་ངོ་བོ་ཡང་ཡིན་པས་ན་དུས་གཅིག་ཏུ་འཇིག་རྟེན་གཉིས་ལ་ཡོད་པའི་ལུས་དང་འབྲེལ་པར་ཐལ་ཏེ།དེ་དང་འབྲེལ་པ་ཅན་གྱི་ངོ་བོ་རྗེས་སུ་འཇུག་པ་ན་ངེས་པར་དེ་ཡང་རྗེས་སུ་འཇུག་པའི་ཕྱིར་ཏེ། ལྕགས་སུ་བཅུག་པའི་སྐྱེས་བུ་དྲངས་པས་ལྕགས་ཀྱང་འདྲེན་པ་བཞིན་ནོ། །དེ་ངོ་བོ་གཅིག་པ་ཡིན་པའི་ཕྱིར། ངོ་བོ་ཐ་དད་པ་ལ་བརྟེན་པའི་ཉམས་སུ་མྱོང་བ་དྲན་པ་དང་ངོ་ཤེས་པ་དང་མཐོང་བའི་དོན་ལ་ངོ་བོ་མཚན་དང་བྲལ་བ་དང་རང་གིས་གཏམས་པ་


DTG109_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ལེན་པ་དང༌། རྒྱུ་དང་འབྲས་བུའི་ངོ་བོར་འཛིན་པ་དང་བཅིངས་པ་དང་གྲོལ་བ་ལ་སོགས་པའི་རྣམ་པར་གཞག་པ་ར་འགྱུར་བྱུར་རོ། །ཁྱབ་པ་ཡིན་ན་ཡང་དེའི་ལྷོ་ཕྱོགས་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ཉིད་བྱང་ཕྱོགས་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པ་ཡིན་པས་ན། དེ་དག་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །གལ་ཏེ་བྱང་ཕྱོགས་དང་ལྷོ་ཕྱོགས་ན་གནས་པའི་དངོས་པོ་མེད་ན་དེའི་ཁྱབ་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། ཁྱབ་པར་བྱ་བ་མེད་ན་ཁྱབ་པར་བྱེད་པ་ཡོད་པར་མི་འཐད་པའི་ཕྱིར་རོ། །ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡོད་པར་མི་དབང་བ་མ་ཡིན་ནམ། ཁྱབ་པར་བྱ་བ་དེ་མེད་པར་ཁྱབ་པར་བྱེད་པ་ཡོད་པ་ལ་འགལ་བ་ཅི་ཡོད་ཅེ་ན་འོ་ན་ཁྱབ་པར་བྱ་བ་མེད་ན་དེས་གང་ལ་ཁྱབ་པར་བྱེད་དེ། ཁྱབ་པར་མི་བྱེད་པ་ནི་ཁྱབ་པར་བྱེད་པ་ཞེས་བྱ་བ་མ་ཡིན་ནོ། །དེས་ན་ཁྱབ་པར་བྱེད་པ་ལ་ལྟོས་ལའི་ཁྱབ་པར་བྱ་བ་དེ་མེད་པར་མེད་པ་དེ་བཞིན་དུ་ཁྱབ་པར་བྱ་བ་ལ་ལྟོས་པའི་ཁྱབ་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །རྩོལ་བ་ལས་བྱུང་བ་མེད་པའི་ཡོད་པའི་མི་རྟག་པ་དེའི་ཁྱབ་བྱེད་ཡིན་པ་ཁོ་ན་མ་ཡིན་ནམ་ཞེ་ན། ཀྭའི་རྟག་པ་ཞེས་བྱ་བ་རྩོལ་བ་ལས་བྱུང་བ་དང༌། ཅིག་ཤོས་ཐུན་མོང་བ་སྤྱི་གཅིག་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་མི་རྟག་པ་རྣམས་ཀྱི་མི་གནས་པའི་རང་བཞིན་ཁོ་ན་ལ་ཁྱད་པར་གཞན་སྤངས་ནས་དེ་སྐད་དུ་བརྗོད་པ་ཡིན་ནོ། །དེ་ལྟ་ཡིན་པ་ན་དོན་དམ་པར་ན་རྩོལ་བ་ལས་བྱུང་བ་ཉིད་ཀྱིས་ཁྱབ་པར་བྱེད་པ་མི་རྟག་པ་ནི་རྩོལ་བའི་དེ་མ་ཐག་ཏུ་སྐྱེ་བའི་སྐྱེ་བ་ཅན་རྣམས་ཀྱི་བདག་ཉིད་དུ་གྱུར་པ་ཁོ་ན་ཡིན་གྱི། གཞན་ན་མ་ཡིན་ནོ། །ངེས་པས་ནི་རྟག་པ་ལས་ལྡོག་པ་ཙམ་ཉེ་བར་བཟུང་ནས་དངོས་པོ་མི་རྟག་པ་ཐམས་ཅད་ཀྱི་ཐུན་མོང་བ་མི་རྟག་པ་གཅིག་ཏུ་སྟོན་པར་བྱེད་ལ། དེའི་ངོར་ཁྱབ་པར་བྱ་བ་མེད་ཀྱང་དེ་ཡོད་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཡུལ་གཞན་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པའི་ངོ་བོ་དེ་ལས་གཞན་པའི་ཡུལ་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པ་ཡིན་ན། དེ་དག་ཡུལ་གཅིག་པར་ཐལ་བ་བཟློག་པར་མི་ནུས་པ་ཁོ་ནའོ། །ཇི་ལྟར་འབྲས་བུ་གཅིག་ཡུལ་དུ་མ་ན་གནས་པའི་རྒྱུ་དང་འབྲེལ་པ་ཡིན་ལ། དེ་དག་ཡུལ་གཅིག་པ་ཉིད་དུ་ཡང་མི་འགྱུར་བ་དེ་བཞིན་དུ།


DTG109_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡང་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མི་མཚུངས་པའི་ཕྱིར་རོ། །གང་གི་ཡུལ་ཐ་དད་པ་ཉིད་ཡིན་ན་འབྲས་བུ་དང་འབྲེལ་པ་ལས་འགལ་བས་ན་ཡུལ་གཅིག་པ་ཉིད་དུ་འགྱུར་བ་འབྲས་བུ་ནི་དེའི་ཡུལ་ན་ཉེ་བའི་རང་བཞིན་ཉིད་ཀྱི་རྒྱུ་དང་འབྲེལ་བ་མ་ཡིན་གྱི། འོན་ཀྱང་དེ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཉིད་ཀྱི་ཡིན་ལ། དེ་ནི་རྒྱུ་རྣམས་ཡུལ་ཐ་དད་པ་ཡིན་ཡང་མི་འགལ་བ་ཉིད་དོ། །སྦྱོར་བའི་འབྲེལ་པས་སྦྱོར་བ་ཅན་རྣམས་དང་འབྲེལ་པ་ཡིན་པས་དེ་ཁོ་ན་ལ་ཐལ་བ་འདིར་འགྱུར་བ་ཡིན་ནོ། །རྟག་པ་དང་ཁྱབ་པ་མེད་པས་ཀྱང་བདག་མེད་པར་གྲུབ་པ་ཡིན་ནོ། །བདག་མེད་ན་གཞན་གྱི་མྱོང་བ་གཞན་གྱི་དྲན་པ་ཞེས་བྱ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མྱོང་བ་དང་དྲན་པ་འདི་དག་ནི་འགའ་ཞིག་དང་འབྲེལ་པ་ཅན་དུ་སྒྲུབ་པ་མ་ཡིན་ཏེ། བྱེད་པ་པོ་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་གསལ་བར་མྱོང་བ་ལ་དྲན་པའི་ས་བོན་གཞག་པ་སད་པའི་རིམ་པས་དྲན་པ་སྐྱེ་བ་ཡིན་ནོ། །འོན་ཏེ་བྱེད་པ་པོ་བརྟགས་ནས་འདི་དག་གིས་བྱེད་པ་པོ་ཐ་དད་པར་བརྗོད་ན་འགལ་བ་ཅི་ཡོད་དེ། གཞན་གྱི་དྲན་དང་སྦྱོང་སོགས་པའི། །ཐལ་བ་གནོད་བྱེད་མ་ཡིན་ཏེ། །དེས་ནི་འགའ་ཞིག་མི་དྲན་ཕྱིར། །མྱོང་ལས་དྲན་པར་འབྱུང་བ་ཡིན། །ཞེས་གང་གསུངས་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ངེས་པའི་ཕྱིར་རྒྱུད་གཞན་གྱི་མྱོང་བ་ལ་སོགས་པ་ལས་རྒྱུ་གཞན་གྱི་དྲན་པ་ལ་སོགས་པ་མ་ཡིན་ཏེ། མང་དུ་སྨྲས་པས་ཆོག་གོ །འདུས་བྱས་ཀྱི་གྲངས་ངེས་པས་བདག་བཀག་པའི་ཕྱིར་འདུས་བྱས་བདག་མེད་པ་གྲུབ་ཀྱི་དངོས་སུ་ཁྱད་པར་དུ་བྱས་པ་ནི། སྐྱེས་བུའི་དོན་གྱི་མཆོག་ལ་ཉེ་བར་མཁོ་བས་གཙོ་བོ་ཡིན་པའི་ཕྱིར་རོ། །ཇི་སྟེ་འདུས་བྱས་འདི་ཁ་ཅིག་སྨྲ་བ་བཞིན་དུ་འགའ་ཞིག་བློ་སྔོན་དུ་བཏང་ནས་བཀོད་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། མ་ཡིན་ཏེ། བྱེད་པོ་མེད་ཅེས་སྨོས་སོ། །འདི་ལ་བྱེད་པ་པོ་མེད་པས་ན་བྱེད་པ་པོ་ཡོད་པ་མ་ཡིན་པའོ། །འདི་ལྟར་འགྲོ་བ་འདི་ལ་བྱེད་པ་པོ་ཡོད་ན་རྟག་པ་ཡིན་ནམ་མི་རྟག་པ་ཡིན་གྲང་དེ་ལ་རེ་ཞིག་རྟག་པ་ནི་མ་ཡིན་ཏེ། དེ་ཡིན་ན་འབྱུང་བ་དང་གནས་པ་དང་འཇིག་པ་རྣམས་ངེས་པར་ཅིག་ཅར་བར་འགྱུར་བའི་ཕྱིར་ཏེ། བྱེད་པ་པོ་དེའི་ངོ་བོ་གང་གནས་པ་དང༌། འཇིག་པའི་རྐྱེན་ཉིད་དུ་འགྱུར་བ། དེ་ནི་འབྱུང་བའི་དུས་སུ་ཡང་ཉེ་བ་ཡིན་པས་ན། དེ་ཉིད་ཀྱི་ཚེ་དེ་དག་ཀྱང་བྱེད་པར་འགྱུར་རོ། །


DTG109_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་བྱེད་པ་མཚང་བའི་ཕྱིར་མི་བྱེད་དོ་ཞེ་ན། འདི་ནི་གཏམ་རྒྱུད་ཡིན་ཏེ། རེ་ཞིག་ལྷན་ཅིག་བྱེད་པ་རྟག་པ་རྣམས་ལ་ནི་རང་གི་ངོ་བོ་མ་ཚང་བ་མི་སྲིད་ཅིང༌། དེ་ལ་ལྟོས་ནས་ཉེ་བ་རྣམས་ཀྱི་ཉེ་བ་དང་བྲལ་བ་ཡང་མ་ཡིན་ནོ། །མི་རྟག་པ་རྣམས་ཡིན་ན་ཡང་སྐྱེ་བ་ལ་སོགས་པ་དེ་ལ་ལྟོས་པ་རྣམས་ལ་མ་ཚང་བ་ཞེས་བྱ་བ་ག་ལ་ཡོད། ཅི་སྟེ་ཡང་གལ་ཏེ་འདི་རྐྱེན་གཞན་ཡོད་པ་དང་མེད་པ་གང་ལ་བདག་གི་དེ་ཁོ་ན་ཐ་དད་པར་མ་གྱུར་བྱེད་པ་པོ་ཡིན་ན། དེ་དང་བྲལ་བ་ན་ཡང་ཅི་སྟེ་མི་བྱེད། དེ་ནི་ཚོགས་པ་ན་ཡང་གཞན་གྱི་ངོ་བོས་ནི་བྱེད་པ་པོ་མ་ཡིན་ལ། འདིའི་རང་གི་ངོ་བོ་ཡང་གཞན་གྱི་ཚེ་ཡང་དེ་ཉིད་ཡིན་པས་ན་ཇི་ལྟར་འགའ་ཞིག་གི་ཚེ་བྱ་བ་རྒྱུན་ཆད་པ་ཡིན། འོ་ན་དབང་ཕྱུག་བློ་དང་ལྡན་པའི་ཕྱིར་སྐྱོན་འདི་མེད་པ་མ་ཡིན་ནམ་བློས་སྟོང་པ་ནི་རང་ཡོད་པ་ཙམ་གྱིས་བསྐྱེད་པར་བྱ་བའི་འབྲས་བུ་རིམ་པ་མེད་པ་ཉིད་དུ་བྱེད་པར་འགྱུར་བ་ཞིག་ན། བློ་དང་ལྡན་པ་ནི་བྱ་བར་ནུས་ཀྱང་མི་འདོད་ན་མི་བྱེད་པའི་ཕྱིར་དེ་ལ་སྐྱོན་ཅི་ཡོད་ཅེ་ན། རང་ཡོད་པ་ཙམ་གྱིས་རྒྱུ་ཅན་གྱི་འདོད་པ་དེ་དག་ཀྱང་ཅིའི་ཕྱིར་མི་བྱེད་ཅེས་བྱ་བ་དེ་ཉིད་དེའི་རྐྱེན་ཡིན་ནོ། །གཞན་ཡང་དེ་དག་ལྷན་ཅིག་བྱེད་པ་མ་ཡིན་ན་དེ་དག་དང་བྲལ་བ་ན་ཡང་ཅིའི་ཕྱིར་མི་བྱེད་དེ། ལྷན་ཅིག་བྱེད་པ་མ་ཡིན་པ་མ་ཚང་བས་ཀྱང་འབྲས་བུ་མི་བྱེད་ན་ཐམས་ཅད་ཀྱི་ཚེ་དེར་འགྱུར་བའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དེ་དག་མེད་ཀྱང་ནུས་པ་ཅིའི་ཕྱིར་མི་བྱེད། ལྷན་ཅིག་བྱེད་པ་ཚང་བ་ནུས་པ་ཡིན་པའི་ཕྱིར་འགའ་ཞིག་ནུས་པ་མེད་པ་བྱེད་པ་པོ་མ་ཡིན་ནོ་ཞེ་ན། དེ་ཅི་འདི་གཞན་ངོ་བོས་བྱེད་པ་པོ་ཡིན་ནམ། དེ་ལྟ་མ་ཡིན་ན་ནི་བྱེད་པ་པོ་མ་ཡིན་པ་ཁོ་ན་སྟེ། རང་གི་ངོ་བོས་བྱེད་པ་པོ་མ་ཡིན་པ་ནི་བྱེད་པ་པོ་ཞེས་བྱ་བ་མ་ཡིན་ནོ། །འདིའི་རང་གི་ངོ་བོ་ཡང་རང་གི་ནུས་པའི་སྒྲས་བརྗོད་པར་བྱ་བ་འབྲས་བུ་ལ་ཉེ་བར་སྦྱོར་བ་ཡིན་ནོ་ཞེ་ན། ང་ནི་གློ་བུར་བའི་ནུས་པ་ལ་ལྟོས་ལ་ཞོག་ཤིག །འདི་ནུས་པ་ཡིན་ཡང་རང་བཞིན་གྱིས་ལྷན་ཅིག་བྱེད་པ་མི་བྱེད་པ་མི་ཉེ་བ་ན་བྱེད་པ་པོ་མ་ཡིན་པ་ཉིད་དོ་ཞེ་ན། འོ་ན་ནི་མ་ཡིན་ཡང་རང་བཞིན་གྱིས་མོ་གཤམ་ཡིན་ནོ་ཞེས་བྱ་བ་འདི་ཡང་ལྷ་རྣམས་དགའ་བས་བརྗོད་པར་བྱ་བ་འམ། ཡང་ན་ནི་ཁྱད་པར་བརྗོད་དགོས་སོ། །འོན་ཏེ་ཇི་ལྟར་ཁྱེད་ཀྱི་ལྟར་ན་རྒྱུ་གཅིག་ལ་ཡང་


DTG109_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་ཏུ་ངོ་བོ་ཐ་དད་པའི་འབྲས་བུ་བྱེད་པ་མི་འགལ་བ་དེ་བཞིན་དུ་ཁོ་བོ་ཅག་གིས་ཡང་དུས་ཐ་དད་པའི་བསྐྱེད་པར་བྱ་བ་དུ་མ་སྐྱེད་པ་པོ་ཉིད་ཡིན་ནོ་སྙམ་དུ་སེམས་ན། ལེགས་པར་སེམས་པ་མ་ཡིན་ཏེ། གང་གི་ཕྱིར་དུས་ཐ་དད་པ་དུ་མ་གཅིག་གིས་སྐྱེད་པར་བྱེད་དོ་ཞེས་སྨྲ་བ་ལ་ཅི། ཅི་ལན་ཅིག་གི་ཚེ་བྱེད་པའི་ནུས་པ་ཡོད་ཀྱང་དུས་ཐ་དད་པའི་འབྲས་བུ་རྣམས་སྐྱེད་པ་ཡིན་ནམ། འོན་ཏེ་རིམ་གྱིས་ནུས་པ་ཐོབ་པ་ཡིན་ཞེ་ན། བརྒལ་ཞིང་བརྟག་པར་འོས་པ་ཡིན་ནོ། །ཕྱོགས་དང་པོ་ལ་ནི་དེ་ཉིད་ཀྱི་ཚེ་འབྲས་བུ་གཞན་བྱེད་པར་ཐལ་བ་བཟློག་པར་དཀའོ། །དུས་ཐ་དད་པའི་འབྲས་བུ་བྱེད་པའི་རང་བཞིན་ཡིན་པས་ན་མ་ཡིན་ནོ་ཞེ་ན། ཀྱེ་མ་དངོས་པོ་ཉོན་མོངས་འདི་དོན་མ་ཡིན་པའི་ཉམས་པ་ཆེན་པོར་ལྟུང་སྟེ། གང་ཞིག་ནུས་པས་ནི་འབྲས་བུ་ལ་བྱ་བ་བྱེད་ལ། རིམ་གྱིས་བྱེད་པ་མ་ཡིན་པས་ན་ཟློག་པར་ཡང་བྱེད་པ་སྟེ། འདི་གཉིས་ཀ་ཕན་ཚུན་འགལ་བ་ཡང་བསྒྲུབ་པར་མི་ནུས་ལ། གཉིས་ལ་རག་ལུས་པ་ན་གཅིག་གི་ཡང་མ་ཡིན་ཞིང༌། འགལ་བ་རྣམས་གཞན་མེད་ན་གཟུང་བར་ཡང་མ་ཡིན་ཏེ། དེ་བས་ན་འདི་ཅི་ཞིག་སྒྲུབ་པར་བྱེད་ཅེས་བྱ་བར་མི་ཤེས་སོ། །ཕྱོགས་གཉིས་པ་ལ་ཡང་ནུས་པ་དང་ལྡན་པ་དག་ཐ་དད་པ་མེད་པའི་ཕྱིར་དང༌། དེ་ཡང་ཐམས་ཅད་ཀྱི་ཚེ་རང་བཞིན་གཅིག་ཡིན་པའི་ཕྱིར། ཇི་ལྟར་རིམ་གྱིས་དེས་དེ་ཐོབ་པ་ཡིན་ཞེས་བརྗོད་དགོས་སོ། །ཐ་དད་ན་ཡང་འགལ་བའི་ཆོས་དང་ལྡན་པས་ན་ཇི་ལྟར་གཅིག་ཉིད་ཡིན། གཞན་ཡང་དུས་ཐ་དད་པའི་འབྲས་བུ་མེད་པ་ནི་གང་གི་ཚེ་འབྲས་བུ་གཅིག་སྐྱེད་པར་བྱེད་པ་དེའི་ཚེ་དེ་སྐྱེད་བར་བྱེད་པའི་རང་བཞིན་ཡིན་ཞིང་གཞན་སྐྱེད་པར་བྱེད་པ་མ་ཡིན་ལ། གཉི་ག་སྐྱེད་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་གདོན་མི་ཟ་བར་འདོད་པར་བྱ་དགོས་སོ། །གཞན་བསྐྱེད་པ་ཡིན་ན་དེ་མ་སྐྱེས་པར་ཐལ་བའི་ཕྱིར་རོ། །གཉི་ག་སྐྱེ་ན་དུས་གཅིག་ཏུ་དུ་མ་བསྐྱེད་པ་ནི་དུས་གཞན་དུ་ཡང་རང་བཞིན་དེ་ཉིད་ཀྱིས་བྱ་བ་བྱེད་པ་ནི། དེ་ཉིད་ཀྱི་ཚེ་སྐྱེད་པར་འགྱུར་རོ། །རང་བཞིན་གཞན་གྱི་བྱ་བ་བྱེད་ན་ཇི་ལྟར་གཅིག་དུ་མ་ལ་དུས་ཐ་དད་པ་བྱ་བ་བྱས་པར་འགྱུར། དུས་མཚུངས་པ་དུ་མ་སྐྱེད་པར་བྱེད་པ་ལ་ནི་འགལ་བ་ཅི་ཡང་མེད་པས་ན། དེ་འདི་ཉིད་དུ་འགྱུར་བར་རིགས་སོ། །གང་གིས་དེ་གཅིག་ལ་དུ་མ་


DTG109_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བར་འགྱུར་རོ། །ཁོ་བོ་ཅག་གི་ལྟར་ན་འབྲས་བུར་འགྱུར་བ་རྒྱུའི་རྒྱུ་ཉིད་མ་ཡིན་གྱི། འོན་ཀྱང་འབྲས་བུ་བས་སྔར་ཡོད་པ་ཡིན་ལ། དེ་ནི་ཇི་ལྟར་གཅིག་ཅིག་ལས་ཡིན་པ་དེ་བཞིན་དུ་དུ་མ་ལས་ཀྱང་ཡིན་པ་རིགས་པ་ཉིད་དོ། །འདི་སྙམ་དུ་གང་ཞིག་དུ་མ་བསྐྱེད་པ་དེ་ནི་ངེས་པ་དེའི་ཁོངས་སུ་གཏོགས་པ་གཅིག་སྐྱེད་པར་བྱེད་དེ། དུ་མ་ནི་གཅིག་བསགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་སྐྱེད་པར་བྱེད་པ་དེ་ལས་གཞན་པ་སྐྱེད་པར་བྱེད་པར་མི་རིགས་ཏེ། གང་གིས་འབྲས་བུ་གཞན་བྱེད་པ། དེ་ལ་ངོ་བོ་གཉིས་ཡོད་པ་ནི་མ་ཡིན་ནོ། །ངོ་བོ་གཅིག་པ་འབྲས་བུ་གཅིག་པ་ཉེ་བར་སྦྱོར་བ་ན་དེ་ཉིད་གཞན་ལ་ཇི་ལྟར་ཉེ་བར་སྦྱོར་སྙམ་ན། འདི་ཁྱེད་ཀྱི་ཉེ་བར་སྦྱོར་བ་ཅི་ཡིན་པར་མཐོང༌། ཅི་བྱ་བ་ཡིན་ནམ། འོན་ཏེ་ཡོད་པའི་ཁྱད་པར་ཡིན། དེ་ལ་ཕྱོགས་དང་པོ་ནི་ལེགས་པ་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འགག་པའི་དངོས་པོ་རྣམས་ལ་བྱེད་པ་མེད་པའི་ཕྱིར་དང༌། སྐད་ཅིག་མ་མ་ཡིན་པ་རྣམས་ལ་ཡང་ཐུག་པ་མེད་པ་དང་དོན་མེད་པའི་ཕྱིར་རོ། །ཇི་ལྟར་བྱེད་པ་མེད་ན་འབྲས་བུ་མི་སྐྱེད་པ་དེ་བཞིན་དུ་འདི་ཡང་འབྲས་བུ་ཡིན་པའི་ཕྱིར་བྱེད་པ་མེད་པར་མི་སྐྱེ་ལ། དེ་ལ་ཡང་ཚུལ་དེ་ཉིད་ཡིན་པས་ན་ཐུག་པ་མེད་པ་ན་ཇི་ལྟར་མེད་པར་འགྲུབ་པར་འགྱུར། རྒྱུ་ནི་འབྲས་བུ་ལ་བྱ་བ་བྱེད་པ་ཡིན་ལ། དེ་ཡང་ཡོད་པའི་དུས་སོ་སོར་ངེས་པ་ཡིན་པས་ན་བྱ་བ་རྣམས་ཐོག་མ་མེད་པར་རྟོགས་པ་ཡང་ལེགས་པ་མ་ཡིན་ཏེ། ཇི་ལྟར་རྒྱུ་འབྲས་བུ་ལ་བྱ་བ་བྱེད་པ་ན་རྒྱུ་ཉིད་ཡིན་པ་དེ་བཞིན་དུ་བྱེད་པ་ཡང་ཡིན་པས་ན། བྱ་བ་གཞན་དང་གཞན་ཡོད་པ་ན་ཡང་ཐུག་པ་མེད་པ་ཡིན་ནོ། །དེ་ལྟ་ན་ཡང་འབྲས་བུ་སྐྱེ་བའི་གཏམ་ཡང་མེད་པར་འགྱུར་རོ། །ཇི་སྟེ་བྱེད་པ་མེད་པར་བྱེད་པར་སྐྱེ་ཞིང༌། འབྲས་བུ་གཞན་གྱི་རྒྱུར་ཡང་འགྱུར་ན། འོ་ན་བརྗོད་པར་འདོད་པའི་རྒྱུ་དང་འབྲས་བུ་དག་གི་ཡང་གནས་སྐབས་དེ་ཉིད་ཡིན་པས་བྱེད་པ་དོན་མེད་དོ། །ཇི་སྟེ་ཕྱོགས་ཕྱི་མ་ལ་བརྟེན་ན། དེའི་ཚེ་དུ་མ་ལ་སྦྱོར་བ་ཞེས་བྱ་བ་གཅིག་དུ་མ་ལ་ལྟོས་ནས་ངེས་པ་དང་ལྡན་པའི་ཡོད་པ་ཉིད་བརྗོད་པར་འགྱུར་ལ། འདི་ལ་ནི་གནོད་པ་བྱེད་པ་ཅི་ཡང་མེད་དོ། །འདི་སྙམ་དུ་གལ་ཏེ་ངོ་བོ་གཟུགས་བསྐྱེད་པ་དེ་ཉིད་ཀྱིས་རོ་ལ་སོགས་པ་ཡང་ཡིན་ན། དེ་ལས་སྐྱེ་ན་དེ་ཡང་


DTG109_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ངོ་བོ་ཉིད་དུ་འགྱུར་ཏེ། སྦྱོར་བ་ནི་གང་ཞིག་གཟུགས་ཀྱི་རྒྱུ་ལས་སྐྱེས་པ་དེ་ནི་གཟུགས་ཡིན་ཏེ། དཔེར་ན་ཁ་དོག་སྔོན་པོ་བཞིན་ནོ། །རོ་ལ་སོགས་པ་ཡང་གཟུགས་མེད་པར་བྱེད་པའི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་ཐལ་བའོ། །དེ་ལྟ་ཡང་མ་ཡིན་པ་དེའི་ཕྱིར་ན་བཟློག་པ་གང་ཞིག་གཟུགས་མ་ཡིན་པ་དེ་ནི་གཟུགས་སྐྱེད་པར་བྱེད་པའི་རྒྱུ་ལས་སྐྱེས་པ་ཡིན་ཏེ། དཔེར་ན་རླུང་གིས་རེག་པ་བཞིན་ནོ། །རོ་ལ་སོགས་པ་འདི་ཡང་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ་སྙམ་ན། འདི་ནི་མ་བསླབས་པའི་བརྗོད་པ་ཡིན་ཏེ། འདི་ལྟར་གཟུགས་ཙམ་སྐྱེད་པའི་རྒྱུ་ལས་སྐྱེ་བ་ཐལ་བའི་གཏན་ཚིགས་ཉིད་དུ་འདོད་དམ། དེ་སྐྱེད་པར་བྱེད་པ་མ་ཡིན་པ་ལས་ལོག་པའི་རྒྱུ་ལས་སྐྱེས་པ་ཡིན་གྲང༌། ཕྱོགས་དང་པོ་ལ་ནི། སྒྲུབ་བྱེད་མ་གྲུབ་པ་ཡིན་ཏེ། ཁོ་བོ་ཅག་ནི་གཟུགས་ཙམ་སྐྱེད་པར་བྱེད་པའི་རྒྱུ་ལས་རོ་ལ་སོགས་པ་སྐྱེས་པར་མི་འདོད་ཀྱི། འོན་ཀྱང་དེ་དང་དེ་མ་ཡིན་པ་སྐྱེད་པར་བྱེད་པའི་རང་བཞིན་ལས་ཡིན་ཏེ། དེ་ནི་རྣམ་པ་དུ་མས་བསྐྱེད་པར་བྱ་བ་སྒྲུབ་པ་ལ་བཟོ་བའི་ཁྱད་པར་དང་ལྡན་པའི་རང་གི་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །གཉིས་པ་ལ་ནི་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་གཏན་ཚིགས་མ་ངེས་པ་ཡིན་ཏེ། བཟློག་པ་ལ་གནོད་པ་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །བཟློག་པ་ལ་སྔ་མ་བཞིན་དུ་དགག་པར་བྱ་བ་བརྟགས་པ་ན་ཕྱོགས་དང་པོ་ཡོངས་སུ་འཛིན་ན་གྲུབ་པ་ཡིན་ལ། ཕྱོགས་གཉིས་པ་ལ་བརྟེན་ན་སྔ་མ་བརྟེན་དུ་མ་ངེས་པ་ཡིན་ནོ། །གཞན་ཡང་ངོ་བོ་ཐ་དད་པའི་འབྲས་བུ་བྱེད་པ་ཉིད་ནི་ཚད་མས་གྲུབ་པར་སྐད་ཅིག་མར་སྨྲ་བ་དང༌། སྐད་ཅིག་མ་ཡིན་པར་སྨྲ་བ་ཡང་འདོད་པ་ཡིན་ཏེ། རྩོད་པའི་གཞི་མི་རིགས་སོ། །དུས་ཐ་དད་པའི་འབྲས་བུ་བྱེད་པ་ཉིད་ནི་ནུས་པ་ཡོད་པ་དང་མེད་པའི་མཚན་ཉིད་ཀྱི་འགལ་བའི་ཆོས་ཀྱིས་ཁྱབ་པ་ཡིན་པས་ན། བདག་ཅག་གི་བློས་མི་མཐུན་པའི་གཞི་ཡིན་པ་ན་དེ་དག་གིས་དེ་ཉིད་སྒྲུབ་པར་འོས་པ་ཡིན་ན། དེ་མ་ཁྱབ་པས་རང་གི་འདོད་པ་ཡང་འགོག་པར་བྱེད་པ་འདི་ནི་དེ་དག་གི་རང་གི་ཕྱོགས་བསྲུང་བའི་རྣམ་པ་སྔོན་མ་བྱུང་བ་ཡིན་ནོ། །ངོ་བོ་ཐ་དད་པའི་འབྲས་བུ་བྱེད་པ་བཞིན་དུ།


DTG109_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཐ་དད་པའི་འབྲས་བུ་བྱེད་པ་ཡང་མཐོང་བས་ན་འགལ་བ་མེད་དོ་ཞེས་བྱ་བ་འདི་ཙམ་ཡིན་པས་ན་འདོད་པའི་དོན་དང་འགལ་བ་མེད་དོ་ཞེ་ན། འོ་ན་གལ་ཏེ་ཁྱད་པར་མེད་པར་དུས་ཐ་དད་པའི་འབྲས་བུ་བྱེད་པ་འགལ་བར་བྱེད་ན། དེའི་ཚེ་འདི་ཡང་བརྗོད་པ་ཞིག་ན་གཅིག་ལ་དེ་བརྗོད་པ་ན་བརྗོད་པ་དེས་ཅི་ཞིག་བྱ་སྟེ། གང་གི་ཕྱིར་དུས་ཐ་དད་པའི་འབྲས་བུ་རྣམས་དུས་གཅིག་པོ་དང་འབྲེལ་པར་མཐོང་བ་མ་ཡིན་ཏེ། མཐོང་བ་ནི་རྒྱུ་ཐ་དད་པ་དང་ཐ་དད་པ་མེད་པ་དག་ལ་རྟག་ཏུ་གཟུ་བོ་ཡིན་པའི་ཕྱིར་ཏེ། གནས་མ་ཡིན་པ་ལ་བརྣག་པས་ཆོག་གོ །དེའི་ཕྱིར་བྱེད་པ་པོ་རྟག་པ་ཡིན་ན་འབྲས་བུ་རྣམས་ཅིག་ཅར་བ་ཡིན་པ་བཟློག་ཏུ་མེད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །སྦྱོར་བ་ནི་གང་དག་ལན་ཅིག་གི་ཚེ་རྒྱུ་མ་ཚད་བ་མེད་པར་ཉེ་བར་དེ་དག་གི་ལན་ཅིག་གི་ཚེ་ཁོ་ན་འབྱུང་སྟེ། དཔེར་ན་སྒྲོན་མ་ཡོད་པ་སྣང་བ་དང་སྡོང་བུའི་རྣམ་འགྱུར་དང་འབྲུ་མར་ཟད་པ་དང་རང་གི་ཡུལ་ཅན་གྱི་རྟོག་པ་རྣམས་བཞིན་ནོ། །བྱེད་པ་པོ་རྟག་པ་ཅན་དུ་འདོད་པའི་འབྱུང་བ་དང་གནས་པ་དང་འཇིག་པ་ཡང་ལན་ཅིག་གི་ཚེ་རྒྱུ་མ་ཚང་བ་མེད་པར་ཉེ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་ཐལ་བའི་གཏན་ཚིགས་སོ། །དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར་བཟློག་པ་ན། གང་དག་རིམ་གྱིས་འབྱུང་བ་དེ་དག་ནི་ཅིག་ཅར་རྒྱུ་མ་ཚང་བ་མེད་པར་ཉེ་བ་མ་ཡིན་ཏེ། དཔེར་ན་མྱུ་གུ་དང་སྡོང་བུ་དང༌། ཡལ་ག་ལ་སོགས་པ་བཞིན་ནོ། །འབྱུང་བ་དང་གནས་པ་དང་འཇིག་པ་ཡང་རིམ་གྱིས་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །ལྷན་ཅིག་བྱེད་པ་མ་ཚང་བ་ལ་བསམས་ནས་སྒྲུབ་བྱེད་མ་གྲུབ་པར་ཡང་བརྗོད་པར་མི་བྱ་སྟེ། མཐའ་དག་བྱེད་པ་ཡིན་པ་ན་མ་ཚང་བ་མི་འཐད་པའི་ཕྱིར་དང༌། རྟག་པ་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་རིག་པའི་དབང་ཕྱུག་མཆོག་གིས། བྱེད་པ་དང་ནི་མི་བྱེད་པའི། །དུས་སུ་འདྲ་བའི་བདག་ཉིད་ཅན། །རྟག་ལ་ལྟོས་པ་མེད་པའི་ཕྱིར། །རིམ་གྱིས་སྐྱེ་བ་འགལ་བ་ཡིན། །ཞེས་གསུངས་སོ། །འདི་ནི་བདག་ལ་སོགས་པ་རྟག་པ་རྣམས་དང་སྐད་ཅིག་མ་ཡིན་པ་བུམ་པ་ལ་སོགས་པ་རིམ་གྱིས་འབྲས་བུ་སྐྱེད་པ་ལ་བསལ་བ་ཡིན་ནོ། །འདི་ལ་མངོན་སུམ་དང་


DTG109_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ཡང་མེད་དེ། མངོན་སུམ་གྱི་སྐད་ཅིག་མ་མ་ཡིན་པ་འཛིན་པ་མི་འཐད་པའི་ཕྱིར་རོ། །མངོན་སུམ་སྐད་ཅིག་མས་སྐད་ཅིག་མ་མ་ཡིན་པ་འཛིན་པར་ནུས་པ་མ་ཡིན་ཏེ། སྐད་ཅིག་མ་མ་ཡིན་པ་ནི་སྐད་ཅིག་མ་དུ་མ་ལ་ཁྱབ་པར་བྱེད་པ་ཡིན་ན། སྐད་ཅིག་གཅིག་ཡིན་པའི་མངོན་སུམ་གྱིས་དེ་དེའི་ངོ་བོར་ཇི་ལྟར་གཟུང་བར་ནུས། སྔར་དང་ཕྱི་གནས་པ་ནི་ད་ལྟ་བསལ་བ་མ་ཡིན་ཏེ། དེ་ཡང་ད་ལྟ་ཡོད་པར་ཐལ་བའི་ཕྱིར་དང༌། སྐྱེ་བ་དང་འཇིག་པའི་བར་དུ་སྣང་བར་ཐལ་བའི་ཕྱིར་རོ། །གཞན་ན་ཡོད་པའི་མངོན་སུམ་གཞན་ལ་ཡང་ཚུལ་འདི་ཉིད་ཡིན་པས་ན། མངོན་སུམ་གྱིས་ནི་སྔོན་དང་ཕྱི་མའི་དུས་ལ་ཁྱབ་པའི་དོན་འགའ་ཡང་བཟུང་བར་ནུས་པ་མ་ཡིན་ནོ། །འདིས་ནི་ངོ་ཤེས་པ་མངོན་སུམ་མ་ཡིན་པར་བཤད་པ་ཡིན་ཏེ། མངོན་དུ་བྱེད་པའི་ཤེས་པ་ནི་མངོན་སུམ་ཡིན་ན། སྔར་གྱི་གནས་སྐབས་ནི་ད་ལྟ་མངོན་སུམ་དུ་བྱ་བ་མ་ཡིན་གྱི། འོན་ཀྱང་དྲན་པར་བྱ་བ་ཡིན་ན། མངོན་སུམ་ནི་དྲན་པའི་ངོ་བོ་མ་ཡིན་ནོ། །འོན་ཏེ་གལ་ཏེ་ད་ལྟ་ཡོད་པའི་གནས་སྐབས་མངོན་སུམ་དུ་མི་བྱེད་ན་འདི་དྲན་པ་ཡིན་དུ་ཆུག་མོད། དེ་མངོན་སུམ་དུ་བྱེད་པ་ལ་གཞོལ་བ་འདི་ཇི་ལྟར་དྲན་པ་ཞེས་བྱ་སྟེ། གཞོན་ནུ་མ་ལེན་གྱིས། སྔོན་དུ་གཞལ་བ་ཙམ་ལ་ནི། །དེའོ་སྙམ་པའི་དྲན་པ་འབྱུང༌། །དེ་ཉིད་འདི་ཞེས་བྱ་བ་འདི། །ངོ་ཤེས་ཡིན་ཏེ་ལྷག་པ་ཅན། །ཞེས་གང་སྨྲས་པའོ་སྙམ་ན། འོ་ན་ངོ་ཤེས་པ་དྲན་པ་དང་འཛིན་པའི་ངོ་བོ་ཅན་དུ་འགྱུར་གྱི་འཛིན་པ་ཉིད་ནི་མ་ཡིན་ཏེ། དྲན་བཞིན་པ་ལ་འཛིན་པ་དང༌། འཛིན་བཞིན་པ་ལ་དྲན་པ་མི་འཐད་པའི་ཕྱིར་རོ། །གཅིག་པ་ནི་དྲན་པ་འཛིན་པ་མི་སྲིད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །ངོ་བོ་གང་གིས་དྲན་པ་ཡིན་པ་དེའི་སྒོ་ནས་འཛིན་པ་ཡིན་པར་སྨྱོན་པ་མ་ཡིན་པས་བརྗོད་པར་མི་ནུས་པ་ལ། ངོ་བོ་གཞན་གྱི་སྒོ་ནས་འཛིན་ན་ནི་གཅིག་ལ་དྲན་པ་དང་འཛིན་པར་མི་འགྱུར་རོ། །འགྱུར་ན་ཡང་མངོན་སུམ་དང་མངོན་སུམ་མ་ཡིན་པར་འགྱུར་གྱི། མངོན་སུམ་ཉིད་ནི་མ་ཡིན་ཏེ། དྲན་བཞིན་པ་ལ་མངོན་སུམ་ཉིད་དུ་མི་རིགས་པའི་ཕྱིར་རོ། །འདི་སྙམ་དུ་མངོན་སུམ་ནི་དྲན་པ་ལས་ཕྱིས་ཀྱི་དུས་ན་ཡོད་པ་ཡིན་གྱི་དྲན་པའི་བདག་ཉིད་ལ་མ་ཡིན་ལ། འདི་ཙམ་གྱིས་མངོན་སུམ་མ་ཡིན་པར་མི་འགྱུར་ཏེ། འགལ་བ་མེད་


DTG109_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་སྐད་དུ། དྲན་ལས་སྔར་ཡོད་གང་ཡིན་པ། །དེ་ནི་མངོན་སུམ་ཞེས་བྱ་བ། །འདི་འདྲའི་ཚིག་ནི་རྒྱལ་པོའམ། །རིག་བྱེད་ལ་ཡང་ཡོད་མ་ཡིན། །ཞེས་གང་སྨྲས་པའོ་སྙམ་ན། འདི་ཉིད་དོ་སྙམ་པ་ཁོ་ནར་རྟོགས་མོད། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ག་ལས། དེ་དང་ཐ་དད་པ་མེད་པར་རྟོགས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ནི་མི་རྟོགས་སོ། །འདི་དེ་དང་ཐ་དད་པ་མེད་པར་རྟོགས་སོ་ཞེས་བྱ་བ་འདི་ཡང་ཇི་ལྟར་རིགས་པར་འགྱུར། དེ་ཡང་རྟོགས་པ་ཉིད་དོ་ཞེ་ན། ཅི་རྟོགས་པ་དེ་ཉིད་ཀྱིས་སམ། འོན་ཏེ་རྟོགས་པ་གཞན་གྱིས་ཡིན། དེ་ཉིད་ཀྱིས་སོ་ཞེ་ན། ལྷ་རྣམས་དགའ་བ་བརྗེད་ངས་ཅན་གྱི་སྐབས་མ་རྟོགས་ཏེ། རྟོགས་པ་དེ་དྲན་པ་དང་འཛིན་པའི་ངོ་བོ་ཡིན་པ་ཉིད་ཀྱིས་མངོན་སུམ་དང་དེར་སྣང་བ་མ་གྱུར་ཅིག་སྙམ་སྟེ། ཁྱེད་ཀྱིས་འཛིན་པ་ཙམ་གྱི་ངོ་བོ་ཉིད་དུ་བརྗོད་པ་ཡིན་ལ། དེ་ལ་ཁོ་བོ་ཅག་ནི་རྟོགས་པ་མ་རྟོགས་པ་དང༌། ཐ་དད་མེད་པར་ཇི་ལྟར་རྟོགས་ཞེས་སྨྲ་བ་ཡིན་ན། དེ་ཅི་གཞན་ཟོས་པ་སྐྱུག་གམ། རྟོགས་པ་གཞན་གྱིས་སོ་ཞེ་ན། རྟོགས་པ་གཞན་གྱིས་རྟོགས་སུ་ཆུག་མོད། རྟོགས་པ་མ་ཡིན་པ་འདིས་རྟོགས་པ་གཞན་གྱི་ཡུལ་ལ་དེ་དང་ཐ་དད་པ་མེད་པར་རང་གིས་ཇི་ལྟར་རྟོགས། དོན་དམ་པར་གཅིག་ཡིན་པས་ན་འགལ་བ་མི་བྱེད་དོ་ཞེ་ན། མ་ཡིན་ཏེ། གཅིག་ཉིད་ལ་རྟོགས་པ་དང་མ་རྟོགས་པ་མི་འཐད་པའི་ཕྱིར་དང༌། སྔར་མ་མཐོང་བ་ལ་ཡང་དེ་ལྟར་རྟོགས་པ་ཡོད་པར་ཐལ་བའི་ཕྱིར་རོ། །མ་ཡིན་ཏེ། སྔར་མ་མཐོང་བ་ལ་དྲན་པའི་འདུ་བྱེད་མེད་པའི་ཕྱིར་རོ་ཞེ་ན། འོ་ན་དྲན་ནས་རྟོགས་པ་ཡིན་པས་ན་གཅིག་དོན་དམ་པ་མ་ཡིན་ལ། བརྟགས་པ་འདིའི་རྒྱུ་བརྗོད་དགོས་ན། བརྗོད་ཟིན་པའི་རིགས་པས་དེ་ཡང་འཐད་པ་མ་ཡིན་པས་ན། ཅི་སྤངས་ཤིང་སྤངས་ཤིང་ཁས་ལེན་པས་བྱིས་པའི་གཡོ་བག་ལ་བརྟེན་ནམ། དེ་སྐད་དུ། རྟོག་གེ་བའི་ཚོགས་ཀྱི་གཙུག་གི་ནོར་བུས། སྔོན་མྱོང་བ་ནི་དྲན་པ་ལས། །དེ་ཆོས་སྒྲོ་འདོགས་མེད་པར་ནི། །དེ་ལྟར་འདི་སྙམ་ཤེས་པ་མེད། །དབང་སྐྱེས་ལ་ནི་དེ་ག་ལས། །ཞེས་གསུངས་པ་ཡིན་ནོ། །དེས་ན་ངོ་ཤེས་པ་མངོན་སུམ་ཉིད་དུ་མི་འཐད་པས་ན་དེ་སྒྲུབ་པའི་སྐད་


DTG109_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མ་མ་ཡིན་པ་ན། མངོན་སུམ་གྱིས་གྲུབ་པ་མ་ཡིན་པའི་ཕྱིར། སྐད་ཅིག་མ་མ་ཡིན་པ་རིམ་གྱིས་བྱ་བ་མི་བྱེད་པ་ན་མངོན་སུམ་དང་འགལ་བ་མ་ཡིན་ཏེ། ཞར་ལ་བྱུང་བའི་དོན་ལ་བརྣག་པས་ཆོག་སྟེ། བྱེད་པ་པོ་རྟག་པ་མེད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །མི་རྟག་པ་ནི་དེ་སྨྲ་བ་རྣམས་མི་འདོད་པ་ཁོ་ན་སྟེ། རྟག་པ་བློ་རྟག་པའི་བྱེད་པ་པོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཇི་སྟེ་འགའ་ཞིག་འདི་སྐད་དུ། དེའི་འདི་ཡང་མི་རྟག་པ་ཉིད་ཀྱི་འབྲས་བུ་ཡིན་པའི་ཕྱིར། འབྲས་བུ་གཞན་བཞིན་དུ་བྱེད་པ་པོ་གཞན་སྔོན་དུ་སོང་བ་ཡིན་ནོ་ཞེས་སྨྲ་ན། དེ་ལྟ་ན་ཡང་བྱེད་པ་པོའི་གཞན་དབང་ཅན་འདི་ལ་དེ་ལས་གཞན་པའི་སྐྱེ་བོ་བཞིན་དུ་བྱེད་པ་པོ་ཉིད་དང་དབང་ཕྱུག་ཉིད་ག་ལ་ཡོད། གཉིས་པ་ལ་སོགས་པ་ཡང་མི་རྟག་པ་ཡིན་པ་ན་ཚུལ་འདི་ཉིད་ཡིན་པས་ན། འགའ་ལ་ཡང་དབང་ཕྱུག་ཉིད་དང་བྱེད་པ་པོ་ཉིད་མེད་དོ། །དེའི་ཕྱིར་འདི་འབྲས་བུ་ཡིན་ཡང་བྱེད་པ་པོ་མེད་པ་ཉིད་དུ་བརྟག་དགོས་ལ། དེ་ལྟ་ཡིན་ན་ཡང་དེ་བཞིན་དུ་གཞན་ཡང་དེ་ལྟ་བུའི་ངོ་བོར་ཁས་ལེན་པ་ལེགས་སོ། །སྦྱོར་བ་ནི། གང་འབྲས་བུ་ཡིན་པ་དེ་བྱེད་པ་པོ་བཅས་པ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ནོ། །དབང་ཕྱུག་ཀྱང་གཞན་གྱི་ལུགས་ཀྱི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་ཐལ་བའི་གཏན་ཚིགས་སོ། །གང་ཞིག་བྱེད་པ་པོ་དང་བཅས་པ་མ་ཡིན་པ་དེ་ནི་འབྲས་བུ་མ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ནོ། །དབང་ཕྱུག་ཀྱང་བྱེད་པ་པོ་དང་བཅས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པ་སྟེ། ཁྱབ་པར་བྱེད་པ་མི་དམིགས་པའོ། །སྦྱོར་བ་གཉིས་པོ་འདི་ནི་གཞན་ལ་གྲུབ་པའི་ཁྱབ་པ་ཁས་བླངས་པའི་སྒོ་ནས་ཡིན་པས་ན་འདི་ལ་ངེས་པར་དོགས་པར་མི་བྱའོ། །དེ་ལྟར་ན་བྱེད་པ་པོ་མི་རྟག་པ་ཡང་མེད་པས་ན་སྣ་ཚོགས་བྱེད་པ་པོ་མེད་པར་གྲུབ་པ་ཡིན་ནོ། །འདི་ལས་ཀྱང་ཐམས་ཅད་བྱེད་པ་པོ་མེད་ཡིན་ཏེ། གང་ཞིག་ནད་ལ་སོགས་པ་རྣམ་པ་དུ་མས་སྡུག་བསྔལ་བར་འགྱུར་བའི་དུད་འགྲོ་ལ་སོགས་པའི་བྱེ་བྲག་གིས་འདི་ཐ་དད་པར་དམིགས་པ་གང་ཡིན་ན་འདི་བྱེད་པ་པོ་ཡོད་ན་ནི་ཇི་ལྟར་ཡང་མ་འཐད་དེ། འདི་ལྟར་གལ་ཏེ་འདི་སྙིང་རྗེས་སྙིང་བརླན་པ་ཞིག་ཡིན་ན། ཅིའི་ཕྱིར་ཅི་ལྟར་འཇིག་རྟེན་ངལ་


DTG109_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། སྙིང་རྗེ་ནི་སྡུག་བསྔལ་སེལ་བར་བྱེད་འདོད་པ་ཉིད་ཡིན་ན། དེ་དང་ལྡན་པ་སྡུག་བསྔལ་བར་བྱེད་དོ་ཞེས་བྱ་བ་འདི་ལ་སུ་ཞིག་ཡིད་ཆེས་པར་འགྱུར། འདི་སྙམ་དུ་གང་གིས་སྡུག་བསྔལ་མྱོང་བ་གང་ཡིན་པ་ནི་འཇིག་རྟེན་ཉིད་ཀྱིས་དེ་ལྟ་བུར་གྱུར་པའི་མི་དགེ་བའི་ལས་བྱས་པ་ཡིན་ན། ཆེ་བའི་བདག་ཉིད་ཅན་དེ་དག་ལ་ཉེས་པ་ཅུང་ཟད་ཀྱང་ག་ལ་ཡོད་སྙམ་ན། ཉེས་པ་ཇི་ལྟར་མེད་དེ། གང་གི་ཕྱིར་དེ་ཉིད་སྡུག་བསྔལ་སྐྱེད་པར་བྱེད་པའི་ཕྱིར་རོ། །གཞན་དུ་ན་དེ་བཞིན་དུ་གཞན་ཡང་དེའི་བསྐྱེད་པར་བྱ་བ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཇི་སྟེ་འཇིག་རྟེན་ཉིད་ཀྱིས་རང་གི་ལས་ཀྱི་འབྲས་བུ་ངེས་པར་མྱོང་དགོས་ཏེ། བྱས་པ་ཆུད་ཟོས་པ་མི་འཐད་པའི་ཕྱིར་རོ། །དེས་ན་འདི་བརྩེ་བ་ཅན་ཡིན་ཡང་དེ་གྲོགས་སུ་འགྱུར་བ་ན་ཉེས་པ་མེད་དོ། །དེ་ཅི་ང་ནི་དེ་བྱ་བ་མི་བྱེད་པ་ན་ཡང་འཇིག་རྟེན་ལ་སྡུག་བསྔལ་འབྱུང་ངམ། དེ་ལྟ་ནི་མ་ཡིན་ཏེ། བྱེད་པ་པོས་བྱ་བ་མ་བྱས་ན་འབྲས་བུ་མི་འབྱུང་བའི་ཕྱིར་རོ་ཞེ་ན། འོ་ན་དེ་ལྟ་ན་བརྩེ་བ་ཅན་འདི་དེ་ལ་བཏང་སྙོམས་སུ་བྱ་བ་ཉིད་རིགས་པ་དང་ལྡན་པ་མ་ཡིན་ནོ། །སེམས་ཅན་རྣམས་ཀྱི་མི་དགེ་བའི་མཐུས་བཏང་སྙོམས་སུ་བྱ་བ་ཡང་མི་འཐོབ་པོ་ཞེ་ན། འདིར་རང་གི་བདག་ཉིད་ལ་ཡང་དབང་མེད་པས་ན་གསལ་བར་དབང་ཕྱུག་ཡིན་ནོ། །རང་གི་ལས་རིགས་པར་སྤྱོད་པ་ཅན་གྱི་འཇིག་རྟེན་ཅི་སྟེ་དབང་ཕྱུག་མ་ཡིན། གང་གི་ཚེ་འདི་འཇིག་རྟེན་གྱི་ཆོས་མ་ཡིན་པས་དེ་ཚར་བཅད་པའི་ཕྱིར་བྱ་བ་བྱེད་པ་དེ་ཉིད་ཀྱི་ཚེ་སྙིང་རྗེས་ལྡོག་པར་ཡང་བྱེད་པས་ན། འཇུག་པར་ཡང་མི་བྱ་ལྡོག་པར་ཡང་མི་བྱ་བས་ཉམ་ང་བ་ཆེན་པོར་ཆུད་དོ། །འདིའི་སྙིང་རྗེས་ནི་ཤིན་ཏུ་གཅེས་པ་ཡིན་ཞིང་དེ་ཡང་ནང་གི་ཡན་ལག་ཡིན་པས་ན་འདི་དེ་དང་མཐུན་པར་འཇུག་པ་ཁོ་ན་ལེགས་སོ། །གཞན་ཡང་སྐྱེ་བ་དང་ལྡན་པ་ཐམས་ཅད་ཀྱི་རྒྱུ་མཚན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་འདི་ཉིད་ཆོས་མ་ཡིན་པ་ཡང་སྤྲུལ་པ་ཡིན་ནོ། །དེས་ན་གལ་ཏེ་འདི་བརྩེ་བ་ཅན་ཡིན་ན་དེའི་ཚེ་རེ་ཞིག་འཇིག་རྟེན་ལ་གནོད་པར་བྱེད་པའི་ལས་ཅིའི་ཕྱིར་བྱེད་ཅེས་བྱ་བའི་བརྒལ་ཞིང་བརྟག་པ་འདི་ལས་མ་ཐར་རོ། །ཅི་སྟེ་འདི་ལ་སྙིང་རྗེ་མེད་པ་དེ་ལྟ་ན་ཡང་འདི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཡིན་ནམ་མ་ཡིན། གལ་ཏེ་འདོད་


DTG109_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལ་སོགས་པ་དང་བྲལ་བ་ཤིན་ཏུ་ཡིན་ན། བརྩེ་བ་དང་བྲལ་བས་ན་ཕན་མི་འདོགས་སུ་ཆུག །ཅིའི་ཕྱིར་ཚར་གཅོད་པར་བྱེད། འདོད་ཆགས་ལ་སོགས་པའི་དབང་གིས་འགའ་ཞིག་ཚར་གཅོད་པ་ཡིན་ན། དེ་དག་ཀྱང་འདི་ལ་མེད་པས་ན་ཇི་ལྟར་ཚར་གཅོད་པར་བྱེད། རྩེད་མོའི་ཆེད་དུ་ཇི་ལྟར་བྱེད་དོ་ཞེ་ན། འདོད་ཆགས་དང་བྲལ་བ་རྩེད་མོ་ལ་སོགས་པའི་ཆེད་དུ་འཇུག་གོ་ཞེས་བྱ་བ་འདི་ལ་འཆལ་བ་ལས་གཞན་སུ་ཞིག་ཡིད་ཆེས་པར་འགྱུར། རེ་ཞིག་འདོད་ཆགས་ལ་སོགས་པ་དང་ལྡན་ཡང་ཚུལ་དང་ལྡན་པ་རྣམས་ལ་རྩེད་མོའི་དོན་དུ་འཇུག་པ་འདི་འདྲ་བ་མི་སྣང་ན། དེའི་འདོད་ཆགས་དང་བྲལ་བ་ལ་འདི་ཡོད་དམ། ཇི་སྟེ་འདི་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་གྱི་དབང་ཕྱུག་བཞིན་དུ་འགའ་ཞིག་ཚར་གཅོད་པ་ལ་འགའ་ཞིག་ཕན་འདོགས་སོ་ཞེ་ན། དོན་གཉེར་ཉེས་པ་མཐོང་མ་ཡིན། །ཞེས་བྱ་བ་འདི་ལེགས་པར་བརྗོད་པ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་འདི་དབང་ཕྱུག་བྱེད་པ་པོ་ཉིད་དུ་གཞུང་གཟུགས་པའི་འདོད་ཆགས་ལ་སོགས་པ་དང་ལྡན་པར་སྨྲ་བ་ཡིན་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བྲན་པོ་འཁོར་བའི་བཙོན་རར་བཅིངས་པ་ལ་ནི་ད་ལས་གཞན་པའི་སྐྱེ་བོ་བཞིན་དུ་དབང་ཕྱུག་ཉིད་མེད་ཅིང༌། འགྲོ་བ་མཐའ་དག་འགོད་པ་ལ་བཟོ་བའི་མཚན་ཉིད་ཅན་གྱི་བྱེད་པ་པོ་ཉིད་མི་སྲིད་དོ། །དབང་ཕྱུག་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་བཞིན་དུ་དབང་ཕྱུག་དང་བྱེད་པ་པོ་ཉིད་ཡིན་དུ་ཆུག་མོད། ཅི་རྣལ་འབྱོར་དུ་གནས་པ་ཡིན་ནམ། རྣལ་འབྱོར་དུ་མི་གནས་པ་ཡིན། གལ་ཏེ་རྣལ་འབྱོར་དུ་གནས་པ་ཡིན་ན་ཅིའི་ཕྱིར་གློ་བུར་དུ་ཉེས་པ་མེད་པའི་སྐྱེ་བོ་ལ་གནོད་པ་བྱེད། ལམ་ལོག་པར་འགྲོ་བའི་ཉེས་པ་ཅན་ལ་གནོད་པ་བྱེད་དོ་ཞེ་ན། འདི་ལམ་གོལ་བར་འགྲོ་བ་ཡང་རང་ཉིད་བྱེད་པ་ནི་མ་ཡིན་གྱི། དེ་ཉིད་བྱེད་དུ་འཇུག་པ་ཡིན་ནོ། །འཇིག་པའི་ཕྱུག་པོ་ནི་རང་གི་འདོད་པས་ཉེས་པ་བྱས་པ་ལ་ཉེས་པ་དང་མཐུན་པར་ཚར་གཅོད་པ་ཡིན་ན། རང་ཉིད་ཀྱི་སྐྱེ་བོ་ཉེས་པ་བྱེད་དུ་བཅུག་ནས་ཚར་གཅོད་པ་ན། ཀྱེ་མ་དབང་ཕྱུག་དམ་པའི་ཚར་གཅོད་པའི་ཚུལ་འདི་ནི་


