དབུ་མ་རྒྱན་གྱི་འགྲེལ་པ་དབུ་མའི་ལམ་གྲུབ་པ་ཞེས་བྱ་བ།
རིན་ཆེན་འབྱུང་གནས་ཞི་བ།
རྒྱ་གར་སྐད་དུ། མ་དྷྱ་མ་ཀཱ་ལང་ཀཱ་ར་བྲྀ་ཏྟི་མ་དྷྱ་མ་པྲ་ཏི་པ་ད་སིདྡྷི་ནཱ་མ། བོད་སྐད་དུ། དབུ་མ་རྒྱན་གྱི་འགྲེལ་པ་དབུ་མའི་ལམ་གྲུབ་པ་ཞེས་བྱ་བ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱིས་ངེས་འབྱུང་ཞིང༌། །ཇི་སྲིད་འགྲོ་གནས་འགྲོ་དོན་དུ། །ཡང་དག་སྐུ་གསུམ་གྱིས་བཞུགས་པ། །ཐུབ་པ་ཁྱེད་ཀྱིས་རྟག་ཏུ་སྲུངས། །བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང༌། ཀླུ་སྒྲུབ་ཀྱིས་ཀྱང་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་པ་ཡིས། །བདེན་པ་གཉིས་འདིར་བཤད་པར་བྱ། །བདེན་པ་གཉིས་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་དང༌། ཀུན་རྫོབ་ཀྱི་བདེན་པའོ། །དེ་ལས་འདི་བཤད་པར་ཞེས་བྱ་བ་འདིས་རབ་ཏུ་བྱེད་པ་བརྗོད་པར་བྱ་བ་བསྟན་ཏོ། །ལྷག་མས་ནི་དེ་
ཕྱིན་ཅི་མ་ལོག་པར་འཇིག་རྟེན་པའི་ཚད་མ་མངོན་སུམ་དང་རྗེས་སུ་དཔག་པ་དེས་གྲུབ་པ་ནི་གྲུབ་པ་ཁོ་ནའོ། །བཅོམ་ལྡན་འདས་ཀྱང་མཆོག་ཏུ་ཚད་མ་ཡིན་ཏེ། དེ་བས་ན་ལུང་ཡང་གཟུང་ངོ༌། །ཆད་མ་ལུང་དང་ལྡན་པ་ཡིས། །ཞེས་བྱ་བ་ལ་ལུང་ནི་འདིར་ཐེག་པ་ཆེན་པོ་སྟེ། དེའི་ཡང་ཟབ་མོའི་དོན་ལ་འཕགས་པ་འབའ་ཞིག་ཚད་མ་ཡིན་ཏེ། དེ་ནི་བྱམས་པ་ལ་སོགས་པས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་བྱམས་པ་བྱང་ཆུབ་སེམས་དཔའི་མཐར་ཕྱིན་པ་དེ་མ་ཐག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། འཕགས་པ་ཐོགས་མེད་ས་གསུམ་པ་དང༌། འཕགས་པ་ཀླུ་སྒྲུབ་ནི་ས་དང་པོ་པ་ཡིན་ཏེ། རབ་ཏུ་དགའ་བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་བྱམས་པས་གསུངས་ཤིང་ལེགས་པར་གསུངས་ལ། འཕགས་པ་ཐོགས་མེད་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་ཅི་མ་གསུངས་སམ། གསུངས་པ་སྨོས་པས་ནི་རྒྱུན་མ་ཆད་པར་བསྟན་པའི་ཕྱིར་རོ། །བཞེད་པ་སྨོས་པས་ནི་དེས་ཕྱོགས་ཁ་ཅིག་ཏུ་བསྟན་པའི་ཕྱིར་དེས་ཕལ་ཆེར་རང་བཞིན་གཉིས་བསྟན་པར་གྲགས་སོ། །ཁ་ཅིག་ཏུ་གཞན་གྱི་དབང་ཁོ་ན་བསྟན་གྱི་ཅིའི་ཕྱིར་ཐམས་ཅད་དུ་མ་ཡིན། །སྟོང་པ་ཉིད་བསྟན་པས་ཡང་དེ་མ་སྨྲས་ཀྱང་གྲུབ་པའི་ཕྱིར་རོ། །གཞན་གྱི་དབང་མེད་ན་སྟོང་པ་ཉིད་ཆོས་ཉིད་དུ་མི་འགྱུར་ཏེ། རི་བོང་གི་རྭ་ལ་བྱེ་བྲག་ཏུ་བྱར་མེད་པ་བཞིན་ནོ། །གསལ་བའི་རང་བཞིན་རྣམས་མེད་ན། དེ་ཇི་ལྟར་འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པར་འགྱུར། །བྱང་ཆུབ་ཀྱི་ཐབས་དབུ་མའི་ལམ་དེ་འདིར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཉིས་ཀྱི་བདག་ཉིད་ཐམས་ཅད་མེད། །གཉིས་སུ་འཁྲུལ་པའི་བདག་ཉིད་ཡོད། །དེ་ནི་སྟོང་པའི་བདག་ཉིད་དེ། །དབུ་མའི་ལམ་དུ་འདི་བཞེད་དོ། །ཞེས་བྱ་བ་སྨྲས་ཏེ། གཉིས་ནི་གཟུང་བ་དང་འཛིན་པའོ། །དེའི་བདག་ཉིད་ནི་རང་བཞིན་ནོ། །དེས་ཐམས་ཅད་མེད་པ་ནི་ཕུང་པོ་ལ་སོགས་པ་མེད་པའོ།། གཉིས་མེད་པ་ལ་གཉིས་སུ་སྣང་བ་ནི་འཁྲུལ་པའོ། །དེ་ལ་བདག་ཉིད་ནི་ཕུང་པོ་ལ་སོགས་པ་གཉིས་པའོ། །དེའི་ཕྱིར་འདི་ནི་ཡོད་པ་ཉིད་དོ། །དེ་ལ་སྟོང་པ་ཉིད་ནི་གཉིས་ཀྱིས་སྟོང་པ་སྟེ། གཉིས་དང་བྲལ་བ་གཞན་གྱི་དབང་གི་བདག་ཉིད་ཕུང་པོ་ལ་སོགས་པ་གསུམ་པའོ། །དེས་ན་ཡང་འདི་དག་
ནི་ཡོད་པ་ཉིད་དོ། །དེ་ནི་དབུ་མའི་ལམ་ཞེས་བཞེད་དོ། །དང་པོའི་རང་བཞིན་གྱི་ཆོས་རྣམས་ནི་མེད་པའི་ཕྱིར་ལ། གཞན་དག་གིས་ནི་ཡོད་པའི་ཕྱིར་རོ། །འགའ་ཞིག་གིས་ནི་ཡོད་ལ། འགའ་ཞིག་མེད་པ་ནི་དབུ་མའི་དོན་ཞེས་བྱའོ། །འོ་ན་རང་བཞིན་དེ་དག་གི་མིང་ཅི་ཞེས་བྱ། ཡང་གང་ལས་དེ་ནི་དེ་དག་གི་མིང་དུ་བཏགས་ཤེ་ན། ཀུན་བརྟགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་འདི་རྣམས་ནི། །བཏགས་དང་རྒྱུ་ལས་སྐྱེ་བ་དང༌། མི་འགྱུར་ཕྱིར་ན་གོ་རིམས་བཞིན། །ཞེས་བྱ་བ་སྨྲས་ཏེ། འདི་གསུམ་གྱི་རང་བཞིན་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བའི་མིང་ཅན་ཏེ། འཁྲུལ་པ་ལ་སྒྲོ་བཏགས་པའི་ཕྱིར་དང༌། རྒྱུ་ལས་སྐྱེ་བའི་ཕྱིར་དང༌། མི་འགྱུར་བའི་ཕྱིར་གོ་རིམས་ཇི་ལྟ་བ་བཞིན་ནོ། །ཡང་གང་གཞན་གྱི་དབང་དེ་ཉིད་མེད་པ་ལ་སྒྲོ་འདོགས་པའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། འཕགས་པ་བྱམས་པས་ཀྱང་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ལས། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །གཞན་དག་ནི་གཞན་དུ་དབུ་མའི་ལམ་སྨྲ་སྟེ། འདི་ལྟ་སྟེ་སྔོན་པོ་ལ་སོགས་པ་འདི་དག་ནི་མེད་པ་མ་ཡིན་ཏེ། ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རོ། །ཡོད་པ་མ་ཡིན་ཏེ། རྣམ་པར་དཔྱད་ན་མི་བཟོད་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། དེ་ཉམས་སུ་མྱོང་བས་ཉམས་སུ་མྱོང་བ་མེད་པ་འགལ་བས་སེལ་གྱི་བརྫུན་པ་ནི་མ་ཡིན་ཏེ། དེའི་ཕྱིར་ཉམས་སུ་མྱོང་བ་ཙམ་གྱིས་ཡོད་པར་མི་འགྲུབ་ལ། མེད་པར་ཡང་མ་ཡིན་ཏེ། མི་རིགས་པའི་ཕྱིར་རོ། །ཡོད་པ་མ་ཡིན་པའི་རིགས་པར་ནི་འགྱུར་ན། གལ་ཏེ་རྣམ་པར་དཔྱད་པ་དང་འགལ་བ་ཉིད་གྲུབ་ན་ནི་འགྱུར་རོ། །ཕུང་པོ་ལ་སོགས་པའི་ཆོས་དོན་དམ་པར་ནི་མེད་ལ། ཀུན་རྫོབ་ཏུ་ཡོད་པ་འདི་ནི་དབུ་མའི་ལམ་ཡིན་པར་གཞན་དག་འདོད་དེ། དེ་ཡང་བདེན་པ་མ་ཡིན་ཏེ། དངོས་པོའི་ཆོས་
རྣམས་མེད་ན་ནི། །གལ་ཏེ་ཀུན་རྫོབ་ཇི་ལྟར་ཡོད། །དམ་པའི་དོན་དུ་ཡོད་མིན་ཕྱིར། །དེ་ནི་ཡོད་པར་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་གང་གི་ཕྱིར་ཚད་མ་དམ་པས་གནོད་པ་གང་ཡིན་པ་དེ་ནི་དོན་དམ་པར་མིད་པ་ཡིན་ནོ། །དེ་ཚད་མ་མ་ཡིན་པར་འགྱུར་བའི་ཀུན་རྫོབ་ཀྱིས་ཡོད་པར་ནི་མི་གྲུབ་བོ། །དེ་ཇི་ལྟར་ཀུན་རྫོབ་ཏུ་ཡོད་ཅེས་བརྗོད། །གཞན་ཡང་དོན་དམ་པར་ཐམས་ཅད་མེད་པར་སྨྲ་བ་དེ་ལ། ཐམས་ཅད་དུ་ནི་ཀུན་མེད་ན། །མེད་པ་པ་ལས་ལྷག་པ་འཐོབ། །སྔོན་ཡོད་པ་ནི་གཉེན་པོ་ཡིས། །བཤིག་པ་ཉིད་ན་གཟུགས་བརྙན་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཐམས་ཅད་དུ་ཐམས་ཅད་མེད་པར་སྨྲ་ན། མེད་པ་པ་ལས་ལྷག་པར་འགྱུར་ཏེ། གང་གི་ཕྱིར་མེད་པ་པ་དག་ནི་བདེན་པ་དང༌། དཀོན་མཆོག་དང་ལས་དང་འབྲས་བུ་ལ་སོགས་པ་མེད་པར་ལྟའོ། །འོན་ཏེ་སྔར་ཡོད་པའི་གཉེན་པོས་བཤིག་པར་གྱུར་པས་ཆོས་རྣམས་མེད་དོ་ཞེས་ཟེར་ན་དེའི་ཚེ་གཟུགས་བརྙན་ཡིན་པར་ཐལ་བར་འགྱུར་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གསུངས་ཏེ། གཟུགས་མི་རྟག་པ་ནི་གཟུགས་འཇིག་པའོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་མི་རྟག་པ་ནི་རྣམ་པར་ཤེས་པ་འཇིག་པའོ་ཞེས་བྱ་བའི་བར་དུ་དེ་དག་འཐོབ་པར་འགྱུར་རོ། །ནུས་པ་ལྟ་བུར་དེར་སྣང་བས། །གལ་ཏེ་དབུ་མ་དེ་ཅི་དགོས། །ནུས་པ་འཁྲུལ་པ་ལས་སྐྱེས་པས། །དགོས་པའི་བྱ་བ་རྣམས་མི་བྱེད། །ཅེས་བྱ་བ་ནི་ཆོས་རྣམས་དོན་དམ་པར་ནུས་པས་སྟོང་པའི་ཕྱིར་མེད་ཀྱང་ཀུན་རྫོབ་ཏུ་ཡང་ནུས་པ་དང་ལྡན་པར་སྣང་བས་དེའི་ཕྱིར་དབུ་མའི་ལམ་ཡིན་ནོ་ཞེས་ཟེར་བ་དེ་འདྲ་བའི་དབུ་མ་ཅི་ཞིག་དགོས་ཏེ། འདི་ལྟ་བུའི་ནུས་པ་ནི་འཁུལ་པ་ལས་སྐྱེས་པ་ཡིན་ཏེ། དེ་ནི་མེད་པས་དགོས་པའི་བྱ་བ་རྣམས་ནི་བྱེད་དོ། །གང་གི་ཕྱིར་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་མཐོང་ན་རྒྱུ་གྲུབ་པས་འབྲས་བུ་ཐོབ་པར་འགྱུར་རོ། །ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པའི་ནུས་པ་མཐོང་བས་མཐོང་བ་ལ་རིགས་པ་མ་ཡིན་པ་མེད་དོ་ཞེ་ན། དེ་ལྟ་མོད་ཀྱི་ཚད་མས་ཆོས་རྣམས་ནུས་པ་དང་ལྡན་པར་གྲུབ་པས་དོན་དམ་པ་ཉིད་དུ་ཡོད་པར་འགྱུར་བས་དེ་ནི་དབུ་མར་མི་འགྱུར་རོ། །གཞན་ཡང༌། ནུས་པའང་མཐོང་བར་མི་འགྱུར་ཏེ། །ས་བོན་ལ་སོགས་དེ་མེད་ཕྱིར། །ས་
བོན་ལ་སོགས་སྣང་བ་ཡི། །བློ་ཡིས་དེ་ནི་ཡོད་པའི་ཕྱིར། །ཞེས་བྱ་བ་ནི། ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པའི་ནུས་པ་ཞེས་བྱ་བ་འདི་དག་ནི་འཁྲུལ་པ་སྟེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ས་བོན་ལ་སོགས་པ་ནི་མེད་དེ། །དེ་ནུས་པ་མི་རིགས་པའི་ཕྱིར་རོ། །ས་བོན་ལ་སོགས་པར་སྣང་བའི་གཞན་གྱི་དབང་དུ་བསྟན་པའི་ཤེས་པ་དེ་ལ་ནུས་པ་དང་ལྡན་ཏེ། དེ་ནི་ཡོད་པའི་ཕྱིར་རོ། །གང་ཚད་མ་རྣམ་འགྲེལ་མཛད་པས་འདི་སྐད་དུ། ས་བོན་ལས་ནི་མྱུ་གུ་སྐྱེས། །དུ་བས་མེ་འགྲུབ་ཅི་འདྲ་བར། །ཕྱི་ཡི་དོན་ལ་རྟེན་པ་འདི། །བྱེད་པོ་ཤེས་པར་བྱེད་པར་གནས། །དེ་ཡང་ས་བོན་ལ་སོགས་སྣང༌། །དེ་བཞིན་དུ་ནི་བྱེད་དང་འབྲེལ། །ཤེས་པ་ལ་བརྟེན་པའི་རྟོག་ཡིན་པར། །གལ་ཏེ་འགལ་བ་ཅི་ཞིག་ཡོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། རྒྱུ་དང་རྐྱེན་ལས་བཟློག་པ་ཡི། །བྱེད་པ་པོ་ནི་བཀག་པ་ཡིས། །སེམས་ཙམ་ཉིད་དུ་རྣམ་གཞག་ཅིང༌། །སྐྱེ་བ་མེད་པར་ངས་བཤད་དོ། །ཞེས་གསུངས་སོ། །རྒྱུ་ནི་རྣམ་པ་དྲུག་སྟེ། ལྷན་ཅིག་འབྱུང་བ་ལ་སོགས་པའོ། །རྐྱེན་ནི་བཞི་སྟེ། རྒྱུ་དང་དམིགས་པ་ལ་སོགས་པའོ། །དེ་དག་ལས་བཟློག་པའི་བྱེད་པ་པོ་དང་དབང་ཕྱུག་ལ་སོགས་པའོ། །དེ་དག་བཀག་པས་ནི་སེམས་ཙམ་ཉིད་དུ་སྐྱེ་བར་རྣམ་པར་གཞག་སྟེ། དེ་དག་གིས་བསྐྱེད་པའི་སྐྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་ཇི་སྐད་དུ། འདིར་གང་ཅུང་ཟད་སྐྱེ་མེད་པ། །ཅུང་ཟད་འགག་པའང་ཡོད་མ་ཡིན། །སྐྱེ་བ་དང་ནི་འགག་པ་དག །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་གསུངས་སོ། །འདིར་ཞེས་བྱ་བའི་ཕུང་པོ་དང་ཁམས་ལ་སོགས་པ་སྟེ། ངེས་པར་བཟུང་བའི་འདུན་པའོ། །ཤེས་པ་འབའ་ཞིག་ཅེས་བྱ་བ་ནི་གཞན་གྱི་དབང་གི་ཤེས་པའོ། །ཡང་ཇི་ལྟར་སྐྱེ་བ་ཉིད་ལ་སྐྱེ་བ་མེད་པ་ཞེས་བྱ་ཞེ་ན། གང་ཞིག་ཇི་ལྟར་སྐྱེ་མེད་པ། །གང་གིས་སྐྱེ་བར་འགྱུར་བ་ནི། །སྐྱེ་བ་མེད་ཅེས་དེ་ལ་བརྗོད། །མི་བཟའ་བ་དང་མི་རེག་བཞིན། །ཞེས་བྱ་བ་སྨྲས་ཏེ། འདི་ལྟར་གང་གི་ཕྱིར་གང་ཟག་ཁ་ཅིག་ཟ་བ་དང༌། རེག་པ་ཉིད་ཁ་ཅིག་མི་ཟ་ཞིང་རེག་པར་མི་བྱེད་དོ་ཞེས་བརྗོད་དོ། །མི་ཟ་བ་ནི་གྲོང་
