Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག། 
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག། next

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག།


DTG066_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་མཎྜ་ལོ་པི་ཀ །བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །རང་བྱུང་རྣམ་པར་དག་པ་དང༌། །ཐམས་ཅད་མཁྱེན་དང་གསུང་དབང་ཕྱུག །རྨད་དུ་བྱུང་དང་བརྩོན་འགྲུས་འཛིན། །སྣ་ཚོགས་བདག་ཉིད་ཕྱག་འཚལ་ལོ། །སྤང་འབྱུང་རྣམ་པར་དག་པ་དང༌། །དད་དང་ཡེ་ཤེས་ཕུན་ཚོགས་པའི། །གང་གིས་དྲིན་གྱིས་རྙེད་སླ་བའི། །དབྱངས་ཀྱི་རྗེས་འཇུག་བདག་ཉིད་ཀྱི། །དེ་ཡི་རྒྱུ་ལ་ཕྱག་འཚལ་ལོ། །ཕྱག་བརྙན་བཞིན་དུ་དངོས་གྲུབ་ནི། །གང་གི་དྲིན་གྱིས་རྙེད་སླ་བའི། །ཐུགས་རྗེས་ཁྱབ་པའི་བདག་ཉིད་ཀྱིས། །བླ་མའི་ཞབས་དག་རྒྱལ་གྱུར་ཅིག །སྲིད་པའི་བཅིངས་པས་ཁྱབ་པ་ཡི། །འཁོར་བའི་འཁོར་ལོ་རྣམ་འཇོམས་པའི། །གང་དེ་འཇམ་དཔལ་དཀྱིལ་འཁོར་ནི། །ཡང་དག་ལྟ་བས་འཇུག་པ་བཤད། །དེ་ལ་རྣལ་འབྱོར་ཚངས་གནས་ལ། །གནས་དང་གསུམ་ལ་སྐྱབས་གནས་དང༌། །སེམས་བསྐྱེད་པ་ཡི་སྟོབས་ཀྱིས་ནི། །དང་གིས་སྡོམ་པ་ལ་གནས་དང༌། །རྨི་ལམ་ལྟ་བུར་རྟོགས་པ་ལས། །སེམས་གཉིས་དགེ་བ་མི་རྟོག་ནོར། །ཤིན་ཏུ་བདེ་བའང་རྟོགས་པ་དང༌། །ཐེ་ཚོམ་མེད་དང་ཆགས་མེད་དང༌། །དངོས་པོ་ལྔ་ལ་མཁས་པ་དང༌། །ཕ་རོལ་ཕྱིན་ཚོལ་མངོན་དགའ་བ། །དེ་ལས་གཞན་པའི་ངོ་བོ་ནི། །ཡོན་ཏན་ལྡན་པ་མཁས་པ་ཡིན། །ཡིད་ཆེས་པ་ཡི་ཁྱད་པར་གྱིས། །བྱང་ཆུབ་སེམས་ནི་ཕུལ་བྱུང་དང༌། །ཐབས་དང་ཤེས་རབ་གཉིས་མེད་དང༌། །མོས་པ་ཡང་དག་ལྡན་པ་དང༌། །ཇི་བཞིན་དབང་ནི་ཐོབ་པ་དང༌། །བླ་མ་སེམས་ཅན་བསྙེན་པ་དང༌། །


DTG066_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་སྣ་ཚོགས་སྤང་བའི་ཕྱིར། །གསུམ་པའི་བློ་ཡིས་སྐལ་བར་ལྡན། །དེ་ཉིད་རྣམ་བཅུ་རྟག་ཏུ་ནི། །ཡིད་ལ་བྱེད་པ་མངོན་གཞོལ་པ། །སྔགས་དང་རྒྱུད་དང་དེ་ཉིད་ཤེས། །སྒྲུབ་བྱེད་ཐུབ་པའི་དབང་པོར་བརྗོད། །དཀྱིལ་འཁོར་ལས་ལ་འཇུག་འདོད་པས། །འབད་པས་བསྙེན་པ་ལ་གནས་བྱ། །དང་པོར་བསྙེན་པ་མ་བྱས་པར། །ལྷ་རྣམས་བྱིན་གྱིས་རློབ་མི་འགྱུར། །ཡིད་དང་མཐུན་པའི་གནས་རྣམས་སུ། །སྙིང་གའི་པདྨའི་ཟླ་བ་ལ། །འོད་ཟེར་འབར་བའི་མཾ་ཡིག་དགོད། །རང་སེམས་དག་པའི་ནམ་མཁའ་ལ། །རྫོགས་སངས་སྲས་དང་བླ་མར་བཅས། །ཡང་དག་བལྟས་ལ་ཕྱག་འཚལ་དང༌། །དད་པ་རྒྱས་པའི་ཡིད་ཀྱིས་ཀྱང༌། །འཁོར་ལོ་མཆོད་པས་དང་པོར་མཆོད། །དེ་ལ་སྔགས་བརྗོད་སྔོན་སོང་བའི། །དང་པོའི་མགོན་ལ་ཕྱག་བཞི་བྱ། །ཆུ་གཙང་བྱའི་རྣམ་པ་དང༌། །སྣོད་རྒྱས་པ་ཡང་དབུལ་བར་བྱ། །མེ་ཏོག་དང་ནི་བདུག་པ་དང༌། །མར་མེ་དྲི་ཡིས་མཆོད་པར་བྱ། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །མེ་ཏོག་སྤོས་དང་མར་མེ་དྲི། །རྒྱན་གྱི་རང་བཞིན་མཆོད་པ་ནི། །རིན་ཆེན་བཞི་ནི་དབུལ་བར་བྱ། །བཞད་དང་སྒེག་དང་དགའ་བ་དང༌། །རྩེ་འཇོའི་བྱེ་བྲག་བདེ་བ་དང༌། །དཔག་བསམ་ཤིང་དང་གོས་ཀྱི་ཤིང༌། །ཤིང་དང་བཅས་པ་དེ་རྣམས་དབུལ། །སྤྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་དེ་བཞིན་དུ། །ཇི་ལྟར་རང་སྔགས་བཟླས་པ་དང༌། །ཕྱག་རྒྱ་ཡིས་ནི་དབུལ་བར་བྱ། ངན་པར་བྱས་པ་སུན་ཕྱུང་ནས། །དེ་རྣམས་མདུན་དུ་བཤགས་པར་བྱ། །གཡོ་མེད་པ་ཡི་སེམས་ཀྱིས་ཀྱང༌། །གཞན་གྱི་བསོད་ནམས་རྗེས་ཡི་རང༌། །དཀོན་མཆོག་གསུམ་ལ་བརྟེན་སྟོབས་ཀྱིས། །གནས་པ་གང་ལས་འཇིག་པ་འབྱུང༌། །དེ་ནས་རང་གཞན་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་བསྐྱེད་པ་དང་མཐུན་པར་ནི། །བློ་ལྡན་ལམ་ལ་གནས་པར་བགྱི། །དགེ་བ་རྒྱུན་མི་འཆད་པའི་ཕྱིར། །སྨོན་ལམ་དག་ཀྱང་གདོན་པར་བྱ། །སེམས་ཅན་ཀུན་ལ་བརྟེན་ནས་ནི། །ཚངས་པའི་གནས་ནི་


DTG066_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྒོམ། །རང་བཞིན་མེད་དང་དགེ་ལ་སོགས། །བྲལ་ཕྱིར་མཚན་མ་མེད་པ་དང༌། །ཡིད་མི་འཇུག་ཅེས་བྱ་བ་ཡིས། །ཤེས་རབ་ཏིང་འཛིན་གསུམ་ལ་འཇུག །ཇི་ལྟར་རང་སྔགས་བཟླས་པ་ཡི། །བྱིན་གྱིས་བརླབ་པའི་བྱ་བར་ལྡན། །མཐོང་བའི་ལམ་བྱིན་རྫོགས་སངས་ཀྱིས། །བུ་ལ་སོགས་པ་བ་སྟན་པ་ཡིན། །རྫོགས་སངས་རྒྱས་དག་གིས་བ་སྟན་པས། །ཕྱག་འཚལ་གསོལ་བ་འདེ་བས་པ་ནི། །སྐྱོབ་པ་ཇི་ལྟར་བདག་ལ་ནི། །བ་སྟན་པ་ཡང་དག་བཤད་དུ་གསོལ། །རང་བཞིན་སྒྲུབ་པ་བཟླས་པ་ཡི། །རང་གི་སེམས་ནི་བསྒོམ་པར་གྱིས། །སླར་གསོལ་ཟླ་བའི་གཟུགས་ལྟ་བུ། །མཐོང་ངོ་ཞེས་ནི་གསོལ་བ་དང༌། །སེམས་བསྐྱེད་ཅེས་ནི་བྱ་བྱ་བ་ཡི་།དང་པོར་ཕྱག་འཚལ་ལྡན་པ་དང༌། །དབུས་སུ་བྱང་ཆུབ་ཡང་དག་ལྡན། །སེམས་བསྐྱེད་པ་ནི་བརྟན་པ་ལས། །བདེ་བ་བསྐྱེད་པའི་རྗེས་ལ་ནི། །ཟླ་བའི་གཟུགས་ནི་མཐོང་ངོ་ཞེས། །གསོལ་བས་བརྟན་པར་གྱིས་ཤིག་ཅེས། །གསུངས་པ་དེ་ནི་བརྟན་པ་ཡིན། །ཨོཾ་ཛྙཱ་ན་རཥྨི་བི་སྲི་ཛ་ཧཱུཾ། རྣམ་པ་སྣ་ཚོགས་འོད་ཟེར་གྱིས། །སེམས་ཅན་བྱང་ཆུབ་ལ་བཀོད་ནས། །དེ་དག་གཅིག་པུར་གྱུར་པ་ལས། །རྡོ་རྗེ་རྟོགས་པར་མངོན་པར་འདོད། །ཨོཾ་ཏིཥྛ་བཛྲ། ཨོཾ་སྥ་ར་ཎ་བཛྲ། ཨོཾ་སཾ་ཧ་ར་ན་བཛྲ། ཨོཾ་ཛྙཱ་ན་བཛྲ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ། རྡོ་རྗེ་དབྱིངས་ཞེས་ཡང་དང་ཡང༌། །ཞེས་ནི་བདག་ཉིད་དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་ཏྨ་ཀོ྅ཧཾ། བརྩེར་ལྡན་འགྲོ་ལ་ཕན་པ་དག །གྱུར་ཕྱིར་བྱིན་གྱིས་བརླབ་ཏུ་གསོ། །ཞེས་ནི་གསོལ་བཏབ་སྐད་ཅིག་ལ། །དེ་དག་རབ་ཏུ་བཞུགས་ནས་ནི། །དེ་ཡི་བདག་ཉིད་རང་ཉིད་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཏ་ཐ་ཨ་ཧཾ། རྡོ་རྗེ་རིན་ཆེན་སོགས་མཉམ་ཉིད། །རྣམ་པ་ཀུན་དུ་འོད་གསལ་བ། །ཆོས་ཀྱི་རྒྱལ་པོ་དཔལ་འབྱུང་བའི། །དང་པོའི་སངས་རྒྱས་ཞེས་བསྟོད་དོ། །དེ་ནས་གཞན་དོན་བྱེད་པའི་ཕྱིར། །སླར་ཡང་འདི་ལྟར་བསྒོམ་པར་བྱ། །ཁྲོ་བོའི་གཟུགས་ནི་འཆང་བ་ཡིས། །སྙིང་གར་པདྨ་ཉི་ཧཱུཾ་ལས། །ཁྲོ་བོ་བཅུ་པོ་བགེགས་ཀྱི་གཙོ། །ལུས་ངག་