DTG109_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མ་བྱུང་བ་ཡིན་ནོ། །ཆེ་བའི་བདག་ཉིད་ཅན་གྱི་སྤྱོད་པ་འདི་འཇིག་རྟེན་ལས་འདས་པ་ཡང་ཡིན་ཏེ། གཏི་མུག་གི་དབང་གི་ཤེས་པས་སྟོང་པའི་ཕྱིར་སྟོང་པ་བཞིན་དུ་རྟོགས་སོ། །གང་གི་ཕྱིར་རྣལ་འབྱོར་དུ་གནས་པའི་བདག་ཉིད་ཅན་འཇིག་རྟེན་ལམ་ལོག་པར་འཇུག་པར་བྱེད་དེ་ཞེས་བྱ་བ་འདི་ལ་ཁོ་བོ་ཅག་མཐོང་རྒྱ་ཆུང་བས་རྒྱུ་ཅུང་ཟད་ཀྱང་མ་མཐོང་ངོ༌། །ཇི་སྟེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དོན་དུ་གཉེར་བ་རྣམས་ཀྱིས་དེ་མགུ་བར་བྱ་བ་ལ་སོགས་པའི་ཆོ་ག་དོན་མེད་པ་ཡིན་ཏེ། གང་གི་ཕྱིར་དེ་ལས་འདོད་པའི་འབྲས་བུ་མི་སྲིད་པའི་ཕྱིར་ཏེ། རྣམ་པ་གཞན་དུ་ཡང་སྲིད་པའི་ཕྱིར་རོ། །མངོན་པར་འབྱུང་བ་ལ་བརྟེན་པ་སླར་ལྟུང་བ་བཞིན་དུ་གྲོལ་བ་ཡང་སླར་སྲིད་པར་འཆིང་བ་སྲིད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་དེ་ལ་རག་ལས་པ་འདི་དག་དེ་མི་བྱེད་པར་ཡང་མི་དབང་བས་ན་ཉོན་མོངས་པ་རྣམས་ཀྱིས་བཅོམ་པ་མ་ཡིན་ནམ། ཐལ་བའི་སྦྱོར་པ་རྣམས་ནི། གང་ཞིག་གང་རྗེས་སུ་གཟུང་བར་འདོད་པ་དེ་ནི་དེ་ལ་ཕན་གང་ཞིག་གང་རྗེས་སུ་གཟུང་བར་འདོད་པ་དེ་ནི་དེ་ལ་པན་འདོགས་བཞིན་ནོ། །དབང་ཕྱུག་ཀྱང་འཇིག་རྟེན་རྗེས་སུ་གཟུང་བར་འདོད་པ་ཡིན་ནོ། །གང་ཞིག་གང་ལ་ཡིད་དུ་འོང་བ་དང་ཕན་པ་འདོད་པ་དེ་ནི་ཤེས་པ་དེ་ཡོད་ན་དེ་ཡང་དག་པའི་ལམ་ཁོ་ནར་འཇུག་པར་བྱེད་དེ། དཔེར་ན་བུ་ལ་བྱམས་པའི་ཕ་བུ་ལ་ཡིན་པ་བཞིན་ནོ། །དབང་ཕྱུག་ཀྱང་འཇིག་རྟེན་ལ་ཡིད་དུ་འོང་བ་དང་ཕན་པ་འདོད་པ་ཡིན་ནོ། །གང་ཞིག་གང་ལ་སྡང་བ་མ་ཡིན་པ་དེ་ནི་དེ་ལ་གནོད་པ་བྱེད་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ཏེ། དཔེར་ན་འདོད་པ་ཅན་གྱིས་ཤིན་ཏུ་སྡུག་པ་ལ་བཞིན་ནོ། །དབང་ཕྱུག་ཀྱང་སྲོག་ཆགས་རྣམས་ལ་སྡང་བ་མ་ཡིན་ནོ། །གང་ཞིག་རྣལ་དུ་གནས་པ་དེ་ནི་ཉེས་པ་ཚར་གཅོད་པའམ་གནོད་པ་ལས་ལོག་པ་ཡིན་ཏེ། དཔེར་ན་སྨྱོན་པ་མ་ཡིན་པ་འགའ་ཞིག་བཞིན་ནོ། །དབང་ཕྱུག་ཀྱང་རྣལ་དུ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་རྣམས་ཡིན་ནོ། །བཟློག་པ་རྣམས་ནི་ཁྱབ་བྱེད་མི་དམིགས་པར་གོ་བར་བྱའོ། །ཐལ་བའི་གཏན་ཚིགས་རྣམས་གཞི་མ་གྲུབ་པར་ནི་བརྗོད་པར་མི་བྱ་སྟེ། རྩ་བའི་གཏན་ཚིགས་ཀྱི་ཁྱབ་པར་བྱ་བ་དང་


DTG109_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པའི་རྣམ་པ་ཡིན་པའི་ཕྱིར་རོ། །རྩ་བའི་གཏན་ཚིགས་ཀྱི་ཁྱབ་པར་བྱེད་པ་མེད་པའི་ཡང་མ་ཡིན་ཏེ། མེད་ཀྱང་འགལ་བ་མེད་པའི་ཕྱིར་ཏེ། དཔེར་ན་མོ་གཤམ་གྱི་བུ་ནི་སྨྲ་བ་པོ་མ་ཡིན་ཏེ། སེམས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་ཡིན་པ་བཞིན་ནོ། །དེའི་ཕྱིར་དེ་ལྟར་སྙིང་རྗེ་ཅན་དང་དེ་ལས་བཟློག་པའམ་འདོད་ཆགས་དང་བྲལ་བ་དང་ཆགས་ཅན་ནམ་རྣལ་དུ་གནས་པའམ་རྟག་པ་དང་རྟག་པའི་ས་གཞན་པའི་བྱེད་པ་པོ་མེད་དོ་ཞེས་བྱ་བ་གྲུབ་པ་མ་ཡིན་ནོ། །སྨྱོན་པ་ལྷག་ལུས་པ་ཡིན་ན་འདི་ནི་བྱེ་བྲག་ཏུ་དགག་པར་མི་ནུས་སོ། །དེ་ལ་བརྟེན་པ་ལྟར་བྱེད་པ་རྣམས་དེ་སྨྱོ་བ་ཡིན་པར་སྨྲ་ན་བདག་ཉིད་ཁོ་ན་སྨྱོན་པར་སྨྲ་བ་ཡིན་ནོ། །གང་གི་ཕྱིར་སྨྱོན་པ་མ་ཡིན་པ་རྣམས་ཀྱི་ནི་སྨྱོན་པ་མགུ་བར་བྱ་བ་མི་འཐད་ལ། སྨྱོན་པ་མགུ་བར་བྱེད་ན་ཡང་གང་གིས་དེ་མགུ་བར་མི་བྱེད་པ་ཐ་མལ་པའི་སྨྱོན་པས་ཉེས་པ་ཅི་བྱས། དེ་དག་ལ་མཐུ་ཕུལ་དུ་བྱུང་བ་མེད་པས་མགུ་བར་མི་བྱེད་དོ་ཞེ་ན། འདི་མཐུ་དང་ལྡན་པ་ཡིན་ནོ་ཞེས་ཏེ། འགའ་ཡང་མགུ་བར་བྱ་བ་མ་ཡིན་གྱིས། འོན་ཀྱང་མགུ་བར་བྱས་ན་འབྲས་བུ་སྟེར་བར་བྱེད་དོ་སྙམ་པས་ཡིན་ན། དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །སྨྱོན་པ་ཡིན་ཡང་འགྲོ་བ་མཐའ་དག་ལས་ཕུལ་དུ་བྱུང་བའི་ནུས་པ་ཡོད་དོ་ཞེས་བྱ་བ་འདི་སྨྱོན་པ་མ་ཡིན་པ་སུ་ཞིག་སྨྲ་བར་སྤྲོ། འདི་སྙམ་དུ་ཚད་མས་གྲུབ་པའི་དབང་ཕྱུག་ལ་ཉེ་བར་འཚེ་བ་ཕྲ་མོ་འདི་དག་གིས་ཟིལ་གྱིས་མི་གནོན་ཏེ། འདི་ལྟར་འབྲས་བུ་ཡིན་པའི་ཕྱིར་དང་སེམས་པ་མེད་པའི་ཉེ་བར་ལེན་པ་ཅན་ཡིན་པའི་ཕྱིར་དང་སྐྱེ་བ་དང་ལྡན་པ་ཡིན་པའི་ཕྱིར་ན། བུམ་པ་ལ་སོགས་པ་བཞིན་དུ་ལུས་དང་ས་དང་བྱེད་པ་ལ་སོགས་པ་བློ་དང་ལྡན་པའི་རྒྱུ་ཅན་དུ་གྲུབ་པ་ན་བྱེད་པ་པོ་དབང་ཕྱུག་གི་མིང་གཞན་ཅན་ཉེ་བར་འཇོག་གོ་སྙམ་ན། ཉེ་བར་མི་འཇོག་སྟེ། རྟག་པ་ལ་སོགས་པའི་ངོ་བོའི་དབང་ཕྱུག་གནོད་པར་བྱེད་པས་བཀག་པའི་ཕྱིར་དང༌། དེ་ལྟ་བུར་གྱུར་པ་ལ་ཡང་སྒྲུབ་པར་བྱེད་པའི་ཚད་མ་མི་འཐད་པའི་ཕྱིར་ཏེ། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །བསལ་བ་གཏན་ཚིགས་རྟེན་མ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །འོ་ན་མེད་པར་སྨྲ་བར་ཡང་མི་རིགས་


DTG109_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འདི་སྒྲུབ་བྱེད་ཀྱིས་གྲུབ་པའི་ཕྱིར་དང༌། གྲུབ་པ་ཡང་གནོད་བྱེད་ཀྱིས་ཚད་མ་མི་འཐད་པའི་ཕྱིར་རོ་ཞེས་ན། བྱེད་ཀྱི་ནུས་པས་ཡོད་པ་ཉིད་ཡིན་ནོ་ཞེ་ན། གནོད་བྱེད་ཀྱི་ནུས་ནུས་པས་ཡོད་པ་ཉིད་ཡིན་ནོ་ཞེ་ན། གནོང་བྱེད་ཀྱི་ནུས་པ་མེད་པ་ཉིད་ཅིའི་ཕྱིར་མ་ཡིན། དེ་ལྟར་ནི་མ་ཡིན་ཏེ། གནོད་བྱེད་ཚད་མ་མ་ཡིན་པའི་ཕྱིར་ཞེ་ན། འདི་ཚད་མ་མ་ཡིན་པ་ཇི་ལྟར་ཡིན། སྒྲུབ་བྱེད་ཀྱིས་གནོད་པའི་ཕྱིར་རོ་ཞེ་ན། འོ་ན་སྒྲུབ་བྱེད་ཀྱང་ཚད་མ་མ་ཡིན་ཏེ། གནོད་བྱེད་ཀྱིས་གནོད་པའི་ཕྱིར་རོ། །སྔར་བསྒྲུབས་པའི་གནོད་བྱེད་ཀྱིས་གནོད་པའི་ཡུལ་ཅན་གྱི་སྒྲུབ་བྱེད་འཇུག་པར་ཡང་མི་རིགས་ན། གནོད་བྱེད་སེལ་བ་ལྟ་ཅི་སྨོས་སོ། །མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ན་དེའི་མཚན་ཉིད་སུན་ཕྱུང་བ་ཁོ་ནར་འགྱུར་བས་ན་ཐམས་ཅད་ལ་ཡིད་བརྟག་ཏུ་མེད་དོ། །འོ་ན་གང་གི་ཚེ་དང་པོར་དབང་ཕྱུག་སྨྲ་བས་སྒྲུབ་བྱེད་བརྗོད་པ་དེའི་སུན་འབྱིན་པས་ཀྱང་གནོང་བྱེད་ཀྱིས་ཚད་མ་བརྗོད་པར་མི་བྱ་བར་འགྱུར་རོ་ཞེ་ན་བདེན་ཏེ། དེའི་ཚེ་དེས་གནོང་བྱེད་བརྗོད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་སྒྲུབ་བྱེད་སུན་འབྱིན་པ་ཉིད་ཡིན་ནོ། །སྒྲུབ་བྱེད་འདི་དག་ནི་སྒྲུབ་བྱེད་ཀྱི་མཚན་ཉིད་རྒྱས་པར་བྱེད་པ་མ་ཡིན་ཏེ། ཁྱབ་པ་དང་བྲལ་བའི་ཕྱིར་རོ། །འདི་ལྟར་རེ་ཞིག་སྒྲུབ་བྱེད་དང་པོ་ལ་འབྲས་བུ་ཙམ་ལ་རྒྱུ་ཙམ་གྱིས་ཁྱབ་པ་གྲུབ་པ་ནི་འདོད་དེ། འདི་སྒྲུབ་བྱེད་བློ་དང་ལྡན་པས་ནི་ཁྱབ་པ་མ་གྲུབ་པས་ཇི་ལྟར་དེ་སྒྲུབ་པར་ནུས། ཁྱབ་པར་བྱ་བ་ནི་མི་འཁྲུལ་པའི་ཡུལ་ཡིན་ནོ། །ཁྱབ་པར་བྱེད་པ་ནི་སྤྱི་ལ་མི་འཁྲུལ་པ་ཡིན་ལ། ཁྱབ་པར་ལ་ཁྱབ་པར་མི་འཁྲུལ་པ་ཡིན་གྱི་སྤྱི་ནི་མ་ཡིན་ཏེ། དེ་མེད་པས་ཀྱང་མི་འགལ་བའི་ཕྱིར་རོ། །འདི་ལྟར་དུ་བ་ཙམ་དང་དུ་བའི་ཁྱད་པར་ལས་མེ་ཙམ་རྟོགས་ལ། ཁྱད་པར་ལས་ཁྱད་པར་ཡིན་ནོ། །དེའི་ཕྱིར་འབྲས་བུ་ཙམ་བློ་དང་ལྡན་པའི་མཚན་ཉིད་ཅན་གྱི་རྒྱུའི་ཁྱད་པར་ལ་མི་འཁྲུལ་པར་སེམས་པ་དང་ལྡན་པས་ཇི་ལྟར་སྨྲ་བར་བྱེད། གལ་ཏེ་འབྲས་བུ་ཙམ་བློ་དང་ལྡན་པའི་རྒྱུ་ལ་འཁྲུལ་པ་མ་མཐོང་མོད། འོན་ཀྱང་ཁྱད་པར་གཞན་ལ་འཁྲུལ་པ་དམིགས་པ་དེ་ཁོ་ན་འདི་ལ་འཁྲུལ་པ་དོགས་པར་བྱེད་པ་ཡིན་ནོ། །མ་མཐོང་བ་ཙམ་གྱིས་ནི་འཁྲུལ་པ་དང་བྲལ་བར་རྟོགས་པར་ནུས་པ་མ་


DTG109_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དེ་ཁོ་ན་བཞིན་དུ་བསྒྲུབ་བྱ་མེད་པ་ཡང་རྟོགས་པར་ཐལ་བའི་ཕྱིར་དང༌། ཚད་མ་ལོག་ཀྱང་དོན་མེད་པར་མི་འགྲུབ་པའི་ཕྱིར་དང༌། འཁྲུལ་པ་དང་བཅས་པའི་གཏན་ཚིགས་ཀྱང་འཁྲུལ་པ་མ་མཐོང་བའི་སྐྱེས་བུ་ལ་ལྟོས་ནས་འཁྲུལ་པ་མེད་པར་ཐལ་བའི་ཕྱིར་དང༌། སྐྱེས་བུ་ལ་ལྟོས་ནས་གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་བ་ཡིན་ན། དེའི་དངོས་པོའི་རྣམ་པར་གཞག་པ་འཇིག་པར་ཐལ་བའི་ཕྱིར་རོ། །འོ་ན་དུ་བ་ལ་སོགས་པ་ཡང་མེ་ལ་སོགས་པ་ལ་ཡང་འཁྲུལ་འཁྲུལ་པ་མ་མཐོང་ཡང་དེ་ལ་མི་འཁྲུལ་བ་མི་འགྲུབ་པ་ཁོ་ནའོ་ཞེ་ན། མི་འགྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་འདི་དག་མི་མཐུན་ཕྱོགས་ལ་འཇུག་ལ་མ་མཐོང་བ་ཙམ་གྱིས་མི་འཁྲུལ་བ་མ་ཡིན་གྱི། འོན་ཀྱང་རང་གི་བསྒྲུབ་པར་བྱ་བ་དང་འབྲེལ་པའི་ཕྱིར་ཡིན་ལ། དེ་ཡང་བསྒྲུབ་པར་བྱ་བའི་དོན་ལས་སྐྱེས་པའི་རྒྱུ་མཚན་ཅན་གྱི། མ་མཐོང་བའི་རྒྱུ་མཚན་ཅན་ནི་མ་ཡིན་ནོ། །འོ་ན་མ་མཐོང་བ་ཚད་མར་མི་བྱེད་ན་དེ་ལས་བྱུང་བ་ཡང་མི་འགྲུབ་སྟེ། རྒྱུ་དང་འབྲས་བུའི་ངོ་བོ་ནི་མཐོང་བ་དང་མ་མཐོང་བའི་སྒྲུབ་བྱེད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་དང་མ་འབྲེལ་པ་ནི་དེ་ལ་མི་འཁྲུལ་པའི་ངེས་པ་མེད་པའི་ཕྱིར་དང༌། དེ་ལས་བྱུང་བ་མ་ཡིན་ན་ཡང་དོན་དངོས་པོ་གཞན་ལ་འབྲེལ་པ་མི་འཐད་པའི་ཕྱིར་རོ། །གལ་ཏེ་དེ་དང་འབྲེལ་པར་འདོད་པ་གཞན་གྱི་རྒྱུ་ཅན་ཡིན་ནམ་རྒྱུ་མེད་པ་ཡིན་ན་ནི་དེའི་ཚེ་དེ་མེད་ཀྱང་རྒྱུ་གཞན་ལས་སམ་གློ་བུར་དུ་བྱུང་བ་ན། འདོད་པའི་འབྲེལ་པའི་ཡུལ་ལ་འབྲེལ་པ་ཞེས་བྱ་བར་ཇི་ལྟར་འགྱུར། ཅི་སྟེ་དེ་མེད་པར་མི་འབྱུང་བ་དེ་ཡོད་ན། འབྱུང་ན་ནི་དེ་ལས་བྱུང་ངོ་ཞེས་བྱ་བར་ནན་གྱིས་སྒྲུབ་པ་ཡིན་ན། དེ་ཇི་ལྟར་གཞན་གྱི་རྒྱུ་ཅན་ནམ་རྒྱུ་མེད་པ་ཡིན་ཞིང་དེ་ལས་བྱུང་བ་མེད་པར་འབྲེལ་པ་ཡང་ཇི་ལྟར་ཡིན། གཞན་ཡང་རེ་ཞིག་ཡུལ་གཅིག་ཏུ་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་མ་མཐོང་ཞེས་ཏེ། དེ་ཙམ་གྱིས་དེ་ལ་མི་འཁྲུལ་བ་མ་ཡིན་ཏེ། མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པའི་ཐུན་མོང་ཡང་རང་གི་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་མེད་པ་ཐམས་ཅད་དུ་མ་དམིགས་པ་དེ་ལ་འཁྲུལ་པའི་རྒྱུ་བརྗོད་པར་བྱ་བ་མ་ཡིན་ལ། དེ་ཡང་མི་


DTG109_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཙམ་ཡིན་པས་ན། དེ་ལས་བྱུང་བ་ལ་སྡང་སྲིད་པ་མ་ཡིན་ནོ། །གཞན་ཡང་ཅི་མཐོང་བ་དག་གིས་མི་འཁྲུལ་མ་ཡིན་ནོ། །གཞན་ཡང་ཅི་མཐོང་བ་དག་གིས་མི་འཁྲུལ་པ་བྱེད་པ་ཡིན་ནམ། འོན་ཏེ་ཤེས་པར་བྱེད་པ་ཡིན། བྱེད་པ་ཡིན་ནོ་ཞེ་ན། ཅི་རང་གི་ངོ་བོས་མི་འཁྲུལ་པ་ཞིག་གི་འམ་འོན་ཏེ་འཁྲུལ་པ་ཞིག་གིས་ཡིན་གྲང༌། དེ་ལས་གལ་ཏེ་དེ་རང་གི་ངོ་བོ་མི་འཁྲུལ་པ་ཡིན་ན་དེ་ལ་བྱ་བ་གཞན་ཅི་ཞིག་ཡོད། འཁྲུལ་པ་ཞིག་མ་འཁྲུལ་པར་བྱེད་པ་ཡིན་ན་ནི་མ་ངེས་པ་རྒྱུན་ཆད་པར་འགྱུར་རོ། །འོན་ཏེ་ཤེས་པར་བྱེད་པ་ཡིན་ན་ཇི་ལྟར་འདི་མི་འཁྲུལ་པ་ཡིན་ཞེས་བརྗོད་དགོས་སོ། །འདི་རྒྱུ་མཚན་མེད་པ་ཉིད་དུ་ཡིན་པར་ནི་རིགས་པ་མ་ཡིན་ཏེ། ཐམས་ཅད་དུ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་ལས་བྱུང་བ་ལས་གཞན་པའི་རྒྱུ་མཚན་ནི་བཙལ་ཡང་མ་མཐོང་ངོ༌། །རྒྱུ་མཚན་ངེས་པ་ཡིན་ཞེ་ན། འདི་ནི་གཏམ་རྒྱུད་ཡིན་ཏེ། མི་འཁྲུལ་བའི་མིང་གཞན་ཅན་མེད་ན་མི་འབྱུང་བ་དེ་ཉིད་ཀྱི་རྒྱུ་མཚན་འདིར་སྤྱོད་པ་ཡིན་ན། དེ་ཉིད་ནི་དེ་ཉིད་ཀྱི་རྒྱུ་མཚན་དུ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལས་བྱུང་བའི་རྒྱུ་མཚན་གྱི་མི་འཁྲུལ་བ་དང་ལྡན་པའི་དུ་བ་ལ་སོགས་པ་སྨད་པར་འོས་པ་མ་ཡིན་ནོ། །འབྲས་བུ་དེ་ཉིད་ནི་མཐོང་བ་ཙམ་གྱིས་མི་འཁྲུལ་བར་ཅི་ལྟར་བརྗོད་པར་ནུས། འོ་ན་འབྲས་བུ་ཉིད་ཀྱང་དེ་ལས་བྱུང་བའི་འབྲེལ་པ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་མོད་ཅེ་ན། མ་ཡིན་ཏེ། འབྲས་བུ་ཙམ་སྐྱེས་བུ་དང་རྒྱུ་དང་འབྲས་བུའི་ངོ་བོར་མ་གྲུབ་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་འབྲས་བུའི་ཁྱད་པར་རྣམས་ཁོ་ན་སྐྱེས་བུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་མཐོང་གི་འབྲས་བུ་ཙམ་ནི་མ་ཡིན་ལ། བུམ་པ་ལ་སོགས་པ་ལ་འབྲས་བུ་ཉིད་ཀྱང་མཐོང་ཞེས་ཏེ། དེ་ཡང་སྐྱེས་བུ་སྔོན་དུ་འགྲོ་བར་ནི་མ་གྲུབ་པ་སྟེ། དེ་ལྟ་ཡིན་ན་ནི་དེ་ལ་དངོས་པོ་ཙམ་ཡང་མཐོང་བས་ན། དངོས་པོ་ཙམ་ཡང་དེ་ལྟ་བུ་ཉིད་དུ་འགྱུར་རོ། །དེ་ལྟར་ནི་མ་ཡིན་ཏེ། དངོས་པོ་ཉིད་ནི་ནམ་མཁའ་ལ་སོགས་པ་རྟག་པ་ལ་ཡང་ཡོད་པའི་ཕྱིར་རོ་ཞེ་ན། སྐྱེས་བུས་ཁྱབ་པའི་དངོས་པོ་ཉིད་ཀྱི་གཞི་ནི་ངེས་པར་སྐྱེས་བུས་བྱས་པ་ཉིད་མྱོང་བ་ན། དེ་ལ་རྟག་པ་ཞེས་བྱ་


DTG109_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅི་ལྟར་ཡོད། གལ་ཏེ་དངོས་པོ་ཉིད་རྟག་པ་ལ་ཡང་མཐོང་བས་ན་དངོས་པོ་ཙམ་སྐྱེས་བུ་སྔོན་དུ་འགྲོ་བར་མི་འདོད་ན། འོ་ན་འབྲས་བུ་ཉིད་ཀྱང་ས་གཞི་ལ་སོགས་པ་སྐྱེས་བུས་མ་བྱས་པ་ལ་ཡང་ཡོད་པས་ན་འབྲས་བུ་ཙམ་ཡང་མ་ཡིན་ནོ། །ས་གཞི་ལ་སོགས་པ་ཕྱོགས་སུ་བྱས་པས་ན་དེས་མ་ངེས་པ་མ་ཡིན་ནོ་ཞེ་ན། ནམ་མཁའ་ལ་སོགས་པ་ཡང་ཕྱོགས་སུ་བྱེད་པ་ལ་འགོག་པར་བྱེད་པ་སུ་ཡོད། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ནི་ལུང་དང་འགལ་བ་ལ་མི་འཇིགས་སོ། །ལུང་དང་འགལ་བ་བསལ་བར་བྱ་བ་ཡིན་ན་ས་ལ་སོགས་པ་ཕྱོགས་སུ་བྱེད་པ་ཡང་ལུང་གཞན་དང་འགལ་བས་ན་སྤང་བར་བྱ་བར་འགྱུར་རོ། །རང་གི་ལུང་དང་འགལ་བ་ཁོ་ན་སྤང་བར་བྱ་བ་ཁོ་ན་ཡིན་ནོ་ཞེ་ན། རང་གི་ལུང་གང་ཡིན། འདི་ལྟར། སྐྱེ་བོ་རིང་བུར་སྐྱེས་གྱུར་ཅིང༌། །ཡོན་ཏན་ཉེས་པ་མ་མཐོང་ལ། །ཀྱེ་མ་གྲུབ་མཐའ་མི་བཟད་པའི། །གདོན་འདི་སུ་ཡིས་བསྒོས་པ་ཡིན། །འོ་ན་འབྲས་བུ་ཉིད་ནི་མ་བྱུང་བ་ལས་བྱུང་བའི་མཚན་ཉིད་ཅན་མ་ཡིན་ནམ། དེ་ནི་བུམ་པ་ལ་སོགས་པ་དང་ས་གཞི་ལ་སོགས་པ་ལ་ཡང་ཁྱད་པར་ཅུང་ཟད་མེད་དོ། །དེས་ན་གལ་ཏེ་འབྲས་བུ་འགའ་ཞིག་སྐྱེས་བུས་བྱས་པ་ཡིན་ན་ཐམས་ཅད་དེ་ལྟ་བུ་ཁོ་ནར་འགྱུར་ལ་ཡང་འགའ་ཡང་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་དངོས་པོ་ཉིད་ལ་ཡང་མཚུངས་པའི་ཕྱིར་ཏེ། འདི་ལྟར་འདི་སྐད་དུ། གལ་ཏེ་དངོས་པོ་འགའ་ཞིག་སྐྱེས་བུས་བྱས་པ་ཡིན་ན་ཐམས་ཅད་ཀྱང་དེ་ལྟ་བུ་ཁོ་ནར་འགྱུར་ལ་ཡང་ན་འགའ་ཡང་མ་ཡིན་ནོ་ཞེས་བརྗོད་པར་ནུས་སོ། །བུམ་པ་ལ་སོགས་པ་ལ་དངོས་པོ་ཉིད་གཞན་ཡིན་ལ། ནམ་མཁའ་ལ་སོགས་པ་ལ་གཞན་ཡིན་པ་ནི་མ་ཡིན་ནོ། །འདིས་ནི་མཁས་པར་རློམ་པ་འགའ་ཞིག་གིས། གང་ལས་འབྲས་བུའི་ཁྱད་པར་ལ་ཁྱབ་ཅིང་འབྲས་བུ་ཙམ་ལ་མ་ཁྱབ་པོ་ཞེས་བརྗོད་པ་འདིར་བུ་གཉིས་ཡོད་དམ་ཞེས་གང་བརྗོད་པ་དེ་ཡང་བསལ་བ་ཡིན་ཏེ། དེ་ལ་ཁོ་བོ་ཅག་ཀྱང་སྨྲ་སྟེ། གང་གིས་དངོས་པོའི་ཁྱད་པར་ལ་ཁྱབ་པོ། །དངོས་པོ་ཙམ་ལ་མ་ཁྱབ་པོ་ཞེས་བརྗོད་པ་འདིར་དངོས་པོ་གཉིས་ཡོད་དམ། ཁོ་བོ་ཅག་ནི་འབྲས་བུ་གཉིས་ལ་ཁྱབ་པ་ཡོད་པར་མི་


DTG109_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲའི། འོན་ཀྱང་འབྲས་བུ་རྣམས་ལ་ཡིན་ནོ། །མ་བ་ལས་བྱུང་བ་ཙམ་གྱིས་ནི་འབྲས་བུའི་བདག་ཉིད་ཐམས་ཅད་ཆོས་མཚུངས་པར་མ་གྲུབ་སྟེ། དེ་ལྟ་བུ་ཉིད་དུ་ཡང་གཟུགས་ལ་སོགས་པ་ཐ་དད་དང་རྒྱུ་ཐ་དད་པ་ཡང་མངོན་སུམ་དུ་གྲུབ་པའི་ཕྱིར་རོ། །འདིས་ནི་འབྲས་བུ་འགའ་ཞིག་སྐྱེས་བུ་སྔོན་དུ་འགྲོ་བར་མཐོང་ནས་དེ་དག་དང་རིགས་མི་མཐུན་པ་རྣམས་ཀྱང་འབྲས་བུ་ཙམ་དུ་མཚུངས་པས་དེ་ལྟར་རྣམ་པར་འཇོག་པ་ན། རིག་པ་ངལ་བའི་འབྲས་བུ་ཤིན་ཏུ་ཐོབ་པ་ཡིན་ཏེ། གང་གི་བུད་མེད་དང་དམངས་རིགས་དང་ཐུན་མོང་བའི་ཁྱད་པར་ཡང་མི་རྟོགས་པའོ། །འོ་ན་སྐྱེས་བུས་བྱས་པ་ཉིད་དུ་རྩོད་པའི་གཞི་མ་ཡིན་པའི་བུམ་པ་ལ་སོགས་པ་ཕན་ཚུན་དུ་རིགས་མི་མཐུན་པ་ཁོ་ན་མ་ཡིན་ནམ། དེས་ན་གལ་ཏེ་ལུས་ལ་སོགས་པ་བུམ་པ་ལ་སོགས་པ་དང་རིགས་མི་མཐུན་པ་ཉིད་ཀྱིས་སྐྱེས་བུ་སྔོན་དུ་འགྲོ་བར་རྣམ་པར་མི་འཇོག་ན། རེ་དེ་དག་ལ་ཡང་ཕན་ཚུན་ལྟོས་ནས་དེ་ཡོད་པས་ན་དེ་དག་ཀྱང་དེ་ལྟར་རྣམ་པར་མི་འཇོག་པར་འཇུག་གོ །གང་གིས་དེ་དག་སྡེ་ཚན་གཅིག་ཏུ་བྱེད་པ་བུམ་པ་ལ་སོགས་པ་རྩོད་པ་མེད་པ་རྣམས་ལ་ནི་ལུས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཐུན་མོང་གི་ཆོས་འགའ་ཡང་ཡོད་པ་མ་ཡིན་ལ། དེ་དག་སྡེ་ཚན་གཅིག་ཏུ་བྱས་པ་མེད་པར་ལུས་ལ་སོགས་པ་ཤིན་ཏུ་རིགས་མི་མཐུན་པར་རྣམ་པར་གཞག་པར་མི་འོས་སོ། །འདི་སྙམ་དུ་གང་ཞིག་མཐོང་བས་བྱེད་པ་མ་མཐོང་ཡང་བྱས་པའི་བློར་འགྱུར་པའི་འབྲས་བུ་དེ་དེ་ནི་བློ་དང་ལྡན་པའི་རྒྱུ་ཅན་ཡིན་གྱི་གཞན་ནི་མ་ཡིན་ནོ། །ལུས་ལ་སོགས་པ་འདི་དག་ནི་འཇིག་རྟེན་ལ་བྱས་པའི་བློ་མི་སྐྱེད་དེ། དེས་ན་བློ་དང་ལྡན་པའི་རྒྱུ་ཅན་ཉིད་དུ་རྣམ་པར་མི་འཇོག་གོ་སྙམ་ན། དེ་ནི་བདེན་ཏེ། བྱས་པའི་བློ་ནི་རྗེས་སུ་དཔག་པའི་བདག་ཉིད་ཅན་ཡིན་ལ། རྗེས་སུ་དཔག་པ་ཡང་ཁྱབ་པ་གྲུབ་པ་ལ་ལྟོས་ཤིང༌། དེ་ཡང་རྗེས་སུ་དཔག་པ་ལ་ལྟོས་པ་ན་ཤིན་ཏུ་གསལ་བར་ཕན་ཚུན་བརྟེན་པ་ཉིད་དོ། །དེས་ན་ཁྱད་པར་དང་འབྲེལ་པ་གཟུང་བར་མི་ནུས་པའི་ཕྱིར་འབྲས་བུ་ཙམ་ཁོ་ན་སྐྱེས་བུ་སྔོན་དུ་འགྲོ་བར་རྟོགས་པར་བྱའོ་ཞེ་ན། འོ་ན་གལ་ཏེ་འབྲས་བུ་འགའ་ཞིག་སྐྱེས་བུ་སྔོན་དུ་འགྲོ་བར་མཐོང་བས་ཐམས་ཅད་དེ་ལྟར་རྟོགས་ན། འགའ་


DTG109_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་མེའི་རྒྱུ་ཅན་དུ་མཐོང་བས་ན། དེ་ལྟ་བུ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། མེའི་འབྲས་བུ་ནི་རིགས་གཅིག་པ་ཡིན་ཏེ། དེས་ན་དེར་རིགས་གཞན་སྤངས་ནས་རྒྱུ་དང་འབྲས་བུའི་ངོ་བོར་རྟོགས་པར་ནུས་སོ། །སྐྱེས་བུའི་འབྲས་བུ་རྣམས་ནི་རིགས་སྣ་ཚོགས་པ་ཡིན་ཏེ། དེ་དག་ལ་ཁྱད་པར་དུ་དེ་ལས་བྱུང་བའི་འབྲེལ་པ་རྟོགས་པར་ནུས་སོ། །འདི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པའི་སྐྱེས་བུའི་འབྲས་བུ་རྣམས་ནི་ནུས་པ་སྣ་ཚོགས་པ་དང་གཟུགས་སྣ་ཚོགས་པས་ན་ཕན་ཚུན་རིགས་མི་མཐུན་པ་ཡིན་ལ། འབྲས་བུ་ཙམ་དུ་ཆོས་མཐུན་པར་དམིགས་པ་ཡིན་ནོ་ཞེ་ན། ཐལ་བ་དང་སོལ་བ་དང་དུ་བ་དང་ཚོས་པ་ལ་སོགས་པ་མེའི་འབྲས་བུ་རྣམས་ཀྱང་ཕན་ཚུན་རིགས་མི་མཐུན་པ་ཁོ་ན་མ་ཡིན་ནམ། དེས་ན་དེར་ཡང་འབྲས་བུ་ཙམ་ཡང་མེད་པ་དང་རྒྱུ་དང་འབྲས་བུའི་འབྲེལ་པར་རྟོགས་པར་བྱའོ། །བརྗོད་པ། མེའི་འབྲས་བུ་རྣམས་ནི་ཐལ་བ་ལ་སོགས་པའི་རང་བཞིན་ཐ་དད་ཀྱང་བུད་ཤིང་གི་རྣམ་པར་འགྱུར་བའི་བདག་ཉིད་དུ་རིགས་གཅིག་པ་ཁོ་ན་ཡིན་ཏེ། དེས་ན་དེའི་སྒོ་ནས་དེར་འབྲེལ་པའི་བློ་འབྱུང་བས་ན་ཧ་ཅང་ཐལ་བ་ཡང་མེད་ལ། ཚུན་ཆད་དུ་ལྡོག་པ་ཡང་མ་ཡིན་ནོ། །ཡང་དེ་དག་ལ་ནི་ཚད་ཡོད་པས་ན་སྡེ་ཚན་གཅིག་ཏུ་བྱས་པ་མེད་ཀྱང་དེ་ལས་གཞན་སྤངས་ན་མེ་དང་འབྲེལ་པ་རྟོགས་པ་མི་འགལ་བ་ཁོ་ནའོ། །ཡང་ན་མེ་དང་འབྲས་བུ་ཅེམ་ལ་ནི་འཁྲུལ་འགྱུར་ལ། སྐྱེས་བུ་དང་ལྷན་ཅིག་དེ་མ་དམིགས་པས་ན་འགྱུར་ཏེ། འགྱུར་ལ། སྐྱེས་བུ་དང་ལྟན་ཅིག་དེ་མ་དམིགས་པས་ན་འགྱུར་ཏེ། རྒྱུ་དང་འབྲས་བུའི་ཐ་སྙད་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །འབྲས་བུ་ཙམ་ལ་ནི་མེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡོད་པ་མ་ཡིན་ཏེ། དེ་མེད་ཀྱང་བུམ་པ་ལ་སོགས་པ་ལ་སྐྱེ་བ་མཐོང་བའི་ཕྱིར་རོ། །འོ་ན་སྐྱེས་བུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ལ་ཡང་མེད་དེ། དེ་མེད་ཀྱང་རྩྭ་ལ་སོགས་པ་ལ་སྐྱེ་བ་དམིགས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་མེད་པར་མི་འགྲུབ་པའི་ཕྱིར་རོ། །འོ་ན་ན་བུམ་པ་ལ་སོགས་པ་ལ་ཡང་མེ་མེད་པ་མི་འགྲུབ་པོ་ཞེ་ན། མི་འགྲུབ་པ་མ་ཡིན་ཏེ། སྣང་རུང་གི་བདག་ཉིད་དེ་དེར་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་


DTG109_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྩྭ་ལ་སོགས་པ་ཡང་སྐྱེས་བུ་མེད་པ་དེ་ཅིའི་ཅིའི་ཕྱིར་མི་འགྲུབ། དེ་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་ལ། དབང་པོ་ལས་འདས་པ་དོན་རྣམས་ནི་མ་མཐོང་བ་ཙམ་གྱིས་མེད་པར་མི་འགྲུབ་པོ། །དབང་པོ་ལས་འདས་པ་མ་ཡིན་པའི་མེ་ནི་མཐོང་བ་མེད་པའི་ཕྱིར་མེ་ཉིད་དོ། །འོ་ན་བུམ་པ་ལ་སོགས་པ་ལ་ཡང་སྐྱེས་བུ་དབང་པོ་ལས་འདས་པ་མ་ཡིན་པ་ཁོ་ན་བྱ་བ་བྱེད་པར་མཐོང་བ་མ་ཡིན་ནམ། གལ་ཏེ་དེ་ལྟ་བུར་གྱུར་པ་ཁོ་ན་རྩྭ་ལ་སོགས་པ་ལ་སྒྲུབ་ན། དེ་མ་དམིགས་པས་ན་མེད་པ་ཇི་ལྟར་མ་ཡིན་སྣང་དུ་རུང་བ་དང་སྣང་དུ་མི་རུང་བར་རྣམ་པར་རྟོག་པ་བསལ་ཏེ་སྐྱེས་བུ་ཙམ་རྒྱུ་ཉིད་ཀྱི་ཁྱབ་བྱེད་དུ་རྟོགས་ཏེ། དེས་ན་དེ་མ་མཐོང་བ་ལས་མེད་པར་གྲུབ་པ་མ་ཡིན་ནོ་ཞེ་ན། མེ་ལ་ཡང་ཚུལ་འདི་ཉིད་དུ་ཇི་ལྟར་མི་འགྱུར། མ་ཡིན་ཏེ། བཙོ་བ་དང༌། སྲེག་པ་ལ་སོགས་པ་བྱེད་པའི་སྣང་རུང་གི་ཁྱད་པར་ཁོན་མེ་ཡིན་པའི་ཕྱིར་རོ།། སྐྱེས་བུ་ནི་སྣང་རུང་ཉིད་དུ་ངེས་པ་མ་ཡིན་པས་ན། སྔ་མ་དང་མཚུངས་པ་མ་ཡིན་ནོ། །དེའི་ཕྱིར་གང་འབྲས་བུ་ཡིན་པ་དེ་ཐམས་ཅད་ནི་སྐྱེས་བུ་སྔོན་དུ་འགྲོ་བ་ཡིན་པས་ན། ལུས་ལ་སོགས་པ་ཡང་འབྲས་བུ་ཡིན་པ་ཉིད་ཀྱིས་དེ་ལྟ་བུར་གྱུར་པར་འགྲུབ་པོ། །འདི་ནི་དམ་པ་མ་ཡིན་པའི་ལྟ་བའི་ཆང་གིས་མྱོས་པས་རྨོངས་པའི་ཉེས་པར་བསླབས་པ་རྣམས་ཀྱི་བླ་ཅོལ་ཡིན་ཏེ། དེ་ལྟར་རེ་ཞིག་སྐྱེས་བུའི་འབྲས་བུ་རབ་ཏུ་གྲུབ་པ་རྣམས་རིགས་དུ་མ་ཡིན་པའི་ཕྱིར་སྡེ་ཚན་གཅིག་ཏུ་བྱ་བར་མི་ནུས་པས་ན། ཁྱད་པར་དུ་འབྲེལ་པ་འཛིན་པ་མི་འཐད་པའི་ཕྱིར། འབྲས་བུ་ཙམ་ལ་སྐྱེས་བུ་ཁྱད་པར་རྟོགས་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་ལུས་ཅན་སྐྱེས་བུས་ཀྱང་འབྲས་བུ་ཙམ་ལ་ཁྱབ་པར་རྟོགས་པར་འགྱུར་རོ། །དེ་ལྟར་ནི་མ་ཡིན་ཏེ། ལུས་ཉེ་བར་མི་སྦྱོར་བ་དེ་འབྲས་བུ་སྐྱེ་བ་མཐོང་བའི་ཕྱིར་རོ་ཞེ་ན། དེ་ཅི་ད་ནི་འབྲས་བུ་ལ་ལུས་ཀྱིས་མ་ཁྱབ་པ་ཁོ་ན་ཡིན་ནམ། དེ་ལྟའོ་ཞེ་ན། ཁ་ཅིག་ལ་ལུས་ཀྱི་བྱེད་པ་རྗེས་སུ་དཔོག་པ་གང་ཡིན་པ་དེར་མི་འགྱུར་རོ། །འབྲས་བུ་ཙམ་ལ་མ་ཁྱབ་པ་ཡིན་གྱི་འབྲས་བུའི་ཁྱད་པར་ལ་ཁྱབ་པ་ཁོ་ནའོ་ཞེ་ན། གང་གིས་སྡེ་ཚན་གཅིག་ཏུ་བྱས་ནས་ལུས་ཀྱིས་ཁྱབ་པར་འགྱུར་བ་ལུས་


DTG109_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཉེ་བར་སྦྱོར་བ་མེད་པས་བསྐྱེད་པར་བྱ་བའི་འབྲས་བུའི་ཚོགས་དང་ཐུན་མོང་མ་ཡིན་པ་དེ་དག་ལ། ཐུན་མོང་གི་ཆོས་ཅི་ཞིག་ཡོད་དེ། སྡེ་ཚན་གཅིག་ཏུ་བྱས་པ་མེད་པ་ཡང་ཁྱད་པར་དུ་ཁྱབ་པ་མི་འཐད་པའི་ཕྱིར་ཁྱད་པར་མེད་པ་ཁོ་ནར་འགྱུར་ལ། འཁྲུལ་པ་ཡིན་ན་ཡང་མི་འགྱུར་བ་ཁོ་ནའོ། །ཇི་སྟེ་ལུས་ཀྱི་འབྲས་བུ་ཉིད་དུ་གྲུབ་པ་འགའ་ཁོ་ན་ལ། གཅིག་ཏུ་ལུས་ཀྱིས་ཉེ་བར་སྦྱོར་བ་མཐོང་བས་ན་དེ་ཐམས་ཅད་དུ་རྣམ་པར་འཇོག་པ་ནི་མ་ཡིན་གྱི། འོན་ཀྱང་གང་གི་རིགས་ཅན་ལ་ལུས་ཀྱིས་བྱེད་པ་མཐོང་བ་དེའི་རིགས་ཁོ་ན་ལ་ཡིན་ལ། དེས་ན་ཧ་ཅང་ཁྱབ་པ་མ་ཡིན་ནོ་སྙམ་ན། འོ་ན་དེ་ལྟ་ན་གང་གི་རིགས་ཅན་ལ་བློ་དང་ལྡན་པའི་བྱེད་པ་མཐོང་བ་དེའི་རིགས་ཁོ་ན་ལ་དེ་རྣམ་པར་གཞག་པར་བྱའི། ཁྱད་པར་མེད་པར་ནི་མ་ཡིན་ནོ། །འཁྲུལ་པ་ཡོད་པས་ན་ལུས་ཀྱིས་ཁྱབ་པ་ནི་ཁྱད་པར་མེད་པར་མ་ཡིན་གྱི། འདིར་ནི་དེ་ལྟ་མ་ཡིན་ཏེ། འཁྲུལ་པ་མ་མཐོང་བའི་ཕྱིར་རོ་ཞེ་ན། འཁྲུལ་པ་མཐོང་ངོ་ཞེས་བྱ་བ་འདི་ཙམ་གྱིས་ནི་ཁྱབ་པ་མ་ཡིན་གྱི། འོན་ཀྱང་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མའི་དབང་གིས་ཡིན་ལ། འགའ་ཞིག་ཏུ་སྐྱེས་བུ་ནི་གཅིག་ལ་འབྲེལ་པ་གྲུབ་པས་ཐམས་ཅད་དུ་དེ་གྲུབ་པ་ནི་མ་ཡིན་ཏེ། འཇི་བའི་རྣམ་འགྱུར་གྱི་ཁྱད་པར་ཙམ་ལ་བློ་དང་ལྡན་པའི་ཉེ་བར་སྦྱོར་བ་མཐོང་བའི་མཁས་པ་སུ་ཡང་སྣམ་བུ་ལ་སོགས་པ་ལ་དེའི་ཐ་སྙད་བྱེད་པ་མ་ཡིན་ཏེ། གཞན་དུ་ན་རྫ་མཁན་གྱི་ཉེ་བར་སྦྱོར་བ་ཁོ་ན་རྣམ་པར་གཞག་པར་འགྱུར་རོ། །འཁྲུལ་པ་མཐོང་བའི་ཕྱིར་མ་ཡིན་ནོ་ཞེ་ན། འོ་ན་འཇི་བའི་རྣམ་འགྱུར་གྱི་ཁྱད་པར་གཅིག་ལ་རྫ་མཁན་གྱི་ཉེ་བར་སྦྱོར་བ་མཐོང་བས་ཀྱང༌། འཇི་བའི་རྣམ་འགྱུར་གྱི་ཁྱད་པར་གཞན་ལ་ཡང་རྣམ་པར་མི་འཇོག་པར་འགྱུར་རོ། །འཁྲུལ་པ་མཐོང་བའི་ཕྱིར་རོ་ཞེ་ན། འཁྲུལ་པར་མཐོང་བ་དང་རིགས་མཐུན་པ་ལ་འཁྲུལ་བ་མ་དམིགས་ཀྱང་དོགས་པ་མི་ལྡོག་པ་ཁོ་ནའོ། །བུམ་པ་ལ་སོགས་པ་ལ་ཕན་ཚུན་དུ་མི་མཐུན་པས་ན་དེ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་བློ་དང་ལྡན་པ་ཙམ་གྱི་ཉེ་བར་སྦྱོར་བ་ཡང་ཁྱད་པར་མེད་པར་མི་འགྲུབ་པོ། །འབྲས་བུ་ཉིད་དུ་རིགས་གཅིག་པས་ན་འགྲུབ་པོ་ཞེ་ན། དེ་ཁོ་ན་བཞིན་དུ་རྫ་མཁན་གྱི་ཉེ་བར་སྦྱོར་བ་ཡང་གྲུབ་པར་


DTG109_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེའི་ཕྱིར་གང་དང་གང་རིགས་མཐུན་པ་ལ་སྐྱེས་བུའི་བྱེད་པ་སྣང་བ་དེ་དང་དེ་ལ་སྐྱེས་བུས་བྱས་པ་ཉིད་དུ་རྣམ་པར་གཞག་པར་བྱའོ་ཞེས་རིགས་པ་ཡིན་ནོ། །གང་ཞིག་མཐོང་བས་བྱེད་པ་མ་མཐོང་བ་ལ་ཡང་བྱས་པའི་བློར་འགྱུར་བ་དེ་སྐྱེས་བུས་བྱས་ཞེས་བྱ་བ་ཡང་རིགས་མཐུན་པ་ལ་འབྲེལ་པ་འཛིན་པའི་ཚད་མའི་འཇུག་པ་སྟོན་པ་ཡིན་པས་ན་ཕན་ཚུན་བརྟེན་པའི་སྐྱོན་ག་ལ་ཡོད། འདི་ལྟར་འདིར་དོན་ནི་གང་ཞིག་མཐོང་བས་བྱེད་པ་ལ་མ་མཐོང་བའི་རྟོགས་པ་པོ་ལ་ཡང་དུས་གཞན་ན་རྗེས་སུ་དཔག་པའི་བདག་ཉིད་ཀྱིས་བྱས་པའི་བློ་འབྱུང་བ་དེ་ནི་ཁྱབ་པའི་དུས་སུ་དེ་ལྟ་བུས་བྱས་པ་ཡིན་ནོ་ཞེས་རྟོགས་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །གང་མཐོང་བས་བྱས་པའི་བློར་འགྱུར་ཞེ་ན། གང་གི་རིགས་ཅན་ལ་སྐྱེས་བུ་དང་ལྷན་ཅིག་འབྲེལ་པ་གྲུབ་པར་བྱེད་པའི་ཚད་མ་བྱུང་བར་གྱུར་པའོ། །ལུས་ལ་སོགས་པ་ནི་དེ་ལྟ་མ་ཡིན་པས་ན་ཁྱབ་པ་ལས་ཕྱི་རོལ་ཁོ་ནར་གནས་སོ། །འདིས་ནི་ཁ་ཅིག་གིས་ལུས་ལ་སོགས་པ་ལ་བྱས་པའི་བློར་མི་འགྱུར་རོ་ཞེས་སྨྲ་བ་ལ། ཅི་ཁྱབ་པ་གཟུང་བ་ལའམ། འོན་ཏེ་ཁྱབ་པ་མ་གཟུང་བ་ལ་ཡིན་ཞེས་རྒལ་ཞིང་བརྟག་པར་བྱ་སྟེ། གལ་ཏེ་ཕྱོགས་དང་པོ་ཡིན་ན། དེ་ནི་མི་རིགས་ཏེ། ཁྱབ་པར་རྟོགས་པ་ཅན་གྱིས་ཁྱབ་བྱ་མཐོང་བས་ན་ཁྱབ་བྱེད་མི་རྟོགས་པ་ནི་མ་ཡིན་ཏེ། ཐམས་ཅད་དུ་མི་རྟོགས་པར་ཐལ་བའི་ཕྱིར་རོ། །གལ་ཏེ་ཕྱི་མ་ལྟར་ཡིན་ན་ལུས་ལ་སོགས་པ་ལ་ཞེས་བྱ་བ་འདི་ཤིན་ཏུ་ཉུང་བ་སྨྲས་པ་ཡིན་ཏེ། བུམ་པ་ལ་སོགས་པ་ལ་ཡང་ཁྱབ་པ་མ་གཏོགས་པ་ལ་བྱས་པའི་བློར་མི་འགྱུར་བ་ཁོ་ནའོ་ཞེས་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ཏེ། རིགས་མཐུན་པ་ལ་ཚད་མ་མ་ཞུགས་པར་ཁྱབ་པ་འཛིན་པ་མི་འཐད་པའི་ཕྱིར་རོ། །འོ་ན་འདིར་ཡང་རིགས་མཐུན་པ་ལ་ཚད་མ་འཇུག་པ་ཡོད་པ་ཁོ་ན་མ་ཡིན་ནམ། རྩེད་མོའི་རི་ནི་རི་རྣམས་ཀྱི་རིགས་མཐུན་པ་ཡིན་ལ། འདྲ་གཟུགས་ཀྱི་ལུས་ནི་ལུས་ཀྱི་ཡིན་ཞིང༌། བྲུས་པའི་ཆུ་ཀླུང་ནི་ཆུ་ཀླུང་གི །འདིར་སོ་ངལ་བ་སོགས་པའི་རང་བཞིན་གྱི་ཤིང་ནི་ཤིང་རྣམས་ཀྱི་ཡིན་ཞིང༌། དེ་དག་ཀྱང་སྐྱེས་བུའི་བྱེད་པ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་ཚད་མས་རྟོགས་པ་


DTG109_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནའོ། །འདིར་དེ་དག་དེ་ལྟ་བུ་ཡིན་ཡང་ཁྱབ་པ་མི་རྟོགས་ན། འོ་ན་འགར་ཡང་མི་རྟོགས་པར་འགྱུར་རོ་ཞེ་ན། འདི་ནི་མ་བསླབས་པའི་བརྗོད་པ་ཡིན་ཏེ། འདི་ལྟར་གལ་ཏེ་སྐྱེས་བུ་དང་བྲལ་བའི་རི་ལ་སོགས་པ་དེ་ལས་གཞན་པའི་རིགས་མཐུན་པ་ཡིན་ན། དེ་དག་ཁོ་ན་བཞིན་དུ་དེ་དག་ཀྱང་བདག་ཅག་ལ་སོགས་པ་དང་ཁྱད་པར་མེད་པའི་བློ་དང་ལྡན་པའི་སྐྱེས་བུ་སྔོན་དུ་འགྲོ་བར་འགྱུར་རོ། །དེ་ལྟ་ནི་མ་ཡིན་ཏེ། དེ་དག་ནི་བདག་ཅག་ལ་སོགས་པས་བྱས་པར་མི་ནུས་པ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་རིགས་མཐུན་པ་ཡིན་ན་དེ་ཉིད་ག་ལས་ཏེ། གཞན་དུ་ཡང་ཐལ་བའི་ཕྱིར་རོ། །བྱ་བར་མི་ནུས་པ་ཡིན་ན་རིགས་པ་གཅིག་པ་ཉིད་དུ་མི་གྲུབ་བོ། །རྣམ་པ་མཚུངས་པ་ཉིད་ནི་དངོས་པོ་རྣམས་ཀྱི་དེ་ཉིད་ཡིན་པའི་རྒྱུ་མཚན་མ་ཡིན་གྱི། འོན་ཀྱང་རང་བཞིན་གཞན་ཡང་ཡིན་ཏེ། ཁ་ཅིག་རྣམ་པ་ཁྱད་པར་མེད་ཀྱང་ཁྱད་པར་གཞན་ལས་རིགས་ཐ་དད་པར་མཐོང་བའི་ཕྱིར་རོ། །འདི་ལྟར་ཨུཏྤལའི་རྩ་བ་ལས་དང་ལྕི་བ་ལས་ཀྱང་ཨུཏྤལའི་རྩ་བ་དང༌། འཇམ་བུ་དང་ར་ལས་ཀྱང་འདམ་བུ་དང་རྩ་བ་དང་ས་བོན་ལས་ཀྱང་ཆུ་ཤིང་འབྱུང་ན། ལྕི་བ་དང་གཞན་པ་ལ་སོགས་པ་ལས་སྐྱེས་པའི་ཨུཏྤལའི་རྩ་བ་ལ་སོགས་པ་རྣམས་མཚུངས་པ་ཙམ་གྱི་རིགས་མཐུན་པ་མ་ཡིན་ཏེ། རང་བཞིན་ཐ་དད་པར་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་དང༌། རྒྱུ་དང་འབྲས་བུའི་ངོ་བོར་རྣམ་པར་གཞག་པ་འཇིག་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་བྱས་པའི་རི་ལ་སོགས་པ་རྣམ་པ་མཚུངས་པ་ཉིད་ཀྱི་རྒྱུ་མཚུངས་པ་ཡིན་ན་ཨུཏྤལའི་རྩ་བ་ལ་སོགས་པ་ཡང་འགྱུར་རོ། །སྲོག་ཆགས་ཀྱི་ལུས་ལ་སོགས་པ་དང་འདྲ་གཟུགས་ཀྱི་ལུས་ལ་སོགས་པ་རྣམ་པ་མཚུངས་ཀྱང་དེ་ལྟ་བུ་ཡིན་པ་ཉིད་ཀྱི་རྒྱུ་མཚན་ནི་ཡོད་པ་མ་ཡིན་ཏེ། ཤིན་ཏུ་གསལ་བར་ཐ་དད་པར་ཉམས་སུ་མྱོང་བའི་ཕྱིར་རོ། །འདི་ལྟར་བྱིས་པའི་བར་གྱི་འཇིག་རྟེན་འདིས་རྟགས་མེད་ཅིང་ཉེ་བར་བསྟན་པ་མེད་པར་དེ་དག་ཐ་དད་པར་རྟོགས་པ་ཡིན་ནོ། །བྲུས་པའི་ཆུ་ཀླུང་ལ་དུས་ཀྱི་དབང་གིས་བྲུས་པའི་མཚན་མ་ཡལ་བ་ན། ཆུ་ཀླུང་གཞན་ལས་ཐ་དད་པར་མི་རྟོགས་པ་ཁོ་ན་མ་ཡིན་ནམ་ཞེ་ན། དེ་ལས་ཅིར་འགྱུར། དེ་དག་རྒྱུ་མཚུངས་


DTG109_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པ་ཡིན་ནོ་ཞེ་ན། བྲུས་པ་ཡང་རྟོགས་པར་འགྱུར་རོ། །བྲུས་པ་ཁ་ཅིག་ཏུ་མངོན་སུམ་དང་འགལ་བ་ཡིན་ནོ་ཞེ་ན། དེ་ཅི་ད་ནི་འབྲས་བུ་རྒྱུ་ལ་འཁྲུལ་པ་མངོན་སུམ་གྱིས་སྒྲུབ་བམ། དེ་ལྟ་ཡིན་ན་ནི་འབྲས་བུའི་རྟགས་ལས་བྱས་པའི་རྗེས་དཔག་མ་ལུས་པ་རྒྱུན་ཆད་པར་ཐལ་ལོ། །ཡུན་རིང་པོ་ནས་ཡོད་པའི་ཆུ་ཀླུང་དང་མཚོ་རྣམས་ལ་ཡང་རྗེས་སུ་དཔག་པ་བཟློག་ཏུ་མེད་པར་འགྱུར་རོ། །ཁྱབ་པར་མ་གཏོགས་པ་ན་བྲུས་པ་ལ་ཡང་འབྲུ་བ་རྗེས་སུ་དཔག་པ་མི་འཐད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ས་བོན་ལས་བྱུང་བའི་ཆུ་ཤིང་སྡོང་བུ་ལས་བྱུང་བ་ཐ་དད་ཀྱང༌། དེ་ཉེ་བར་མ་མཚོན་པས་ན་ས་བོན་རྗེས་སུ་མི་དཔག་པ་ཁོ་ན་སྟེ། རིགས་པའི་དེ་ཁོ་ན་གཟིགས་པས། རྒྱུ་བརྒྱུད་པ་རིང་བ་རྣམས་ནི་རྗེས་སུ་མི་དཔོག་པ་ཉིད་ཡིན་པས་ན་འཁྲུལ་པ་མེད་དོ་ཞེས་གང་གསུངས་པ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ལ་ནི་རྟོགས་པ་པོ་བྱ་བར་འགྱུར་དགོས་ཏེ། དེ་སྐད་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་དོ་ཞེས་བཤད་དོ། །འདི་སྙམ་དུ་ཁྱིམ་གྱི་ལྡུམ་རའི་ཤིང་དེ་ལས་གཞན་པའི་ཤིང་དང་རིགས་མཚུངས་པ་རྣམས་བྱེད་པ་པོ་ཅན་དུ་ངེས་པ་ཡིན་ལ། དེའི་རྗེས་སུ་འབྲངས་ནས་དེ་དག་ཀྱང་སྐྱེས་བུ་སྔོན་དུ་འགྲོ་བར་གྲུབ་པ་ཡིན་ནོ་སྙམ་ན། དེ་ཡང་ལེགས་པ་མ་ཡིན་ཏེ། དེ་དག་ཀྱང་སྔོན་མཐོང་བ་དང་ཁྱད་པར་མེད་པའི་བྱེད་པ་པོ་སྔོན་དུ་འགྲོ་བར་ཐལ་བའི་ཕྱིར་རོ། །གང་གིས་དེ་བཞིན་དུ་གཞན་ཡང་འགྱུར་བ་ལྡུམ་རའི་ཤིང་ཡང་བྱེད་པ་པོ་ཅན་ནི་མ་ཡིན་ཏེ། རླུང་ལ་སོགས་པ་མཚུངས་པའི་སྐྱེས་བུ་དེར་ཉེ་བར་འཚོག་བྱེད་ཀྱི་རྐྱེན་ཙམ་ཡིན་པའི་ཕྱིར་རོ། །དེས་བསྐྱེད་པར་བྱ་བ་ཡིན་ན་དེའི་འདོད་པའི་རྗེས་སུ་བྱེད་པས་ན་འཇིམ་པ་ལ་སོགས་པའི་དབྱིབས་བཞིན་དུ་ངེས་པ་མི་འཐད་པའི་ཕྱིར་རོ། །གལ་ཏེ་རིགས་མཐུན་པ་ལས་འབྲེལ་བ་སྒྲུབ་པའི་ཚད་མ་འཇུག་པ་རྒྱུ་དང་འབྲས་བུའི་དངོས་པོའི་འབྲེལ་པ་གྲུབ་པའི་ཐབས་ཡིན་ན། འོ་ན་སྔོན་དུ་ལུས་ཅན་གྱི་འབྲས་བུར་མ་མཐོང་བ་ལས་རྗེས་སུ་དཔག་པར་མི་འགྱུར་ཏེ། འབྲེལ་པ་མ་བཟུང་བའི་ཕྱིར་རོ། །འདོད་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །


DTG109_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་རྟོགས་པའི་དུ་བ་ལས་ཀྱང་མེའི་རྟོགས་པ་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་ལུས་ལ་སོགས་པ་དང་རིགས་མི་མཐུན་པ་ལས་འབྲེལ་པ་གྲུབ་པར་བྱེད་པའི་ཚད་མ་འཇུག་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་སྐྱེས་བུ་དང་འབྲེལ་པ་སྒྲུབ་པར་དཀའ་བ་ཡིན་ལ་གཞན་ལ་ནི་ཕན་ཚུན་རིགས་མི་མཐུན་པས་སྡེ་ཚན་གཅིག་ཏུ་བྱ་བ་མེད་པར་ཡང་འབྲེལ་པའི་བློ་མི་འགལ་ཏེ། སོ་སོར་དེ་སྒྲུབ་པར་བྱེད་པའི་ཚད་མ་འཇུག་པའི་ཕྱིར་རོ། །དེས་ནི་གང་གིས་ལུས་ལ་སོགས་པ་ཡང་དེ་ལྟར་རྟོགས་པར་འགྱུར་བ། ཁོ་བོ་ཅག་གིས་ནི་འབྲས་བུ་ཙམ་སྐྱེས་བུ་སྔོན་དུ་འགྲོ་བ་ཅན་དུ་མ་རྟོགས་སོ། །རིགས་གཞན་ལ་སྒྲུབ་པར་བྱེད་པའི་ཚད་མ་ཞུགས་པ་ན་གཞན་ལ་འབྲེལ་པ་མི་རྟོགས་པ་ཡིན་དུ་ཆུག་མོད། ལུས་ལ་སོགས་པ་བུམ་པ་ལ་སོགས་པ་ལས་རིགས་གཞན་ཡིན་པ་ཉིད་ག་ལས་སྤྱོད་པའི་ཤེས་པ་མི་འདྲ་བའི་ཡུལ་ཡིན་པའི་ཕྱིར་ཏེ། བུམ་པ་ལ་སོགས་པ་རྣམ་པ་གཞན་ཁོ་ནར་རྟོགས་ལ། ལུས་ལ་སོགས་པ་ཡང་རྣམ་པ་གཞན་ཁོ་ནར་རོ། །ཕ་རོལ་པོས་ཀྱང་འདི་དག་ཐ་དད་པར་གདོན་མི་ཟ་བར་ཁས་བླངས་དགོས་ཏེ། གང་གི་ཕྱིར་འདི་བྱེད་པ་པོ་མེད་པ་དང༌། བྱེད་པ་པོ་ཅན་དུ་ངེས་པ་དང་བྱེད་པ་པོ་ཅན་དུ་ཐེ་ཚོམ་ཟ་བའི་བྱེ་བྲག་གི་དངོས་པོ་རྣམས་ཕུང་པོ་གསུམ་དུ་སྨྲ་བའི་ཕྱིར་རོ། །བྱེད་པ་ཅན་དུ་ངེས་པའི་མཚན་ཉིད་མ་ཚང་བ་མེད་པ་ནི་བྱེད་པ་ཅན་དུ་ཐེ་ཚོམ་ཟ་བར་འགྱུར་བ་མི་འོས་ཏེ། བྱེད་པ་ཅན་དུ་ངེས་པ་རྣམས་ཀྱང་དེ་ལྟ་བུའི་ངོ་བོར་ཐལ་བའི་ཕྱིར་རོ། །བྱེད་པ་པོ་མཐོང་བས་ན་ལུས་ལ་སོགས་པ་བྱེད་པ་པོ་ཅན་དུ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེ་ན། བུམ་པ་ལ་སོགས་པ་གྲུབ་ཟིན་པ་མཐོང་བ་རྣམས་ལ་ཡང་འགྱུར་རོ། །མ་ཡིན་ཏེ། བྱེད་པ་པོ་ཅན་དུ་མཐོང་བ་དང་རིགས་མཐུན་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ལུས་ལ་སོགས་པ་ལ་ཡང་མི་འགྱུར་རོ། །དེ་དག་དེའི་རིགས་ཅན་མ་ཡིན་ནོ་ཞེ་ན། ཁོ་བོ་ཅག་ཀྱང་དེ་ཉིད་སྨྲ་སྟེ། དེ་ཉིད་ཀྱི་ཕྱིར་ལུས་ལ་སོགས་པ་ཤིན་ཏུ་རིགས་མི་མཐུན་པར་གྲུབ་པའོ། །གལ་ཏེ་བུམ་པ་ལ་སོགས་པ་ཕན་ཚུན་རིགས་མི་མཐུན་མོད་ཀྱི། འོན་ཀྱང་བྱེད་པ་པོ་ཅན་དུ་ངེས་པ་ཉིད་ཀྱིས་སྡེ་ཚན་གཅིག་ཏུ་བྱས་པ་རྣམས་རིགས་མཐུན་པ་ཁོ་ན་ཡིན་ནོ། །


DTG109_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་སོགས་པ་ནི་བྱེད་པ་པོ་ཅན་དུ་ངེས་པའི་འབྲས་བུའི་ཚོགས་ཐམས་ཅད་ལས་ཕྱི་རོལ་དུ་འགྱུར་བ་ཤིན་ཏུ་རིགས་མི་མཐུན་པ་གྲུབ་པ་ཡིན་ནོ། །འདི་ལས་ཀྱང་ཤིན་ཏུ་རིགས་མི་མཐུན་པ་ཡིན་ཏེ། གང་མི་འདྲ་བའི་རྒྱུན་དུ་འདོད་པའོ། །འདི་ལྟར་བུམ་པ་ལ་སོགས་པ་ཕན་ཚུན་ཐ་དད་པ་ལུས་ཀྱི་བྱེད་པའི་སྟོབས་ཀྱིས་སྐྱེ་བ་ཡིན་ལ། ལུས་ལ་སོགས་པ་ནི་ལུས་ཅན་མ་ཡིན་པ་དང་ལྡན་པའི་བྱིན་གྱིས་བརླབས་པ་ཙམ་གྱིས་ཡིན་ནོ། །དེའི་ཕྱིར་དེ་དག་ལས་ཤིན་ཏུ་ཐ་དད་པ་ཅི་སྟེ་མ་ཡིན། གལ་ཏེ་བུམ་པ་ལ་སོགས་པའི་གཟུགས་ལུས་ཀྱིས་བྱེད་པས་བསྒྲུབ་པར་བྱ་བ་ཅི་འདྲ་བ་དེ་འདྲ་བ་ཁོ་ན་ལུས་ལ་སོགས་པའི་ཡང་འགྱུར་ན། དེ་ལྟ་བུ་མ་ཡིན་པ་ན་གཟུགས་དེ་ལུས་ཀྱིས་བསྒྲུབ་པར་བྱ་བ་མ་ཡིན་པས་ན་གཞན་གྱིས་ཡང་མ་ཡིན་ཏེ། རྒྱུ་ཐ་དད་ཀྱང་ངོ་བོ་ཐ་དད་པས་ན་མཐའ་དག་གི་ངོ་བོ་སྣ་ཚོགས་ཉིད་རྒྱུ་མེད་པར་འགྱུར་རོ། །དེའི་ཕྱིར་ལུས་ཀྱི་བྱེད་པས་བསྐྱེད་པར་བྱ་བའི་བུམ་པ་ལ་སོགས་པ་ལས་ལུས་ལ་སོགས་པ་དེས་བསྐྱེད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་ན་ཤིན་ཏུ་རིགས་མི་མཐུན་པ་ཡིན་ནོ། །གཏན་ཚིགས་འདི་དག་ནི་བཅོས་མ་དང་བཅོས་མ་ཡིན་པའི་རི་ལ་སོགས་པ་ཕན་ཚུན་རིགས་མི་མཐུན་པ་ཉིད་ཀྱི་སྒྲུབ་བྱེད་ལ་ཡང་སྦྱར་བར་བྱའོ། །བཅོས་པ་རྣམས་ལས་ལུས་ལ་སོགས་པ་ཐ་དད་པ་སྒྲུབ་པར་བྱེད་པ་ནི་བུམ་པ་ལ་སོགས་པ་ཤིན་ཏུ་རིགས་མི་མཐུན་པ་ཉིད་ཀྱི་སྒྲུབ་བྱེད་དུ་བལྟ་བར་བྱའོ། །གང་དག་ཅི་ཞིག་ལྟར་རྟོགས་པ་གཅིག་གི་ཡུལ་ལས་ཀྱང་ཐ་དད་པ་དེ་དག་དེ་ལྟ་བུར་གྱུར་པ་མ་ཡིན་པ་དག་ལས་ཤིན་ཏུ་ཐ་དད་པ་མ་ཡིན་པར་ཇི་ལྟར་འགྱུར། འདི་སྙམ་དུ་རེ་ཞིག་བུམ་པ་དང་ཤིང་རྟ་ལ་སོགས་པ་སྐྱེས་བུས་བྱས་པའི་འབྲས་བུ་རྣམས་ཀྱང་ཕན་ཚུན་རིགས་མི་མཐུན་པར་མཐོང་སྟེ། དེའི་ཕྱིར་ལུས་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་པ་ལ་འགལ་བ་ཅི་ཡོད་སྙམ་ན། དེ་ཅི་འདི་སྲིད་པ་ཡིན་ནམ། འོན་ཏེ་ངེས་པ་ཡིན། དེ་ལ་གལ་ཏེ་སྲིད་པ་ཡིན་ན། དེའི་ཚེ་ངེས་པ་མེད་པའི་ཕྱིར་ཁྱབ་པ་མེད་པ་ཡིན་ཏེ། ཁྱབ་པ་ནི་དེའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །ཇི་སྟེ་ངེས་པ་ཡིན་ན་དེ་མི་འཐད་དེ། རིགས་གཞན་ལ་མཐོང་བའི་ཆོས་


DTG109_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཞན་ལ་ངེས་པ་ཡན་ལག་མ་ཡིན་ཏེ། རིགས་གཞན་ལ་ནི་རབ་གྲུབ་པ། །སྒྲ་ཡི་ཅི་ནི་མཐོང་བ་ལས། །སྒྲུབ་བྱེད་མི་རིགས་ངག་ལ་སོགས། །གོ་ཉིད་ཕྱིར་ན་རྭ་ཅན་བཞིན། །ཞེས་གང་གསུངས་པ་ཡིན་ནོ། །རེ་ཞིག་འདི་ཡོད་པ་སྲིད་པའི་རྒྱུ་མཚན་ཉིད་བསྒྲུབ་པར་དཀའ་ན། དེ་ངེས་པ་ལྟ་ཅི་སྨོས། འདི་སྙམ་དུ་བུམ་པ་ལ་སོགས་པ་ལ་སྐྱེས་བུ་དང་འབྲེལ་པ་ཁོང་དུ་ཆུད་པ་ཡིན་ལ། དེ་དང་རིགས་མི་མཐུན་པའི་ཕྱིར་ལུས་ལ་སོགས་པ་ལ་མི་རྟོགས་ན། འོ་ན་རྩྭའི་དུ་བ་ལ་མེ་དང་འབྲེལ་པ་རྟོགས་པས། དེ་དང་རིགས་མི་མཐུན་པའི་ཕྱིར། ལོ་མ་ལས་བྱུང་བ་ལ་མི་རྟོགས་པར་འགྱུར་རོ། །སོ་སོར་རྟོགས་པར་བྱེད་དོ་ཞེ་ན། བུད་ཤིང་མཐའ་ཡས་པའི་ཕྱིར་དེའི་བྱེ་བྲག་གིས་དུ་བའི་རིགས་ཀྱང་མཐའ་ཡས་པས་ན། མི་ཚེ་རིང་པོས་ཀྱང་མེ་དང་དུ་བའི་འབྲེལ་པ་རྟོགས་པར་མི་འགྱུར་རོ། །ཇི་སྟེ་དུ་བ་ལ་ཡིན་པ་ལས་ལོག་པའི་བདག་ཉིད་དུ་དུ་བ་ཐམས་ཅད་རིགས་གཅིག་པ་ཡིན་ན། འབྲས་བུ་ཐམས་ཅད་ཀྱང་འབྲས་བུ་མ་ཡིན་པ་ལ་ལོག་པར་ཅི་སྟེ་མི་འདོད། དེའི་ཕྱིར་དུ་བ་ཙམ་ལ་མེས་ཁྱབ་པ་ཡིན་བཞིན་དུ་འབྲས་བུ་ཙམ་ལ་སྐྱེས་བུས་ཁྱབ་པ་གྲུབ་པོ་སྙམ་ན། འདི་ལྟར་ཇི་ལྟ་བུར་བུད་ཤིང་གི་བྱེ་བྲག་གི་རྗེས་སུ་བྱེད་པའི་དུ་བའི་བྱེ་བྲག་རྣམས་མེས་ཁྱབ་པ་རྟོགས་པ་ན་འདོད་པ་དེ་བཞིན་དུ་འཛི་བའི་བྱེ་བྲག་གི་རྗེས་སུ་བྱེད་པའི་བུམ་པ་ཡང་སྐྱེས་བུས་ཁྱབ་པ་རྟོགས་པ་ན་སྤང་བར་བྱ་བ་ཁོ་ན་ཡིན་ལ། བུམ་པ་ཉིད་ནི་དུ་བ་བཞིན་དུ་དོར་བར་མི་རིགས་སོ། །དེ་ལ་གལ་ཏེ་ཁོ་བོ་ཅག་དུ་བ་ཉིད་ཀྱང་སྤངས་ནས་དེ་དང་ལྷན་ཅིག་རྒྱུ་བའི་འབྲས་བུ་ཉིད་མེས་ཁྱབ་པར་རྟོགས་པར་བྱེད་ན། བུམ་པ་ཉིད་ཀྱང་སྤངས་ནས་སྐྱེས་བུས་ཁྱབ་པར་རྟོགས་པ་ཞིག་ན། དེ་ལྟ་མ་ཡིན་པས་མི་མཚུངས་སོ། །གལ་ཏེ་འབྲས་བུ་ཙམ་ལ་མེ་ལ་སོགས་པས་ཁྱབ་པར་མི་རྟོགས་སུ་ཆུག་མོད། སྐྱེས་བུས་ཁྱབ་པར་ཅིའི་ཕྱིར་མི་རྟོགས་པ་ཡིན་ནམ་ཞེ་ན། འབྲེལ་པ་འཛིན་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་ཏེ། ཐ་དད་པ་ལ་ནི་དེ་ལས་བྱུང་བའི་རྒྱུ་ཅན་གྱི་འབྲེལ་པ་ཡོད་པ་ཡིན་ལ། དེ་ཡང་ཚད་མ་འགའ་ཞིག་གིས་རྟོགས་པར་བྱ་བ་ཡིན་ཞིང་དེ་ཡང་གཞི་མེད་པར་མི་འཇུག་པ་ན། འབྲས་བུ་ཙམ་དང་སྐྱེས་བུ་རྒྱུ་དང་འབྲས་


DTG109_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ངོ་བོར་སྒྲུབ་པར་བྱེད་པའི་ཚད་མ་ནི་འགར་ཡང་ཡོད་པ་མ་ཡིན་ནོ། །བུམ་པ་ལ་སོགས་པ་ལ་འཇུག་པའི་ཚད་མ་ནི་འབྲས་བུ་ཙམ་སྐྱེས་བུའི་རྒྱུ་ཅན་ཡིན་ནོ་ཞེས་ཞེན་པར་མི་བྱེད་ཀྱི། འོན་ཀྱང་འདི་འདྲ་བའི་འབྲས་བུ་གང་ཡིན་པ་དེའི་སྐྱེས་བུའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བར་ཡིན་ལ། ཐམས་ཅད་རིགས་གཅིག་པ་ཡང་ཡིན་པས་ན་འགའ་ཞིག་ལ་སྐྱེས་བུ་སྔོན་དུ་འགྲོ་བ་ཉིད་ལ་སྒྲུབ་པར་བྱེད་པས་ནི་ཐམས་ཅད་དུ་གྲུབ་པ་མ་ཡིན་ནོ། །འབྲས་བུ་ཙམ་ཉིད་དུ་རིགས་གཅིག་པ་ནི་རྒྱུའི་ཁྱད་པར་གྱི་ཁྱབ་པར་རྟོགས་པར་དབང་བ་མ་ཡིན་ཏེ། རྒྱུ་ཙམ་གྱིས་ཁྱབ་པ་ཁོ་ན་ལ་དེ་ཉེ་བར་མཁོ་བའི་ཕྱིར་རོ། །གལ་ཏེ་འབྲས་བུ་སྐྱེས་བུ་མེད་པར་ཡང་འབྱུང་ན། དེའི་རྒྱུ་སྐྱེས་བུ་མ་ཡིན་པས་ན་ལན་ཅིག་ཀྱང་དེ་ལས་མི་འབྱུང་བར་འགྱུར་ན། འབྱུང་བ་ཡང་ཡིན་ཏེ། དེས་ན་དེ་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་རྟོགས་པ་མ་ཡིན་ནམ་ཞེ་ན། འོ་ན་དེ་ལ་སོ་སོར་ངེས་པ་དེ་དེ་མེད་པར་ཅི་ལྟར་འབྱུང༌། འབྱུང་ན་ཡང་རྒྱུ་མེད་པར་འགྱུར་ཏེ། དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །ཞེས་བྱ་བ་དང༌། དེ་བཞིན་དུ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའང་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱང་བ་ལྟོས་པ་ལས་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །དེའི་ཕྱིར་འབྲས་བུ་དང་སྐྱེས་བུ་དག་རྒྱུ་དང་འབྲས་བུའི་ངོ་བོར་གྲུབ་ན། འབྲས་བུ་སྐྱེས་བུ་ལ་མི་འཁྲུལ་བ་ན་དུ་བ་དང་མེ་བཞིན་དུ་དེས་ཁྱབ་པ་གྲུབ་པར་འགྱུར་ན། ཚུལ་འདིས་དེ་མི་རིགས་པ་ཡིན་ཏེ། ཐམས་ཅད་ལ་རྒྱུའི་ཁྱད་པར་གྱིས་ཁྱབ་པ་གྲུབ་པར་ཐལ་བའི་ཕྱིར་རོ། །འདི་ལྟར་འདི་སྐད་དུ། མེ་མེད་པར་འབྱུང་བའི་འབྲས་བུ་རྒྱུ་མ་ཡིན་པའི་མེ་ལས་མེ་མི་འབྱུང་ལ། དེ་ལ་འབྱུང་བས་ན་དེས་བསྐྱེད་པར་བྱ་བའི་རང་བཞིན་ཉིད་ཀྱིས་དེ་ལ་ངེས་པའི་ཕྱིར་དེ་མེད་པར་མི་འབྱུང༌། འབྱུང་ན་ཡང་རྒྱུ་མེད་པའི་ཕྱིར་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་ལོ་ཞེས་བརྗོད་པར་ནུས་སོ། །འབྲས་བུ་དང་མེ་འབྲེལ་པ་གྲུབ་ན་འབྲས་བུ་མེ་ལ་མི་འཁྲུལ་འཁྲུལ་བ་ན་དེས་ཁྱབ་པར་གྲུབ་པ་ཡིན་ནོ། །འཁྲུལ་པ་མཐོང་བས་ན་དེ་ལྟ་མ་ཡིན་ནོ་ཞེ་ན། འབྲེལ་པ་གྲུབ་ཀྱང་འཁྲུལ་ན་


DTG109_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ། །ལྡོག་པ་མེད་པས་ན་འབྲེལ་པ་ཡང་གྲུབ་པ་མ་ཡིན་ནོ་ཞེ་ན། འོ་ན་མེ་ལས་དུ་བ་ཞེས་བྱ་བའི་འབྲས་བུར་ཡང་འགྱུར་རོ། །ཇི་སྟེ་དུ་བའི་འབྲས་བུ་ལ་ནི་མེའི་ལྡོག་པའི་རྗེས་སུ་བྱེད་པ་ཁོ་ནའོ་ཞེ་ན། དེའི་ཚེ་དེ་ཉིད་དུ་བ་གཞན་བཞིན་དུ་འབྲས་བུ་གཞན་གྱིས་ཡང་ལྡོག་པ་ཇི་ལྟར་མ་ཡིན། འབྲས་བུ་གཞན་ལ་ལྡོག་པ་མ་གྲུབ་པོ་ཞེ་ན། དེ་ཅི་ད་ནི་འབྲེལ་པ་རྟོགས་པར་འདོད་པས་གསལ་བ་སོ་སོ་ལ་ལྡོག་པ་བཟུང་དགོས་སམ། དེ་ལྟར་ཡིན་ན་དུ་བའི་གསལ་བ་མཐའ་ཡས་པས་ན་གསལ་བ་སོ་སོ་ལ་ལྡོག་པ་རྟོགས་པར་མི་ནུས་པའི་ཕྱིར། དུ་བ་ཙམ་ཡང་མེ་དང་འབྲེལ་པ་མི་འགྲུབ་པར་འགྱུར་ལ། འབྲས་བུ་ཙམ་ཡང་སྐྱེས་བུ་དང་འབྲེལ་པ་སྒྲུབ་པར་དཀའ་བར་འགྱུར་ཏེ། འབྲས་བུའི་ཁྱད་པར་ཐམས་ཅད་སྐྱེས་བུ་ལོག་པར་ལྡོག་པས་རྟོགས་པར་མི་ནུས་ཏེ། རྩྭ་ལ་སོགས་པ་ལ་མི་འཐད་པའི་ཕྱིར་རོ། །སྣང་དུ་མི་རུང་བའི་སྐྱེས་བུ་མེད་པ་ན་དེ་དག་མེད་པར་ནི་མི་རྟོགས་ཏེ། དམིགས་པའི་མཚན་ཉིད་དུ་མི་འགྱུར་བ་དེ་འགར་ཡང་མེད་པར་མི་གྲུབ་པའི་ཕྱིར་རོ། །སྣང་དུ་རུང་བའི་སྐྱེས་བུ་མེད་ན་ཡང་མེད་པ་ཡིན་ཏེ། ཡོད་པ་ཁོ་ན་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དུ་བའི་འབྲས་བུ་གཅིག་ལ་མི་ལྡོག་པའི་རྗེས་སུ་བྱེད་པར་གྲུབ་པའི་རྗེས་སུ་བྱེད་པར་གྲུབ་པ་གང་ཡིན་པ་དེ་ཉིད་འབྲས་བུ་ཐམས་ཅད་ལ་མ་ཡིན་པས་ན་ལྡོག་པ་མེད་པས་འབྲས་བུ་ཙམ་མེ་དང་འབྲེལ་པ་གྲུབ་པ་ཇི་ལྟར་དགག །མངོན་སུམ་དང་འགལ་བའི་ཕྱིར་རོ་ཞེ་ན། འབྲེལ་པ་འཛིན་པའི་མངོན་སུམ་ཚད་མ་ཡིན་ན་མངོན་སུམ་གཞན་དང་ཇི་ལྟར་འགལ་ཏེ། དེ་སྐད་དུ། ཚད་མ་ཡིས་ནི་ཚད་མ་ལ། །གནོད་པ་མ་ཡིན་ཕན་འདོགས་མིན། །གནོད་ན་ཚད་མ་མ་ཡིན་ཞིང༌། །ཕན་འདོགས་པ་ནི་དོན་མེད་ཉིད། །ཅེས་སོ། །ཚད་མ་མ་ཡིན་ན་ཡང་དེ་ལས་དུ་བ་ཞེས་བྱ་བའི་འབྲས་བུ་ཡང་མེ་དང་འབྲེལ་པ་མི་འགྲུབ་བོ། །འབྲས་བུ་ཙམ་མེ་དང་འབྲེལ་པ་གྲུབ་པ་ནི་མ་ཡིན་གྱི་འབྲས་བུའི་ཁྱད་པར་ཡིན་ནོ་ཞེ་ན། འདོད་པ་སྒྲུབ་སྟེ། གལ་ཏེ་འདི་ཉིད་དང་པོར་བརྗོད་ན། ལྷ་རྣམས་དགའ་བ་ཉོན་མོངས་པར་མི་འགྱུར་བ་ཡིན་ན། དེ་ལྟ་ན་ཡང་གང་དུ་ཡང་ཁྱད་པར་མེད་པར་སྐྱེས་བུ་དང་འབྲེལ་པ་


DTG109_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱེད་པ་དཔྱོད་པ་དང་ལྡན་པ་ཁྱོད་ཀྱིས་གནས་མ་ཡིན་པ་ཤིན་ཏུ་འཁྲུལ་པ་འདི་ཅི་ཡིན། ཇི་ལྟར་འབྲས་བུ་ཙམ་མེ་སྔོན་དུ་འགྲོ་བ་མ་ཡིན་པ་དེ་ཁོ་ན་བཞིན་དུ་སྐྱེས་བུ་སྔོན་དུ་འགྲོ་བ་ལ་ཡང་ཡིན་ནོ། །འབྲས་བུ་ཁྱད་པར་ཅན་ཁོ་ན་སྐྱེས་བུ་འགྲོ་བ་ཅན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་ངེས་པར་བཟུང་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་གྲུབ་ཟིན་པའི་ཁང་པ་ལ་སོགས་པ་མཐོང་བ་ལས་ཡིན་པ་བཞིན་དུ། མཐོང་བས་འདུ་བྱེད་བཞག་པའི་འཇིག་རྟེན་ལ། ལུས་དང་ཤིང་དང་རི་དང་རྒྱ་མཚོ་ལ་སོགས་པ་མཐོང་བ་ལས་སྐྱེས་བུས་བྱས་པའི་བློ་སྐྱེ་བར་ཐལ་བ་བཟློག་པར་དཀའོ། །རྨོངས་པས་ན་དེ་ལྟ་མ་ཡིན་ནོ་ཞེ་ན། རྨོངས་པ་ཅིས་བྱས་ཡིན། བྱེད་པ་མ་དམིགས་པའི་རྒྱུ་མཚན་ཅན་ཡིན་ནོ་ཞེ་ན། བྱེད་པ་མཐོང་བ་ཐམས་ཅད་ལ་འགྱུར་བས་ན། འདི་ནི་གྱི་ནའོ། །གང་ཡང་གལ་ཏེ་འབྲས་བུ་སྐྱེས་བུ་མེད་པར་འབྱུང་ན་རྒྱུ་མ་ཡིན་པའི་སྐྱེས་བུ་ལས་ལན་ཅིག་ཀྱང་མི་འབྱུང་བར་འགྱུར་རོ་ཞེས་བརྗོད་པ་དེ་ཡང་སྙིང་པོ་མེད་པ་ཡིན་ཏེ། གལ་ཏེ་འབྲས་བུ་ཇི་འདྲ་བ་ཞིག་སྐྱེས་བུ་ལས་སྐྱེས་པ་མཐོང་བ་དེ་ཁོ་ན་ལྟ་བུ་ཞིག་དེ་མེད་པར་འབྱུང་ན། འདིར་འགྱུར་བ་ཞིག་ན། དེ་ནི་ཡོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་ལས་གཞན་ལས་འབྲས་བུ་འབྱུང་བར་མཐོང་བ་ན་མེ་ལ་སོགས་པ་ལས་ཀྱང་འདི་མི་འགྱུར་རོ། །སྐྱེས་བུའི་འགའ་ཞིག་ཇི་ལྟ་བུར་མཐོང་བ་འབྲས་བུ་ཐམས་ཅད་འབྲས་བུ་ཉིད་ཀྱིས་དེ་ལྟ་བུ་ཡིན་པས། སྐྱེས་བུས་བྱས་པ་ཉིད་ཁྱད་པར་དུ་རྣམ་པར་གཞག་པར་མི་འོས་སོ་ཞེ་ན། འོ་ན་མི་ལ་སོགས་པས་བྱས་པ་ཡང་ཁྱད་པར་དུ་རྣམ་པར་གཞག་པར་མི་བྱའོ། །འཁྲུལ་པས་རྣམ་པར་མི་འཇོག་ན་གཞན་ལ་ཡང་འཁྲུལ་པ་མེད་དོ་ཞེས་བྱ་བ་གང་ལས། རྒྱུ་དང་འབྲས་བུའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་རྒྱུ་མཚན་མ་ཡིན་པ་ཉིད་མ་ཡིན་ནམ་སྟེ། དེ་ཡོད་ཀྱང་མེ་ལ་སོགས་པ་ལ་འཁྲུལ་པ་མཐོང་བའི་ཕྱིར་རོ། །ལྡོག་པ་མེད་པས་ན་དེ་དག་རྒྱུ་དང་འབྲས་བུའི་ངོ་བོ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་ཟིན་ཏོ། །གཞན་ཡང་གལ་ཏེ་མེ་ལ་སོགས་པ་མེད་པར་ཡང་འབྲས་བུ་མཐོང་བས་ན་འབྲས་བུ་ཙམ་མེས་བྱས་པར་མི་འདོད་ན། འགའ་ཞིག་སྐྱེས་བུ་མེད་པར་ཡང་འབྱུང་བ་མཐོང་


DTG109_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན། དེས་བྱས་པར་ཡང་ཅི་ཕྱིར་འདོད། འགའ་ཡང་སྐྱེས་བུ་མེད་པར་མི་འགྲུབ་པོ་ཞེ་ན། མ་མཐོང་བ་ཡིན་བཞིན་དུ་ཇི་ལྟར་མི་འགྲུབ། མ་མཐོང་བ་ཙམ་ཚད་མ་མ་ཡིན་ནོ་ཞེ་ན། འོ་ན་དེ་ལས་བསྒྲུབ་པར་བྱ་བ་མེད་ལ་ཐམས་ཅད་དུ་ལྡོག་པ་ཡང་མི་འགྲུབ་པོ། །དེ་ལས་མེ་ལ་སོགས་པ་མེད་པ་ཡང་ཇི་ལྟར་ཡིན་ཞེས་བརྗོད་དགོས་སོ། །སྣང་རུང་མ་མཐོང་བ་དེ་ལ་ཚད་མ་ཁོ་ནའོ་ཞེ་ན། སྐྱེས་བུ་ཡང་སྣང་རུང་ཡིན་པའི་ཕྱིར་དེ་མེད་པ་ན་ཅིའི་ཕྱིར་མི་འདོད། སྣང་རུང་གི་སྐྱེས་བུ་མེད་པ་ལ་འགྱུར་གྱི། སྐྱེས་བུ་ཙམ་མེད་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བར་ཡང་འགྱུར་རོ། །མེ་ནི་སྣང་རུང་ཁོ་ན་ཡིན་ནོ་ཞེ་ན། སྐྱེས་བུ་སྣང་དུ་རུང་བ་ཅིའི་ཕྱིར་མ་ཡིན། འདི་སྣང་དུ་མི་རུང་བ་ཡོད་དོ་ཞེ་ན། རེ་ཞིག་འབྲས་བུ་དང་འབྲེལ་པར་རྟོགས་པ་གང་ཡིན་པ་དེ་ནི་སྣང་དུ་རུང་བ་ཡིན་ནོ། །དེ་ལས་གཞན་པ་འབྲས་བུ་ལ་ཉེ་བར་སྦྱོར་བ་མ་གཏོགས་པ་གང་ཡིན་པ་དེ་ནི་ཡོད་དམ་མེད་ཀྱང་རུང་སྟེ། དེ་ཅི་བྱ། སྣང་དུ་རུང་བ་དང་སྣང་དུ་མི་རུང་བའི་རྣམ་པར་རྟོག་པ་ལ་མི་ལྟོས་པར་སྐྱེས་བུ་ཙམ་ཁོ་ན་རྒྱུ་ཉིད་ཀྱིས་ཁྱབ་བྱེད་དུ་རྟོགས་སོ་ཞེ་ན། མེ་ཙམ་ཡང་རྟོགས་པར་འགྱུར་རོ། །མེ་སྣང་དུ་མི་རུང་བ་མེད་དོ་ཞེ་ན། སྐྱེས་བུ་ཡང་སྣང་དུ་མི་རུང་བ་མེད་དོ་ཞེས་སྨྲ་བ་གང་གི་ཡང་ཁ་ཡོན་པོར་མི་འགྱུར་རོ། །དཔྱོད་པར་བྱེད་པ་ལ་གྲུབ་མཐའ་དང་འགལ་བ་སྐྱོན་མ་ཡིན་ཏེ། ཐོག་ཏུ་ཕེབས་པ་ནི་རིགས་ལས་འོང་བ་ཉིད་ཀྱིས་དོར་བར་མི་རིགས་པའི་ཕྱིར། མེ་སྣང་དུ་མི་རུང་བ་ཡོད་དུ་ཆུག་མོད། འབྲས་བུ་དང་འབྲེལ་པ་གྲུབ་པ་དེ་ནི་སྣང་རུང་ཁོ་ན་ཡིན་པས་འགའ་ཞིག་ཏུ་མཐོང་བ་ལས་དེ་མེད་པར་རྟོགས་སོ་ཞེ་ན། སྐྱེས་བུ་ལ་ཡང་ཚུར་དེ་ཁོ་ནའོ། །འབྲས་བུ་རྒྱུ་ལས་མི་འཁྲུལ་པས་ན་རྗེས་སུ་དཔག་པས་གྲུབ་པའི་སྐྱེས་བུ་མ་མཐོང་བས་མེད་པར་མི་འགྲུབ་པོ་ཞེ་ན། མེ་ལ་ཡང་ཚུལ་འདི་ཁོ་ནའོ། །ཇི་སྟེ་མེ་སྣང་དུ་མི་རུང་བ་མེད་ཅིང་སྐྱེས་བུ་ཁོ་ན་དེ་ལྟ་བུར་འགྱུར་བ་ཡིན་དུ་ཆུག་མོད། འོན་ཀྱང་སྐྱེས་བུ་ཙམ་གྱིས་ཁྱབ་པ་སྒྲུབ་པར་མི་ནུས་ཏེ། གང་གི་ཕྱིར་ཡོད་པ་ཡིན་ཞེས་པ་ཙམ་གྱིས་ནི་ཁྱབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་འབྲས་བུ་དང་འབྲེལ་པ་གྲུབ་པ་ཁོ་ན་ཡིན་ན། སྐྱེས་བུ་ཙམ་ནི་འབྲས་བུ་དང་འབྲེལ་པར་མི་རྟོགས་ཏེ། དེ་ནི་སྣང་རུང་ཁོ་ན་ལ་རྟོགས་པའི་ཕྱིར་རོ། །སྣང་རུང་


DTG109_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱད་པར་མ་ལུས་པ་སྤངས་ནས། སྤྱི་དང་འབྲེལ་པ་རྟོགས་པར་འགྱུར་བ་ཡང་རིགས་པ་མ་ཡིན་ཏེ། སྣང་རུང་ཉིད་ལས་མ་འདས་པའི་ཁྱད་པར་གྱི་ཚོགས་ཀྱི་སྤྱོད་ཡུལ་ཉིད་དེའི་འབྲེལ་པ་ཅན་ཉིད་དུ་རྟོགས་པའི་ཕྱིར་རོ། །དུ་བ་ལས་མེ་ཁྱད་པར་མེད་པས་ཁྱད་པར་རྟོགས་པ་ནི་མ་ཡིན་ཏེ། ཐོག་དང་གློག་ལས་བྱུང་བ་མེ་ཡིན་ཡང་ཁྱབ་པ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །གལ་ཏེ་སྣང་དུ་རུང་བ་སྤངས་ནས་སྐྱེས་བུ་ཙམ་ཁྱབ་བྱེད་དུ་རྟོགས་ན། སྐྱེས་བུ་སྤངས་ནས་རྒྱུ་ཙམ་ཅིའི་ཕྱིར་མི་རྟོགས། འོན་ཏེ་དེ་ལྟར་མི་བྱེད་ན་དེའི་ཚེ་འབྲས་བུ་དང་འབྲེལ་པ་གྲུབ་པ་བློ་དང་ལྡན་པ་དེ་ལྟ་བུ་ཁོ་ན་ཁྱབ་བྱེད་དུ་རྟོགས་དགོས་ལ། དེ་ལ་ཡང་འཁྲུལ་པ་བཟློག་པར་དཀའ་སྟེ། དེ་མེད་ཀྱང་རྩྭ་ལ་སོགས་པ་སྐྱེ་བ་མཐོང་བའི་ཕྱིར་རོ། །འཁྲུལ་པ་དམིགས་པ་མེད་ཀྱང་མི་འཁྲུལ་པར་མི་འགྲུབ་སྟེ། འབྲས་བུའི་སྤྱི་རྒྱུའི་ཁྱད་པར་ལ་ངེས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་གལ་ཏེ་འབྲས་བུ་ཙམ་རྒྱུའི་ཁྱད་པར་ལ་ངེས་པ་ཡིན་ན་མེ་ལ་སོགས་པ་མེད་པར་མི་འབྱུང་བར་འགྱུར་ལ། འགྱུར་བས་ན་བདག་ཉིད་རྒྱུའི་ཁྱད་པར་ལ་མ་ངེས་པར་གསལ་བར་བྱེད་ལ། དེ་ལྟ་ན་ཡང་འཁྲུལ་པ་མ་མཐོང་ན་ཡང་སྐྱེས་བུ་ཞེས་བྱ་བ་རྒྱུའི་ཁྱད་པར་ལ་མ་ངེས་པར་གྲུབ་པོ། །རྒྱུའི་ཁྱད་པར་མཐའ་དག་ལ་འཁྲུལ་པའི་འབྲས་བུ་རྒྱུ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྒྱུ་ཙམ་ལ་མི་འཁྲུལ་པའི་ཕྱིར་རོ། །རྒྱུ་ཙམ་ཁོ་ན་འབྲས་བུ་ཙམ་པོའི་སྐྱེད་བྱེད་དུ་རྟོགས་ཀྱི་ཁྱད་པར་ནི་མ་ཡིན་ནོ། །འབྲས་བུ་རྣམ་པར་གཞག་པ་ནི་རྒྱུ་ཙམ་པོ་ལ་ལྟོས་པའི་ཕྱིར་རོ། །གང་གི་ཚེ་རྟོགས་པ་པོ་ཁྱད་པར་དང་ཡང་འབྲེལ་པ་རྟོགས་པར་འདོད་པ་དེའི་ཚེ་འབྲས་བུའི་ཡང་ཁྱད་པར་གྱི་རྗེས་སུ་འབྲང་བ་ཁོ་ན་སྟེ། དུ་བ་མེ་དང་འབྲེལ་པ་གྲུབ་པ་ན་མེའི་ཁྱད་པར་དང་འབྲེལ་པ་རྟོགས་པར་འདོད་པ་བཞིན་ཏེ། གཏན་ཚིགས་ཀྱི་ཁྱད་པར་མ་བཟུང་ན། བསྒྲུབ་པའི་ཁྱད་པར་དང་འབྲེལ་པ་འཛིན་པ་མི་འཐད་པའི་ཕྱིར་རོ། །འབྲས་བུ་ཙམ་ན་སེམས་པ་དང་བཅས་པ་དང་སེམས་པ་མེད་པའི་ཚོགས་པ་ཐུན་མོང་པ་ཡིན་པས་ན་སེམས་པ་དང་བཅས་པ་ཞེས་བྱ་བའི་ཁྱད་པར་ལ་ཤིན་ཏུ་གསལ་བར་འཁྲུལ་པ་སྲིད་པའི་ཕྱིར་ཏེ། དེ་སྐད་དུ། དེ་ལ་


DTG109_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མ་བསྟན་པར། །འབྲས་བུའི་སྤྱི་ནི་མཐོང་བ་ལས། །གཏན་ཚིགས་གང་དག་སྤྲོས་བྱེད་པ། །དེ་དག་ཐམས་ཅད་འཁྲུལ་པ་ཡིན། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་འབྲས་བུ་ཉིད་དུ་མཚུངས་ཀྱང་འབྲས་བུ་འགའ་ཞིག་མཐོང་བ་ལས་ལུས་ཀྱི་བྱེད་པ་རྗེས་སུ་དཔག་པ་ཡིན་ཏེ། འབྲས་བུ་ཙམ་སྐྱེས་བུ་ཙམ་དང་འབྲེལ་པ་རྟོགས་པ་ན་བྱེད་པ་མ་མཐོང་བའི་ལྷ་ཁང་ལ་སོགས་པ་མཐོང་བ་ལས་ལག་པ་ལ་སོགས་པའི་བྱེད་པ་བཞིན་དུ་སྐྱེས་བུ་རྗེས་སུ་དཔོག་པ་གང་ཡིན་པ་དེར་མི་འགྱུར་རོ། །དེའི་ཕྱིར་ཇི་ལྟར་འབྲས་བུ་རྣམས་འབྲས་བུ་ཉིད་ཀྱི་དེ་དང་འདྲ་བ་ཡིན་ཡང་ལུས་ཀྱི་བྱེད་པས་ཁྱབ་པ་རྣམ་པར་ཕྱེ་བ་ཅན་ཡིན་པ་དེ་བཞིན་དུ་སྐྱེས་བུ་ཙམ་དང་ཡིན་པ་ལ་འགལ་བ་མེད་དོ། །འཇིག་རྟེན་ཡང་རྣམ་པར་ཕྱེ་ནས་ཁྱབ་པ་རྟོགས་པར་བྱེད་དེ། རྣམ་པར་མ་ཕྱེ་བར་རྟོགས་ན་ལུས་ལ་སོགས་པ་ལ་ཡང་ལུས་ཀྱི་བྱེད་པ་རྗེས་སུ་དཔོག་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་ཉིད་ཙམ་བཞིན་དུ་འབྲས་བུ་ཙམ་དུ་རིགས་གཅིག་པ་ཉིད་ནི་འདིར་ཁྱབ་པ་རྟོགས་པ་ལ་ཉེ་བར་མཁོ་བ་མ་ཡིན་ནོ། །འོ་ན་དེ་ལས་མི་རྟག་པ་ཉིད་རྗེས་སུ་དཔག་པར་ཡང་མི་འགྱུར་བ་ཞིག་ན། འདོད་པ་ཡིན་ཏེ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་བཤད་པའི་ཕྱིར་རོ། །འདི་ལྟར་བུམ་པ་ལ་སོགས་པ་ལ་འབྲས་བུ་ཉིད་ལ་མི་རྟག་པས་ཁྱབ་པར་མཐོང་བས་ན་ས་ལ་སོགས་པ་ལ་ཡང་དེ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་རིགས་གཅིག་པ་ཉིད་སྐྱེས་བུ་རྟོགས་པ་ལ་ཉེ་བར་མི་མཁོ་ན་ངེས་པར་འདི་མི་རྟག་པ་ཉིད་ཤེས་པ་ལ་ཉེ་བར་མི་མཁོ་སྟེ། འགར་ནི་ཉེ་བར་ནི་ཉེ་བར་མཁོའོ། །འགར་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ཅིས་བྱས་པ་ཡིན། འདིར་བརྗོད་པ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་འབྲས་བུ་ཉིད་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ལ། དེ་ལ་དེས་ཁྱབ་པ་ཡང་འགར་ཡང་ལྷན་ཅིག་མཐོང་བ་ཙམ་ལ་རག་ལས་པ་མ་ཡིན་ནོ། །གསལ་བ་མཐའ་དག་ལ་ཁྱབ་པ་མ་ཡིན་པ་ས་ལས་བྱུང་བ་དང་ལྕགས་ཀྱིས་གཞོག་པར་བྱ་བ་ལ་སོགས་པའི་ཆོས་རྣམས་དེའི་རིགས་ཅན་ལས་འཇུག་པ་མཐོང་བའི་ཕྱིར་རོ། །འོན་ཀྱང་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མའི་རྒྱུ་ཅན་གྱི་དེའི་བདག་ཉིད་དུ་གྲུབ་པའི་གཞན་དབང་ཅན་ཡིན་


DTG109_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཡང་ནང་གི་ཁྱད་པར་ལ་ལྟོས་པ་མེད་པ་ཐམས་ཅད་བསྡུས་པའི་ཆེ་བ་མ་ཚང་བ་མེད་པར་བུམ་པ་ལ་སོགས་པ་ལ་འཇུག་པས་ན་འགལ་བ་མེད་དོ། །སྐྱེས་བུ་བསྒྲུབ་པར་བྱ་བ་ལ་ནི་འགལ་བའི་གཏན་ཚིགས་ཡིན་ཞིང་རྒྱུ་དང་འབྲས་བུའི་ངོ་བོ་ཡང་མི་དམིགས་པའི་སྒྲུབ་བྱེད་ཅན་ཡིན་ལ། དེ་དག་ཀྱང་ཁྱད་པར་མེད་པར་མི་འཇུག་པས་ན་མི་མཚུངས་སོ། །དེའི་ཕྱིར་འབྲས་བུ་ཞེས་བྱ་བ་འདི་ནི་ཁྱབ་པ་མེད་པས་ན་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཁོ་ནའོ། །འོ་ན་འཁྲུལ་པ་དང་ལྡན་ན་མ་ངེས་པ་ཞེས་བྱ་བ་མ་ཡིན་ནམ། འདི་ནི་དེ་ལྟ་བུ་མ་ཡིན་པས་ན་ཇི་ལྟར་མ་ངེས་པར་འགྱུར་ཞེ་ན། འདི་ཅི་ལ་འཁྲུལ་པ་མེད་པར་ངེས་པ་ཡིན་ནམ། འོན་ཏེ་སྲིད་པ་ཡིན། ཕྱོགས་དང་པོ་ལ་གལ་ཏེ་ངེས་པ་མེད་མོད། རེ་ཞིག་དོགས་པ་བཟློག་པ་མེད་ན། དེ་ཇི་ལྟར་འཁྲུལ་པ་མེད་པ་ཡིན། གལ་ཏེ་འཁྲུལ་པ་མི་དམིགས་པ་ཙམ་གྱིས་གཏན་ཚིགས་གོ་བར་བྱེད་པ་ཡིན་ན། གང་གི་འཁྲུལ་པ་ཁྱད་དུ་བསད་ནས་དེ་མི་དམིགས་པ་གོ་བར་བྱེད་པར་འདོད་པ། དེ་ཅི་འཁྲུལ་པ་དམིགས་པ་ལ། འཇིགས་པའི་འཁྲུལ་པ་ལ་མ་ཡིན་ནམ། དེའི་ཚེ་དེ་དོན་དམ་པར་འཁྲུལ་པ་ཡོད་པ་དང་མེད་པ་ལ་ལྟོས་པ་མེད་པར་བསྒྲུབ་བྱའི་གོ་བར་བྱེད་པ་ཡིན་ནོ། །གང་གིས་འཁྲུལ་པར་ཐེ་ཚོམ་ཟ་བར་གོ་བར་བྱེད་པར་འདོད་ན། ཅི་དེ་འགའ་ཞིག་ཏུ་འཁྲུལ་པ་ཡོད་ཀྱང་གོ་བར་བྱེད་པ་ཡིན་ནམ། དེ་ལྟ་ན་འཁྲུལ་པ་མེད་པ་གཏན་ཚིགས་ཀྱི་མཚན་ཉིད་མ་ཡིན་ཏེ། འཁྲུལ་པ་ཡོད་ཀྱང་ནུས་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཇི་ལྟར་འཁྲུལ་པ་ཡོད་པར་དོགས་ཀྱང་ཐེ་ཚོམ་ཟ་བ་ཁས་བླངས་ནས་གོ་བར་བྱེད་པར་འདོད་དེ། ཐེ་ཚོམ་ཟ་བ་ཁས་བླངས་པ་ན་འཇུག་པ་མི་རིགས་པའི་ཕྱིར་རོ། །དེ་བཞིན་དུ་འཁྲུལ་པ་དམིགས་པ་ན་གོ་བར་བྱེད་པ་མ་ཡིན་པར་འདོད་པར་གྱིས་ཤིག །འཁྲུལ་ན་ནུས་པ་མེད་པ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་འཁྲུལ་པ་དང་བྲལ་བར་གཏན་ལམ་ཕབ་ན་བསྒྲུབ་པར་བྱ་བ་གོ་བར་བྱེད་པར་མི་འོས་སོ། །གཞན་ཡང་གལ་ཏེ་གཏན་ཚིགས་ལྡོག་པ་ལ་ཐེ་ཚོམ་ཟ་ཡང་གོ་བར་བྱེད་པ་ཡིན་ན། ཕྱོགས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ་ཡང་ཅིའི་ཕྱིར་མ་ཡིན། དེ་ལྟ་ན་ཡང་ལྡོག་པ་ལ་ཐེ་ཚོམ་ཟ་བ་བཞིན་དུ་ཆོས་ཅན་དང་འབྲེལ་བར་ཐེ་


DTG109_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་ཟ་བ་ཡང་གོ་བར་བྱེད་པ་ལ་ཁོ་ནར་འགྱུར་རོ། །ཇི་སྟེ་ཆོས་ཅན་དང་འབྲེལ་པར་ངེས་པ་རྟགས་ཀྱི་ཤེས་བྱེད་ཀྱི་ཡན་ལག་ཏུ་འདོད་ན། ལྡོག་པ་ཡང་ཅིའི་ཕྱིར་མི་འདོད། ཕྱོགས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ་ནི་སྐྱོན་ཡིན་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་སྐྱོན་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གསལ་བར་རྒྱལ་པོའི་བཀའ་ཡིན་ནོ། །གལ་ཏེ་ཕྱོགས་གཉིས་པ་ལ་བརྟེན་ན། དེ་ཡང་མི་རིགས་ཏེ། ཇི་སྲིད་དུ་བསྒྲུབ་བྱ་ལ་འབྲེལ་པ་མ་གྲུབ་པ་དེ་སྲིད་དུ་ལྡོག་པ་ལ་གཏན་ཚིགས་འཇུག་པར་དོགས་པ་ཁོ་ནར་འགྱུར་ལ། འདི་ལ་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མ་ཡང་མེད་པས་ན་མི་མཐུན་ཕྱོགས་ལ་འཇུག་པའི་དོགས་པ་བཟློག་པའི་རྒྱུ་མེད་དོ། །མ་མཐོང་བ་ཁོ་ནར་དེ་བཟློག་པར་ལྷུར་བྱེད་དོ་ཞེ་ན། མ་ཡིན་ཏེ། རང་གི་མ་མཐོང་བ་ན་འཁྲུལ་པའི་ཕྱིར་དང༌། ཐམས་ཅད་ཀྱི་མ་མཐོང་བ་ནི་ཐེ་ཚོམ་ཟ་བའི་ཕྱིར། གཞན་ཡང་དེ་སྐད་དུ་སྨྲ་བའི་ལྷ་རྣམས་དགའ་བ་ལ་རྗེས་སུ་དཔག་པ་ཐམས་ཅད་རྒྱུན་ཆད་པར་ཐལ་ཏེ། ཇི་ལྟར་མ་མཐོང་བ་འཁྲུལ་པ་མེད་པར་སྒྲུབ་པ་དེ་བཞིན་དུ་བསྒྲུབ་པར་བྱ་བ་ཡང་སྒྲུབ་པར་འགྱུར་རོ། །དེ་ལ་དེ་ཚད་མ་མ་ཡིན་ནོ་ཞེ་ན། གཞན་དུ་ཚད་མ་མ་ཡིན་པ་དེར་ཚད་མ་ཡིན་པ་ག་ལས། མངོན་སུམ་གྱིས་གནོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འཇུག་པའི་སྔོན་དུ་མེད་པའི་ཕྱིར་དང༌། ཕྱིས་འབྱུང་བར་དོགས་པ་ཡང་ས་བོན་མེད་པར་མི་འཐད་པའི་ཕྱིར་རོ། །ཞུགས་པ་ལ་རེས་འགའ་དམིགས་པ་ས་བོན་ཡིན་ནོ་ཞེ་ན། འོ་ན་དེ་ལ་ཇི་ལྟར་དེ་ལ་སྔར་མ་ཞུགས་ཀྱང་མངོན་སུམ་གྱིས་གནོད་པ་འབྱུང་བར་མཐོང་བ་དེ་བཞིན་དུ་གཞན་དུ་ཡང་ད་ལྟམ་ཞུགས་པའི་ཕྱིར་ཅིའི་ཕྱིར་མི་དོགས། དེ་ལྟ་ན་ཡང་མངོན་སུམ་གྱིས་གནོད་པར་དོགས་པའི་མ་མཐོང་བས་གཏན་ཚིགས་ཀྱི་ལྡོག་པ་ཇི་ལྟར་ངེས་པར་བྱེད། དེས་ན་ཡང་བསྒྲུབ་བྱ་ལྡོག་པ་ཡང་ངེས་པར་འགྱུར་རོ་ཞེས་བྱ་བ་ངེས་པ་ཡིན་ནོ། །གཞན་ཡང་མེ་ལ་སོགས་པའི་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་མ་མཐོང་བ་མངོན་སུམ་གྱིས་གནོད་པས་ན་ཚད་མ་ལ་ཡིན་དུ་ཆུག་མོད། མིག་ལ་སོགས་པ་རྟག་ཏུ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ལ་ནི་མངོན་སུམ་གྱིས་གནོད་པ་མི་སྲིད་པས་ན་ཚད་མ་ཁོ་ན་ཡིན་པས་ན་དེ་མེད་པར་ཐལ་བ་བཟློག་པར་དཀའ་བར་འགྱུར་རོ། །དེ་


DTG109_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྗེས་སུ་དཔག་པས་གནོད་པས་ན་ཚད་མ་མ་ཡིན་ནོ་ཞེ་ན། འོ་ན་མ་མཐོང་བ་ལྡོག་པ་གྲུབ་པའི་རྟགས་ལ་རག་ལས་ནས་སྐྱེས་པའི་རྗེས་སུ་དཔག་པས་འདི་ཚད་མ་མ་ཡིན་པར་སྟོན་ན་བདག་ཉིད་ཀྱང་སྟོན་པ་ཡིན་ཏེ། དེ་ཚད་མ་མ་ཡིན་ན་དེའི་རྒྱུན་ཅན་གྱི་རྟགས་ཀྱི་ལྡོག་པ་མ་གྲུབ་པར་ཐལ་བའི་ཕྱིར་དང༌། ལྡོག་པ་མ་གྲུབ་པ་ཡང་ཡང་དག་པའི་ཤེས་པ་བསྐྱེད་པར་མི་འཐད་པའི་ཕྱིར་རོ། །ལྡོག་པ་སྒྲུབ་པ་ལ་མཐོང་བ་ཚད་མ་ཁོ་ན་ཡིན་ལ། བསྒྲུབ་པར་བྱ་བ་མེད་པ་ལ་ནི་མ་ཡིན་ནོ་ཞེ་ན། མཚན་ཉིད་མཚུངས་པ་ལ་འདོད་དགུར་སྤྱོད་པ་འདི་ག་ལས་ཐོབ། མཚན་ཉིད་ཀྱི་མཚུངས་པ་ལ་ཡང་དེ་ཉིད་བརྗོད་པར་བྱའི། གནོད་པ་དཔེར་བརྗོད་པས་ཅི་བྱ། ཚད་མའི་མཚན་ཉིད་དང་ལྡན་པའི་མ་མཐོང་བ་ལས་སུ་དཔག་པས་གནོད་པར་མི་ནུས་ཏེ། ཚད་མ་ལ་ཆེད་མས་གནོད་པ་མི་འཐད་པའི་ཕྱིར་རོ། །སྲིད་པ་ཡིན་ན་ནི་རྗེས་སུ་དཔག་པ་ཡང་དེའི་གནོད་བྱ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་མ་མཐོང་བ་གཏན་ཚིགས་མི་མཐུན་ཕྱོགས་ལ་འཇུག་པར་དོགས་པ་སེལ་བར་ནུས་པ་མ་ཡིན་ནོ། །འདི་སྙམ་དུ་འདིར་དོགས་པ་འདི་དྲུངས་ན་འབྱིན་པའི་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་ཡོད་པ་ཡིན་ཏེ། འདི་ལྟར་འབྲས་བུ་ཉིད་ལ་ནི་བུམ་པ་ལ་སོགས་པ་ལ་རེས་འགའི་རྒྱུ་ཉེ་བས་ཁྱབ་པ་གྲུབ་ལ། དེས་ན་ལུས་ལ་སོགས་པ་ལ་ཡང་དེ་དམིགས་པ་ན་རང་གི་ཁྱབ་བྱེད་འདྲེན་པར་བྱེད་དོ། །རེས་འགའ་བའི་རྒྱུ་ནི་ཉེ་བ་འདི་བྱེད་པ་མེད་པར་ནི་མི་འཐད་དེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་དེ་བྱེད་པ་པོའི་བྱ་བ་རག་ལུས་པར་ངེས་པའི་ཕྱིར་རོ། །བྱེད་པ་པོ་ཡོད་ཀྱང་དེ་རྟག་པ་ཡིན་པའི་ཕྱིར་རེས་འགའ་བའི་རྒྱུ་ཉེ་བར་ཅི་ལྟར་ཞེན། མ་ཡིན་ཏེ། དེ་ནི་མ་མཐོང་བ་ཡོངས་སུ་སྨིན་པ་ལ་ལྟོས་པའི་ཕྱིར་རོ། །འོ་ན་དེ་ཉིད་ཉེ་བའི་རྒྱུ་ཡིན་མོད་ཅེ་ན་མ་ཡིན་ཏེ། དེ་ནི་སེམས་པ་མེད་པའི་ཕྱིར་ལ། སེམས་པ་མེད་པས་ཀྱང་རྒྱུ་ཉེ་བར་བྱ་བ་མི་ནུས་ཏེ། ནུས་ན་ཡང་བུམ་པ་ལ་སོགས་པ་ལ་ཡང་བྱེད་པ་པོ་ལྡོག་པར་ཐལ་བའི་ཕྱིར་རོ། །དེས་ན་འབྲས་བུ་འདི་ཁྱབ་བྱེད་མི་དམིགས་པས་བསྒྲུབ་བྱ་ལས་ཟློག་པར་བྱེད་པས་ན། དེ་ལ་ཇི་ལྟར་དོགས་པར་འགྱུར་སྙམ་ན། འདི་ཡང་མ་བརྟགས་པའི་སྨྲ་བ་ཡིན་ཏེ།


DTG109_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་རྒྱུ་ཉེ་བ་ཐམས་ཅད་བྱེད་པ་པོའི་བྱ་བ་སྔོན་དུ་འགྲོ་བ་ཉིད་དུ་གྲུབ་ན། འདིར་འགྱུར་བ་ཞིག་ན། འོན་ཀྱང་རྒྱུ་ཉེ་བ་ཅི་འདྲ་བ་ཞིག་བྱེད་པ་པོའི་བྱ་བ་ཡོད་པ་དང༌། མེད་པའི་རྗེས་སུ་བྱེད་པར་མཐོང་བ་དེ་འདྲ་བ་ཁོ་ན་དེ་ལྟར་འགྱུར་བ་འགྲུབ་པ་ཞིག་ན། རྒྱུ་ཉེ་བ་ཐམས་ཅད་རིགས་གཅིག་པ་ཉིད་དུ་ནི་མཐོང་བའམ་འདོད་པ་ཡང་མ་ཡིན་ཏེ། རིགས་གཅིག་པ་ཡིན་ན་ལག་པ་ལ་སོགས་པའི་བྱ་བ་ཡང་ངེས་པར་འདྲེན་པར་ཐལ་བའི་ཕྱིར་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་དེ་རྒྱུ་ཉེ་བ་ལ་ཉེ་བར་སྦྱོར་བར་མཐོང་བའི་ཕྱིར་རོ། །རིགས་སྣ་ཚོགས་པ་ཡིན་པ་ན་ཡང་འགའ་ཞིག་ཏུ་སེམས་པ་ཅན་ཉེ་བའི་རྒྱུ་ཡིན་ལ་གཞན་དུ་སེམས་པ་མེད་པར་ཡིན་ནོ་ཞེས་བྱ་བ་ལ་མི་འཐད་པ་ཅི་ཡང་མེད་དོ། །རླུང་ཡང་ས་བོན་ལ་སོགས་པ་ཉེ་བའི་རྒྱུ་དམིགས་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་སེམས་པ་མེད་པ་དེ་ལྟ་བུ་ཡིན་པ་ཇི་ལྟར་དགག་པར་ནུས། དེ་ཡང་རླུང་ཉེ་བའི་རྒྱུ་མ་ཡིན་གྱི། འོན་ཀྱང་སྐྱེས་བུ་ཡིན་ནོ་ཞེ་ན། འདི་ནི་ཨ་རུ་ར་ལ་བརྟེན་ནས་ལྷས་འཁྲུ་བར་བྱེད་དོ་ཞེས་བྱ་བའི་ཚུལ་ཡིན་ནོ། །གལ་ཏེ་དེ་ལྟར་རྟོག་ན། མཚོན་དང་སྨན་གྱི་འབྲེལ་པ་ལས། །ནག་པའི་རྨ་དང་འདྲུབས་ཡིན་ན། །འབྲེལ་མེད་སྡོང་དུམ་ཅིའི་ཕྱིར། །རྒྱུ་ཉིད་དུ་ནི་རྟོགས་མི་བྱེད། །དེས་ན་མི་མཐུན་ཕྱོགས་ལ་མ་གྲུབ་པའི་ཁྱབ་བྱེད་མི་དམིགས་པ་འདི། དེ་ལ་གཏན་ཚིགས་ཡོད་པར་དོགས་པ་ཇི་ལྟར་སེལ། ཁྱབ་བྱེད་མི་དམིགས་པ་འདིས་ནི་བྱེད་པ་པོའི་རྟག་པའི་བྱེད་པའི་རྗེས་སུ་བྱེད་པ་ཁོ་ན་དགག་པར་རིགས་ཏེ་བྱེད་པ་པོ་རྟག་པ་ལ་རག་ལུས་པ་ནི་རེས་འགའ་བར་མི་འཐད་པའི་ཕྱིར་རོ། །དེ་འགྲུབ་པ་མ་མཐོང་བ་ཡོངས་སུ་སྨིན་པ་ལ་རག་ལུས་པར་སྨྲ་བ་ནི། བསྔགས་པར་འོས་པའི་ཤེས་རབ་ཅན་ལྷ་རྣམས་དགའ་བ་ཡིན་ཏེ། དེ་ལ་རག་ལུས་པ་དེ་ཡང་རེས་འགའ་མེད་པ་མི་སྲིད་པའི་ཕྱིར་རོ། །ཁོ་བོ་ཅག་ལ་དོགས་པ་ལྡོག་པའི་རྒྱུ་མེད་དུ་ཆུག་མོད། ཁྱོད་ལ་ཡང་འཇུག་པའི་རྒྱུ་ཅི་ཡོད་ཅེ་ན། འབྲེལ་པ་མ་གྲུབ་པ་དང་འགལ་བ་མ་མཐོང་བ་དང༌། མ་ངེས་པའི་རྒྱུ་ཅན་དུ་རིགས་པའོ། །འབྲས་བུ་ཙམ་ནི་རྒྱུའི་ཁྱད་པར་སྐྱེས་བུ་ལ་འབྲེལ་པ་མ་གྲུབ་པོ། །གལ་ཏེ་འབྲས་བུ་འགའ་ཞིག་སྐྱེས་བུའི་རྒྱུ་ཅན་དུ་མཐོང་བ་དེ་ལྟ་ན་ཡང་དེ་ལས་


