ལིའི་ཡུལ་ལུང་བསྟན་པ།
― DTG173_Page_0336 ―
[མ་དཔེ་གཟིགས་ན་འདིར་གནོན།]
༈ ལི་ཡུལ་ལུང་བསྟན་པ་བཞུགས་སོ། །ལིའི་ཡུལ་ལུང་བསྟན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལི་ཡུལ་བྱུང་ནས་ལིའི་རྒྱལ་པོ་རབས་དྲུག་ནི་འདས། རབས་བདུན་གྱི་རྒྱལ་པོ་བི་ཛ་ཡ་ཀཱིརྟི་ཞེས་བྱ་བའི་ཚེ་ན། སང་ཀ་ཡ་པྲ་ཧ་ཎ་ཡའི་གཙུག་ལག་ཁང་དང་ཉེ་བའི་ལུང་པ་ས་ཀ་ཡ་བྱི་རི་ཞེས་བྱ་བ་ན། སང་གྷ་བརྡྷ་ན་ཞེས་བྱ་བའི་དགྲ་བཅོམ་པ་ཞིག་བཞུགས་ཏེ། །དེའི་སློབ་མ་བན་དེ་ཞིག་འདུལ་བ་ལ་སློབ་བ་ལས་བན་དེས་ཙནྡྲ་གརྦྷ་དང༌། འདུལ་བའི་དར་མ་སངས་རྒྱས་ཀྱི་ལུང་མཐོང་ནས་དགྲ་བཅོམ་པ་ལ་ཞུས་པ། ལི་ཡུལ་དང༌། ཤུ་ལིག་དང༌། ཨན་སེ་འདི་གསུམ་ན་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ཀྱི་གཟུགས་བརྙན་དང༌། མཆོད་རྟེན་བཞུགས་པ་རྣམས་དུས་ཇི་ཙམ་ཞིག་ན་ནུབ། སུས་ནི་བཤིག །མཐར་ཇི་ལྟར་འཆི་བ་བཤད་ཅིང་ལུང་བསྟན་པར་གསོལ་པ་ལས། དགྲ་བཅོམ་པས་བཀའ་སྩལ་པ། འདི་ལྟ་བུའི་ཐེ་ཚོམ་ཞུས་པ་ནི་དགེའོ། །སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པའི་འོག་ཏུ་ཆོས་ཀྱི་གཟུགས་བརྙན་དང་རིང་བསྲེལ་ལོ་ཉིས་སྟོང་དུ་གནས་ནས་ནུབ་པར་འགྱུར་རོ། །ཡུལ་འདི་གསུམ་དུ་རྒྱ་དང༌། གདོང་དམར་དང༌། སོ་བྱི་དང༌། དྲུག་གུ་དང༌། ཧོར་ལ་སོགས་པ་དགྲ་ཕལ་ཆེར་གཡོས་ནས་རྩོད་ཅིང་འཁྲུག་པར་འོང་སྟེ། དེ་བས་ན་སངས་རྒྱས་ཀྱིས་ཆོས་ཉམས་ཤིང་མཆོད་རྟེན་ཡང་ཕལ་ཆེར་རེའུ་རུལ་དུ་འགྱུར་བ་བཤིག་ཅིང་ཞིག་སྟེ། དགེ་འདུན་གྱི་འཚོ་པའི་ཡོ་བྱད་ཀྱང་འཆད་པར་འོང་ངོ༌། །ཡུལ་འདི་གསུམ་ལ་ཡང་ཨན་སེ་དང༌། ཤུལ་གི་ནི་ཆོས་མི་བྱེད་བའི་དགྲ་མང་པོས་དཀྲུགས་ཏེ། ཕལ་ཆེར་ནི་བསྲེགས་བཤིག་སྟེ་སྟོངས་པར་འགྱུར་རོ། །གཙུག་ལག་ཁང་འདི་རྣམས་ཀྱི་བན་དེ་ཡང་ཕལ་ཆེར་ལི་ཡུལ་དུ་འོང་ངོ༌། །ལི་ཡུལ་གྱི་གཙུག་ལག་ཁང་
― DTG173_Page_0337 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་མཆོད་རྟེན་ལ་སོགས་པ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་བཞུགས་ཏེ། ཉིས་བརྒྱ་ལྔ་བཅུ་ནི་རབ་ཏུ་བྱུང་བའི་ཚུལ་དུ་བཞུགས། ཉིས་བརྒྱ་ལྔ་བཅུ་ནི་ཁྱིམ་པའི་ནང་དུ་སྐྱེ་བ་བླངས་ཏེ་བཞུགས། འགེའུ་ཏོ་ཤན་གྱི་གཙུག་ལག་ཁང་མི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་ལྔའི་ཞབས་ཀྱིས་བཅགས་ཤིང་རྒྱུན་མི་འཆད་པར་གནས་པའི་ཕོ་བྲང་དུ་འགྱུར་རོ། །འཕགས་པ་འདི་རྣམས་ཀྱི་ཆེ་བ་དང༌། ཐུགས་རྗེ་དང༌། བྱིན་གྱི་རླབས་ཀྱིས་ལི་ཡུལ་གྱི་མཆོད་རྟེན་