DTG066_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསུམ་ཕུར་བུས་གདབ། །ཕྱི་རོལ་རྡོ་རྗེ་རབ་དང༌། །དྲ་བ་ལ་སོགས་རྣམ་བསྒོམས་ནས། །ཡི་གེ་ཧཱུཾ་གཉིས་དབུས་གནས་པའི། །འོག་ཏུ་ཡཾ་བཾ་རཾ་དག་ལས། །རླུང་ཆུ་མེ་ཡི་དཀྱིལ་འཁོར་རྣམས། །དེ་ཉིད་རིགས་པས་དེ་ལྟར་བྱ། མཁའ་ལ་བྲུཾ་ཡིག་ལས་བྱུང་བ། །རྟག་པའི་ཡན་ལག་ལས་བྱུང་བའི། །བདུད་རྩིའི་རྒྱུན་ནི་ཡོངས་གང་བས། །སྣོད་ནི་དེ་ཡི་བདག་ཉིད་འགྱུར། །ཧཱུཾ་ཡིག་གཉིས་སུ་བཾ་ལས་ནི། །སྐུ་ཡི་རྡོ་རྗེ་ཡང་དག་འབྱུང༌། །གནས་པ་མཁྲང་བར་གྱུར་པ་ལས། །གསེར་གྱི་དཀྱིལ་འཁོར་ཉིད་དུ་འགྱུར། །ཧཱུཾ་ཡིག་ངོས་གཉིས་ལྡན་པ་ཡི། །དབུས་སུ་སུཾ་ལས་ལྷུན་པོ་སྟེ། །དེ་རུ་བྲུཾ་ལས་བྱུང་བ་ཡི། །དཔལ་ལྡན་གཞལ་ཡས་ཁང་བརྩེགས་བསམ། །ཕྱི་དང་ནང་དུ་སྒོ་བཞི་དང༌། །གྲུ་བཞི་སྟེགས་བུར་ཡང་དག་ལྡན། །དྲ་བ་དྲ་ཕྱེད་ཕྲེང་བ་དང༌། །དྲིལ་བུ་མེ་ལོང་གིས་གསལ་བའོ། །ཀ་བ་བརྒྱང་དང་ལྡན་པ་དང༌། །ནམ་མཁའ་བླ་རེས་སྣང་བ་ཡིན། །འོག་གི་ས་གཞི་མཐོ་བ་དང༌། །ཡངས་པ་རྣམ་པར་མཛེས་པ་ཡིན། །དེ་དབུས་ཧྲཱིཿ་ལས་སྣ་ཚོགས་པའི། །ཆུ་སྐྱེས་ཉི་མར་སེང་གེའི་གདན། །དང་པོའི་དབྱངས་ལས་བྱུང་བ་ཡི། །རྒྱལ་བ་རྣམ་སྣང་སྐུ་མདོག་དཀར། །འཁོར་ལོ་དྲིལ་བུ་ཕྱག་ན་བསྣམས། །ཉི་མ་ལ་བཞུགས་བསྒོམ་པར་བྱ། །དེ་ཡང་སྙིང་གར་སྣ་ཚོགས་པའི། །པདྨ་ཉི་མ་དྷཱིཿ་ལས་བྱུང༌། །དང་པོའི་སངས་རྒྱས་མིག་སྨན་མདོག །ཞལ་ལྔ་ཕྱག་ནི་བརྒྱང་དང་ལྡན། །གཡས་བརྩམས་སེར་པོ་དམར་པོ་དང༌། །ལྗང་གུ་དཀར་པོ་པདྨའི་ཞལ། །ནམ་མཁའ་འདྲ་བའི་རལ་གྲི་དང༌། །ཤེས་རབ་པུ་སྟི་བཞི་བཞི་ནི། །གཡས་དང་གཡོན་གྱི་ཕྱག་རྣམས་ཀྱི། །སྒེག་དང་བཅས་པས་བསྣམས་པ་ཡིན། །ཨོཾ་སརྦ་དྷརྨཱ་སྸ་བྷཱ་བ། ནང་གི་མུ་ཁྱུད་དག་ལ་དགོད། །ཕྱི་རོལ་ཀ་ལ་སོགས་བཀོད་པ། །སྒེག་དང་མཛེས་པར་སྣང་བ་ཡིན། །སྙིང་གར་སྲིད་པའི་འཁོར་ལོ་ནི། །རྟེན་འབྲེལ་བཅུ་གཉིས་སྟོན་པའོ། །དེ་ཡི་ལྟེ་བའི་འཁོར་ལོ་ནི། །རྩིབས་བཅུ་པ་ཡིས་བརྒྱན་པ་ཡིན། །ཨོཾ་པྲ་ཛྙཱ་ལ་སོགས་པ་ཡི། །གཏི་མུག་སེལ་བར་བྱེད་པ་


DTG066_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ལྷག་མ་ཉེ་སྙིང་སྔགས་ཕྱེད་ཀྱིས། །ནང་གི་མུ་ཁྱུད་རྣམ་པར་བསྐོར། །མུ་ཁྱུད་ཨཱ་ལི་བཅུ་གཉིས་ཀྱིས། །འཁོར་ལོ་འདི་ཡང་རྣམ་པར་གསལ། །ཟླ་བ་གཞོན་ནུ་ལྟར་འཇམ་པ། །གཞོན་ནུ་སྒེག་པའི་ཆ་བྱད་ཅན། །སྣ་ཚོགས་ཀྱིས་ནི་རྩེ་བྲན་དང༌། །གདོང་ལྔ་ཟུར་ཕུང་ལྔ་དང་ལྡན། །དཔུང་རྒྱན་དོ་ཤལ་ཡན་ལག་མཛེས། །དཔེ་ལ་འཕྲོ་བ་ཡི་ཞབས་གདུབ་སྤྲས། །འཁོར་བའི་སྡུག་བསྔལ་གྱིས་གདུངས་པ། །ཤིན་ཏུ་དབུགས་འབྱིན་བྱེད་པ་ཡིན། །གང་ཞིག་ཤེས་རབ་ཡེ་ཤེས་སྐུ། །ཟླ་བའི་དཀྱིལ་འཁོར་གདན་ལ་བཞུགས། །དང་པོའི་དབྱངས་ལས་བྱུང་བ་ཡི། །དཔལ་ལྡན་འཇམ་དབྱངས་ཞེས་དྲན་བྱ། །སེང་གེའི་གདན་ལ་གསེར་གྱི་མདོག །ཕྱི་རོལ་ཤར་སོགས་ཕྱོགས་དགོད་པ། །ཉི་མར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རིན་ཆེན་ཅོད་པན་གྱིས་མཛེས་པ། །གཡས་ཀྱི་འོད་ཟེར་བཅས་འཁོར་ལོ། །གཡོན་པ་གདན་ལ་བརྟེན་པའོ། །རྡོ་རྗེ་སེམས་དཔའ་སོགས་མིང་ཅན། །འཁོར་ལོས་སྒྱུར་བ་བརྒྱང་ཤེས་བྱ། །དེ་ལ་རིག་པའི་ལྷ་མོ་བཞི། །དེ་ཡི་མཚམས་བཞིར་ཤེས་བྱ་སྟེ། །རྡོ་རྗེ་སེམས་མ་སྐུ་མདོག་སྔོ། །ཕྱག་གིས་པདྨ་རྡོར་དྲིལ་བསྣམས། །རིན་ཆེན་སེམས་མ་གསེར་གྱི་མདོག །རིན་ཆེན་དྲིལ་བུ་ཉེ་བར་མཛེས། །ཆོས་ཀྱི་སེམས་མ་གུར་གསུམ་མདོག །པདྨ་དྲིལ་བུས་མཚན་པ་ཡིན། །ལས་ཀྱི་སེམས་མ་ལྗང་གུ་སྟེ། །སྣ་ཚོགས་རྡོ་རྗེ་བསྣམས་མཛེས་དང༌། །འགྲོ་བ་སྡུད་པར་བྱེད་པ་ཡི། །གཡོན་པ་སྣང་བ་ཆེན་པོ་ཡིན། །ཤར་དུ་རྡོ་རྗེ་ཧཱུཾ་མཛད་ནི། །མདོག་ནག་རྣམ་རྒྱལ་ཕྱག་རྒྱ་དང༌། །རྡོ་རྗེ་དྲིལ་བུ་ཕྱག་རྒྱར་ལྡན། །འཇིགས་རུང་ས་བོན་ཧཱུཾ་ལས་བྱུང༌། །གླང་པོའི་གདན་ལ་གནས་པ་དང༌། །ཁྲོ་དང་སྒེག་པའི་ཉམས་དང་ལྡན། །ལྷོ་རུ་རྡོ་རྗེ་ཉི་མ་ནི། །ཏྲཱཾ་བྱུང་རྨད་བྱུང་རྟ་ཡི་གདན། །ཡིད་བཞིན་ནོར་བུས་མ་ལུས་པའི། །དབུལ་བ་སེལ་བར་བྱེད་པ་དང༌། །དྲིལ་བུའི་སྒྲ་ཡིས་སེམས་ཅན་ལ། །དཔལ་རྣམས་འགུགས་པར་བྱེད་པ་ཡིན། །པདྨ་གར་དབང་སྐུ་མདོག་དམར། །ནུབ་ཏུ་རྨ་བྱའི་གདན་ལ་བཞུགས། །ཆུ་སྐྱེས་དྲིལ་བུ་བསྣམས་