DTG109_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པ་འབྲས་བུ་ཡང་ཡིན་ལ། སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ལ་འགལ་བ་མི་སྣང་ངོ༌། །འབྲས་བུ་རྣམས་ནི་མ་ངེས་པའི་རྒྱུ་ཅན་དུ་སྣང་སྟེ། འདི་ལྟར་ཁ་ཅིག་ནི་མེའི་རྒྱུ་ཅན་ཡིན་ལ། ཁ་ཅིག་ཆུའི་རྒྱུ་ཅན་ཡིན་ཞིང༌། ཁ་ཅིག་རླུང་གི་རྒྱུ་ཅན་ཡིན་ཏེ། དེས་ན་ཁ་ཅིག་སྐྱེས་བུས་བྱས་པ་ལ་དེ་བཞིན་དུ་ཐམས་ཅད་ཡིན་ནོ་ཞེས་ས་ལྟར་རྟོགས་པར་མི་ནུས་སོ། །དེས་མི་མཐུན་ཕྱོགས་ལ་འཇུག་པར་དོགས་པའི་འབྲས་བུ་ཉིད་འདི་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་མ་ངེས་པ་ཡིན་ནོ། །མ་ངེས་པ་ལས་ནི་འདོད་པ་གྲུབ་པར་མི་རིགས་ཏེ། འཇིམ་པའི་རྣམ་འགྱུར་ལས་ཀྱང་རྫ་མཁན་གྲུབ་པར་ཐལ་བའི་ཕྱིར་ཏེ། དེ་སྐད་དུ། དབྱིབས་སོགས་ཅི་འདྲ་བྱིན་རློབ་པོ། །ཡོད་མེད་རྗེས་འཇུག་ཅན་གྲུབ་པ། །དེ་ལ་རྗེས་སུ་དཔོག་གང་ཡིན། །དེ་ནི་རིགས་པ་ཉིད་ཡིན་ནོ། །ཐ་དད་དངོས་ལ་རབ་གྲུབ་པ། །སྒྲ་མཚུངས་པས་ཐ་དད་མེད་པས། །རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱེ་བོའི་རྫས་ལ་མེ་བཞིན་ནོ། །དེ་ལྟ་མིན་ན་རྫ་མཁན་གྱི། །བུམ་པ་ལ་སོགས་འཇིམ་པ་ཡི། །རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། །གྲོག་མཁར་ཡང་དེས་བྱས་གྲུབ་འགྱུར། །ཞེས་གསུངས་སོ། །རྫ་མཁན་གྱི་འབྲས་བུ་མ་ཡིན་པའི་སོ་ཕག་ལ་སོགས་པ་ལ་ཡང་འཇི་བའི་རྣམ་འགྱུར་མཐོང་བའི་ཕྱིར། འཁྲུལ་པ་ཅན་གྱི་འཇི་བའི་རྣམ་འགྱུར་ལས། གྲོག་མཁར་ལ་རྫ་མཁན་རྗེས་སུ་དཔོག་པ་མ་ཡིན་ནོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། རྫ་མཁན་དང་གྲོག་མཁར་ལ་མི་དང་མི་མ་ཡིན་པས་བྱས་པའི་འཇི་བའི་རྣམ་འགྱུར་མཚོན་པ་ལྷུར་བྱེད་པ་ཡིན་པའི་ཕྱིར་རོ། །གང་ཡང་ཁ་ཅིག་གིས་མངོན་སུམ་དང་འགལ་བའི་ཕྱིར། གྲོག་མཁར་ལ་འཇི་བའི་རྣམ་འགྱུར་རྗེས་སུ་དཔོག་པ་མ་ཡིན་ནོ་ཞེས་སྨྲས་པ་དེ་ཡང༌། ཆུ་ཀླུང་འབྲུ་བ་རྗེས་སུ་དཔོག་པ་མངོན་སུམ་དང་འགལ་བའི་སྒོ་ནས་བཤད་ཟིན་པ་ཡིན་ནོ། །གཞན་ཡང་ཅི་ཁྱབ་པ་གྲུབ་པ་ལ་གནོད་པ་ཡིན་ནམ། འོན་ཏེ་མ་གྲུབ་པ་ལ་ཡིན་ནོ། །དེ་ལ་ཕྱོགས་དང་པོ་ནི་མ་ཡིན་ཏེ། གནོད་པ་མེད་ན་མི་འབྱུང་བ་འགལ་བའི་ཕྱིར་རོ། །མེད་ན་མི་འབྱུང་བ་ནི་བསྒྲུབ་པར་བྱ་བ་ཡོད་པ་ཁོ་ན་ན་ཡོད་པ་ཡིན་ན། དེའི་མཚན་ཉིད་ཅན་དེ་ཆོས་ཅན་ལ་གཏན་ཚིགས་ཡོད་ཅིང༌། དེ་


DTG109_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྒྲུབ་པར་བྱ་བའི་ཆོས་མེད་པར་ཇི་ལྟར་འགྱུར། བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པར་ཞུགས་པའི་མངོན་སུམ་ནི་ཆོས་ཅན་དེ་ལས་ལྡོག་པར་བྱེད་ལ། དེ་ཡོད་པ་ཁོ་ན་ཡོད་པའི་གཏན་ཚིགས་དེ་ཆོས་ཅན་དེ་ལ་འཇུག་པ་ན། ཀྱེ་མ་དངོས་པོ་ཤིན་ཏུ་མི་བདེ་བར་གནས་པར་གྱུར་ཏོ། །གཞན་དུ་བསྒྲུབ་པར་བྱ་བའི་ཆོས་མེད་ན་གཏན་ཚིགས་མི་འབྱུང་བ་ཡིན་གྱི། ཆོས་ཅན་ལ་ནི་མ་ཡིན་ནོ་ཞེ་ན། དེ་ཅི་ཉོན་མོངས་འདི་མ་ནིང་ལ་སྤྱད་པས་བུ་ཚོལ་ལམ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཐིགས་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །གཉིས་པ་ལ་ཡང་ཁྱབ་པ་མ་གྲུབ་པ་ཉིད་བརྗོད་པར་བྱའི། གནོད་པར་བསྒྲགས་པས་ཅི་ཞིག་བྱ། ཁྱབ་པ་ཡང་མངོན་སུམ་གྱིས་གྲུབ་པ་ན། དེ་མ་གྲུབ་པར་སུ་ཞིག་བརྗོད་པར་སྤྲོ། ཁྱབ་པར་སྒྲུབ་པར་བྱེད་པའི་མངོན་སུམ་དེ་ཉིད་ལ་གནོད་དོ་ཞེ་ན། དེ་ལྟ་ན་བུམ་པ་ལ་སོགས་པ་ལ་ཡང་རྫ་མཁན་རྗེས་སུ་མི་དཔོག་པར་འགྱུར་ཏེ། སྒྲུབ་པར་བྱེད་པ་ཚད་མ་མ་ཡིན་ན་བསྒྲུབ་པར་བྱ་བ་མ་གྲུབ་པའི་ཕྱིར་རོ། །ཚད་མ་ལ་ནི་གཞན་གྱིས་གནོན་པ་མ་ཡིན་ཏེ། ཐམས་ཅད་དུ་ཡིད་བརྟན་དུ་མེད་པའི་ཕྱིར་རོ། །འཇིམ་པའི་རྣམ་པར་འགྱུར་བ་ཅི་འདྲ་བ་ཞིག་རྫ་མཁན་གྱི་འབྲས་བུར་མཐོང་བ་དེ་འདྲ་བ་ཁོ་ན་གལ་ཏེ་མེད་པར་འབྱུང་ན། དེ་རྒྱུ་རྫ་མཁན་མ་ཡིན་པས་ན་དེ་དེ་ལས་ལན་ཅིག་ཀྱང་མི་འབྱུང་བར་འགྱུར་རོ། །འོན་ཏེ་གཞན་འདྲ་བ་ཡིན་ན་དེའི་ཚེ་འཇི་བའི་རྣམ་འགྱུར་ཙམ་ལ་མ་ཁྱབ་པའི་ཁྱད་པར་ནི་གྲོག་མཁར་ལ་མ་གྲུབ་པོ་ཞེས་བྱ་བ་འདི་ཉིད་བརྗོད་པར་མི་རིགས་ཀྱི། རིགས་པ་ཅན་རྣམས་ཀྱི་དོན་མེད་པར་འབྲེལ་པ་མེད་པ་བརྗོད་པས་ཅི་ཞིག་བྱ། སྒྲུབ་པར་བྱེད་པ་ལྷག་མ་གཉིས་མ་ངེས་པ་ལ་ཡང་ཚུལ་འདི་ཉིད་ཇི་ལྟར་འབྱོར་པ་སྦྱོར་བར་བྱའོ། །ཇི་སྟེ་སྐྱེ་བ་དང་ལྡན་པ་ལ་སོགས་པ་ལ་ནི་ཡུལ་དང་དུས་དང༌། རང་བཞིན་ངེས་པས་ཁྱབ་པ་ཡིན་ལ། གལ་ཏེ་བློ་དང་ལྡན་པ་མེད་པར་ཡང་ཡོད་ན་ཡུལ་ལ་སོགས་པ་སོ་སོར་ངེས་པར་མི་འགྱུར་རོ། །དེས་ན་ཁྱབ་བྱེད་མི་དམིགས་པས་མི་མཐུན་ཕྱོགས་ལས་ལྡོག་པ་ན་འདི་བློ་དང་ལྡན་པའི་རྒྱུ་ཅན་ཉིད་ལ་གནས་པ་ན་དེས་ཁྱབ་པ་གྲུབ་པས་ན་མ་ངེས་པ་མ་ཡིན་ནོ་ཞེས་བྱ་བར་འདོད། དེ་ཡང་མི་བདེན་ཏེ། བློ་དང་ལྡན་པའི་བྱེད་པ་མེད་ཀྱང་ཡུལ་ལ་སོགས་


DTG109_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངེས་པ་འཐད་པའི་ཕྱིར་ཏེ། ཡུལ་ལ་སོགས་པ་སོ་སོར་ངེས་པ་ནི་རྒྱུ་ཙམ་ལ་རག་ལས་པ་ཡིན་གྱི། རྒྱུའི་ཁྱད་པར་ལ་རག་ལས་པ་ནི་མ་ཡིན་ནོ། །དེའི་ཕྱིར་བློ་དང་ལྡན་པ་མེད་ཀྱང་ཡུལ་ལ་སོགས་པ་གང་དུ་རྒྱུ་ཡོད་པ་དང་མེད་པ་ཡིན་པ་དེ་ཁོ་ནར་འབྲས་བུ་ཡང་ཡིན་ལ། རྒྱུས་ངོ་བོ་གང་བསྐྱེད་པར་ནུས་པ་འབྲས་བུ་ཡང་དེའི་ངོ་བོ་ཁོ་ན་ཡིན་པས་མ་ངེས་པ་ཞེས་བྱ་བ་ཇི་ལྟར་ཡིན་རྒྱུ་མེད་པ་ཡིན་ན་འདིར་འགྱུར་ཏེ། དེ་སྐད་དུ། རྒྱུ་མེད་པ་ཉིད་ཡིན་ན་ནི་ཡུལ་དང་དུས་དང་རང་བཞིན་སོ་སོར་ངེས་པ་མི་འཐད་པའི་ཕྱིར་རོ་ཞེས་གསུངས་སོ། །བློ་དང་ལྡན་པའི་བྱིན་གྱིས་རློབ་པ་པོ་མེད་ན་རྒྱུའི་ཡུལ་ལ་སོགས་པ་སོ་སོར་ངེས་པ་ཅི་ལྟར་ཡིན་ཞེ་ན། ཡུལ་ལ་སོགས་པ་ཁྱད་པར་ཅན་ཁོ་ནར་རང་བཞིན་ཁྱད་པར་ཅན་ཉིད་དུ་དེའི་རང་གི་རྒྱུ་ལས་སྐྱེས་པའི་ཕྱིར་ལ། དེའི་སོ་སོར་ངེས་པ་དེ་ཡང་རང་གི་རྒྱུ་ལས་ཡིན་པས་ན། རྒྱུ་བརྒྱུད་པ་ལ་ཐོག་མ་མེད་པའི་ཕྱིར་གཞན་གྱིས་སུན་འབྱིན་པའི་སྐབས་མེད་དོ། །འོ་ན་ཡུལ་གཞན་དུ་སྐྱེས་པའི་རྒྱུ་ལས་ཡུལ་གཞན་དུ་འབྲས་བུར་མི་འགྱུར་རོ། །འགྱུར་ཏེ་རྒྱུ་ཉེ་བའི་ཕྱིར་རོ། །བློ་དང་ལྡན་པ་མ་རྟོགས་པ་འགའ་ཡང་སེམས་པ་མེད་པ་རྣམས་ཀྱི་ཉེ་བའི་རྒྱུར་མི་འཐད་པ་མ་ཡིན་ནམ། གང་གི་ཕྱིར་འདི་དག་སྐྱེས་པའི་ཡུལ་ལས་གཞན་དུ་འགྲོ་བ་ནི་བློ་དང་ལྡན་པའི་བྱེད་པ་མེད་པར་མི་སྲིད་དོ་ཞེ་ན། མི་སྲིད་པ་མ་ཡིན་ཏེ། རླུང་གིས་ཁྱེར་བ་རྣམས་དང༌། སྨིན་ནས་ཡུ་བ་ལྷོད་པའི་འབྲས་བུ་ལྟུང་བ་དང༌། ཆུ་ཀླུང་དང་ཉེ་བ་ན་གནས་པ་རྣམས་ཆུ་རྒྱུན་གྱིས་ཁྱེར་བ་རྣམས་ཡུལ་གཞན་དུ་ཕྱིན་པ་མཐོང་བའི་ཕྱིར་རོ། །བློ་སྔོན་དུ་གཏང་བ་མ་ཡིན་ཡང་རྒྱུ་ཉེ་བར་བྱེད་པ་བློ་དང་ལྡན་པ་རྣམས་ལ་སྣང་སྟེ། ཇི་ལྟར་བྱ་རྣམས་ཀྱིས་ཟོས་པའི་འབྲས་བུའི་ས་བོན་སྐྱུར་བ་བཞིན་ནོ། །དེས་ན་དེ་ལྟ་བུའི་ཉེ་བར་བྱེད་པ་ཡང་སེམས་པ་མེད་པའི་ཉེ་བར་བྱེད་པ་ལས་ཁྱད་པར་མེད་དོ། །ཁོ་བོ་ཅག་གིས་ཡུལ་གཞན་དུ་འགྲོ་བའི་རྒྱུ་ཇི་ཙམ་ཞིག་འགྲོ་བར་ནུས་ཏེ། རེ་ཞིག་སྐྱེས་བུའི་བྱེད་པ་མེད་ཀྱང་སེམས་པ་མེད་ཀྱང་སེམས་པ་མེད་པ་རྣམས་ཡུལ་གཞན་དུ་ཕྱིན་པ་དམིགས་ལ། དེས་ན་འདིས་རྗེས་སུ་དཔོག་པ་མི་འཐད་པ་ཁོ་ནའོ། །གཞན་ཡང་ཡུལ་དང་དུས་སོ་སོར་ངེས་པ་སྐྱེས་བུ་ལ་རག་ལས་པ་ཡིན་དུ་ཆུག་མོད། རྒྱུ་རྣམས་


DTG109_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་ཁོ་ནར་རེས་འགའི་ཚེ་ཁོ་ན་ཉེ་བས་ན་སྐྱེས་བུ་ལ་བརྟེན་ནས་ཡོད་པའི་ཕྱིར་རོ། །རང་བཞིན་སོ་སོར་ངེས་པ་དེ་ལ་རག་ལུས་པ་ཇི་ལྟར་ཡིན་ཏེ། འབྲས་བུ་ངོ་བོ་ཁྱད་པར་ཅན་དུ་བྱེད་པའི་ནུས་པས་སྟོང་པ་ན། སྐྱེས་བུའི་བྱིན་གྱི་རླབས་ཡོད་ཀྱང་སེམས་པ་མེད་པ་རྣམས་འབྲས་བུ་ཁྱད་པར་བྱེད་པ་མ་ཡིན་ཏེ། དེ་མེད་ཀྱང་དེ་དང་ལྡན་པ་ན་དེ་དག་དེའི་རང་བཞིན་སྒྲུབ་པར་བྱེད་པ་མི་འགལ་བ་ཁོ་ནའོ། །རི་ལ་སོགས་པའི་ཡུལ་དང་དུས་དང་རང་བཞིན་ངེས་པ་འདི་ཡང་གཞན་གྱིས་འདོད་པའི་སྐྱེས་བུའི་གཞན་དབང་དུ་མི་འཐད་དེ། འདི་ལྟར་སྐྱེས་བུ་ནི་ལུས་མེད་པ་དང་རྟག་པར་གཞན་འདོད་ལ། ལུས་མེད་པས་ནི་ཡུལ་གཞན་ན་གནས་པའི་རྒྱུ་རྣམས་བསོག་པར་མི་ནུས་ཏེ། སྐྱེས་བུའི་འདོད་པ་ན་ཡང་ལག་པ་ལ་སོགས་པའི་བྱེད་པ་མེད་པར་དེ་དག་ཉེ་བ་ཉིད་མི་འཐད་པའི་ཕྱིར་རོ། །རྫ་མཁན་ལ་སོགས་པའི་འདོད་པ་ཙམ་གྱིས་ནི་འཇིམ་གོང་དང་དབྱུ་གུ་དང་ཆུ་དང་སྐུད་པ་ལ་སོགས་པར་མི་སྣང་ལ། སོགས་པར་མི་བྱེད་ན་ཡང་ཡུལ་གྱི་ཁྱད་པར་དུ་འབྲས་བུ་སྐྱེད་པར་མི་ནུས་སོ། །རྟག་པས་དུས་ཀྱི་ཁྱད་པར་དུ་འབྲས་བུ་སྐྱེད་པར་མི་འཐད་དེ། དེ་ལས་སྔ་བ་དང་ཕྱི་ནས་ཀྱང་བྱེད་པ་པོའི་རང་བཞིན་དུ་གཅིག་པའི་ཕྱིར་རོ། །འདི་ལྷན་ཅིག་བྱེད་པ་མ་ཚང་བས་རེས་འགའ་མི་བྱེད་པ་ཡང་མ་ཡིན་ཏེ། དེ་ལ་རག་ལུས་ནས་སྐྱེ་བ་དེ་དག་ཡུལ་དང་དུས་སུ་ཡང་མ་ཚང་བ་མི་འཐད་པའི་ཕྱིར་རོ། །གནས་པ་མ་ཡིན་པ་ལ་ཞེན་པས་ཆོག་གོ །དེའི་ཕྱིར་དེ་ལྟར་འབྲེལ་པ་མ་གྲུབ་པས་ན་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར། འབྲས་བུ་ཉིད་ལ་སོགས་པ་ནི་ཁྱབ་པ་མེད་པ་ཁོ་ནའོ། །འདི་ཁོ་ནས་རང་རྩོམ་པར་བྱེད་པའི་ཡན་ལག་བཀོད་པའི་ཁྱད་པར་ལ་སོགས་པ་ཡང་བཤད་པ་ཡིན་ནོ། །དེ་སྟེ་འདི་དག་ལ་ཁྱབ་པ་མེད་པས་མ་ངེས་པ་ཡིན་དུ་ཆུག །ཁྱད་པར་དང་འགལ་བ་ནི་བཟློག་པར་ནུས་ཏེ། འདི་ལྟར་འབྲས་བུ་ཉིད་ལ་སོགས་པ་འདི་དག་ནི་རེས་འགའ་བ་ཉིད་ཀྱིས་ཁྱབ་པར་བྱ་བ་ཡིན་ལ། བྱེད་པ་པོ་རྟག་པ་མི་སྲིད་པ་རེས་འགའ་བ་དེ་ནི་དེ་ལས་ལྡོག་པ་ན་རང་གི་ཁྱབ་བྱ་རྣམས་ཀྱང་ལྡོག་པར་བྱེད་དོ། །དེས་ན་རྟག་པའི་མཚན་ཉིད་ཀྱི་བྱེད་པ་པའོ་ཁྱད་པར་མེད་པར་བྱེད་པ་འདི་དག་ཁྱད་པར་དང་མི་འགལ་བར་ཇི་ལྟར་འགྱུར། འདི་


DTG109_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་ཁྱད་པར་དང་འགལ་བ་ཡིན་ཏེ། བྱེད་པ་པོའི་ཁྱད་པར་ལུས་ཅན་མ་ཡིན་བའི་ངོ་བོ་ཡང་འགོག་པར་བྱེད་པ་གང་ཡིན་པའོ། །གལ་ཏེ་དེ་དག་ལ་ལུས་ཀྱིས་མ་ཁྱབ་པ་དེ་ལྟ་ན་ཡང་རི་ལ་སོགས་པ་ལ་དེ་སྤྲུལ་པར་ནུས་པའི་བྱེད་པ་པོ་ཉེ་བར་འཇོག་པ་རྣམས་ཀྱིས་ལུས་དང་འབྲེལ་པ་རྗེས་སུ་སྒྲུབ་པར་བྱེད་དེ། ལུས་དང་བྲལ་བ་ལ་དེ་སྤྲུལ་པའི་ནུས་པ་མི་འཐད་པའི་ཕྱིར་རོ། །འོ་ན་རྩོལ་བ་དང་ལུས་ལ་འདུ་བའི་བྱ་བ་རྣམས་སུ་མི་འགྱུར་རོ། །འགྱུར་བ་ཁོ་ན་སྟེ། དེ་ལ་འདོད་པ་ཙམ་གྱིས་ནུས་པ་མཐོང་བའི་ཕྱིར་རོ། །འོ་ན་རི་ལ་སོགས་པ་ལ་ཡང་དེ་ཁོ་ན་བཞིན་དུ་ལུས་ཀྱི་བྱེད་པ་མེད་ཀྱང་ཡོད་པར་ཅིའི་ཕྱིར་མི་འགྱུར། དེའི་འབྲས་བུ་སྐྱེད་པ་ལ་ལུས་ཕན་མི་འདོགས་པ་ཁོ་ན་ཡིན་ནམ། དེ་ལྟ་ཡིན་ན་བུམ་པ་ལ་སོགས་པ་ཡང་དེ་ལ་མི་ལྟོས་པར་མི་འགྱུར་རོ། །རྒྱུ་རྣམས་ཀྱིས་ཉེ་བ་དང་ཚོགས་པ་རྣམས་འབྲས་བུ་སྐྱེད་པ་དེ་ཡང་སྐྱེས་བུའི་ཀུན་དུ་རྟོག་པ་ཙམ་གྱིས་འབྱུང་བ་ནི་མ་ཡིན་ནོ། །དེས་ན་ཕྱི་རོལ་གྱི་འབྲས་བུའི་བདག་ཉིད་རི་ལ་སོགས་པ་འདི་དག་ཀྱང་བུམ་པ་ལ་སོགས་པ་བཞིན་དུ་ལུས་ཀྱི་བྱེད་པ་མེད་པར་སྐྱེ་བ་མི་ཐོབ་པས་ན་ལུས་ལ་དེ་སྤྲུལ་པའི་ནུས་པ་སྒྲུབ་པ་ཡིན་ནོ། །དེ་ལྟ་ན་ཡང་ཁྱབ་བྱེད་མ་ཡིན་པའི་ཁྱད་པར་ཇི་ལྟར་འགྲུབ་པར་འགྱུར། འདི་ཁྱབ་བྱེད་ཡིན་པས་གྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་གཞི་གྲུབ་མཐའི་ཚུལ་གྱིས་ཡིན་ན། དེས་ན་བརྒལ་ཞིང་བརྟག་པ་ཅི་ཡོད་ཅེ་ན། འདི་སྙམ་དུ་ལུས་ཀྱི་བྱེད་པ་མེད་པར་ཡང་རྩྭ་ལ་སོགས་པ་སྐྱེ་བར་སྣང་ལ། དེ་ལ་ལུས་རྗེས་སུ་དཔོག་པ་མངོན་སུམ་གྱིས་གནོད་པས་ན། དུས་ལས་ཐལ་བ་བརྗོད་པ་ཡིན་ལ། གཞན་དུ་ནི་དེ་ཉིད་ཀྱིས་འཁྲུལ་པ་དང་བཅས་པ་ཡིན་ནོ་སྙམ་ན། དེ་ནི་མི་བདེན་ཏེ། གང་གི་མ་མཐོང་བས་མེད་པར་འགྱུར་བ་ལུས་གདོན་མི་ཟ་བར་སྣང་དུ་རུང་བ་ནི་མ་ཡིན་ནོ། །ལུས་ཡིན་པ་ཉིད་ཀྱིས་སྣང་དུ་རུང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཤ་ཟ་ལ་སོགས་པའི་ལུས་ཀྱིས་མ་ངེས་པའི་ཕྱིར་རོ། །དེ་ནི་འདོད་ཀྱང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྣང་དུ་མི་རུང་བ་ལ་ནི་མངོན་སུམ་གྱི་གནོད་པ་མི་སྲིད་དེ། དེ་ནི་དེ་ལྟར་སྤྱིའི་སྒོ་ནས་ནི་ཁྱབ་པ་མེད་ལ། ཁྱབ་ན་ཡང་འགལ་བ་


DTG109_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་གནས་སོ། །ཇི་སྟེ་འབྲས་བུ་ལ་སོགས་པའི་ངོ་བོ་ཇི་འདྲ་བ་ཞིག་ལ་སྐྱེས་བུས་ཁྱབ་པ་དེ་འདྲ་བ་གཏན་ཚིགས་ཉིད་དུ་འགོད་དོ་ཞེ་ན། དེའི་ཚེ་ཤིན་ཏུ་གསལ་བར་མ་གྲུབ་པ་ཡིན་ཏེ། ཕྱོགས་སུ་བྱས་པ་རྣམས་ལ་དེ་མི་དམིགས་པའི་ཕྱིར་དང༌། དམིགས་པའི་ཁྱད་པར་ལ་འགལ་བ་སྤང་བར་མི་ནུས་པའི་ཕྱིར་དང༌། བྱེད་པ་པོ་ཅན་དུ་ངེས་པ་དང་རིགས་མི་མཐུན་པར་སྔར་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །གཞན་ཡང་འབྲས་བུ་ཉིད་ལ་སོགས་པ་འདི་དག་གིས་བློ་དང་ལྡན་པ་ཙམ་སྒྲུབ་བམ། རྟག་པ་ལ་སོགས་པ་ཡོན་ཏན་གྱི་རྟེན་བློ་དང་ལྡན་པའི་ཁྱད་པར་སྒྲུབ་གྲང་དེ་ལ་ཕྱོགས་དང་པོ་ལ་ནི་གྲུབ་པ་བསྒྲུབ་པ་ཡིན་ཏེ། སེམས་པའི་མཚན་ཉིད་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་བློ་དང་ལྡན་པས་ལུས་ལ་སོགས་པ་སྤྲུལ་པའི་ཕྱིར་ཏེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་ངེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་སྐྱེད་ལུས་དང་ངག་གི་ལས། །ཞེས་གང་གསུངས་པ་ཡིན་ནོ། །གཉིས་པ་ལ་ནི་དེ་ལྟ་བུ་དང་རྗེས་སུ་འགྲོ་བ་མ་གྲུབ་པས་ན་དེ་ལ་བསྒྲུབ་བྱ་མ་ཚང་ཞིང་གཏན་ཚིགས་ཀྱི་ཁྱབ་པ་མ་གྲུབ་པས་མ་ངེས་པ་ཉིད་དོ། །འོ་ན་བྱེད་པ་པོ་ཅན་དུ་ངེས་པ་རྣམས་ལ་བློ་དང་ལྡན་པ་ཉེ་བར་ལེན་པ་ལ་སོགས་པ་སྤྱོད་པར་བྱེད་པའི་བྱེད་པ་བོ་ཇི་ལྟ་བུར་གྱུར་པ་ཞིག་གྲུབ་པ་དེ་ལྟ་བུར་གྱུར་པ་ཁོ་ན་ལུས་ལ་སོགས་པ་ལ་སྒྲུབ་པ་ཡིན་ལ། དེས་ན་གྲུབ་པ་སྒྲུབ་པ་མ་ཡིན་ཞིང་རྗེས་སུ་འགྲོ་བ་མེད་པ་ཡང་མ་ཡིན་ནོ་ཞེ་ན། འོ་ན་ཉེ་བར་ལེན་པ་ལ་སོགས་པ་རྟོགས་པར་བྱེད་པ་དཔེ་ལ་མཐོང་བ་ན། ཕྱོགས་ལ་ཡང་དེ་ལྟ་བུར་གྱུར་པ་ཁོ་ན་སྒྲུབ་ན། དེས་ལུས་དང་ལྡན་པ་ཡང་ཡིན་པས་ན་དེ་ལྟ་བུར་གྱུར་པ་ཡང་འགྲུབ་པར་འགྱུར་རོ། །དེ་ལ་འདོད་རྒྱལ་ལ་རག་ལས་པའི་ལུས་ནི་མ་ཡིན་ཏེ། འབྲས་བུ་དེའི་རྗེས་སུ་འགྲོ་བ་དང༌། ལྡོག་པའི་རྗེས་སུ་འཇུག་པར་མཐོང་བའི་ཕྱིར་དང༌། ལུས་ཀྱི་ཉེ་བར་སྦྱོར་བ་མེད་པར་ཡང་འགའ་ཞིག་མཐོང་བས་ན་དེ་བསྒྲུབ་པར་མི་བྱའོ་ཞེ་ན། གཉིད་ལོག་པ་བླ་བ་ལ་སོགས་པ་དཔྱོད་པར་བྱེད་པ་ཡང་མཐོང་བས་ན། དཔྱོད་པར་བྱེད་པ་ཡང་སྒྲུབ་བྱེད་དུ་མི་འགྱུར་རོ། །དེ་ནི་རིགས་མི་མཐུན་པ་ཁོ་ན་ཡིན་ནོ་ཞེ་ན། ལུས་


DTG109_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱེད་པ་མེད་པར་ཡང་འབྱུང་བ་ན་ཅིའི་ཕྱིར་རིགས་མི་མཐུན་པ་ཡིན། རིགས་གཅིག་པ་ཡིན་ན་ལུས་ཀྱིས་ཉེ་བར་སྦྱོར་བ་རྣམ་པར་ཕྱེ་ནས་རྣམ་པར་གཞག་པར་མི་འཐད་པའི་ཕྱིར་རོ། །ཇི་སྟེ་གལ་ཏེ་ལུས་ཉེ་བར་སྦྱོར་བ་དང་ལྡན་པར་སྣང་བ་དེ་ལྟ་ན་ཡང་དེ་ཁྱད་པར་བྱེད་པ་ཉིད་དུ་མི་འགྲུབ་སྟེ། མཐུ་ཕུལ་དུ་བྱུང་བ་དང་ལྡན་པ་ལུས་མེད་པ་ཡང་ཀུན་ཏུ་རྟོགས་པ་ཙམ་གྱིས་བྱ་བ་བྱེད་པ་སྲིད་པའི་ཕྱིར་རོ། །འོ་ན་དེའི་ཚེ་གལ་ཏེ་དཔྱོད་པ་ཉེ་བར་སྦྱོར་བ་སྣང་བ་དེ་ལྟ་ན་ཡང་དེ་ཁྱབ་པར་བྱེད་པ་ཉིད་དུ་མི་འགྲུབ་སྟེ། མཐུ་ཕུལ་དུ་བྱུང་བ་དང་ལྡན་པ་སྤྱོད་པར་མི་བྱེད་པ་ཡང་ཡོད་པ་ཙམ་གྱིས་བྱ་བ་བྱེད་པར་སྲིད་པའི་ཕྱིར་རོ། །མང་པོ་ནི་དུས་གཅིག་གི་ཚེ་དཔྱད་པར་ནུས་པ་མ་ཡིན་ཏེ། དཔྱོད་པ་ནི་རྣམ་པར་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་དང༌། དེ་ཡང་རྣམ་པར་བརྟག་པར་བྱ་བ་གཅིག་ལ་ངེས་པའི་ཕྱིར་རོ། །དེ་སྐད་དུ། རྣམ་རྟོག་གཉིས་ནི་ཅིག་ཅར་དུ། །མཐོང་མིན་ཞེས་གསུངས་སོ། །དེའི་ཕྱིར་ན་འབྲས་བུ་གཅིག་གིས་ཡང་ཉེ་བར་ལེན་པ་ལ་སོགས་པ་ལན་ཅིག་གི་ཚེ་དཔྱད་པར་མི་ནུས་ན། དེ་ཅི་འདི་དུ་མ་ལ་ཡིན་ནམ། དེ་ལྟ་ན་ཡང་ཅིག་ཅར་དུ་འབྲས་བུ་རིགས་དུ་མར་མི་འགྱུར་ལ། འགྱུར་ན་ཡང་བྱེད་པ་པོ་དུ་མ་ཅན་ཁོ་ནར་འགྱུར་རོ། །དེའི་ལྷག་མ་ནི་བློ་དང་ལྡན་པ་ཙམ་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལ་ཡང་གྲུབ་པ་སྒྲུབ་པ་ལ་ལན་གདབ་ཏུ་མེད་པ་ཡིན་ནོ། །འོན་ཏེ་གལ་ཏེ་དེ་ལས་གཞན་ལ་དོན་དུ་མའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་མེད་པ་དེ་ལྟ་ན་ཡང་འཇིག་རྟེན་ཐམས་ཅད་ལ་ཕུལ་དུ་བྱུང་བའི་ནུས་པ་ཅན་གྱི་དབང་ཕྱུག་ལ་དེ་མི་སྲིད་པ་མ་ཡིན་ནོ་ཞེ་ན། རེ་ཞིག་དེ་ལྟར་དམིགས་པ་ནི་མེད་དོ། །དེ་ལྟ་ན་ཡང་དེ་ལ་རྟོག་པར་བྱེད་ན། དཔྱོད་པ་མེད་པར་ཡང་ཅིའི་ཕྱིར་མི་རྟོག །དེ་ལྟ་ན་ཡང་དེ་ཁོ་ན་བཞིན་དུ་དཔྱོད་པར་མི་བྱེད་པའི་ལས་ཀྱི་སེམས་པས་འབྲས་བུ་རྣམས་བསྐྱེད་དོ་ཞེས་བྱ་བ་ལ་མི་འཐད་པ་མ་མཐོང་ངོ༌། །གཞན་ཡང་བྱེད་པ་པོ་བློ་དང་ལྡན་པ་གྲུབ་ཏུ་ཆུག་མོད། དེ་ཐམས་ཅད་དུ་གཅིག་ཡིན་ནོ་ཞེས་བྱ་བ་འདི་ལ་ཚད་མ་ཅི་ཡང་མེད་དོ། །འདི་ལྟར་འབྲས་བུ་རིགས་གཅིག་པ་ཐམས་ཅད་ཀྱང་བྱེད་པ་པོ་གཅིག་པ་ཅན་དུ་མི་སྣང་སྟེ། བུམ་པ་ལ་སོགས་པར་རིགས་གཅིག་


DTG109_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱང་རྫ་མཁན་དུ་མངོན་དུ་འགྲོ་བར་མཐོང་བའི་ཕྱིར་དང༌། ཁང་བཟངས་ལ་སོགས་པ་འབྲས་བུ་གཅིག་ཀྱང་བྱེད་པ་པོ་དུ་མ་ཅན་དུ་དམིགས་ཏེ། དེ་ལ་སྐྱེས་བུ་དུ་མའི་ཉེ་བར་སྦྱོར་བ་མངོན་སུམ་དུ་གྲུབ་པའི་ཕྱིར་རོ། །དེས་ན་ལུས་དང་ཤིང་དང་རི་དང་རྒྱ་མཚོ་ལ་སོགས་པ་རིགས་ཀྱི་བྱེ་བྲག་དང་བསལ་བའི་བྱེ་བྲག་གིས་ཐ་དད་པ་འདི་དག་བློ་དང་ལྡན་པའི་རྒྱུ་ཅན་དུ་སེམས་པ་དང་བཅས་པ་སུ་བརྗོད་པར་སྤྲོ། དེའི་ཕྱིར་བྱེད་པ་པོ་གཅིག་ཏུ་སྒྲུབ་པ་ན་གཏན་ཚིགས་འཁྲུལ་པ་དང་བཅས་པ་ཡིན་ཏེ། ཇི་སྐད་བཤད་པའི་ཉེས་པ་ཡིས། །སྒྲུབ་བྱེད་སྐྱོན་ཅན་མ་ཡིན་མོད། །འོན་ཀྱང་འཁྲུལ་པ་དམིགས་པའི་ཕྱིར། །བྱེད་པ་པོ་ནི་གཅིག་ཉིད་མིན། །ཞེས་གང་བཤད་པ་ཡིན་ནོ། །བྱེད་པ་པོ་སྒྲུབ་པ་ནི་འདོད་པའི་བསྒྲུབ་བྱ་ལ་ལྟོས་ནས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། བྱེད་པ་པོ་ནི་ཐམས་ཅད་ཤེས་པར་འདོད་པ་གྲུབ་པར་འདོད་པ་ཡིན་ལ། འདིའི་ཐམས་ཅད་ཤེས་པ་ཉིད་ནི་ཚད་མ་གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་གྱི། འོན་ཀྱང་གང་ཁོ་ན་ལས་བྱེད་པ་པོ་ཉིད་དུ་གྲུབ་པ་ཁོ་ན་ལས་དེ་ཡང་ཡིན་ལ། དེ་ལྟ་ན་ཡང་བྱེད་པ་པོ་ཐམས་ཅད་ཤེས་པ་ཉིད་གྲུབ་པ་གཅིག་ལ་མ་ཡིན་ནོ། །གལ་ཏེ་དེ་འབྲས་བུ་མ་ལུས་པའི་ཡུལ་ཅན་ཡིན་ཞིང༌། འབྲས་བུ་མ་ལུས་པའི་བྱེད་པ་པོ་ཡིན་ན། དེའི་ཉེ་བར་ལེན་པ་ལ་སོགས་པ་རྟོགས་པའི་ཐམས་ཅད་ཤེས་པ་གཅིག་ངེས་པར་གྲུབ་པ་མ་ཡིན་ཏེ། བྱེད་པ་པོ་དུ་མ་ཡིན་ཡང་གང་ཞིག་ཇི་སྙེད་ལ་བྱེད་པ་པོ་ཡིན་པ་དེ་དེ་སྙེད་ལ་ཐམས་ཅད་ཤེས་པ་ཡིན་པ་ན། བྱེད་པ་པོའི་སྒྲུབ་པར་བྱེད་པ་ལས་ཐམས་ཅད་ཤེས་པ་ཉིད་དུ་མི་འགྲུབ་བོ། །རང་གི་འབྲས་བུ་ཙམ་གྱི་ཉེ་བར་ལེན་པ་ལ་སོགས་པ་ཤེས་པ་ནི་ཐམས་ཅད་ཤེས་པ་ཞེས་བྱ་བ་མ་ཡིན་ཏེ། རྫ་མཁན་ལ་སོགས་པ་ཡང་དེ་ཡིན་པར་ཐལ་བའི་ཕྱིར་རོ། །རྡུལ་གཉིས་ལ་སོགས་པ་དབང་པོ་ལས་འདས་པ་བྱེད་པས་ན་ཐམས་ཅད་བྱེད་པ་མ་ཡིན་ཡང་གཟུགས་ལ་སོགས་པ་རིགས་པ་ཐམས་ཅད་ཤེས་པ་མ་ཡིན་ཏེ། ཁོ་བོ་ཅག་ལ་ལྟོས་ནས་མ་གྲུབ་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཕྱོགས་སུ་བྱེད་ན་གྲུབ་མཐའ་དང་འགལ་བར་འགྱུར་བའི་ཕྱིར་རོ། །དབང་པོ་ལས་འདས་


DTG109_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅུང་ཟད་ཅིག་མཐོང་བས་དེས་ཐམས་ཅད་མཐོང་བ་ནི་མ་ཡིན་ཏེ། རྣལ་འབྱོར་པ་རྣམས་ལ་ཡང་ཕན་ཚུན་ལྟོས་པས་ཁྱད་པར་དུ་འཕགས་པ་དང་དམན་པ་དང་ལྡན་པ་སྲིད་པ་ན་མ་ངེས་པ་བཟློག་ཏུ་མེད་པའི་ཕྱིར་རོ། །གལ་ཏེ་བྱེད་པ་པོ་མང་པོ་ཡོད་ན་རང་དབང་ཡོད་པ་ཉིད་ཀྱིས་ཕན་ཚུན་འགལ་བར་འཇུག་པར་གྱུར་པ་མ་ཡིན་ནམ། དེ་ལྟ་ན་ཡང་གཅིག་གིས་བྱ་བ་གཞན་གྱིས་འཇོམས་པར་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་པས་ན་བྱེད་པ་པོ་གཅིག་ཡིན་ཞིང་དེ་དང་མཉམ་དུ་གྲུབ་པ་ཐམས་ཅད་ཤེས་པ་ཡིན་ནོ་ཞེས་བྱ་བར་ངེས་ཤེ་ན། དེ་ནི་མི་རིགས་ཏེ། གལ་ཏེ་འདོད་ཆགས་དང་བྲལ་བ་དེ་དག་མང་པོ་ཡོད་ཀྱང་ཕན་ཚུན་འགལ་བར་ཇི་ལྟར་འགྱུར། འདོད་ཆགས་དང་བྲལ་བ་ཙམ་གྱིས་ཐམས་ཅད་ཤེས་པར་ཡང་མི་འགྱུར་ཏེ། དེ་དེར་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ལས་གཞན་པའི་སྐྱེ་བོ་དམ་པ་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡང་རྣམ་པར་དཔྱོད་པ་ཡུལ་དུ་བྱུང་བ་དང་ལྡན་པ་རང་བཞིན་གྱི་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་རྗེས་སུ་མཐུན་པའི་སེམས་ཅན་རྣམས་བཞིན་དུ་ཕན་ཚུན་འགལ་བར་ཇི་ལྟར་འགྱུར། འདོད་ཆགས་ལ་སོགས་པ་དང་ལྡན་པའི་རྒྱལ་པོ་རྣམས་སྐྱེ་དགུ་སྐྱོང་བ་བཞིན་ཏེ། རང་གི་བགོ་སྐལ་དང་མཐུན་པར་གནས་ཤིང་ཕན་ཚུན་འཇོམས་པར་མི་བྱེད་དོ། །དེ་ལ་གནོད་པ་བྱེད་པ་ཡང་དམིགས་སོ་ཞེ་ན། འདིར་ཡང་ཅིའི་ཕྱིར་མི་དམིགས་ཏེ། དེ་ལྟར་མངོན་པར་མཐོ་བ་ལ་བརྟེན་པ་ཡང་སླར་ངན་སོང་དང་མངོན་པར་མཐོ་བ་དང་མི་ལྡན་པ་ཡང་སླར་མངོན་པར་མཐོ་བ་དང་ལྡན་པར་སྣང་ངོ༌། །དེ་ལ་འདི་སྐད་དུ་གཅིག་གིས་དེ་དག་ལ་ཕུན་སུམ་ཚོགས་པ་དང་རྒུད་པར་སྐྱེད་པ་ཡིན་ལ། གཞན་གྱི་རྒུད་པ་དང་ཕུན་སུམ་ཚོགས་པར་དྲངས་པ་ཡིན་ནོ་ཞེས་བརྟག་པར་ནུས་སོ། །རྟོག་པ་འདི་ནི་རིགས་པ་དང་ལྡན་པ་ཡང་ཡིན་ཏེ། ཕན་བཏགས་པ་ལ་གློ་བུར་དུ་ཚར་གཅོད་པ་དང་ཚར་གཅོད་པ་ལ་ཕན་འདོགས་པ་ལ་ནི་སེམས་རྣལ་དུ་གནས་པས་བྱེད་པར་མི་འཐད་དོ། །ཕན་གདགས་པར་བྱ་བ་དང་ཚར་གཅད་པར་བྱ་བ་དག་ཆོས་དང་ཆོས་མ་ཡིན་པ་བྱེད་དུ་བཅུག་པ་ཡང་སླར་ཆོས་མ་ཡིན་པ་དང་ཆོས་གཞན་ལ་འཇུག་པ་ཡང་མ་ཡིན་ནོ། །གལ་ཏེ་བྱེད་པ་པོ་གཅིག་ཏུ་


DTG109_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ན་རྟོགས་པར་སླ་བའི་ཕྱིར་དང༌། དུ་མ་མ་བཟློག་པ་ཡིན་པའི་ཕྱིར་བྱེད་པ་པོ་གཅིག་ཏུ་རྟོགས་པ་ཁོ་ནར་རིགས་པ་མ་ཡིན་ནམ་ཞེ་ན། འདི་ལ་ཚད་མའི་བྱེད་པ་ནི་མེད་དོ། །སླའོ་ཞེས་བྱ་བ་ཁོ་ནས་ནི་རྟོགས་པ་ཚད་མ་དང་ལྡན་པ་མ་ཡིན་ཞིང་དཀའོ་ཞེས་བྱ་བས་ཀྱང་བྲལ་བ་མ་ཡིན་ཏེ། བྱེད་པ་མ་མཐོང་བའི་བུམ་པ་ལ་སོགས་པ་ལ་གཞན་དུ་མཐོང་བས་ན། རྟོགས་པར་སླ་བ་ལ་ཆགས་པ་ཁྱོད་ཀྱིས་བྱེད་པ་པོ་གཅིག་ཏུ་བརྟག་པར་བྱ་བར་འགྱུར་རོ། །བརྡ་སྤྲོད་པའི་མདོར་བྱས་པ་ཁོ་ན་དཀའ་བ་དང༌། ཟོར་ཡང་པའི་བསམ་པ་འཐད་པ་ཡིན་ན་ཁྱེད་ནི་སྔར་མ་བྱུང་བའི་ཚད་མ་བ་ཡིན་ནོ། །འདིར་ཡང་དེ་ལ་གཅེས་སུ་བྱེད་པས་ན་ཅི་ཞིག་སྨྲར་ཡོད། ཐ་དད་པ་སྒྲུབ་པར་བྱེད་པའི་ཚད་མ་མེད་པ་ཡང་བརྟག་པར་སླ་བས་བཤད་ཟིན་ཏོ། །དེའི་ཕྱིར་བྱེད་པ་པོ་གཅིག་ཏུ་ངེས་པ་ལ་ཐབས་ཅི་ཡང་མེད་ཅིང༌། དེ་མ་ངེས་པར་ཡང་འདོད་པས་ཡུལ་དུ་བྱས་པའི་ཐམས་ཅད་ཤེས་པ་ཉིད་མི་ངེས་པས་ན། བྱེད་པ་པོའི་སྒྲུབ་བྱེད་ཐམས་ཅད་ནི་འདོད་པའི་བསྒྲུབ་བྱ་ལ་ལྟོས་ནས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གཞན་གྱིས་རབ་ཏུ་སྦྱར་བའི་དབང་ཕྱུག་གི་སྒྲུབ་བྱེད་རྣམས་ལ་ཁོ་བོ་ཅག་འགལ་བ་མི་འཁྲུལ་བ་འགོད་པ་མ་ཡིན་གྱི། འོན་ཀྱང་སྒྲུབ་བྱེད་སུན་འབྱིན་པ་ཁོ་ན་སྟེ། མང་དུ་སྨྲ་བས་ཆོག་གོ །དེའི་ཕྱིར་འདི་སྒྲུབ་པར་བྱེད་པའི་ཚད་མ་མེད་ཅིང་གནོད་པར་བྱེད་པ་ནི་ཁ་ན་མ་ཐོ་བ་མེད་པར་ཡོད་པས་ན་འདུས་བྱས་བྱེད་པ་པོ་མེད་པར་གྲུབ་པ་ཡིན་ཏེ། དེ་སྐད་དུ་ཡང༌། དབང་ཕྱུག་སྩོགས་མིན་རིམ་སྩོགས་ཕྱིར། །ཞེས་གསུངས་སོ། །འོན་ཏེ་ཇི་ལྟར་མདོ་སྡེ་པ་རྣམས་ཀྱི་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་དོན་ཡུལ་ཅན་ཡིན་པ་དེ་བཞིན་དུ་འདི་དག་གི་ལྟར་ན་ཡང་ཡིན་ནམ། དེ་ལྟ་ནི་མ་ཡིན་གྱི་འོན་ཀྱང༌། རྣམ་པ་མེད་པའི་དབང་སྐུ་བློས། །རྡུལ་ཕྲན་བསགས་པ་དངོས་སུ་རིག །དབང་པོ་སྟེ་དབང་བྱེད་པ་རྣམས་ལས་སྐྱེས་པའི་བློ་མངོན་སུམ་ཞེས་བྱ་བའི་བློ་གྲོས་ཡུལ་གྱི་རྣམ་པ་མེད་པས། དེ་དག་གི་བཞིན་རྣམ་པས་བར་དུ་ཚོད་པ་བཏགས་པ་ལྟར་མ་ཡིན་པར་དངོས་སུ་རྡུལ་ཕྲན་ཏེ་རྡུལ་ཕྲ་རབ་བསགས་པ་ཕུང་པོའི་རིག་སྟེ་ཤེས་པ་ཡིན་གྱི། གཞན་གྱི་བཞིན་


DTG109_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡན་ལག་ཅན་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ནི་དབང་པོ་ལས་འདས་པ་ཡིན་ན་ཇི་ལྟར་དེ་དག་སྣང་དུ་རུང་ཞེ་ན། དེ་དག་རེ་རེ་བ་ནི་དབང་པོ་ལས་འདས་པ་ཡིན་ལ་རིགས་མཐུན་པ་གཞན་དང་ལྷན་ཅིག་པ་ནི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཁོ་ནའོ། །སོ་སོར་སྣང་དུ་མི་རུང་བ་གང་ཡིན་པ་དེ་དག་འདུས་ཀྱང་སྣང་དུ་མི་རུང་བའི་ངེས་པ་ནི་མེད་དེ། སྐྲ་ལ་སོགས་པ་གྲམ་པ་རྣམས་ཐག་རིང་པོ་ནས་མི་མཐོང་བ་ཡང༌། སྦམ་པ་དམིགས་པའི་ཕྱིར་རོ། །ཁ་ཆེ་བྱེ་བྲག་སྨྲ་བའི་གཞུང༌། །དེ་ལྟར་བློ་དང་ལྡན་རྣམས་བཞེད། །ཁ་ཆེ་བ་རྣམས་ཀྱི་གཞུང་སྟེ། །མངོན་པ་དེ་ལྟ་དེ་ལྟ་བུའི་ངོ་བོར་བློ་དང་ལྡན་པ་མཁས་པ་རྣམས་བཞེད་དེ། འདོད་པ་ཡིན་ནོ། །འོ་ན་མདོ་སྡེ་པ་རྣམས་ཀྱི་གྲུབ་མཐའ་གང་ཡིན་ཞེ་ན། རང་གི་རྣམ་ཅན་ཤེས་སྐྱེས་པའི། །དབང་པོ་སྤྱོད་ཡུལ་སྣང་རུང་མིན། །མིག་ལ་སོགས་པ་དབང་པོ་རྣམས་ཀྱི་སྤྱོད་ཡུལ་ཏེ་གཟུགས་ལ་སོགས་པའི་ཡུལ་རྣམས་སྣང་རུང་སྟེ། རང་བཞིན་ངོ་བོས་མཐོང་དུ་རུང་བ་མ་ཡིན་ནོ། །གང་གི་ཕྱིར་དེ་དག་ནི་རང་དང་འདྲ་བའི་རྣམ་པ་གང་ལ་ཡོད་པ་ཤེས་པ་དེའི་ཕྱིར་རོ། །དེ་དག་དབང་པོའི་སྤྱོད་ཡུལ་ཇི་ལྟར་ཡིན་ཞེ་ན། དེ་ལྟ་བུར་གྱུར་པ་ཡིན་པ་ན་དབང་པོའི་སྤྱོད་ཡུལ་ཉིད་དུ་ཐ་སྙད་འདོགས་སོ། །མདོ་སྡེ་པ་ལྟར་བྱེ་བྲག་ཏུ་སྨྲ་བའི་རང་བཞིན་དུ་ཤེས་པ་རྣམ་པ་མེད་པ་ལ་གཟུགས་ལ་སོགས་པ་གསལ་བ་ཡིན་ཏེ། དེ་དག་རང་ཉིད་གསལ་བའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་ཡིན་ན་ནི་སྔོན་པོ་ཉིད་ལ་སོགས་པ་བཞིན་དུ་ཤེས་པ་ལ་མི་ལྟོས་པར་ཐལ་བའི་ཕྱིར་རོ། །སྐད་ཅིག་མ་ཉིད་མ་ཡིན་ན་དེའི་བདག་ཉིད་ནི་དེ་དག་ཉིད་བཞིན་དུ་ཤེས་པས་བྱེད་པ་མི་འཐད་པའི་ཕྱིར་དང༌། དོན་གཞན་བྱེད་ན་ཡང་དེ་དག་གི་གནས་སྐབས་དེ་ཡིན་པས་སྔ་མཁོ་བཞིན་དུ་གསལ་བ་མི་འཐད་པའི་ཕྱིར་རོ། །སྐད་ཅིག་མ་ཡིན་ན་ཡང་རྟོགས་པ་པོ་ཐམས་ཅད་ཐུན་མོང་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མི་གསལ་བ་ཁོ་ནའོ། །ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་ནི་ཤེས་པ་འདི་ཉིད་སྔོན་པོ་ལ་སོགས་པའི་རྣམ་པར་གསལ་བ་ཡིན་ནོ། །གལ་ཏེ་གསལ་བ་ཤེས་པ་ཁོ་ན་ཡིན་ན་དེའི་ཚེ་ཕྱི་རོལ་གྱི་དོན་ཡོད་དོ་ཞེས་བྱ་བ་ག་ལས་ཤེ་ན། ཕྱི་རོལ་ལྡོག་


DTG109_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གྲུབ་འགྱུར། །གང་གི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་སྣང་བ་མ་ཡིན་ལ། རང་གི་ཉེ་བར་ལེན་པ་ཙམ་གྱི་སྟོབས་ཀྱིས་འབྱུང་བ་ཡིན་པ་འདི་མི་འཐད་དོ། །དེའི་ཕྱིར་གང་གི་སྟོབས་ཀྱིས་འགའ་ཞིག་ཏུ་འགའ་ཞིག་གི་ཚེ་འགྱུར་བ་འདི་དག་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་ཐ་དད་པ་ཅུང་ཟད་ཅིག་ཡོད་པ་ཡིན་ནོ་ཞེས་ངེས་པར་ནུས་པ་ཡིན་ནོ། །ཅི་སྟེ་ཅི་འདི་དག་གི་ལྟར་ན་སྔ་མ་རྣམས་ཀྱི་བཞིན་དུ་འདུས་མ་བྱས་ཡོད་པ་ཡིན་ནམ། མེད་དེ། འདི་ལྟར་འདི་དག་གི་ལྟར་ན། །ནམ་མཁའ་མོ་གཤམ་བུ་བཞིན་ཏེ། །འགོག་པ་གཉིས་ནི་ནམ་མཁའ་འདྲ། །ནམ་མཁའ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱིས་མོ་གཤམ་གྱི་བུ་དང་མཚུངས་ཤིང༌། འགོག་པ་གཉིས་ཀྱང་དེ་ལྟ་བུའི་ནམ་མཁའ་དང་འདྲ་ཞིང་བསྒྲེས་པ་ཡིན་ཏེ། དེ་དག་ཀྱང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོགས་པ་དང་བཅས་པའི་རྫས་མེད་པ་ཙམ་ནམ་མཁའ་ཡིན་གྱི་ནམ་མཁའ་ཞེས་བྱ་བ་ཅི་ཡང་མེད་དོ། །གང་ན་ཐོགས་པ་དང་བཅས་པའི་རྫས་ཡོད་པ་དེར་ནི་ནམ་མཁའ་གོ་མི་འབྱེད་ལ། གང་ན་མེད་པར་ནི་དེ་མེད་པ་ཉིད་ཀྱིས་འབྱེད་བ་གྲུབ་པས་ན། ནམ་མཁའ་གང་དུ་གོ་འབྱེད་པར་བྱེད། དེས་ན་དེ་ཡོད་པ་ཐམས་ཅད་ལ་ཐམས་ཅད་དུ་གོ་སྐབས་ཡོད་པར་འགྱུར་ལ། དེ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་ནམ་མཁའ་མེད་པ་ཉིད་དོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །སོ་སོར་བརྟགས་པའི་འགོག་པ་ཡང་དཔྱད་ན་མི་འཐད་དོ། །དེ་ནི་ཉོན་མོངས་པ་འགོག་པར་འདོད་ལ། སྐྱེས་པ་རྣམས་ཀྱི་གཞན་གྱིས་འཇིག་པ་མ་ཡིན་ཏེ། དེའི་རྒྱུ་མེད་པ་ཡིན་པའི་ཕྱིར་རོ། །རྒྱུ་དང་ལྡན་པ་ཡིན་ཡང་ལམ་ཁོ་ན་རྒྱུ་ཡིན་ལ། དེ་ཁོ་ན་ཉོན་མོངས་པ་འགོག་པ་ཡིན་པས་ན་དེ་ཞོག་ཅིག །མ་སྐྱེས་པ་རྣམས་ཀྱི་ཡང་རྒྱུ་ཚང་བ་ཡིན་ན་སྐྱེས་པའི་གེགས་ག་ལ་ཡོད། དེ་ལྟ་ཡིན་ཡང་གེགས་བྱེད་པ་ན་སོ་སོར་བརྟགས་པའི་འགོག་པ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར། ནམ་ཡང་ཉོན་མོངས་པ་མི་སྐྱེས་པའི་ཕྱིར་འཁོར་བ་མེད་པར་འགྱུར་རོ། །རྒྱུ་མ་ཚང་ན་ཡང་ཉེས་པ་རྣམས་རང་ཉིད་མི་འབྱུང་བས་ན་དེ་ལ་འགོག་པས་ཅི་བྱེད། དེ་ཉིད་ཀྱི་རྒྱུ་མ་ཚང་བ་ཡིན་ན་འདས་མ་ཐག་པའི་ཐལ་བ་ཡིན་ནོ། །


DTG109_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བཤད་པ་ཡིན་ནོ། །ཅི་འདི་དག་གི་ལྟར་ན་སྔ་མ་རྣམས་ཀྱིས་བཞིན་དུ་མཚུངས་པར་མི་ལྡན་པའི་འདུ་བྱེད་ཡོད་དམ། རིགས་མིན་འདུ་བྱེད་ཡོད་མ་ཡིན། །རིགས་མིན་ཏེ་རྟོགས་པའི་ངོ་བོ་མ་ཡིན། སེམས་དང་སེམས་ལས་བྱུང་བ་ལས་མ་གཏོགས་པ། ཐོབ་པ་དང་མ་ཐོབ་པ་དང་སྐལ་བ་དང་མཉམ་པ་ཉིད་དང་མིང་གི་ཚོགས་ལ་སོགས་པ་ཡོད་པ་མ་ཡིན་ནོ། །རིགས་མིན་ཞེས་བཤད་པས་ན་ཚོར་བ་ལ་སོགས་པར་མཚུངས་པར་ལྡན་པ་རྣམས་མི་དགག་སྟེ། ཚོར་དང་སེམས་པ་འདུ་ཤེས་དང། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་མོ་མོས་པ་དང༌། །ཏིང་འཛིན་སེམས་ཅན་ཐམས་ཅད་ལ། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐོབ་པ་ལ་སོགས་པའི་སུན་འབྱིན་པ་ནི་བསྟན་བཅོས་གཞན་ལས་ཁོང་དུ་ཆུད་པར་བྱ་སྟེ། གཞུང་མངས་པས་འཇིགས་པས་འདིར་ནི་མི་བྲིའོ། །ཅི་འདི་དག་གི་ལྟར་ན་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་ཆོས་མ་འོངས་པའི་དུས་ནས་འཕོས་ནས་ད་ལྟར་གྱི་དུས་སུ་འོང་ལ་ད་ལྟར་ནས་འདས་པར་རོ་ཞེས་རྣམ་པར་འཇོག་པ་ན་བུ་ཡིན་ནམ། མ་ཡིན་ཏེ། དུས་རྗེས་སུ་མ་རྗེས་སུ་འཇུག་པ་མེད། །མ་འོངས་པ་ལ་སོགས་པ་ནི་དུས་གསུམ་ཡིན་ལ། དེའི་རྗེས་སུ་འཇུག་པ་སྟེ། དངོས་པོ་རྣམས་རྗེས་སུ་འགྲོ་བ་དེ་དག་གི་ལྟར་ན་ཡོད་པ་མ་ཡིན་ཏེ། སྐད་ཅིག་མར་འཇིག་པས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང༌། དུས་སུ་འཕོ་བ་མེད་པའི་ཕྱིར་རོ། །གང་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་གཟུགས་བཅུ་གཅིག་པ་འདོད་དེ། གཡེངས་དང་སེམས་མེད་པ་ལ་ཡང༌། །དགེ་དང་མི་དགེ་རྗེས་འབྲེལ་གང༌། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་བྱ་བ་དེ་ཡང་འདི་དག་གི་ལྟར་ན་ཡོད་པ་མ་ཡིན་ཏེ། ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་གསུངས་སོ། །ཐོགས་པ་སྟེ་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་བྱེད་པ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་གཟུགས་གང་ལ་མེད་པ་དེ་ཡང་ཡོད་པ་མ་ཡིན་ཏེ། མེད་པ་ཡིན་ལ། འདིའི་ཡང་སུན་འབྱིན་པ་གཞན་དུ་