ཁྱེར་གྱི་བྱ་གག་ལ་སོགས་པའོ། །མི་རེག་པ་ནི་གདོལ་པ་ལ་སོགས་པའོ། །དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་གང་སྐྱེ་བ་དེ་ནི་སྐྱེ་བ་མེད་པ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་བ་ནི་ཐེག་པ་ཆེན་པོ་པ་ཡིན་ནོ་ཞེས་སྨྲ་བ་དེ་ལ་གཞན་གྱིས་སྨྲས་པ། སྟོང་པ་ཉིད་ནི་མེད་པ་ཡིན་ཏེ། གང་གི་ཚེ་ཐམས་ཅད་མེད་པ་ཡིན་ན་དེའི་ཚེ་འགའ་ལ་ཡང་རྒྱུ་མེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་འགལ་བའི་ཕྱིར་རོ། །བདེན་པ་དང་དཀོན་མཆོག་དང་ལས་དང་འབྲས་བུ་ལ་སོགས་པ་ལ་སྐུར་པ་བཏབ་པར་ཡང་འགྱུར་རོ། །གལ་ཏེ་དོན་དམ་པར་ནི་མེད་ལ། ཀུན་རྫོབ་ཏུ་ནི་ཡོད་དོ་ཞེས་ཟེར་ན་དེ་ཡང་བདེན་པ་མ་ཡིན་ཏེ། ཤིང་རྟའི་ཡན་ལག་ཡོད་ན་ཤིང་རྟར་གདགས་སོ། །དེ་བཞིན་དུ་ཕུང་པོ་ཡོད་ན་གང་ཟག་ལ་གདགས་སོ། །ཐམས་ཅད་མེད་པ་ཉིད་ཡིན་ན་ཅི་ཞིག་ཉེ་བར་ལེན་ཅིང་ཅི་ཞིག་ལ་ཉེ་བར་གདགས། །འོན་ཏེ་ཡང་ཐམས་ཅད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དབུ་མའི་ལམ་ཡིན་ཏེ། ཐམས་ཅད་མེད་པ་མ་ཡིན་ནོ་ཞེས་བདག་ཅག་སྨྲའོ་ཞེ་ན། དེ་ཡང་མི་རིགས་ཏེ། ཡོད་པ་དང་མེད་པ་ཕན་ཚུན་གཞན་སེལ་བའི་མཚན་ཉིད་གཅིག་ཡིན་པའི་ཕྱིར་གཅིག་བཀག་པ་ཉིད་ཀྱིས་གཉིས་པ་མཚོན་པའི་ཕྱིར་གཉིས་བཀག་པ་ནི་མི་རིགས་སོ། །འདིར་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལན་བཏབ་སྟེ། གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བཅས་བརྟགས་པ་སྟེ། དེ་ནི་དབུ་མའི་ལམ་ཡིན་ནོ། །གང་ཞིག་གཞན་གྱི་དབང་གི་ངོ་བོ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། དེ་ཉིད་ལ་ཀུན་ཏུ་བརྟགས་པའི་ངོ་བོ་མེད་པའི་ཕྱིར་ཇི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྐུར་བ་བཏབ་པར་འགྱུར། ཉེ་བར་ལེན་པ་བཏགས་པ་དེ་ཉིད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡོད་ན། དེས་ཉེ་བར་ལེན་པའི་ཕུང་པོ་ལ་སོགས་པ་རྣམས་འདོགས་པའི་ཕྱིར་རོ་ཞེས་དགོངས་པ་ཡིན་ནོ། །གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལྟར་དགོངས་པ་ཡིན་ཏེ། ཀུན་དུ་བརྟགས་པའི་བདག་ཉིད་ཐམས་ཅད་མེད་ལ། གཞན་གྱི་དབང་གི་བདག་ཉིད་ནི་མེད་པ་མ་ཡིན་ཏེ། དེའི་ཕྱིར་དབུ་མའི་ལམ་ཞེས་བྱའོ། །དེ་ལྟ་བས་ན་གང་གི་ཕྱིར་གཉིས་པོ་མེད་པར་སྣང་བ་དེ་
ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་ཡོད་དོ། །གང་གི་ཕྱིར་དེ་ཡོད་པ་ཉིད་ཀྱི་ཕྱིར་གཉིས་ཀྱིས་སྟོང་པ་དེ་ལ་ཡོད་དེ་འདི་ནི་ཆོས་གསུམ་གྱི་རང་བཞིན་དུ་གྲུབ་པར་གྱུར་པ་ཡིན་ནོ། །ཀུན་ཏུ་བརྟགས་པའི་རང་བཞིན་དེ་ནི་ཡོད་པ་མ་ཡིན་གྱི། གཞན་དག་ནི་མེད་པ་མ་ཡིན་པ་འདི་ནི་དབུ་མའི་ལམ་ཡིན་ནོ་ཞེས་ངེས་པར་འགྲུབ་པ་ཡིན་ནོ། །ཡང་གང་ཞིག་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་ཡོད་པར་མི་བཞེད་པའི་ཕྱིར་ཐམས་ཅད་བརྫུན་པ་ཡིན་ནོ་ཞེས་སྨྲ་བ་དེ་ལ་ལན་གདབ་པར་བྱ་སྟེ། བརྫུན་པ་འབའ་ཞིག་ཡིན་པས་ན། །རྒྱུ་མེད་པ་དང་རེས་འགའང་མིན། །ནུས་པ་མེད་དང་འཁྲུལ་པ་ཙམ། །ཐམས་ཅད་ཚད་མ་ཡིན་མི་འགྱུར། །གལ་ཏེ་ཐམས་ཅད་བརྫུན་པར་གྱུར་པ་ཡིན་ན་དེའི་ཚེ་རྒྱུ་མེད་པའི་ཕྱིར་རྒྱུ་མེད་པར་འགྱུར་ཞིང༌། རེས་འགའ་བར་ཡང་མི་འགྱུར་ཏེ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་བྱ་བའི་རིགས་པས་སོ། ནུས་པ་མེད་པ་ཡིན་ཏེ། ནུས་པ་མེད་པར་ཡང་མི་འགྱུར་བ་ཡོད་པར་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འཁྲུལ་ཕ་ཙམ་ཐམས་ཅད་ཀྱིས་ཐོབ་པར་འགྱུར་ཏེ། མེད་པར་གསལ་བའི་ཕྱིར་རོ། །དེ་བས་ན་མ་འཁྲུལ་པ་འཕགས་པ་རྣམས་ཀྱིས་མ་གཟིགས་པར་ཐལ་བར་འགྱུར་རོ། །ཐམས་ཅད་འཁྲུལ་པ་ཡིན་ན་ཡང་མངོན་སུམ་མེད་པས་རྗེས་སུ་དཔག་པ་ཡང་མེད་པའི་ཕྱིར་ཐམས་ཅད་ཚད་མ་མ་ཡིན་པ་མ་ལུས་པས་ཐོབ་བོ། །གང་ཡང་དེས་ཀུན་རྫོབ་ཀྱི་མཚན་ཉིད་དུ་བཞག་པ། མ་བརྟགས་གཅིག་པུ་ཉམས་དགའ་བ། །སྐྱེ་བ་དང་ནི་འཇིག་པའི་ཆོས། །དོན་བྱེད་ནུས་དང་ལྡན་པ་ཡི། །དངོས་པོ་ཀུན་རྫོབ་ཡིན་པར་འདོད། །ཅེས་སྨྲས་པ་དེ་སྔ་ཕྱི་འགལ་བ་ཡིན་ཏེ། མ་བརྟགས་གཅིག་པུ་ཉམས་དགའ་བ་དེ་ནི་གང་ཞིག་དཔྱད་པས་འགལ་བའི་ཕྱིར་རོ། །དེ་མེད་པ་ཞེས་བྱ་སྟེ། དེ་རྣམས་ཀྱིས་དོན་བྱེད་པ་དང༌། སྐྱེ་བ་དང་འཇིག་པར་གང་ལས་འགྱུར། །གཞན་ཡང་གང་གིས་ཆོས་རྣམས་ངོ་བོ་ཉིད་མེད་པར་སྒྲུབ་པ་དེ་ལ་འདི་ལྟར་དྲི་བར་བྱའོ། །དངོས་ཙམ་སྣང་དང་ནུས་པ་དང༌། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །ཁྱེད་ཀྱིས་རང་བཞིན་མེད་སྨྲས་པས། །ཆོས་རྣམས་རབ་ཏུ་བཀག་པར་
འགྱུར། །ཆོས་ཅན་རང་བཞིན་མི་འགྲུབ་དང༌། །ཉམས་སུ་མྱོང་བས་གནོད་པ་དང༌། །དང་པོའི་ཕྱོགས་དང་ལྷག་མ་ལ། །ནུས་དང་སྐྱེ་དང་འཇིག་མི་འགྱུར། །ཞེས་བྱ་བ་ལ། རང་བཞིན་མེད་པའི་ཚིག་གིས་རང་བཞིན་རྣམ་པར་གཅོད་དེ། །དེ་ཡང་དངོས་པོ་ཙམ་དུ་གྱུར་པའམ། སྣང་བའམ། ནུས་པའམ། །རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེ་ལ་དང་པོའི་ཕྱོགས་གཉིས་ལ་བརྟེན་ནས་མི་འགྲུབ་པ་དང༌། རང་གི་ངོ་བོ་ཉིད་འགྲུབ་པ་དང༌། ཉམས་སུ་མྱོང་བ་དང་འགལ་བའི་ཡིན་ནོ། །ལྷག་མའི་ཕྱོགས་གཉིས་པོ་ལ་ནུས་པ་དང༌། །སྐྱེ་བ་དང་འཇིག་པ་མེད་པར་འགྱུར་རོ། །དབུ་མའི་ལམ་ནི། ཡོད་མིན་ཆོས་རྣམས་དེ་དག་སྣང༌། །བེམས་པོ་ལས་མིན་གཞན་ལམ་མིན། །མེད་པ་ལས་མིན་ཉེས་གཉིས་ཕྱིར། །དེ་ཕྱིར་ཤེས་པའི་བདག་ཉིད་ཡོད། །ཅེས་བྱ་བ་ནི་ཆོས་ནི་ཕུང་པོ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། གཉིས་མེད་པའི་མཚན་ཉིད་ལས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་འདི་དག་སྣང་ངོ་ཞེས་བྱ་བར་ནི་གྲུབ་བོ། །འདི་དག་རྣམ་པར་དཔྱད་ན་གང་ལས་འདི་དག་སྣང་བ་པ་ཞེ་ན། རེ་ཞིག་བེམས་པོ་ལས་ནི་མ་ཡིན་ཏེ། སྣང་བ་ནི་ཤེས་པ་གཅིག་པུ་དང་ལྡན་པ་ལས་གྲུབ་པའི་ཕྱིར་རོ། །ཤེས་པ་ཡང་གཞན་ལས་ནི་མ་ཡིན་ཏེ། གཞན་གྱི་ཆོས་ནི་གཞན་གྱི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར་རོ། །རང་བཞིན་མེད་པ་དང་བརྫུན་པ་ལས་ནི་མི་འགྱུར་ཏེ། གང་གི་ཕྱིར་ཞེ་ན། ཉེས་པ་གཉིས་ཡོད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་འདི་དག་རང་བཞིན་མེད་ན་རྒྱུ་དང་ལྡན་པའི་ཤེས་པའི་དངོས་པོར་ནི་མི་འགྱུར་རོ། །དེ་བཞིན་དུ་ཡང་རེས་འགའ་བར་ཡང་མི་འགྱུར་ཏེ། དུས་ངེས་པར་འགྲུབ་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་སྤངས་པར་འགྱུར་རོ། །དེའི་ཕྱིར་ཤེས་པའི་བདག་ཉིད་དུ་ནི་ཡོད་དོ། །གང་གི་ཕྱིར་བེམས་པོ་ལས་མ་ཡིན་པ་དང༌། གཞན་ལས་མ་ཡིན་པ་དང༌། མེད་པ་ལས་མ་ཡིན་པ་དེའི་ཕྱིར་ཤེས་པའི་རང་བཞིན་བདེན་པ་འདི་ཉིད་ལས་བརྫུན་པར་སྣང་བར་རིག་པར་བྱའོ། །ཡོད་དང་མེད་པའི་བདག་ཉིད་ནི། །མེད་དོ་ཞེས་ནི་ཅི་ཞིག་དགག །ཅེས་བྱ་བ་ནི་གལ་ཏེ་ཡོད་པ་དང་མེད་པའི་བདག་ཉིད་མེད་ན། །ཁྱོད་ཀྱིས་ཅི་ཞིག་དགག་པར་བྱ། །གལ་ཏེ་སྒྲོ་
བཏགས་ཡིན་ཞེ་ན། །ཀུན་རྟོག་གིས་བཏགས་དེ་བཞིན་ནོ། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འདི་སྐད་དུ་སྒྲོ་བཏགས་པའི་ཡོད་པ་དང་མེད་པའི་བདག་ཉིད་བདག་ཅག་འགོག་པར་བྱེད་དོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཕུང་པོ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་བདག་ཉིད་ཡོད་པར་སྒྲོ་བཏགས་པར་གྱུར་པ་ཉིད་ཡིན་ནོ། །གང་གིས་སྒྲོ་བཏགས་པ་ཡིན་ཞེ་ན། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་ཀྱིས་སོ། །དེ་ནི་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་དག་པ་མ་ཡིན་པའི་བདག་ཉིད་ཕུང་པོ་ལ་སོགས་པ་གསལ་བར་སྣང་ངོ༌། །བདག་ཅེས་བྱ་བ་གང་ལས་ཡིན། བདག་ཉིད་མེད་པ་དེ་ནི་གསལ་བར་སྣང་བར་མི་རིགས་སོ། །སྒྲོ་མ་བཏགས་པའི་བདག་ཉིད་མེད་པ་ཇི་ལྟར་སྣང་ཞེ་ན། སྒྲོ་མ་བཏགས་པ་མེད་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་པས་ཀུན་དུ་རྟོག་པའི་ཤེས་པ་ནི་འཁྲུལ་པ་ཡིན་ནོ། །རྣམ་པར་མི་རྟོག་པ་ནི་མ་ཡིན་ཏེ། རང་རིག་པ་ནི་འཁྲུལ་པར་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་སྒྲོ་བཏགས་པ་མ་ཡིན་ནོ་ཞེ་ན། མེད་པར་སྣང་བའི་སྒྲོ་བཏགས་ནི། །རིགས་ལ་མངོན་པར་ཞེན་པ་བཞིན། །ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་རྣམ་པར་རྟོག་པ་རྡུལ་དུ་འཁྲུལ་པ་ནི་མེད་པར་རྡུལ་དུ་སྣང་བས་དེ་ནི་སྒྲོ་བཏགས་པ་ཡིན་ནོ། །དེ་ལྟར་རྣམ་པར་མི་རྟོག་པ་ཡང་སྔོན་པོ་ལ་སོགས་པར་འཁྲུལ་པ་ནི་མེད་པའི་སྔོན་པོ་ལ་སོགས་པར་སྣང་བ་སྒྲོ་བཏགས་པ་ཡིན་ནོ། །སྒྲོ་བཏགས་པ་དེ་ལ་ཡང་ཤེས་པའི་རྫས་ཀྱི་བདག་ཉིད་ཡིན་པར་ཚད་མས་གནོད་པའི་ཕྱིར་རོ་ཞེས་ཟེར་ན། བརྫུན་པ་ཉིད་དུ་གྲུབ་པ་ཡི། །བྱེ་བྲག་སྣང་བས་གྲུབ་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། བརྫུན་པའི་ཁྱད་པར་རྣམས་ཀྱང་བརྫུན་པ་ཡིན་ཏེ། དེ་རྣམས་སྣང་བ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །ཚད་མས་ཀྱང་དངོས་པོ་ཉིད་དུ་བསྒྲུབ་པའམ། འགོག་པ་སྟེ་ཕུང་པོ་ལ་སོགས་པའི་མཚན་ཉིད་ལ་ཚད་མས་གནོད་པའི་བདག་ཉིད་ལ་སོགས་པ་མེད་དོ་ཞེས་སྦྱོར་བའི་ཕྱིར་རོ། །རྣམ་པར་རྟོག་པའི་ཆ་ལས་ཕྱི་རོལ་ཉིད་དང་ཐུན་མོང་ཉིད་ལ་སོགས་པ་སྣང་བར་གྲུབ་སྟེ་བ་ལང་བཞིན་ནོ། །ཚད་མ་རྣམ་འགྲེལ་ལས་ཀྱང༌། དེ་ལ་ངོ་བོར་གང་སྣང་བ། །ཕྱི་རོལ་གཅིག་དང་གཞན་ལས་ནི། །ལྡོག་པ་ལྟ་བུ་དེ་ཉིད་མིན། །ཡོངས་བརྟགས་
ཡན་ལག་དངོས་མེད་ཕྱིར། །ཞེས་པ་དང༌། ཡང༌། ཇི་ལྟ་བུར་ནི་རབ་བརྗོད་པ། །སྒྲ་དོན་དེ་བཞིན་ཡོད་མ་ཡིན། །ཞེས་གསུངས་པ། དེ་ལྟ་བས་ན་བརྫུན་པ་ཤེས་པའི་རྫས་ཀྱི་བདག་ཉིད་ལས་བརྫུན་པ་ཉིད་སྣང་བར་གྲུབ་པ་སྟེ། དེ་བས་ན་ཚད་མས་གནོད་པ་མ་ཡིན་ལ། དངོས་པོར་གྱུར་པ་ཉིད་ཡིན་པར་ནི་ཚད་མས་གནོད་དོ། །བརྫུན་པ་ཞེས་བརྗོད་པར་ནི་རིགས་པ་གྲུབ་པའི་སྒྲ་ཅིའི་ཕྱིར་སྨོས་ཤེ་ན། སྨྲས་པ། བརྫུན་པ་ཡིན་ཡང་བདག་ཉིད་དེ། ཕྱི་ཡི་དོན་དང་འགལ་བ་ཡིན། །ཐམས་ཅད་བརྫུན་པར་མི་འགྲུབ་ཕྱིར། དེ་ཡི་བྱེ་བྲག་གང་ལས་སྣང༌། །བརྫུན་པ་ཉིད་མི་འགྲུབ་པ་ནི་གཉིས་ཏེ། སྔོན་པོ་ལ་སོགས་པ་དངོས་པོ་མ་ཡིན་པའམ། ཐམས་ཅད་བརྫུན་པ་ཉིད་དོ། །གལ་ཏེ་རེ་ཞིག་སྔོན་པོ་ལ་སོགས་པ་ཕྱིའི་དོན་ཡིན་ན་དེའི་ཚེ་དེ་ཤེས་པ་ལས་དོན་གཞན་ཡིན་པའི་ཕྱིར་དངོས་པོར་གྱུར་པ་དེའི་བདག་ཉིད་དུ་འགལ་པ་ཡིན་ནོ། །བརྫུན་པར་ཡང་འགལ་བ་ཉིད་དེ། འདི་ལྟར་སྔོན་པོ་ལ་སོགས་པ་མཐོང་བ་ཉིད་ནི་གལ་ཏེ་ཡང་དག་པ་མ་ཡིན་པའི་སྔོན་པོ་ལ་སོགས་པའི་རང་བཞིན་གྱིས་སོ་སོར་སྣང་ན་དེ་ནི་དེའི་བདག་ཉིད་བརྫུན་པར་འགྱུར་ན། དེ་ལྟར་ཡོད་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ཡང་བརྫུན་པར་ཐལ་བར་འགྱུར་རོ། །ཐམས་ཅད་བརྫུན་པ་ལ་ཡང་སྔོན་པོ་ལ་སོགས་པའི་བྱེ་བྲག་ཏུ་སྣང་བར་མི་འགྲུབ་སྟེ། བརྫུན་པ་ཉིད་འགའ་ཡང་མ་གྲུབ་པའི་ཕྱིར་རོ། །ཐམས་ཅད་བརྫུན་པ་ཉིད་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པ་མེད་པ་ནི་སྔར་བསྟན་པ་ཉིད་དོ། །གལ་ཏེ་བརྫུན་དང་ཡང་དག་རིག །དེ་ཡི་བདག་ཉིད་འབྲེལ་བར་དཀའ། །རྣམ་རྟོག་དོན་དང་ཕྱོགས་གཅིག་ཏུ། །དེ་བས་ཤིན་ཏུ་འབྲེལ་པར་དཀའ། །ཞེས་བྱ་བ་ནི་སྒྲོ་བཏགས་པ་དེའི་བདག་ཉིད་དུ་འབྲེལ་པར་དཀའ་བ་མ་ཡིན་ཏེ། དེ་བཞིན་དུ་ཡང་གལ་ཏེ་འབྲེལ་པར་དཀའ་བར་སེམས་ན། དེ་ལྟ་ན་ནི་རྣམ་པར་རྟོག་པ་དེ་འཁྲུལ་པར་མི་འགྱུར་ཏེ། འདིར་བ་ལང་མ་ཡིན་པ་ལས་ལྡོག་པ་ཙམ་རྟོགས་པར་འགྱུར་རོ། །དེ་རྣམ་པར་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་རབ་ཏུ་སྣང་བ་ལ་དོན་གྱི་རང་བཞིན་ཉིད་དུ་ཞེན་པ་ཡིན་ནོ། །ཡོངས་སུ་ལྷག་པའི་རྣམ་པར་རྟོག་པ་དང༌། དོན་གྱི་ཆོས་རྣམས་གང་ཡིན་པ་དེ་དག་དེའི་རང་བཞིན་མ་ཡིན་ཏེ། དེ་ལྟ་བས་ན་ཤིན་