DTG066_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། །ཏཾ་གྱིས་བཾ་ལ་མངོན་ཕྱོགས་བྱེད། །བྱང་དུ་རྟ་མཆོག་སྐུ་མདོག་ལྗང༌། །ནམ་མཁའ་ལྡིང་གི་གདན་ལ་བཞུགས། །ཨ་བྱུང་སྣ་ཚོགས་རྡོ་རྗེ་དང༌། །དྲིལ་བུའི་སྒྲ་ཡིས་ཕྱོགས་ཀུན་ཁྱབ། །སཾ་གཾ་བཾ་མཾ་གྷཾ་ས་བོན་རྣམས། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿལྡན་པ་ལས། །གདན་འདི་དག་ནི་གོ་རིམས་བཞིན། །མཁས་པས་གྲངས་བཞིན་ཤེས་པར་བྱ། །ཟླ་བའི་གདན་གནས་འདི་རྣམས་ཀྱི། །དང་པོའི་སངས་རྒྱས་གོང་མ་བཞིན། །སྲིད་པའི་འཁོར་ལོ་ཚངས་པ་སྟེ། །སྔ་མ་ལས་ཁྱད་མེད་ཕྱིར་རོ། །ཞི་བའི་འཁོར་ལོ་རྩིབས་བརྒྱང་པ། །མི་བསྐྱོད་སོགས་རིགས་རིམ་བཞིན་དུ། །ཨོཾ་དུཿཁ་ཙྪེ་ད་ལ་སོགས་དགོད། །རིགས་ནི་ཇི་ལྟར་དེ་ན་གནས། །ན་མ་ཞེས་བྱ་རྩིབས་གཅིག་ལ། །མཁས་པས་ཀུན་ལ་ཤེས་པར་བྱ། །སྡུག་བསྔལ་གཅོད་པ་རྡོ་རྗེ་དང༌། །རིན་པོ་ཆེ་ནི་གསུང་དབང་ཕྱུག །རྡོ་རྗེ་རྣོན་པོ་པདྨ་དང༌། །ཡེ་ཤེས་སྐུ་ཅན་ཞེས་བྱ་བ། །སྣ་ཚོགས་རྡོ་རྗེ་གཡོན་པ་ལ། །གཡས་པ་རལ་གྲི་ཁྱད་པར་མེད། །ཀུན་ཀྱང་ཟླ་བའི་གདན་ལ་བཞུགས། །ཟླ་བ་ལྟར་འཇམ་ཆ་བྱད་ཅན། །དང་པོའི་དབྱངས་བྱུང་བཟླས་པ་ཡང༌། །སྙིང་པོ་ཉེ་སྙིང་རིམ་པ་བཞིན། །དེ་ལ་ལྔ་པོ་རིམ་བཞིན་དུ། །སྙིང་པོ་དང་ནི་ཉི་སྙིང་པོ། །ཨོཾ་པྲ་ཛྙཱ་ན་མཱུ་རྟ་ཡེ་ནཱ་མ། ཨོཾ་དུཿ་ཁ་ཙྪེ་ད་ཡ་ཏེ་ནཱ་མ། ཨོཾ་བཱ་གཱི་ཤྭ་ར་ཡ་ཏེ་ནཱ་མ། ཨོཾ་བཛྲ་ཏཱིཀྵ་ཡ་རེ་ནཱ་མ། ཨོཾ་ཛྙཱན་ཡ་ཡ་ཏེ་ནཱ་མ། ཉེ་བའི་སྙིང་པོ་ཐུན་མོང་སྟེ། །ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ། པྲ་ཀྲྀ་ཏ་པ་རི་ཤུདྡྷ། སརྦ་དྷརྨཱ་ཡ། དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏ་མུ་པཱ་རཱ་ཡེ་ཏི་ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་གྲྸྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱྀཿབྷ་ག་བཱན་ཛྙཱ་ན་མཱུ་རྟི་བཱ་གཱི་ཤྭ་ར་མ་ཧཱ་ཝ་ཙ་སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། འདི་རྣམས་ཀྱང་ནི་རིམ་བཞིན་དུ། །ཤར་ལ་སོགས་པར་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་སོགས་དབྱེ་བས། །བྱང་ཆུབ་སེམས་དཔའ་རྣམས་བཅུ་དྲུག །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །རྡོ་རྗེ་དྲིལ་བུ་བསྣམས་པར་འདོད། །རྡོ་རྗེ་རྒྱལ་པོ་གསེར་གྱི་མདོག །ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་བསྣམས། །


DTG066_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་པདྨ་རཱ་གའི་མདོག །མདའ་དང་གཞུ་ནི་བསྣམས་པ་ཡིན། །རྡོ་རྗེ་ལེགས་པ་སྐུ་མདོག་ལྗང༌། །ཕྱག་གཉིས་ལེགས་སོ་སྤྱིན་པའོ། །རིན་ཆེན་བཙོ་མ་གསེར་གྱི་མདོག །རིན་པོ་ཆེ་དང་དྲིལ་བུ་བསྣམས། །རྡོ་རྗེ་གཟི་བརྗིད་ཉི་མའི་མདོག། གཡས་པ་ཉི་མའི་གཟུགས་འཛིན་པ། །རྡོ་རྗེ་དཔལ་ནི་མ་རྒད་མདོག །གཡས་ན་རྒྱལ་མཚན་བསྣམས་པ་ཡིན། །བཞད་པ་ཀུནད་ཟླ་བའི་མདོག །གཡས་པ་སོ་ཡི་ཕྲེང་བ་བསྣམས། །འདི་གསུམ་པ་ཡི་གཡོན་པ་ནི། །སྐྱིལ་ཀྲུང་གདན་ལ་བརྟེན་ནས་སོ། །ཆོས་ནི་པདྨ་རཱ་གའི་མདོག །གཡོན་པ་པདྨ་དམར་པོ་བསྣམས། །གཡས་པས་རྣམ་པར་འབྱེད་པ་ཡིན། །དེ་ནི་རྒྱས་པར་བྱེད་པ་ཡིན། །རྣོན་པོ་བདུད་རྩི་འོད་ཟེར་མདོག །རལ་གྲི་དང་ནི་པུ་སྟི་བསྣམས། །རྒྱུ་དང་སྨྲ་བ་གཡས་པ་ན། །འཁོར་ལོ་དང་ནི་ལྕེ་བསྣམས་པ། །བདག་ཉིད་མཛེས་པ་གཡོན་པ་ཡི། །ཕྱག་གི་པདྨ་གདན་ལ་བརྟེན། །ལས་ནི་སྔོ་ལྗང་སྣ་ཚོགས་པའི། །རྡོ་རྗེ་དང་ནི་དྲིལ་བུ་བསྣམས། །བསྲུང་བ་གསེར་གྱི་མདོག་འདྲ་བ། །ཕྱག་གཉིས་གོ་ཆ་འབར་བའོ། །གནོད་སྤྱིན་མིག་སྨན་ནག་པོའི་མདོག །ཕྱག་གཉིས་མཆེ་བ་རྣམ་པར་མཛེས། །ཁུ་ཚུར་རྨད་བྱུང་མཛེས་པའི་མདོག །ཕན་ཚུན་ཁུ་ཚུར་རྡོ་རྗེ་འཛིན། །བདག་པོ་རྣམ་པ་བཞི་ཡི་ཕྱིར། །བཞི་བཞི་རུ་ནི་དྲན་པར་བྱ། །ལྷ་མོ་བཅུ་བཅུ་འདི་རྣམས་ཀྱི། །འཁོར་དུ་ཡང་དག་དྲན་པར་བྱ། །སྐྱིལ་ཀྲུང་ཕྱེད་མར་ལྡན་པ་ཡི། །རང་རང་བདག་པོའི་མདོག་བཞིན་ནོ། །སྤྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དེ་བཞིན་ཤེས་རབ་དང༌། །སྨོན་ལམ་ཡེ་ཤེས་ཞེས་བྱ་བ། །འབྲས་བུའི་གནས་ཀྱི་ཕ་རོལ་ཕྱིན། །རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །མདོག་དཀར་རྡོ་རྗེ་སེམས་དཔའ་ཡི། །འཁོར་དུ་དེ་དག་གནས་པ་ཡིན། །དེ་ཉིད་ལམ་གྱི་ངོ་བོར་ནི། །བདུད་ལ་ལྕགས་ཀྱུ་འདེ་བས་པ་གཞན། །སེར་པོ་རྡོ་རྗེ་རྒྱལ་པོ་ཡི། །འཁོར་དུ་དེ་དག་གནས་པ་ཡིན། །དེ་ཉིད་རྣམ་པར་དག་ངོ་བོར། །མདའ་དང་གཞུ་ཡིས་རྣམ་བརྒྱན་པ། །མདོག་དམར་རྡོ་རྗེ་ཆགས་པ་ནི། །