DTG109_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་བར་བྱའོ། །སྐད་ཅིག་མ་ཉིད་དང་བདག་ཉིད་མེད་པ་ཉིད་དང་བྱེད་པ་པོ་མེད་པར་རྡུལ་ཕྲན་བསགས་པའི་གཟུགས་ཏེ། མ་བཀག་པ་གང་ཡིན་པ་དེ་ནི་འདི་དག་ཀྱང་འདོད་པ་ཁོ་ན་ཡིན་ཏེ། གཞན་གྱི་ཚིག་མ་བཀག་པ་ནི། འདོད་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། དེ་ལྟར་མདོ་སྡེའི་སྒོ་ནས་སྤྱོད་པའི་མདོ་སྡེ་རྣམས་ཀྱིས་རྟོགས་ཏེ་ཤེས་པ་ཡིན་ནོ། །ཇི་སྟེ་རྣལ་འབྱོར་སྤྱོད་པ་རྣམས་ཅི་ལྟར་བརྗོད་ཅེ་ན། བརྗོད་པ་ཡན་ལག་ཅན་ཞེས་བྱ་བ་ནི། ཡོད་མིན་རྡུལ་ཕྲན་རྣམས་ཀྱང་མེད། །རྣལ་འབྱོར་སྤྱོད་པ་རྣམས་ནི་ཁམས་གསུམ་པ་འདི་རྣམ་པར་རིག་པ་ཙམ་ཡིན་ལ་ཕྱི་རོལ་གྱི་དོན་ནི་ནམ་མཁའི་པདྨའི་རང་བཞིན་ཅན་ཡིན་ནོ་ཞེས་སྨྲའོ། །ཕྱི་རོལ་གྱི་དོན་ཡང་གཞན་གྱི་ཡོན་ཏན་དང་རྫས་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་མང་པོར་བརྟགས་པ་ཡིན་ལ། དེ་ལ་ཡོན་ཏན་ལ་སོགས་པ་ཆོས་རྣམས་ཀྱི་རྟེན་རྫས་ཡིན་ཏེ། དེ་བཀག་པ་ཉིད་ཀྱིས་དེ་དག་དྲུངས་ཕྱུང་བར་འགྱུར་བས་ན་གུད་དུ་སུན་དབྱུང་བས་བརྟག་པར་མི་བྱའོ། །དུ་བ་ཅན་མེད་ན་འདུ་བ་ཡོད་པ་མ་ཡིན་པས་ན་དེའི་སུན་འབྱུང་བ་ཡང་རྗེས་སུ་མི་བྱའོ། །རྫས་ཀྱང་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་དང་ཕྱོགས་དང་བདག་དང་ཡིད་ཅེས་བྱ་བ་རྣམ་པ་དགུ་ཡིན་ནོ། །དེ་ལ་བདག་ནི་སྔར་ཉིད་དུ་བཀག་ཟིན་ཏོ། །ནམ་མཁའ་ནི་སྒྲའི་ཡོན་ཏན་ཅན་དུ་འདོད་ལ། དེ་ཡང་གཅིག་ཡིན་པས་ན་ཡུལ་མཚུངས་པའི་ཕྱིར་སྒྲ་ཐམས་ཅད་བྱེ་བྲག་ཏུ་ཐོས་པར་མི་འགྱུར་རོ། །དེའི་ཕྱིར་ཡུལ་ཐག་ཉེ་བ་བཞིན་དུ་ཡུལ་ཐག་རིང་བར་འདོད་པས་ཀྱང་ཐོས་པའམ། ཡང་ན་གཞན་ནས་ཀྱང་མ་ཡིན་ནོ། །ཕྱོགས་དང་དུས་ཀྱང་གཅིག་ཡིན་པའི་ཕྱིར་སྔ་མ་དང་ཕྱི་མ་ལ་སོགས་པའི་རྟོགས་པ་མི་འཐད་དོ། །ཁྱད་པར་དུ་བྱེད་པའི་བྱེ་བྲག་གིས་རྟོགས་པའི་དབྱེ་བ་འདི་ཡིན་ནོ་ཞེ་ན། ཅི་ཁྱད་པར་དུ་བྱེད་པ་རྣམས་ཀྱི་སྔ་མ་དང་ཕྱི་མ་རང་ལས་ཡིན་ནམ། འོན་ཏེ་གཞན་ལས་ཡིན་ཕྱོགས་དང་པོ་ལ་དེ་ཉིད་ལས་རྟོགས་པ་དེ་གྲུབ་པའི་ཕྱིར་དེ་དག་དོན་མེད་དོ། །གཉིས་པ་ལ་ནི་གལ་ཏེ་དེ་དེ་དག་ཉིད་ལས་ཡིན་ན། དེ་གཅིག་ཡིན་པའི་ཕྱིར་དེ་དག་མི་སྲིད་དོ། །གཞན་ལས་ཡིན་ནོ་ཞེ་ན། དེ་དག་དོན་མེད་པ་གནས་སྐབས་དེ་ཉིད་ཡིན་ནོ། །བདག་


DTG109_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་བཞིན་དུ་འདི་དག་ཁྱབ་པ་ཉིད་དགག་པར་བྱའོ། །ནམ་མཁའ་དང་ཕྱོགས་འདི་དག་གཅིག་ཡིན་ཞིང༌། ལྷན་ཅིག་བྱེད་པ་ཚང་བ་དང་མ་ཚང་བ་དག་གི་ཚེ་ཡང་རང་བཞིན་ཁྱད་པར་མེད་པ་ཡིན་ན། འགའ་ཞིག་ཁོ་ནའི་ཚེ་འབྲས་བུ་སྐྱེད་པར་ཅི་ལྟར་འགྱུར། དེ་ལྟར་ཡང༌། དེ་དག་ནུས་དང་ནུས་མེད་པ། །ངོ་བོ་ཉིད་ཀྱི་གནས་པ་གང༌། །རྟག་ཕྱིར་བསྒྱུར་དུ་མེད་པ་ལ། །གང་གིས་དེ་ནི་དགག་པར་ནུས། །ཞེའོ། །ཡིད་སྨྲ་བ་རྣམས་ཀྱི་ཡིད་ནི་གཅིག་ཤེས་པ་མི་སྐྱེ་བས་རྗེས་སུ་དཔག་པར་བྱ་བ་ཡིན་ན། གར་མཁན་ལ་ལྟ་བ་ལ་སོགས་པའི་ཅིག་ཅར་བའི་ཤེས་པ་ནི་ཉམས་སུ་མྱོང་བ་ཁོ་ན་ཡིན་ལ། དེ་ཡོད་ན་ནི་འདི་ནམ་ཡང་མི་འཐད་དོ། །དེས་ན་ནམ་མཁའ་ལ་སོགས་པ་ནི་མེད་པ་ཁོ་ནའོ། །ས་ལ་སོགས་པ་ལྷག་ལུས་པ་ཡིན་ལ། དེ་དག་ཀྱང་ཡན་ལག་ཅན་དང་རྡུལ་ཕྲ་རབ་ཀྱི་བྱེ་བྲག་རྣམ་པ་གཉིས་སུ་འདོད་དོ། །དེ་ལ་རྡུལ་གཉིས་པ་ལ་སོགས་པའི་རིམ་གྱིས་རྡུལ་ཕྲ་རབ་རྣམས་ཀྱིས་བརྩམས་པའི་བུམ་པ་ལ་སོགས་པའི་ཡན་ལག་ཅན་གང་ཡིན་པ་དེ་ནི་ཡོད་མིན་ཏེ། མེད་པ་ཉིད་དེ། དེ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པའི་ཕྱིར་རོ། །དེ་ལྟ་དེ་ལྟར་བཀོད་པ་ཡིས། །ཆ་རྣམས་ཉིད་ནི་སྣང་བ་ཡིན། །དེ་དང་ལྡན་པ་ཆ་མེད་པ། །གཞན་ནི་སྣང་བ་མ་ཡིན་ཉིད། །ཡན་ལག་གཅིག་ཁ་བསྒྱུར་བའམ་གཡོ་བ་ན། དེ་ལ་འདུས་པ་དེ་ལ་དེ་དག་མེད་པས་ན་དེ་ལ་ཡང་ཁམ་བསྒྱུར་བ་དང་གཡོ་བ་མེད་པར་དམིགས་པར་འགྱུར་ཞིང་ཡོད་ན་གཞན་ལ་ཡང་ཁ་བསྒྱུར་བ་དང་གཡོ་བ་དང་བཅས་པར་དམིགས་པར་ཐལ་བའི་ཕྱིར་རོ། །ཡན་ལག་གཅིག་བསྒྲིབས་པ་ན་དེ་ལ་ཡང་མ་བསྒྲིབས་པར་དམིགས་པར་ཐལ་ཞིང༌། བསྒྲིབས་ན་གཞན་ལ་ཡང་མི་དམིགས་པར་ཐལ་བའི་ཕྱིར་རོ། །བྱེ་བྲག་པ་རྣམས་ཀྱི་ལྟར་ན་དེ་དག་རྩོམ་པར་བྱེད་པ་དང༌། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟ་བ་ལྟར་ན་དངོས་སུ་དབང་པོའི་སྤྱོད་ཡུལ་ཡིན་པ་དང༌། མདོ་སྡེ་པ་རྣམས་ཀྱི་ལྟར་ན་རང་གི་རྣམ་པ་འཇོག་པར་བྱེད་པའི་རྡུལ་ཕྲན་གང་ཡིན་པ་དེ་དག་ཀྱང་མེད་དོ། །རྡུལ་ཕྲ་རབ་ནི་གཅིག་ཏུ་གྲུབ་པ་ཡོད་པ་མ་ཡིན་ཏེ། སྟེང་འོག་དང་ཕྱོགས་བཞི་དབུས་ན་གནས་པའི་རྡུལ་ཕྲན་དེ་ངེས་པར་


DTG109_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་དྲུག་ཏུ་འགྱུར་བའི་ཕྱིར་རོ། །འདིའི་ཤར་གྱི་རྡུལ་ཕྲན་ལ་ཉེ་བའི་རང་བཞིན་གང་ཡིན་པ་དེ་ཉིད་རྡུལ་ཕྲན་གཞན་ལ་ཉེ་བ་མི་འཐད་དེ། དེ་དག་ཡུལ་གཅིག་ཏུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཤར་གྱི་རྡུལ་ཕྲན་ལ་ཉེ་བའི་རང་བཞིན་གྱིས་གལ་ཏེ་རྡུལ་ཕྲན་གཞན་ལ་ཉེ་ན་དེ་ཡང་དེ་ན་ཡོད་པར་འགྱུར་རོ། །འབྱར་བ་མེད་ཀྱང་མངོན་དུ་ཕྱོགས་པ་ཙམ་ལ་ཡང་ཚུལ་འདི་ཉིད་ཡིན་ནོ། །དེས་ན་གོང་བུ་རྡུལ་ཕྲ་རབ་ཙམ་དུ་འགྱུར་བ་ཡིན་ཏེ། འབྱར་ཡང་ཡུལ་གཞན་གནས་པ་དང༌། །བར་མེད་རྣམ་པར་གནས་ཀྱང་རུང༌། །དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །ལྟ་བའི་རང་བཞིན་གང་ཡིན་པ། །རང་བཞིན་གཞན་ལ་ལྟ་བ་ཡང༌། །གལ་ཏེ་དེ་ཉིད་ཡིན་རྟོགས་ན། །དེ་ལྟ་ཡིན་ན་རི་ལ་སོགས། །བསགས་པ་རིགས་པ་མ་ཡིན་ནོ། །ཞེས་གང་བཤད་པ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་དེ་དག་རང་བཞིན་ཐ་དད་པར་ཁས་བླངས་དགོས་སོ། །དེ་དག་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་བྱང་དང༌། ལྷོ་དང༌། སྟེང་དང༌། འོག་གི་རྡུལ་ཕྲ་རབ་ཉེ་བའི་རང་བཞིན་རྣམས་ཐ་དད་པས་ན། རྡུལ་ཕྲ་རབ་ཆ་དྲུག་ཉིད་ནན་གྱིས་ཐོབ་པོ། །དེ་སྐད་དུ། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་གོ་གཅིག་ཡིན་པའི་ཕྱིར། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །གཅིག་མ་གྲུབ་པ་ན་དུ་མ་འགྲུབ་པ་མ་ཡིན་པས་ན། རྡུལ་ཕྲ་རབ་རྣམས་མེད་པ་ཡིན་ནོ། །སྤྱོད་པ་པ་རྣམས་རྡུལ་ཕྲ་རབ་ངེས་པར་འདོད་པ་མ་ཡིན་པས་ན། རྡུལ་ཕྲ་རབ་སུན་ཕྱུང་པ་ཙམ་གྱིས་ཡན་ལག་ཅན་བཀག་པ་ཡིན་པས་ན་གུད་དུ་དེ་སུན་འབྱིན་པ་མེད་པ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན། འོ་ན་སྣང་བ་འདི་ཅིའི་ཡུལ་ཅན་ཡིན་ཞེ་ན། སྣང་བ་དམིགས་པ་མེད་པ་ཡིན། སྣང་བ་འདི་ནི་ཡུལ་དང་བྲལ་བ་ཡིན་ཏེ། འདིའི་ཡུལ་ལ་བརྒལ་ཞིང་བརྟག་པ་ཅི་ཡོད། ཡུལ་མེད་ན་བློ་སྐྱེ་བར་མི་འདོད་པ་མ་ཡིན་ནམ། དེ་ན་སྣང་བ་འདི་དམིགས་པ་མེད་པར་མི་རིགས་སོ་ཞེ་ན། མི་རིགས་པ་མ་ཡིན་ཏེ། ཡུལ་ཡོད་པ་ན་དམིགས་པ་དང་བཅས་པར་འགྱུར་ཞིང༌། དེ་ཡང་ཡན་ལག་ཅན་ནམ་རྡུལ་ཕྲན་བསགས་པ་ཡིན་དགོས་ན། དེ་གཉི་ག་ཡང་བཤད་མ་ཐག་པའི་གནོད་


DTG109_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཚད་མས་གཟུང་བའི་ལུས་ཅན་ཡིན་པས་ནམ་མཁའི་པདྨ་དང་ཁྱད་པར་མེད་དོ། །དེས་ན་རྣམ་པར་ཤེས་པ་ཡུལ་མེད་པ་ཉིད་འདི་ནན་གྱིས་འོངས་པས་ན་མི་འདོད་པས་བཟློག་པར་མི་ནུས་སོ། །འདི་ཡི་ཕྱིར་ཡང་སྣང་བ་འདི། །དམིགས་པ་མེད་པ་ཡིན་ཏེ། རྨི་ལམ་ཉམས་སུ་མྱོང་དང་མཚུངས། །ཞེས་གསུངས་སོ། །རྨི་ལམ་ནི་གཉིད་ཡིན་ལ། དེར་སྔོན་པོ་ལ་སོགས་པའི་རྟོག་པ་ཉམས་སུ་མྱོང་བ་གང་ཡིན་པ་དེ་དང་སྣང་བ་འདི་མཚུངས་ཤིང་འདྲ་བ་ཡིན་ན། དོན་མེད་པ་ཅི་ལྟར་མ་ཡིན། རྣམ་པར་ཤེས་པ་བྱེ་བྲག་མེད་པར་དམིགས་པ་ལ་ངེས་པ་ནི་མ་ཡིན་ཏེ། རྨི་ལམ་གྱི་ཤེས་པས་འཁྲུལ་པའི་ཕྱིར་རོ། །རྨི་ལམ་གྱི་ཤེས་པ་དམིགས་པ་མེད་པར་རིགས་པ་ཁོ་ན་ཡིན་ལ། རྨི་ལམ་དང༌། སད་པའི་མྱོང་བ་ལ་ཁྱད་པར་འགའ་ཡང་མེད་དེ། རྣམ་པ་ཐམས་ཅད་དུ་ཆོས་མཐུན་པར་མཐོང་བའི་ཕྱིར་རོ། །དམིགས་པ་མེད་པ་ལས་ཁྱད་པར་མཐོང་བའི་རྣམ་པར་ཤེས་པ་ནི་དམིགས་པ་དང་འབྲེལ་པར་མི་རིགས་སོ། །སྦྱོར་བ་ནི་གང་ཞིག་དམིགས་པ་མེད་པའི་རྣམ་པར་ཤེས་པ་ལས་ཁྱད་པར་མེད་པ་དེ་ནི་དམིགས་པ་མེད་པ་ཡིན་ཏེ། དཔེར་ན་ནམ་མཁའི་སྐྲ་ཤད་མཐོང་བ་གཅིག་ལས་གཉིས་པ་བཞིན་ནོ། །རྩོད་པའི་གཞི་སད་པའི་རྣམ་པར་ཤེས་པ་ཡང་དམིགས་པ་མེད་པའི་རྨི་ལམ་གྱི་ཤེས་པ་དང་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཇི་སྟེ་རྨི་ལམ་ལ་སོགས་པའི་ཤེས་པའི་ཡང་དམིགས་པ་དང་བཅས་པ་ཁོ་ན་སྟེ། ཡུལ་གཞན་ལ་སོགས་པར་མཐོང་བ་དེས་ཤེས་པའི་ཕྱིར་རོ། །དེ་སྐད་དུ། རྨི་ལམ་ལ་སོགས་ཤེས་པ་ལ། །ཕྱི་རོལ་མེད་པར་ཡོད་མི་འདོད། །ཀུན་ཏུ་དམིགས་པ་ཕྱི་རོལ་ཏེ། །ཡུལ་དུས་གཞན་གྱིས་བདག་ཉིད་ཅན། །ཞེས་གང་སྨྲས་པ་ཡིན་ནོ། །དེས་ན་ཁྱད་པར་མ་གྲུབ་པའི་ཕྱིར་འདི་མ་གྲུབ་པའི་གཏན་ཚིགས་ཡིན་ཞིང༌། དཔེ་ཡང་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཆོས་མ་ཚང་བ་ཡིན་ནོ་སྙམ་ན། དེ་ནི་མི་བདེན་ཏེ། རྨི་ལམ་ལ་སོགས་པ་ཤེས་པའི་དམིགས་པ་མི་འཐད་པའི་ཕྱིར་རོ། །འདི་ལྟར་འཛིན་པའི་ངོ་བོ་འམ། དྲན་པའི་ངོ་བོ་ཡིན་གྲང་ན། དེ་ལ་རེ་ཞིག་འཛིན་པ་ནི་མ་ཡིན་ཏེ། འཛིན་པ་ནི་སྔོན་གཟུང་བ་ལ་མི་


DTG109_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པའི་ཕྱིར། སྔོན་མཐོང་བའི་ཡུལ་འཛིན་པའི་ངེས་པ་མེད་པར་འགྱུར་ཏེ། མཐོང་བ་གཞན་བཞིན་ནོ། །རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། ད་ལྟར་བྱུང་བའི་ཡུལ་ཅན་ཡིན་པའི་ཕྱིར་དང༌། གསལ་བར་སྣང་བའི་ཕྱིར། འདི་དྲན་པའི་ངོ་བོར་ཡང་བརྟག་པ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་འདི་ཇི་ལྟར་ཡུལ་གཞན་ལ་སོགས་པར་མཐོང་བའི་དངོས་པོའི་ཡུལ་ཅན་ཡིན་ཞེས་བྱ་བ་མི་ཤེས་སོ། །གཞན་ཡང་རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་ན་འགའ་ཡང་ཚད་མ་ཡིན་པར་མི་འགྱུར་རོ། །རྣམ་པ་གཞན་དུ་འཛིན་པས་ན་ཚད་མ་མ་ཡིན་པ་ཡིན་ནོ་ཞེ་ན། གལ་ཏེ་རང་གི་ངོ་བོར་གཟུང་ན་ཇི་ལྟར་རྣམ་པ་གཞན་དུ་ཡིན། འོན་ཏེ་གཞན་གྱི་ངོ་བོར་འཛིན་ན་གཞན་གྱི་ངོ་བོ་སྣང་བས་ནི་གཞན་ཁོ་ན་འཛིན་པ་ཡིན་གྱིས། དེ་ནི་མ་ཡིན་ནོ། །གཞན་གྱི་ངོ་བོ་འཛིན་པ་ནི་མ་ཡིན་གྱི། གཞན་གྱི་ཚུལ་དུའོ་ཞེ་ན། གལ་ཏེ་དེ་རང་གི་ངོ་བོ་སྣང་བ་ཡིན་ན། དེ་འོ་ན་གཞན་གྱི་ཚུལ་དུ་ཅི་ལྟར་ཡིན། ཅི་སྟེ་མ་ཡིན་ན་འདི་དེའི་ཡིན་པར་ཇི་ལྟར་འགྱུར། ཡུལ་དང་དུས་གཞན་དུ་རང་གི་ངོ་བོ་འཛིན་པ་ཉིད་རྣམ་པ་གཞན་འཛིན་པ་ཡིན་གྱི། གཞན་གྱི་ངོ་བོ་ནི་མ་ཡིན་ནོ་ཞེ་ན། དེ་མི་རིགས་ཏེ། དངོས་པོ་འདི་ཡུལ་དང་དུས་གང་དང་འབྲེལ་པའི་ངོ་བོ་ཡིན་པ་ཡུལ་དང་དུས་དེ་དང་འབྲེལ་པ་ཁོ་ནར་གཟུང་བར་བྱ་བར་འགྱུར་ལ་དེ་ལྟ་ན་ཡང་དེ་ཡུལ་དང་དུས་གཞན་དུ་ཡོངས་སུ་གཅོད་པར་ག་ལ་འགྱུར། དེ་མེད་ན་ཡང་རྣམ་པར་ཤེས་པ་ཐམས་ཅད་ཇི་ལྟར་གནས་པའི་དངོས་པོའི་འཛིན་པ་ཡིན་པས་ན་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་ཞིག་པར་འགྱུར་རོ།། གཞན་ཡང་ཡུལ་དང་དུས་གང་དུ་རྨི་ལམ་ལ་སོགས་པའི་ཤེས་པས་དོན་རྟོགས་པའི་ཡུལ་དང་དུས་དེ་ན་ནི་མེད་ལ་གང་ན་ཡོད་པ་དེར་ནི་མ་རྟོགས་པས་ན་འདི་དམིགས་པ་དང་འབྲེལ་པར་ཇི་ལྟར་འགྱུར། སྣང་བ་ཁོ་ན་ཡུལ་ཡིན་པར་རིགས་ན་མི་སྣང་བ་ནི་མ་ཡིན་ཏེ། དེ་ཡང་དམིགས་པ་ཡིན་ན་དམིགས་པ་ངེས་པ་མི་འཐད་པའི་ཕྱིར་རོ། །སྣང་བ་ཁོ་ན་ཡུལ་ཡིན་མོད་ཀྱི་གཞན་དུ་ནི་ཡིན་ནོ་ཞེ་ན། ཅི་གང་དུ་སྣང་བ་དེ་གཞན་དུ་ཡིན་ནམ། འོན་ཏེ་མི་སྣང་བ་ཞིག་ཡིན། དེ་ལ་རེ་ཞིག་དེ་ན་གཞན་ཡོད་པ་མ་ཡིན་ལ། དེ་ལྟར་ཡིན་ན་རྣམ་པ་གཞན་དུ་སྣང་བ་མི་འཐད་པའི་ཕྱིར་རོ། །


DTG109_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལུས་མེད་པ་ནི་གང་ལ་ཡང་བརྟེན་པ་མ་ཡིན་ཏེ། ལུས་ཅན་འགྲོ་བའི་གེགས་ནི་རྟེན་ཡིན་པའི་ཕྱིར། ནམ་ཡང་རྟེན་གཞན་དང་འབྲེལ་པ་མ་ཡིན་ཏེ། ཐམས་ཅད་དུ་བདག་ཉིད་རྟེན་ཡིན་པའི་ཕྱིར་རོ། །ཡུལ་དང་དུས་གཞན་རྟེན་ཡིན་ཡང་ཡུལ་དེའི་ཅིར་ཡང་མ་ཡིན་པས་ན། རང་གི་ཡུལ་དང་དུས་ན་གནས་པ་ཁོ་ན་སྣང་བར་འགྱུར་ལ། དེ་ལྟ་ན་ཡང་རྣམ་པ་གཞན་དུ་སྣང་བ་ཅི་ལྟར་ཡིན། དེ་ལྟར་མ་ཡིན་ན་མེད་པ་སྣང་བ་ཁོ་ན་ཡིན་གྱི། རྣམ་པ་གཞན་དུ་སྣང་བ་མ་ཡིན་ནོ། །རྣམ་པ་གཞན་དུ་སྣང་བ་འདོད་པས་ཀྱང་ངེས་པར་མེད་པ་སྣང་བ་ཁས་བླང་བར་བྱ་སྟེ། རྣམ་པ་ཐམས་ཅད་དུ་ཡོད་པ་སྣང་ན་རྣམ་པ་གཞན་དུ་སྣང་བ་མི་འཐད་པའི་ཕྱིར་རོ། །ཡུལ་དང་དུས་གཞན་དང་འབྲེལ་པ་མེད་ཀྱང་སྣང་ངོ་ཞེ་ན། གལ་ཏེ་འདི་སྲིད་པ་ཡིན་ན། འབྲེལ་པ་ཅན་ཡང་མེད་པ་སྣང་བ་ཡིན་མོད། དེ་ལྟ་ན་འཇིག་རྟེན་གྱི་རྟོགས་པ་དང་ཡང་མཐུན་པ་ཡིན་ཏེ། འཇིག་རྟེན་ནི་འབྲེལ་པ་ཅན་མེད་པ་ཁོ་ན་རྟོགས་པ་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལ་མེད་པའི་ཆུ་བཞིན་ནོ། །མེད་པ་ནི་གསལ་བ་མ་ཡིན་ཏེ། གང་གི་ཕྱིར་ནམ་མཁའི་མེ་ཏོག་མི་མཐོང་བའི་ཕྱིར་རོ་ཞེ་ན། འབྲེལ་པ་ཡང་མེད་པ་སྣང་བར་མི་འགྱུར་ལ། དེ་ལྟ་ན་རྣམ་པ་གཞན་དུ་སྣང་བར་ཡང་མི་འགྱུར་ལ། དེ་ལ་ཡང་ནམ་མཁའ་མེ་ཏོག་སྣང་བར་ཐལ་བ་བཟློག་པར་དཀའ་བའི་ཕྱིར་ཏེ། རྣམ་པ་གཞན་དུ་སྣང་བ་མ་ཡིན་ཏེ། གང་གི་ཕྱིར་ནམ་མཁའི་མེ་ཏོག་མི་སྣང་བའི་ཕྱིར་རོ་ཞེས་དེ་སྐད་དུ་བརྗོད་པར་ནུས་པ་ཡིན་ནོ། །གཞན་ཡང་དེ་ཉིད་མེད་པར་སྣང་བར་འགྱུར་བ་འབྲེལ་པ་ན་བཟློག་པ་དང་ལྡན་པར་སྣང་བ་མ་ཡིན་གྱི། འབྲེལ་པ་ཅན་དེ་ཉིད་ཡུལ་དང་དུས་གཞན་ལ་བརྟེན་པར་སྣང་བ་ཡིན་ལ། དེ་ཡང་དེ་ལྟ་བུར་མེད་པས་ན་དེ་མེད་པ་ཁོ་ན་སྣང་བར་རིགས་པ་ཡིན་ན། སུ་ཞིག་གིས་དེ་བཟློག་པར་ནུས། འདི་ལས་ཀྱང་མེད་པར་སྣང་བ་བཟློག་པར་བྱ་བ་མ་ཡིན་ཏེ། གང་སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་ཤེས་པ་ཞུགས་པ་ན་ཆུ་ལ་སོགས་པ་མི་ཐོབ་པའི་ཕྱིར་རོ། །ཡོད་པ་སྣང་བ་ཡིན་ན་འདི་ཆུའི་ཤེས་པ་ཁོ་ན་ཡིན་པ་ན་དེ་ལ་ཞུགས་པ་སླུ་བར་མི་འགྱུར་རོ། །ཡུལ་དང་དུས་དེར་ཉེ་བ་མི་འཐོབ་པ་ཡིན་ནོ་


DTG109_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འོ་ན་མཐོང་བར་མི་འགྱུར་རོ། །དེ་ཡུལ་དང་དུས་གཞན་ན་ཡོད་པའི་ཕྱིར་རོ་ཞེ་ན། ཐོབ་པར་ཡང་ཅིའི་ཕྱིར་མི་འགྱུར། ཡུལ་དང་དུས་གཞན་དུ་ཐོབ་པར་མི་ནུས་པའི་ཕྱིར་རོ་ཞེ་ན། མཐོང་བ་ཡང་ཇི་ལྟར་ནུས། འོན་ཏེ་མཐོང་བར་ནུས་ན་ཐོབ་པར་ཇི་ལྟར་མི་ནུས། ཇི་ལྟར་ཐོབ་པ་དངོས་པོ་ཡོད་པའི་རྒྱུ་མཚན་ཅན་ཡིན་པ་དེ་བཞིན་དུ་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་མཐོང་བ་ལ་ལྟོས་ནས་ཡོད་ན་ཐོབ་པ་ལ་ལྟོས་ནས་ཅིའི་ཕྱིར་མེད། ཇི་སྟེ་ཡོད་ན་ཅིའི་ཕྱིར་མ་ཐོབ། འོན་ཏེ་མེད་ན་ཅིའི་ཕྱིར་སྣང༌། གཞན་དུ་ཡོད་པ་ཐོབ་པ་མ་མཐོང་ངོ་ཞེ་ན། མཐོང་བ་ཡང་མ་མཐོང་ངོ༌། །ད་ལྟ་ཁོ་ན་སྣང་ངོ་ཞེ་ན། ཐོབ་པ་ཡང་ཅིའི་ཕྱིར་མི་སྣང༌། ཐོབ་བྱ་མེད་པའི་ཕྱིར་རོ་ཞེ་ན། བལྟ་བྱ་ཡང་མཐོང་བྱའི་དོན་ལས་གཞན་མ་ཡིན་པས་ན་དེ་ཡོད་པ་ན་དེ་མེད་པ་མི་འཐད་པའི་ཕྱིར། འོ་ན་མཐོང་བ་ཡང་མི་སྣང་སྟེ། གང་གཟུ་ལུམས་ཀྱི་འདོད་པ་ལ་ཞེན་པས་ཆོག་གོ །དེའི་ཕྱིར་འདི་ན་མེད་པ་སྣང་བ་ཁོ་ན་ཡིན་ལ། མེད་པ་སྣང་བ་ནི་དམིགས་པ་དང་བཅས་པར་མི་འཐད་ལ། དེ་ལྟ་ན་ཡང་གཏན་ཚིགས་ལ་སོགས་པ་མ་གྲུབ་པ་ལ་སོགས་པའི་སྐྱོན་ག་ལ་ཡོད། འོན་ཏེ་གལ་ཏེ་སྣང་བ་དམིགས་པ་མེད་པ་ཡིན་ན་དེ་ཡུལ་ལ་སོགས་པ་ངེས་པར་མི་འགྱུར་ལ། རྒྱུ་དུ་མ་ཐུན་མོང་བར་མི་འགྱུར་ཞིང༌། བྱ་བ་བྱེད་པ་ཡང་མ་ཡིན་ཏེ། དེ་སྐད་དུ། གལ་ཏེ་རྣམ་རིག་དོན་མིན་ན། །ཡུལ་དང་དུས་ལ་ངེས་མེད་ཅིང༌། །སེམས་ཀྱང་ངེས་མེད་མ་ཡིན་ལ། །བྱ་བ་བྱེད་པ་འང་མི་རིགས་འགྱུར། །ཞེས་གང་བཤད་པ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། གང་གི་ཕྱིར། རྨི་ལམ་ཉམས་སུ་མྱོང་དང་མཚུངས། །སྣང་བ་ཞེས་བྱ་བར་སྙེགས་སོ། །དོན་ནི་འདི་ཡིན་ཏེ། སྣང་བ་འདི་ནི་རྨི་ལམ་གྱི་ཉམས་སུ་མྱོང་བ་དང་མཚུངས་པར་དོན་མེད་པ་ཡིན་ལ། དེས་ན་དེ་དང་མཚུངས་པར་ཡུལ་དང་དུས་ངེས་པ་ལ་སོགས་པ་མི་འཐད་པ་མེད་པ་ཁོ་ནའོ། །འདི་ལྟར་ཡུལ་ལ་སོགས་པ་ངེས་པའི་ཕྱིའི་དངོས་པོ་མེད་ཀྱང་རྨི་ལམ་གྱི་ཉམས་སུ་མྱོང་བས་ཡུལ་ལ་སོགས་པ་ངེས་པར་མྱོང་བ་ཡིན་ནོ། །དེ་ཡང་བརྒྱུད་ནས་ཕྱི་རོལ་ཁོ་ན་རྒྱུ་མཚན་ཡིན་ནོ་ཞེ་ན། དེ་རྒྱུ་མཚན་ཡིན་དུ་ཆུག་མོད། ཡུལ་ལ་སོགས་པ་ངེས་པ་ནི་དེའི་


DTG109_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ཅན་དུ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། གལ་ཏེ་ཕྱི་རོལ་ཡུལ་ལ་སོགས་པ་གང་དུ་ཉེ་བ་དེ་ཉིད་དུ་རྨི་ལམ་ན་དེ་སྣང་བ་འདི་ངེས་པའི་རྒྱུ་མཚན་ཡིན་པ་ཞིག་ན། དེ་ལྟ་ནི་མ་ཡིན་ཏེ། མ་འཁྲུལ་བ་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་སྟོང་ཡང་འགའ་ཞིག་ཁོ་ནར་དེ་སྣང་བ་ན་དེས་ངེས་པའི་རྒྱུ་མཚན་ཅན་དུ་རིགས་པ་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་དེ་བདག་ཉིད་ཀྱིས་སྟོང་པར་སྣང་བ་བསྐྱེད་ན་ཁྱད་པར་མེད་པའི་ཕྱིར་གར་རུང་རུང་དུ་བསྐྱེད་པར་འགྱུར་རོ། །དངོས་པོ་ཐུན་མོང་བ་མེད་ཀྱང་སེམས་ཐུན་མོང་དམིགས་ཏེ། གང་གི་ཚེ་གཉིས་མཚུངས་པར་རྨི་ལམ་རྨི་བ་ནའོ། །རྨི་ལམ་སྨོས་པ་ནི་ཤེས་པ་འཁྲུལ་པ་མཚོན་པ་ཡིན་ཏེ། ཟླ་བ་གཉིས་སུ་སྣང་བ་ལ་སོགས་པ་འཁྲུལ་པའི་ཤེས་པ་གཞན་ལ། སེམས་ངེས་པ་མེད་པར་མཐོང་བ་ཉིད་དོ། །དེར་ཟླ་བ་གཅིག་ལ་སོགས་པའི་ངོ་བོའི་དོན་ཁོ་ན་ཐུན་མོང་བ་ཡོད་པ་ཡིན་ནོ་ཞེ་ན། ཟླ་བ་ལ་སོགས་པ་ཡོད་མོད། རེ་ཞིག་གཉིས་ལ་སོགས་པའི་ངོ་བོ་ནི་མེད་ལ། དེ་ཡང་འདིར་དབང་པོའི་ཉེས་པ་མཚུངས་པའི་རྒྱུད་ཅན་གྱི་ངེས་པ་མེད་པར་མྱོང་ན། ཟླ་བ་གཅིག་ལ་སོགས་པ་ཡོད་པར་བརྗོད་པ་དེས་ཅི་ཞིག་བྱ། གང་ལ་དོན་དང་འབྲེལ་པའི་དྲི་ཡང་མེད་པར་སྐྲ་ཤད་ལ་སོགས་པ་སྣང་བ་དེར་ཐབས་ཅི་ཞིག་ཡོད། དེ་བཞིན་དུ་ཕྱི་རོལ་མེད་ཀྱང་རྨི་ལམ་ན་བྱ་བ་བྱེད་པ་སྣང་བ་ཉིད་དེ། ཇི་ལྟར་སད་པའི་གནས་སྐབས་ན་ཆུའི་རྒྱུ་མཚན་ཅན་གྱི་བཏུང་བ་དང༌། རྐྱལ་པ་ལ་སོགས་པ་དང་དེ་དང་འབྲེལ་པའི་སྐོམ་པ་ཞི་བ་ལ་སོགས་པའི་དོན་བྱ་བ་དངོས་སུ་བྱེད་པ་དེ་ཁོ་ན་བཞིན་དུ་རྨི་ལམ་གྱི་གནས་སྐབས་ན་ཡང་ཡིན་ནོ། །དེས་ན་ཇི་ལྟར་ན་རྨི་ལམ་ན་ཕྱི་རོལ་མེད་པར་ཡུལ་ངེས་པ་ལ་སོགས་པར་འགྱུར་བ་དེ་བཞིན་དུ་སད་པའི་གནས་སྐབས་ན་ཡང་ཡིན་པ་ལ་འགལ་བ་མེད་དོ། །རྨི་ལམ་གྱི་གནས་སྐབས་ན་ཆུའི་འབྱུང་བ་དེ་དག་མེད་པ་ཡིན་ནོ་ཞེ་ན། དེ་ལས་ཅིར་འགྱུར། བདེན་པ་རྣམས་དེ་དང་ཆོས་མཐུན་པར་མི་འགྲུབ་པོ་ཞེ་ན། མི་བདེན་པ་དང༌། ཁྱད་པར་མེད་པ་ཇི་ལྟར་བདེན་པ་ཡིན། རྨི་ལམ་ན་སྣང་བ་རྣམས་མི་བདེན་པ་ཉིད་ཀྱང་ག་ལས་སད་པའི་ཤེས་པས་གནོད་པའི་ཕྱིར་རོ་ཞེ་ན། གནོད་པ་ཞེས་བྱ་བ་འདི་ཅི་ཡིན། མི་བདེན་པར་ཤེས་པར་བྱེད་པ་ཡིན་ནོ་ཞེ་ན། རང་


DTG109_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡུལ་བསྒྲུབ་པ་ནི་ཤེས་པ་ཆོས་ཡིན་ལ། གཞན་གྱི་ཡུལ་འཕྲོག་པ་ནི་མིའི་བདག་པོ་རྣམས་ཀྱི་ཆོས་ཡིན་ནོ། །དེས་ན་སད་པའི་ཤེས་པ་འདིས་རྨི་ལམ་གྱི་གནས་སྐབས་ཀྱི་ཡུལ་མེད་པ་ཇི་ལྟར་སྒྲུབ་པར་བྱེད། དེ་སྐད་དུ། གལ་ཏེ་གཞན་གྱི་ཡུལ་མེད་པར། །ཤེས་པར་བྱེད་པ་ཡིན་འདོད་ན། །རང་དོན་འཇུག་ལྡན་ཤེས་པ་ཡིས། །མེད་པར་ཇི་ལྟར་ཤེས་པར་བྱེད། །ཅེས་བཤད་དོ། །དེས་མི་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་རྨི་ལམ་གྱི་ཤེས་པས་ཀྱང་སད་པའི་མཐོང་བ་ལ་སྣང་བ་རྣམས་མེད་པར་སྒྲུབ་པར་འགྱུར་ཏེ། དེ་དག་ཀྱང་དེས་མི་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཇི་ལྟར་སད་པའི་ཤེས་པ་རང་གི་ཡུལ་ལ་དམིགས་པ་འབའ་ཞིག་ཏུ་ཟད་པ་དེ་ཁོ་ན་བཞིན་དུ་རྨི་ལམ་གྱིས་ཤེས་པ་རྣམས་ཀྱང་ཡིན་ནོ། །ཇི་སྟེ་རྨི་ལམ་དུ་རྨིས་པ་རྣམས་སད་ན་དམིགས་པ་རྣམས་ལ་མེད་པས་མི་ཤེས་པ་ཡིན་ནོ་ཞེ་ན། འདི་ནི་བླུན་པ་ཉིད་ཡིན་ནོ། །འགྲོ་བ་ལ་སོགས་པ་ལ་གེགས་མི་བྱེད་པ་ཡིན་པས་ན། བྱ་བ་ཉིད་ཀྱིས་མེད་པར་བསྒྲུབས་པ་གཙོ་བོ་ཡིན་ན། རྣམ་པར་རྟོག་པས་བསྒྲུབ་པར་བྱ་བ་གཞན་གྱིས་ཅི་བྱ་སྟེ། བཤད་པ་མཛད་པས། དེས་ན་འདི་དག་མེད་ཉིད་དུ། །བྱ་བ་ཉིད་ཀྱིས་བསྟན་པ་ཡིན། །དེ་དག་འགྲོ་སོགས་གེགས་མེད་པ། །དེ་དག་ལ་ནི་ཡོད་པ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །སད་པ་ན་སྣང་བ་དང་རུང་བ་ཉིད་དུ་མཚུངས་པ་མ་ཡིན་པའི་གཉིད་ལོག་པ་ན་སྣང་བའི་དམིགས་པས་དེ་དག་མེད་པར་སྒྲུབ་པར་མི་ནུས་སོ་ཞེ་ན། སད་པ་ལ་སྣང་དུ་རང་བའི་མཐོང་བས་ཀྱང་རྨི་ལམ་ན་སྣང་བ་རྣམས་མེད་པར་མི་སྒྲུབ་བོ། །འཁྲུལ་པའི་ཤེས་པས་མ་གཟུང་ཡང་སད་པ་ལ་སྣང་བ་རྣམས་མེད་པ་ཡིན་ནོ་ཞེ་ན། གཉིད་ལོག་པ་རྣམས་ཀྱང་དེ་ལྟར་མི་འགྱུར་རོ། །སད་པའི་ཤེས་པ་མ་འཁྲུལ་བ་ཡིན་ནོ་ཞེ་ན། འདིར་མནའ་ཆུ་བཏུང་བར་བྱ་དགོས་སོ། །འོ་ན་སད་པའི་ཤེས་པས་གཟུང་བར་བྱ་བ་རྨི་ལམ་གྱི་གནས་སྐབས་ན་རྗེས་སུ་འཇུག་པར་མི་འགྱུར་ལ། དེའི་ཕྱིར་ན་གཉིད་ལོག་པ་ཡུན་མི་རིང་བར་སད་པ་ན་ལུང་དང་གོས་བངས་པའི་གནས་སྐབས་དུས་ཀྱི་ཆ་ཤས་རེ་ཞིག་ལ་བརྟེན་པའི་འབྱུང་བ་འཐོབ་པ་ག་ལས་ཡིན། དེས་ན་འདི་རྣམ་པར་མི་ཕྱེད་


DTG109_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་གྱི་དུས་ན་མེད་པར་བརྟག་པར་མི་ནུས་སོ་ཞེ་ན། དེ་ནི་མི་བདེན་ཏེ། རྨི་ལམ་ན་སྣང་བ་རྣམས་ལ་ཡང་མཚུངས་པའི་ཕྱིར་རོ། །དེ་དག་ཀྱང་རྨི་ལམ་གཞན་ལ་རྗེས་སུ་འཇུག་པར་སྣང་ལ། དེས་ན་དེ་དག་ཀྱང་སད་པ་ན་རྗེས་སུ་མི་འཇུག་ན་རྨི་ལམ་གཞན་ལ་རྗེས་སུ་འཇུག་པར་མི་འགྱུར་རོ། །དེས་ན་འདི་དག་མ་དམིགས་ཀྱང་དུས་གཞན་ན་མེད་པར་ཇི་ལྟར་འགྱུར། འདི་ཐམས་ཅད་རིམ་ལམ་གཞན་ལ་རྗེས་སུ་འཇུག་པ་མ་ཡིན་ནོ་ཞེ་ན། སད་པ་ན་སྣང་བ་ཐམས་ཅད་ཀྱང་སད་པ་གཞན་གྱི་རྗེས་སུ་འཇུག་པ་རྣམས་མ་ཡིན་ཞེས་བྱ་བ་མཚུངས་སོ། །གཉིད་གཅིག་ལ་ཡང་གཉིད་ལོག་པའི་སྣང་བས་ཁྱབ་པར་མི་བྱེད་ན་འདི་དག་གཉིད་གཞན་ལ་ངེས་པར་རྗེས་སུ་འཇུག་པ་དེ་ག་ལས་ཤེ་ན། འོ་ན་སད་པའི་སྣང་བ་ཡང་སད་པ་གཅིག་ལ་ཡང་ངེས་པར་ཁྱབ་པར་མི་བྱེད་དེ། དེས་ན་འདི་དག་ཀྱང་གཞན་ལ་རྗེས་སུ་འཇུག་པར་མི་འགྱུར་རོ། །འགའ་ཞིག་རྗེས་སུ་མི་འཇུག་ཀྱང་དེ་ལས་གཞན་རྗེས་སུ་འཇུག་པར་དམིགས་སོ་ཞེ་ན། རྨི་ལམ་གྱི་སྣང་བ་ལ་ཡང་མཚུངས་སོ། །རྨི་ལམ་གྱི་སྣང་བ་རྨི་ལམ་གཞན་གྱི་རྗེས་སུ་འཇུག་པ་མེད་པ་ཁོ་ན་ཡིན་ནམ། དེ་ལྟ་བུར་གྱུར་པའི་སྣང་བའི་བག་ཆགས་སད་པར་མཚུངས་པས་ན་སྔ་མ་དང་འདྲ་བའི་སྣང་བ་འབྱུང་བར་ཟད་དོ་ཞེ་ན། སད་པའི་སྣང་བ་ཡང་ཡིན་ནོ། །གལ་ཏེ་དེ་ལྟར་རྟོག་པ་མཛའ་བོས་འདོད་པ་བསྒྲུབས་པ་ཡིན་ནོ། །རྨི་ལམ་ན་སྣང་བ་རྣམས་ཡུན་རིང་དུ་མི་གནས་པས་ན་མི་བདེན་པ་ཉིད་དོ་ཞེ་ན། འོ་ན་སད་པ་ན་དམིགས་པའི་གློག་ལ་སོགས་པ་ཡུན་རིང་དུ་མི་གནས་པར་འདོད་པ་རྣམས་དང་བརྟན་པ་དང་མི་ལྡན་པ་གཞན་ཡང་མི་བདེན་པར་འགྱུར་རོ། །སྐད་ཅིག་སོ་སོ་ལ་གཞན་དང་གཞན་འབྱུང་བའི་ཀུན་ཏུ་རྟོག་པའི་ཁྱད་པར་གང་ཡིན་པ་དེ་དག་ཀྱང་དེ་སྐད་སྨྲ་བའི་ལྷ་དགའ་བ་ལྟར་ན་ཤིན་ཏུ་གསལ་བར་མེད་པར་འགྱུར་རོ། །རྨི་ལམ་ན་མཐོང་བ་རྣམས་ཡུན་རིང་དུ་མི་འཇུག་པ་ན་མི་བདེན་པར་སྨྲ་བ་གང་ཡིན་པ་དེ་ན་སད་པ་ན་མཐོང་བ་རྣམས་བཟློག་པ་ཡིན་པས་བཟློག་པར་བརྗོད་པར་བྱའོ། །དེ་ལྟ་ན་ཡང་འདིས་ཡུན་རིང་དུ་རྗེས་སུ་འཇུག་པའི་རྨི་ལམ་ན་སྣང་བ་ཡང་སྨྲ་དགོས་ཏེ། འདི་ལྟར་རྨི་ལམ་ཁ་ཅིག་ནི་ཡུད་ཙམ་གྱིས་འཇིག་ལ། དེ་ལས་གཞན་ནི་སད་པའི་དུས་


DTG109_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་རྗེས་སུ་འཇུག་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་མི་བདེན་པ་ཡིན་ཡང་དུས་གཞན་དུ་རྗེས་སུ་འཇུག་པར་འཐད་དོ་ཞེ་ན། བདེན་པ་ཡིན་ཡང་དུས་གཞན་དུ་རྗེས་སུ་འཇུག་པ་འགའ་ཞིག་ཡུད་ཙམ་གྱིས་འཇིག་པ་མི་འཐད་པ་མ་ཡིན་ནམ། བག་ཆགས་ཀྱི་ཁྱད་པར་གྱི་སྟོབས་ཀྱིས་འབྱུང་བ་མི་བདེན་པ་རྣམས་ཀྱང་འགའ་ཁོ་ན་དུས་གཞན་དུ་རྗེས་སུ་འཇུག་པ་ཡིན་ནོ་ཞེ་ན། གལ་ཏེ་འདི་སྲིད་པ་ཡིན་ན། སད་པའི་སྣང་བ་ཡང་དེ་ལྟ་བུ་ཡིན་མོད། །དེའི་ཕྱིར་གཉིད་ལོག་པའི་སྣང་བ་སད་པའི་སྣང་བ་ཐུན་མོང་མ་ཡིན་པར་མི་བདེན་པར་སྒྲུབ་པར་མི་ནུས་སོ། །གཞན་ཡང་འདི་དག་ཕྱི་རོལ་གྱི་ངོ་བོར་མི་བདེན་པ་ཡིན་ནམ། འོན་ཏེ་ཤེས་པའི་ངོ་བོ་ཡིན་གྲང༌། དེ་ལ་གལ་ཏེ་ཕྱི་རོལ་གྱི་ངོ་བོར་ཡིན་ན། ཁོ་བོ་ཅག་ལ་སད་པའི་སྣང་བ་དེ་ལས་བཟློག་པར་མ་གྲུབ་པས་ན་ཆོས་མི་མཐུན་པར་བརྗོད་པར་མི་བྱའོ། །འོན་ཏེ་ཤེས་པའི་ངོ་བར་ཡིན་ན། འདི་ནི་རྨི་ལམ་གྱི་སྣང་བ་ལ་གནོད་བྱེད་དམ་དུས་གཞན་དུ་རྗེས་སུ་མི་འཇུག་པས་ཀྱང་རུང་སྟེ། ཚངས་པས་ཀྱང་སྒྲུབ་པར་མི་ནུས་སོ། །འདི་ལྟར་གནོད་པར་བྱེད་པས་ནི་ཕྱི་རོལ་གྱི་ངོ་བོ་ཙམ་སོལ་གྱི་ཤེས་པའི་ངོ་བོ་ནི་མ་ཡིན་ནོ། །རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་ལ་སོགས་པ་ནི་གནོད་བྱེད་ཀྱི་རྟོགས་པའི་ངོ་བོ་ལས་ཉམས་པ་ནི་མི་བྱེད་དེ། དེ་སྐད་དུ། ཤེས་པའི་ངོ་བོ་ཉིད་ཀྱི་དོན། །ཡིན་ཕྱིར་གསལ་བར་སྣང་བ་ཉིད། །ཅེས་པ་དང༌། དེ་བཞིན་དུ། ཤེས་པའི་ངོ་བོ་ཉིད་ཀྱི་དོན། །ཡིན་ན་སྤྱི་ལའང་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་གང་གསུངས་པའོ། །རྨི་ལམ་གྱི་སྣང་བ་འདི་དག་ནི་དོན་བྱ་བ་བྱེད་པར་སྣང་ན་ཇི་ལྟར་མེད་པ་ཉིད་དུ་འགྱུར། དེ་དག་ནི་དོན་བྱེད་པ་འགའ་ཡང་བྱེད་པ་མ་ཡིན་ཏེ། དེ་དག་གི་དོན་བྱ་བ་ནི་མེད་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྣང་བ་དེ་དང་དེ་ལས་འཁྲུལ་པ་འབྱུང་བ་ཡིན་ནོ། །དེ་ཅི་འདི་དག་རྒྱུ་མེད་པ་ཡིན་ནམ། འོན་ཏེ་རྒྱུ་དང་ལྡན་པ་ཡིན་རྒྱུ་མེད་པ་ཡིན་ན་ནི་དུས་ངེས་པར་མི་འགྱུར་ལ། རྒྱུ་དང་ལྡན་པ་ཡིན་ན་དེ་དག་གི་རྒྱུ་གང་ཡིན་པ་བརྗོད་དགོས་སོ། །རང་གི་བག་ཆགས་ཡོངས་སུ་སྨིན་པ་ཡིན་ནོ་ཞེ་ན། མེ་ལ་སོགས་པའི་འཁྲུལ་པ་མེད་པར་ཡང་སྲེག་པ་ལ་སོགས་པའི་འཁྲུལ་པ་འབྱུང་བར་


DTG109_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །མེ་ལ་སོགས་པའི་འཁྲུལ་པ་ཁོ་ན་སྲེག་པ་ལ་སོགས་པ་འཁྲུལ་པའི་རྒྱུ་ཡིན་ནོ་ཞེ་ན། འོ་ན་སད་པའི་སྣང་བ་ཡང་དོན་བྱ་བ་མེད་ཀྱང་བདེན་པར་གྲུབ་པར་འགྱུར་ཏེ། འཁྲུལ་པ་ཙམ་ཡང་རྒྱུ་དང་འབྲས་བུའི་ངེས་པ་གྲུབ་པའི་ཕྱིར་རོ། །སད་པའི་སྣང་བ་བདེན་པ་ཉིད་དུ་སྨྲ་བ་རྨི་ལམ་གྱི་གནས་སྐབས་ཀྱི་སྣང་བ་མི་བདེན་པར་སྨྲ་བ་གང་ཡིན་པ་དེའི་ལྟར་ན་རྨི་ལམ་དུ་བུད་མེད་དང་ཕྲད་པའི་བདེ་བ་སད་པར་རྗེས་སུ་འགྲོ་བ་དང་ཁུ་བ་འབྱུང་བའི་འབྲས་བུར་མི་འགྱུར་རོ། །བདེ་བ་དེ་ནི་བུད་མེད་དང་ཕྲད་པ་ལས་སྐྱེད་པ་མ་ཡིན་གྱི། འོན་ཀྱང་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་ལས་ཡིན་ནོ། །འོ་ན་སད་པ་ན་བུད་མེད་དང་ཕྲད་པས་བསྐྱེད་པའི་བདེ་བ་ཅི་འདྲ་བར་དམིགས་པ་དེ་འདྲ་བ་མེད་པ་ན་འབྱུང་བར་ཇི་ལྟར་འཐད། འབྱུང་ན་ནི་རྒྱུ་དང་ལྡན་པ་ལས་འདས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་སད་པ་དང་གཉིད་ལོག་པ་ལ་ཁྱད་པར་འགའ་ཡང་མེད་དེ། མངས་པས་ཆོག་གོ །གཞན་ཡང་རྣམ་པར་ཤེས་པའི་སྣང་བ་དོན་མེད་པ་ལས་ཁྱེད་ཀྱིས་ཡུལ་ལ་སོགས་པ་ངེས་པ་མི་འཐད་པར་ཐལ་བ་བྱས་པ་ཡིན་ལ། དེ་ལ་ཁོ་བོ་ཅག་འདི་སྐད་དུ། ཇི་ལྟར་གཉིད་ལོག་པའི་སྣང་བ་དོན་མེད་ཀྱང་ཡུལ་ངེས་པ་ལ་སོགས་པ་དང་ལྡན་པ་དེ་བཞིན་དུ་སད་པ་ལ་ཡང་ཡིན་ནོ་ཞེས་སྨྲ་བ་ཡིན་ན། དེ་ལ་འདིར་སད་པ་ན་དམིགས་པ་རྣམས་བདེན་པས་ཕྱིར་འཇིལ་བའི་སྐབས་ཅི་ཡོད། གལ་ཏེ་ཕྱི་རོལ་གྱི་དོན་མེད་ན། འོ་ན་ཅི་ཞིག་ཡོད་ཅེ་ན། གཟུང་དང་འཛིན་པ་དང་བྲལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །གཟུང་བ་དང་འཛིན་པ་ལས་གྲོལ་བའི་རྣམ་པར་ཤེས་པ་དམ་པའི་དོན་སྒྲོ་མ་བཏགས་པའི་ངོ་བོར་ཡོད་ཅིང་བདོག་པ་ཡིན་ནོ། །དེ་སྐད་དུ། གཟུང་དང་འཛིན་པ་མེད་པའི་ཕྱིར། །བློ་ཡི་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བ་གཞན་ཡོད་མིན། །དེ་ནི་དེ་ལྟར་རང་ཉིད་གསལ། །འདི་ནི་བཅོམ་ལྡན་འདས་ཀྱིས་ཀྱང། །ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང༌། །ཞེས་གསུངས་སོ། །དེ་ལ་ཁ་ཅིག་ནི་འདི་སྐད་དུ། །ལུས་དང་ཡུལ་གྱི་ངོ་བོར་གྲགས་པ་འདི་ཐམས་ཅད་ནི་རྣམ་པར་


DTG109_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཉིད་ཡིན་ལ། དེ་ཡང་རང་རིག་པ་ཡིན་པས་ན། གང་གིས་ཀྱང་གཟུང་བ་དང་འཛིན་པ་མ་ཡིན་ལ། གཟུང་བ་དང་འཛིན་པའི་ངོ་བོ་ནི་རྟོག་པས་སྒྲོ་བཏགས་པ་ཡིན་ནོ། །དེས་ན་ཀུན་ཏུ་བཏགས་པའི་གཟུང་བ་དང་འཛིན་པའི་ངོ་བོ་དང་བྲལ་བའི་རྣམ་པར་ཤེས་པ་ནི་བདེན་པ་ཡིན་ནོ་ཞེས་ཟེར་རོ། །གཞན་ནི་དོན་དམ་པར་རྣམ་པར་ཤེས་པ་ནི་རྟོག་པའི་དྲི་མ་མཐའ་དག་གིས་མ་སྦགས་པར་ཤེལ་དག་པ་དང་འདྲ་བ་ཡིན་ལ། རྣམ་པ་འདི་དག་ནི་ཕྱིན་ཅི་ལོག་ཁོ་ནར་མ་རིག་པས་བསྟན་པས་སྣང་བ་ཡིན་ཏེ། དེས་གཟུང་བ་ཞེས་བྱ་བ་ནི་མེད་པ་ཁོ་ནའོ། །དེ་རྣམ་པ་ཐམས་ཅད་དུ་མེད་པས་ན་རྣམ་པར་ཤེས་པའི་འཛིན་པ་པོ་གང་ཡིན་པ་དེ་ཡང་མེད་དོ་ཞེའོ། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་སོན་རྣམས་དེ་སྐད་སྒྲོགས། །རྣལ་འབྱོར་སྤྱོད་པ་རྣམ་པར་ཤེས་པར་སྨྲ་བའི་གཞུང་ཁོ་ན་ཟབ་ཅིང་གཏིང་དཔག་དཀའ་བ་རིན་ཐང་མེད་པ་དེ་ཁོ་ན་རིན་པོ་ཆེའི་གཞི་རྒྱ་མཚོ་སྟེ་ཆུ་གཏེར་ཡིན་ལ་དེའི་ཕ་རོལ་ཕ་མཐར་སོན་པ་རྣམས་དེ་སྐད་དུ་སྒྲོག་གོ །འོ་ན་དབུ་མ་པ་རྣམས་ཀྱི་ལྟ་བ་ཇི་ལྟ་བུ་ཡིན་ཞེ་ན། མཁས་རྣམས་རྣམ་ཤེས་དེ་ཉིད་ཀྱང༌། །དམ་པའི་དོན་ནི་ཡོད་མི་འདོད། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་དོན་དམ་པར་ཡོད་པར་འདོད་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་མཁས་པ་རིགས་པའི་དེ་ཁོ་ན་རིག་པ་རྣམས་དོན་དམ་པས་སྤྱོད་པར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །རང་བཞིན་དུ་འཐད་པ་ནི་དོན་དམ་པར་འདོད་པ་ཡིན་ལ། དེ་ཡང་གཅིག་གམ་དུ་མར་འགྱུར་བ་ཡིན་ནོ། །རྣམ་པར་ཤེས་པ་འདི་ནི་གཅིག་དང་དུ་མ་དང་བྲལ་བ་ཡིན་ལ། དེས་ན་འདི་ནམ་མཁའ་ཆུ་སྐྱེས་བཞིན་དུ་དོན་དམ་པ་ཡིན་པར་མི་རིགས་སོ། །སྦྱོར་བ་ནི་གང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དེ་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨ་བཞིན་ནོ། །རྣམ་པར་ཤེས་པ་འདི་ཡང་གཅིག་དང་དུ་མའི་རང་བཞིན་དང་བལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་རྣམ་པ་དང་བཅས་པ་ཡིན་ན་ཕྱི་རོལ་གྱི་དོན་བཞིན་དུ་གཅིག་དང་དུ་མའི་རང་བཞིན་དང་མི་ལྡན་པར་གསལ་