ཏུ་འབྲེལ་པར་དཀའ་བར་ཅིའི་ཕྱིར་མི་སེམས། བརྫུན་པ་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་རྣམ་པར་གཞག་པ་ལ་ཉེས་པ་མེད་དོ་ཞེ་ན་རྟོགས་པ་ལ་ཡང་ཅི་ཞིག་ཉེས་པ་ཡོད། གཞན་ཡང་ཞེན་པ་ཙམ་གྱིས་ནི། ཤེས་པ་འདྲ་བའི་བདག་ཉིད་དེ། །གང་གི་རྣམ་པ་ཡིན་ཞེ་ན། །སོ་སོའི་ལས་གང་ཡིན་པས་དབྱེ། །ཞེས་བྱ་བ་ནི་རྣམ་པ་ལས་གཞན་གྱི་དོན་རྟོགས་པར་རྣམ་པར་དབྱེ་བར་མི་ནུས་ཏེ་བུམ་པ་རྟོག་པ་ཡིན་གྱི་སྣམ་བུ་ནི་མ་ཡིན་ནོ། །འདི་ལྟར་ཡང་བུམ་པ་མཐོང་བས་བུམ་པའི་རྣམ་པ་ལྟར་དེ་བཞིན་དུ་བུམ་པའི་རྣམ་པར་རྟོག་པ་ཡིན་ཏེ། དེ་མཐོང་བ་བཞིན་ནོ། །རྣམ་པར་རྟོག་པས་ཀྱང་ཐམས་ཅད་ཀྱི་བདག་ཉིད་ཀྱི་དངོས་པོ་ཡུལ་དུ་བྱེད་དོ། །དངོས་པོ་ཡུལ་དུ་ཆ་ཤས་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པའི་རྣམ་པ་དེ་ཡང༌། གཅིག་ལས་བཟློག་པའི་མཚན་ཉིད་དུ། །རིག་དང་མངོན་པར་ཞེན་པའི་ཕྱིར། །རྣམ་རྟོག་བློ་ནི་འཁྲུལ་པས་གྲུབ། །ཅེས་བྱ་བ་ནི་རྣམ་པར་རྟོག་པའི་བློ་ཉིད་དེ་ལྟར་འཁྲུལ་པས་གཉིས་སུ་གྲུབ་སྟེ། དེ་ཉིད་གཅིག་ལས་བཟློག་པའི་ངོ་བོ་རང་གི་རྣམ་པར་རིག་པའི་འཁྲུལ་པའོ། །དེ་ཉིད་ལ་ཞེན་པས་དོན་གྱི་རྣམ་པར་ཞེན་པ་ནི་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་རིག་པ་གཞན་ཡང་ཁ་ཅིག་ཏུ་འཁྲུལ་པ་ཡིན་ནོ། །རིག་པ་པོ་གཅིག་པུ་འདི་ཉིད་གལ་ཏེ་སྔོན་པོ་ལ་སོགས་པ་འཁྲུལ་པ་ཡིན་ནམ་འཁྲུལ་པ་གང་ལས་ཡིན་ཞེ་ན། སྨྲས་པ། སྔོན་པོ་ལ་སོགས་དེ་ཡི་བློ། །ཐ་དད་མ་ཡིན་དེ་འདྲར་འདོད། །རྟོགས་པའི་དངོས་དེ་མངོན་སུམ་སྟེ། །སྔོན་བརྩོན་བདག་ཉིད་དེ་འཁྲུལ་ཡིན། །རིག་པའི་དངོས་པོ་དེ་ཉིད་ནི་གཅིག་ཏུ་འདོད་དེ། །སྔོན་པོ་ལ་སོགས་པ་རྣམས་དང་རིག་པ་དེ་ཐ་དད་པ་མེད་པའི་ཕྱིར་རོ། །འོན་ཀྱང་རིག་པ་དེ་ཉིད་རྟོགས་པའི་བདག་ཉིད་རིག་པར་བྱ་བ་ལ་མངོན་སུམ་གྱི་ཚད་མ་ཡིན་ལ། སྔོན་པོ་ལ་སོགས་པའི་བདག་ཉིད་རིག་པ་ནི་འཁྲུལ་པ་ཡིན་ཏེ། སྔོན་པོ་ལ་སོགས་པ་གཅིག་དང་དུ་མ་དང་བྲལ་བས་བརྫུན་པའི་ཕྱིར་རོ། །དཔེར་ན་རྣམ་པར་རྟོག་པ་དེ་ཉིད་ཀྱི་དངོས་པོ་ལ་མངོན་སུམ་གྱི་ཚད་མ་ཡིན་ལ། དོན་དུ་མངོན་པར་ཞེན་པ་ལས་ནི་འཁྲུལ་པ་ཡིན་ནོ། །སྔོན་པོ་ལ་སོགས་པ་དང༌། དེ་རྟོགས་པ་ཐ་མི་དད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་ལ་གནོད་པ་གང་ཡིན་པ་དེ་ཉིད་རྟོགས་
པའི་ངོ་བོ་ལ་ཡང་འགྱུར་རོ་ཞེ་ན། སྨྲས་པ། མངོན་སུམ་ཕྱིར་ཕུལ་བྱུང་མེད་ཕྱིར། །སྒྲོ་བཏགས་མིན་ཕྱིར་རང་རིག་པ། །རྟོགས་པའི་ངོ་བོ་གནོད་མེད་པ། །སྔོ་སྩོགས་བཟློག་པར་གྱུར་པ་ཡིན། །ཡང་རང་རིག་པའི་ངོ་བོ་ལ་གནོད་པར་བྱེད་པ་ནི་མེད་དོ། །དེ་ལ་དེའི་མངོན་སུམ་ཡིན་པའི་ཕྱིར་རོ། །མངོན་སུམ་ལ་ནི་གཞན་གྱིས་གནོད་པར་མི་ནུས་སོ། །ཕུལ་བྱུང་མེད་ཅེས་བྱ་བ་ནི་མངོན་སུམ་དེ་ལ་གནོད་པར་བྱེད་པ་ཕུལ་དུ་བྱུང་བ་མེད་དོ། །གང་གིས་དེ་ལ་གནོད་པར་འགྱུར། །སྒྲོ་བཏགས་ཞེས་བྱ་བ་ནི་གལ་ཏེ་ཡང་རྟོགས་པའི་ངོ་བོ་ལ་གནོད་ན་དེའི་ཚེ་སྒྲོ་བཏགས་པར་འགྱུར་ཏེ། དེ་ཡང་མི་རིགས་ཏེ། ངོ་བོ་གཞན་མེད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་རང་རིག་པས་གནོད་པ་ཉིད་ཡིན་ཏེ། གོ་བཟློག་ནས་འཆད་པར་འགྱུར་བའི་ཕྱིར་རོ། །དེ་ལ་དེའི་རྟོག་པ་ཙམ་གྱིས་མངོན་སུམ་དུ་མི་ཕྱེད་པའི་ཕྱིར་དང༌། གནོད་པར་བྱེད་པའི་ཚད་མ་ཕུལ་དུ་བྱུང་བ་ཡོད་པའི་ཕྱིར་དང༌། སེར་པོ་ལ་སོགས་པ་ལས་ཤེས་པའི་ངོ་བོ་གཞན་ཡོད་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར་རོ། །གཅིག་དང་དུ་མ་དང་བྲལ་བའི་གཏན་ཚིགས་ཀྱིས་སྔར་སྔོན་པོ་ལ་སོགས་པ་ལ་གནོད་ན་དེའི་བདག་ཉིད་རྟོགས་པ་ལ་ཡང་གནོད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདི་ལྟར་ཐམས་ཅད་བརྫུན་པའི་ཚུལ་གྱིས་ཤེས་པ་འདི་དག་ཐམས་ཅད་མེད་པར་སྣང་བ་འཁྲུལ་པ་ཡིན་པས་དེ་བས་མངོན་སུམ་ཅུང་ཟད་ཀྱང་མ་གྲུབ་པོ། །དེའི་ཕྱིར་ཚུལ་གསུམ་ལ་ངེས་པ་མེད་པས་གཏན་ཚིགས་འདི་དག་ཐམས་ཅད་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །དེ་བས་ན་ཡང་རྣམ་པར་བརྟགས་པའི་ཆོས་རྣམས་མེད་ལ་ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པ་ནི་ཡོད་པས་སྒྲོ་བཏགས་པ་དེས་བདག་ཉིད་རིག་པ་དང་འདི་ནི་སྣང་བ་མེད་པར་གནས་སོ། །ཤེས་པ་ཐམས་ཅད་མེད་སྣང་ན། །མངོན་སུམ་རྗེས་སུ་དཔག་པའང་མེད། །རྒྱུ་མེད་ཐམས་ཅད་བརྫུན་སྨྲ་བའི། །སྨྲ་བ་ཉིད་ནི་གང་ལས་འགྱུར། །ཞེས་བྱ་བ་ནི་ཐམས་ཅད་བརྫུན་པར་སྨྲ་བས་ཡང་གྲུབ་པ་སྨྲས་པ། །གང་གཅིག་དང་དུ་མ་དང་བྲལ་བ་དེ་ནི་རང་བཞིན་མེད་པ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །སྔོན་པོ་དང་སེར་པོ་ལ་སོགས་པ་དེ་དག་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ་ཞེ་ན། དེ་ནི་ཤིན་ཏུ་འབྲེལ་པ་མེད་དེ། འདི་ལྟར་དེ་དག་གི་ཤེས་
པ་ཐམས་ཅད་བརྫུན་པར་རིག་པ་ལས་མེད་པར་སྣང་བ་དེའི་ཕྱིར་འཁྲུལ་པ་ཡིན་ཏེ། འཁྲུལ་པ་ཡང་མངོན་སུམ་དུ་མ་ཡིན་ནོ། །དེ་བས་ན་རྗེས་སུ་དཔག་པ་ཡང་མེད་དེ། དེའི་ཕྱིར་ཚུལ་གསུམ་པ་མ་གྲུབ་པས་གཏན་ཚིགས་ཐམས་ཅད་དེ་དག་གི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །བརྫུན་པ་ནི་གང་གི་ཡང་རྒྱུར་མི་འགྱུར་རོ། །ཡང་གང་རྗེས་སུ་དཔག་པ་ལ་རྒྱུ་མེད་ན་དེ་ཇི་ལྟར་རྒྱུར་འགྱུར། གལ་ཏེ་རྗེས་སུ་དཔག་པ་ལ་རྒྱུ་ཡོད་ན་དེ་ཉིད་ཀྱིས་གྲུབ་པའི་མཐའ་ལ་གནོད་པར་འགྱུར་རོ། །གཞན་ཡང་ཐམས་ཅད་བརྫུན་པ་ཉིད་སྔར་བསལ་ཏོ། །གཞན་ཡང་སྔོན་པོ་ལ་སོགས་པའི་ཆོས་འདིར་གང་ལས་གྲུབ། ཉམས་སུ་མྱོང་བ་ལས་སོ་ཞེ་ན། ཉམས་སུ་མྱོང་བའི་ཤེས་པ་དེ་ནི་བརྫུན་པ་ཡིན་ཏེ། དེ་ལ་དོན་གྲུབ་པ་མེད་དོ། །མངོན་སུམ་གྱིས་སོ་ཞེ་ན་མ་ཡིན་ཏེ། བརྫུན་པར་སྣང་བ་ཉིད་འཁྲུལ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བྲལ་བ་ནི་མེད་པ་ཡིན་པས་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཇི་ལྟར་གཏན་ཚིགས་སུ་འགྱུར། གལ་ཏེ་མ་ཡིན་པར་དགག་པ་ཡིན་ན་རང་ཉིད་ཀྱིས་མ་གྲུབ་པོ། །གལ་ཏེ་འདི་རང་བཞིན་གྱི་གཏན་ཚིགས་ཡིན་ན། ཁྱབ་པར་བྱེད་པ་འགལ་བ་དམིགས་པའམ། ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ན་ཐམས་ཅད་དུ་རང་ཉིད་ཀྱིས་མ་གྲུབ་སྟེ། མི་དམིགས་པ་ཞེས་བྱ་བ་ནི་ཡང་དངོས་པོ་དམིགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་སྔོན་པོ་ལ་སོགས་པ་རང་བཞིན་མེད་ན་དེའི་ཚེ་ཆོས་ཅན་གྱི་རང་བཞིན་གང་ཞིག་ཡིན། །འོན་ཏེ་སྔོན་པོ་ལ་སོགས་པའི་རང་བཞིན་ཆོས་ཅན་དང༌། དངོས་པོའི་རང་བཞིན་སྟོང་པ་ཉིད་དུ་བསྒྲུབ་པར་བྱ་བ་ནི་དངོས་པོའི་རང་བཞིན་ནི་གཅིག་ཉིད་དང༌། གཞན་ཉིད་ཀྱིས་ཁྱབ་པ་ཡིན་གྱི། རང་བཞིན་ཙམ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །དངོས་པོ་སྒྲུབ་པར་ནུས་པ་མེད་དེ། དེའི་སྒྲུབ་པར་བྱེད་པའི་ཚད་མ་མངོན་སུམ་དང་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དཔེའི་ཆོས་ཅན་ཡང་མ་གྲུབ་པོ། །ཡང་ན། སྨྲ་བ་ཉིད་ནི་གང་ལས་འགྱུར། །ཞེས་བྱ་བ་ནི་སྒྲུབ་པ་སྨྲ་བ་ཡང་མེད་ལ། དགག་པ་སྨྲ་བ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་བརྫུན་པར་སྨྲ་བས་དེ་དག་སྨྲ་ན་རང་གི་གྲུབ་པའི་མཐའ་
དང་འགལ་ཏེ། དེ་དག་གཞན་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཐམས་ཅད་བརྫུན་ན་ཐམས་ཅད་རྒྱུ་མེད་པའི་ཕྱིར་རོ། །གཞན་ཡང་དེའི་སྒྲུབ་པ་དང༌། སུན་འབྱིན་པ་ཐམས་ཅད་རང་ཉིད་ལ་མ་གྲུབ་སྟེ། སྒྲུབ་པ་ནི་ཚད་མ་ལ་རག་ལུས་པའི་ཕྱིར་དང༌། ཚད་མ་ཡང་ཁས་མི་ལེན་པའི་ཕྱིར་རོ། །ཁས་ལེན་ན་ནི་རང་བཞིན་གསུམ་གྱི་ཚུལ་དུ་གྲུབ་པས་ཐམས་ཅད་བརྫུན་དུ་སྨྲ་བ་ག་ལ་ཡིན། དེ་ལྟ་ན་ཁྱེད་དང་གཞན་ལ་ཡང་སྒྲུབ་པ་དང་སུན་འབྱིན་པ་ཐམས་ཅད་མ་གྲུབ་པོ། །བདག་ཅག་ནི་ཚད་མ་མེད་པར་རྩོད་དོ་ཞེ་ན། ཚད་མ་ཡོད་དོ། །དེའི་ཕྱིར་འདི་ལྟར་ཡང་ཚད་མ་མ་གྲུབ་པས་བདག་ཅག་སྒྲུབ་པ་དང་སུན་འབྱིན་པ་ཡིན་ཏེ། ཚད་མ་ནི་ཚད་མ་བརྒྱས་ཀྱང་མི་གནོད་དེ། ཚད་མ་མ་ཡིན་པའི་ཕ་རོལ་ལ་མ་གྲུབ་པར་བརྗོད། ཕྱོགས་འདི་ལ་གང་བརྫུན་པ་ལས་ཐ་མི་ལ་མ་གྲུབ་པར་བརྗོད། ཕྱོགས་འདི་ལ་གང་བརྫུན་པ་ལས་ཐ་མི་དད་པ་དེ་ཡང་བརྫུན་ཏེ། དཔེར་ན་བརྫུན་པའི་ངོ་བོ་བཞིན་ནོ། །བརྫུན་པར་སྣང་བའི་ཤེས་པ་ཡང་བརྫུན་པ་ལས་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་གྱི་སྦྱོར་བ་རྣམས་ལ་སུན་འབྱིན་པ་བརྗོད་པར་མི་བྱའོ། །ཐམས་ཅད་ཡོད་པར་སྨྲ་བས་བརྗོད་པ། གང་རིག་པར་བྱ་བ་དེ་ནི་བརྫུན་མ་ཡིན་ཏེ། ཤེས་པའི་ངོ་བོ་བཞིན་ནོ། །དངོས་པོ་ལ་སོགས་པ་ཡང་རིག་པར་བྱ་བ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ་ཞེ་ན། དེ་ཡང་བཟང་པོ་མ་ཡིན་ཏེ། འདི་ལྟར་གཏན་ཚིགས་འདི་ནི་བརྫུན་པ་གཞན་སེལ་པའི་རྣམ་པར་རྟོག་པ་ལ་ཡང་རིག་པར་བྱ་བ་འཇུག་པའི་ཕྱིར་ཐུན་མོང་གི་མ་ངེས་པ་ཡིན་ནོ། །ཡང་རིག་པར་བྱ་བ་མ་ཡིན་པས་བརྫུན་པ་ལ་ཁྱབ་པ་མ་གྲུབ་པའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ཡང་ན་གཅིག་དང་དུ་མ་དང་བྲལ་བའི་ཡུལ་ཡིན་པའི་ཕྱིར་དང༌། དེ་མེད་པའི་ཡུལ་དུ་གྲུབ་པའི་ཕྱིར་གཞི་མ་གྲུབ་པ་ཡིན་ནོ། །ཡང༌། སྨྲ་བ་ཉིད་ནི་གང་ལས་འགྱུར། །ཞེས་བྱ་བ་ནི་ཆོས་སྨྲ་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདི་ལྟར་ཐམས་ཅད་བརྫུན་པར་སྨྲ་བའི་ཤེས་པ་འདི་དག་ཐམས་ཅད་འཁྲུལ་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འཁྲུལ་པའི་མཚན་ཉིད་ཀྱང་སྤོང་བར་འགྱུར་ལ། དེས་བསྒྲུབས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ངོ༌། །