DTG066_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དཀྱིལ་འཁོར་ཡོངས་སུ་བསྐོར། །གཞན་དོན་ངོ་བོར་གནས་དེ་ཉིད། །ཕྱག་གཉིས་ལེགས་པ་སྤྱིན་པ་དང༌། །སྐུ་མདོག་ལྗང་ཁུའི་འཁོར་རྣམས་ཀྱིས། །རྡོ་རྗེ་ལེགས་པ་བསྐོར་བའོ། །རབ་ཏུ་དགའ་དང་དྲི་མ་མེད། །གསུམ་པ་དེ་བཞིན་འོད་བྱེད་དང༌། །འོད་འཕྲོ་སྤྱང་དཀའ་དེ་བཞིན་དུ། །མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །སྐུ་མདོག་སེར་པོ་འབྲས་བདག་གཉིད། །དར་དཔྱངས་བཅིང་བའི་ཚུལ་གནས་པ། །རྡོ་རྗེ་རིན་ཆེན་འཁོར་དུ་གནས། །དེ་ཉིད་ལམ་གྱི་གྲངས་ཀྱིས་ནི། །ཉི་མའི་མདོག་ཅན་ཉི་མ་བསྣམས། །རྡོ་རྗེ་ཉི་མ་ཉིད་བཞིན་དུ། །རྗེས་སུ་བྱེད་པར་གནས་པ་ཡིན། །སྡུག་བསྔལ་དང་ནི་ཀུན་འབྱུང་དང༌། །འགོག་དང་ལམ་དང་དེ་བཞིན་དུ། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །ཀུན་རྫོབ་ཤེས་དང་དེ་བཞིན་དུ། །དོན་དམ་དེ་བཞིན་མི་སྐྱེ་བ། །ཟད་པ་ཤེས་པའི་ཡེ་ཤེས་ནི། །རང་བཞིན་ཕུན་སུམ་ཚོགས་དགེ་བའི། །རིན་ཆེན་རྒྱལ་མཚན་བསྣམས་པ་དང༌། །མདོག་ལྗང་རྡོ་རྗེ་རྒྱལ་མཚན་གྱི། །ཕུན་སུམ་ཚོགས་པ་བསྒོམ་པར་བྱ། །གཞན་དོན་ཕུན་སུམ་བདག་ཉིད་ཀྱི། །དེ་བཞིན་ཟླ་པའི་འོད་ཟེར་མདོག །རྡོ་རྗེ་བཞད་པ་ལ་བརྟེན་པ། །སོ་ཡི་ཕྲེང་བས་རྣམ་པར་བརྒྱན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །བདེན་བརྟེན་འབྲེལ་ཐུབ་པ་ཡི། །གནས་དང་གནས་མིན་བདག་པོ་དང༌། །དུས་གསུམ་བདེན་པ་རྣམ་པ་བཞི། །འདུས་བྱས་འདུས་མ་བྱས་དགེ་བ། །རྡོ་རྗེ་ཆོས་ཀྱི་འཁོར་དུ་བསྒོམ། །དོན་དང་ཕྱག་གཡོན་པདྨ་ནི། །བསྣམས་ནས་གཡས་པས་འབྱེད་པར་མཛད། །གཅིག་དང་རྒྱུ་དང་ཟ་བ་དང༌། །བྱེད་པ་དང་ནི་དབང་སྒྱུར་དང༌། །བདག་པོའི་དོན་དང་བརྟག་པ་དང༌། །ཉོན་མོངས་པ་དང་དག་པའི་གནས། །རྣལ་འབྱོར་ཅན་དང་མ་གྲོལ་གྲོལ། །བདག་ཏུ་འཛིན་པ་སྐྱེ་བ་ཉིད། །དེ་དག་གཅོད་པའི་སྐུ་མདོག་གནག །ཕྱག་ན་པུ་སྟི་བསྣམས་པ་དང༌། །ཉོན་མོངས་གཅོད་པའི་རལ་གྲི་བསྣམས། །རྡོ་རྗེ་རྣོན་པོའི་འཁོར་དུ་བརྗོད། །དད་དང་བརྩོན་འགྲུས་དྲན་


DTG066_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན། །ཤེས་རབ་དེ་བཞིན་ཤ་ཡི་སྤྱན། །ལྷ་དང་ཤེས་རབ་ཆོས་དང་ནི། །སངས་རྒྱས་སྤྱན་དང་དབང་པོ་ཡི། །རྡོ་རྗེ་འཁོར་ལོ་སྐུ་མདོག་སེར། །ལྷ་མོ་འཁོར་ལོ་བསྣམས་པས་བསྐོར། །གནས་དང་གནས་མིན་རྣམ་སྨིན་དང༌། །མོས་པ་དང་ནི་སྣ་ཚོགས་ཁམས། །དབང་པོ་ཀུན་འགྲོའི་ལམ་དག་དང༌། །ཉོན་མོངས་རྣམ་པར་སྤྱང་བ་དང༌། །སྔོན་གནས་རྗེས་དྲན་སྐྱེ་འཆི་དང༌། །ཟག་པ་ཟད་པ་ཉིད་ཀྱང་དེ། །རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག །ཕྱག་གིས་ལྕེ་བསྣམས་འཁོར་གྱིས་བསྐོར། །ནམ་མཁའ་རྣམ་ཤེས་མཐའ་ཡས་དང༌། །དེ་ལས་གཞན་པའི་ཟིལ་གནོན་བརྒྱང༌། །རྡོ་རྗེ་ལས་ནི་སྐུ་མདོག་ལྗང༌། །སྣ་ཚོགས་རྡོར་དྲིལ་ཐོགས་པས་བསྐོར། །འབྱུང་བ་རྣམས་པ་བཞི་པོ་དང༌། །སྔོན་པོ་སེར་པོ་དཀར་དམར་དང༌། །ནམ་མཁའ་དེ་བཞིན་སེམས་དང་ནི། །ཟད་པར་རྣམ་དག་ལྡན་པ་ཡི། །བསྲུང་བ་སེར་པོ་གོ་ཆ་བསྣམས། །རྩ་བའི་མཚན་ཉིད་དེ་ཁོ་ན། །ཕྱིན་ཅི་མ་ལོག་མཚན་ཉིད་དང༌། །འབྲས་བུ་རྒྱུ་ཡི་ངེ་ཁོ་ན། །ཕྲ་བ་དང་ནི་རགས་པ་དང༌། །གྲགས་དང་རྣམ་པར་དག་ཡུལ་དང༌། །སྡུད་དང་དབྱེ་བའི་མཚན་ཉིད་དང༌། །མཁས་དེ་ཁོ་ན་རྣམ་བཅུ་ནི། །རྡོ་རྗེ་གནོད་སྤྱིན་སྐུ་མདོག་ནག །ཕྱག་གཉིས་མཆེ་བ་བསྣམས་པའོ། །ཚེ་དང་སེམས་དང་ཡོ་བྱད་དང༌། །ལས་དང་སྐྱེ་བ་མོས་པ་དང༌། །སྨོན་ལམ་དང་ནི་རྫུ་འཕྲུལ་དང༌། །ཡེ་ཤེས་ལ་ནི་དབང་བ་དང༌། །རྡོ་རྗེ་ཁུ་ཚུར་སྐུ་མདོག་དཀར། །ཕྱག་གཉིས་ཁུ་ཚུར་བསྣམས་པའོ། །སོ་སོའི་གཙོ་བོའི་སྔགས་ཀྱིས་བསྐྱེད། །རང་རང་སྔགས་ཀྱིས་མཆོད་པ་དང༌། །རྡོ་རྗེའི་སྐྱིལ་ཀྲུང་ཕྱེད་ཀྱིས་ནི། །འདི་དག་རིམ་བཞིན་གནས་པ་ཡིན། །འདི་ལྟར་བསྒོམས་པའི་རྣལ་འབྱོར་པ། །ཡོན་ཏན་ཕུན་སུམ་ཚོགས་པ་ནི། །ཇི་སྐད་གསུངས་པ་བཞིན་དུ་ཐོབ། །དངོས་གྲུབ་གཞན་ནི་སྨོས་ཅི་དགོས། །འདི་རྣམས་ཀྱི་ནི་གྲྭ་བཞི་རུ། །མཁས་པས་སྒེག་མོ་ལ་སོགས་བསྒོམ། །སྒེག་མོ་མདོག་དཀར་རྡོ་རྗེ་བསྣམས། །ཕྲེང་བ་མ་ནི་གསེར་གྱི་མདོག །རིན་ཆེན་ཕྲེང་བ་བསྣམས་པ་ཡིན། །གླུ་མ་སྐུ་མདོག་