DTG109_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཏེ། གང་ལ་འཇིག་རྟེན་གྱིས་ཕྱི་རོལ་གྱི་དོན་དུ་ཐ་སྙད་འདོགས་པ་དེ་ཁོ་ན་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བའི་ཤེས་པ་ཡིན་ནོ། །དེའི་ཕྱིར་དེ་ཕྱི་རོལ་ཡིན་ན་གནོད་བྱེད་ཡོད་པ་གང་ཡིན་པ་དེ་ཁོ་ན་ནང་ཡིན་ན་ཡང་ཡོད་དོ། །གནོད་བྱེད་ཀྱིས་ནི་རགས་པ་གཅིག་ཡིན་པའམ། རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་མ་ཡིན་པ་སེལ་ལ། རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་རྣམ་པ་འདི་ཡང་གལ་ཏེ་རགས་པ་གཅིག་ཡིན་པའམ། གལ་ཏེ་རྡུལ་ཕྲན་དུ་ཐ་དད་པའི་དུ་མ་ཡིན་གྲང་ན། རྣམ་པ་གཉི་ག་ལྟར་ཡང་ཕྱི་རོལ་གྱི་དོན་གྱི་ཕྱོགས་ལ་ཡོད་པའི་སུན་འབྱིན་པ་གསལ་བར་མི་ནུས་སོ། །གང་གིས་དེ་མ་ཡིན་ན་མི་འབྱུང་བ་སུན་འབྱིན་པ་ནི་རྣམ་པར་ཤེས་པ་དེའི་ཕྱི་རོལ་ཡིན་པའི་རྒྱུ་མཚན་ཅན་མ་ཡིན་ནོ། །ལུས་ཀྱི་རྒྱུ་མཚན་ཅན་གྱི་གནོད་བྱེད་ལུས་མེད་པ་རྣམ་པར་ཤེས་པའི་བདག་ཉིད་ལ་མེད་དོ་ཞེས་བྱ་བ་ཡང་སྙིང་པོ་མེད་པ་ཡིན་ཏེ། རྣམ་པ་དང་བཅས་པ་ཡིན་ན་རྣམ་པར་ཤེས་པ་ཡང་ལུས་ཅན་ཡིན་པའི་ཕྱིར་རོ། །ཡུལ་རྒྱས་པ་དང་བཅས་པའི་རྣམ་པ་འདི་ཉིད་ལུས་ཡིན་ན། འདི་ཕྱི་རོལ་ཡིན་ན་ལུས་ཞེས་བྱའོ། །ཤེས་པ་ཡིན་ན་ནི་མ་ཡིན་ནོ་ཞེས་བྱ་བའི་མིང་དང་མིང་ཅན་གྱི་འབྲེལ་པ་འདི་ཁོ་བོ་ཅག་གིས་དུས་འདི་ཙམ་གྱི་བར་དུ་མ་རིག་གོ །དངོས་པོའི་ངོ་བོ་ལ་མ་རེག་པའི་སུན་འབྱིན་པ་ནི་མིང་ཙམ་གྱིས་འཇུག་པར་རིགས་པ་མ་ཡིན་ལ། རང་བཞིན་གྱིས་ཡོད་པ་ནི་མིང་ཙམ་གྱིས་ལྡོག་པ་མ་ཡིན་ནོ། །འདི་སྙམ་དུ་གང་དག་གི་ལྟར་ན་རྣམ་པར་ཤེས་པ་རྣམ་པ་དང་ལྡན་པ་དེ་དག་ལ་སྐྱོན་འདི་ཡོད་ཀྱི། གང་དག་གིས་ཕྱོགས་རྣམ་པ་དང་བྲལ་བའི་རྟོག་པ་ཙམ་དེ་ཁོ་ན་ཡིན་པ་དེ་དག་ལ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་འདི་མ་གྲུབ་པའི་ལམ་ལ་གནས་པར་ཇི་ལྟར་མི་འགྱུར་ཞེ་ན། བརྗོད་པ་འདི་རྣམ་པར་ཤེས་པ་ནི་གསལ་བའི་བདག་ཉིད་ཡིན་ལ། དེ་དག་གི་གསལ་བའི་སྔོན་པོ་ལ་སོགས་པ་ལས་མ་གཏོགས་པའི་གསལ་བ་ནི་རྨི་ལམ་ན་ཡང་མྱོང་བ་མེད་དོ། །སྔོན་པོ་ལ་སོགས་པ་མི་བདེན་པ་ཡིན་པ་གཞན་རྣམ་པར་ཤེས་པ་དེ་ལྷག་ལུས་པ་ཅི་ཡོད། ཇི་སྟེ་འདིར་སྔོན་པོ་ལ་སོགས་པ་སྣང་བ་ན་དུས་མཉམ་དུ་ནང་གི་བདེ་བ་ལ་སོགས་པ་མྱོང་བ་ཡིན་ལ། དེ་ལ་བསྙོན་ན་ནི་


DTG109_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྙོན་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དོ། །སྣང་བའི་སྔོན་པོ་ཉིད་བདེ་བ་ལ་སོགས་པའི་བདག་ཉིད་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྣང་བ་ནི་བདེ་བ་ཉིད་དུ་མི་སྣང་བའི་ཕྱིར་རོ། །རྣམ་པར་ཆད་པའི་སྔོན་པོ་འདི་བདེ་བ་ཡིན་ནོ་ཞེས་བྱ་བའམ། བདེ་བར་གྱུར་པ་ཡིན་ནོ་ཞེས་ནི་འགས་ཀྱང་རིག་པ་མེད་ཀྱི། འཇིག་རྟེན་ནིང་བདེའོ་ཞེས་བདེ་བ་ན་བདག་ཏུ་འཛིན་པའི་གཞིར་གཞེན་པར་བྱེད་ལ། གང་ཞིག་མངོན་སུམ་སྔོན་དུ་སོང་བའི་ཞེན་པས་ཇི་ལྟར་ཡུལ་དུ་བྱེད་པ་དེ་ནི་གནོད་པ་བྱེད་པ་མེད་ན་དེ་ལྟར་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཀུན་རྫོབ་པའི་ཐ་སྙད་ཀྱང་མི་འཐད་པའི་ཕྱིར་དང༌། རྣམ་པར་ཤེས་པ་དེ་ཉིད་ཀྱང་སྔོན་པོ་ལ་སོགས་པའི་འཛིན་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་གཟུང་བར་བྱ་བའམ་འཛིན་པར་བྱེད་པ་ཞིག་གསལ་གྲང་ན་དེ་གཟུང་བ་མ་ཡིན་ཏེ། དེས་ན་འཛིན་པ་ཁོ་ན་ཡིན་ནོ། །འདི་ལས་ཀྱང་འཛིན་པ་ཡིན་ཏེ། གང་ང་སྔོན་པོ་ལ་སོགས་པ་འཛིན་ནོ་ཞེས་འཛིན་པ་བདག་ཏུ་འཛིན་པའི་གཞི་ཉིད་དུ་ཞེན་པར་བྱེད་ལ། བཀོད་པས་དབེན་པར་སྣང་བ་དེ་ལ་གཟུང་བའི་རྣམ་པ་དང་ཐུན་མོང་དུ་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཚད་མའི་ཡུལ་མ་ཡིན་ནོ། །དེས་ན་གནོད་བྱེད་ཀྱིས་མ་བཀག་པ་ཉམས་སུ་མྱོང་བས་གྲུབ། བདེ་བའི་བདག་ཉིད་སྔོན་པོ་ལ་སོགས་པའི་ཤེས་པ་བརྫུན་པ་མ་ཡིན་པ་འདི་ལ་བློ་དང་ལྡན་པས་བརྩད་པར་མི་འོས་སོ། །སྔོན་པོ་ལ་སོགས་པ་ནི་མྱོང་དུ་ཟིན་ཀྱང་གནོད་བྱེད་ཀྱིས་བསལ་བས་ན་བརྫུན་པ་ཁོ་ནའོ། །འཛིན་པ་ཉིད་ན་གཟུང་བ་ལ་ལྟོས་པའི་ཕྱིར་དེ་མེད་ན་དེ་ཡང་མེད་དོ་ཞེ་ན། ཅི་འཛིན་པ་བདེ་བ་ལ་སོགས་པའི་རང་གི་ངོ་བོ་འདི་གཟུང་བ་ལ་ལྟོས་པ་ཡིན་ནམ། འོན་ཏེ་འཛིན་པ་ཉིད་ཡིན། དེ་ལ་རང་གི་ངོ་བོ་གཟུང་བ་ལ་ལྟོས་པ་ནི་མི་འཐད་དོ། །རང་གི་ངོ་བོ་ནི་གཟུང་བ་ལ་ལྟོས་ནས་ཐོབ་པ་མ་ཡིན་ནོ། །འཛིན་པ་ཉིད་ནི་གཟུང་བ་ལ་ལྟོས་པ་དེ་མེད་ན་མེད་པ་ཡིན་ནོ། །དེ་ཙམ་གྱིས་དགའ་བ་དང་ཞུམ་པ་ལ་སོགས་པའི་རྣམ་པ་ལ་ཉམས་པ་ཅི་ཡང་མེད་དོ་སྙམ་དུ་སེམས་ན། འདི་ཐམས་ཅད་ནི་སྙིང་པོ་མེད་པ་ཉིད་ཀྱིས་ན་ཆུ་ཤིང་གི་སྡོང་བུ་ལ་ཅོ་འདྲི་བ་ཡིན་ཏེ། འདི་ལྟར་སྔོན་པོ་ལ་སོགས་པའི་ཤེས་པ་ནི་དེ་དག་དང་ཐ་མི་དད་པས་ན་དེ་དང་འདྲ་བར་བརྫུན་པ་ཡིན་ནོ་ཞེས་ཁོ་བོ་ཅག་གིས་བརྗོད་


DTG109_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དེ་མི་བཟོད་པས་ནི་དེ་ཉིད་ཐ་དད་པར་བརྗོད་པར་བྱ་བ་ཡིན་ཏེ། བདེ་བ་ལ་སོགས་པ་ཐ་དད་པ་ལ་ནི་ཁོ་བོ་ཅག་མི་མཐུན་པ་མ་ཡིན་ནོ། །དེས་ན་འབད་པས་སྒྲུབ་པ་འདི་ཅི་དགོས། དེ་ཉིད་སྔོན་པོ་ལ་སོགས་པའི་ཤེས་པ་ཡིན་ནོ་ཞེ་ན། འདི་ནི་གཏམ་རྒྱུད་ཡིན་ཏེ། གང་གིས་དེ་དེའི་ཤེས་པར་འགྱུར་བ་སྔོན་པོ་ལ་སོགས་པ་ནི་བདེ་བ་ལ་སོགས་པར་གསལ་བ་མ་ཡིན་ནོ། །གལ་ཏེ་དེས་གསལ་བའི་བདག་ཉིད་སྒྲུབ་ན་འདི་དེས་གསལ་བར་འགྱུར་བ་ཞིག་ན། དེ་ནི་མི་སྲིད་དེ། གཟུགས་མེད་པ་ལ་གཟུགས་གཞག་པར་མི་འཐད་པའི་ཕྱིར་དང༌། དུས་མཚུངས་པ་དག་ལ་རྒྱུ་དང་འབྲས་བུའི་ངོ་བོ་མེད་པའི་ཕྱིར་དང༌། འབྲས་བུ་ཡིན་ན་དངོས་པོར་འགྱུར་བའི་ཕྱིར་རོ། །དེ་ནི་བསྒྱུར་བར་བྱ་བ་མ་ཡིན་ཏེ། དེ་བསལ་བ་བསལ་བས་ན་དེས་བསལ་བར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་བསལ་བས་ན་བསལ་ལོ་ཞེས་བྱ་བའི་དོན་ཅི་ཡིན། འདི་བསལ་བ་དེ་བསལ་བའི་རྒྱུ་མཚན་ཅན་ཡིན་ནམ། འོན་ཏེ་དེའི་དུས་སུ་ཡིན། ཕྱོགས་དང་པོ་ནི་སྔ་མ་ཁྱད་པར་མེད་པས་ན་དེའི་སུན་འབྱིན་པ་ཉིད་ཀྱིས་སུན་ཕྱུང་བ་ཡིན་ནོ། །གཉིས་པ་ཡང་མི་རིགས་ཏེ། དུས་མཉམ་དུ་བྱ་བ་ཙམ་གྱིས་གསལ་བར་བྱ་བ་ཡིན་ན། བདེ་བ་ལ་སོགས་པ་ཡང་དེ་འགྱུར་བའི་ཕྱིར་རོ། དེ་ལྟར་ནི་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་མེད་པ་ནི་གསལ་བར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེ་ན། གལ་ཏེ་མེད་པ་གསལ་བར་བྱེད་པ་མ་ཡིན་ན། གསལ་བར་བྱེད་པ་ཡང་ཅི་ལྟར་ཡིན། གསལ་བར་བྱེད་པ་ནི་གསལ་བར་ནུས་པ་ཡིན་ལ། མེད་པ་ལ་ནུས་པ་མི་འཐད་མ་ཡིན་གྱིས་གསལ་བར་བྱ་བ་ནི་མི་འཐད་པ་མ་ཡིན་ནོ་ཞེ་ན། འོ་ན་ཇི་ལྟར་མེད་པ་ལ་ནུས་པ་མེད་པ་བཞིན་དུ་ཡོད་པ་ཡང་མེད་པ་ཡིན་པས་ན་བདེ་བ་ལ་སོགས་པ་ཡང་གསལ་བར་བྱེད་པར་མི་འགྱུར་ལ། དེ་ལྟ་ན་ཡང་སྔོན་པོ་ལ་སོགས་པ་ཡང་གསལ་བར་བྱ་བ་ག་ལ་ཡིན། གཞན་ཡང་འབྲས་བུ་ལ་ནུས་པ་ཉེ་བར་མཁོ་བ་ཡིན་ན། གསལ་བར་བྱ་བ་མེད་པ་ནི་འབྲས་བུ་མ་ཡིན་པས་ནུས་པ་ཉེ་བར་འཇོག་པ་ལེགས་པ་མ་ཡིན་ནོ། །གཞན་ཡང་ཤེས་པའི་དུས་སུ་སྔོན་པོ་ལ་སོགས་པ་གསལ་ལོ། །དེས་འདི་ལ་ཅུང་ཟད་


DTG109_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱེད་པ་མ་ཡིན་ནོ། །འོ་ན་རང་ཉིད་གསལ་ལོ་ཞེས་བྱ་བར་འགྱུར་ལ། ཇི་སྟེ་མེད་པ་ལ་རང་གསལ་བ་མེད་ན། ད་ནི་ཇི་ལྟར་གསལ་བར་འགྱུར། གང་ཡང་རང་བཞིན་མི་གསལ་ཞིང་གཞན་ལས་ཀྱང་མ་ཡིན་པ་དེ་ཇི་ལྟར་གསལ་བར་འགྱུར། མེད་པ་ནི་མི་གསལ་བ་ཁོ་ན་ཡིན་ལ། མ་རིག་པའི་བདག་ཉིད་ཀྱི་རྣམ་པར་ཤེས་པས་དེ་གསལ་བར་བྱེད་དོ་ཞེ་ན། རྣམ་པར་ཤེས་པས་ནི་དེ་གསལ་བར་བྱེད་དེ། དེ་ནི་གསལ་བ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ནའི་ལྟ་བ་ཆེན་པོ་ཡིན་ཏེ། རྣམ་པར་ཤེས་པས་དེ་གསལ་བར་བྱེད་པ་མ་ཡིན་ལ། གསལ་བར་བྱེད་དོ་ཞེས་བྱ་བའི་ངོ་མཚར་འདི་ཅི་ཡིན། དེས་ན་ཕྲད་པར་བྱ་བའི་ལས་ཡིན་པ་ན་སྔོན་པོ་ལ་སོགས་པ་རང་གསལ་བ་ཡིན་ལ། རང་གསལ་བ་ལ་ནི་གསལ་བར་བྱེད་པ་ཞེས་བྱ་བ་ཅི་ཡང་མེད་དོ། །གསལ་བར་མི་བྱེད་པ་ནི་འཛིན་པ་ཞེས་བྱ་བ་མ་ཡིན་ལ། གཟུང་བར་བྱ་བ་མ་ཡིན་པ་ཙམ་གྱིས་ནི་འཛིན་པར་བྱེད་པ་ཉིད་མི་འཐོབ་སྟེ། སྔོན་པོ་ལ་སོགས་པ་གཟུང་བ་མ་ཡིན་ཡང་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ང་འདི་འཛིན་ནོ་ཞེས་བྱ་བའི་ཞེན་པ་ལས་ཀྱང་འཛིན་པར་བྱེད་པ་མ་ཡིན་ཏེ། གནོད་པ་བྱས་པའི་ཡུལ་ཅན་རྣམ་པ་གཞན་དུ་རྣམ་པར་རྟོག་པའི་ཕྱིར་རོ། །འཛིན་པ་མ་ཡིན་པའི་ལུས་ཀྱང་འདིས་འཛིན་པར་བྱེད་པར་ཞེན་ཏེ། དེས་ན་དེས་ལས་བདེ་བ་ལ་སོགས་པ་འཛིན་པར་བྱེད་པ་ཉིད་དུ་ག་ལ་འགྲུབ། བདེ་བ་ལ་སོགས་པ་ཙམ་བདག་ཏུ་འཛིན་པས་ཡུལ་དུ་བྱེད་པ་ལ་ཡང་མ་ཡིན་ཏེ། ང་བདེ་བ་ཡིན་ནོ་ཞེས་བྱ་བར་མྱོང་བ་མེད་པའི་ཕྱིར་རོ། །ཕུང་པོ་ལྔ་པོ་མཐའ་དག་ལ་རྟོགས་པ་ཡིན་ཏེ། བདག་དཀར་ཤམ་མོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ངར་འཛིན་པ་མཐོང་བའི་ཕྱིར་རོ། །ལྔ་ཀ་ཡུལ་ཡིན་པ་ན་ལུས་ཀྱང་དེའི་ཁོངས་སུ་གཏོགས་པས་ཡུལ་མ་ཡིན་པ་མ་ཡིན་ནོ། །དེ་ཡང་བེམས་པོའམ་མེད་པ་ཡིན་ཡང་རུང་སྟེ། འཛིན་པ་མ་ཡིན་མོད་ཀྱི་ཞེན་པར་བྱེད་པས་ན། ཞེན་པ་ལས་ཀྱང་འཛིན་པར་མི་འགྲུབ་པོ། །གང་ཞིག་གསལ་བ་གཞན་ལ་མི་ལྟོས་པར་གསལ་བདེ་ཤེས་པ་ཡིན་པས་ན་སྔོན་པོ་ལ་སོགས་པ་ཁོ་ནར་ཤེས་པ་ཡིན་ནོ། །དེ་སྐད་དུ་ཚད་མ་པའི་གཙུག་གི་ནོར་བུས། དེ་ཡི་སྔོ་སོགས་ངོ་བོ་ནི། །རང་བཞིན་དེ་ནི་མྱོང་བའང་ཡིན། །རང་གི་ངོ་བོར་མྱོང་ཡིན་ཡང༌། །སྔོན་


DTG109_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་མྱོང་བར་བརྗོད། །ཅེས་གསུངས་སོ། །སྔོན་པོ་ལ་སོགས་པ་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཁོ་ནས་ཤེས་པ་ཡང་དེ་ཡིན་པས་ན་གཏན་ཚིགས་མ་གྲུབ་པ་ག་ལ་ཡིན། དེ་ལྟ་ན་ཡང་གཏན་ཚིགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་མ་ཡིན་ནམ། འདི་ལྟར་སྔོན་པོ་ལ་སོགས་པ་དང་བདེ་བ་ལ་སོགས་པའི་ཤེས་པ་ཡང་ཆོས་ཅན་ཡིན་ནོ། །དེ་ལ་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ནི་སྔོན་པོ་ལ་སོགས་པ་ལ་གྲུབ་མོད། བདེ་བ་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེ་ནི་ལུས་མེད་པ་ཡིན་པའི་ཕྱིར་རོ། །འདི་ནི་ཡོད་པ་མ་ཡིན་ཏེ་དེ་ཡང་ཡུལ་ལ་ཁྱབ་པར་སྣང་བ་བསྙོན་པར་མི་ནུས་པའི་ཕྱིར་ཏེ། ངལ་བའི་ཡན་ལག་ཇི་སྙེད་ཅིག་ཆུར་ནུབ་པ་དེ་སྙེད་དུ་ཁྱབ་པའི་བདེ་བ་སྐྱེད་པར་མྱོང་ལ། དེ་ལྟར་མྱོང་བ་ཡང་ཡུལ་ལ་མ་ཁྱབ་པ་ཞེས་བྱ་བ་མ་ཡིན་ཏེ། ལུས་ཀྱང་དེ་ལྟ་བུར་ཐལ་བའི་ཕྱིར་རོ། །ཡུལ་ལ་ཁྱབ་པ་མཚུངས་པ་ན་ལུས་བཞིན་དུ་འདིར་ཡང་ལུས་ཅན་ཡིན་པའི་ཕྱིར་རོ། །ཙནྡན་དང་ཚེར་མ་འབྱུག་པ་དང༌། འདྲུད་པའི་བཀོད་པའི་རྗེས་སུ་བྱེད་པར་གཞོལ་བའི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་གྲུབ་པས་ན་ལུས་ཅན་མ་ཡིན་པར་ཇི་ལྟར་འགྱུར། གཞན་ཡང་བདག་ཏུ་འཛིན་པའི་གཞི་ཡིན་པ་རྣམས་བདག་ཏུ་འཛིན་པའི་གཞི་མ་གཟུགས་ལ་སོགས་པ་ལས་ཐ་དད་ཡིན་དུ་ཆུག །བདག་ཏུ་འཛིན་པའི་སྤྱོད་ཡུལ་གྱི་ལུས་ལས་ཐ་དད་པ་ནི་ཡིད་ལ་རེ་བ་ཙམ་གྱི་ཡུལ་ཡིན་ཏེ། བདེ་བ་ལ་སོགས་པ་ནི་ལུས་ལས་ཐ་དད་པར་སྣང་བ་མ་ཡིན་ཏེ། འོ་ན་ལུས་ཉིད་ནི་བློ་མ་ཡིན་ཏེ། དེ་གྲུབ་ཀྱང་བློའི་རྣམ་པར་རྟོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཞེས་བརྗོད་པར་མི་བྱའོ། །འབྱུང་བ་སེམས་པ་ཅན་ཡིན་པ་དགག་པའི་ཕྱིར་བརྗོད་པར་བྱ་སྟེ། གལ་ཏེ་རང་གི་ལུས་སུ་མྱོང་བའི་འབྱུང་བ་དག་ལས་བློ་ཐ་མི་དད་ན། དེ་མངོན་སུམ་དུ་བྱེད་པ་ན་ཡང་དེ་ཡང་མངོན་སུམ་དུ་འགྱུར་བས་ན་བློའི་ཡུལ་ལ་ཐེ་ཚོམ་ཟ་བར་མི་འགྱུར་བ་ཉིད་དོ། །འདིར་ནི་བདེ་བ་ལ་སོགས་པ་རྣམ་པར་ཤེས་པའི་བདག་ཉིད་ཀྱི་ལུས་ལས་ཐ་མི་དད་པར་རྟོགས་ལ། དེ་ལ་ཡང་གནོད་པར་བྱེད་པ་འདི་མི་འཐད་དེ། རྣམ་པར་ཤེས་པར་སྨྲ་བ་ལྟ་ན། གཞན་གྱི་ལུས་གཞན་གྱིས་མི་འཛིན་པས་ན་གཏན་ཚིགས་ཁྱད་པར་དང་བཅས་པ་མ་གྲུབ་པའི་ཕྱིར་རོ། །


DTG109_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ལྡན་པའི་ལུས་པོ་ལས་ཐ་མི་དད་པ་ནི་ལུས་མེད་པ་ཡིན་པས་མི་འོས་སོ། །དེས་ན་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ཡང་སྐབས་མེད་པ་ཁོ་ནའོ། །ཡང་ཤེས་པ་རྣམ་པ་དང་བཅས་པ་ཁོ་ན་ཕྱོགས་སུ་བྱས་ནས་ཁྱབ་བྱེད་མི་དམིགས་པ་དགོད་པར་བྱའོ། །དེ་ལྟ་ན་ཡང་ཆ་ལ་མ་གྲུབ་པ་ག་ལ་ཡིན། འོ་ན་བདེ་བ་ལ་སོགས་པའི་ཤེས་པ་རྣམ་པ་མེད་པ་མི་བདེན་པར་འཇི་ལྟར་བརྗོད་པར་བྱ། གང་མི་བདེན་པའི་རྒྱུ་ཅན་ཡིན་པ་དེ་ནི་མི་བདེན་པ་ཡིན་ཏེ། དཔེར་ན་མྱུ་གུ་བཞིན་ནོ། །བདེ་བ་ལ་སོགས་པ་ཡང་མི་བདེན་པའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ལུས་མི་བདེན་པའི་ཕྱིར་དང༌། བདེ་བ་ལ་སོགས་པ་དེའི་རྒྱུ་ཅན་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །བདེ་བ་ལ་སོགས་པ་ནི་ཤེས་པ་སྔ་མའི་རྒྱུ་ཅན་ཡིན་གྱི་ལུས་ཀྱི་རྒྱུ་ཅན་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ལུས་ཀྱི་ཡང་ལྡོག་པ་དང་རྗེས་སུ་འགྲོ་བའི་རྗེས་སུ་བྱེད་པ་མཐོང་བའི་ཕྱིར་རོ། །མིག་ལ་སོགས་པའི་ཕན་འདོགས་པ་ཡོད་ན་མིག་ལས་བྱུང་བར་འདོད་པ་ལ་སོགས་པའི་བདེ་བ་སྐྱེ་བར་སྣང་ལ། དེའི་ཕན་འདོགས་པ་མེད་ན་མི་སྣང་ངོ༌། །མིག་ལ་སོགས་པ་ནི་དེ་ལ་ཕན་འདོགས་པ་མ་ཡིན་གྱི། འོན་ཀྱང་དེར་སྣང་བའི་རྣམ་པར་རིག་པ་རྣམས་ཡིན་ནོ་ཞེ་ན། གལ་ཏེ་དེར་སྣང་བའི་རྣམ་པར་རིག་པ་རྣམས་ཕན་འདོགས་ན་དེ་དག་ཀྱང་གདོན་མི་ཟ་བར་ཕན་འདོགས་པར་འགྱུར་རོ། །དེ་དག་གིས་ཕན་འདོགས་པ་ནི་དེ་སྐྱེད་བ་ན་ཡོད་པར་ངེས་པའི་མཚན་ཉིད་ཅན་ཁོ་ན་ཡིན་ལ། དེ་ནི་དེ་དག་ལ་ཡང་མཚུངས་སོ། །ཇི་ལྟར་བདེ་བ་ལ་སོགས་པ་དེ་དག་ཡོད་པ་ཁོ་ན་ཡོད་པ་དེ་བཞིན་དུ་དེ་དག་ཀྱང་ཡིན་ནོ། །དེ་དག་ཏུ་སྣང་བ་ན་འབྱུང་བ་ཡིན་གྱི། ཡོད་པ་ཁོ་ན་ནི་མ་ཡིན་ནོ་ཞེ་ན། དེར་སྣང་བའི་རྣམ་པར་རིག་པ་རྣམས་ཀྱང་སྣང་བ་ན་ཡིན་གྱི་ཡོད་པ་ན་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །སྣང་བའི་བདག་ཉིད་ཅན་འདི་དག་སྣང་བ་ཁོ་ན་ཡོད་པ་ཡིན་ནོ་ཞེ་ན། དེའི་བདག་ཉིད་ཅན་གྱི་ལུས་ཀྱི་ཡོད་པ་ཡང་དེ་ཁོ་ན་ཡིན་པར་ཅིའི་ཕྱིར་མི་འགྱུར། རྗེས་སུ་འགྲོ་བ་དང་ལྡན་ཡང་ལུས་ནི་རྒྱུ་མ་ཡིན་ཏེ། མི་བདེན་པའི་ཕྱིར་རོ་ཞེ་ན། ཚིག་གི་ཚུལ་ནི་ཉམས་པ་ཡིན་ཏེ། གང་གི་དེ་ཡོད་ཀྱང་མ་ཡིན་པ་རྒྱུ་དང་འབྲས་བུ་དག་གི་དེའི་ངོ་བོ་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་


DTG109_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མ་ཡིན་ནོ། །གཞན་ཡང་ལུས་སུ་སྣང་བའི་ཤེས་པ་རྒྱུ་ཡིན་ཡང་བདེ་བ་ལ་སོགས་པའི་རྒྱུ་མི་བདེན་པར་གྲུབ་པ་ཁོ་ན་ཡིན་ཏེ། ལུས་མི་བདེན་པ་ཡིན་ན་དེར་སྣང་བའི་ཤེས་པ་ཡང་ལྷན་ཅིག་དམིགས་པ་ངེས་པས་ཐ་དད་པ་མེད་པར་གྲུབ་པས་ན་མི་བདེན་པའི་ཕྱིར་རོ། །འདི་ལྟར་གང་དག་ལྷན་ཅིག་དམིགས་པ་ངེས་པ་དེ་དག་ནི་གཅིག་ཡིན་ཏེ། དཔེར་ན་ཤེས་པ་དང་དེའི་རང་གི་ངོ་བོ་བཞིན་ནོ། །ལུས་དང་དེར་སྣང་བའི་རྣམ་པར་ཤེས་པ་ཡང་ལྷན་ཅིག་དམིགས་པ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་འདི་དག་ཐ་དད་མེད་པར་གྲུབ་པར་བྱེད་དོ། །དེ་སྐད་དུ་ཡང༌། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་གསུངས་སོ། །གང་ཞིག་ལྷན་ཅིག་དམིགས་པས་ངེས་པར་གཅིག་བསྒྲུབ་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་ཐ་དད་མེད་པ་ཡིན་ཏེ། གང་ཞིག་གང་དང་ངེས་པར་ལྷན་ཅིག་དམིགས་པ་དེ་ནི་དེ་ལས་གཞན་པ་མ་ཡིན་ཏེ། དཔེར་ན་ཟླ་བ་གཅིག་ལས་གཉིས་པ་བཞིན་ནོ། །དོན་ཡང་རང་གི་ཤེས་པ་དང་ངེས་པར་ལྷན་ཅིག་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁྱབ་བྱེད་འགལ་བ་དམིགས་པར་སློབ་དཔོན་བཞེད་པ་ཡིན་ནོ། །ཐ་དད་པ་ནི་ལྷན་ཅིག་དམིགས་པ་ངེས་པ་མེད་པས་ཁྱབ་པ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དེ་དང་འགལ་བ་ནི་ལྷན་ཅིག་དམིགས་པ་ངེས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་ནི་ལེགས་པར་སེམས་པ་མ་ཡིན་ཏེ། གལ་ཏེ་ལྷན་ཅིག་དམིགས་པ་ངེས་པར་འབྲེལ་པའི་རྒྱུ་མཚན་ཅན་ཡིན་ན། དེའི་ཚེ་དེ་མེད་ན་ངེས་པ་མེད་པར་འགྱུར་བ་ཞིག་ན། མི་བདེན་པ་དང་དེའི་ཤེས་པ་བདག་ལ་འབྲེལ་པ་མེད་པ་ཁོ་ནར་དེ་ཡོད་ན། འབྲེལ་པའི་རྒྱུ་མཚན་ཅན་དུ་འགྱུར་བར་འོས་པ་མ་ཡིན་ལ། དེས་ན་འབྲེལ་པ་ཡོད་དམ་མེད་ཀྱང་སྟེ། ལྷན་ཅིག་དམིགས་པ་ངེས་པ་འདི་སྲིད་པ་ན། རང་གི་འགལ་ཟླ་མི་འགོག་པ་དང༌། ཐ་དད་པ་ཡང་སྲིད་པས་ན་འདི་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ངེས་པ་ཇི་ལྟར་མ་ཡིན། ཁྱབ་བྱེད་འགལ་བ་དམིགས་པ་ཡང་ཇི་ལྟར་ཡིན་ཞེས་མ་རིག་གོ །རིགས་པ་ཤེས་པ་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱ་ཆེར་འགྲེལ་པ་མཛད་པའི་དགོངས་པ་རིགས་པ་ཆེན་པོ་ཡིན་ནོ། །དངོས་པོ་


DTG109_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་འབྲེལ་པ་ལ་ལྟོས་པ་ཡིན་གྱི་དངོས་པོ་མེད་པ་ནི་མ་ཡིན་ནོ་ཞེ་ན། འདི་ནི་རྒྱལ་བའི་བཀའ་ཡིན་ཏེ། དངོས་པོ་མེད་པ་ལ་འབྲེལ་པ་མེད་ཀྱང་ལྷན་ཅིག་དམིགས་པ་ངེས་པ་ཡིན་ན། དེ་འདིའི་རྒྱུ་མཚན་མ་ཡིན་པས་ན། དངོས་པོ་ལ་ཡང་དེ་མེད་པར་ཅིའི་ཕྱིར་མི་འགྱུར། ལྷན་ཅིག་དམིགས་པ་ངེས་པ་འདི་རྒྱུ་མཚན་དང་ལྡན་པ་ཡིན་ལ། རྒྱུ་མཚན་མེད་པར་མི་འགྱུར་རོ། །འབྲེལ་པ་ཁོ་ན་ནི་རྒྱུ་མཚན་མ་ཡིན་གྱི། མ་རིག་པའི་ནུས་པས་ཡོངས་སུ་ཟིན་པས་ན་བདེན་པའི་བདག་ཉིད་སྟོན་པ་ནི་ཤིན་ཏུ་མེད་པའི་དོན་ཡང་སྟོན་པ་ཡིན་ལ། དངོས་པོ་ཉེ་བར་སྟོན་པ་ལ་ནི་མ་རིག་པའི་བྱེད་པ་མེད་དོ། །དེ་ནི་མེད་པ་སྟོན་པར་ནུས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེས་ན་དེར་དངོས་པོར་འགྱུར་བའི་འབྲེལ་པ་བཙལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། དེར་ཡང་རིག་པའི་བྱེད་པ་རྟོག་པ་ལ་འགལ་བ་མེད་པའི་ཕྱིར་རོ། །ཇི་ལྟར་མ་རིག་པའི་དབང་གིས་ཤེས་པས་མི་བདེན་པ་ཉེ་བར་སྟོན་པ་དེ་ཁོ་ན་བཞིན་དུ་རིག་པའི་དབང་གིས་མི་བདེན་པ་མ་ཡིན་པ་ཡང་ཉེ་བར་སྟོན་པར་འགྱུར་བས་ན་འདི་ནི་གྱི་ནའོ། །དེས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །མི་བདེན་པ་འབྲས་བུ་མ་ཡིན་པའི་ཕྱིར་དཔེ་སྒྲུབ་བྱེད་ཀྱིས་སྟོང་པ་ཡིན་ནོ་ཞེ་ན། འོ་ན་མྱུ་གུ་རེས་འགའ་དམིགས་པར་ཇི་ལྟར་འགྱུར། དམིགས་པར་རེས་འགའ་བ་ཡིན་གྱི་དེ་ནི་མ་ཡིན་ནོ་ཞེ་ན། བདེ་བ་ལ་སོགས་པ་ལ་ཡང་དེ་ལྟར་འགྱུར་རོ། །དམིགས་པའི་བདག་ཉིད་ཡིན་པའི་ཕྱིར། དེ་དག་ཁོ་ན་རེས་འགའ་བ་ཡིན་ནོ་ཞེ་ན། མྱུ་གུ་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་མོད་ཁྱེད་དམིགས་པ་ཡང་གང་ལ་འདོད། གལ་ཏེ་དངོས་པོའི་རང་བཞིན་ངོ་བོ་ཡིན། དེ་རེས་འགའ་བ་ཡིན་པས་ན་འདི་རེས་འགའ་བ་མ་ཡིན་པར་ཇི་ལྟར་འགྱུར། བདེ་བ་ལ་སོགས་པ་ཡིན་ནོ་ཞེ་ན། ཇི་ལྟར་དེའི་དམིགས་པ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དེ་ནི་མྱུ་གུའི་རང་བཞིན་ཡང་མ་ཡིན་ལ། རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་ནོ། །རྒྱུ་གཅིག་པ་ཡང་མ་ཡིན་རྣམ་པ་གཞན་གྱི་འབྲེལ་པ་ཡང་མ་ཡིན་ལ། འབྲེལ་པ་མེད་པ་ཡང་དེའི་དམིགས་པ་མ་ཡིན་ནོ། །དེས་ན་དེ་རང་ཉིད་ཀྱང་རེས་འགའ་བ་མ་ཡིན་ཞིང་དེའི་དམིགས་པ་ཡང་མ་ཡིན་ན། ཇི་ལྟར་རེས་འགའ་དམིགས་པར་འགྱུར། དེས་ན་དེ་ཉིད་རེས་


DTG109_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་བ་ཡིན་ནོ་ཞེས་མི་འདོད་ཀྱང་ཁས་བླང་དགོས་སོ། །རེས་འགའ་བ་ཡིན་ཡང་གལ་ཏེ་མི་བདེན་པ་འབྲས་བུ་མ་ཡིན་ན། འོ་ན་བདེ་བ་ལ་སོགས་པ་ཡང་མ་ཡིན་པར་འགྱུར་རོ། །བརྫུན་པ་ཡང་བརྫུན་པའི་རྒྱུར་གྲུབ་པ་ན་ཆོས་མཐུན་པའི་དཔེ་གྲུབ་པའི་ཕྱིར་གཏན་ཚིགས་འདི་འགལ་བ་ཡང་མ་ཡིན་ནོ། །དོན་དམ་པ་ཉིད་ལ་ནི་དོན་དམ་པའི་རྒྱུ་ཅན་ཉིད་ཀྱིས་ཁྱབ་ལ། དེ་ཡང་གཏན་ཚིགས་འདི་དག་འགལ་བས་ན། འགལ་བ་དམིགས་པས་མི་མཐུན་ཕྱོགས་ལས་ལྡོག་པ་ན་མ་ངེས་པ་ཉིད་ཀྱང་ག་ལ་ཡིན། འདིས་ནི་མི་བདེན་པའི་འཇུག་པའི་རྣམ་པར་ཤེས་པའི་རྒྱུ་ཅན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་བཤད་པ་ཡིན་ནོ། །དེ་ལྟར་ན་ཤེས་པ་རྣམ་པ་མེད་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་རང་བཞིན་མེད་པར་སྒྲུབ་ལ། རྣམ་པ་དང་བཅས་པ་ནི་ཁྱབ་བྱེད་མི་དམིགས་པ་ཡིན་པས་ན་ཆ་ལ་མ་གྲུབ་པ་མ་ཡིན་ནོ། །གཞི་ཡོད་ན་གཏན་ཚིགས་འགྲུབ་པ་མ་ཡིན་ནམ། གཏན་ཚིགས་འདི་ལ་ནི་རྣམ་པར་ཤེས་པ་གཞི་ཡིན་ལ། དེ་ཡང་མེད་པས་ན་གཞི་མ་གྲུབ་པས་མ་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དངོས་པོའི་ཆོས་ནི་གཞི་དངོས་པོར་གྱུར་པ་མེད་ན་མི་འགྲུབ་པ་ཡིན་གྱི་དངོས་པོའི་ཆོས་ཀྱིས་དབེན་པ་དེ་ནི་མ་ཡིན་ནོ། །འདིར་ནི་དངོས་པོའི་ཆོས་གཅིག་དང་དུ་མ་མེད་པ་གཏན་ཚིགས་ཉིད་དུ་འདོད་ལ། དངོས་པོ་མེད་པ་ལ་གཅིག་དང་དུ་མའི་ངོ་བོ་མི་འཐད་པས་ན་ཇི་ལྟར་མ་གྲུབ་པ་ཡིན། དངོས་པོའི་ཆོས་དང་བྲལ་བའི་ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་པར་མི་རིགས་ཏེ། མེད་པ་ནི་གཞི་ལ་སོགས་པར་མི་འཐད་པའི་ཕྱིར་རོ། །མེད་པ་ལ་གཅིག་དང་དུ་མའི་རང་བཞིན་མ་གྲུབ་པ་རབ་ཏུ་མི་འགྲུབ་ཅེ་ན། དེ་ཅི་ད་ནི། རང་བཞིན་གྲུབ་པ་རབ་ཏུ་འགྲུབ་བམ། མ་ཡིན་ནོ་ཞེ་ན། འོ་ན་དེ་དག་མ་གྲུབ་པ་གྲུབ་པ་ཡིན་ཏེ། གལ་ཏེ་དེ་ལས་ལྡོག་མེད་ན། །གཏན་ཚིགས་འཇུག་པར་འདོད་དམ་ཅི། །དེ་ཡང་མིན་ན་འདི་ཉིད་ནི། །དགག་ཡིན་ལྡོག་པ་ཅི་སྟེ་འགོག །ལྡོག་པ་མེད་པ་སྒྲུབ་པ་ཡིན། །དངོས་མེད་ལ་ཡང་ཡོད་ཡིན་ལ། །དངོས་པོ་ཡོད་པ་ཡོད་མིན་ཞེས། །བླུན་པོ་ཡི་ནི་སྤྱོད་ལ་ལྟོས། །ཞེས་གསུངས་སོ། །གཞན་ཡང་ཁྱབ་བྱེད་མི་དམིགས་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པས་ཤེས་པ་མེད་


DTG109_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་པ་ཡིན་ལ། དེ་ངེས་པ་ན་གཞི་མ་གྲུབ་པ་ཞེས་བྱ་བ་སྒྲུབ་བྱེད་ཀྱིས་སུན་འབྱིན་པ་མ་ཡིན་ཏེ། གལ་ཏེ་དེའི་འདོད་པ་སྒྲུབ་པའི་རྒྱུ་ཡིན་པ་འགོག་ན་དེ་སུན་འབྱིན་པ་ཡིན་ནོ། །དེ་གྲུབ་ན་སྒྲུབ་བྱེད་དམ་པ་ཡིན་པས་ན། དེ་ལ་སུན་འབྱིན་པ་མེད་དོ། །རྗེས་སུ་དཔག་པ་སྐྱེ་བའི་སྔོན་དུ་ནི་མེད་པར་གྲུབ་པ་མི་སྲིད་དེ་ཚད་མ་མེད་པའི་ཕྱིར་རོ། །ཡོད་ན་ཡང་ཁྱབ་བྱེད་མི་དམིགས་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །མངོན་སུམ་ནི་འདིར་སྐབས་མ་ཡིན་པའི་ཕྱིར་དང༌། རྗེས་སུ་དཔག་པའི་ཡང་རྟགས་མེད་པའི་ཕྱིར་དང༌། རྟགས་ལ་ཡང་སྐབས་ཀྱི་ཉེས་པ་མཚུངས་པའི་ཕྱིར་རོ། །འོ་ན་ཡོད་པ་དང་མེད་པའི་ཐེ་ཚོམ་ཟ་བའི་ཆོས་ཅན་ལ་ཁྱབ་བྱེད་མི་དམིགས་པ་འཇུག་གོ་ཞེས་ཁས་བླང་དགོས་ལ། དེ་ལྟ་ན་ཡང་གཞི་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་སྒྲུབ་བྱེད་མ་གྲུབ་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་མེད་པའི་ཕྱིར་རོ། །ཤེས་པས་མ་ཡིན་པ་ལ་སོགས་པ་ལས་ལོག་པའི་ངོ་བོའི་སྔོན་པོ་ལ་སོགས་པའི་ཤེས་པ་ཆོས་ཅན་ཡིན་ན་དེ་ལ་ཐེ་ཚོམ་མི་ཟ་ཞིང༌། རྩོད་པའི་གཞིའི་ཆོས་ལ་ཐེ་ཚོམ་ཟ་བས་ནི་ཆོས་ཅན་ལ་ཐེ་ཚོམ་ཟ་བ་མ་ཡིན་ཏེ། དེ་ཐམས་ཅད་དུ་མཚུངས་པས་ན་རྟགས་ཐམས་ཅད་རྟགས་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་ན་ཤེས་པ་ཉིད་ལ་སོགས་པ་ལ་ཡང་ཐེ་ཚོམ་ཟ་བ་ནི་རིགས་པ་མ་ཡིན་ཏེ། དེ་ལྡོག་པ་གཞན་ཡིན་པའི་ཕྱིར་རོ། །དམིགས་པ་དང་བྲལ་བ་ཙམ་སྒྲུབ་བྱེད་ཡིན་པའི་ཕྱིར་དང༌། དེ་ཡང་དམིགས་པ་མེད་པའི་ཕྱིར། གཏན་ཚིགས་རང་གི་ངོ་བོ་མ་གྲུབ་པ་ཉིད་དེ་ཞེ་ན། མ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པའི་སྒྲུབ་བྱེད་ཚད་མ་ནི་མི་དམིགས་པ་ཡིན་པའི་ཕྱིར་རོ། །འདིས་ནི་སྐད་ཅིག་མ་མ་ཡིན་པ་ལ་རིམ་དང་རིམ་མ་ཡིན་པ་མི་དམིགས་པ་བཤད་པ་ཡིན་ནོ། །དེར་ཡང་རྟོག་པའི་བཟོ་བོས་སྦྱར་བ་དོན་དམ་པར་མེད་པའི་སྐད་ཅིག་མ་མ་ཡིན་པ་ཁོ་ན་ཆོས་ཅན་ཡིན་པའི་ཕྱིར་རོ། །སྒྲོ་བཏགས་པ་ཡོད་པ་འགོག་ན་དངོས་པོ་ཡོད་པ་མ་བཀག་པར་འགྱུར་རོ་ཞེ་ན། འོ་ན་ཇི་ལྟར་དགག་སྟེ། ཡོད་པ་ལ་ནི་དགག་པ་ཞེས་བྱ་བ་ཡོད་པ་མ་ཡིན་ལ། ཡོད་པ་མ་ཡིན་པ་ཡང་དངོས་པོ་མ་ཡིན་ནོ། །ཡོད་པ་ཉིད་འགའ་ཞིག་ཏུ་འགོག་པ་ཡིན་ནོ་ཞེ་ན། ཅི་


DTG109_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་གང་ཡོད་པ་དེ་ཉིད་དེ་འགོག་གམ་འོན་ཏེ་གཞན་དུ་ཡིན། དེ་ལ་དེར་ནི་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །གཞན་དུ་ཡང་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་རོ། །དེ་ལྟ་ན་གང་དུ་འགོག་སྟེ། ཡོད་པ་རྣམས་ལ་དགག་པ་མེད། །དེ་ནི་མེད་པའང་ཡོད་མ་ཡིན། །རིགས་པ་འདི་ཡིས་འགྲོ་བ་ཡི། །དགག་པའི་དོན་ནི་མེད་པར་འགྱུར། །གལ་ཏེ་ཡུལ་དུས་འགོག་ཅེ་ན། །ཇི་ལྟར་དེ་ཡོད་དེ་ལྟར་ནི། །མི་འགོག་ཇི་ལྟར་དེ་མེད་པ། །དེ་ལྟར་ཡང་ནི་འགོག་མི་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །ཇི་སྟེ་གཞན་ཁོ་ནར་སྒྲོ་བཏགས་ནས་འགོག་ན། འོ་ན་སྒྲོ་བཏགས་པ་འགོག་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་འདི་སྦྲུལ་མེད་དོ་ཞེས་བྱ་བས་སྒྲོ་བཏགས་པའི་སྦྲུལ་འགོག་པ་ན་མི་འཇིགས་པར་མི་འགྱུར་ཏེ། གང་གི་ཕྱིར་སྒྲོ་བཏགས་པའི་སྦྲུལ་ལ་ནི་འཇིགས་པ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་ལས་ཡིན་ནོ། །ཇི་སྟེ་ཕྱི་རོལ་གྱི་སྦྲུལ་མཐོང་བ་མ་ཡིན་མོད་ཀྱི། འོན་ཀྱང་སྒྲོ་བཏགས་པ་ཡིན་ཏེ། དེས་ན་དེ་བཀག་པ་ཁོ་ན་ཕྱི་རོལ་གྱི་བཀག་པ་ཡིན་ནོ། །སྐད་ཅིག་མ་མ་ཡིན་པ་འགོག་པ་ལ་ཡང་ཚུལ་འདི་ཡིན་ཏེ། མི་བདེན་པ་ལ་བརྣག་པས་ཆོག་གོ །དེའི་ཕྱིར་ཇི་ལྟར་ཁྱབ་བྱེད་མི་དམིགས་པ་མ་གྲུབ་པ་མ་ཡིན་ནོ་ཞེས་གནས་པ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །བསྒྲུབ་བྱ་ལས་བཟློག་པས་ཁྱབ་པ་ནི་འགལ་བ་ཡིན་ལ། དེ་ནི་དེས་ཁྱབ་པ་ཡིན་ནོ། །གང་ཞིག་འགར་ཡང་གང་མེད་ན་མེད་པ་ནི་བཟློག་པ་ལ་མེད་པ་ན་འདི་མཐུན་པའི་ཕྱོགས་ལ་སྣང་བས་ན་འདི་འགལ་བར་ཇི་ལྟར་འགྱུར། འོ་ན་ཆོས་ལ་གནོད་པའི་འགལ་བ་མ་ཡིན་ནམ། བསྒྲུབ་བྱའི་ཆོས་ནི་ཇི་ལྟར་རང་དང་འགལ་བས་འགོག་པ་དེ་བཞིན་དུ་ཆོས་ཅན་ལ་གནོད་པས་ཀྱང་ཡིན་ནོ། །གཏན་ཚིགས་འདི་ཡང་ཆོས་ཅན་འགོག་པ་ཡིན་པས་ན་ཇི་ལྟར་འགལ་བ་མ་ཡིན། བརྗོད་པ་འདི་ཆོས་ཅན་ལ་གནོད་པ་མི་བྱེད་དེ། མ་བརྟགས་ན་ཉམས་དགའ་བའི་ཆོས་ཅན་གྱི་ངོ་བོ་མི་སྤོང་བའི་ཕྱིར་རོ། །འདི་ལྟར་སྣང་བ་འདི་ཉིད་ལ་ནི་བསྙོན་པ་མ་ཡིན་གྱི། འོན་ཀྱང་སྒྲོ་བཏགས་པ་ལ་ཡིན་ལ། དོན་དམ་པའི་ཆོས་ཅན་བཀག་པ་ན་སྐབས་ཀྱིས་བསྒྲུབ་བྱའི་ཆོས་ལ་གནོད་པ་ཅི་ཡང་མེད་དེ།


DTG109_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ནི་ཆོས་ཅན་འབའ་ཞིག་ལ་གནོད་པའང་སྐྱོན་དང་ལྡན་པར་ཁས་ལེན་ཏེ། དཔེར་ན་མཁའ་སོགས་གཞན་དག་གིས། །སྔོན་མེད་རང་བཞིན་སྐྱེད་མེད་མིན། །ཅིག་ཅར་སྒྲ་སོགས་རྒྱུན་མིན་ཕྱིར། །ཞེས་བཤད་པ་ལ་སུན་འབྱིན་པས། དེ་བཞིན་མཁའ་སོགས་ཆོས་ཅན་གྱི། །དངོས་པོའི་ངོ་བོ་འང་མེད་བརྗོད་བཞིན། །དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་ཅི་ཡང་མེད་པ་ཉིད། །ཅེས་གང་གསུངས་པ་ཡིན་ནོ། །འདིས་ནི་སྒྲུབ་བྱེད་ཀྱི་ཆོས་ལ་གནོད་པ་ཡང་བཤད་པ་ཡིན་ནོ། །གཏན་ཚིགས་འདི་མ་ངེས་པ་ཡང་མ་ཡིན་ཏེ། རྣམ་པ་གཞན་མེད་པས་ན་དོན་དམ་པ་པ་ལ་གཅིག་དང་དུ་མ་དག་གིས་ཁྱབ་པའི་ཕྱིར་དང༌། ཁྱབ་བྱེད་མེད་ན་ཡང་ཁྱབ་བྱ་མི་འཐད་པའི་ཕྱིར་རོ། །གལ་ཏེ་དོན་དམ་པ་པ་ལ་གཅིག་དང་དུ་མས་ཁྱབ་པ་འགའ་ཞིག་ཏུ་དམིགས་ན་དེ་སྐད་དུ་སྨྲ་བར་ནུས་པ་མ་ཡིན་ནམ། སྟོང་པ་ཉིད་དུ་སྨྲ་བ་ལྟར་ན་དེ་འགར་ཡང་དམིགས་ཏེ། དམིགས་ན་དེ་ཁོ་ན་སྟོང་པ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཁྱབ་པ་མ་བསྒྲུབས་ན་ཡང་གྲུབ་པ་བཟློག་པར་དཀའོ། །བཟློག་པར་བླ་སྟེ། གང་འདིར་འགག་པར་བྱ་བ་དོན་དམ་པ་ཞེས་བྱ་བ་ནི་འགར་ཡང་དམིགས་པ་སྔོན་དུ་འགྲོ་བ་མ་ཡིན་གྱི། འོན་ཀྱང་རྟག་པར་སྒྲོ་བཏགས་པའི་རྟག་པ་ཉིད་ལ་སོགས་པ་ལྟ་བུ་ཡིན་ལ། སྒྲོ་བཏགས་པ་དེ་ལ་ཡང་གཅིག་དང་དུ་མ་དག་གིས་ཁྱབ་པས་ན། སྒྲོ་བཏགས་པའི་ཁྱབ་པར་བྱེད་པ་བཀག་པས་སྒྲོ་བཏགས་པའི་ཁྱབ་པར་བྱ་བ་འགོག་པར་བྱེད་པ་ཁོ་བོ་ཅག་ཅི་ཁྱབ་པ་མ་གྲུབ་པའི་གནོད་པས་ཉམས་པར་འགྱུར་རམ། དེས་ན་མཁས་པ་རྣམས་ཀྱིས་མ་གྲུབ་པ་ལ་སོགས་པའི་སྐྱོན་གསུམ་གྱིས་སྟོང་པའི་སྟོང་པ་ཉིད་ཀྱིས་སྒྲུབ་བྱེད་འདི་བླང་བར་བྱའོ། །གཞན་ཡང་སྟོང་པ་ཉིད་ལ་སྡང་བའི་རྣམ་པར་ཤེས་པ་སྨྲ་བ་ཁ་ཅིག་ནི། རེ་ཞིག་འདི་ལྟར་རྣམ་པར་ཤེས་པ་ལ་མ་གཏོགས་པའི་དོན་ནི་ཅི་ཡང་མེད་ལ་དེ་ནི་གཅིག་ཡིན་དུ་ཟིན་ཡང་ཕྱི་དང་ནང་དུ་ཡོངས་སུ་གྱུར་པ་ན། མ་རིག་པའི་དབང་གིས་གཟུང་བ་དང་འཛིན་པའི་ངོ་བོར་སྣང་ངོ༌། །དེ་ལ་གཉིས་ཀྱི་ངོ་བོ་ཙམ་མེད་པ་ཡིན་ལ། དེས་སྟོང་པའི་རྣམ་པར་ཤེས་པ་ནི་བདེན་པ་དམ་པ་ཡིན་ནོ་ཞེས་འདོད་དེ། དེ་སྐད་དུ། ཡོངས་གཅོད་ནང་ཡིན་ཕྱིར་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་


DTG109_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཐ་དད་མེད་པའི་ཤེས་པ་ལ། །ཐ་དད་སྣང་བ་བསླང་བ་ཡིན། །ཞེས་བཤད་པའོ། །ནང་དུ་སྣང་བའི་ཤེས་པ་འདི་གཞན་ཡིན་ལ་ཕྱི་རོལ་དུ་སྣང་བ་ཡང་གཞན་ཁོ་ནའོ། །གཉིས་པོ་དེ་ལ་ཡང་གཉིས་མེད་པ་ཡིན་ཏེ། རང་རིག་པ་ཙམ་ཡིན་པའི་ཕྱིར་རོ། །དེའི་སྟོབས་ཀྱིས་བྱུང་བའི་རྣམ་པར་རྟོག་པས་ནི་དེ་དག་ལ་གཟུང་བ་དང་འཛིན་པའི་ངོ་བོར་སྒྲོ་བཏགས་པ་དེ་ལས་དེས་སྒྲོ་བཏགས་པ་གཉིས་ཀྱི་ངོ་བོ་བརྫུན་པ་ཡིན་ལ། གཉིས་མེད་པ་ནི་བརྫུན་པ་མ་ཡིན་ཏེ། དེ་སྐད་དུ། རྟོགས་པ་གཅིག་ནི་ནང་དུ་སྣང༌། །གཞན་ནི་ཕྱི་རོལ་སྣང་བ་སྟེ། །དེ་དག་མར་མེ་གཉིས་བཞིན་དུ། །གསལ་བྱ་གསལ་བྱེད་ཉིད་མ་ཡིན། །དཀར་དང་བདེ་སོགས་རིག་པ་ཡི། །རིག་བྱ་རིག་བྱེད་ངོ་བོ་ནི། །དེ་ཡི་ནུས་པ་ལས་བྱུང་བའི། །རྟོགས་པ་ཙམ་གྱིས་སྤྲུལ་པའི་ཡིན། །ཞེས་བཤད་པ་ཡིན་ནོ། །ཡང་གཞན་དག་ནི་ཕྱི་དང་ནང་དང་སྔ་མ་དང་ཕྱི་མ་དང་སྔོན་པོ་དང་སྔོན་པོ་མ་ཡིན་པའི་རྣམ་པར་དབྱེ་བས་སྟོང་པའི་སྣ་ཚོགས་ཀྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་གཅིག་དོན་དམ་པར་ཁས་ལེན་ཏོ། །འོ་ན་ཕྱི་རོལ་དང་ནང་གི་རྣམ་པར་དབྱེ་བ་ཇི་ལྟར་ཞེ་ན། བརྗོད་པ། ཕྱི་དང་ནང་ཞེས་བྱ་བ་ནི། །ཡུལ་དང་དུས་ལ་ལྟོས་པས་ཡིན། །རང་གི་ངོ་བོ་མ་རྟོགས་པས། །ཡུལ་དང་དུས་ནི་འཐད་མ་ཡིན། །འདིར་སྔ་མ་དང་ཕྱི་མ་ལ་སོགས་པ་ཐ་དད་པ་ཡང་བརྟགས་པ་ཁོ་ན་ཡིན་ལ། རྟོགས་པ་ཡང་རང་གི་ངོ་བོར་མྱོང་བ་ཡིན་པས་ན་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། དེ་ལ་ཡང་དོན་དམ་པར་ན་ཐ་དད་པར་སྣང་བ་མ་ཡིན་ནོ། །རྟོགས་པ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི་འགས་ཀྱང་རྟོགས་པ་མ་ཡིན་ནོ། །གང་གི་ཕྱིར་རང་རིག་པའི་ཁོངས་སུ་མ་འདུས་ན་ནི་ཐ་དད་པ་རྟོགས་པ་མ་ཡིན་ཏེ། རྟོགས་པ་ནི་རང་རིག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེའི་ཁོངས་སུ་འདུས་ན་ཡང་མ་ཡིན་ནམ་སྟེ། རང་ལས་ཐ་དད་པ་འགལ་བའི་ཕྱིར་རོ། །ཤེས་དང་དོན་གྱི་ཐ་དད་མིན། །སྔོན་ལ་སོགས་པས་བྱས་པའང་མིན། །སྔོན་དང་ཕྱི་མའི་ངོ་བོར་ནི། །མངོན་སུམ་གྱིས་ནི་འགྲུབ་མི་འགྱུར། །ཞེས་གང་བཤད་པའོ། །གཞན་དག་ནི་བདག་ཏུ་འཛིན་པའི་གཞི་འཛིན་པའི་བྱེད་པ་ཉིད་དུ་ནང་དུ་ཡོངས་སུ་གསལ་བའི་བདེ་བ་ལ་