རྗེས་སུ་དཔག་པ་ལ་སྐུར་པས་ཐམས་ཅད་མཁྱེན་པ་དང༌། འཇིག་རྟེན་ཕ་རོལ་ལ་སོགས་པ་སྒྲུབ་པ་ལ་སྐུར་པར་གྱུར་པ་དང༌། རྒྱུ་དང་འབྲས་བུ་ལ་སྐུར་ན་ལས་དང་འབྲས་བུ་དང༌། བདེན་པ་དང་དཀོན་མཆོག་ལ་སྐུར་པ་ཡིན་ཏེ། གང་གིས་ན་འདི་དག་ཆོས་སྨྲ་བ་ཡིན། ཐམས་ཅད་བརྫུན་པར་སྨྲ་བའི་སྨྲ་བ་ཉིད་བཀག་པ་ཡིན་ནོ། །གཅིག་དང་གཞན་ལས་ངེས་བྲལ་བའི། །ཤེས་ཏེ་བརྫུན་པའི་བདག་ཉིད་ཅན། །ཇི་ལྟར་གཉིད་ཀྱིས་ལོག་པ་ཡིས། །གླང་ཆེན་མྱོས་པ་མཐོང་བ་བཞིན། །གཅིག་དང་དུ་མ་ལས་གྲོལ་བའི། །ཤེས་པ་དེ་ཉིད་ཡོངས་སུ་གསལ། །ལུས་དང་ལྗོན་ཤིང་མཚེའུ་ལ་སོགས། །སད་པ་རྣམས་ཀྱིས་མཐོང་བ་བཞིན། །ཞེས་བྱ་བ་ནི་ཁོ་བོ་ཅག་གི་ཆོས་ལ་བདག་མེད་པར་སྒྲུབ་པ་ཉོན་ཅིག །གང་ཞིག་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་རིག་པ་དེ་ནི་བརྫུན་པའི་བདག་ཉིད་ཅན་ཡིན་ཏེ། དཔེར་ན་གཉིད་ཀྱིས་ལོག་པས་གླང་ཆེན་མྱོས་པ་མཐོང་བ་བཞིན་ནོ། །ཡང་དག་པར་རག་པ་འདི་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ལུས་དང་ལྗོན་ཤིང་དང་རྫིང་བུ་ལ་སོགས་པ་མཐོང་བ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མ་གྲུབ་མ་ཡིན་གཞི་གྲུབ་ཕྱིར། །གང་ཕྱིར་འདི་ནི་རང་རིག་པས། །ལུས་སོགས་རང་གི་ངོ་བོར་གྲུབ། །སྣ་ཚོགས་ལྷན་ཅིག་རིག་པའི་ཕྱིར། །མཐུན་ཕྱོགས་ཡོད་ཕྱིར་འགལ་བ་མིན། །རྨི་ལམ་བརྫུན་པ་མཐོང་བ་བཞིན། །ཐམས་ཅད་བསྡུས་པས་ཁྱབ་གྲུབ་ཕྱིར། །མ་ངེས་པ་མ་ཡིན་ནོ། །གཏན་ཚིགས་འདི་གཞི་མ་གྲུབ་པ་ཡང་མ་ཡིན་ཏེ། ལུས་དང་ལྗོན་ཤིང་དང་རྫིང་བུ་ལ་སོགས་པ་མཐོང་བས་ལུས་ལ་སོགས་པའི་ཆོས་ཅན་རིག་པའི་རང་གི་ངོ་བོ་ཉམས་སུ་མྱོང་བ་དེ་བཞིན་དུ་རྟོགས་པ་ཉིད་ཀྱིས་ངེས་པའི་ཕྱིར་རོ། །དེའི་རང་གི་ངོ་བོ་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་ལུས་ནི་གཅིག་མ་ཡིན་ཏེ། ལག་པ་དང་རྐང་པ་ལ་སོགས་པ་འདི་དག་དུ་མར་དེ་ལྟར་རྟོགས་པའི་ཕྱིར་རོ། །དུ་མ་ཡང་མ་ཡིན་ཏེ། ལུས་གཅིག་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །གང་ཞིག་འདིར་ཕྲ་རབ་དུ་མ་ནི་ཆ་ཤས་ཡིན་ལ། གང་ཞིག་གཅིག་ཏུ་རགས་པ་དེ་ནི་ཆ་ཤས་ཅན་ཡིན་ནོ་ཞེས་ཟེར་ན། མ་ཡིན་ཏེ། ལག་པ་ལ་སོགས་པའི་
ཚོགས་པ་ལུས་པོ་གཅིག་ཡིན་གྱི། ཡང་དེ་དག་ལས་ལུས་པོ་ཐ་དད་པ་མེད་པར་རྟོགས་པའི་ཕྱིར་རོ། །ཆ་ཤས་ཅན་གཅིག་པུ་ཁྲུ་བཞི་བའི་ཚད་དང་ལྡན་པ་ལག་པ་དང་རྐང་པ་ལ་སོགས་པ་རེ་རེར་རྟོགས་པ་ཡོད་དོ་ཞེས་སྨྲ་བ་ཇི་ལྟར་སྟོན་པ་མ་ཡིན་ཏེ། དེ་ལྟ་བས་ན་ལག་པ་ལ་སོགས་པ་དུ་མ་ནི་ལུས་གཅིག་པ་ཡིན་གྱི། གཅིག་དང་དུ་མ་དང་བྲལ་བར་ཡང་དག་པར་རིག་པ་གཏན་ཚིགས་ཀྱི་རང་གི་ངོ་བོ་ཆོས་ཅན་ལ་གྲུབ་པ་མ་ཡིན་ནོ། །གཞན་ཡང་ལག་པ་དང་རྐང་པ་ལ་སོགས་པ་གཅིག་མ་ཡིན་ཏེ། ཕན་ཚུན་རང་གི་ངོ་བོས་གཟུགས་སུ་རྣམ་པར་དབེན་པར་སྣང་བའི་ཕྱིར་རོ། །དུ་མ་ཡང་མ་ཡིན་ཏེ། རེ་རེའི་བདག་ཉིད་དུ་གྱུར་པ་སྣང་བ་ཉམས་སུ་མྱོང་བ་ཐུན་མོང་དུ་རིག་པ་མེད་པས། ལྷན་ཅིག་ཏུ་འབྲེལ་པར་སྣང་བ་མི་རིགས་པའི་ཕྱིར་རོ། །རང་དང་གཞན་གྱི་སེམས་བཞིན་ནོ། །ལྷན་ཅིག་སོ་སོར་སྣང་བ་ཡོད་དེ་དེ་ཉིད་ཀྱི་ཕྱིར་ཡང་གཏན་ཚིགས་ཀྱི་རང་གི་ངོ་བོ་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་རིག་པ་ཉིད་ཆོས་ཅན་ལ་མ་གྲུབ་པ་མ་ཡིན་ནོ། །གཏན་ཚིགས་འདི་འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་རྨི་ལམ་དུ་གླང་པོ་མྱོས་པ་མཐོང་བ་ལ་ཡང་ཡོད་པའི་ཕྱིར་རོ། །རྨི་ལམ་ནི་བརྫུན་པ་མཐོང་བ་ཡིན་ནོ་ཞེས་རབ་ཏུ་གྲགས་སོ། །དེའི་བདག་ཉིད་མ་ཡིན་པ་དེ་ལས་སྣང་བར་མི་རིགས་སོ། །དེའི་ཕྱིར་གླང་པོ་མྱོས་པ་མཐོང་བ་འདི་ནི་བརྫུན་པའི་བདག་ཉིད་མཐུན་པའི་ཕྱོགས་ལ་གྲུབ་པོ། །མཐོང་བ་ཉིད་རང་རིག་པའོ། །བརྫུན་པ་ལ་ཡང་གཅིག་དང་དུ་མ་ཉིད་མེད་དེ། དེ་དག་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གཅིག་དང་དུ་མ་དང་བྲལ་བའི་ཡང་དག་པར་རིག་པ་ཉིད་མཐུན་པའི་ཕྱོགས་ལ་ཡོད་པར་གྲུབ་པས་དེའི་ཕྱིར་འདི་འགལ་བ་ཡང་མ་ཡིན་ནོ། །མ་ངེས་པ་ཡང་མ་ཡིན་ཏེ། དཔེ་འདི་ཉིད་ཀྱིས་ཐམས་ཅད་ཉེ་བར་བསྡུས་པས་ཁྱབ་པ་གྲུབ་པའི་ཕྱིར་རོ། །གང་དང་གང་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་རིག་པ་དེ་དང་དེ་དག་ཐམས་ཅད་ནི་བརྫུན་པའི་བདག་ཉིད་ཡིན་ཏེ། དེ་གང་ལས་ཤེ་ན། དངོས་པོ་ལ་ཁྱབ་པར་བྱེད་པ་གཅིག་དང་དུ་མ་ཉིད་ལོག་ན་དངོས་པོ་ཉིད་ཀྱང་ལྡོག་སྟེ། དངོས་པོའི་ཆོས་ཉིད་བརྫུན་པ་ཁོ་ན་སྟེ། དེའི་བདག་ཉིད་ཀྱང་ཡང་དག་པར་རིག་པ་གྲུབ་པ་སྟེ། དེ་མེད་ན་ཡང་དག་པར་
རིག་པ་དང་འབྲེལ་པ་མི་རིགས་པའི་ཕྱིར་རོ། །དངོས་པོ་ཉིད་ལ་དེ་དག་གིས་ཁྱབ་པ་ཇི་ལྟར་གྲུབ་པ་ཅེ་ན། ཕན་ཚུན་གཞན་སེལ་བའི་མཚན་ཉིད་དངོས་པོའི་ཆོས་དག་ནི་དངོས་པོ་གཅིག་བཀག་ན་གཉིས་པ་དེས་པར་གྲུབ་པའི་ཕྱིར་དངོས་པོ་དེ་ཉིད་ལས་འདའ་བར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་གཉིས་ཀྱི་དངོས་པོ་ལ་ཁྱབ་པར་གྲུབ་པོ། །ཐམས་ཅད་བརྫུན་དུ་སྨྲ་བས་སྨྲས་པ། བདག་ཅག་ལ་དངོས་པོ་མ་གྲུབ་སྟེ། དངོས་པོའི་ཆོས་ཀྱང་མེད་པའི་ཕྱིར་རོ། །དེ་བས་ན་གཉིས་ཀྱིས་དངོས་པོ་ལ་ཁྱབ་པ་མ་གྲུབ་པོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར། བླང་བ་ལ་ནི་འཇུག་ལྡན་ཞིང༌། །དོར་བ་ལས་ནི་ལྡོག་པ་ཅན། །དངོས་དང་དེ་ཆོས་ལ་བསྙོན་པ། །གཡོ་ཅན་དེ་ནི་ཚར་བཅད་འོས། །གང་ཞིག་བླང་བར་བྱ་བ་བཏུང་བ་དང་བཟའ་བ་ལ་སོགས་པ་ལ་འཇུག་པ་དང༌། དོར་བར་བྱ་བ་བཀྲེས་སྐོམ་ལ་སོགས་པ་ལས་ལྡོག་པ་དེའི་ཕྱིར་དངོས་པོ་དང༌། དེའི་ཆོས་ཉིད་དུ་ངེས་པའི་ཕྱིར་ཡིན་ཏེ། དངོས་པོ་མེད་པ་ལ་ནི་བདེ་བ་དང༌། སྡུག་བསྔལ་སྒྲུབ་པ་དང་དགག་པ་མེད་པར་དེས་ཏེ། དེ་གཉིས་མི་རིགས་པའི་ཕྱིར་རོ། །གཡོ་འབའ་ཞིག་གིས་གཞན་ལ་བསྙོན་པ་དེ་ལྟ་བུ་ནི་ཚོགས་ཀྱི་ནང་དུ་ཚར་བཅད་པར་འོས་པ་ཡིན་ནོ། །གཞན་ཡང་དངོས་པོ་ཞེས་བྱ་བ་གང་ཁྱེད་ཀྱིས་བཀག་པར་བྱ་བ་ཅི་ཞིག་ཡིན། ཡུལ་མེད་པ་ལ་དགག་པ་ནི་མི་རིགས་སོ། །གལ་ཏེ་དངོས་པོའི་མཚན་ཉིད་དངོས་པོ་ཡིན་ན། རང་བཞིན་ཡང་དངོས་པོ་ཡིན་ཏེ། དེའི་ཕྱིར་རང་བཞིན་མེད་པར་བསྒྲུབས་པས་ཆོས་སམ་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་ཏེ། གལ་ཏེ་དེ་དག་གི་ངོ་བོ་གཞན་ཡོད་ན་དེའི་ཚེ་དེ་ཉིད་ཀྱིས་རང་བཞིན་མེད་པ་ལ་གནོད་པར་འགྱུར་རོ། །དེ་བས་ན་ངོ་བོ་ཙམ་གྱིས་གྲུབ་པའི་ཆོས་ཅན་དངོས་པོའི་ཆོས་ཅན་དང༌། བྲལ་བ་བསྒྲུབ་པར་བྱ་བ་ཡིན་པར་གྱུར་ཏེ། དངོས་པོ་དེ་ཡང་ནུས་པའི་མཚན་ཉིད་ཁོ་ན་ཡིན་ནོ། །གཞན་ལ་ནི་སྒྲུབ་པ་དང་དགག་པ་མི་རིགས་པའི་ཕྱིར་རོ། །ནུས་པའི་དངོས་པོའི་མཚན་ཉིད་ཡིན། །ཞེས་གང་བཤད་པ་ཡིན་ནོ། །དེའི་ཕྱིར་ཡང༌། མཚན་ཉིད་དག་གིས་དངོས་པོར་འགྲུབ། །དེ་ཕྱིར་དེ་གཉིས་རྗེས་སུ་འགྲོ། །གང་ཕྱིར་ཕན་ཚུན་གཞན་
སེལ་བདག །རང་གི་ཆོས་ལས་དངོས་མི་འདའ། །གང་གི་ཕྱིར་མཚན་ཉིད་ཀྱིས་དངོས་པོ་འགྲུབ་ན་དེ་ཉིད་ཀྱི་ཕྱིར་དེ་གཉིས་ཀྱི་རྗེས་སུ་འགྲོ་བ་འགྲུབ་སྟེ། གཅིག་དང་དུ་མ་དག་གིས་ཁྱབ་པོ། །གང་གི་ཕྱིར་དེ་དག་ཕན་ཚུན་གཞན་སེལ་བའི་ངོ་བོ་ཡིན་ནོ། །གཅིག་པ་བཀག་པ་ཉིད་ནི་གཉིས་པའི་མཚན་ཉིད་དོ། །དེ་བས་ན་གསུམ་པ་མེད་པའི་ཕྱིར་དངོས་པོ་གཉིས་ལས་མི་འདའ་བས་གཉིས་ཀྱིས་ཁྱབ་པོ། །དེའི་ཕྱིར་ཅི་ཞིག་ཡིན་ཞེ་ན་སྨྲས་པ། ཁྱབ་པར་བྱེད་པ་ལོག་པ་ཡིས། །གདོན་མི་ཟ་བར་ཁྱབ་བྱ་ལྡོག །ཐམས་ཅད་བསྡུས་པས་ཁྱབ་པ་ཡིས། །རྩ་བའི་གཏན་ཚིགས་རྗེས་སུ་འགྲོ། །ཕན་ཚུན་གཞན་སེལ་བའི་མཚན་ཉིད་ཀྱི་ཆོས་ལས་གལ་ཏེ་དངོས་པོ་མི་འདའ་ན་དངོས་པོ་ལ་སོགས་པ་ཇི་ལྟར་མི་འདའ་ཞེ་ན། མ་ཡིན་དགག་པའི་བདག་ཉིད་ཆོས། །ཕན་ཚུན་གཞན་སེལ་བདག་ཉིད་གང༌། །དེ་གཉིས་དག་ལ་དངོས་མི་འདའ། །དངོས་པོ་མིན་ལ་དེ་གཉིས་མེད། །མ་ཡིན་པར་དགག་པའི་བདག་ཉིད་འགལ་བའི་ཆོས་དག་ལས་དངོས་པོ་མི་འདའ་སྟེ། དངོས་པོ་གཅིག་སྤངས་ན་གཉིས་པ་ཡོད་པས་རྣམ་པ་གསུམ་པ་མེད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་ནི་དངོས་པོ་མ་ཡིན་པས་དེའི་ཕྱིར་ཆོས་དེ་གཉིས་ཀ་ཡང་དེ་ལ་མེད་དོ། །དེ་བས་ན་གཉིས་ཀ་དང་བྲལ་བ་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་དངོས་པོ་གཞན་སེལ་བའི་མཚན་ཉིད་དངོས་པོ་མེད་པ་ཉིད་དངོས་པོ་ལ་ཡང་འགྱུར་གྱི། དངོས་པོ་མེད་པ་ལ་མི་འགྱུར་རོ་ཞེས་ན། དངོས་པོ་མེད་པ་ལ་སོགས་པ། །གང་ཕྱིར་དགག་པའི་བདག་ཉིད་མིན། །མ་ཡིན་དགག་པ་དེ་ཐམས་ཅད། །དངོས་པོ་ཉིད་ཀྱིས་བསྡུ་ཕྱིར་རོ། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། གང་མ་ཡིན་པར་དགག་པ་དེ་ཐམས་ཅད་ནི། དངོས་པོ་ཉིད་ཀྱིས་བསྡུས་པ་ཡིན་ཏེ། དེ་ལྟ་བས་ནས་དངོས་པོ་མེད་པར་བཀག་པ་ནི་མ་ཡིན་པར་དགག་པ་མ་ཡིན་ནོ།། དེའི་ཕྱིར་དངོས་པོ་མེད་པ་མ་ཡིན་གྱི། །དངོས་པོ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ལྟར་ཉེས་པ་གསུམ་སྤངས་པའི་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་རིག་པའི་གཏན་ཚིགས་ཏེ། བརྫུན་པའི་བདག་ཉིད་ལུས་དང་ལྗོན་ཤིང་མཚེའུ་ལ་སོགས་པ་ལ་མཐོང་བས་ཆོས་ཅན་ལ་ཡོད་པར་
གྲུབ་བོ། །གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་ལས་འདས་པའི་མངོན་སུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེའི་མཚན་ཉིད་བསྟན་པར་བྱའོ། །ཡེ་ཤེས་ཆོས་རྣམས་ཐམས་ཅད་ལ། །ཀུན་ཏུ་འཁྲུལ་བ་མི་མངའ་བ། །ཡང་དག་མཐའ་བསྒོམས་ལས་བྱུང་བ། དམ་པའི་དོན་ལ་མངོན་སུམ་ཡིན། །ཡེ་ཤེས་ཆོས་རྣམས་ཐམས་ཅད་ལ། །ཞེས་པ་ནི་ཆོས་ཐམས་ཅད་ལ་དམིགས་ནས་ཆོས་ཐམས་ཅད་ཀྱི་དོན་དམ་པ་ཡང་དག་པར་མཁྱེན་པའོ། །འཁྲུལ་པ་མི་མངའ་བ་ནི་འཁྲུལ་པ་མེད་པ་སྟེ། །ཡང་དག་པ་མ་ཡིན་པ་ཡང་དག་པར་མི་མཁྱེན་པའི་ཕྱིར་དང༌། མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །ཡང་དག་པའི་མཐའ་ནི་ཡང་དག་པའི་མཐའ་སྟེ་སྟོང་པ་ཉིད་དོ། །དེ་བསྒོམས་པ་ནི་ཞི་གནས་དང་ལྷག་མཐོང་གིས་ཏེ། དེ་ལས་བྱུང་བ་ནི་མངོན་སུམ་སྟེ། དོན་མངོན་སུམ་དུ་མཛད་པའི་ཕྱིར། །དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པའམ། །ཡེ་ཤེས་དམ་པའི་དོན་དེ་ལ་ཡོད་པ་ནི་དོན་དམ་པའོ། །གཞན་གྱི་དབང་གི་ཤེས་པ་ཡིས། །ཕུང་པོ་ལ་སོགས་ཀུན་བརྟགས་པ། །ཡང་དག་ཤེས་ལ་སྣང་མ་ཡིན། །སྣང་བ་ཡོངས་སུ་གྲུབ་པ་ཡིན། །ཕུང་པོ་ལ་སོགས་པའི་ཆོས་ཇི་ལྟར་རིགས་པ་བཞིན་གཟུང་བ་དང་འཛིན་པའི་མཚན་ཉིད་དེ་དག་ནི་ཡོད་པ་མ་ཡིན་ཏེ་ཡོད་པར་མ་རིག་པའི་ཕྱིར་དང༌། གཅིག་དང་དུ་མ་བྲལ་བའི་ཕྱིར་རོ། །འོ་ན་ཇི་ལྟར་སྣང་ཞེ་ན། གང་གི་ཕྱིར་འཁྲུལ་བའི་བག་ཆགས་ལས་སྐྱེས་པའི་ཕྱིར་གཞན་གྱི་དབང་གི་ཤེས་པ་འཁྲུལ་བས་ཀུན་ཏུ་བརྟགས་པ་ཡིན་ཏེ། ཕུང་པོ་ལ་སོགས་པ་མེད་པའི་བདག་ཉིད་དེ་སྣང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པའི་ཤེས་པ་ལ་དེ་དག་སྣང་བ་མ་ཡིན་ཏེ། ཡང་དག་པ་དང་བརྫུན་པ་གཉིས་གཅིག་པ་ཉིད་དུ་འགལ་བའི་ཕྱིར་རོ། །དེ་ནི་སྣང་བས་དེའི་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་ཡོངས་སུ་གྲུབ་པ་ཉིད་ཀྱི་རང་བཞིན་དེ་དག་ཡང་དག་པའི་ཤེས་པ་ལ་སྣང་སྟེ། དེའི་ཕྱིར་དེ་ལ་འཁྲུལ་བ་མི་མངའོ། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་འདི་སྐད་དུ། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་བྲལ་གྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །ཞེས་གསུངས་