DTG066_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ་སྟེ། །པི་ཝང་རྡིབ་པའི་མཆོག་ཡིན་ནོ། །གར་མ་རྡོ་རྗེ་ལྗང་གུ་ནི། །རྩེ་གཅིག་བསྣམས་ནས་གར་མཛད་དོ། །སྤོས་དང་མེ་ཏོག་མར་མེ་དྲི། །དེ་རྣམས་རྗེས་ལ་དྲན་པར་བགྱི། །སྤོས་ཁང་མེ་ཏོག་སྣོད་དང་ནི། །མར་མེ་ཡི་ནི་མཆོད་སྡོང་དང༌། །དྲི་ཡི་དུང་ཆོས་རིམ་བཞིན་ནོ། །འདི་རྣམས་ཁ་དོག་སྒེག་སོགས་བཞིན། །ལྕགས་ཀྱུ་དང་ནི་ཞགས་པ་དང༌། །ལྕགས་སྒྲོག་དྲིལ་བུ་ཞེས་གྲགས་པ། །དཀར་པོ་སེར་པོ་དམར་པོ་ལྗང༌། །ཤར་ལ་སོགས་པའི་སྒོ་ལ་བ་སྟན། །མིང་དང་མཐུན་པར་ཕྱག་མཚན་གནས། །ཕྱི་རོལ་བསྐལ་པ་བཟང་པོ་ནི། །ཤར་ལ་སོགས་པར་བསྒོམ་པར་བྱ། །རྣམ་པ་བཞི་ཡི་དབྱེ་བ་ཡི། །དེ་དག་བཅུ་དྲུག་ཡང་དག་དགོད། །རང་གི་བདག་པོའི་རྗེས་མཐུན་པར། །སྐུ་མདོག་ཕྱག་མཚན་མཛེས་པ་ཡིན། །ཡང་ན་གཞན་དུ་ཕྱག་མཚན་རྣམས། །རིམ་པ་བཞིན་དུ་བསམ་པར་བྱ། །དེ་ལ་མགོན་པོ་བྱམས་པ་ནི། །ཕྱག་ན་ཀླུ་ཤིང་བསྣམས་པ་ཡིན། །འཇམ་དཔལ་རལ་གྲི་པུ་སྟི་དང༌། །ཇི་ལྟར་རིམ་བཞིན་མཚན་པ་ཡིན། །སྤོས་ཀྱི་གླང་པོས་ཆུ་ཡི། །དྲི་ཡི་དུང་ཆོས་ཆར་འབེབས་པའི། །ཐོད་དང་བཅས་པའི་ཅོད་པན་ནི། །ཡེ་ཤེས་ཏོག་ནི་བསྒྲིངས་ནས་བསྣམས། །བཟང་སྐྱོད་བ་ནི་ནམ་མཁའ་མཛོད། །བསླང་ནས་མཚན་པར་བྱེད་པའོ། །བློ་གྲོས་རྒྱ་མཚོ་ཡིད་བཞིན་ནོར། །ཕྱག་གི་པདྨ་མཛེས་པ་ཡིན། །ད་བག་བསམ་ཤིང་དང་བུམ་པ་བཟང༌། །བློ་གྲོས་མི་ཟད་ཕྱག་གཡོན་ན། །པུ་སྟི་མཚན་པའི་པདྨ་ནི། །སྤོབས་པ་བརྩེགས་པ་དེ་བཞིན་དུ། །ཕྱག་ན་རལ་གྲི་བསྣམས་པ་ཡིན། །མཐུ་ཆེན་ཐོབ་པ་རལ་གྲི་བསྣམས། །ངན་སོང་ཀུན་འདྲེན་རྒྱལ་མཚན་ནོ། །མྱ་ངན་མུན་པ་ངེས་འཇོམས་ནི། །དཔལ་བེའུ་གཡུང་དྲུང་འཁྱིལ་པ་ནི། །དྲ་བ་ཅན་གྱི་འོད་རྣམས་སོ། །ཟླ་འོད་གཞོན་ནུ་ཞེས་བྱ་བ། །ཟླ་ཚེས་གཡེར་ཀ་རྒྱལ་མཚན་མཛེས། །འོད་དཔག་མེད་པ་པུ་སྟི་དང༌། །རལ་གྲི་རིན་ཆེན་མཛོད་འཛིན་པ། །ནམ་མཁའི་སྙིང་པོར་ཤེས་པར་བྱ། །སྣ་ཚོགས་རྡོ་རྗེ་རལ་གྲི་ནི། །བསྣམས་པ་སྒྲིབ་པ་རྣམ་པར་སེལ། །བྱང་


DTG066_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཞེས་འདོད་དོ། །འདི་རྣམས་ཕྱི་ཡི་སྒོ་སྐྱོང་དག །སྔར་ནི་ཇི་སྐད་སྨོས་པ་བཞིན། །དེ་ལྟར་བསྒོམས་པའི་རྗེས་ལ་ནི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །དེ་ཉིད་གསུམ་གྱི་ཡི་གེ་ཡི། །རྣལ་འབྱོར་རིག་པས་བྱིན་བརླབ་བྱ། །དེ་ལ་རིམ་པ་འདི་ཡིན་ཏེ། །སྤྱན་དྲང་སྔོན་འགྲོ་ཕྱག་འཚལ་ཏེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ད་བནད་ན་ཀ་རོ་མི། །ཨེ་མ་ཀུན་དུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །དེ་ནས་འཁོར་ལོའི་དབང་ཕྱུག་ལ། །དེ་བཞིན་གཤེགས་པ་ཀུན་ཞུགས་ནས། །བྱུང་ནས་རང་རང་རིགས་པ་ནི། །བྱིན་གྱིས་བརླབ་པ་མཛད་པ་ཡིན། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་ཐམས་ཅད་གཅིག་ཏུ་གྱུར། །དེ་ཉིད་གསུམ་གྱི་བྱིན་རླབས་དང༌། །འཁོར་ལོའི་བདག་ཉིད་དབང་བསྐུར་ནས། །རང་བཞིན་དག་པར་བསྒོམ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། །དེ་ལྟར་ཏིང་འཛིན་གསུམ་དང་ནི། །མཁས་པས་ཆོ་ག་བྱས་ནས་ནི། །དེ་ནས་རང་ལྷའི་རྣལ་འབྱོར་གྱིས། །མཆོད་པ་ཡང་དག་བརྩམ་པར་བྱ། །པདྨའི་ཕྱག་རྒྱ་ལྡན་གཡོ་བས། །ཨརྒྷའི་སྣོད་ནི་བཟང་བ་དང༌། །གཡས་པ་བ་དན་གསུམ་དང་ནི། །དེ་ཉིད་གསུམ་གྱིས་བསམ་པར་བྱ། །དེ་ནས་མཁས་པས་མེ་ཏོག་གསོལ། །དེ་ཡི་ཆུ་ཡིས་བསང་པར་བྱ། །ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། སོཾ་བཛྲ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤན་ན་ཏྭཱཏ་ཨོཾ་ཨཱཿཧཱུཾ། ཕྱག་འཚལ་རྡོ་རྗེ་ལྡན་པ་ཡི། །ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་དང༌། །སེ་གོལ་བརྡབས་ལ་དགུག་པ་དང༌། །ཕྱག་བྱས་ནས་ནི་ཨརྒྷ་དབུལ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཱཿ། ཞུས་ནས་ཡི་གེ་གསུམ་གྱིས་ནི། །བྱིན་གྱིས་བརླབས་ལ་དབང་བསྐུར་རོ། །དེ་ནས་སྔར་བཤད་རིམ་པ་ཡིས། །མཆོད་པ་རྣམས་


DTG066_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད་པ་དང༌། །དེ་ལས་གཞན་པའི་རིག་མ་ནི། །བཅུ་དྲུག་གིས་ནི་མཆོད་བསྟོད་བྱ། །དཀྱིལ་འཁོར་རྣམ་གསུམ་ཕྱག་མཚན་དང༌། །ཇི་སྲིད་ཐིག་ལེའི་རིམ་པ་དང༌། །སྣང་བ་ལ་སོགས་རིམ་པ་ཡིས། །སྤྲོས་པ་ཐམས་ཅད་ཞི་བ་དང༌། །སྟོང་ཉིད་སོགས་རིམ་ཐོབ་པ་ཡི། །རྣལ་འབྱོར་ལྷན་སྐྱེས་མཛེས་པ་ཡིན། །དེ་ལྟར་གོམས་པ་འཇུག་པ་རྣམས། །མི་ཤེས་ཆུ་བོ་མ་ལུས་པ། །བསྐམས་ཤིང་སེམས་ཀྱི་ཟླ་བ་ནི། །ཤར་བསྐལ་བ་བཟང་པོ་ཡིན། །སྤྲོ་དང་བསྡུ་བའི་རིམ་པ་ཡིས། །ཇི་སྲིད་སྒྲུབ་པ་མི་སྤྱོའི་བར། །དེ་ལྟར་ཡང་དང་ཡང་དུ་བྱ། །ལངས་ནས་སངས་རྒྱས་སྤྱན་དྲངས་ནས། །དེ་ནས་གཏོར་མ་སྤྱིན་པར་བྱ། །དེ་ལ་རྡོ་རྗེ་སེམས་དཔའ་ནི། །འཁོར་ལོས་སྒྱུར་བར་འདོད་པ་ལས། །ཨ་ལས་བྱུང་ཞིང་སྐུ་མདོག་དཀར། །རྡོ་རྗེ་དང་ནི་དྲིལ་བུ་བསྣམས། །ཐུགས་ཀར་དང་པོ་སངས་རྒྱས་ནི། །སྔར་ནི་ཇི་སྐད་བཤད་པ་བཞིན། །དེ་ལ་མྱ་ངན་འདས་འཁོར་ལོ། །ཨ་ར་ལ་སོགས་ཡི་གེར་ལྡན། །དེ་སྟེང་ཨ་ར་པ་ཙ་ན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །འདི་ཡི་ཉེ་བའི་སྙིང་པོ་ནི། །སྔར་ནི་བ་སྟན་ཟིན་གང་ཡིན་པའོ། །ཨོཾ་ཨ་རབ་ཙན་ཡ་ཏེ་ནཱ་མ། སྔགས་ཀུན་རིགས་ཀྱི་བདག་ཉིད་ཀྱི། །རྣམ་པར་སྣང་མཛད་ཆེན་པོ་ཡང༌། །ཞལ་བཞི་སྐུ་མདོག་དུད་འདྲ་ཞིང༌། །བསམ་གཏན་ཕྱག་རྒྱར་ལྡན་པའོ། །དང་པོའི་སངས་རྒྱས་ཐུགས་ཀ་རུ། །ཞི་བའི་འཁོར་ལོ་འདི་རྣམས་ཀྱང༌། །རྩིབས་དྲུག་པ་ལ་རིགས་དྲུག་གིས། །ཡོངས་སུ་བསྐོར་བར་ལྡན་པའོ། །དེ་ལ་གཉིས་མེད་འཇམ་པའི་དཔལ། །མདོག་དཀར་ཞལ་དྲུག་ཨ་ལས་བྱུང༌། །ཕྱག་གཉིས་རལ་གྲི་པུ་སྟི་བསྣམས། །གཉིས་ཀྱིས་ཨུཏྤལ་བསྣམས་པ་དང༌། །གཉིས་ནི་ཏིང་འཛིན་ཕྱག་རྒྱ་ནི། །ཡང་དག་སྣང་བ་སྣང་བ་ཆེ། །འདི་དག་སོ་སོའི་སྙིང་པོ་ནི། །སྒྲུབ་པའི་ཐབས་ལས་གསལ་བར་བ་སྟན། །བཤད་པའི་འཁོར་ལོ་བདག་ཉིད་ནི། །ལྷ་རྣམས་ཉི་ཤུར་མཉམ་པ་ལ། །གཅིག་གི་བདག་ཉིད་ཆེན་པོ་ནི། །བློ་ཆེན་རྣམས་ཀྱིས་མཆོད་པར་བྱ། །རྡོ་རྗེ་ཧཱུཾ་མཛད་གཙོ་བོ་ཡིས། །