DTG109_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གང་ཡིན་པ་དེ་ཉིད་ནི་དོན་དམ་པ་པའི་རྣམ་པར་ཤེས་པ་ཡིན་ལ། གཟུང་བའི་རྣམ་པ་ནི་མ་རིག་པས་ཉེ་བར་བསྟན་པ་གཅིག་དང་དུ་མས་སྟོང་པས་སྟོང་པ་ཁོ་ནའོ། །དེ་མེད་པའི་ཕྱིར་དེ་ལ་ལྟོས་པའི་འཛིན་པ་བདེ་བ་ལ་སོགས་པ་ཡང་མེད་པ་ཡིན་ཏེ། བདག་ཏུ་འཛིན་པའི་གཞི་ཙམ་སྟེ། །བློ་ཡི་ངོ་བོ་རྣམ་མེད་ཡིན། །འཁྲུལ་པ་ཡི་ནི་རྣམ་པ་རྣམས། །སྒྱུ་མ་བྱས་པ་བཞིན་དུ་སྣང༌། །ཞེས་གང་བཤད་པ་སྙམ་དུ་ལྟའོ། །ཁ་ཅིག་ནི་དོན་དམ་པ་པའི་ཤེས་པ་ནི། རྣམ་པ་མེད་པ་ཉིད་ཡིན་ལ། དེ་ཡང་ཚུ་རོལ་མཐོང་བ་རྣམས་ཀྱིས་མྱོང་བས་གྲུབ་པ་མ་ཡིན་གྱི། འོན་ཀྱང་ད་ལྟ་ནི་ཀུན་རྫོབ་གཞི་མེད་པར་འབྱུང་བ་མེད་པ་ལས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་རྟོགས་སྟེ། འདི་ཡི་ངོ་བོ་རྣམ་མེད་ཅིང༌། །གོས་མེད་ལྡང་བ་ཡིན་པར་འདོད། །དེ་ནི་མཁས་པ་མ་ཡིན་པས། །ནམ་ཡང་ཤེས་པར་ནུས་མ་ཡིན། །ཞེས་གང་བཤད་པ་ཡིན་ནོ། །ཕྱོགས་དེ་རྣམས་ལས་གཅིག་ཀྱང་སྟོང་པ་ཉིད་ལས་ལོག་པ་མ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། སྟོང་པ་ཉིད་ཀྱི་སེང་གེའི་སྒྲས། །སྐྲག་པའི་རྒོལ་བ་ཐམས་ཅད་ནི། །གང་དང་གང་དུ་འཇུག་འགྱུར་བ། །དེ་དང་དེར་ནི་སྟོང་པ་ཉིད། །ཅེས་གང་གསུངས་པའོ། །འདི་ལྟར་ཕྱོགས་དང་པོ་ནི་ཐ་དད་པར་སྣང་བའི་མངོན་སུམ་ཉིད་ཀྱིས་མི་བཟོད་དོ། །དེ་སྐད་དུ། རིགས་པ་སྨྲ་བས། དཀར་སྡུག་ལ་སོགས་ཐ་དད་སྣང༌། །ཐ་དད་མ་ཡིན་བློ་མྱོང་ནི། །ཐ་དད་མེད་སྣང་ཐ་དད་ན། །ཐ་དད་ཐ་དད་མེད་ན་ཅི། །ཞེས་བྱ་བ་དང༌། དེ་བཞིན་དུ། གཞན་གྱིས་གཞན་ཉིད་ཉམས་ཕྱིར་རོ། །དངོས་མཐོང་མེད་ཕྱིར་གཅིག་མ་ཡིན། །བློ་དངོས་ཐ་དད་མེད་མཐོང་བས། །ཐ་དད་མེད་པར་ངེས་པར་འགྱུར། །ཞེས་པ་དང༌། གཞན་ཡང༌། བདེ་སོགས་ཐ་དད་མེད་དངོས་ཕྱིར། །དངོས་སོགས་ཅིག་ཅར་འཛིན་ཡིན་ན། །ཐ་དད་སྣང་བའི་གཟུང་བ་དང༌། །སེམས་ངེ་ཅི་ཕྱིར་ཐ་མི་དད། །ཅེས་གསུངས་པ་ཡིན་ནོ། །འདིར་སྦྱོར་བ་ནི་གང་ཞིག་གང་ལས་ཐ་དད་པར་སྣང་བ་དེ་ནི་དེ་ལས་ཐ་མི་དད་པ་མ་ཡིན་ཏེ། དཔེར་ན་སྡུག་བསྔལ་ལས་བདེ་བ་བཞིན་ནོ། །གཟུང་བའི་རྣམ་པ་ཡང་འཛིན་པའི་རྣམ་པ་ལས་ཐ་དད་པར་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །སྐད་ཅིག་ཉིད་ལ་སོགས་


DTG109_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་ངེས་པ་ནི་མ་ཡིན་ཏེ། དེ་ནི་མངོན་སུམ་ལ་རང་གི་ངོ་བོ་ལས་ཐ་མི་དད་པ་ཉིད་དུ་སྣང་བའི་ཕྱིར་དང༌། དངོས་པོའི་ངོ་བོ་མི་འཛིན་པའི་རྣམ་པར་རྟོག་པ་ལ་སྣང་བ་མེད་པའི་ཕྱིར་རོ། །གལ་ཏེ་འཁྲུལ་པར་མ་དམིགས་མོད། སྲིད་པ་ནི་ལྡོག་ཏུ་མེད་པ་མ་ཡིན་ནམ། མ་རིག་པའི་དབང་གིས་ཐ་དད་མེད་པ་ཡང་ཐ་དད་པར་སྣང་ངོ༌། །འདི་ནི་མ་རིག་པའི་མ་རིག་པ་ཉིད་ཡིན་ཏེ། གང་ཕྱིན་ཅི་ལོག་གི་ངོ་བོར་ཉེ་བར་སྟོན་པ་ཞེས་བྱ་བའོ། །འདི་ནི་མི་རིགས་ཏེ། ཕྱིན་ཅི་ལོག་ཏུ་གསལ་བ་དང་པོ་ཉིད་དུ་བཀག་པའི་ཕྱིར་དང༌། ཤེས་པ་ལ་ཁྱབ་པར་དུ་མའི་འཐད་པའི་ཕྱིར་རོ། །དངོས་པོ་གཞན་ལ་ཤེས་པ་ཉིད་ཕྱིན་ཅི་ལོག་ཏུ་གསལ་བ་ཡིན་གྱི་ཤེས་པ་ལ་ནི་གཞན་ཉིད་དུ་སྲིད་པ་མ་ཡིན་ན། དེ་རང་ལ་ཕྱིན་ཅི་ལོག་ཡིན་ནོ་ཞེས་སྨྲ་བ་ནི་ཅི་ལྟར་སྨྱོན་པ་མ་ཡིན། གཞན་ཡང་གལ་ཏེ་ཤེས་པ་གཞན་དུ་གསལ་ན། འོ་ན་རང་གི་ངོ་བོར་མ་ཡིན་ལ། དེ་ལྟ་ན་ཡང་གཅིག་ཏུ་གསལ་བའི་ངོ་བོ་ཅན་ལ་མི་གསལ་བ་མི་འཐད་པའི་ཕྱིར་དང༌། གསལ་བ་ཡང་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །ཤེས་པ་ལ་ངོ་བོ་ཅི་ཡང་མེད་པས་ན། རང་བཞིན་མེད་པ་ཉིད་དུ་འབད་པས་བསྒྲུབ་པར་བྱ་བ་ཚེགས་མེད་པར་འགྱུར་རོ། །གཞན་ཡང་ངོ་བོ་ཐ་མི་དད་པ་ཡང་མི་རིགས་པས་ཐ་དད་པར་རིག་གོ་ཞེས་སྨྲ་བ་རྣམས་ཀྱི་ལྟར་ན་རྣམ་པར་ཤེས་པ་རང་གི་ངོ་བོ་ལ་འཁྲུལ་པར་འགྱུར་ལ། དེ་ལྟ་ན་ཡང་རང་རིག་པ་མེད་པའི་ཕྱིར་དང༌། གཞན་རིག་པ་མི་འཐད་པའི་ཕྱིར་ན། རྣམ་པ་ཐམས་ཅད་དུ་གསལ་བ་རྒྱུན་ཆད་པས་ན་སྣ་ཚོགས་ནུབ་པར་འགྱུར་རོ། །སྐྱེ་བ་ལས་གཞན་པའི་བྱ་བ་ཡང་མི་སྲིད་དེ། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་བརྟན་རྣམས་ལ་བྱ་ག་ལས། །འདི་དག་འབྱུང་བ་གང་ཡིན་དེ། །བྱ་བ་དེ་ཉིད་བྱེད་པར་བརྗོད། །དེ་ལྟ་ཡང་ཐ་དད་པར་སྣང་བ་ཡང་ཤེས་པ་དེ་ལྟར་སྐྱེས་པ་ཉིད་ཡིན་ལ། དེ་ལྟ་ན་ཡང་འདིའི་རང་གི་ངོ་བོ་ཁོ་ན་ཐ་དད་པར་འགྱུར་བ་ཡིན་ཏེ། འདི་ནི་རྣམ་པ་གཞན་དུ་གསལ་བ་སྨྲ་བ་འདིའི་སྐམ་ལ་ལྷུང་བར་འདོད་པ་འདམ་དུ་ལྷུང་བར་འགྱུར་བ་ཡིན་ཏེ། བྱིས་པའི་གྱལ་པ་སྨྲ་བ་ལ་གུས་པས་ཆོག་གོ །དེས་ན་དེ་ལྟར་རེ་ཞིག་ཕྱོགས་དང་པོ་ནི་རིགས་པ་མ་ཡིན་ནོ། །གཉིས་པ་ཡང་མི་འཐད་དོ། །


DTG109_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་གཟུང་བ་དང་འཛིན་པར་འདོད་པའི་ཤེས་པ་དག་ཐ་དད་ཡིན་ན་དེའི་ཚེ་རྒྱུད་གཞན་ལ་སོགས་པ་དག་བཞིན་དུ་ངེས་པར་ཕན་ཚུན་ལྐོག་ཏུ་གྱུར་པ་འགྱུར་ཞིང༌། དེ་གཉི་ག་རང་རིག་པའི་མཐར་ཐུག་པས་ན་གཅིག་ལ་གཅིག་གཏམ་ཡང་མི་ཤེས་པར་འགྱུར་རོ། །ཕན་ཚུན་ལྐོག་ཏུ་གྱུར་པ་ཡིན་མོད། སྐྱོན་ཅི་ཡོད་པ་ཡིན་ནམ། ངས་འདི་མཐོང་ངོ་ཞེས་བྱ་བའི་ཞེན་པ་མི་འཐད་དོ་ཞེ་ན། དེ་གཉི་གའི་ནུས་པ་ལས་བྱུང་བ་དེ་ལྟ་བུའི་ཞེན་པ་ལ་འགལ་བ་ཅི་ཡོད། རྒྱུད་གཞན་ལ་ཡང་ཐལ་ལོ་ཞེ་ན། མ་ཡིན་ཏེ། དེ་དེ་ལ་ནུས་པ་མེད་པའི་ཕྱིར་དང༌། ནུས་པ་ཡོད་ན་འབྲས་བུ་སྐྱེ་བ་བཟློག་ཏུ་མེད་པའི་ཕྱིར་རོ། །འདི་ཡང་རྒྱུ་གཅིག་ལ་ཡོད་པ་ཇི་ལྟར་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་གཅིག་ལ་སྐྱེ་བའི་ཕྱིར་རོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ཕན་ཚུན་ལྐོག་ཏུ་གྱུར་པ་ཡིན་ན་རྟོགས་པ་པོ་གཅིག་གིས་མངོན་སུམ་དུ་མི་འགྱུར་རོ། །བདག་མེད་པར་སྨྲ་བ་རྣམས་དང༌། ཁྱད་པར་དུ་རྣལ་འབྱོར་སྤྱོད་པ་པ་ལྟར་ན་རྣམ་པར་ཤེས་པ་ལས་ཐ་དད་པའི་ལྟ་བ་པོ་གཅིག་ནི་ཡོད་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་བདག་ཉིད་ཀྱི་ལྟ་བ་པོ་བདེ་བ་ལ་སོགས་པ་གཞན་ཁོ་ན་ཡིན་པ་ལ། སྔོན་པོ་ལ་སོགས་པ་གཞན་ཁོ་ན་ཡིན་པས་ན་དེ་གཉི་ག་ལ་ལྐོག་ཏུ་གྱུར་པ་མ་ཡིན་པར་འགྱུར། ཇི་སྟེ་འདིར་རྟོགས་པ་པོ་གཅིག་གིས་མངོན་སུམ་མ་ཡིན་པ་ཁོ་ནའོ། །འོན་ཀྱང་རྟོག་པས་དེ་ལྟ་བུ་ཉིད་དུ་རློམ་པ་ཡིན་ནོ་ཞེས་འདོད་ན། འོ་ན་དེ་ལྟ་ན། རྒྱུད་གཞན་ལ་ཡོད་པའི་སྔོན་པོ་ལ་སོགས་པའི་སྣང་བ་ལས་མངོན་པར་འདོད་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པར་ཁྱད་པར་དུ་མི་འགྱུར་རོ། །འདི་དག་ནི་རྟོག་པ་སྐྱེ་བ་དང་མི་སྐྱེ་བ་ཙམ་གྱི་ཐ་དད་པར་བྱས་པ་མ་ཡིན་གྱི་འོན་ཀྱང་སྣང་བ་དང་མི་སྣང་བས་བྱས་པ་ཡིན་ལ། དེས་ན་རྟོགས་པ་པོ་ཐ་དད་པ་ལ་ཞིག་པར་འགྱུར་རོ། །འདིས་ནི་ཅིག་ཅར་དུ་སྐྱེས་པའི་གཟུགས་ལ་སོགས་པའི་ཤེས་པ་ཡང་ཐ་དད་པ་ཡིན་ན་ཕན་ཚུན་ལྐོག་ཏུ་གྱུར་པར་བཤད་པ་ཡིན་ལ། དེས་ཀྱང་རྣལ་འབྱོར་སྤྱོད་པ་ལ་རྣམ་པར་ཤེས་པའི་རྡུལ་ཕྲ་རབ་ཡོངས་སུ་རྟོགས་པ་ན་ཕན་ཚུན་ལྐོག་ཏུ་གྱུར་པ་ན་ཕྱི་རོལ་གྱི་དོན་སྨྲ་བ་ལ་རགས་པར་སྣང་བ་འགལ་བར་བརྗོད་པ་བསལ་བ་ཡིན་ཏེ། ཇི་ལྟར་རྣམ་པར་ཤེས་པའི་རྡུལ་ཕྲ་རབ་རྣམས་རང་རིག་པ་ཙམ་གྱིས་མཐར་ཐུག་


DTG109_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕན་ཚུན་མ་རིག་པ་དེ་ཁོ་ན་བཞིན་དུ་གཟུགས་ལ་སོགས་པའི་ཤེས་པ་ཡང་ཡིན་པས་ན་ཡུལ་དྲུག་པོ་རགས་པའི་རྣམ་པར་མྱོང་བ་མི་འཐད་དོ། །དེས་ན་འདིར་རང་གི་ཕྱོགས་ཀྱི་སྐྱོན་མ་བལྟས་པར་གཞན་ལ་སྨོད་པས་ན་ཟླ་བའི་ར་རི་ལ་རྟོག་པར་གཞོལ་བའི་མིག་ཡོན་ལྟ་བུ་ཡིན་ནོ། །ཉེས་པ་མཚུངས་པའི་ཕྱིར་བདག་མེད་པར་སྨྲ་བས་རྣལ་འབྱོར་སྤྱོད་པ་སྨད་པར་མི་ནུས་སུ་ཆུག་མོད། བདག་ཏུ་སྨྲ་བ་སྨོད་པ་གང་གིས་བཟློག་སྟེ། བདག་ཡོད་ན་ཤེས་པ་རྣམས་ཕན་ཚུན་ལྐོག་ཏུ་གྱུར་པ་ན་དེའི་ཡུལ་རྣམས་རྟོགས་པ་པོ་གཅིག་གིས་མངོན་སུམ་དུ་མི་འགལ་ལོ་ཞེ་ན་མ་ཡིན་ཏེ། དེར་ཡང་འགལ་བ་མཚུངས་པའི་ཕྱིར་ཏེ། འདི་ལྟར་དེ་བེམས་པོ་ཞིག་པ་ཡིན་ནམ། བེམས་པོ་མ་ཡིན་པ་ཡིན་གྲང༌། ཕྱོགས་དང་པོ་ལྟར་ན་འདིར་རང་ཉིད་ཀྱིས་ཅི་ཡང་མི་རྟོགས་ཤིང༌། རྟོགས་པ་དང་ལྡན་པས་ན་རྟོགས་པ་པོ་ཞེས་ཐ་སྙད་འདོགས་ལ། དེ་ལྟ་ན་ཡང་ཤེས་པ་གང་གིས་གཟུགས་ཤེས་པ་དེས་སྒྲ་ཡོངས་སུ་མི་གཅོད་པ་ན། དོན་དམ་པར་ན་དེ་གཉིས་རྟོགས་པ་པོ་གཅིག་པ་ཅན་དུ་མི་འགྲུབ་བོ། །རྟོག་པ་གཉིས་རྟེན་གཅིག་པའི་ཕྱིར་སྐྱོན་མེད་ན། དེ་དག་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་གི་རྒྱུ་ཅན་ཡིན་པའི་ཕྱིར་དང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་གཅིག་གིས་རྒྱུ་ཅན་ཡིན་པའི་ཕྱིར། དེ་དག་རྟེན་གཅིག་པར་འདོད་པ་ཁོ་ནའོ། །རྟེན་གཅིག་པ་ཡིན་ཡང་གཉི་ག་ཕན་ཚུན་གྱི་ངོ་བོ་སྤྱོད་ཡུལ་མི་འཛིན་པའི་ཕྱིར་དང༌། དེ་གཉིས་ཀའི་བདག་ཉིད་འཛིན་པའི་ཤེས་པ་གཞན་ཡང་མེད་པའི་ཕྱིར་ཉེས་པ་ཡོད་པ་ཁོ་ནའོ་ཞེས་ན། དེ་ཅི་གང་གིས་དེ་ཡོད་ན་མི་འབྱུང་བ་འདི་བདག་ལ་འཇིགས་སམ། གལ་ཏེ་བོད་པ་དང་མཚུངས་པའི་བདག་ཡོད་མོད། འོན་ཀྱང་ཤེས་པ་དེ་དག་ཕན་ཚུན་གྱི་ངོ་བོ་འམ་ཡུལ་རིག་པ་མ་ཡིན་ལ། དེ་དག་གིས་དེ་གཉིས་གཞན་གྱིས་ཀྱང་རིག་པ་མ་ཡིན་པས་ན་ཉེས་པ་དེའི་གནས་སྐབས་ཏེ། དེའི་རྟོགས་པ་རྟོགས་པ་པོ་ལའང་ཐ་དད་པར་ཡང་ཧ་ཅང་ཐལ་བའི་ཕྱིར་རོ། །མ་ཡིན་ཏེ། འདུས་པ་ངེས་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེ་ན། ཐམས་ཅད་དུ་གཅིག་ངེས་པར་བྱེད་པ་ག་ལས། ཁྱད་པར་དུ་བྱེད་པའི་བྱེ་བྲག་གིས་ཐ་དད་པས་འགལ་བ་མེད་དོ་ཞེ་ན། དེ་ནི་གཅིག་ཉིད་ཉམས་པ་ཡིན་ནོ། །གྲངས་དང་ལྡན་པ་དང་རྣམ་པར་དབྱེ་བ་དང་ཕྱི་དང་འདུ་བ་དང་འབྲས་བུའི་རྫས་རྣམས་


DTG109_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐ་དད་པའི་ཐ་སྙད་ཙམ་ཁྱད་པར་དུ་བྱེད་པའི་བྱེ་བྲག་གིས་ཡིན་ནོ་ཞེ་ན། འོ་ན་དངོས་སུ་ན་ཆོས་འགའ་ཞིག་ཆོས་ཅན་གཅིག་ལས་འདུ་བ་གང་ཡིན་པ་དེ་ཁོ་ན་རྟོགས་པ་ཡང་ཡིན་པས་ན། ཐམས་ཅད་རྟོགས་པ་དང་འདུ་བའི་ཕྱིར་རྟོགས་པ་པོ་ཉིད་དུ་ཐལ་བ་ཁོ་ནའོ། །ཡང་ན་གལ་ཏེ་གཞན་ལ་རྟོགས་པ་དང་འདུ་བ་མེད་པས་ན་རྟོགས་པ་པོ་ཉིད་དུ་མི་འདོད་ན། བདག་ཀྱང་ཇི་ལྟར་འདོད། དེ་ལྟ་དེ་ཡོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་དག་འབྲེལ་པ་མེད་པའི་ཕྱིར་རོ། །འབྲེལ་པ་ཁས་ལེན་ན་ཡང་ཐུག་པ་མེད་པར་ཐལ་བའི་མི་སྤོང་བའི་ཕྱིར་རོ། །རྟོགས་པ་དང་འདུ་བ་ཞེས་བྱ་བ་ཡང་མི་འགྲུབ་སྟེ། དེ་དང་དེ་ལ་འགྲེལ་པ་མེད་པའི་ཕྱིར་རོ། །རྟོགས་པ་ཡོད་དོ། །འདུ་བ་ཡང་ཡོད་དོ་ཞེས་བྱ་བ་དེ་ཙམ་གྱིས་རྟོགས་པ་པོ་ཉིད་ཡིན་བདག་བཞིན་དུ་དེ་ལས་གཞན་ཡང་འགྱུར་རོ། །ལུས་ཅན་མ་ཡིན་པའི་རྟོགས་པ་ལ་ནི་རྟེན་མེད་ལ། རྟེན་མེད་པར་ཡང་འདུ་བ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །སྐྱེད་པར་བྱེད་པ་ཙམ་གྱིས་རྟེན་ཡིན་ན་ནམ་མཁའ་ལ་སོགས་པ་ཡང་དེར་ཐལ་ལོ། །མ་ཡིན་ཏེ། དེ་སྐྱེད་པ་པོ་མ་ཡིན་པའི་ཕྱིར་རོ་ཞེ་ན། བདག་ཀྱང་སྐྱེད་པ་པོ་ཇི་ལྟར་ཡིན། དེ་ཡོད་པ་ན་ཡོད་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་སོགས་པ་ལ་ཡང་ཡིན་མོད། རྗེས་སུ་འགྲོ་བ་ཙམ་གྱིས་ནི་སྐྱེད་པ་པོ་མ་ཡིན་ལ་ནམ་མཁའ་ལ་སོགས་པ་ལ་ལྡོག་པ་ནི་མེད་དེ། རྟག་པ་ཡིན་པའི་ཕྱིར་རོ་ཞེ་ན། བདག་ལ་ཡང་མཚུངས་སོ། །སྐྱེད་བྱེད་དུ་གྲགས་པའི་དབང་པོ་རྣམས་ཀྱི་ཅི་ལྟར་རྟེན་མ་ཡིན། རྟག་པ་ཡང་སྐྱེད་བྱེད་མ་ཡིན་པས་ན་བདག་རྟོགས་པའི་སྐྱེད་པ་པོ་མ་ཡིན་པ་ཁོ་ནའོ། །སྐྱེད་པ་པོ་མ་ཡིན་ན་ཡང་རྟོགས་པ་པོ་མ་ཡིན་ནོ། །བདག་རྟོགས་པ་པོ་ཡིན་ནོ་སྙམ་དུ་ཤེས་པས་ན་དེ་ལྟར་ཡིན་ནོ་ཞེ་ན། ཐམས་ཅད་དུ་ཐལ་བའི་ཕྱིར་འབྲེལ་པ་མེད་ནི་འདི་ཉིད་སྲིད་པ་མ་ཡིན་ནམ། དེ་ལྟ་བུས་རྟོགས་པ་པོ་ཉིད་ཡིན་ན་ནི་དེ་གཟུགས་ལ་སོགས་པ་དང་ཡང་ལྡན་པར་འགྱུར་ཏེ། བདག་དཀར་ཤམ་མོ་བདག་འགྲོའོ་ཞེས་ཤེས་པའི་ཕྱིར་རོ། །ཇི་སྟེ་འདི་ལོག་པའི་ཤེས་པ་ཡིན་ན་བདག་རྟོགས་པ་པོ་ཡིན་ནོ་ཞེས་བྱ་བ་ཅིའི་ཕྱིར་མ་ཡིན། གནོད་བྱེད་མེད་པའི་ཕྱིར་རོ་ཞེ་ན། འདིར་གནོད་པར་བྱེད་པ་ཅི་ཡོད། དཀར་ཤམ་ལ་བདག་དཀར་ཤམ་མ་ཡིན་ནོ་སྙམ་པའམ། འགྲོ་བ་


DTG109_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་བདག་འགྲོ་བ་པོ་མ་ཡིན་ནོ་སྙམ་པའི་ཤེས་པ་སྐྱེད་པ་མ་ཡིན་ནོ། །དེ་མ་ཐག་ཏུ་བཤད་པས་ན་གནོད་བྱེད་གནོད་བྱེད་མ་ཡིན་པས་བདག་རྟོགས་པ་པོར་རྟོགས་པས་མི་འགྲུབ་པོ། །དེའི་ཕྱིར་བདག་བེམས་པོར་ནི་རྟོགས་པ་པོར་མི་འཐད་པ་ཁོ་ནའོ། །དེ་ལྟ་ཡིན་ཡང་དེ་སྨྲ་བ་རྣམས་ཀྱིས་ལྟར་ན་ཡང་གཟུགས་དང་སྒྲ་ལ་སོགས་པ་རྟོགས་པ་པོ་གཅིག་གིས་མངོན་སུམ་དུ་མི་འགྲུབ་བོ། །འདི་ལས་ཀྱང་མི་འགྲུབ་སྟེ། གཟུགས་དང་སྒྲ་དག་གིས་རྟོགས་པ་པོ་གཅིག་ཁོ་ནའོ་ཞེས་བྱ་བ་གང་ཡིན་པ་འདི་ལ་ཚད་མ་ཅི་ཡང་མེད་དོ། །འདི་ལྟར་དོན་འདི་མངོན་སུམ་གྱིས་མི་འགྲུབ་སྟེ། ཡིད་ལས་སྐྱེས་པ་དང་ཕྱི་རོལ་གྱི་དབང་པོ་ཡང་དེ་ལ་མི་འཇུག་པའི་ཕྱིར་རོ། །ཡིད་ལས་བྱུང་བ་ནི་གཟུགས་སམ་སྒྲ་རྟོགས་པ་མ་ཡིན་ལ་ཕྱི་རོལ་གྱི་དབང་པོས་ནི་བདག་མ་ཡིན་ནོ། །འདིས་ནི་གཟུགས་དང་སྒྲའི་ཤེས་པ་དག་རྟེན་གཅིག་པ་ཉིད་དུ་མངོན་སུམ་གྱིས་ཤེས་པ་ཡིན་ནོ་ཞེས་བྱ་བ་བསལ་བ་ཡིན་ཏེ། གཟུགས་དང་སྒྲ་དག་མ་གཟུང་བ་ན་བློ་དེ་དག་དང་འབྲེལ་པར་རྟོགས་པར་མི་ནུས་པའི་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། རྟགས་མེད་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང་དེ་མི་འགྲུབ་སྟེ། འདི་ལྟར་བེམས་པོ་མ་ཡིན་པའི་ངོ་བོ་ཡིན་ན་གཟུགས་ལ་སོགས་པ་དེ་རིག་པའི་ངོ་བོ་ཁོ་ནར་འདོད་དགོས་ལ། དེ་དག་ཐ་དད་པ་ན་དེའི་བདག་ཉིད་ཅན་གྱི་བདག་མེད་དེ་དེ་ཡང་ངེས་པར་ཐ་དད་པར་འགྱུར་རོ། །དེའི་ཕྱིར་གཟུགས་ལ་སོགས་པ་རྟོགས་པ་པོ་གཅིག་གིས་མངོན་སུམ་ཇི་ལྟར་ཡིན་ཞེས་མི་ཤེས་སོ། །ཇི་ལྟར་དེ་དག་བདག་གཅིག་ལས་ཐ་དད་མེད་ན། ཕན་ཚུན་ཐ་དད་པ་ཡང་བཏང་བ་ཡིན་ནོ། །ཅི་ཞིག་ལྟར་ཐ་དད་པས་ན་འགལ་བ་མེད་དོ་ཞེ་ན། འོ་ན་བདག་ངོ་བོ་གང་གིས་རིག་པ་ལས་ཐ་དད་པ་དེའི་སྒོ་ནས་ནི་བེམས་པོ་ཁོ་ན་ཡིན་ལ། གང་གི་སྒོ་ནས་ཐ་མི་དད་པ་དེའི་སྒོ་ནས་རིག་པ་ཡིན་པས་ན་བེམས་པོ་མ་ཡིན་པ་ལ་ཡུལ་དུ་མ་མངོན་སུམ་དུ་བྱེད་པ་མི་འགྲུབ་བོ། །དེའི་ཕྱིར་བདག་ཡོད་དམ་མེད་ཀྱང་རུང་སྟེ། ཅིག་ཅར་དུ་སྣང་བའི་གཟུགས་ལ་སོགས་པ་རྟོགས་པ་པོ་གཅིག་གིས་མངོན་སུམ་དུ་མི་རིགས་སོ། །འདིས་ནི་ཅིག་ཅར་མ་ཡིན་པར་སྣང་བ་རྣམས་ལ་ཡང་དེ་བསལ་བ་ཡིན་ཏེ། འཐད་པ་ཐུན་


DTG109_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མོང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བདག་ཏུ་སྨྲ་བ་རྣམས་ཀྱི་དེ་རྟོགས་པའི་ས་བོན་དྲུངས་ཕྱུང་བར་རྟོགས་པར་བྱ་སྟེ། བདག་ནི་དེ་སྨྲ་བ་རྣམས་ཀྱི་ལྟར་ན་དུས་མཚུངས་པར་སྣང་བ་དབང་པོ་ཐ་དད་པས་གཟུང་བར་བྱ་བ་རྣམས་དང༌། དུས་མཚུངས་པ་མ་ཡིན་པར་སྣང་བ་དེ་དག་གཞན་གྱི་ལྟ་བ་པོ་གཅིག་ཡིན་པར་གྲག་ལ། འདིའི་གཅིག་ཉིད་ཚད་མས་མི་བསླུ་བ་མ་ཡིན་ཞིང་བེམས་པོ་ལྟ་བ་པོ་ཉིད་མ་ཡིན་པས་ན། བདག་ཏུ་རྟོག་པ་ལ་རྩ་བ་ཅི་ཡང་མེད་དོ། །འདིས་ནི་ཁ་ཅིག་ན་རེ་བདག་གིས་སྔར་ཤེས་པར་གྱུར་ཏོ། །ད་ལྟ་བདག་ཉིད་ཀྱིས་རིག་གོ་སྙམ་པའི་མངོན་སུམ་གྱིས་ཤེས་པས་ཤེས་པ་སྔ་མ་དང་ཕྱི་མ་དང་འབྲེལ་པའི་ཤེས་པ་པོ་གཅིག་རྟོགས་པ་ཡིན་ལ། དེ་ཉིད་བདག་ཡིན་ཞིང་འདིས་བདག་མེད་པར་སྨྲ་བ་ལ་གནོད་དེ། དེ་སྐད་དུ་བཤད་པ། རྣམ་པ་དེ་འདྲའི་སྐྱེས་བུ་དེ། །ངོ་ཤེས་པ་ཡི་ངོ་བོ་ཡི། །རྟོགས་པ་ཡིན་ཏེ་བདག་མེད་པ། །འདི་ཉིད་ཀྱིས་ནི་གནོད་པ་ཡིན། །ཞེས་གང་སྨྲས་པ་དེ་ཡང་གསལ་བ་ཡིན་ཏེ། བེམས་པོ་ཤེས་པ་པོར་མི་འཐད་པའི་ཕྱིར་དང༌། བེམས་པོ་མ་ཡིན་པ་ཤེས་པ་ཐ་དད་པ་ན་ཐ་དད་པ་མ་ཡིན་པ་མེད་པའི་ཕྱིར་དང༌། ངོ་ཤེས་པ་འཁྲུལ་པ་ཡིན་པས་ན་མངོན་སུམ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་བདག་གིས་སྔར་ཤེས་པར་གྱུར་ཏོ་ཞེས་བྱ་བ་འདི་ནི་སྔར་གྱི་ཤེས་པ་པོ་དྲན་པ་ཡིན་ལ། ད་ལྟ་ངས་ཤེས་སོ་སྙམ་པ་ནི་ད་ལྟར་བའི་འཛིན་པ་ཡིན་ན། དུས་སྔ་མ་དང་ཕྱི་མ་དང་འབྲེལ་པའི་ཤེས་པ་པོ་གཅིག་གང་གིས་འཛིན། ཇི་སྟེ་ཤེས་པ་འདི་གཅིག་ཡིན་དུ་བཅུག་ཀྱང་མངོན་སུམ་མ་ཡིན་ཏེ། ཡུལ་ཉེ་བ་མ་ཡིན་པའི་ཕྱིར་རོ། །མངོན་སུམ་ནི་རང་གི་དུས་སུ་ཆད་པའི་ཡུལ་ཡོད་པ་འཛིན་གྱི། དུས་གཞན་གྱིས་ཡོངས་སུ་གཅད་པའི་མ་ཡིན་ནོ། །དུས་གཞན་དུ་ཡོངས་སུ་གཅད་པའི་ཡོད་པ་ནི་དུས་གཞན་གྱི་ཚེ་ལྟ་བར་ནུས་པ་མ་ཡིན་ཏེ། གཞན་དུ་ན་སྔོན་གྱི་ཤེས་པས་ཀྱང་ད་ལྟར་བའི་ཡོད་པ་འཛིན་པས་འགྱུར་རོ། །དེ་ལྟ་ན་ཡང་ངོ་ཤེས་པ་ཚད་མར་མི་འགྱུར་ཏེ། གཟུང་ཟིན་པ་འཛིན་པའི་ཕྱིར་རོ། །ཡུལ་དུས་ལ་སོགས་བྱེ་བྲག་གིས། །དེ་ཡང་ཚད་མའི་སྐབས་ཡོད་དོ། །ད་ལྟར་བ་ཡི་ཡོད་པ་ཉིད། །སྔོན་གྱི་བློ་ཡིས་རྟོགས་མ་ཡིན། །སྙམ་ན། དེ་ཅི་ད་ལྟར་བའི་ཡོད་པ་ཡང་གཞན་སྔར་ཡོད་པ་ཡང་གཞན་ཡིན་ནམ། དེ་ལྟའོ་ཞེ་ན། འོ་ན་ཁྱོད་ཀྱི་


DTG109_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་གི་ཚིག་གིས་ཡུལ་ཐ་དད་པར་ཁས་བླངས་པས་ན། ངོ་ཤེས་པ་ཚད་མར་ལེགས་པར་བསྒྲུབས་པ་ཡིན་ནོ། །མ་ཡིན་ནོ་ཞེ་ན། འོ་ན་གཟུང་འཛིན་མི་འདོགས་སོ། །དེ་ལྟ་ན། ཡང་འདི་ལ་སྔར་མེད་པའི་དོན་ཤེས་པ་མེད་པས་ན། རེ་ཞིག་ཚད་མ་ཉིད་ཀྱང་མ་ཡིན་ནམ། མངོན་སུམ་ལྟ་ཅི་སྨོས། ཐ་དད་མེད་པར་གྲུབ་ཀྱང་དུས་ལ་སོགས་པ་འབྲེལ་པ་ཅན་གྱི་བྱེ་བྲག་གིས་ཐ་དད་པ་རྣམ་པར་གཞག་གོ་ཞེ་ན། དེ་ལྟར་ན་ཡང་སྔོན་གྱི་དུས་ལ་སོགས་པ་དང་འབྲེལ་པའི་མངོན་སུམ་དུ་གྱུར་པར་མི་འོས་ལ། དྲན་པ་མེད་ན་ཡང་དེ་ཉིད་འདི་ཡིན་ནོ་སྙམ་པར་མི་འགྱུར་ཞིང༌། མངོན་སུམ་མེད་ན་དྲན་པའི་དྲི་ཡང་མེད་པས་ན། བདག་སྔ་མ་དང་ཕྱི་མའི་དུས་ལ་ཁྱབ་པར་མངོན་སུམ་ལས་མི་འགྲུབ་པོ། །གཞན་ཡང་བདག་གིས་ཤེས་པར་གྱུར་ཏོ། །ད་ལྟ་བདག་གིས་ཤེས་སོ་སྙམ་པ་འདི་ལ་ནི་ཤེས་པ་ཡང་བསལ་ལ། དེ་ཡང་དཔྱོད་པ་པའི་གྲུབ་མཐའ་ལྟར་ན་མངོན་སུམ་མ་ཡིན་ན། མངོན་དང་ཕྱི་མའི་ཤེས་པ་དང་འབྲེལ་པ་ཅན་གྱི་ཤེས་པ་པོ་མངོན་སུམ་གྱིས་ཇི་ལྟར་གྲུབ་ཅེས་པ་མ་རིག་གོ །དེས་ན་དེ་ལྟར་ངོ་ཤེས་པ་མངོན་སུམ་མ་ཡིན་ནོ། །རྟགས་ལས་མ་སྐྱེས་པས་ན་རྗེས་སུ་དཔག་པ་ཡང་མ་ཡིན་པའི་ཕྱིར་ལོག་པའི་ཤེས་པ་ཁོ་ནའོ། །ལོག་པའི་ཤེས་པ་ནི་བདག་མེད་པའི་གནོད་བྱེད་དུ་མི་རིགས་ཤིང༌། འདི་ལ་རྒལ་ཞིང་བརྟག་པ་ལེགས་པ་མ་ཡིན་ནོ། །འདི་ལ་དོན་དམ་པར་ན་ཡུལ་འགའ་ཡང་མེད་ལ། མངོན་པར་རློམ་པའི་དབང་གིས་ནི་ཕུང་པོ་ལྔའི་ཡུལ་ཅན་ཁོ་ན་སྟེ། དེའི་ཕྱིར་འདིའི་ཡུལ་ཅི་ཡིན། ཤེས་པ་སྔ་མའི་སྐད་ཅིག་ཡིན་ནམ། འོན་ཏེ་ད་ལྟ་ཡོད་པ་ཡིན་ནམ། འོན་ཏེ་གཉིས་ཡིན་ནམ། འོན་ཏེ་རྒྱུད་ཡིན་ཞེས་རྣམ་པར་བརྟགས་ནས་སུན་འབྱིན་པ་བརྗོད་པ་ནི་འབྲེལ་པ་མེད་པ་ཡིན་ནོ། །གལ་ཏེ་འདི་ལོག་པའི་ཤེས་པ་ཡུལ་མེད་པ་ཡིན་ན་ཐམས་ཅད་དུ་ཅིའི་ཕྱིར་མི་འཇུག་ཅེ་ན་མ་ཡིན་ཏེ། འདུ་བྱེད་ཁ་ཅིག་ཁོ་ན་ལ་དེ་ལྟ་བུར་གྱུར་པའི་ཤེས་པ་བསྐྱེད་པའི་ནུས་པ་ཡོད་པའི་ཕྱིར་རོ། །དེ་སྐད་དུ་སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས། འདུ་བྱེད་འགའ་ཞིག་ཁོ་ན་ནི། །དེ་ཡི་ངོ་བོའི་ཞེན་པ་ལ། །བདག་པོ་ཉིད་དུ་འགྱུར་བ་ཡིན། །དེས་ན་ཀུན་འཇུག་མ་ཡིན་ན། །ཞེས་གསུངས་པའོ། །གང་ཡང་བདག་རྗེས་སུ་དཔོག་པ། གཟུགས་ལ་སོགས་


DTG109_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་པ་ནི་རྒྱུ་མཚན་གཅིག་པ་ཅན་ཡིན་ཏེ། བདག་གིས་བྱེད་ཅེས་བྱ་བའི་ཤེས་པས་མཚམས་སྦྱོར་བའི་ཕྱིར་ན། དུས་མཚུངས་པའི་སྐྱེས་བུ་དུ་མའི་གར་མཁན་མོའི་སྨིན་མ་བསྐྱོད་པ་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་ཡང་རྟགས་མ་ངེས་པའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འདི་ལྟར་མཚམས་སྦྱོར་བ་ཡང་ཡིན་ལ་རྒྱུ་མཚན་གཅིག་པ་ཅན་མ་ཡིན་ནོ་ཞེས་བྱ་བ་ལ་འགལ་བ་མ་མཐོང་ངོ༌། །གལ་ཏེ་མཚམས་སྦྱོར་བ་རྒྱུ་མཚན་གཅིག་པ་ཅན་དུ་ངེས་པར་གྲུབ་པ་ཡིན་ན་དེ་ལས་ཤེས་པ་རྣམས་རྒྱུ་མཚན་གཅིག་པ་ཅན་ཡིན་པ་ཞིག་ན། དེ་ནི་འགར་ཡང་གྲུབ་པ་མེད་དོ། །སྨིན་མ་བསྐྱོད་པ་གཅིག་གི་ཡུལ་ཅན་རྣམས་ལ་གྲུབ་བོ་ཞེ་ན། གྲུབ་པ་མ་ཡིན་ཏེ། གལ་ཏེ་མཚམས་སྦྱོར་བའི་ཤེས་པ་ཁ་ཅིག་རྒྱུ་མཚན་གཅིག་པ་ཅན་དུ་མཐོང་མོད་ཀྱི། འོན་ཀྱང་དེ་ལྟར་གྱུར་པ་ཐམས་ཅད་དེ་འདྲ་བ་ཡིན་ནོ་ཞེས་བྱ་བ་གང་ལས་ཏེ། བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །འདི་ལྟར་བདག་གིས་མཐོང་ངོ་བདག་གིས་ཐོས་སོ་སྙམ་དུ་ལྟ་བ་དང་ཉན་པ་དག་གིས་བྱེད་པ་པོ་གཅིག་ཉིད་དུ་ངེས་པའི་ཤེས་པ་སྐྱེ་ལ། དེ་ནི་དུས་ཐ་དད་པའམ་དུས་ཐ་མི་དད་པ་དེ་དག་གིས་བྱེད་པ་པོ་གཅིག་ཉིད་དུ་མཐོང་བའམ་རྗེས་སུ་དཔག་པའི་རྗེས་སུ་འབྲང་བ་ཡང་མ་ཡིན་ལ། རང་གིས་མཐོང་བའམ་རྗེས་སུ་དཔོག་པ་ཡང་མ་ཡིན་ན། ཚད་མ་ཅན་མ་ཡིན་ཞིང་ཚད་མ་ཡང་མ་ཡིན་པའི་ཞེན་པས་ངེས་པའི་དངོས་པོ་ལས་འདའ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་གང་ལས་ཡིན། རྒྱུ་མཚན་སྣ་ཚོགས་པ་ལ་མཚམས་སྦྱོར་བ་མ་མཐོང་ངོ་ཞེ་ན། གལ་ཏེ་མ་མཐོང་བ་དེ་ལྟ་ན་ཡང་ཐེ་ཚོམ་མི་བཟློག་སྟེ། མི་དམིགས་པ་ཙམ་ཚད་མ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་ཐ་དད་པ་ལ་ཡང་མཚམས་སྦྱོར་བ་དམིགས་པ་ཁོ་ན་སྟེ། འདི་ལྟར་བདག་གིས་སྒྲོན་མ་གང་ཞིག་སྲོད་ལ་མཐོང་བ་དེ་ཁོ་ན་ད་ལྟ་ནམ་ཕྱེད་ན་ཡང་སྣང་ངོ་ཞེས་སྔ་མ་དང༌། ཕྱི་མའི་མཐོང་བ་དག་མཚམས་སྦྱོར་བ་ཡོད་ཀྱང་རྒྱུ་མཚན་གཅིག་པ་ཅན་ནི་མ་ཡིན་ནོ། །བྱེད་པ་པོ་གཅིག་ཡིན་པས་ན་འཁྲུལ་པ་མེད་དོ་ཞེ་ན། མ་ཡིན་ཏེ། ཡུལ་ཐ་དད་པ་ལས་བསམས་ནས་འཁྲུལ་པ་བརྗོད་པའི་ཕྱིར་རོ། །མཚམས་སྦྱོར་བ་འདིས་ནི་བྱེད་པ་པོ་བཞིན་དུ་ལས་ཀྱང་གཅིག་ཉིད་དུ་མཚམས་སྦྱོར་ལ། དེ་ལ་ལས་ལ་ལྟོས་ནས་འཁྲུལ་པ་བཟློག་པར་དཀའོ། །འདིར་རེ་ཞིག་རྒྱུ་མཚན་གཅིག་པ་ཅན་ཉིད་


DTG109_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། དེས་ན་བཟློག་པར་སླའོ་ཞེ་ན། བྱེད་པ་པོ་གཅིག་པ་ཙམ་གྱིས་ཤེས་པ་རྣམས་ཀྱི་ཡུལ་ཐ་མི་དད་པར་ཞེན་པའི་མཚམས་སྦྱོར་བ་ཁས་ལེན་ན། ཡུལ་ཐ་དད་པའི་ཐ་སྙད་དང་བྲལ་བར་ཐལ་བའི་ཕྱིར་རོ། །དེས་ན་འདི་ནི་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་ཐུན་མོང་བ་ཉིད་ཀྱི་སྒོ་ནས་ཀྱང་མ་ངེས་པའི་གཏན་ཚིགས་ཡིན་ཞིང༌། རྣལ་འབྱོར་སྤྱོད་པའི་ལུགས་ལྟར་ན། དཔེ་མ་གྲུབ་པས་ཐུན་མོང་མ་ཡིན་པའི་སྒོ་ནས་ཀྱང་ཡིན་ནོ། །མ་ངེས་པའི་རྟགས་ནི་རྗེས་སུ་དཔག་པའི་ཡན་ལག་མ་ཡིན་ཞིང༌། ཚུལ་གསུམ་ངེས་པ་ཅན་གྱི་བདག་གིས་སྒྲུབ་བྱེད་གཞན་ཡང་མེད་པས་ན། ཐོག་མ་མེད་པ་ནས་ལོག་པར་རྟོག་པའི་བག་ཆགས་ཀྱིས་དབང་དུ་བྱས་པའི་ཡིད་ཅན་རྣམས་ཀྱི་བདག་ཏུ་རྟོག་པ་འདི་ནི་རྒྱུ་མཚན་མེད་པ་ཡིན་ནོ། །འདི་ལས་ཀྱང་རྒྱུ་མཚན་མེད་པ་ཡིན་ཏེ། འདིའི་ཡུལ་བཀག་པ་གང་ཡིན་པའོ། །བེམས་པོ་དང་བེམས་པོ་མ་ཡིན་པའི་ཤེས་པ་པོ་མ་ཡིན་པའི་ཤེས་པ་པོ་གཅིག་སུན་འབྱིན་པས་ཡུལ་འགོག་པ་བལྟ་བར་བྱ་སྟེ། ཧ་ཅང་ཐལ་བས་ཆོག་གོ །དེ་ལྟ་ན་རེ་ཞིག་ཕྱོགས་གཉིས་པ་མི་རིགས་པ་ཡིན་ནོ། །གསུམ་པ་ཡང་མི་རིགས་ཏེ། གཅིག་ཡིན་ན་སྣ་ཚོགས་ཉིད་འགལ་བའི་ཕྱིར་རོ། །རྣམ་པར་ཤེས་པ་གཅིག་ལས་ཐ་མི་དད་པའི་རྣམ་པ་སྣ་ཚོགས་པ་ག་ལ་ཡིན་ཞིང༌། རྣམ་པ་སྣ་ཚོགས་དང་ཐ་དད་མེད་པའི་ཤེས་པ་གཅིག་ག་ལ་ཡིན་ཏེ། ཤེས་ལས་ཐ་དད་པ་མ་ཡིན་པའི་ཕྱིར། རྣམ་པ་མང་པོར་མི་འགྱུར་ཞིང༌། །རྣམ་པ་ལས་ནི་གཞན་མིན་ཕྱིར། །ཡང་ན་ཤེས་པ་དུ་མར་འགྱུར། །ཞེས་གང་བཤད་པ་ཡིན་ནོ། །ཇི་སྟེ་ཀུན་རྫོབ་ཏུ་རྣམ་པ་སྣ་ཚོགས་སུ་བརྗོད་པ་ཡིན་ལ། དོན་དམ་པར་དེ་གཉིས་སུ་མེད་པ་ཁོ་ན་སྟེ། དེ་སྐད་དུ། ཡང་ན་སྣ་ཚོགས་མ་ཡིན་པ་ལས་ཐ་དད་པར་མི་སྣང་བའི་ཕྱིར་ཞེས་བཤད་དོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་ཡང་དེ་གཉིས་མེད་པ་མ་ཡིན་ཏེ། གཉིས་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་དང༌། ཡང་ན་དེ་ཤེས་པ་མ་ཡིན་ཏེ། ཤེས་པ་མ་ཡིན་པ་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ། །ཡང་ན་དེ་རིགས་པ་མ་ཡིན་ཏེ། རིགས་པ་མ་ཡིན་པ་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ་ཞེས་བྱ་བར་ཡང་བརྗོད་དགོས་སོ། །དོན་དམ་པར་དེ་ལྟ་བུ་ཁོ་ན་ཡིན་ནོ་ཞེ་ན། འོ་ན་ཅུང་ཟད་ཀྱང་བརྗོད་དུ་མེད་པས་ན་ལྐུགས་པ་ཉིད་དུ་འགྱུར་རོ། །རང་


DTG109_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀྱང་ཅུང་ཟད་ཀྱང་རྣམ་པར་གཞག་པར་མི་བྱ་སྟེ། དེར་ཡང་རིགས་པའི་འདི་མཚུངས་པའི་ཕྱིར་རོ། །བརྗོད་པའི་ཀུན་རྫོབ་ཀྱིས་འདི་ཐམས་ཅད་བརྗོད་པར་བྱ་བ་ཡིན་ཞིང་རྣམ་པར་གཞག་པར་བྱ་བ་ཡང་ཡིན་ནོ་ཞེ་ན། འོ་ན་སྣ་ཚོགས་པ་ཉིད་དུ་ཡང་བརྗོད་ཅིང་རྣམ་པར་གཞག་པར་ཡང་གྱིས་ཤིག །དེ་བརྗོད་པ་དང་རྣམ་པར་གཞག་པ་དག་དང་ཐ་དད་པའི་བརྗོད་པ་དང་རྣམ་པར་གཞག་པ་དག་ཀྱང་དགག་པར་མི་འོས་སོ། །སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་ཐ་དད་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་སྣ་ཚོགས་པར་མི་འགྱུར་ཞིང༌། ཐ་མི་དད་པར་ཡང་མི་འགྱུར་ཏེ། དེ་ལས་ཡང་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ། །ངོ་བོ་ཐ་མི་དད་པར་འཛིན་པའི་བློ་ནི་ཡོད་པ་མ་ཡིན་ཏེ། དེ་སྐད་དུ། དངོས་མཐོང་མེད་ཕྱིར་གཅིག་མ་ཡིན། །བློ་དངོས་ཐ་དད་མེད་མཐོང་བས། །ཐ་དད་མེད་པར་ངེས་པར་འགྱུར། །ཞེས་གསུངས་སོ། །ཐ་དད་མེད་པར་མི་འཛིན་པའི་ཕྱིར་ཐ་དད་པ་གྲུབ་བོ་ཞེ་ན། ཐ་དད་མེད་པར་མི་འཛིན་པའི་ཕྱིར་ཐ་དད་པར་ཅིའི་ཕྱིར་མི་འགྲུབ། ཐ་དད་པ་ཡིན་ན་ཕན་ཚུན་ལྐོག་ཏུ་གྱུར་པར་འགྱུར་རོ་ཞེ་ན། ཐ་དད་ན་ཡང་སྣ་ཚོགས་དང་འགལ་བ་རྣམ་པ་གཅིག་ཏུ་འགྱུར་རོ། །ཐ་དད་པར་སྒྲུབ་པར་བྱེད་པའི་ཚད་མ་མེད་པ་ཡང་མ་གྲུབ་པ་ཡིན་ཏེ། མངོན་སུམ་ཉིད་ཀྱིས་ཐ་དད་པར་གྲུབ་པའི་ཕྱིར་རོ། །འདི་འདི་ལས་ཐ་དད་དོ་ཞེས་མ་རྟོགས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་རང་གི་ངོ་བོ་ཡིན་ནོ་ཞེས་མི་རྟོགས་པས་ན་མངོན་སུམ་གྱིས་མི་འགྲུབ་བོ། །རྣམ་པར་མི་རྟོག་ཀྱང་རང་གི་ངོ་བོ་སྣང་ངོ་ཞེ་ན། འདི་ནི་ཐ་དད་པ་ལ་ཡང་མཚུངས་སོ། །དུ་མ་དམིགས་པ་ཡིན་ནོ་ཐ་དད་པར་སྣང་བ་ཡིན་ཏེ། དེས་ན་དེ་མེད་ན་མི་འབྱུང་ངོ་ཞེ་ན། དེ་ཅི་ཁྱེད་རྟ་ལ་ཞོན་ནས་རྟ་བརྗེད་དམ། རྣམ་པ་སྣ་ཚོགས་ཅན་གྱི་ཤེས་པ་གཅིག་ཡིན་པར་སྨྲ་བ་ཡིན་ལ། ཁོ་བོ་ཅག་ཀྱང་དེ་ཉིད་ཐ་དད་པར་སྒྲུབ་པ་ཡིན་ནོ། །དེས་ན་དུ་མ་མ་གཟུང་བའི་ཕྱིར་ཐ་དད་པར་མི་འཛིན་ནོ་ཞེས་བྱ་བའི་ལན་འདི་གང་དུ་འབྲེལ་པར་འགྱུར། དེ་ལྟ་བུར་གྱུར་པའི་རང་གི་ངོ་བོ་བཞིན་དུ་རིག་པའི་ཁོངས་སུ་འདུས་པ་དེའི་བདག་ཉིད་དུ་གྱུར་པ་ཐ་དད་པར་འགལ་ལོ་ཞེ་ན། དེས་ལས་བཟློག་པའི་ངོ་བོ་ཅན་ཡང་དེས་ཐ་མི་དད་པ་འགལ་བ་ཁོ་ན་མ་ཡིན་ནམ། དངོས་པོ་ལ་རྣམ་པ་གཞན་མེད་དོ། །འོ་ན་དེ་ལྟར་ན་དངོས་པོ་མེད་


DTG109_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་འགྱུར་རོ། །གཞན་དམིགས་ཀྱང་དངོས་པོ་གཞན་གྱི་ངོ་བོས་ཐ་དད་པ་མ་ཡིན་ཏེ། ཐ་དད་པ་འདི་ཐ་དད་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཐ་དད་པ་ཡིན་ན་དངོས་པོའི་འཆོལ་བས་ན་དེ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་ཡང་ཐ་དད་པ་ལས་ཐ་མི་དད་པའི་ཕྱིར་ཐ་དད་པ་གཞན་ཁས་ལེན་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །རང་གི་ངོ་བོས་ཐ་དད་ན་དངོས་པོ་གཞན་དམིགས་པས་ཅི་ཞིག་བྱ། དེ་ནི་འདི་འདི་ལས་ཐ་དད་དོ་སྙམ་པའི་རྣམ་པར་རྟོག་པ་སྐྱེ་བ་ཙམ་ལ་ཉེ་བར་མཁོ་བ་ཡིན་གྱི། དེའི་ངོ་བོ་མངོན་སུམ་དུ་བྱེད་པ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྔ་མ་དང་ཕྱི་མ་དག་ལྷན་ཅིག་དམིགས་པ་མེད་ཀྱང་ཐ་དད་པར་འགྱུར་བ་ཉིད་དོ། །དམིགས་པ་མ་དམིགས་པ་ལས་ཐ་དད་པར་ཇི་ལྟར་འགྲུབ་ཅེ་ན། དེ་ཉིད་ཀྱི་ཕྱིར་ན་རྣམ་པ་གཞན་དུ་ན་དམིགས་པ་ཉིད་མི་འགྲུབ་བོ། །དེ་ལྟ་བས་ན་དམིགས་པར་འགྲུབ་ལ། སྔ་མ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཐ་དད་པ་གྲུབ་པ་མི་འགལ་ལོ། །དེ་ནི་མི་རྟོགས་པ་དེ་ལས་ཐ་དད་པར་ནི་རྟོགས་སོ་ཞེས་བྱ་བ་འདི་འགལ་ལོ་ཞེ་ན། འདི་ལ་ཉམས་པ་ཅུང་ཟད་ཀྱང་མེད་དེ། འགལ་ཟླས་རྟོགས་པ་ལ་དེ་ལས་གཞན་པ་དེའི་བདག་ཉིད་དུ་མ་རྟོགས་པ་ཉིད་དེ་ལས་ཐ་དད་པར་རྟོགས་པ་ཡིན་ལ། དེ་ནི་དེ་མ་རྟོགས་ཀྱང་ཉམས་པ་མེད་པས་ན་ཐ་དད་པ་རྟོགས་པ་ལ་དགོས་པ་མེད་དོ། །དེ་ནི་མ་རྟོགས་པ་དེ་ལས་ཐ་དད་པར་རྟོགས་སོ་ཞེས་བྱ་བ་འདི་ཉིད་འགལ་བ་ཡིན་ཏེ། གཅིག་ཡིན་ན་མི་རྟོགས་པ་མི་འཐད་པའི་ཕྱིར་རོ། །གཉིས་སུ་མེད་པར་སྨྲ་བ་འདི་ནི་ཐ་སྙད་འདོགས་པ་རྣམས་ལ་ཉེ་བར་མཁོ་བ་མ་ཡིན་ཏེ། ཐ་དད་ཐམས་ཅད་ནི་བླང་བྱ་དང་དོར་བྱ་ཉིད་ཀྱི་སྒོ་ནས་ཐ་དད་པའི་རྟེན་ཅན་ཡིན་པའི་ཕྱིར་རོ། །གཉིས་སུ་མེད་པར་སྨྲ་བ་ནི་གྲོལ་བར་འདོད་པ་རྣམས་ལ་ཡང་མ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཀྱང་དབྱེར་མེད་པའི་ཕྱིར་རོ། །སྲིད་པ་དང་ནི་མྱ་ངན་འདས། །གཉིས་པོ་འདི་ནི་ཡོད་མིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་པ་ཞེས་བྱར་བརྗོད། །ཞེས་པ་ལྟར་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། དེ་ཁོ་ན་ཤེས་པ་ཡང༌། ཅིག་ཤོས་ཡང་ཐ་མི་དད་པའི་ཕྱིར་རོ། །དེས་ན་འདི་ཉེ་བར་མཁོ་བ་དང་ལྡན་པ་ཡང་མ་ཡིན་པས་ན་མཁས་པ་རྣམས་


DTG109_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཇི་ལྟར་མངོན་པར་ཞེན་ཞེས་མི་རིགས་སོ། །བཤད་པ་མཛད་པས་ནི་ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པས་རློམས་ཏེ་གསུངས་པས་རྣལ་འབྱོར་སྤྱོད་པའི་ཚུལ་སྒྲུབ་པ་ན་དེ་སྐད་གསུངས་པ་ཡིན་ནོ། །སྣ་ཚོགས་གཉིས་སུ་མེད་པ་ཁོ་ན་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་སྐྱབས་ཡིན་ནོ། །འདི་ལྟར་རྣམ་པར་ཤེས་པ་རྣམ་པ་མེད་པར་སྨྲ་བ་ནི་ཐ་ཆད་ཡིན་ལ། རྣམ་པ་དང་བཅས་པ་ཡིན་པ་ན་ཡང་གལ་ཏེ་སྣ་ཚོགས་གཉིས་སུ་མེད་པ་ལ་སྡང་ན། གང་དུ་ཡང་གཅིག་ཉིད་རྣམ་པར་མི་གནས་ཏེ། དེ་ལྟར་དཀར་པོ་ལ་སོགས་པ། །རིག་པ་རྣམ་པ་གཅིག་ལ་ནི། །ཐོག་མ་བར་མཐའི་བྱེ་བྲག་གིས།། སྣ་ཚོགས་ཉིད་དུ་དམིགས་པ་ཡིན། །ཞེས་གང་བཤད་པ་ཡིན་ནོ། །རྣམ་པར་ཤེས་པའི་རྡུལ་ཕྲ་རབ་ཡོངས་སུ་རྟོགས་པ་ཡང་ཡང་དག་པར་རིགས་པ་མེད་པའི་ཕྱིར་སྡིག་པ་ལས་ཀྱང་སྡིག་པ་ཡིན་ཏེ། སྤྲོས་པས་ཆོག་གོ །ཕྱོགས་བཞི་པ་ལ་བརྟེན་པ་ཡང་རིགས་པ་མ་ཡིན་ཏེ། གཟུང་བའི་རྣམ་པ་བརྫུན་པ་ཡིན་ན་གསལ་བ་མི་འཐད་པའི་ཕྱིར་རོ། །དེ་ལྟར་ན་ཤེས་པ་གསལ་བ་ཁོ་ན་གསལ་བ་ཡིན་ནམ། དེའི་བདག་ཉིད་མ་ཡིན་པ་ཡིན་གྲང་ན། ཕྱོགས་དང་པོ་ལྟར་ཤེས་པའི་རང་བཞིན་ཉིད་དུ་འགྱུར་རོ། །ཤེས་པའི་གསལ་བ་མི་གསལ་བ་ལས་ལོག་པའི་ངོ་བོ་གང་ཡིན་པ་དེ། གལ་ཏེ་གཟུང་བའི་རྣམ་པ་ལ་ཡོད་ན། སུ་ཞིག་དེའི་བདག་ཉིད་ཡིན་པ་འགོག་པར་བྱེད། གཉིས་པ་ལྟར་ན་གུད་དུ་གསལ་བས་ན་ཤེས་པ་བཞིན་གཞན་ཉིད་དུ་འགྱུར་ཏེ། གསལ་བ་ནི་ཤེས་པའི་ཆོས་ཡིན་པའི་ཕྱིར་རོ། །གང་ཡང་གཟུང་བའི་རྣམ་པ་མེད་པའི་ཕྱིར་དེ་ལ་ལྟོས་པས་འཛིན་པ་ཡང་མེད་དོ་ཞེས་བརྗོད་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པ་ཡིན་ཡང་འཛིན་པ་དོན་དམ་པ་ཉིད་ཡིན་ཏེ། མེད་པ་གསལ་བའི་ནུས་པ་མ་རིག་པའི་བདག་ཉིད་ནི་ཤེས་པའི་ངོ་བོ་ཡིན་པས་ན། དེ་མེད་ན་དེ་ཡང་མེད་པར་ཐལ་བའི་ཕྱིར་རོ། །ཕྱོགས་ལྔ་པ་ལ་བརྟེན་པ་ཡང་བཟང་པོ་མ་ཡིན་ཏེ། ཤེས་པ་ནི་གསལ་བའི་ངོ་བོ་ཡིན་པའི་ཕྱིར་དེ་མེད་ན་ཡོད་པ་འགལ་བའི་ཕྱིར་རོ། །ཇི་སྟེ་དེ་ནི་གསལ་བ་ཁོ་ན་སྟེ་མི་ངེས་པར་ཟད་དོ་ཞེ་ན། མ་ངེས་ན་གསལ་ལོ་ཞེས་བྱ་བ་ག་ལས། གཞན་དུ་ན་ཀུན་ཏུ་བརྟགས་པ་གསལ་བ་མི་འཐད་པའི་ཕྱིར་རོ་ཞེ་ན། གལ་ཏེ་གསལ་བ་ན་ཀུན་