པའི་དོན་ནི་འདི་དག་ཡིན་ཏེ། །འབྱུང་བ་ཆེན་པོ་ལ་སོགས་པ་ནིས་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་དག་རྣམ་པར་ཤེས་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་སྣང་བ་ནི་འདུ་བ་ཡང་དག་པར་འདུས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་བདག་ཉིད་དེས་དེ་སྣང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པ་ཤེས་པ་བསྒོམས་པའི་སྟོབས་ལས་བྱུང་བའི་བྲལ་བ་ནི་ནུབ་པ་སྟེ། མི་སྣང་བར་གྱུར་པ་ཡིན་ནོ། །གང་གི་ཕྱིར། ལོག་པར་རྣམ་བརྟགས་མ་ཡིན་ནམ། ཞེས་བྱ་བ་ནི་ལོག་པའི་ཤེས་པ་ཉིད་ལ་སྣང་བ་ནི་ཡང་དག་པའི་ཤེས་པ་མ་ཡིན་ནོ། །འདིར་ས་ལ་སོགས་པ་རྣམ་པར་ཤེས་པར་བསྡུ་བའི་ཚིག་ཡིན་པའི་ཕྱིར་དང༌། ཡང་དག་པའི་ཤེས་པ་སྐྱེས་པ་ལ་འཁྲུལ་པ་བཟློག་པའི་ཚིག་ཡིན་པའི་ཕྱིར་རོ། །གང་ཞིག་ཕྱི་རོལ་གྱི་རང་གི་གཟུགས་ཀྱི་ཕུང་པོ་འདོད་པ་དང༌། གཞན་ཕུང་པོ་གཞི་ཟད་པའི་མཚན་ཉིད་འཁྲུལ་བ་བཟློག་པར་འདོད་པ་དེ་དག་ནི། ཀླུ་སྒྲུབ་ཀྱི་སློབ་མ་མ་ཡིན་ཏེ། ཤེས་པ་ཡོད་པ་ལ་སོགས་པ་དགག་པར་བརྗོད་པའི་ཕྱིར་དང༌། ས་ལ་སོགས་པ་སྒྲོ་བཏགས་པར་བསྟན་པའི་ཕྱིར་རོ། །ཡང་གང་ཞིག་སྔོན་པོ་ལ་སོགས་པ་དང༌། དེ་ཤེས་པ་གཉིས་བརྫུན་པར་འདྲ་བ་ཉིད་དང༌། གནས་པར་འདྲ་བར་སྨྲ་བ་དེ་དག་ཀྱང༌། ཀླུ་སྒྲུབ་ཀྱི་སློབ་མ་མ་ཡིན་ནོ། །འཇིག་རྟེན་པའི་ཚད་མའི་དབང་དུ་བྱས་ནས། ཚིགས་སུ་བཅད་པ་བདུན་སྟོན་ཏེ། དཀར་པོ་ལ་སོགས་སྣང་བས་བསྒྲུབ། །མི་སྣང་དེ་ཉིད་བཀག་པ་ཡིན། །ཤེས་པ་དེ་ཉིད་རང་རིག་སྟེ། །གཞན་དུ་ཐུག་པ་མེད་པར་འགྱུར། །དཀར་པོ་དང༌། སེར་པོ་དང༌། དམར་པོ་ལ་སོགས་པ་སྣང་བར་གྲུབ་སྟེ། དཀར་པོ་དང་སེར་པོ་ལ་སོགས་པ་སྣང་བ་ཉིད་ནི། ངེས་པའི་ཕྱིར་རོ། །གང་སྣང་བ་མེད་པར་གང་ཞིག་སྨྲ་བ་ནི། སྣང་བ་དེ་ཉིད་རང་དང་འགལ་ལོ། །རྟོགས་པ་ནི་རྟོགས་པ་མེད་པ་དང་འགལ་ལོ་ཞེས་གང་གསུངས་པ་ཡིན་ནོ། །སྣང་བ་དེ་ཉིད་ཤེས་པ་ཡིན་ཏེ། འདི་ལྟར་སྣང་བ་ནི་གསལ་བའོ། །དེ་གང་གི་ངོ་བོ་མ་ཡིན་པ་དེས། བདག་ཉིད་ཤེས་པ་མ་ཡིན་ཏེ། དེ་གསལ་བ་དང་འབྲེལ་བ་མེད་པའི་ཕྱིར་རོ། །གཞན་དན་འབྲེལ་བའི་སྣང་བ་ལས་ཀྱང་མ་ཡིན་ཏེ། གཞན་དང་འབྲེལ་བ་མེད་པའི་ཕྱིར་
ཤེས་པ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་ཤེས་པ་ཉིད་དུ་སྣང་བ་ཡིན་ཏེ། །དེ་ཉིད་ཀྱང་རང་རིག་པ་ཡང་ཡིན་ཏེ། གང་གི་ཕྱིར་སྣང་བའི་ངོ་བོ་ཉིད་ཀྱིས་ཡང་དག་པར་རིག་པ་ཡིན་གྱི། ཤེས་པའང་རང་རིག་པ་མ་ཡིན་ཏེ། དོན་བཞིན་ནོ། །འོན་ཀྱང་ཤེས་པ་གཞན་གྱིས་རིག་པ་ཡིན་ནོ་ཞེས་ཟེར་ན། དེ་ལྟར་ཡིན་ན་དེ་ཡང་ཤེས་པ་གཞན་གྱིས་རིག་པར་བྱ་དགོས་པས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་ཤེས་པ་དེ་ཉིད་རང་རིག་པ་ཡིན་ནོ། །ཚད་མ་དེ་ཡང་སླུ་མེད་ཕྱིར། །མི་སླུ་བ་ནི་འབྲེལ་བའི་ཕྱིར། །རྟོགས་པའི་དངོས་དེས་ནུས་པར་ཡོད། །དེ་ཡི་བདག་ཉིད་མཚན་ཉིད་དོ། །ཤེས་པ་དེ་ཡང་མི་སླུ་བ་ཡོད་ན་ཚད་མར་འགྱུར་རོ། །མི་སླུ་བ་ནི་དོན་ལ་འཁྲུལ་པ་མེད་དེ། དེ་ཡང་མི་སླུ་བའི་ཕྱིར་རོ། །འབྲེལ་བ་ནི་རག་ལུས་པ་སྟེ། དེ་ནི་རྣམ་པ་གཉིས་ཏེ། དེའི་བདག་ཉིད་ཀྱི་མཚན་ཉིད་དང༌། དེ་ལས་བྱུང་བའི་མཚན་ཉིད་དོ། །དེའི་བདག་ཉིད་གང་ལ་ཡོད་པ་དེ་ནི་དེའི་བདག་ཉིད་དོ། །ཡང་གང་གི་བདག་ཉིད་གང་ཡིན་པ་དེས་ཇི་ལྟར་སྤོང༌། གང་ཞིག་གང་ལས་སྐྱེས་པ་དེ་དེ་ལས་བྱུང་བའི་མཚན་ཉིད་དེ་ཇི་ལྟར་སྤོང་བར་འགྱུར། དེ་ལ་དེས་ཞེས་བྱ་བ་ནི་ཤེས་པའི་རང་གི་ངོ་བོ་རྟོགས་པ་དང༌། ནུས་པ་ཡང་ཡོད་ན་དེའི་བདག་ཉིད་ཀྱི་འབྲེལ་པའི་མཚན་ཉིད་ཡོད་དོ། །དེ་ལས་ཡང་གང་ཞིག་ཡིན་ཞེ་ན། །སྨྲས་པ། ནུས་དང་ཤེས་པའི་བདག་ཉིད་པས། །དེའི་ཕྱིར་མངོན་སུམ་ཚད་མ་ཡིན། །སྔོན་པོ་ལ་སོགས་པར་རིགས་པ་ནི་འཁྲུལ་བ་སྟེ། །དེ་ནི་མེད་པར་སྣང་བའི་ཕྱིར་རོ། །གལ་ཏེ་དེ་མེད་པར་ཡུང་སྣང་ནི། །ཡོད་པའི་སྔོན་པོ་ལ་སོགས་གང༌། །ཕྱི་རོལ་ཅི་ཡི་ཕྱིར་མི་སྣང༌། །སྔོན་པོ་ལ་སོགས་པ་ནི་མེད་པ་སྟེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །གཞན་ཡང༌། ཕྱི་རོལ་མངོན་སུམ་མིན་གཞན་ཕྱིར། །འགུགས་པ་མིན་ཕྱིར་འཁྲུལ་མ་ཡིན། །དེ་ལ་རེ་ཞིག་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་ཤེས་པའི་མངོན་སུམ་དུ་འགྱུར་བ་མི་འོས་ཏེ། ཤེས་པ་ལས་དོན་གཞན་ཤེས་པར་གནས་པའི་གསལ་བ་དང་འབྲེལ་བ་མེད་པའི་ཕྱིར་རོ། །འཁྲུལ་བ་ཡང་མ་ཡིན་ཏེ། འདི་ལྟར་ཆུར་འཁྲུལ་བའི་ཡུལ་སྨིག་རྒྱུ་ཡིན་ནམ་ཆུ་ཡིན། དེ་ལ་རེ་ཞིག་སྨིག་རྒྱུ་ནི་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར་རོ། །
ཆུ་ཡང་མ་ཡིན་ཏེ། དེ་ལ་དེ་མེད་པའི་ཕྱིར་རོ། །སྨིག་རྒྱུ་ཉིད་ཆུའི་དངོས་པོར་སྣང་ངོ་ཞེས་ཟེར་ན་མེད་པ་སྣང་བ་ཉིད་དུ་འགྱུར་རོ། །ཆུ་མེད་པ་ཡང་མ་ཡིན་ཏེ། གཞན་ན་ཡོད་པའི་ཕྱིར་རོ་ཞེས་ཟེར་ན། མ་བཀུག་པར་དེ་ཅི་ལྟར་སྣང༌། བཀུག་ན་ནི་འཁྲུལ་བ་ཡིན་ནོ། །བདག་བརྒྱ་བྱིན་ལ་སོགས་པ་ཡིན་ནོ་ཞེས་སེམས་པས་ཀྱང་བརྒྱ་བྱིན་ལ་སོགས་པ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་མ་བཀུག་པའི་ཕྱིར་ཡང་ཕྱིའི་དོན་ལ་འཁྲུལ་པ་མི་རིགས་སོ། །སླུ་བ་མེད་པའི་རྣམ་པ་མི་རྟོག་པ་བཤད་ཟིན་ཏོ། །རྟོག་པ་ཅན་བཤད་པར་བྱ་སྟེ། རྣམ་རྟོག་ཁ་ཅིག་དོན་གཞན་ལ། །གང་ཕྱིར་ཞེན་པས་སླུ་བ་མེད། །རྣམ་པར་རྟོག་པ་ཁ་ཅིག་དོན་གཞན་ལ་མི་སླུ་མོད་ཀྱི་དོན་གཞན་ལ་ཡང་དག་པར་མི་རིགས་པ་མ་ཡིན་ནམ། །དེ་ལ་ཇི་ལྟར་མི་སླུ་བ་ཡིན་ཞེ་ན། །མངོན་པར་ཞེན་པའི་ཕྱིར་རོ། །དོན་གཞན་ཡང་དག་པར་མ་རྟོགས་ཀྱང་དེས་གཞན་པ་ཡིན་ཏེ། དེ་དེར་དེ་ལས་བྱུང་བའི་གཞན་དང་བརྒྱུད་པས་འབྲེལ་བ་ཡོད་དེ། དེ་བས་ན་དེ་ལ་མི་སླུ་བ་ཡིན་ནོ། །འོ་ན་ནི་དེ་ལ་དོན་གཞན་སྣང་བ་མ་ཡིན་ཏེ། མི་སྣང་བ་ལ་ཡང་ཞེན་པ་མ་ཡིན་ཏེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཇི་ལྟར་ཞེན་པར་འགྱུར། འདི་ནི་ཉེས་པ་མེད་དེ། བ་ལང་མ་ཡིན་པ་ལས་ལྡོག་པ་ནི་རྣམ་པར་རྟོག་པ་ལ་སྣང་སྟེ། དེ་ཁྲ་བོ་ལ་ཡང་ཡོད་པས་དེ་ལ་ཡང་དག་པར་རིག་པ་ལ་ཞེན་པར་རིགས་སོ། །དོན་དང་ཤེས་པ་ཤིན་ཏུ་ཐ་དད་པའི་ཕྱིར་དེ་གཉིས་ངོ་བོ་གཅིག་པ་མ་ཡིན་ནོ་ཞེས་ཟེར་ན། དེ་ཉིད་མེད་ཕྱིར་བརྫུན་པ་ནི། །ཇི་ལྟར་སྣང་བཞིན་རྣམ་པར་གཞག །སྒྲ་དང་རྣམ་པར་རྟོག་པའི་དོན་གཉིས་ནི་བརྫུན་པ་ཡིན་ཏེ། བརྫུན་པ་ལ་ནི་དེ་ཁོ་ན་ཉིད་མེད་དོ། །ཇི་ལྟར་རྟོགས་པ་འབའ་ཞིག་དེའི་དེ་ཁོ་ན་ཡིན་གྱི། ཇི་ལྟ་བ་བཞིན་དེ་ཁོ་ན་ཉིད་མ་ཡིན་ནོ། །བ་ལང་གི་རྣམ་པར་རྟོག་པ་ལས་བ་ལང་མ་ཡིན་པ་ལས་ལྡོག་པ་རྟོགས་པ་ཡོད་པས། འདི་ལ་རིགས་པས་གནོད་པ་མེད་དོ། །དཔེ་བསྟན་པར་བྱ་སྟེ། ཇི་བཞིན་ཡང་དག་དྲན་པ་དང༌། །ཇི་ལྟར་མངོན་སུམ་རྗེས་སྐྱེས་ནི། །ཡང་དག་པར་དྲན་པ་ནི་ཡང་དག་པར་དྲན་པའོ། །མངོན་སུམ་གྱི་རྗེས་ལས་སྐྱེས་ཞེས་བྱ་བ་ནི་མངོན་སུམ་གྱི་སྟོབས་ལས་སྐྱེས་པའི་རྣམ་
པར་རྟོག་པའོ། །དེ་ཡང་ཚད་མ་མ་ཡིན་ཏེ། དེ་དག་གཟུང་བ་དང་འཛིན་པའི་ཕྱིར་རོ། །གལ་ཏེ་ཡང་རྣམ་པར་རྟོག་པ་འདི་དག་མི་སླུ་བ་ཙམ་གྱིས་ནི་ཚད་མ་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་ཕྱིར་རོ། །ཇི་ལྟར་གཟུང་བ་དང་འཛིན་པའི་ཕྱིར་དྲན་པ་ཚད་མ་མ་ཡིན་པ་དེ་བཞིན་དུ་མངོན་སུམ་གྱི་རྗེས་ལས་སྐྱེས་པའི་རྣམ་པར་རྟོག་པའི་ཡང་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པས་དངོས་པོ་བཟུང་ནས་དེའི་རྗེས་ལས་སྐྱེས་པའི་རྣམ་པར་རྟོག་པས་རིགས་ལ་སོགས་པའི་ཁྱད་པར་འཛིན་ཏེ། རིགས་ལ་སོགས་པ་བ་ལང་དང་བ་ལང་དཀར་པོར་འགྲོ་བ་བཞིན་ནོ་ཞེས་ཟེར་ན། ཐམས་ཅད་རིགས་མཐུན་པ་དང༌། མི་མཐུན་པ་ལས་ལྡོག་པའི་དངོས་པོའི་ངོ་བོ་ཡིན་ཏེ། དེ་རྣམ་པར་མི་རྟོག་པས་གཟུང་བས་བ་ལང་མ་ཡིན་པ་ལས་ལྡོག་པ་བ་ལང་དང༌། དཀར་པོ་མ་ཡིན་པ་ལས་ལོག་པའི་དཀར་པོ་དང༌། མི་འགྲོ་བ་ལས་ལོག་པའི་འགྲོ་བའི་ཤེས་པས་ཇི་ལྟར་མ་བཟུང་བ་འཛིན་པ་ཡིན། གཞན་ཡང་བ་ལང་མཐོང་ན་བ་ལང་ཡིན་ནོ་ཞེས་ངེས་པ་ནི་མངོན་སུམ་གྱི་ཚད་མ་མ་ཡིན་ཏེ། དངོས་པོའི་ངོ་བོ་ཡང་དག་པར་མ་རེག་པའི་ཕྱིར་རོ། །གལ་ཏེ་རེག་ན་ཐམས་ཅད་ཀྱི་བདག་ཉིད་ངེས་པར་ཐལ་བར་འགྱུར་རོ། །དེ་བས་ན་འདི་ནི་ཡང་དག་པར་རིག་པ་མ་ཡིན་པའི་དངོས་པོའི་ངོ་བོ་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་མངོན་སུམ་གྱི་ཚད་མ་མ་ཡིན་ནོ། །རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །བ་ལང་ངོ་ཞེས་པའི་རྣམ་པར་རྟོག་པས་ཀྱང་བ་ལང་གི་རང་གི་ངོ་བོ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་ཟེར་ན། ཡང་རྟར་རྣམ་པར་རྟོག་པས་བ་ལང་མཐོང་བ་དེ་བཞིན་ནོ། །རྣམ་པར་མི་རྟོག་པས་བ་ལང་མཐོང་བ་ནི་རྒྱུ་མ་ཚང་བ་མེད་པའི་ཕྱིར་དེས་བསྐྱེད་པ་དང་བ་ལང་གི་རྣམ་པར་རྟོག་པ་དེ་བྱེ་བྲག་མེད་པར་འཁྲུལ་བ་ཡིན་ཏེ། འདི་ལྟར་ཞེན་པ་དང་ཡུལ་གཅིག་ཡིན་པའི་ཕྱིར་རོ། །རྟར་རྣམ་པར་རྟོག་པ་མ་ཡིན་ཏེ་བཟློག་པའི་ཕྱིར་རོ། །དེ་ལྟ་ཡིན་ན་རྗེས་སུ་དཔག་པ་ནི་ཚད་མ་ཡིན་པར་ནི་འགྱུར་ཏེ། ཁྱད་པར་རྗེས་འགྲོ་མེད་པ་དང༌། སྤྱི་ནི་གྲུབ་བསྒྲུབ་པ་ཡིན། །ཁྱད་པར་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེའི་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་