DTG066_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བར་འདོད་པ་ལ། །འདི་རྣམས་རང་གི་ངོ་བོ་ནི། །ཁོ་བོས་སྔར་ནི་བ་སྟན་ཟིན་ཏོ། །འོན་ཀྱང་འདི་ཡི་ཁྱད་པར་ནི། །ད་ནི་རབ་ཏུ་བཤད་པར་བྱ། །མདའ་དང་གཞུ་ནི་འགེངས་པ་དང༌། །རྣམ་རྒྱལ་ཕྱག་རྒྱ་རྡོར་དྲིལ་དང༌། །རལ་གྲི་རྡོ་རྗེ་ཞགས་པ་དང༌། །ལྕགས་ཀྱུ་དང་ནི་ལྕགས་སྒྲོག་བསྣམས། །ལྷ་ཆེན་ཨུ་མ་མནན་པ་ནི། །རྡོ་རྗེ་ཧཱུཾ་མཛད་ཅེས་བརྗོད་དོ། །འདི་ཡི་རིན་ཆེན་ཧཱུཾ་མཛད་ནི། །ཕྱག་དྲུག་རྣམ་རྒྱལ་ཕྱག་རྒྱ་མེད། །ཞལ་དྲུག་ཞལ་ནི་རེ་རེ་ལ། །སྤྱན་ནི་གསུམ་གསུམ་ལྡན་པའོ། །འདི་ཡི་པདྨའི་ཧཱུཾ་མཛད་ནི། །མཆེ་གཙིགས་ཧ་ལ་ཧ་ལར་ལྡན། །འདི་ཡི་ལས་ཀྱི་ཧཱུཾ་མཛད་ནི། །རྣམ་རྒྱལ་རང་གི་ཕྱག་རྒྱར་ལྡན། །ལྕགས་ཀྱུ་ཞགས་པ་རལ་གྲི་དང༌། །གཏུན་ཤིང་ལྷག་མ་ཕྱག་ན་བསྣམས། །གང་ཡང་རྡོ་རྗེ་རིན་ཆེན་ནི། །འཁོར་ལོས་སྒྱུར་བར་འདོད་པ་ལ། །སེར་པོ་རིན་ཆེན་གྱིས་མཚན་པ། །ཀུན་ཀྱང་རིན་ཆེན་ཅོད་པན་ཅན། །དེ་ལ་རྣམ་སྣང་སྔར་བཤད་བཞིན། །དོན་ཀུན་གྲུབ་པ་མི་བསྐྱོད་པ། །རྡོ་རྗེ་བསྣམས་ནས་ས་གནོན་ནོ། །རིན་ཆེན་གཙུག་ཕུད་སྔ་མ་བཞིན། །རིན་ཆེན་པདྨ་སྐུ་མདོག་སེར། །པདྨའི་ཕྱག་རྒྱས་ལྡན་པ་དང༌། །ལཾ་ལས་བྱུང་བའི་ས་བོན་ནི། །དཀྱིལ་འཁོར་གྲུ་བཞི་པདྨ་ལ། །གཡས་པ་བཀོད་ནས་གཡོན་པ་ལ། །བསམ་གཏན་དང་པོའི་བར་དུ་གནོན། །རིན་ཆེན་དོན་ཡོད་དོན་ཡོད་དོ། །རྡོ་རྗེའི་ཚིག་ནི་ཐམས་ཅད་ལ། །རང་མིང་རིན་ཆེན་སྒྲ་དང་ནི། །ཡང་དག་ལྡན་པའི་སྐུ་ཡིན་ནོ། །རིན་ཆེན་རྡོ་རྗེའི་རྡོར་ཚིག་ལ། །ཁྲོ་གཉེར་ལྡན་པར་ཤེས་པར་བྱ། །གཡོན་པས་རྡོ་རྗེ་གནོན་པ་དང༌། །གཡས་པས་འདོད་པ་གནོན་པའོ། །རྡོ་རྗེ་རིན་ཆེན་ཉི་མ་འོད། །རིན་ཆེན་དཔལ་ནི་རྒྱལ་མཚན་བརྗོད། །གང་ཡང་པདྨ་གར་དབང་ཕྱུག །འཁོར་ལོས་སྒྱུར་བར་འདོད་པ་ལ། །རྡོ་རྗེའི་གནས་སུ་པདྨའི་ཚིག །ལྷ་གཞན་ཀུན་ལ་ཤེས་པར་བྱ། །དེ་བཞིན་གཤེགས་ལ་པདྨའི་ཚིག །སྔོན་སོང་རྣམ་པར་སྣང་མཛད་བརྗོད། །རིན་ཆེན་རིན་ཆེན་གཙུག་ཕུད་དང༌། །པདྨ་གར་གྱི་དབང་ལ་


DTG066_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡང། །ཏིང་འཛིན་སྒྲ་ཡི་སྔོན་དུ་ནི། །པདྨ་ཞེས་ནི་བརྗོད་པ་ཡིན། །པདྨ་ངེས་པའི་དབང་ཕྱུག་ནི། །པདྨའི་དོན་ཡོད་གྲུབ་པ་ཡིན། །གཞན་གྱི་ཁྱད་པར་འདི་དག་ཀྱང༌། །ནོར་བུས་བྱས་པའི་རིན་པོ་ཆེ། །ཉི་མ་ཉི་མའི་གཟུགས་འཛིན་པ། །དཔལ་ནི་ཟླ་བའི་དང་པ་ལས། །གནས་པ་ཀུ་མུ་ཏ་ལ་ནི། །ཟླ་བས་མཚན་པའི་གདུགས་བསྣམས་པའོ། །བཞད་པ་ལ་ནི་ཞལ་བཅུ་གཅིག །པདྨའི་སྒྲོལ་མ་བརྒྱ་བྱིན་མདོག །པདྨའི་འཁོར་ལོ་ཁྱབ་འཇུག་འདྲ། །སྨྲ་བ་ཚངས་པའི་རྗེས་སུ་བྱེད། །ལས་ནི་གཞོན་ནུ་ལྟ་བུ་སྟེ། །དེ་ལས་གཞན་པ་ཁྱད་པར་མེད། །རྟ་མཆོག་གསུམ་གྱི་བདག་ཉིད་དམ། །རྣམ་པ་ལྔའམ་རྣམ་པ་གཅིག །སྔོན་པོ་གསུམ་གྱི་བདག་ཉིད་ནི། །རལ་གྲི་མདའ་གཞུ་ཨུཏྤལ་བསྣམས། །འདི་ཡི་ལྷ་མོ་གཉིས་པོ་ནི། །གཡས་ན་སྣ་ཚོགས་རྡོ་རྗེ་བསྣམས། །དེ་ལ་གཙང་མ་སྐུ་མདོག་དཀར། །པདྨ་སྔོན་པོས་རྣམ་པར་མཛེས། །དག་མ་པདྨ་རཱ་གའི་མདོག །པདྨ་དམར་པོས་རྣམ་པར་མཛེས། །འདི་ཡི་ནང་གི་སྐྱེ་མཆེད་རྣམས། །ས་སྙིང་ལ་སོགས་བྱིན་གྱིས་རློབས། །ཕྱི་ཡི་སྐྱེ་མཆེད་རྣམས་ལ་ནི། །གཟུགས་རྡོ་རྗེ་སོགས་བྱིན་བརླབས་པའོ། །གཡོན་པས་འདོད་པའི་འཇིག་རྟེན་གནོན། །གཡས་པས་མནན་པ་བསམ་གཏན་ཡིན། །རྟ་སྐད་འཚེར་བ་ཕྱོགས་ཀྱི་ཞལ། །བསམ་གཏན་དང་པོའི་བར་དུ་རེག །ལྔ་ཡི་བདག་ཉིད་སྔ་མ་བཞིན། །ཡང་ན་འོད་དཔག་མེད་པ་བཞིན། །པུ་སྟི་དང་ནི་རལ་གྲི་དང༌། །མདའ་གཞུ་བསྣམས་པ་ཡིད་འཕྲོག་པའོ། །ཚངས་པ་བརྒྱ་བྱིན་ཁྱབ་འཇུག་ནི། །པ་བ་སངས་དང་སྐར་མ་འདི་གྲ། །ཞབས་ཀྱིས་པདྨ་བསྐོར་བ་ཡིས། །གྲོད་ཁྱེར་སུམ་རྩེག་པ་གནོན་པ། །འཕྲོག་པའི་ལྷ་མོ་རྣམས་ཀྱང་ནི། །འདི་དག་འཁྱུད་ནས་བཞུགས་པའོ། །རྟ་ཡི་གདོང་ཅན་ཐམས་ཅད་ཀྱང༌། །འཁོར་ཀུན་ཡོངས་སུ་ཤེས་པར་བྱ། །དེ་ལྟར་ཟླ་གཅིག་ཟླ་དྲུག་གམ། །ལོ་གཅིག་མཚན་མ་ཐོབ་པར་དུ། །དེ་སྲིད་བསྙེན་པ་བྱས་ནས་ནི། །དཀྱིལ་འཁོར་ལས་ལ་འཇུག་པར་བྱ། །གཙུག་ལག་ཁང་ལ་སོགས་པ་ཡི། །ཡིད་དུ་འོང་བའི་ས་