DTG109_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྟགས་པ་གསལ་བ་མཐོང་ན་རྗེས་སུ་དཔག་པ་འདིར་འགྱུར་བ་མ་ཡིན་ནམ། དེ་ནི་ཡོད་པ་མ་ཡིན་ཏེ། ནམ་ཡང་དེ་གསལ་བར་ངེས་པ་མེད་པའི་ཕྱིར་རོ། །གསལ་བའི་ཆོས་ཅན་ནི་ནམ་ཡང་ཇི་ལྟར་ཡང་མ་ངེས་པ་མི་རིགས་ཏེ། འདི་ལྟར་སེམས་དོན་གཞན་ལ་ཞུགས་པ་འགྲོ་བ་ན་རྩ་ལ་སོགས་པ་ལ་རེག་ཀྱང་མི་ངེས་པ་དེ་ལྟ་ན་ཡང་མཐོང་བ་གཞན་ལ་ངེས་པར་བྱེད་པ་ཁོ་ན་ཡིན་ལ། སྔོན་པོ་ལ་སོགས་པ་དམིགས་པར་གྱུར་པ་སྐད་ཅིག་མ་ཉིད་དུ་མ་ངེས་ཀྱང་སྔོན་པོའི་བདག་ཉིད་དུ་ཞེན་པ་ཁོ་ནའོ། །གལ་ཏེ་གང་ཞིག་ངོ་བོ་གང་དུ་ཡང་ནམ་ཡང་རྗེས་སུ་དཔག་པར་བྱ་བ་མ་ཡིན་པ་དེ་ཡང་གསལ་ན་ཐམས་ཅད་ལ་ཐམས་ཅད་གསལ་བར་འགྱུར་རོ། །གལ་ཏེ་དེར་དེ་ལྟ་བུ་གང་ཡང་གསལ་བ་མི་བཟོད་ན། དེ་ལ་ཡང་བཟོད་པར་མི་བྱའོ་ཞེས་ངེས་སོ། །རྣལ་འབྱོར་པ་རྣམས་ལ་ངེས་པ་ཡང་ངོ་ཞེ་ན། རེ་ཞིག་ཚེ་འདི་ལ་ནི་གང་ལ་ཡང་མ་དམིགས་ལ་གནས་སྐབས་དེར་སོན་པ་རྣམས་ཀྱིས་ནི་མ་གཏོགས་སོ། །གཞན་ཡང་འབྱུང་བར་འགྱུར་བའི་རྣལ་འབྱོར་བའི་ངེས་པ་བརྟགས་ནས་ཡོད་ཡོད་པའི་ཐ་སྙད་འདོགས་ན་ནམ་ཡང་སྣང་བ་གང་ཡང་མེད་པའི་ཐ་སྙད་དུ་མི་བྱ་བར་འགྱུར་བས་ན། འདི་ནི་གྱི་ནའོ། །གང་ཡང་ཀུན་རྫོབ་གཞི་མེད་པ་མི་འཐད་དོ་ཞེས་བརྗོད་པ་དེ་ཡང་མི་རིགས་ཏེ། རྒྱུ་དང་འབྲས་བུ་མ་ཡིན་པ་དག་ཉེ་བར་བླང་བྱ་དང་ཉེ་བར་ལེན་པའི་ངོ་བོར་མ་རྟོགས་ཤིང༌། འབྲས་བུ་ཡིན་ན་ཡང་ཀུན་རྫོབ་ཏུ་མ་རྟོགས་སོ། །ཀུན་རྫོབ་ཀྱི་གཞི་ཀུན་རྫོབ་ཁོ་ན་ཡིན་པས་ན་དབུ་མ་པ་ཁོ་ན་ལ་དེ་གཞི་དང་བཅས་པར་མཐོང་སྟེ། གང་དུ་སྨྲ་བས་ཆོག་གོ །དེ་ལྟར་ཤེས་པ་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་དཔྱད་མི་བཟོད་ཅིང་རྣམ་པ་གཞན་ཡང་མེད་པས་འདི་ཀུན་རྫོབ་ཏུ་ཡོད་པ་ཉིད་རིགས་པའི་སྟོབས་ལས་འོང་བ་ཡིན་ནོ། །སྦྱོར་བ་ནི་དེ་ཁོ་ནར་མེད་པའི་ཁྱབ་བྱེད་ཅན་གྱིས་ཆོས་གང་ཡིན་པ་དེ་ནི་དེ་ཁོ་ནར་མེད་པ་ཡིན་ཏེ། དཔེར་ན་རྟག་པ་དེ་ཁོ་ནར་མེད་པའི་ནུས་པའི་ངོ་བོ་གཅིག་པུའི་རང་བཞིན་ཁྱབ་པར་བྱེད་པ་ཅན་གྱི་ཆོས་ཡིན་པ་བཞིན་ནོ། །རྣམ་པར་ཤེས་པ་ཡང་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་བདག་ཉིད་དེ་ཁོ་ནར་མེད་པའི་ཁྱབ་པར་བྱེད་པ་ཅན་གྱི་ཆོས་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི་མ་གྲུབ་པ་ཡིན་པ་ནི་སྤངས་


DTG109_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་ཉིད་ཡིན་ཞིང༌། མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིན་ནོ། །རྣམ་པ་གཞན་མེད་པའི་ཕྱིར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་ཡིན་པས་ན། ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡོད་པ་མི་འཐད་པས་ན་མ་ངེས་པ་ཉིད་ཀྱང་རྒྱང་བསྲིངས་པ་ཡིན་ནོ། །དེས་ན་ཁྱབ་པར་བྱེད་པ་འདིས་གྲུབ་པ་གང་ཡིན་པ་དེ་ནི་མཁས་པ་རྣམས་ཀྱིས་ཁས་བླང་བར་འོས་སོ། །ཇི་སྟེ་ཕྱི་རོལ་གྱི་དོན་སུན་ཕྱུང་སྟེ་རྣལ་འབྱོར་སྤྱོད་པས་རྣམ་པར་གཞག་པའི་རྣམ་པར་ཤེས་པ་ཡང་དེ་ཁོ་ན་ཡིན་པ་སྤོང་བའི་དབུ་མ་པ་རྣམས་དེ་ཁོ་ན་ཇི་ལྟ་བུ་ཞིག་ཏུ་ལྟ་ཞེ་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་ག་མིན་པའི་བདག་ཉིད་མིན། །དེ་ཉིད་མཐའ་བཞི་ལས་གྲོལ་བ། །དབུ་མ་པ་ཡིས་རྟོགས་པ་ཡིན། །མཐའ་བཞི་སྟེ། རྣམ་པ་བཞི་ལས་གྲོལ་བའི་དེ་ཁོ་ན་དབུ་མའི་སྒྲུབ་པས་སྤྱོད་པ་རྣམས་ཀྱི་རིགས་པ་ཡིན་ནོ། །འདི་ལྟར་ཡོད་མིན་ཏེ། ཡོད་པའི་བདག་ཉིད་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉི་ག་ཡོད་པ་མི་འཐད་པའི་ཕྱིར་རོ། །མེད་མིན་ཀུན་རྫོབ་ཏུ་ཡང་མེད་པ་མ་ཡིན་ཏེ། ཀུན་རྫོབ་ལ་བསྙོན་གདབ་པར་མི་ནུས་པའི་ཕྱིར་རོ། །ཡོད་པ་དང་མེད་པའི་བདག་ཉིད་ཀྱིས་གཉི་གའི་ངོ་བོ་ཡང་མ་ཡིན་ཏེ། ཡོད་པ་དང་མེད་པ་འགལ་བའི་ཕྱིར་རོ། །ཡོད་པ་དང་མེད་པ་ལས་གཉི་ག་མ་ཡིན་པའི་རང་བཞིན་ཡང་མ་ཡིན་ཏེ། གཉིས་ལས་ཕྱི་རོལ་དུ་གྱུར་པ་མ་བསལ་བའི་རང་བཞིན་མི་འཐད་པའི་ཕྱིར་རོ། །འོ་ན་དེ་ཁོ་ན་ཅི་ཡང་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། འདི་ལྟ་སྟེ། ཡོད་པ་དང་མེད་པ་ལ་སོགས་པས་སྟོང་པ་ཞེས་བྱ་བ་འདི་ཁོ་ན་མ་ཡིན་ནམ། དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས། ཡོད་དང་མེད་ཅེས་གཉི་ག་མཐའ། །དག་དང་མ་དག་འདི་ཡང་མཐའ། །དེ་ཕྱིར་མཐའ་གཉིས་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་མི་བྱེད། །ཅེས་གསུངས་སོ། །འདི་ནི་གཞོན་ནུ་མ་ལེན་གྱིས། །དེ་ལ་རྣལ་འབྱོར་སྤྱོད་པ་རྣམས། །དོན་མཐོང་རྣམ་པར་ཤེས་ལ་བརྟེན། །གང་དག་དབུ་མ་པར་སྨྲ་རྣམས། །དེ་ཡང་མེད་པར་འདོད་པ་ཡིན། །ཞེས་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ཏེ། གང་གིས་འདི་བརྗོད་པ་མཛེས་པར་གྱུར་པ་དབུ་མ་པའི་དེ་ཁོ་ན་ནི་ཐམས་ཅད་མེད་པ་མ་ཡིན་ཏེ། དེ་དག་མེད་པ་ཉིད་དུ་ཡང་མི་འདོད་པའི་ཕྱིར་ཏེ། རེ་ཞིག་ཉེས་པ་


DTG109_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས། །འབྱུང་གནས་མེད་པ་བསལ་བ་ཡིན། །ཞེས་གསུངས་སོ། །ཡོད་པ་བཀག་པ་ཉིད་ཀྱིས་མེད་པར་འདོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མེད་པ་ནི་ཡོད་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་མ་གྲུབ་ན་དེ་ཡང་མི་འགྲུབ་པའི་ཕྱིར་རོ། །མེད་པ་ཡོད་པའི་ཟླས་དྲངས་ཏེ། །ཡོད་པ་མེད་པའི་ཟླས་དྲངས་ཡིན། །དེ་ཕྱིར་མེད་པར་མི་བརྗོད་ཅིང༌། །ཡོད་པར་ཡང་ནི་མི་བརྟག་གོ །ཞེས་བཅོམ་ལྡན་འདས་ཀྱིས་གང་གསུངས་པའོ། །གཞན་ཡང་གལ་ཏེ་དངོས་པོ་མེད་པ་ཁོ་ན་ཡིན་ན་དེ་ཡོད་པར་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་གང་བརྗོད་པ་དེ་ལ་ཁོ་བོ་ཅག་ཀྱང་སྨྲ་སྟེ། གལ་ཏེ་དངོས་པོ་ཡོད་པ་ཁོ་ན་ཡིན་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་དེ་རང་བཞིན་མེད་པར་གསུངས། འོ་ན་འདིར་དེ་ཁོ་ན་གང་ཡིན་ཞེ་ན། རང་བཞིན་མེད་པ་ཁོ་ན་དོན་དམ་པ་པ་ཡིན་ཞིང༌། ཁྱད་པར་དུ་སྟོང་པ་ཁོ་ན་མདོ་གཞན་དུ་དེ་ཁོ་ནར་མགོན་པོས་བསྟན་པ་ཡིན། དེ་ཀུན་རྫོབ་པ་ཡིན་ཡང་མི་འགལ་བ་ཉིད་དོ། །སྟོང་པ་ཉིད་དུ་སྨྲ་བ་ནི་དངོས་པོ་རྣམས་ཀུན་རྫོབ་ཏུ་ཡོད་པ་ཡང་མི་བཟོད་པ་མ་ཡིན་ནོ། །དེས་ན་ཡོད་པར་བསྟན་པ་འདི་སྟོང་པ་ཉིད་དོན་དམ་པ་པར་འཐད་པ་བསལ་བའི་ཕྱིར་བསྟན་པར་མི་རིགས་སོ། །ཐམས་ཅད་དོན་དམ་པ་ཡིན་ན་སྟོང་པ་ཉིད་དུ་བསྟན་པ་མི་འཐད་པས་ན་ངེས་པར་དེ་ལ་གནོད་པ་ཡིན་ནོ། །དེས་ན་སྟོང་པ་ཉིད་དུ་བསྟན་བསྟན་པ་གཞན་གྱིས་མི་གནོད་པས་ན་ངེས་པའི་དོན་ཡིན་པས་ཚད་མ་ཡིན་ལ། བསྟན་པ་གཞན་ནི་བཟློག་པ་ཡིན་པས་ཚད་མ་མ་ཡིན་ནོ། །གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི་ཚད་མས་མི་བསླུ་བ་དང་ལྡན་པ་ཡིན་ན་དེ་ལ་དེ་ལས་བཟློག་པའི་ངོ་བོ་ཅན་གཞན་གྱིས་སེལ་བའམ་གེགས་བྱེད་པར་ཇི་ལྟར་འགྱུར། སེལ་བ་དང་གེགས་བྱེད་པ་མེད་པ་ལ་ནི་དྲང་བའི་དོན་ཉིད་དུ་རྟོགས་པ་རིགས་པ་དང་ལྡན་པ་མ་ཡིན་ནོ། །སྟོང་པ་ཉིད་ལ་ཚད་མས་མི་བསླུ་བ་མི་སྲིད་པ་ཁོ་ན་མ་ཡིན་ནམ། སྒྲུབ་བྱེད་གང་གིས་སྟོང་པ་ཉིད་ཡིན་པ་དེ་ཡང་སྟོང་པའམ་མི་སྟོང་པ་ཞིག་ཡིན་གྲང་ན། སྟོང་པ་ཡིན་ན་དེ་ནི་མེད་པ་ཁོ་ན་ཡིན་པས་ན། ཇི་ལྟར་དེས་སྟོང་པ་ཉིད་དུ་འགྲུབ། ཇི་སྟེ་སྟོང་པ་མ་ཡིན་ན་ནི་ཐམས་ཅད་སྟོང་པ་ཡིན་ནོ་ཞེས་བྱ་བ་དམ་བཅའ་བའི་དོན་ལ་གནོད་ཅིང༌།


DTG109_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་གཏན་ཚིགས་ཀྱང་མ་ངེས་པ་ཉིད་དོ། །དེ་སྐད་དུ། ཐམས་ཅད་མེད་ཅེས་སྨྲ་བ་གཏན་ཚིགས་བཅས་པའམ། །འོན་ཏེ་དམ་བཅའ་རང་ཉིད་སྒྲུབ་པར་བྱེད་དམ་ཅི། །ཇི་སྟེ་གཏན་ཚིགས་འགོད་པ་གཡེལ་བར་གྱུར་ན་ནི། །དམ་བཅའ་འགའ་ཞིག་གིས་ནི་འདི་ལ་ཅི་ཞིག་འགྱུར། །ཞེས་གསུངས་སོ་ཞེ་ན། སྟོང་པའི་སྒྲུབ་བྱེད་ཁོ་ནས་སྟོང་པ་ཉིད་བསྒྲུབ་པ་ཡིན་ལ། དེ་ལྟ་ཡིན་ཡང་སྒྲུབ་པར་བྱེད་པ་མེད་པར་བསྒྲུབ་བྱ་སྒྲུབ་པར་མི་འགྱུར་རོ། །འདི་ལྟར་སྟོང་པ་ཡིན་ནོ་ཞེས་བྱ་བ་ཁོ་ནས་དེ་ཀུན་རྫོབ་ཏུ་ཡང་མེད་པར་མ་ཡིན་ནོ། །སྟོང་པ་ལས་བསྒྲུབ་བྱ་གྲུབ་པ་ཇི་ལྟར་འབྱུང་ཞེ་ན། གནོད་སྦྱིན་ཇི་འདྲ་བ་གཏོར་མ་དེ་འདྲའོ་ཞེས་འཇིག་རྟེན་ན་གྲགས་པ་ཡིན་ཏེ། དེ་སྐད་དུ། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བ་ཡིན། །ཞེས་གསུངས་སོ། །འོ་ན་དོན་དམ་པར་ན་སྒྲུབ་བྱེད་མེད་ཅིང་བསྒྲུབ་པ་ཡང་མེད་པས། དོན་དམ་པའི་རང་བཞིན་མེད་པ་སྒྲུབ་པར་མི་འགྱུར་རོ་ཞེ་ན། སྐྱོན་འདི་ནི་མེད་དེ་གང་གིས་དེ་དོན་དམ་པར་མ་ཡིན་པ་དེ་ཡང་དེ་ལྟ་བུར་འགྱུར་བ་སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བའི་བྱེད་པ་པོ་ནི་མ་ཡིན་ནོ། །གལ་ཏེ་ཤེས་པར་བྱེད་པ་དོན་དམ་པ་པ་མ་ཡིན་པ་དེ་ལྟ་ན་ཡང་ཤེས་པར་བྱ་བ་ཡང་དེ་ལྟ་བུའི་ངོ་བོར་ག་ལ་འགྱུར། ཡང་དག་པ་མ་ཡིན་པ་ལས་ཡང་དག་པའི་ངེས་པ་ཇི་ལྟར་ཞེ་ན། ངེས་པ་ནི་ཡང་དག་པ་མ་ཡིན་གྱི་འོན་ཀྱང་ཡང་དག་པར་མ་ཡིན་ནོ། །ངེས་པ་ཡང་དག་པ་ལ་ནི་དགོས་པ་ཅི་ཡང་མེད་ཀྱི་འོན་ཀྱང་ངེས་པར་བྱ་བ་ལ་ཡོད་དོ། །ངེས་པ་ཡང་དག་པ་མ་ཡིན་པས་ཡང་དག་པ་ངེས་པ་ཇི་ལྟར་ཞེ་ན། འོ་ན་ལོག་པའི་སྣང་བ་ཅན་གྱི་རྗེས་སུ་དཔག་པས་ཀྱང་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ངེས་པར་མི་འགྱུར་རོ། །ཡང་དག་པ་མ་ཡིན་པ་ལས་ཡང་དག་པ་དེས་ན་སྒྲུབ་བྱེད་ལྟར་སྣང་བ་ལས་དེར་ཐལ་བར་འགྱུར་རོ་ཞེ་ན། འདིའི་ཡང་དག་པ་མ་ཡིན་པ་ཉིད་ནི་སྒྲུབ་བྱེད་ལྟར་སྣང་བ་བཞིན་དུ་མ་ངེས་པའི་ཕྱིར་རམ། འགལ་བའི་ཕྱིར་རམ། མ་ངེས་པའི་ཕྱིར་ནི་མ་ཡིན་གྱི། འོན་ཀྱང་དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །དེས་ན་འདི་ལས་ཡིན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །དེས་ན་འདི་ལས་ཡིན་པ་བཞིན་དུ་སྒྲུབ་བྱེད་ལྟར་སྣང་བ་ལས་ཀྱང་ངེས་པ་འབྱུང་བར་ཇི་ལྟར་འོས། སྒྲ་མཚུངས་པ་ཙམ་གྱིས་ནི་དོན་མཚུངས་པ་འཐོབ་པ་མ་ཡིན་ནོ། །འདིས་ནི་


DTG109_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ན་རེ། གལ་ཏེ་ཡང་དག་པ་མ་ཡིན་པའོ། །ངེས་པའི་ཡུལ་ཡང་དག་པ་ཡིན་ན་ཚད་མ་ལྟར་སྣང་བའི་ཡུལ་ཡང་ཅིའི་ཕྱིར་ཡང་དག་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ཡང་བསལ་བ་ཡིན་ཏེ། འདིར་ཡང་ཡང་དག་པ་མ་ཡིན་པའི་སྒྲ་མཚུངས་པ་ཡིན་གྱི། དོན་ནི་མ་ཡིན་ནོ། །འདི་ལྟར་ཚད་མ་ལྟར་སྣང་བ་ནི་ཞེན་པར་བྱས་པའི་ཡུལ་ལ་བསླུ་བས་ཡང་དག་པ་མ་ཡིན་པ་ཡིན་ལ། སྐབས་སུ་བབ་པ་ནི་ངེས་པ་ཞེན་པའི་ཡུལ་ལ་མི་བསླུར་ཟིན་ཀྱང་དོན་དམ་པའི་རང་བཞིན་དང་བྲལ་བའི་ཕྱིར་ཡིན་ནོ། །དེས་ན་གལ་ཏེ་དབུ་མ་པ་ཚད་མ་ཁས་ལེན་ཀྱང་རུང༌། གལ་ཏེ་ཁས་མི་ལེན་ཀྱང་རུང་སྟེ། གཉི་ག་ལྟར་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྣམ་པར་གཞག་པར་མི་ནུས་སོ་ཞེས་བྱ་བ་འདི་བརྗོད་པར་མི་བྱ་སྟེ། ཀུན་རྫོབ་ཀྱི་ཚད་མ་ལྟར་སྣང་ལས་ལོག་པའི་ཀུན་རྫོབ་ཞེན་པའི་ཡུལ་ལ་མི་བསླུ་བའི་ཤེས་པ་དེ་དག་གིས་ཚད་མར་ཁས་བླངས་པའི་ཕྱིར་རོ། །དེས་ན་བསྟན་པ་འདི་ལ་ལྟ་བའི་ཆུ་བུར་བྱུང་བ་ནི་འདི་ཡིན་ཏེ། ཁ་ཅིག་ཐམས་ཅད་ཡོད་པར་སྨྲ་བ་དང༌། ཁ་ཅིག་ཐམས་ཅད་མེད་པར་སྨྲ་བའི་ཞེས་གང་བརྗོད་པ་འདི་ཡང་མི་རིགས་པ་ཡིན་ཏེ། དབུ་མ་པ་ལ་བསམས་ནས་དེ་སྐད་བརྗོད་པའི་ཕྱིར་དང་དེ་དག་གི་གྲུབ་མཐའ་ཡང་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །ཡང་ན་སྡང་བ་ལ་སུ་ཞིག་ནུས་ཏེ། དེ་ལ་བརྟགས་པས་ཆོག་གོ །རིགས་པ་དང་ལུང་གིས་རྟོགས་པའི་གྲུབ་མཐའ་ཅད་བློ་དང་ལྡན་པའི་དབུ་མ་པ་ལ་འཇི་ལྟར་སྡང་བ་ཞེས་མི་རིགས་སོ། འདི་སྙམ་།འདི་སྙམ་དུ་རེ་ཞིག་གང་དག་གཞན་དུ་ཡོད་པ་ཉིད་རྟོགས་ཀྱང་ངན་སོང་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ལྟ་བ་དེ་དག་ཀྱང་མེད་པ་པ་ཡིན་ནོ་ཞེས་ཏེ་ཡོད་པའི་འཇིག་རྟེན་སྡང་བ་ཡིན་ན། གང་དག་ཐམས་ཅད་མེད་པར་ལྟ་བའི་དབུ་མ་པ་དེ་དག་མེད་པའི་ཚོགས་ཀྱི་གཙུག་གི་ནོར་བུ་ཡིན་ན་ཇི་ལྟར་མི་སྡང་བར་འགྱུར་སྙམ་ན། དེ་ནི་མ་ཡིན་ཏེ། མེད་པར་ལྟ་བ་མེད་པས་ན་དབུ་མ་པ་མེད་པ་པ་ཉིད་དུ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཡོད་པ་བཀག་པ་ཉིད་ཀྱིས་མེད་པའི་ཡིན་ནོ་ཞེ་ན། མེད་པ་བཀག་པ་ཉིད་ཀྱིས་ཡོད་པ་པར་ཅིའི་ཕྱིར་མི་འདོད་དེ། སློབ་དཔོན་ཀླུ་གྲུབ་ཀྱི་ཞལ་སྔ་ནས་ཀྱིས། གལ་ཏེ་ཡོད་པ་སུན་ཕྱུང་བ། །ཉིད་ཀྱིས་མེད་པ་


DTG109_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་ཡིན་ན། །མེད་པ་སུན་ནི་ཕྱུང་ཉིད་ཀྱི། །ཡོད་པ་ཅི་ཡི་ཕྱིར་མི་འཐོབ། །ཅེས་གང་གསུངས་པའོ། །གལ་ཏེ་དོན་དམ་པ་པའི་ཡོད་པ་བཀག་པས་མེད་པ་པར་འདོད་ན་གོད་པ་ཅི་ཡང་མེད་དོ། །ཇི་སྟེ་ཀུན་རྫོབ་པའི་ཡོད་པ་ཡང་བཀག་པའི་ཕྱིར་ཡིན་ན། དེ་ནི་བཀག་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་ངོ་བོ་ཡི། །ཀུན་རྫོབ་བཀག་པ་མ་ཡིན་ཕྱིར། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཇིག་མ་ཡིན། །ཞེས་གང་གསུངས་པའོ། །དངོས་པོ་རྣམས་ཀྱི་མཆོག་ཏུ་གསང་བ་འདི་ཉིད་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་རྣམས་སུ་ཕྱེ་བ་ཡིན་ན། གང་གིས་དེ་དག་ལ་སྡང་བ་དེ་ལ་མ་གུས་པ་རྣམས་ལ་དེ་ལ་མོས་པས་ཉེས་པ་ཅི་ཞིག་ཡིན།གང་ཞིག་དབུ་མའི་དེ་ཁོ་ན་མངོན་དུ་གྱུར་པ་དབུ་མ་པའི་མཆོག་བཅོམ་ལྡན་འདས་ལ་ནི་གུས་ལ་མོས་པ་ཙམ་གྱི་སྒོ་ནས་དབུ་མ་པ་ཡིན་པའི་སྐྱེ་བོ་ལ་སྐྱེ་བོ་སྡང་བ་འདི་ནི་ཤིན་ཏུ་ངོ་མཚར་རོ། །དེ་བས་ན་དབུ་མ་པ་ལ་སྡང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྡང་བ་ཡིན་ཏེ། དབུ་མའི་སྒྲུབ་པ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། དེ་སྤོང་བ་ན་དེ་ཡང་སྤངས་པ་ཡིན་ནོ། །རྒྱལ་བའི་ཡུལ་ནི་དམིགས་པའི་ངོ་བོ་ཅན་ཡིན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེའི་ལྟ་བ་ཅན་དུ་སྨྲ་བ་ནི། ཤིན་ཏུ་སྐུར་པ་འདེབས་པ་ཡིན་ནོ། །དེས་ན་ཡོད་པའི་ལྕེ་རྟེན་ཅན་མཆོག་ཏུ་མེད་པ་དམྱལ་བ་ལ་གཞོལ་བ་འདི་ནི་རང་བརླག་ཅིང་གཞན་ཡང་རླག་པར་བྱེད་པ་ཡིན་ཏེ། དད་པ་བླུན་པས་འཇིག་རྟེན་བསླུས་པ་ཡིན་ནོ། །གང་དག་རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུ་སྦལ་གྱི་མགྲིན་པ་ཆུད་པ་ལྟ་བུའི་མི་ཉིད་དང་ཤིན་ཏུ་ཐོབ་པར་དཀའ་བའི་བདེ་བར་གཤེགས་པའི་བསྟན་པ་ལ་དད་པ་ཡང་ཐོབ་ནས། ཐེག་པ་ཆེན་པོ་ལ་སྐུར་པས་དལ་འབྱོར་ཆུད་གཟོན་པའི་ཉོན་མོངས་པ་འདི་དག་ནི་མཆོག་ཏུ་མྱ་ངན་བྱ་བའི་འོས་ཡིན་ནོ། །ཚུལ་ཆེན་པོ་ལ་བརྙས་པ་འདི་ནི་བསླུ་བ་ཆེན་པོ་ཡིན་ཞིང༌། རྣམ་པར་སྤྱོད་པ་དང་བྲལ་བ་ཆེན་པོ་ཡང་ཡིན་ཏེ། དེས་ན་འདི་ནི་སྐལ་པ་དམན་པའི་ཉེས་པར་སྤྱོད་པའོ། །འདི་ནི་བདེ་འགྲོའི་སྙད་ཅན་མཆོག་ཏུ་ངན་སོང་དུ་ལྟུང་བ་ཡིན་ཞིང༌། འདི་ནི་དེ་དག་གིས་བདེ་བ་དང་ཕན་པ་ཕུན་སུམ་


DTG109_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་མི་བཟོད་པ་ཡིན་ཏེ། གང་གི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཡིན་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བ་ཡང་བྱང་ཆུབ་སེམས་དཔའི་ལམ་བླ་ན་མེད་པ་ཡིན་ཏེ། དེས་ན་དེ་སྤངས་པ་ན་ཐེག་པ་ཆེན་པོ་མ་སྤངས་པ་ཞེས་བྱ་བ་ཇི་ལྟར་ཡིན་གྱི། གཉིས་ཀྱིས་སྟོང་པར་ལྟ་བ་ལམ་ཡིན་པས་ན་སྐྱོན་འདི་མེད་དོ་ཞེ་ན། མ་ཡིན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ན་དེ་དང་དེར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཏེ། ཆོས་འདི་ཐམས་ཅད་རང་བཞིན་སྟོང་པ་སྟེ། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །འཇིག་རྟེན་གསུམ་པོ་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་ཡིན། །མཐོང་བ་དང་ནི་རེག་པ་ཉིད། །ཀུན་ཏུ་སྒྱུ་མ་ཇི་བཞིན་ཏེ། །འགྲོ་བའི་གནས་པ་ཐམས་ཅད་ནི། །དེ་ལྟར་དམིགས་པ་མ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །གལ་ཏེ་དངོས་པོ་དོན་དམ་པར་མེད་ན་བཅོམ་ལྡན་འདས་དེ་སྟོན་པ་མཛད་པས་དེ་ཁོ་ན་གཟིགས་པ་ཇི་ལྟར་ཡིན་ཞེས་དེ་སྙམ་དུ་བསམ་པར་མི་བྱ་ཏེ། འདི་ལྟར་ཐུགས་བརྩེ་བ་དང་ལྡན་པའི་བསྟན་པ་ལ་འཇུག་པ་ནི་གདུལ་བྱའི་སྐྱེ་བོའི་ངོས་ཡིན་ལ། དེ་ལ་ཁ་ཅིག་དྲང་བའི་དོན་ཡིན་ཁ་ཅིག་ངེས་པའི་དོན་ཡིན་ནོ། །དྲང་བ་དང་ངེས་པའི་དོན་གྱི་མདོ་སྡེའི་རྣམ་པར་དབྱེ་བ་ཡང་མདོ་གཞན་དུ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཁོ་ནའོ། །དེས་ན་སྐྱོབ་པ་དེས་བསྟན་པ་ཡིན་ནོ་ཞེས་བྱ་བ་ཁོ་ནས་ནི་དེ་ཁོ་ནར་གཟུང་བར་མི་བྱ་སྟེ། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱིས། དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་མཛད་ནས་ནི། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་སྤྱོད་པ་སྤྲོས་པ་ཡིན། །ཞེས་གང་གསུངས་པའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་ལ་སོགས་པ་བསྟན། །སེམས་ཙམ་དུ་ནི་རྣམ་གཞག་པས། །སྐལ་ཆེན་རྣམས་ཀྱིས་དེ་ཡང་བསལ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་ཆེན་པོས་གང་བསྟན་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །བསལ་ཕྱིར་


DTG109_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་དེ་ཉིད་མིན། །ཞེས་སོ། །སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱིས་ཀྱང༌། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། །ལྟ་བའི་མཆེ་བས་སྨྲས་པ་དང༌། །ལས་རྣམས་འཇིག་པ་ལ་ལྟོས་ནས། །སྟག་མོ་ཕྲུག་གུ་ཁྱེར་བ་ལྟར། །རྒྱལ་བས་ཆོས་འདི་སྟོན་པར་མཛད། །ཅེའོ། །འོ་ན་བཅོམ་འདས་མི་བདེན་པ་གསུང་བས་ན་ཁྱེད་ཅག་ཉིད་བཅོམ་ལྡན་འདས་ལ་སྐུར་བ་འདེབས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དགོངས་པའི་ཁྱད་པར་གྱིས་བརྫུས་ཏེ་བྱུང་བའི་སེམས་ཅན་ཡོད་པར་བསྟན་པ་བཞིན་དུ་བསྟན་པ་གཞན་ཡང་དག་པ་ཡིན་པའི་ཕྱིར་རོ། །འོ་ན་སྟོང་པ་ཉིད་བསྟན་པ་ཉིད་ཡིད་ལ་བསྟན་དུ་མེད་དོ། །དེ་ལ་ཡང་དགོངས་པ་ཅན་ཡིན་པའི་དོགས་པ་དག་པ་མི་ནུས་པའི་ཕྱིར་རོ་ཞེས་ན། མ་ཡིན་ཏེ། འདི་ལྟར་རེ་ཞིག་སྟོང་པ་ཉིད་དུ་བསྟན་པ་འདུལ་བར་བྱ་བའི་བསམ་པའི་ངོར་ཡིན་པར་སེམས་དང་ལྡན་པས་དོགས་པར་མི་འོས་ཏེ། སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིན་པོ་ལ་སོགས་པ་ཡང་སྟོང་པ་ཉིད་རྟོགས་པའི་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་བཅོམ་ལྡན་འདས་སྟོན་པ་པོའི་ཚོགས་ཀྱི་སྤྱི་གཙུག་གི་ནོར་བུ་ཡིན་ཏེ། གལ་ཏེ་འདིར་ནི་སངས་རྒྱས་པ་དང་ཕྱི་རོལ་ལ། །རྣམ་པར་འབྱེད་བྱེད་སྟོང་ཉིད་བསྟན་པ་གཅིག་མེད་ནི། །སྤྱོད་པ་ཞི་བ་མོས་བློ་སྦྱངས་རྣམས་ཀྱི་གྲུབ་པའི་མཐའ། །ཐམས་ཅད་རབ་ཏུ་རྣམ་པར་ཕྱེ་ན་མཚུངས་པ་ཡིན། །ཞེས་གང་བཤད་པའོ། །མཁས་པ་སུ་ཡང་འདི་རྒྱུ་མཚན་གྱིས་ཡིན་པར་ཡང་རྟོགས་པར་མི་བྱེད་དེ། རྒྱུ་མཚན་གཞན་མེད་པའི་ཕྱིར་རོ། །འདི་སྙམ་དུ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་རྣམ་པར་རིག་པ་ཙམ་མོ་ཞེས་གསུངས་པ་ན། གདུལ་བར་བྱ་བ་རྣམས་དེ་ཉིད་ལ་འཛིན་པར་མ་གྱུར་ཅིག་སྙམ་སྟེ། བཅོམ་ལྡན་འདས་ཀྱིས་དེ་ཡང་སྟོང་པ་ཉིད་དུ་གསུངས་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་རྣམ་པར་ཤེས་པ་དོན་དམ་པ་ཁོ་ན་ཡིན་ན། དེའི་ཚེ་མངོན་པར་ཞེན་པ་ལ་ཉེས་པ་ཅི་ཡང་མེད་པས་ན་ཅིའི་ཕྱིར་ཕྱིར་འགོག་པར་བྱེད། ཇི་སྟེ། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་


DTG109_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་འཇོག་ན། །དེ་ཙམ་ལ་ནི་གནས་མ་ཡིན། །སྙམ་དུ་སེམས་ན། དེ་ལྟ་ན་འོ་ན་དེ་ཙམ་དུ་བསྟན་པ་ཁོ་ནས་དེར་མངོན་པར་ཞེན་པ་བསལ་བས་ན་སྟོང་པ་ཉིད་བསྟན་པས་མི་དགོས་སོ། །གལ་ཏེ་འདི་མངོན་པར་ཞེན་པ་བཀག་པ་ཙམ་དགོས་པ་ཡིན་ན། འདི་ལ་ཡང་མངོན་པར་ཞེན་པར་མི་བྱའོ་ཞེ་ན་ཚུལ་དྲང་པོ་ཁོ་ནར་གསུངས་པར་རིགས་ན་རྣམ་པ་གཞན་དུ་གསུངས་པས་ཅི་བྱ། རྣམ་པ་གཞན་དུ་གསུངས་ན་ནི་ཇི་ལྟར་བརྗོད་པ་བཞིན་དུ་འཛིན་པ་མི་བདེན་པ་ཉིད་དུ་འཛིན་པར་འགྱུར་ལ། དེ་ལྟ་ན་ཡང་དོན་མ་ཡིན་པ་ཆུང་ངུ་ལས་བཟློག་པའི་གདུལ་བྱ་དོན་མ་ཡིན་པས་ཆེན་པོ་ཉམས་པར་བསྒྱུར་བ་ཡིན་ནོ། །དེས་ན་ཤེས་པ་དང་ཤེས་བྱ་ཡིན་པར་བསྟན་པ་ནི་དྲང་བའི་དོན་གྱི་མདོ་སྡེ་བསྟན་པ་ཡིན་གྱི། དེ་ལྟར་ཡང་དག་པ་ནི་མ་ཡིན་ནོ་ཞེས་རྟོགས་སོ། །འདི་ལས་ཀྱང་དྲང་བའི་དོན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགག་པ་བསྟན་པ་ནི་ཐམས་ཅད་དུ་ངེས་པའི་དོན་ཉིད་དུ་སྣང་སྟེ། དཔེར་ན། འདི་ནི་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་བྱུང༌། །ཞེས་བྱ་བ་བཞིན་ནོ། །དེ་བཞིན་དུ་མྱུ་གུ་འདི་ནི་རང་གིས་མ་བྱས་གཞན་གྱིས་མ་བྱས་གཉི་གས་མ་བྱས་དབང་ཕྱུག་གིས་སྦྲུལ་པ་མ་ཡིན་དུ་ཡོངས་སུ་འགྱུར་བ་མ་ཡིན། རང་བཞིན་ལས་ལས་བྱུང་བ་མ་ཡིན་རྒྱུ་གཅིག་ལ་རག་ལས་པ་མ་ཡིན་རྒྱུ་མེད་པར་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ། མིང་ནི་གང་དང་གང་ཞིག་གིས། ཆོས་ནི་གང་དང་གང་བརྗོད་པ། །དེ་ནི་དེ་ལ་ཡོད་མ་ཡིན། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་བྱ་བ་དང༌། དེ་བཞིན་དུ། ཇི་ལྟར་བྱིངས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང༌། །ཞེས་བྱ་བ་བཞིན་ནོ། །སྒྲུབ་པ་བསྟན་པ་ནི་རྣམ་པ་སྣང་བས་ན་དེ་ཉིད་ལ་དྲང་བའི་དོན་དུ་སྲིད་པ་རིགས་པ་དང་ལྡན་པ་ཡིན་ནོ། །ཇི་སྟེ་དེ་ལྟ་ཡིན་ཡང་དྲང་བའི་དོན་དུ་རྟོགས་ན། གང་ཟག་གི་བདག་མེད་པར་བསྟན་པ་ཡང་དེ་ལྟར་བརྟག་པར་གྱིས་ཤིག །གཞན་ཡང་འོ་ན་གལ་ཏེ་དབུ་མ་པ་རྣམས་ཀྱི་བསྒྲུབ་བྱ་གྲུབ་པ་གྲུབ་བྱེད་ལ་རག་ལུས་ན། འོ་ན་བསྒྲུབ་བྱ་གྲུབ་པར་བྱེད་པས་དོན་བྱེད་ནུས་པ་ཇི་ལྟར་སྟོང་པ་ཡིན་ཏེ། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་གང་གསུངས་པའོ་དམ་ཡོད་པ་ཡིན། །ཞེས་གང་གསུངས་པའོ།


DTG109_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། བརྗོད་པ། གལ་ཏེ་དོན་བྱེད་པ་དོན་དམ་པ་པ་ཡིན་ན་འདིར་འགྱུར་བ་ཞིག་ན། བྱེད་པོ་དང་ལས་དག་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པས་ན་འདི་དོན་དམ་པ་ཞེས་བྱ་བ་ཇི་ལྟར་ཡིན། རྒྱུ་དང་འབྲས་བུའི་ངོ་བོ་སྒྲུབ་པར་བྱེད་པའི་ཚད་མ་ནི་ཅི་ཡང་མེད་ལ། གནོད་པར་བྱེད་པ་ནི་ཁ་ན་མ་ཐོ་བ་མེད་པར་ཡོད་པས་ན་དོན་བྱེད་ནུས་པ་དོན་དམ་པར་ཡོད་པའི་མཚན་ཉིད་དུ་མི་རིགས་སོ། །འདི་ནི་བརྗོད་པར་བྱ་བ་མང་བས་རེ་ཞིག་གཞག་སྟེ། འདིར་རྣམ་འགྲེལ་མཛད་པས་ནི་ཐ་སྙད་ལ་བརྟེན་པའི་དོན་དམ་པར་ཡོད་པའི་མཚན་ཉིད་གསུངས་པ་ཡིན་པས་དེའི་དགོངས་པ་དང་མི་འགལ་ལོ། །རིགས་པའི་དབང་ཕྱུག་མཆོག་དེ་ནི་དོན་དམ་པར་ན་དབུ་མ་པ་ཁོ་ན་སྟེ། གལ་ཏེ་ཐམས་ཅད་ནུས་མེད་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཇི་ལྟར་དེ་ལྟ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདི་ལས་ཀྱང་དབུ་མ་པ་ཡིན་ཏེ། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་གཅིག་བུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཇི་ལྟར་སྣང༌། །ཞེས་ཕྱོགས་སྔ་མ་བསླང་བ་སྔོན་དུ་འགྲོ་བས། ཇི་ལྟ་ཇི་ལྟར་དོན་བསམས་ལ། །དེ་ལྟ་དེ་ལྟར་རྣམ་དབེན་ཞེས། །མཁས་པ་རྣམས་ནི་གང་གསུང་བ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །སྣ་ཚོགས་གཅིག་ན་ཅི་ཞིག་འགྱུར། །བློ་དེ་ལ་ནི་མི་འགྱུར་རོ། །གལ་ཏེ་དོན་འགལ་འདི་འདོད་ན། །དེ་ལ་ཁོ་བོ་ཅི་ཞིག་ཡིན། །ཞེས་གསུངས་པའོ། །རྣམ་པར་ཤེས་པའི་སྐབས་ཉིད་ནས། །གང་གིས་དངོས་པོ་རྣམ་དཔྱད་ནས། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ།། གཅིག་དང་དུ་མའི་རང་བཞིན་མེད། །ཅེས་བྱ་བ་འདི་ལས་ཀྱང་ཡིན་ཏེ། །ཕྱི་རོལ་དང་ནང་ཐུན་མོང་དུ་སུན་འབྱིན་པ་ཡིན་ནོ། །དབུ་མ་པའི་ལུགས་ཀྱི་བདུད་རྩི་ལ་དགྱེས་པ་མི་མངའ་ན་ནི། །དེ་སྐད་གསུངས་པ་རིགས་པར་མ་མཐོང་ངོ༌། །གང་ལ། རིགས་ལམ་སྲང་ཞུགས་འགྲོ་བ་ནི། །གཅིག་ཏུ་བྱས་དང་བདག་གི་བློ། །འོན་ཀྱང་ཡོངས་སུ་རྟོགས་པ་ནི། །སྐལ་ལྡན་ཡོད་ན་དེ་རྣམས་རྒྱལ། །ཞེས་བྱ་བའི་སེང་གེའི་སྒྲ་ཡོད་ཅིང༌། །གང་ཞིག་ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པས་ལྷའི་བླ་མ་རྒྱང་རིང་དུ་སྨད་ཅིང་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དང་མཚུངས་སོ། །གང་ལ་


DTG109_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་འཐོབ་པ་རྣམས་ལྟ་བ་ངན་པའི་གཡང་ས་ཆེན་པོར་ལྷུང་བའི་སེམས་ཅན་ལ་ཐུགས་བརྩེ་བས་རྗེ་བཙུན་ཀུན་ཏུ་བཟང་པོ་གཤེགས་པར་བསྔགས་པ་བརྗོད་པ། ཁ་ན་མ་ཐོ་བ་མེད་པའི་གསང་སྔགས་ཀྱིས་མུ་སྟེགས་ངན་པའི་ཤ་ཟ་སྐྲག་པར་མཛད་པ་ཚད་མ་པའི་ཚོགས་ཀྱི་གཙུག་གི་ནོར་བུ་སྟེ། དབུ་མ་པའི་གྲུབ་མཐའ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་བློ་དང་ལྡན་པ་སུ་ཞིག་ཡིད་ཆེས་པར་འགྱུར། དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ལུང་ལས་ཁོང་དུ་ཆུད་ཅིང་ཚད་མས་ཡོངས་སུ་དག་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསལ་བར་མཛད་པ། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་བཞེད་པའི་དབུ་མ་དེ་ཁོ་ན་འདི་བློ་དང་ལྡན་པ་རྣམས་ཀྱིས་ཁས་བླང་བ་དང༌། གོམས་པར་བྱ་བར་འོས་པ་ཡིན་ཏེ། རེ་ཞིག་མོས་པ་ཙམ་ཡང་བསོད་ནམས་དག་པ་སོགས་པའི་རྒྱུ་ཡིན་ན། གོམས་པ་ལྟ་སྨོས་ཀྱང་ཅི་དགོས། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། །ཕུང་པོ་ཡོངས་སུ་ཇི་སྙེད་པ། །དེ་སྙེད་བྱང་ཆུབ་སེམས་དཔའི་ཡི།། བྱང་ཆུབ་སེམས་ལས་རབ་ཏུ་འབྱུང༌། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི། །ཕུང་པོ་འབྱུང་བ་ཇི་སྙེད་པ། །དམ་ཚིག་ཡོངས་སུ་འཛིན་པ་ཡི། །བསོད་ནམས་དེ་བས་ཤིན་ཏུ་ཡང༌། །སངས་རྒྱས་ཀུན་གྱི་འབད་པ་ཡིས། །བསྐལ་པ་བྱེ་བར་བཀའ་སྩལ་ཡང༌། །དམ་ཆོས་འཛིན་པའི་བསོད་ནམས་ཀྱིས། །མཐར་ནི་ཕྱིན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དང་དམ་པའི་ཆོས། །ཡང་དག་སྡུད་ལས་བསོད་ནམས་གང༌། །སྟོང་པ་ཉིད་ལ་ལ་མོས་པ་ཡི། །།བཅུ་དྲུག་ཆར་ཡང་མི་ཕོད་དོ། །འདིར་ནི་སྟོང་ཉིད་ལ་མོས་ཤིང༌། །བྱང་ཆུབ་སེམས་ནི་འདོར་མི་བྱེད། །དམ་པའི་ཆོས་ཉིད་འཛིན་བྱེད་པ། །འདི་ནི་བསོད་ནམས་མདོར་བསྡུས་ཡིན། །ཞེས་གསུངས་པའོ། །དེ་ཁོ་ན་འདི་ལས་གོམས་པར་བྱེད་པ་རྣམས་ལ་ནི་ཚེགས་མེད་པར་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འཐོབ་པ་འབྱུང་སྟེ། མི་དམིགས་པའི་ཚུལ་གྱིས་བསོད་ནམས་ཀྱི་སྒྲུབ་པ་ཉམ་སུ་


DTG109_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བ་ལ་ཇི་ལྟར་གྱུར་པའི་འབྲས་བུ་འབྱུང་བ་དེ་ལྟ་བུ་དམིགས་པའི་ཚུལ་ལས་མ་ཡིན་ཏེ། ཚད་མས་གནོད་བྱེད་ཉིད་ཀྱི་སྒྲིབ་པ་སྤོང་བ་ཙམ་ཡོད་ཀྱི། །ཤེས་བྱའི་སྒྲིབ་པ་སྤོང་པ་དངོས་པོ་ལ། །ཕྱིན་ཅི་ལོག་ཏུ་ཡོངས་སུ་ངེ༌། །དེ་ཕྱིར་དེ་སྟོབས་ཞུགས་པ་ཡི། །ཕྱི་རོལ་ཕྱིན་པ་སྒྲུབ་པ་ཀུན། །བདག་དང་བདག་གིར་ཕྱིན་ལོག་ལས། །ཞུགས་པ་བཞིན་དུ་སྟོབས་ཆུང་ངོ༌། །དངོས་པོར་མི་དམིགས་པ་ཡིས་ནི། །ཞུགས་པ་འབྲས་བུ་ཆེན་པོ་སྟེ། །རྒྱས་པའི་རྒྱུ་ལས་འབྱུང་བའི་ཕྱིར། །ས་བོན་གྲུང་པོའི་མྱུག་སོགས་བཞིན། །ཞེས་གང་བཤད་པ་ཡིན་ནོ། །ངེས་པར་ལེགས་པ་ཕུལ་དུ་བྱུང་བ་འཐོབ་པ་ནི་ཕྱིན་ཅི་ལོག་གི་དབང་དུ་བྱས་པའི་ཡིད་ཅན་རྣམས་ལ་མི་སྲིད་པ་ཁོ་ན་སྟེ། གང་ཟག་གི་བདག་མེད་པར་ལྟ་བ་རྣམས་ལ་འགའ་ཞིག་གིས་ཉོན་མོངས་པའི་སྒྲིབ་པ་སྤོང་བ་ཙམ་ཡོད་ཀྱི། །ཤེས་བྱའི་སྒྲིབ་པ་སྤོང་པ་ནི་མ་ཡིན་ནོ། །ཆོས་ཀྱི་བདག་མེད་པ་ཅུང་ཟད་མཐོང་བ་རྣམས་ཀྱང་དེ་ལས་གཞན་པའི་ཡུལ་ལ་ཕྱིན་ཅི་ལོག་དང་བྲལ་བ་མ་ཚང་བས་དེ་མཐའ་དག་ཡོད་པ་མ་ཡིན་ནོ། །དེས་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་འདོད་པ་རྣམས་ལ་དེ་ལས་མ་གཏོགས་པ་གོམས་པར་བྱ་བ་ཅི་ཡང་མེད་པས་ན། དེ་ཁོ་ན་འདི་ཁོ་ན་ལ་གོམས་པར་བྱ་བར་འོས་པ་ཡིན་ནོ། །གང་དག་འདི་སྐད་དུ། གལ་ཏེ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དེའི་འབྲས་བུའི་ཡང་བརྫུན་པ་ཁོ་ན་ཡིན་ན། དེ་ཅིའི་ཕྱིར་དབུ་མ་པ་རྣམས་བསོད་ནམས་དང་བསོད་ནམས་མ་ཡིན་པ་བསྒྲུབ་པ་ལེན་པ་དང་འདོར་བ་དག་གིས། བདག་དུབ་པར་བྱེད་དེ། དེ་དག་ནི་ཇི་ལྟར་འདོད་པ་ཁོ་ནར་སྤྱོད་པ་མཛེས་སོ་ཞེས་ཟེར་བ་ནི་མི་རིགས་པ་སྨྲ་བ་ཡིན་ཏེ། འདི་ལྟར་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་མ་སྤངས་པ་རིགས་ཀྱི་ཁྱད་པར་ལས་སྐྱེས་པའི་རྗེས་སུ་དཔག་པས། ངེས་པའི་སྟོང་པའི་དེ་ཁོ་ན་ལ་མོས་བའི་སྐྱེས་བུའི་དབང་དུ་བྱས་ནས་འདི་བརྗོད་དམ། དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སྤངས་པ་ལ་ཡིན་གྲང༌། དེ་ལ་དང་པོའི་དབང་དུ་བྱས་ནས་བརྗོད་ན་ནི། ཡང་དག་པར་བརྗོད་པ་མ་ཡིན་ཏེ། གང་དག་དངོས་ལ་མངོན་པར་ཞེན་པའི་བག་ཆགས་མ་སྤངས་པ་དེ་དག་ནི། རིགས་པ་དང་ལུང་གིས་དེ་ཁོ་ན་དེས་ཀྱང་དེ་ལས་


DTG109_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་སྐྱེ་བོ་དང་ཐུན་མོང་དུ་ཐ་སྙད་འཇུག་པ་ཡིན་ཏེ། དེ་དང་དེ་ལས་གཞན་པ་དག་ལ་ཐ་སྙད་ལ་ནི་ཁྱད་པར་འགའ་ཡང་མེད་དོ། །དེས་ན་འདི་དག་བསོད་ནམས་སྒྲུབ་པ་ལ་འཇུག་པ་དང༌། སྡིག་པའི་སྒྲུབ་པ་དང་ལྡོག་པ་ལ་སྤྱོད་པར་མི་འོས་སོ། །རྣམ་པར་ཕྱེད་པ་རྣམས་རྣམ་པར་མ་ཕྱེད་པའི་འཇིག་རྟེན་དང་ཐ་སྙད་ཐུན་མོང་དུ་མི་རིགས་པ་ཁོ་ནའོ་ཞེ་ན། འོ་ན་དེ་དག་གིས་གང་ལ་ཡང་འཇུག་པར་མི་བྱ་ཞིང་གང་ལས་ཀྱང་ལྡོག་པར་མི་བྱ་བས་ན། བཟའ་བ་དང༌། བཏུང་བ་དང༌། སྡུག་པ་ལ་འཁྱུད་པ་ལ་སོགས་པ་ལ་ཡང་མི་འཇུག་པར་འགྱུར་ལ། སྦྲུལ་དང་དུག་དང་ཚེར་མ་ལ་སོགས་པ་ལས་ཀྱང་མི་ལྡོག་པར་འགྱུར་རོ། །ཡང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། དེའི་འབྲས་བུ་འགའ་ཞིག་བརྫུན་པར་ནི་མ་ཟད་ཀྱི། འོན་ཀྱང་ཆོས་ཐམས་ཅད་ཡིན་ནོ། །དེ་ལ་གལ་ཏེ་འགའ་ཞིག་བརྫུན་ན་ནི། །བརྫུན་པའི་བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པ་ལེན་པ་དང། སྤོང་བའི་ཡུལ་ཅན་གྱི་བསོད་ནམས་དང༌། བསོད་ནམས་མ་ཡིན་པའི་སྒྲུབ་པ་ཞེས་བྱ་བ་ཡང་དེ་ལྟ་བུ་ཁོ་ན་ཡིན་ལ། མ་ཡིན་ན་ནི་འགའ་ཡང་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །དེའི་ཕྱིར་ཇི་སྲིད་དུ་ལེན་པ་དང༌། སྤོང་བའི་ཐ་སྙད་འདི་འཇུག་པ་དེ་སྲིད་དུ་ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པའི་ཡུལ་རྗེས་སུ་ཞུགས་པར་བྱའོ། །དབུ་མ་པར་རློམ་པ་གང་དག་བསོད་ནམས་ལ་ནི་མི་གུས་ཤིང་བསོད་ནམས་མ་ཡིན་པ་མི་སྤོང་བ་དེ་དག་ནི་བདེ་འགྲོ་དང༌། ཐར་པའི་སྣོད་དུ་མ་གྱུར་པ་ངན་འགྲོའི་ཉོན་མོངས་པ་དེ་དག་ནི་བཅོམ་པ་ཡིན་ཏེ། དེ་སྐད་དུ་ཡང༌། རྣམ་པར་དབེན་དོན་མི་ཤེས་ཤིང། །ཐོས་པ་ཙམ་ལ་རྟེན་བྱེད་པ། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་གསུངས་སོ། །ཇི་སྟེ་གཉིས་པའི་དབང་དུ་བྱས་ནས་བརྗོད་ན། དེ་ལྟ་ན་ཡང་ཡང་དག་པར་བརྗོད་པ་མ་ཡིན་ཏེ། དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སྤངས་པ་གང་ཡིན་པ་དེ་དག་ནི། འཇུག་པར་བྱེད་པའི་བདག་དང༌། འཇུག་པ་དང་འཇུག་པའི་ཡུལ་ཡང་མི་དམིགས་པས་འགའ་ལ་ཡང་འཇུག་པ་མ་ཡིན་ནོ། །གང་ཡང་དབུ་མ་པ་རྣམས་ནི་ཇི་ལྟར་འདོད་པར་སྤྱོད་པ་ཉིད་མཛེས་སོ་ཞེས་བརྗོད་པ་དེ་ནི་ཤིན་ཏུ་འབྲེལ་པ་ཡིན་ཏེ། ཐམས་ཅད་བརྫུན་པ་ཡིན་ན་


DTG109_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱོད་པ་མེད་པ་ཉིད་རིགས་པ་ཡིན་གྱི། ཇི་ལྟར་འདོད་པར་སྤྱོད་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བས་ཆོག་གོ །འདི་ན་མུ་སྟེགས་ཅན་གཞུང་མུན་པ་མ་ལུས་པའི། །ཉི་མ་ཐུབ་ཆེན་རྒྱལ་པོ་ལ་བརྟེན་རྣམ་འབྱེད་པ། །བྱིས་པའི་སྐྱེ་བོའི་ཆེད་དུ་སླ་བའི་རིམ་པ་ཡིས། །བསྟན་པ་དེ་ནི་སྙིང་རྗེས་བདག་གིས་རྣམ་པར་ཕྱེ། །དེ་ལྟས་ནམ་མཁའ་ལ་ནི་འགྲན་པར་བྱེད་འདྲ་ཞིང༌། །ཟླ་བའི་འོད་ཀྱི་ཚོགས་ལ་བསྔོ་བ་ལྟ་བུ་ཡི། །ཡངས་ཤིང་དྲི་མ་མེད་པའི་དགེ་བ་གང་ཐོབ་དེས། །འཇིག་རྟེན་བྱང་ཆུབ་བདུད་རྩིའི་རྒྱ་མཚོར་ནུབ་གྱུར་ཅིག །མ་ལུས་མུ་སྟེགས་ངན་པའི་ཆོ་གས་མི་ཚུགས་པའི། །བདེ་གཤེགས་བསྟན་པ་རིན་ཆེན་སྒྲོན་མེ་མ་ལུས་པ། །ལྟ་བར་གྱུར་པའི་མུན་པ་དྲུངས་འབྱིན་མ་ལུས་པའི། །དངོས་པོའི་གནས་ལུགས་རང་བཞིན་གསལ་ཞིང་འབར་གྱུར་ཅིག །བདག་ནི་ཐམས་ཅད་རབ་གཏོང་བཞིན་འཛུམ་འཇམ་པར་སྨྲ། །སྙད་མེད་མཛེས་ཤིང་རྒ་དང་ན་ལས་འགྲོལ་བའི་ལུས། །སྐྱེ་དྲན་རློམ་སེམས་མེད་ཡིད་བཟོད་ལྡན་སྨྲ་མཁས་ཤིང༌། །སྙན་དངགས་མཁས་དང་ངག་དངོས་རྒྱ་མཚོའི་ཕ་མཐར་ཕྱིན། །ལྷག་པའི་ཡོན་ཏན་ཐོས་པ་འཛིན་ཞིང་བརྟན་ལ་སྒྱུ་རྩལ་རྣམས་ལ་མཁས། །ཞི་བའི་བདག་ཅན་ཡུལ་གྱི་ལོངས་སྤྱོད་རྒྱབ་ཕྱོགས་ཚུལ་ཁྲིམས་རྒྱ་ཆེན་ལ་གནས་པ། །གཅིག་ཏུ་སེམས་ཅན་དོན་ལ་དགའ་ཞིང་བྱང་ཆུབ་འདོད་མེད་འཁོར་བའི་མཐར་ཐུག་པར། །སྐྱེ་བ་སྤངས་ཤིང་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་གོམས་བྱེད་ཤོག །མངོན་ཤེས་དྲུག་རྟེན་རྣམ་དབྱེ་བཤད་ལ་བདག་སུ་ཞིག །གང་བརྗོད་དེ་ཡང་འདི་ནི་གཡོ་བག་སྒྱུ་ཅན་ཡིན། །སྒྱུ་རྩལ་ལ་མཁས་རིགས་བཅས་རིག་འཛིན་བཞིན་པད་མ། །ཀ་མ་ལ་མིང་ཀུ་ཤ་ལེ་ནི་ཤིན་ཏུ་གཅུགས། །བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཅིག་ཏུ་གཞོལ་བའི་སློབ་དཔོན་དགྲ་ལས་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ཆེན་པོ་ཀ་ན་ཀ་ཤྲཱི་མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་བན་དེ་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousབདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ། next