ཕྱིར་རོ། །སྤྱི་ཉིད་བསྒྲུབ་པར་བྱ་བ་ཡིན་ན་ནི་དེའི་ཕྱིར་གཟུང་བ་དང་འཛིན་པར་འགྱུར་རོ། །འདིར་སྨྲས་པ། གང་ཕྱིར་ཁྱད་པར་འཛིན་པའི་ཕྱིར། །རྗེས་སུ་དཔག་པ་ཚད་མ་ཡིན། །ཆོས་ཅན་མ་འབྲེལ་རྣམ་གཅོད་པས། །སྤྱི་ཡང་འཛིན་པར་བྱེད་པ་ཡིན། །སྤྱི་ནི་གྲུབ་པ་སྒྲུབ་པ་ཡིན། །ཞེས་གང་སྨྲས་པ་ལ། སྤྱི་གང་དུ་གྲུབ། དཔེའི་ཆོས་ཅན་ལ་ཞེས་ཟེར་ན། དེ་ལྟ་ཡིན་ན་དཔེའི་ཆོས་ཅན་ཁྱད་པར་དང་ལྡན་པ་དེ་ཇི་ལྟར་སྤྱིར་འགྱུར། འོན་ཏེ་དེ་ཁྱད་པར་དང་ལྡན་པ་ཡང་སྤྱི་ཉིད་ཡིན་ན་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཁྱད་པར་ཇི་ལྟར་སྤྱི་མ་ཡིན། །དེ་བས་ན་འདི་ལྟར་བརྗོད་པར་བྱ་སྟེ། གལ་ཏེ་གཞན་དང་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པ་དཔེའི་ཆོས་ཅན་ཉིད་གང་ཡིན་པ་དེ་ཉིད་ནི་སྤྱི་ཡིན་པར་མི་འགྱུར་རོ། །འདིར་མ་འབྲེལ་བ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པར་འདོད་དེ། དཔེའི་ཆོས་གང་ཡིན་པ་དེ་ཉིད་ཡང་བདག་ཅག་ནི་མ་འབྲེལ་བར་རྣམ་པར་གཅོད་པས་མེའི་ཕྱོགས་ཁྱད་པར་དུ་བྱས་པས་རྗེས་སུ་འགྲོ་བ་ལ་ཉེས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་ཆོས་ཅན་དང་མ་འབྲེལ་བ་རྣམ་པར་གཅོད་པས་སྤྱི་ཡང་བཟུང་ལ་དེ་མ་འབྲེལ་བ་རྣམ་པར་གཅོད་པའི་མཚན་ཉིད་ཀྱང་ཁྱད་པར་འཛིན་ཏོ། །དེ་བས་ན་རྗེས་སུ་དཔག་པ་ནི་ཚད་མར་རིགས་ཏེ། མ་བཟུང་བ་འཛིན་པའི་ཕྱིར་རོ། །གང་དེ་རང་གི་ཡུལ་དང་འབྲེལ་པ་ཡིན་ནམ་ཞེ་ན། དེ་བརྒྱུད་དེ་ལས་བྱུང་བ་ནི། །རྗེས་དཔག་བློ་ཡི་འབྲེལ་བ་ཡིན། །བརྒྱུད་པས་རྗེས་སུ་དཔག་པའི་ཤེས་པའི་ཡུལ་དང༌། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ནོ། །འདི་ལྟར་རྗེས་སུ་དཔག་པར་བྱ་བ་ནི། །རྟགས་ལས་ཤེས་ཏེ་རྗེས་དཔག་ཡིན། །རྗེས་སུ་དཔག་པར་བྱ་བའི་དོན་ལས་དེའི་རྟགས་ངེས་པ་ནི་རྒྱུད་པ་ཡིན་ནོ། །རྟགས་ངེས་པ་ལས་རྗེས་སུ་དཔག་པ་ནི་འཇིག་རྟེན་པའི་ཚད་མ་མཚན་ཉིད་ཡིན་ནོ། །ཀུན་ནས་ཉོན་མོངས་དམིགས་པ་དང༌།། གང་ཞིག་དམིགས་པ་ཅན་དག་ནི། །ཀུན་རྫོབ་དང་ནི་དོན་དམ་སྟེ། །དེ་གཉིས་བདེན་དང་གོ་རིམས་བཞིན། །ཀུན་ནས་ཉོན་མོངས་པའི་དམིགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པའོ། །དེ་ཡང་གང་ཞིག་
ཡིན་ཞེ་ན། སྨྲས་པ། ཡང་དག་མ་ཡིན་ཀུན་རྟོག་གིས། །བཏགས་པའི་བདག་ཉིད་ཀུན་རྫོབ་ཡིན། །དེ་ཉིད་སྟོང་པའི་བདག་ཉིད་ནི། །དམ་པའི་དོན་དུ་ཤེས་པར་བྱ། །ཐེག་པ་ཆེན་པོ་ལས་ཡོད་པ་རྣམ་པ་བཞིར་བཞེད་དེ། དེ་བསྟན་པའི་ཕྱིར་སྨྲས་པ། བདེན་པ་དེ་ཉིད་ཀུན་རྫོབ་དང༌། །དམ་པའི་དོན་དུ་ཡོད་པར་བཞེད། །བརྟགས་པར་ཡོད་དང་རྫས་ཡོད་དང༌། །བརྟགས་དང་ཡང་དག་མིན་ཀུན་རྟོག །ཀུན་རྫོབ་ཀྱི་བདེན་པ་ཉིད་ནི་ཀུན་རྫོབ་ཏུ་ཡོད་པའོ། །དོན་དམ་པའི་བདེན་པ་ཉིད་ནི་དོན་དམ་པར་ཡོད་པའོ། །ཀུན་བརྟགས་པའི་ངོ་བོ་ནི་བརྟགས་པར་ཡོད་པ་ཡིན་ཏེ། ཐ་སྙད་ཙམ་ཡིན་པའི་ཕྱིར་རོ། །གཞན་གྱི་དབང་གི་ངོ་བོ་ནི་རྫས་སུ་ཡོད་པ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་དག་ནི་བདེན་པ་གཉིས་སོ། །གང་ཞིག་བདག་ཅག་རྣམས་ཀྱི་དང༌། །ཐམས་ཅད་བརྫུན་སྨྲའི་ཤེས་བྱེད་དང༌། །དེ་རྗེས་རྟོགས་ཕྱིར་དེ་དག་གི །ཤིང་རྟ་ཆེན་པོས་ལམ་དུ་གསུངས། །མདོ་གང་གིས་ཆ་བདག་ཅག་གིས་ཤེས་པར་བྱེད་པ་དང༌། ཡང་གང་གཞན་དག་གི་ཡང་དག་པའི་དོན་རྟོགས་པར་བྱ་བའི་ཕྱིར་ཤིང་རྟ་ཆེན་པོ་ནི་འཕགས་པ་བྱམས་པ་དང༌། ཐོགས་མེད་དང༌། ཀླུ་སྒྲུབ་དང༌། དབྱིག་གཉེན་རྣམས་ཀྱིས་ལམ་གང་ཡིན་པ་དེ་གསུངས་ཏེ། དེ་དག་གིས་ཡང་དག་པར་བསྟན་པའི་ཕྱིར་རོ། །དེ་ལ་བདག་ཅག་རྣམས་ཀྱིས་ཞེས་བྱ་བ་ནི་རང་བཞིན་གསུམ་གྱི་ཚུལ་གྱིས་ཤེས་པར་བྱེད་པ་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པའི་མདོའི་ཆ་རྣམས་ཡིན་ནོ། །ཀུན་གྱི་མཆོག་ཆོས་ཆེན་པོའི་མེ་ལོང་ལྟ་བུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་དཔེའི་དོན་དེ་ཉིད་བསྟན་པར་བྱ་སྟེ། དེ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་མེ་ལོང་ཆེན་པོ་ཡིན་ཏེ། དེ་ཡང་དོན་བསྡུས་ནས་དོན་གཙོ་ཆེར་བཤད་ཀྱི། གདོན་མི་ཟ་བར་ཚིག་ནི་མ་ཡིན་ནོ། །དེ་ལས་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་ལ་རྣམ་པར་དཔྱོད་པས་ཡང་དག་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། འདི་ལྟ་སྟེ། མཚན་མའི་ལྟ་བ་དང༌། བརྟགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་དུ་བརྟགས་
བ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཡོངས་སུ་འཛིན་པར་ལྟ་བ་དང༌། ཡོངས་སུ་སྒྱུར་བའི་ལྟ་བ་དང༌། ཡོངས་སུ་ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང༌། ངེས་པར་འབྱུང་བའི་ལྟ་བ་དང༌། བརྙས་པའི་ལྟ་བ་དང༌། རབ་ཏུ་ཁྲོ་བའི་ལྟ་བ་དང༌། ཕྱིན་ཅི་ལོག་གི་ལྟ་བ་དང༌། སྐྱེད་པར་ལྟ་བ་དང༌། ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བ་དང༌། བཀུར་སྟི་བྱེད་པའི་ལྟ་བ་དང༌། རྨོངས་པ་བརྟན་པའི་ལྟ་བ་དང༌། རྩ་བའི་ལྟ་བ་དང༌། ལྟ་བ་མེད་པའི་ལྟ་བ་དང༌། རབ་ཏུ་སྦྱོར་བ་འགེགས་པའི་ལྟ་བ་དང༌། ངེས་པར་འབྱུང་བ་མེད་པའི་ལྟ་བ་དང༌། བསྒྲིབས་པས་སྩོགས་པའི་ལྟ་བ་དང༌། བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་དང༌། འབྲས་བུ་མེད་པར་ལྟ་བ་དང༌། ངེས་པར་འཛིན་པའི་ལྟ་བ་དང༌། མི་བདེན་པའི་ལྟ་བ་དང༌། མི་སྨྲ་བའི་ལྟ་བ་དང༌། ལྟ་བ་ཆེན་པོ་དང༌། མངོན་པའི་ང་རྒྱལ་གྱི་ལྟ་བ་ཞེས་བྱ་བའོ། །དེ་རྣམས་ཀྱི་མཚན་ཉིད་དེ་ལས་གསུངས་ཏེ། དེ་ཡང་མདོར་བསྟན་པས་གཙོ་ཆེར་རང་གི་ཚིག་གིས་བསྟན་པར་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། གཟོད་མ་ཉིད་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་པས་གསུངས་པ་ཡིན་ཏེ། དགོངས་པ་དེ་ཡང་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོས་གསལ་བར་བྱས་ཏེ། རང་བཞིན་མེད་པ་ཡང་རྣམ་པ་གསུམ་གསུངས་ཏེ། རང་གི་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པའོ། །དེ་ལ་རང་བཞིན་ནི་རང་གི་མཚན་ཉིད་དེ། དེའི་རང་བཞིན་མེད་པ་ནི་ཀུན་ཏུ་བརྟགས་པའོ། །རང་ལས་བྱུང་བ་ནི་སྐྱེས་པ་སྟེ། དེའི་རང་བཞིན་མེད་པ་ནི་གཞན་གྱི་དབང་ངོ༌། །དེ་ནི་དོན་དམ་པ་ཡང་ཡིན་ལ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དོན་དམ་པའི་ངོ་བོ་ཉིད་མེད་པའོ། །དེའི་ངོ་བོ་ཉིད་མེད་པ་ནི་ཡོངས་སུ་གྲུབ་པའིའོ། །ཇི་ལྟར་རང་བཞིན་མེད་པ་དེ་བཞིན་དུ་མ་སྐྱེས་པ་དང༌། མ་འགགས་པ་དང༌། གཟོད་མ་ཉིད་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་
པ་ཡང་ཡིན་ནོ། །ཡང་དེའི་དགོངས་པ་ནི་ཡོངས་སུ་མི་ཤེས་པས་རང་གི་རྣམ་པར་དཔྱོད་པ་ལ་གནས་ནས་སྐྱེ་བ་མེད་པ་ཉིད་ནི་མེད་པ་ཉིད་དོ་ཞེས་སྒྲ་ཇི་བཞིན་པར་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ་ཞེས་དངོས་པོ་མེད་པའི་མཚན་མ་ལ་མངོན་པར་ཞེན་པ་དེ་དག་ནི་མཚན་མར་ལྟ་བའོ། །དེ་བཞིན་དུ་ཆོས་རྣམས་ཀྱི་རང་བཞིན་གསུམ་ལ་སྐུར་བ་འདེབས་པས་དེ་ལ་སྐུར་བ་འདེབས་པའི་ལྟ་བ་གསུམ་འབྱུང་སྟེ། བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་བརྟགས་པ་ལ་སྐུར་བ་འདེགས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་བ་འདེབས་པའི་ལྟ་བའོ། །དེས་དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་རྣམ་པར་གཞག་པའི་ཕྱིར་རིགས་པ་གང་ཡང་རུང་བ་ཉིད་ཀྱིས་ཡོངས་སུ་འཛིན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། དེ་གཉིས་ནི་ཡོངས་སུ་འཛིན་པའི་ལྟ་བ་དང༌། ཡོངས་སུ་སྒྱུར་བའི་ལྟ་བའོ། །དེ་ལ་ལྟ་བ་ནི་ཡང་འདི་ལྟར་ལྟ་བ་དག་ཡིན་ཏེ། ལྟ་བ་འདི་ལ་ངེས་པར་བརྟེན་པས་དགེ་བ་ཐམས་ཅད་འཐོབ་པ་དང༌། སྔོན་གྱི་ལས་ཀྱི་སྒྲིབ་པ་ལས་ངེས་པར་གྲོལ་བར་འགྱུར་རོ། །ལྟ་བ་གཉིས་པོ་དེ་དག་ནི་ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང༌། ངེས་པར་འབྱུང་བའི་ལྟ་བའོ། །གསུང་རབ་ཡན་ལག་བཅུ་གཉིས་ལས་ཉན་ཐོས་ཀྱི་སྡེ་སྣོད་ལ་བཀུར་སྟི་མི་བྱེད་པ་དང༌། སྐུར་པ་འདེབས་པའི་ལྟ་བ་ལ་མི་མོས་པ་ལ་རང་སྣང་བ་སྟེ། ལྟ་བ་གཉིས་པོ་དེ་དག་ནི་བརྙས་པའི་ལྟ་བ་དང༌། རབ་ཏུ་ཁྲོ་བའི་ལྟ་བའོ། །དེ་རང་གི་ལྟ་བའི་རྗེས་སུ་འབྲངས་ཏེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པ་ཕྱིན་ཅི་ལོག་གི་མཚན་ཉིད་དུ་འཇོག་པར་བྱེད་པ་དང༌། འདི་ལྟར་ལྟ་བར་འགྱུར་བ་ཡང་ཡིན་ཏེ། གང་ཞིག་ཆོས་ཉིད་འདི་ལ་འཇུག་པའམ། འཇུག་པར་བྱེད་པ་དེ་དག་ཐམས་ཅད་དཔག་ཏུ་མེད་པའི་བསོད་ནམས་སྐྱེད་པར་འགྱུར་རོ། །ལྟ་བ་གཉིས་པོ་དེ་དག་ནི་ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། སྐྱེད་པར་ལྟ་བའོ། །དེས་ཀྱང་དེ་ལ་སྐུར་བ་འདེབས་པའི་ལྟ་བའི་དབང་དུ་བྱས་ནས་ཕ་རོལ་པོས་བརྒལ་བ་ན་རང་ཅུང་ཟད་ཀྱང་ཁས་མི་ལེན་པ་དང༌། ཚིག་དོར་དང་ལྟག་ཆོད་ཀྱིས་གཞན་ལ་ལན་འདེབས་པ་སྟེ། ལྟ་བ་གཉིས་པོ་དེ་དག་ནི་
ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བའོ། །དེ་འདོད་པས་འདི་ལྟར་རབ་ཏུ་བཟུང་སྟེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མཆོད་པར་བྱེད་པས་དེ་ལྟ་བུ་ནི་བཀུར་སྟི་བྱེད་པའི་ལྟ་བའོ། །ལུང་དང་རིགས་པ་ལ་མཁས་པས་ལྟ་བ་ངན་པ་དེ་ལས་ཡང་དག་པར་འབྱེད་པར་བྱེད་ཀྱང་དེ་མི་སྤོང་ཞིང་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ་ཞེས་འཛིན་པ་དེ་ནི་རྨོངས་པ་བསྟན་པའི་ལྟ་བའོ། །ལྟ་བ་དེ་དག་ཐམས་ཅད་ཀྱི་བག་ཆགས་ཀྱི་གནས་ངན་ལེན་ནི་རྩ་བའི་ལྟ་བའོ། །ལྟ་བ་བཅུ་བདུན་པོ་དེ་དག་ཉིད་མདོར་བསྡུས་ན་ལྟ་བ་བཅུར་འགྱུར་ཏེ། འདི་ལྟར་མཚན་མའི་ལྟ་བ་འདི་ཉིད་ལ་ལྟ་བ་མེད་པར་ལྟ་བ་སྟེ། གང་ཞིག་མཚན་མའི་ལྟ་བ་དེ་ལ་ལྟ་བ་མེད་པའི་ལྟ་བའོ། །བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་ཏུ་བརྟགས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་བ་འདེབས་པའི་ལྟ་བ་ནི་རབ་ཏུ་སྦྱོར་བ་འགེགས་པར་བྱེད་པའི་ལྟ་བ་སྟེ། རྒྱུ་དང་འབྲས་བུའི་རབ་ཏུ་སྦྱོར་བ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །ཡོངས་སུ་འཛིན་པའི་ལྟ་བ་དང་སྒྱུར་པའི་ལྟ་བ་ནི་ངེས་པར་འབྱུང་བ་མེད་པར་ལྟ་བ་ཡིན་ཏེ། ཐབས་མ་ཡིན་པ་ལ་འཇུག་པས་དེས་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པའི་ལྟ་བ་དང༌། ངེས་པར་འབྱུང་བ་མེད་པའི་ལྟ་བ་ནི་སྒྲིབ་པ་པ་ལ་སོགས་པའི་ལྟ་བ་སྟེ། བརྫུན་དུ་རྟོགས་པས་སྒྲིབ་པ་ཟད་པ་མེད་པའི་ཕྱིར་རོ། །བརྙས་པའི་ལྟ་བ་དང༌། རབ་ཏུ་ཁྲོ་བའི་ལྟ་བ་ནི་བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་ཡིན་ཏེ། དམ་པའི་ཆོས་ལ་བརྙས་པ་དང༌། ཚངས་པར་སྤྱོད་པ་དང་ལྡན་པ་ལ་སྡང་བ་དང་ལྡན་པས་བསོད་ནམས་མ་ཡིན་པ་བསྐྱེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། སྐྱེད་པར་ལྟ་བ་ནི་འབྲས་བུ་མེད་པར་ལྟ་བ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ལྟ་བས་ཡང་དག་པའི་ཆོས་ཉིད་རྣམ་པར་གཞག་པ་དང༌། འཛིན་པ་དང༌། འཛིན་དུ་འཇུག་པའི་ཁྱད་པར་མི་ཤེས་པའི་ཕྱིར་རོ། །ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བ་ནི་ངེས་པར་འཛིན་པའི་ལྟ་བ་ཡིན་ཏེ། རིགས་པ་མ་ཡིན་པས་རྩོད་པས་རྒྱལ་བ་མེད་པའི་ཕྱིར་རོ། །བཀུར་སྟི་བྱེད་པའི་ལྟ་བ་ནི་མི་བདེན་པའི་ལྟ་བ་ཡིན་ཏེ། བདེན་པ་མ་ཡིན་པ་ལ་དེས་སྒྲོ་