DTG066_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ། །ཚད་ལྡན་ཚ་སྒོ་མེད་པར་ནི། །དཀྱིལ་འཁོར་དམ་པ་བྲི་པར་བྱ། །རྒྱལ་པོས་ཁྲུ་ནི་བརྒྱ་ལྡན་བཅུ། །བློན་པོ་ཆེན་པོས་ཉི་ཤུ་ལྔ། །ཚོང་དཔོན་དེད་དཔོན་ཉི་ཤུའམ་ཕྱེད། །སྒྲུབ་པོས་བཅུ་གཉིས་སམ་དེའི་ཕྱེད། །དེར་ནི་མངོན་སྤྱོད་སྤྱིན་སྲེག་དང། །ཞི་བ་ཡི་ནི་སྤྱིན་སྲེག་དག །བྱས་ནས་ས་ནི་སྤྱང་བར་བྱ། །ཡོངས་སུ་གཟུང་བར་བྱ་བ་ཡིན། །དེར་ནི་དཀྱིལ་འཁོར་ཡོངས་སྤྲུལ་ནས། །གོང་དུ་ཇི་སྐད་བཤད་པ་བཞིན། །ཕྱག་འཚལ་ལ་སོགས་སྔོན་སོང་ནས། །མཆོད་པ་ཡོངས་སུ་རྒྱས་པར་བྱ། །དེ་ནས་སྒྲུབ་པའི་གྲོགས་མཆོག་གིས། །མཚན་བརྒྱ་རྩ་བརྒྱང་ཀྱིས་བསྟོད་ནས། །ས་ཡི་ལྷ་མོ་སྤྱན་དྲངས་ལ། །སྣ་ཚོགས་མཆོད་པས་མཆོད་ནས་ནི། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱའི་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །མིག་གཉིས་ཉི་ཟླ་རྐང་མཐིལ་ནི། །རྡོ་རྗེ་རྒྱ་གྲམ་བྱིན་བརླབས་ནས། །ཞལ་ནས་ཧཱུཾ་གི་སྒྲ་སྒྲོགས་ཤིང༌། །ཡོངས་སུ་བསྐྱོད་པའི་ཚུལ་གྱིས་ནི། །ཕྱོགས་རྣམས་རྡོ་རྗེའི་ས་གཞི་དང༌། །རྡོ་རྗེ་ར་བ་དྲ་བ་བསམ། །ལག་གཉིས་རྡོ་རྗེ་དྲིལ་ལྡན་དང༌། །གཡས་པ་རྡོ་རྗེ་བསྣུན་པ་ཡི། །ཚུལ་གྱིས་བགེགས་ལ་བཀའ་བསྒོ་དང༌། །ཕུར་བུས་བཏབ་པ་ལ་སོགས་བྱ། །དེ་ནས་དེ་ཉིད་དྲིས་བྱུགས་ལ། །ལྷ་ཡི་གནས་སུ་ཙནྡན་ལ། །སོགས་པའི་དྲི་ཡི་ཐིག་ལེ་དང༌། །མེ་ཏོག་སྣ་ཚོགས་དགྲམ་པར་བྱ། །དེ་རྗེས་ནམ་མཁའ་ལ་ངས་པ། །དཀྱིལ་འཁོར་ལྷ་རྣམས་བཀུག་ནས་ནི། །མཆོད་པ་ལྔ་དང་བརྒྱང་རྣམས་ཀྱང༌། །མཆོད་ནས་འདི་ལྟར་བརྗོད་པར་བྱ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་ནི། །སློབ་མ་རྣམས་ལ་བརྩེ་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་ངང་བ་མཛད་པར་རིགས། །


DTG066_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འཇིག་རྟེན་མགོན་བརྩེ་དང༌། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གསང་སྔགས་ལྷ་གཞན་གང་བཞུགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་དུ་ལྷ་ཡི་སྤྱན་མངའ་པ། །སེམས་ཅན་བ་སྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་པ་གྱི་པ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང༌། །འདི་ཞེས་བྱ་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་སུ་གསོལ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ནི་ལན་གསུམ་བརྗོད་པ་ཡིས། །ལྷ་རྣམས་ལྷག་པར་གནས་པའོ། །དེ་ནས་འོག་ནས་འཆད་པ་ཡི། །བུམ་པ་མཚན་ཉིད་ལྡན་པ་དང༌། །འབྲུ་ལ་སོགས་པ་ཐམས་ཅད་དང༌། །བཅས་པ་ལྷག་པར་གནས་པར་བྱ། །གཞན་ཡང་སྤྱིན་སྲེག་ཆོ་ག་དང༌། །གཏོར་མ་ཤིན་ཏུ་རྒྱ་ཆེན་པོ། །སློབ་མ་ལྷག་པར་གནས་པ་དང༌། །རིམ་པ་བཞིན་དུ་ཤེས་པར་བྱ། །དེ་ལ་ཁྲུས་བྱས་གཙང་མ་ཡི། །གོས་གོན་ནས་ནི་སློབ་མ་ཡིས། །ཐལ་མོ་མེ་ཏོག་བཅས་པ་དང༌། །ཕྱག་བྱས་ནས་ནི་འདི་སྐད་བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བ་སྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་འདི། །ཁྱོད་ལ་ཡང་དག་བ་སྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བཞུགས་པའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་


DTG066_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་པ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་ཆོ་གའི་ཡན་ལག་ཀུན། །བྱས་ལ་བྱིན་གྱིས་བརླབ་པ་དང༌། །མཆོད་ནས་ཨ་ཤྭཏྠ་སོགས་པའི། །སོ་ཤིང་ཀུ་ཤ་སྲུང་སྐུད་སྤྱིན། །རིག་སྔགས་ལྡན་པའི་སྲད་བུ་ནི། །ཚད་དང་ལྡན་པར་བཀལ་བ་དང༌། །ཕན་ཚུན་ལེགས་པར་བསྒྲིལ་བ་ཡིས། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །ཨོཾ་ཨ་ཉོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ་སྥ་ར་སྥ་ར་ཨ་ནུ་ག་ཏ། སརྦ་དྷརྨཱཿ་ཨ་དྱ་ནྟ་ཨ་ནུ་པྲ་བིཤྚ་སརྦ་དྷརྨཱ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཤར་ནུབ་བྱང་དང་ལྷོ་ཕྱོགས་དང༌། །མངོན་པར་བལྟས་ལ་ཚངས་ཐིག་གཉིས། །མེ་དང་གནོང་སྤྱིན་དབང་ལྡན་དང༌། །གཤིན་རྗེ་མངོན་པར་ཕྱོགས་པ་དང༌། །རླུང་དང་གཤིན་རྗེ་བདེན་བྲལ་དང༌། །གནོད་སྤྱིན་ཕྱོགས་སུ་ཁ་བལྟས་ལ། །ཤར་དང་ནུབ་ཏུ་ཐིག་གདབ་བོ། །མེ་དང་བདེན་བྲལ་སྲིན་པོ་དང༌། །དབང་པོ་རླུང་དང་དཔར་ལྡན་དང༌། །རླུང་གི་ཕྱོགས་སུ་ཁ་བལྟས་ལ། །གོ་རིམས་བཞིན་དུ་ལྷོ་བྱང་གི །ཐིག་གཉིས་ངེ་བཞིན་གདབ་པར་བྱ། །སློབ་དཔོན་སློབ་མ་བསྐོར་ཕྱོགས་སུ། །འགྲོ་ཞིང་མེ་དང་རླུང་མཚམས་དང༌། །བདེན་བྲལ་དབང་ལྡན་མཚམས་སུ་ནི། །གནས་ནས་ཐིག་གཉིས་གདབ་པར་བྱ། །གསར་པ་ལས་ནི་བཀལ་ནས་ཀྱང༌། །ཚད་དང་མཐུན་པར་མཛད་པ་ཡི། །ཐིག་ནི་མཁས་པས་ཅི་ནུས་ཀྱིས། །དཀྱིལ་འཁོར་གྱི་ནི་ཐིག་གདབ་བོ། །གྲུ་བཞིར་བྱ་ཞིང་སྒོ་བཞི་དང༌། །རྟ་བབས་བཞི་ཡིས་མཛེས་བྱས་ལ། །ཐིག་བཞི་དང་ནི་ལྡན་གྱུར་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང༌། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །དེ་ཡི་རིམ་པའི་ནང་


DTG066_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ལ། །འཁོར་ལོ་འདྲ་བའི་རྡོ་རྗེ་ཡི། །ཐིག་གིས་ཡོངས་སུ་བསྐོར་བྱ་ཞིང༌། །ཀ་བ་བརྒྱང་ཀྱིས་མཛེས་བྱས་ལ། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱང༌། །དེ་ལྟར་ལུང་དང་བླ་མ་ཡི། །གདམས་ངག་དག་ལ་བརྟེན་ནས་ནི། །ཆོ་ག་ཇི་ལྟ་བ་བཞིན་དུ། །དཀྱིལ་འཁོར་ཆེན་པོའི་ཐིག་གདབ་བོ། །ཨོཾ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་ནི་ལན་གསུམ་མངོན་བཟླས་པའི། །སྔགས་དང་ཕྱག་རྒྱ་བཅས་པ་དང༌། །བྱིན་གྱིས་བརླབས་ནས་ཚོན་རྩི་ནི། །ཆོ་ག་བཞིན་དུ་བྲི་བར་བྱ། །སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན་ནི་མ་རྒད་འདྲ། །དཀར་པོ་ནང་དུ་ཤེས་བྱ་སྟེ། །དེ་ནི་ཚོན་གྱི་རིམ་བ་བཤད། །ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོར་ནི་སེར་པོ་དང་ལྡན་པ། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་ལྗང་གུར་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཤེལ་ལྟར་དཀར་བ་བླ་ན་མེད། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང༌། །རབ་མཉམ་གཞག་པའི་སློབ་དཔོན་གྱིས། །ལྷ་རྣམས་རང་རང་གནས་སུ་ནི། །གཟུགས་དང་ཕྱག་རྒྱ་སོགས་པ་ཡི། །ཁ་དོག་དབྱིབས་ཀྱི་དཀྱིལ་འཁོར་གྱིས། །བྲིས་ནས་སྔོན་གསུངས་མཆོད་པ་རྣམས། །རྒྱ་ཆེན་པོ་ཡིས་མཆོད་བྱ་ཞིང༌། །གཞན་ཡང་ཞལ་ཟས་སྣ་ཚོགས་དང༌། །འདོད་ཡོན་ལྔ་དང་རིན་ཆེན་དང༌། །གོས་ཀྱི་བྱེ་བྲག་སྣ་ཚོགས་དང༌། །རྟ་དང་གླང་པོའི་ཚོགས་ཀྱིས་མཆོད། །མཚན་ཉིད་ལྡན་པའི་བུམ་པ་རྣམས། །མགྲིན་པར་རས་དཀྲིས་ཙུ་ཏ་ལ། །སོགས་པ་ལོ་མར་བཅས་པ་ཡི། །ཤིང་གི་ཁ་རྒྱན་རིན་ཆེན་དང༌། །འབྲུ་དང་སྨན་ལྔ་དྲི་ཞི་མ་པའི། །སྤོས་ཆུ་མེ་ཏོག་ལ་སོགས་པས། །རབ་ཏུ་བཀང་ནས་རང་རིགས་ཀྱི། །མཚན་མས་མཚན་ནས་བུམ་པ་ལ། །རང་རང་རིགས་ཀྱི་ལྷར་བསྐྱེད་ནས། །ཡེ་ཤེས་སེམས་དཔའ་གཞུག་པ་དང༌། །མཆོད་པ་ལ་སོགས་བྱིན་བརླབས་ནས། །ཆོ་ག་བཞིན་དུ་གནས་པར་བྱ། །འབྲས་