འདོགས་པའི་ཕྱིར་རོ། །རྨོངས་པ་བརྟན་པའི་ལྟ་བ་ནི་མི་སྨྲ་བའི་ལྟ་བ་ཡིན་ཏེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་དང་བཅས་པས་དོན་མེད་པར་སྨྲ་བ་བཀག་པའི་ཕྱིར་རོ། །རྩ་བའི་ལྟ་བ་ནི་ལྟ་བ་ཆེན་པོ་ཡིན་ཏེ། དེ་ལས་ལྟ་བ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ལྟ་བ་ཉི་ཤུ་རྩ་བདུན་པོ་དེ་དག་ཉིད་མངོན་པའི་ང་རྒྱལ་གྱི་ལྟ་བ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པས་ཀུན་ཏུ་བསྐྱེད་པའི་ཕྱིར་རོ། །གང་འདི་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་ཡིན་ཏེ། ཡོད་པ་དང་མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། དེའི་དོན་ཇི་ལྟར་ཡིན་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་གསུམ་སྟེ། དེ་ལ་གཉིས་ཀྱི་རང་བཞིན་ནི་སྐྱེ་བ་མེད་པ་ཡིན་ཏེ། ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཆུ་ཟ་བ་དང་རླུང་ཟ་བའོ་ཞེས་ངེས་པར་བཟུང་བས་རྟོགས་པ་དེ་ལྟར་འདིར་ཡང་གང་ཞིག་ཡོད་པ་ཉིད་ནི་རེས་འགའ་ཡོད་པ་མ་ཡིན་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་ནོ། །གང་ཞིག་མེད་པ་དེ་ནི་རེས་འགའ་ཡང་ཡོད་པ་མ་ཡིན་ཏེ། ཀུན་ཏུ་བརྟགས་པའི་རང་བཞིན་ནོ། །དེ་དག་ཡོད་པ་དང་མེད་པ་ནི་མ་སྐྱེས་པའི་ཕྱིར་སྐྱེ་བ་མེད་པ་ཡིན་ཏེ། ཡང་གཞན་གྱི་དབང་ནི་མ་ཡིན་ནོ། །འདི་ལྟར་དེ་ཉིད་ལས། སེམས་ཙམ་ཉིད་དུ་རྣམ་གཞག་པས། །སྐྱེ་བ་མེད་པར་ངས་བཤད་དོ། །ཞེས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང༌། སྐྱེ་བ་དང་ནི་འགག་པ་ནི། །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་གསུངས་སོ། །གང་འདི་སྐད་དུ་དེ་ལ་མྱུ་གུ་ནི་རང་གིས་བྱས་པ་མ་ཡིན། གཞན་གྱིས་བྱས་པ་མ་ཡིན། གཉི་གས་བྱས་པ་མ་ཡིན། དབང་ཕྱུག་གིས་བྱས་པ་མ་ཡིན། དུས་འགྱུར་བས་མ་ཡིན། རྒྱུ་མེད་པ་ལ་ཀུན་ཏུ་འབྱུང་བ་ཡང་མ་ཡིན། འོན་ཀྱང་ས་བོན་ལ་སོགས་པའི་ཚོགས་པ་ཡོད་ན་མྱུ་གུ་འབྱུང་གི །མེད་ན་ནི་མི་འབྱུང་སྟེ། དེའི་ཕྱིར་ས་བོན་ལས་མྱུ་གུ་འབྱུང་ངོ་ཞེས་གསུངས་ཏེ། དེའི་དོན་གང་ཡིན་ཞེ་ན། དོན་ནི་འདི་ཡིན་ཏེ། རང་གིས་བྱས་པ་མ་ཡིན་ཞེས་བྱ་བ་ནི་ཉེ་བར་ལེན་པ་ཙམ་གྱིས་མ་ཡིན་པའོ། །གཞན་གྱིས་མ་བྱས་
ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་ཙམ་གྱིས་མ་ཡིན་པའོ། །གཉི་གས་མ་བྱས་ཞེས་བྱ་བ་ནི་བྱེད་པ་པོ་གཉིས་ཀྱང་མི་རིགས་པའི་ཕྱིར་རོ། །དབང་ཕྱུག་གིས་མ་བྱས་ཞེས་བྱ་བ་ནི་དེ་ཡང་ནུས་པ་བྱས་པ་ཐམས་ཅད་ཀྱི་རྒྱུ་གཞན་དབང་ཕྱུག་ཡིན་པའི་ཕྱིར་དང༌། བྱ་བ་བྱེད་པར་མི་རིགས་པའི་ཕྱིར་དང༌། སེམས་མེད་པ་ཡང་གཡོ་བ་དང་བྲལ་བའི་ཕྱིར་རོ། །དུས་འགྱུར་བས་མ་ཡིན་ཞེས་བྱ་བ་ནི་དུས་ཀྱི་རྫས་དང་གནས་སྐབས་པ་ཡང་མི་རིགས་པའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་མ་ཡིན་ཞེས་བྱ་བ་ནི་རྒྱུ་མེད་པ་ལས་སྐྱེ་བ་མ་ཡིན་ཏེ། རྒྱུ་ལ་ལྟོས་པ་མེད་པར་རེས་འགའ་ཡང་མི་རིགས་པའི་ཕྱིར་རོ། །ཇི་ལྟར་ས་བོན་ལ་མྱུ་གུ་འབྱུང་ཞེས་བྱ་ཞེ་ན། དེ་ལ་སྨྲས་པ། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་བར་སླའོ། །འོ་ན་ནི་འདི་ལ་མུ་སྟེགས་པ་རྣམས་ཀྱི་ཕྱོགས་གཅིག་སྟོང་པའི་ཉེས་པར་ཇི་ལྟར་མི་འགྱུར་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ཀུན་ཏུ་བརྟགས་པའི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གང་དུ་ཡང་དག་པའི་ཤེས་པས་ཀྱང་སྟོང་པ་ཉིད་དུ་བསྟན་པ་དེར་ཀུན་ཏུ་བརྟགས་པའི་རང་བཞིན་ཉིད་བྱིས་པས་གཟུང་བར་ཤེས་པར་བྱ་སྟེ། དོན་དམ་པར་གྱུར་པས་ནི་མ་ཡིན་ནོ། །ཡང་དག་པར་ནི་བྱིས་པ་རྣམས་ལ་མེད་དེ། ངོ་བོ་གང་ཞིག་རྟོག་གེ་བས་མཐོང་བ་དེ་ནི་ཡང་དག་པའི་ཀུན་རྫོབ་ཅེས་བྱ་སྟེ། འཕགས་པ་ལང་ཀར་གཤེགས་པ་ལས་གང་འདི་སྐད་དུ། བློ་ཡིས་རྣམ་པར་གཞིགས་ན་ནི། རང་གི་ངོ་བོ་གཟུང་དུ་མེད། །གང་ཕྱིར་བརྗོད་དུ་མེད་པ་དང༌། །རང་བཞིན་མེད་ཅེས་བསྟན་པའང་ཡིན། །བློ་ཡིས་རྣམ་པར་གཞིགས་ན་ནི། །གཞན་དབང་མེད་ཅིང་ཀུན་བརྟགས་མེད། །གྲུབ་པའི་ངོ་བོའང་ཡོད་མིན་ན། །ཅི་ལྟར་བློ་ཡིས་རྣམ་པར་བརྟག །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །རོ་མཚུངས་བྱིས་པའི་རྟོག་གེ་བ། །ངན་པ་རྣམས་ཀྱིས་འདི་དག་བརྟགས། །མཚན་མ་དངོས་པོ་རྣམ་རིག་དང༌། །ཡིད་ཀྱི་གཡོ་བ་གང་ཡིན་ལས། །ང་ཡི་སྲས་རྣམས་རབ་འདས་ནས། །དེ་དག་རྣམ་པར་མི་རྟོག་དཔྱོད། །ཅེས་བྱ་བའི་དོན་ཇི་ལྟར་ཡིན་ཞེ་ན། སྨྲས་པ། ཚིགས་སུ་བཅད་པ་དང་པོའི་དོན་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་
དང༌། བསམ་པའི་རང་བཞིན་གྱི་ཤེས་རབ་པོ། །འདི་ལྟར། བློ་ཡིས་རྣམ་པར་གཞིགས་ན་ནི། །ཞེས་བྱ་བ་ནི་ཚད་མས་དཔྱད་ན་ཆོས་རྣམས་ཀྱི་རང་གི་ངོ་བོ་ནི་རང་གི་མཚན་ཉིད་དོ། །གང་ཞིག་བྱིས་པ་རྣམས་ཀྱི་བློ་གཟུང་བ་ཉིད་གཟུགས་ལ་སོགས་པ་དང༌། འཛིན་པ་ཉིད་དུ་ཚོར་བ་ལ་སོགས་པར་སྣང་བ་དེ་དག་གི་རང་བཞིན་གཟུང་དུ་མེད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་དང༌། དེ་ཡང་གཟུང་བ་དང་འཛིན་པར་མི་རིགས་པའི་ཕྱིར་དང༌། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །དེ་ལྟ་ཡིན་ན་དེ་དག་ནི་ཡང་དག་པ་མ་ཡིན་པའི་རང་བཞིན་ཀུན་ཏུ་བརྟགས་པར་ཡོད་པའོ། །བྱིས་པའི་བློ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །དེའི་ཕྱིར་རང་བཞིན་མེད་པ་ཞེས་བྱ་བ་ནི་དེ་དག་གི་རང་བཞིན་མེད་པ་སྟེ། ཡོངས་སུ་གྲུབ་པའི་རང་བཞིན་ནོ། །ཡང་གི་སྒྲ་ནི་བརྗོད་དུ་མེད་པ་ཡང་ཡིན་ཞེ་ན་རིམ་པ་བཞིན་དུ་སྦྱར་རོ། །དེ་ནི་རང་བཞིན་གྱིས་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རིགས་པས་ནི་བསམ་པའི་རང་བཞིན་གྱི་ཤེས་རབ་བསྟན་ཏོ། །དེ་ལྟར་བཅོམ་ལྡན་འདས་མ་ལས་གསུངས་སོ། །འདིས་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱང་བསྟན་ཏོ། །འོ་ན་ནི་བརྗོད་དུ་མེད་པ་ཞེས་བསྟན་པ་ཡང་མི་རིགས་ཏེ། འདི་ལྟར་ཡང་དག་པའི་སོ་སོར་རྟོག་པ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་གྱི། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་མ་ཡིན་ཏེ། དེ་སྔ་ན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཡང་དག་པ་ཡང་རྣམ་པར་བརྟགས་པ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་པ་ཡང་མི་རིགས་སོ། །འདིར་ཡང་བོ་ཡིས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལས། །བློ་ཡིས་ཞེས་བྱ་བ་ནི་ཡང་དག་པའི་སོ་སོར་རྟོག་པས་སོ། །རྣམ་པར་གཞིགས་ཞེས་བྱ་བ་ནི་མེད་པ་དང་ཡོད་པ་དང་དོན་དམ་པ་ཉིད་ལ་སོགས་པའི་རྣམ་པས་ཡང་དག་པར་སོ་སོར་རྟོག་པར་བྱ་བ་གསུམ་མོ། །ཇི་ལྟར་བློ་ཡིས་རྣམ་པར་བརྟགས། །ཞེས་བྱ་བ་ནི་ངེས་པ་ཉིད་མེད་དེ་ཞེས་བྱ་བའི་དོན་ཏོ། །ངེས་པ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར་དང༌། གཞན་སེལ་བའི་ཡང་
དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་དགོངས་པའི་ཕྱིར་རོ། །འོ་ན་ཇི་ལྟར་སོ་སོར་རྟོག་པ་ཡིན་ཞེ་ན། ཡང་དག་པའི་ཀུན་རྫོབ་ཀྱིས་སོ། །འོ་ན་ནི་བདག་དང་ཆོས་རྣམས་ཀྱང་ཡང་དག་པ་ཉིད་དུ་འཇིག་རྟེན་ལ་གྲགས་པ་དང༌། སེར་སྐྱ་དང་གཟེགས་ཟན་ལ་སོགས་པ་ཚད་མར་གྱུར་པ་རྣམས་ཀྱིས་ཡོངས་སུ་བཅད་པ་དེ་དག་ཇི་ལྟར་མེད་ཅེས་བྱ་ཞེ་ན། མིན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རང་བཞིན་ནི་བདག་གི་རྫས་སོ། །རྣམ་རིག་ནི་རྣམ་པར་ཤེས་པ་དྲུག་གི་ཚོགས་སོ། །དངོས་པོ་ནི་ཡུལ་ལོ། །ཀུན་གཞི་ནི་གཞི་སྟེ། དབང་པོ་དྲུག་གོ །དེ་དག་ཐམས་ཅད་མེད་པ་ནི་གཏན་ཚིགས་ཇི་སྐད་བསྟན་པས་སོ། །གང་གི་ཕྱིར་ཞེ་ན། བྱིས་པ་ནི་བདེན་པ་མ་མཐོང་བས་འདི་དག་བརྟགས་པ་ནི་བརྫུན་པར་བརྟགས་པའོ། །དེ་དག་ཀྱང་འདི་ཇི་ལྟ་བུ་ཞིག་ཅེ་ན། རོ་མཚུངས་བྱིས་པའི་རྟོག་གེ་བ། །ཞེས་བྱ་བ་ལ་ཡང་གི་དོན་རྟོགས་པར་བྱ་སྟེ། རྟོག་པ་མེད་པ་དང༌། ལོག་པར་རྟོགས་པ་ནི་གཟེགས་ཟན་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་དོ་ཏོ། །འོ་ན་ཇི་ལྟར་རྣལ་འབྱོར་པ་རྣམས་རྣམ་པར་མི་རྟོག་པར་འགྱུར་ཞེ་ན། སྨྲས་པ། མཚན་མ་ཞེས་བྱ་བ་ནི་མིང་དང་མཚན་མ་དག་གོ །དངོས་པོ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་རྣམས་སོ། །རྣམ་རིག་ཅེས་བྱ་བ་ནི་རྣམ་པར་ཤེས་པ་དྲུག་གི་ཚོགས་སོ། །དེ་དག་ཐམས་ཅད་དུ་སྣང་བ་ནུབ་པས་རབ་ཏུ་འདས་པ་ཉིད་དོ། །དེ་ལྟར་ཐམས་ཅད་དུ་གཉིས་སུ་སྣང་བ་ནུབ་པས་ཡིད་ཀྱི་གཡོ་བ་གང་ཡིན་པ་མེད་དོ། །གཉིས་མེད་པའི་ཤེས་པའི་ངོ་བོ་གཅིག་པོ་ལ་རིག་པར་བྱ་བ་དང༌། སོ་སོ་རང་གིས་རིག་པ་པོར་ཞེན་པ་དོན་དང་སོ་སོར་སྣང་བ་དེ་གཉིས་ཀ་ལས་ཀྱང་ཤིན་ཏུ་འདས་པའོ། །སྲས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དེ་དག་ཅེས་བྱ་བ་ནི་གང་ཞིག་ཐོས་པ་དང་བསམ་པ་དང་ཞི་གནས་དང་ལྷག་མཐོང་རྣམས་ཀྱིས་ཡང་དག་པའི་ཤེས་པ་ལ་རབ་ཏུ་སྦྱོར་པ་ཡིན་ནོ། །དེ་ལ་འདིར་རྣམ་པར་མི་རྟོག་པའི་ཤེས་པ་ནི་རྣམ་པ་བཞིར་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་རྣམ་པ་དྲུག་ཏུ་གསུངས་ཏེ། རིགས་ཀྱི་བུ་རྒྱུ་འདིས་རྣམ་པར་མི་རྟོག་པའི་དབྱིངས་ལ་རྣམ་པར་མི་རྟོག་པ་ཞེས་བསྟན་ཏེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་དཔྱོད་པ་ལས་ཡང་དག་པར་