DTG066_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཆན་ནས་ཆན་སྣུམ་ཁུར་སོགས། །བཟའ་བཞིན་ཏུ་རྒྱ་ཆེན་པོ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །གཏོར་མ་ཤིན་ཏུ་རྒྱ་ཆེན་གཏང༌། །ལྷ་དང་ལྷ་མིན་གནོད་སྤྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་སྤྱར་ཁྱེད་རྣམས་ལ་ནི་གསོལ་འདེ་བས་ཀྱིས། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གནས་ནས་ཕན་གདགས་སླད་ནས་འདིར་སྤྱོན་ཞིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང༌། །རིན་ཆེན་གནས་ན་ལྷག་པར་གང་གནས་དང༌། །མཚོ་དང་རྫིང་དང་ལྟེང་ཀ་ཆུ་ངོགས་དང༌། །གཡའ་ཆུ་སིལ་མ་དག་ན་གང་གནས་དང༌། །གྲོང་དང་གྲོང་ཁྱེར་ཕྱུགས་ལྷས་སྟོང་པ་དང༌། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང༌། །གཙུག་ལག་ཁང་དང་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །ལམ་སྲང་བཞི་མདོ་དང་ནི་འདུན་ས་དང༌། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་གོ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང༌། །བསྟོད་དང་གཏོར་མ་མར་མེ་གུས་ཕུལ་བས། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་


DTG066_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བདག་།ཆུ་བདག་རླུང་བདག་ངོར་གྱི་བདག་པོ་དང༌། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་པོ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་པ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་ཀྱང༌། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བྱུང་པ་གཏོར་མར་བཅས། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཞི་དང་རྒྱས་དང་དབང་དང་ནི། །མངོན་སྤྱོད་ཀྱི་ནི་དབྱེ་བ་ཡིས། །ཐབ་ཁུང་མཆོད་རྫས་རྣལ་འབྱོར་དང༌། །འདུག་སྟངས་ཚུལ་བཞིན་ཤེས་པར་བྱ། །དེ་ལ་རེ་ཞིག་ཞི་བ་ནི། །ས་གཞི་དཀར་པོ་ཐབ་ཁུང་ནི། །ཟླུམ་པོའི་ཆུར་ནི་ཁྲུ་གང་དང༌། །ཟབས་སུ་ཁྲུ་ནི་ཕྱེད་ཀྱི་ཚད། །སོར་བཞི་དོར་ལ་དཔངས་སུ་ནི། །སོར་བཞི་སྟོད་ལ་སོར་བཞི་སྨད། །ཕྱི་རོལ་ཀུན་ནས་གྲུ་བཞི་པ། །ཆོ་ག་བཞིན་དུ་བྲི་བར་བྱ། །ཨུ་དུམ་ཝཱ་ར་པ་ལ་ཤ །ཨ་མྲ་པ་ལ་ག་ཤ་ཀང་སྨྲ་རྒྱ། །ཨ་ཤྭ་ཏྠ་ལ་སོགས་པ་ཡི། །ཡམ་ཤིང་སོར་ནི་བཅུ་གཉིས་དང༌། །ནས་ཞོའོ་མ་འབྲས་ཡོས་དང༌། །ཏིལ་དང་ངཱུར་བ་ཀུ་ཤ་སྔོ། །སཱ་ལུ་འབྲས་ཆན་མེ་ཏོག་དཀར། །སྤོས་དང་སྦྲང་རྩི་མར་ལ་སོགས། །སྲོག་ཆགས་མེད་པའི་མཆོད་སྤྱིན་ཤིང༌། །དགོན་པའི་ལྕི་བ་འོ་མ་ཤིང༌། །གོས་དཀར་གོན་ནས་སྙིང་རྗེའི་སེམས། །རྣལ་འབྱོར་པདྨའི་འདུག་སྟངས་སོ། །རང་གིས་བོན་ལས་བྱུང་བ། །ལས་དང་རྗེས་མཐུན་བྷ་བ་ཀ །རྡོ་རྗེ་རྩེ་གསུམ་ཕྲེང་བ་དང༌། །དབྱུག་པ་གུནྡྷེ་འཛིན་བསམས་ནས། །ཡེ་ཤེས་མེ་ལྷ་དགུག་པ་དང༌། །གཞུག་དང་བཅིང་དང་དབང་བྱས་ནས། །ཕྱག་རྒྱ་བཞིས་གདབ་དབང་བསྐུར་བ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་བྷ་སྨི་ཀུ་རུ་སརྦ། དེ་ནས་མཆོད་ཡོན་སྔོན་སོང་བའི། །ལས་དང་རྗེས་སུ་མཐུན་པ་ཡི། །མཆོད་པ་ལྔ་དང་སྒེག་མོ་སོགས། །གསང་བའི་མཆོད་པ་རྣམས་ཀྱིས་


DTG066_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །དེ་རྗེས་གསང་སྔགས་འདི་དག་གིས། །མར་གྱི་དགང་བླུགས་གསུམ་ཕུལ་ནས། །བགེགས་ནི་ཡོད་མེད་བརྟག་པར་བྱ། །ཨོཾ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་དུཥྚཱ་ན་ཧཱུཾ་ཕཊ། འབར་བའི་མེ་ལ་ཡམ་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིལ། །དེ་ནས་འབྲས་ཆན་ལ་སོགས་པའོ། །ཆོ་ག་འདི་ནི་མདོར་བསྡུ་བའོ། །དེ་ནས་མེ་ཡི་དབུས་ཉིད་དུ། །དཀྱིལ་འཁོར་ལྷ་རྣམས་དམིགས་པ་དང༌། །ཡེ་ཤེས་སེམས་དཔའ་བཅུག་ནས་ནི། །མཆོད་པ་ཡོངས་སུ་རྒྱས་པར་བྱ། །མེ་ལ་བསང་གཏོར་འཐོར་འཐུང་དང༌། །དགང་བླུགས་དང་ནི་མཆོད་པ་དག །བྱས་ནས་འདོད་པའི་དངོས་གྲུབ་ཕྱིར། །གསོལ་བ་བཏབ་ལ་གཤེགས་སུ་གསོལ། །དེ་ནས་དགེ་བསྙེན་དགེ་ཚུལ་དང༌། །དགེ་སློང་སྡོམ་པ་འཛིན་པ་ཡི། །སློབ་མ་དག་ལ་ཆོ་ག་བཞིན། །རིམ་བཞིན་གཞུག་ཅིང་དབང་བསྐུར་རོ། །སྟོང་གཡོགས་སྨད་གཡོགས་ལྡན་པ་དང༌། །ལག་ན་མེ་ཏོག་བཅས་པ་དང༌། །ཕྱག་འཚལ་གསོལ་བ་གདབ་པ་དང༌། །བཤགས་པ་ལ་སོགས་བྱས་ནས་ནི། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཆོག་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང༌། །དམ་ཚིག་སྔོམ་དང་གསང་བ་ཡི། །འཁོར་ལོ་


DTG066_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཞུག་པར་འཚལ། །གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱེད་འདོད་དམ། །འཚལ་ཞེས་བརྗོད་ལ་འདི་སྐད་ཅེས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྤྱིན་པ་རྣམ་བཞི་རབ་ཏུ་སྤྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །འདི་ནི་པདྨའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པ་བགྱི། །ལ་སོགས་ཚིག་ནི་བརྗོད་ནས་ནི། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། །རྡོ་རྗེ་ལྕགས་ཀྱུ་སོགས་སྔགས་ཀྱིས། །དགུག་གཞུག་བཅིང་དང་དབང་བྱས་ནས། །དེང་ཁྱོད་ཅེས་བྱ་ལ་སོགས་དང༌། །ནམ་མཁའི་སྙིང་པོ་བརྗོད་པར་བྱ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །


DTG066_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨུ་ད་ཀ་ཊ། དེ་ནས་ཡེ་ཤེས་དབབ་པ་དང༌། །མེ་ཏོག་དོར་དང་གདོང་གཡོགས་ནི། །བཀྲོལ་ནས་དཀྱིལ་འཁོར་བ་སྟན་པར་བྱ། །དེ་ནས་ཆུ་དང་ཅོད་པན་དང༌། །རྡོ་རྗེའི་བདག་པོ་མིང་དང་ནི། །བརྟུལ་ཞུགས་རྗེས་ངང་ལ་སོགས་པ། །ཆོ་ག་བཞིན་དུ་སྤྱིན་པར་བྱ། །དེ་ནས་སློབ་དཔོན་ལ་ནི་ཡོན། །རྗེས་སུ་མཐུན་པར་དབུལ་བྱས་ལ། །དཀྱིལ་འཁོར་ལྷ་ཡི་འཁོར་ལོ་རྣམས། །མ་ལུས་པར་ནི་གཤེགས་སུ་གསོལ། །ལུང་དང་བླ་མ་དམ་པ་རྣམས་ཀྱི་གདམས་ངག་རྗེས་འབྲངས་ནས། །རྒྱུད་རྣམས་ཀུན་གྱི་སྙིང་པོར་གྱུར་པ་འཇམ་དཔལ་མཚན་བརྗོད་ཀྱི། །དཀྱིལ་འཁོར་ཆོ་ག་ཚུལ་བཞིན་བྱས་ལས་བདག་གི་དགེ་བ་ནི། །ཐོབ་པ་གང་དེས་འགྲོ་ཀུན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞལ་མཐོང་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ། འཁོར་གྱི་ཆོ་ག །སློབ་དཔོན་སོ་མ་ཤྲཱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཧཱ་ཛྙཱ་ན་དང༌། ལོ་ཙཱ་བ་དེ་སློང་གཞོན་ནུ་འོད་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ། །


previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག། next