འདས་པ་ཉེ་བར་ལེན་པ་དང༌། བསྟན་པ་ཐམས་ཅད་མཐོང་བ་ལས་ཡང་དག་པར་འདས་པ་ཉེ་བར་ལེན་པ་དང༌། དབང་པོའི་རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉེ་བར་ལེན་པ་དང༌། ཡུལ་གྱི་རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉེ་བར་ལེན་པ་དང༌། རྣམ་པར་རིག་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉེ་བར་ལེན་པ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་ལ་དམིགས་པ་མེད་པ་ཉིད་ཉེ་བར་ལེན་པའོ། །དེའི་ཕྱིར་རྣམ་པར་མི་རྟོག་པ་དང༌། དངོས་པོ་མེད་པ་དང༌། མཐོང་བ་མེད་པ་དང༌། རབ་ཏུ་མི་གནས་པ་དང༌། སྣང་བ་མེད་པ་དང༌། རྣམ་པར་རིག་པ་མེད་པ་དང༌། གཞི་མེད་པ་ཞེས་གསུངས་ཏེ། གཟུངས་ལ་སོགས་པ་རྣམ་པ་དྲུག་གི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དཔྱད་པས་ན་གཟུགས་ཏེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་དཔྱོད་པ་དེ་ལས་ཡང་དག་པར་འདས་པའི་ཕྱིར་གཟུགས་མེད་པའོ། །བསྟན་པ་ལ་སོགས་པ་ཐམས་ཅད་ཀྱིས་གཞན་ལ་གསལ་བ་ནི་ངེས་པར་མཐོང་བ་སྟེ། དེ་ལས་ཡང་དག་པར་འདས་པ་ནི་མཐོང་བ་མེད་དོ། །དབང་པོ་ཐམས་ཅད་ཉིད་རྣམ་པར་རྟོག་པ་སྟེ། འཛིན་པར་བྱེད་པ་ཉིད་དུ་སྣང་བའི་ཕྱིར་རོ། །དེ་ལས་ཡང་དག་པར་འདས་པ་ནི་རབ་ཏུ་མི་གནས་པ་སྟེ། རྟེན་རབ་ཏུ་གནས་པའོ། །ཡུལ་ཐམས་ཅད་ཉིད་ནི་རྣམ་པར་རྟོག་པ་སྟེ། གཟུང་བ་ཉིད་དུ་རབ་ཏུ་སྣང་བའི་ཕྱིར་རོ། །དེ་ལས་ཡང་དག་པར་འདས་པ་ནི་སྣང་བ་མེད་པའོ། །རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་དྲུག་སྟེ། དེ་ཡང་འཛིན་པ་ཉིད་དུ་སོ་སོར་སྣང་བའི་ཕྱིར་རྣམ་པར་རྟོག་པའོ། །དེ་དག་ལས་ཡང་དག་པར་འདས་པའི་ཕྱིར་རྣམ་པར་རིག་པ་མེད་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཡང་དེ་བཞིན་དུ་རྣམ་པར་རྟོག་པ་ཡིན་ཏེ། དེ་རྣམས་གཞི་མེད་པ་ཉེ་བར་ལེན་པའི་ཕྱིར་གནས་མེད་པ་ཞེས་བསྟན་ཏོ། །དེ་ལྟ་ཡིན་ནི་འཕགས་པ་ལང་ཀར་གཤེགས་པ་ལས་མངོན་པར་རྟོགས་པ་དེ་དག་གི་དོན་གང་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཐར་ཕྱིན་པའི་ཕྱིར་རྣལ་འབྱོར་གྱིས་བཞི་པོ་དེ་དག་གི་
དོན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང༌། ཕྱོགས་བཅུ་དུས་གསུམ་གྱི་དབྱེ་བ་མཐའ་ཡས་མོད་ཀྱི། མདོར་བསྡུས་པའི་ཆོས་ནི་འདི་དག་ཡིན་ཏེ། ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་ཅེས་བྱ་བ་འདི་དག་ནི་རྣལ་འབྱོར་གྱི་ས་དང་པོ་ཡིན་ཏེ། །སྦྱོར་བའི་དམིགས་པ་དེས་ཇི་སྙེད་ཡོད་པ་དེ་སྙེད་ཙམ་ལ་རྣམ་པར་དཔྱོད་པའི་ཕྱིར་རོ། །ས་གཞན་དག་ནི་དེ་དག་ཇི་ལྟ་བ་བཞིན་དུ་ཡོད་པའི་རང་བཞིན་དུ་གྱུར་པའི་ངོ་བོ་གཟུང་བ་ལ་སོགས་པས་སྟོང་པ་ཉིད་རྣམ་པར་འབྱེད་པའོ། །དེ་ལ་རྣལ་འབྱོར་གྱི་ས་དང་པོ་ནི་ཆོས་ཐམས་ཅད་སེམས་སུ་དམིགས་པ་ཉིད་ཀྱིས་སེམས་ལས་ཕྱི་རོལ་དུ་སྣང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཞེས་གསུངས་ཏེ། རྣལ་འབྱོར་པ་ཞེས་འོག་མ་དང་སྦྱར་རོ། །སེམས་ཙམ་དུ་སྣང་བ་ནི་སེམས་ལས་ཐ་དད་པའི་ཆོས་མ་ཡིན་ཏེ། སེམས་ལས་ཐ་དད་པ་སྣང་བ་མི་རིགས་པའི་ཕྱིར་རོ། །གཟུང་བ་མེད་པར་ཤེས་པ་འདི་ནི་རྣལ་འབྱོར་གྱི་ས་གཉིས་པའོ། །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །འཛིན་པའི་མཚན་ཉིད་ནི་སེམས་ཏེ། གཟུང་བ་མེད་པས་འཛིན་པ་མེད་པའི་ཕྱིར་རོ།། གཉིས་ཀྱིས་སྟོང་པའི་ཤེས་པ་དེ་ནི་དེ་བཞིན་ཉིད་དམིགས་པ་དེ་ལ་གནས་པ་སེམས་ཙམ་སྟེ། འཛིན་པའི་མཚན་ཉིད་དེ་ལས་འདས་ཏེ། དེ་གཉིད་ཀ་ལས་འདས་པ་ཡིན་ཏེ་རྣལ་འབྱོར་གྱི་ས་གསུམ་པའོ། །འོ་ན་དེ་བཞིན་ཉིད་ལ་དམིགས་པའི་སེམས་སྣང་བ་མེད་པ་ཡིན་ཏེ། གཟུང་བ་དང་འཛིན་པ་མི་སྣང་བའི་ཕྱིར་རོ། །དེའི་ཕྱིར་ཅི་དེ་ཉིད་ལ་གནས་པར་བྱའམ། ཡང་ན་དེ་ལས་འདས་པ་ཡིན་ཞེ་ན། སྨྲས་པ། སེམས་ཙམ་ལས་ནི་བཟླས་ནས་ནི། །སྣང་བ་མེད་པ་བཟླ་བར་བྱ། །ཞེས་གསུངས་སོ། །དེ་ཅི་འདྲ་བ་ཞིག་ལ་བཟླ་ཞེ་ན། སྣང་བ་མེད་པ་ཞེས་གསུངས་ཏེ། ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་ཤིན་ཏུ་སྣང་བ་མེད་པ་ལ་གནས་པར་འགྱུར་རོ། །གང་དུ་མིང་དང་མཚན་མ་དང༌། གཟུང་བ་དང་འཛིན་པ་ཐམས་ཅད་ནུབ་པ་དེ་ནི། ཤིན་ཏུ་སྣང་བ་མེད་པའི་ཡེ་ཤེས་དེ་ལ་གནས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་
ལྷག་མའོ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་བྱ་བ་ནི་དེ་རྣལ་འབྱོར་གྱི་ས་བཞི་པ་ཡིན་ཏེ། ཐེག་པ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །ཕྱིན་པར་བྱེད་པས་ན་ཐེག་པ་སྟེ། ཐེག་པ་ཡང་ཡིན་ལ་ཆེན་པོའང་ཡིན་ཏེ། བྱང་ཆུབ་སེམས་དཔའི་ལམ་ཞེས་བྱ་བའི་དོན་ཏོ། །འོ་ན་ལམ་དེས་འགྲོ་བ་ནི་ཅི་འདྲ་བ་ཞིག །འགྲོ་བར་བྱ་བ་ནི་ཇི་ལྟ་བུ་ཞིག །སུ་ཞིག་འགྲོ་ཞེ་ན། འཇུག་པ་ལྷུན་གྱིས་གྲུབ་ཅིང་ཞེས། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པར། །བྱང་ཆུབ་སེམས་དཔའ་རབ་ཏུ་འཇུག །ཅེས་གསུངས་ཏེ། འཇུག་པ་ནི་ས་གོང་མ་གོང་མར་འཕར་བའོ། །དེ་དག་པ་འཇིག་རྟེན་པའི་སྦྱོར་བའི་ལམ་གྱི་སྒོམ་པ་རྗེས་སུ་འགྲོ་བའི་ཕྱིར་ལྷུན་གྱིས་གྲུབ་པ་ནི་ལྷུན་གྱིས་གྲུབ་པའོ། །བགྲོད་པར་བྱ་བའི་སའི་རིམ་པ་དང་བྲལ་བའི་ཕྱིར་ཞི་བའོ། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཞེས་བྱ་བ་ནི་ཐེག་པ་དམན་པས་ཉམས་པའི་རྒྱུར་གྱུར་པའི་ཉེས་པ་རྣམས་སྤངས་པའི་ཕྱིར་རོ། །ཡེ་ཤེས་དམ་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པར་འོང་བ་སྟེ། དེར་འགྲོ་བར་བྱ་བ་ཡིན་ནོ། །དེ་ཡང་བདག་མེད་པ་སྟེ། བདག་ཏུ་གྱུར་པའི་མིང་དང་མཚན་མ་དང་གཟུང་བ་དང་འཛིན་པར་སྣང་བ་རྣམས་ལ་འབྱུང་བར་མི་འགྱུར་བས་ནུབ་པའི་ཕྱིར་རོ། །རབ་ཏུ་འཇུག་ཅེས་བྱ་བ་ནི་འགྲོའོ་ཞེས་བྱ་བའི་དོན་ཏོ། །འགྲོ་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་འདིའི་དོན་ནི་བྱང་ཆུབ་སེམས་དཔའ་མཁས་པ་ལས་བཟུང་ནས་བསྒོམ་པར་བྱའི་རང་དགར་ནི་མ་ཡིན་ནོ། །དེ་མ་རྙེད་ན་ཡང་དག་པའི་དོན་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་གདམས་ངག་མངོན་པར་མནོས་པར་བསྒོམ་མོ། །འོ་ན་རང་བཞིན་གསུམ་གྱི་ཚུལ་ལ་དབུ་མའི་ཚུལ་ཞེས་ཇི་སྐད་བརྗོད་ཅེ་ན། སྨྲས་པ། ཡོད་པ་ཞེས་བྱ་བ་ནི་མཐའ་གཅིག་གོ །མེད་པ་ཞེས་བྱ་བ་ནི་མཐའ་གཉིས་པའོ། དེ་དག་གི་དབུས་སུ་གྱུར་པ་ནི་དབུ་མའི་ཚུལ་ཏེ། རང་བཞིན་རྣམས་ངེས་པར་རྟོགས་པའོ། །དེ་ཡང་གང་ཡིན་ཞེ་ན། གང་ཞིག་ཆོས་ཐམས་
ཅད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་སྟེ། ཀུན་ཏུ་བརྟགས་པའི་རང་བཞིན་གྱིས་ནི་ཡོད་པ་ཡང་མ་ཡིན། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་ནི་མེད་པ་ཡང་མ་ཡིན་ཏེ། གང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟར་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དོན་དམ་པར་ནི་མེད་ལ། ཀུན་རྫོབ་ཏུ་ནི་ཡོད་པ་དེའི་ཕྱིར། དབུ་མའི་ལམ་ཡིན་ནོ་ཞེས་ཟེར་ན། དེ་ནི་སྔར་བཀག་ཟིན་ཏོ། །གཞན་ནི་འདི་ལྟར་འདོད་དེ། ཇི་ལྟར་སྒྱུ་མའི་གླང་པོ་སྣང་བ་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་མེད་པ་སྣང་བ་ཡིན་པར་སྨྲ་སྟེ། །དེ་བས་ན་སྒྱུ་མ་ལྟ་བུ་ཉིད་ཆོས་ཐམས་ཅད་དབུ་མའི་ལམ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་བདེན་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་འདི་དག་ཚད་མ་མེད་པར་གྲུབ་ན་དེའི་ཕྱིར་འགས་ཀྱང་ཡོད་པར་སྒྲུབ་པར་ནི་མི་ནུས་སོ། །ཚད་མ་མ་ཡིན་པ་ལ་སྣང་བ་ཙམ་གྱིས་ལྟ་སྨོས་ཀྱང་ཅི་དགོས། །གལ་ཏེ་ནུས་པའི་མཚན་ཉིད་དུ་ནི་ཡོད་པ་མ་ཡིན་གྱི། སྣང་བའི་མཚན་ཉིད་དུ་ཡོད་པར་འདོད་ན་དེ་ལྟ་ན་ནི། བརྟགས་པ་ཙམ་དུ་ཡོད་པར་འགྱུར་རོ། །རི་བོང་གི་རྭ་དེ་ཡང་དེ་ཙམ་དུ་ཡོད་ཀྱི་དེ་མེད་པར་ནི་མི་འགྱུར་རོ། །འོན་ཀྱང་རི་བོང་གི་རྭ་ལ་སོགས་པ་གཅིག་ཏུ་མེད་པར་འདོད་དོ། །གཞན་ཡང་ནུས་པའི་མཚན་ཉིད་དུ་ཡོད་པ་བཀག་ན། དོན་དང་དོན་མ་ཡིན་པ་བསྒྲུབ་པ་ལ་འཇུག་པ་དང༌། ལྡོག་པ་ལ་སོགས་པ་ངེས་པར་མི་འགྱུར་བར་ཐལ་བར་འགྱུར་བས་དེ་བས་ན་ཡོད་པར་འདོད་པས་ནུས་པ་ཉིད་ཡོད་པར་རིགས་ཀྱི། །སྣང་བ་ཙམ་ནི་མ་ཡིན་ནོ། འདི་ལྟར་ཤིང་དང་རྡོ་ལ་སོགས་པ་རང་རང་གི་ངོ་བོས་ཡོད་པ་ཡང་སྒྱུ་མ་མཁན་གྱི་བྱ་བས་གླང་པོ་ལ་སོགས་པའི་ངོ་བོ་མེད་པ་སྣང་བའི་ཕྱིར་ཤིང་ལ་སོགས་པ་ཡང་སྒྱུ་མར་སྨྲས་པ་ནི་དེའི་འདོད་པའོ། །འདི་ལྟར་ཆོས་ཐམས་ཅད་ནི་ཤེས་པའི་ངོ་བོ་ཡིན་ལ། ཐོག་མ་མེད་པའི་བག་ཆགས་ཀྱིས་བསླད་པས་སྔོན་པོ་
ལ་སོགས་པའི་ངོ་བོར་སྣང་སྟེ། དེ་བས་ན་ཆོས་འདི་དག་ཐམས་ཅད་སྒྱུ་མ་ལྟ་བུར་འདོད་དོ། །དེའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་ནི་ཡོད་པ་མ་ཡིན་ལ། འཁྲུལ་པའི་དངོས་པོ་དེ་དང་སྟོང་པ་ཉིད་ཀྱི་ངོ་བོ་མེད་པ་ནི་མ་ཡིན་ཏེ། དེ་ནི་དབུ་མའི་ལམ་ཞེས་བྱའོ། །དེ་ལྟ་བས་ན། དེ་ཉིད་རང་བཞིན་གསུམ་འདོད་པར་གྱུར་པ་ཡིན་ཏེ། ཚུལ་འདི་ནི་དབུ་མ་པར་རིགས་སོ། །དེ་ལྟ་བས་ན་སངས་རྒྱས་པ་བཞི་ཇི་ལྟར་ཡིན། གང་ཞིག་རྣམ་པ་མེད་པའི་ཤེས་པས་སྔོན་པོ་ལ་སོགས་པའི་དོན་རིག་པར་འདོད་པ་ནི་བྱེ་བྲག་ཏུ་སྨྲ་བའོ། །གང་ཞིག་དོན་གྱིས་ཕན་བཏགས་པས་གཟུགས་བརྙན་གྱི་རྣམ་པ་ཉམས་སུ་མྱོང་བས་དོན་རིག་པར་འདོད་པ་ཉིད་ནི་མདོ་སྡེ་པའོ། །ཡང་གང་ཞིག་རྣམ་པར་ཤེས་པ་ལས་ཕྱིའི་དོན་སྔོན་པོ་ལ་སོགས་པ་མི་འདོད་ཀྱི། འོན་ཀྱང་འདི་དག་རྣམ་པར་ཤེས་པ་ཉིད་ཡིན་མོད་ཀྱི། ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་སྔོན་པོ་ལ་སོགས་པ་བསྐྱེད་པ་ཡིན་པར་སྨར་བ་དེ་དག་ནི་རྣལ་འབྱོར་སྤྱོད་པ་པ་ཡིན་ལ་རང་བཞིན་གསུམ་དུ་སྨྲ་བ་ནི་དབུ་མ་པའོ། །ཡང་གང་ཞིག་ཐམས་ཅད་བརྫུན་པར་སྨྲ་བ་ནི་དབུ་མ་ལྟར་སྣང་བ་ཡིན་ནོ། །ཚད་མ་ལུང་དང་བསྟན་བཅོས་ཀྱིས་སྦྱར་བས། རྟོགས་པ་དེ་འདིར་དབུ་མའི་ཚུལ་ཡིན་ཏེ། གང་ཞིག་རྒྱལ་བ་ཡི་ནི་གསུང་དོན་ལེ། །མི་ཕམ་མགོན་པོ་ཇི་ལྟར་ཚད་མ་མིན། །ཕྱིན་ཅི་མ་ལོག་པ་ལ་ངེས་འཇུག་པ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་མཐའ་མར་བསྟན། །དེས་ནི་སངས་རྒྱས་ཡུལ་གྱི་དོན་དེ་ཡི། །སྣ་ཚོགས་ཕྱིན་ཅི་ལོག་ནི་ངེས་པར་འཇོམས། །ཤེས་རབ་ཕ་རོལ་ཕྱིན་པའི་དོན་ལ་ནི། །ཚད་མའི་གཙོ་བོ་འདིར་ནི་བྱམས་པ་ཡིན། །གང་ཞིག་ཞལ་ནས་རྒྱལ་བས་གསུངས་བསྟན་པ། །ཕྱིན་ཅི་མ་ལོག་པ་ལ་ངེས་འཇུག་མཛད། །ཚད་མའི་ཚུལ་ལ་ཡང་དག་མཁས་པ་དང༌། །སངས་རྒྱས་ཐེག་པའི་དོན་ལ་མཁས་པ་རྣམས། །དབུ་མའི་རྒྱན་གྱིས་དགའ་བར་བྱ་བའི་ཕྱིར། །རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ཡིན། །དབུ་མ་རྒྱན་གྱི་འགྲེལ་པ་དབུ་མའི་ལམ་གྲུབ་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་
པ་རྫོགས་སོ།། །།ལོ་ཙཱ་བ་ཤཱཀྱ་འོད་ཀྱིས་རང་འགྱུར་དུ་མཛད་པའོ།། །།དཔལ་རྒྱལ་པོ་འདོད་པའི་ལྷའི་རིང་ལ། དཔྱིད་ཟླར་བའི་ངོ་ལ་བརྩམས་ཏེ་ལོ་བརྒྱ་བཞི་བཅུ་ལོན་ནོ།། །།