དང༌། དམ་པའི་ཆོས་སྤྱོད་པ་དང༌། ཡང་ཡུལ་གཞན་ལས་རྒྱས་ཤིང་ཡུན་རིང་དུ་གནས་སོ། །རྒྱལ་པོ་ཕལ་པོ་ཆེ་ལི་ཡུལ་འདོད་པའི་ཕྱིར་རྩོད་ཅིང་འཐབས་ཏེ། གང་གིས་ཐོབ་པའི་རྒྱལ་པོ་དེ་ཡང་ལི་ཡུལ་གྱི་ཡོན་བདག་ཆེན་པོར་འགྱུར་ཏེ། མི་བཤིག་མི་འབྲི་བར་བྱེད་ཅིང་མཆོད་པར་འོང་ངོ༌། །དེའི་དུས་ན་གདོང་དམར་གྱི་རྒྱལ་པོ་ཞེས་བྱ་བ་དབང་ཐང་དང་མཐུ་སྐྱེས་ནས་ཡུལ་ཁམས་གཞན་མང་དུ་ཕྲོགས་བཟུང་ངོ༌། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་གཅིག་གདོང་དམར་གྱི་རྒྱལ་པོའི་སྐྱེ་བ་བླངས་ཏེ། བོད་ཁམས་སུ་དམ་པའི་ཆོས་འབྱུང་ངོ༌། །ཡུལ་ཁམས་གཞན་ནས་ཀྱང་ཆོས་ཀྱི་མཁན་པོ་དང༌། གསུང་རབ་མདོ་སྡེ་ལ་སོགས་པ་སྤྱན་དྲངས་སོ། །གདོང་དམར་གྱི་ཡུལ་དུ་གཙུག་ལག་ཁང་དང༌། མཆོད་རྟེན་མང་དུ་བརྩིགས། དགེ་འདུན་སྡེ་གཉིས་བཙུགས། རྒྱལ་པོ་དང་བློན་པོ་ལ་སོགས་པ་དཀོར་རིལ་གྱིས་དམ་པའི་ཆོས་ལ་སྤྱོད། རྒྱལ་པོ་གདོང་དམར་དེའི་ཚེ་ལི་ཡུལ་ཡང་རྒྱལ་པོ་དེའི་རིགས་སུ་དབང་བར་འགྱུར་རོ། །དམ་པའི་ཆོས་དང༌། མཆོད་རྟེན་ལ་སོགས་པའི་དཀོན་མཆོག་གསུམ་གྱི་མངའ་རིས་མི་འབྲི། རྒྱས་པར་བཙུགས་ཤིང་མཆོད་དོ། །རྒྱལ་པོ་གདོང་དམར་གྱི་རྒྱུད་རབས་བདུན་དུ་དམ་པའི་ཆོས་སྤྱོད་པར་འགྱུར་རོ། །རྒྱལ་པོ་འདིའི་རབས་བདུན་དུ་ཡུལ་ཁམས་གཞན་ན་དཀོན་མཆོག་གསུམ་གྱི་མཆོད་རྟེན་བཞུགས་པ་ལ་ངན་སེམས་དང་གནོད་པ་མི་བྱེད་དོ། །དེའི་དུས་ན་ལི་ཡུལ་གྱི་དགེ་འདུན་ཡང་ཙན་དྲ་གརྦྷའི་ལུང་བསྟན་པ་ལས་འབྱུང་བ་བཞིན་དུ་དད་པ་བྲི། ཆོས་ཁྲིམས་དང་མི་ལྡན། འཇིག་རྟེན་གྱི་ཁེ་དང་གྲགས་པ་ཚོལ། རྒྱལ་པོ་དང་བློན་པོའི་དཀུ་གཙང་གི་ནང་དུ་འཇུག་ཅིད་དམ་པའི་ཆོས་དམན་པར་བྱེད་པ་
― DTG173_Page_0338 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག་ཀྱང་མང་དུ་འབྱུང་སྟེ། དེའི་ཚེ་ཞང་བློན་དང༌། ཞང་བློན་གྱི་བུ་ཚ་ཡང་དད་པ་འབྲི་བར་འགྱུར་རོ། །དཀོན་མཆོག་གསུམ་གྱི་མངའ་རིས་ཀྱང་བན་དེས་སྤྱད་པས་ལི་ཡུལ་གྱི་མཆོད་རྟེན་དང༌། དམ་པའི་ཆོས་ལ་སོགས་པ་དཀོན་མཆོག་གསུམ་གྱི་མངའ་རིས་ཀྱང་མངོན་པས་འབྲིར་འོང་ངོ༌། །རྒྱལ་པོ་དང། བློན་པོ་ཡང་བན་དེ་དེ་ལ་མི་དགའོ། །དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་ཅིག་གདོང་དམར་གྱི་རྒྱལ་པོ་བྱས་པའི་རྒྱུད་རབས་བདུན་གྱི་ཐ་མ་ལ་རྒྱལ་པོ་དེའི་ཆུང་མ་རྒྱ་ཡུལ་ནས་རྒྱ་རྗེའི་བུ་མོ་ཀོང་ཅོ་བྱང་ཆུབ་སེམས་དཔའ་ཡིན་པ་ཞིག་འཁོར་དྲུག་བརྒྱ་དང་གདོང་དམར་གྱི་ཡུལ་དུ་འོངས་སོ། །ཀོང་ཅོ་དེ་འཕགས་པར་ཆོས་ལ་དད་དབང་ཐང་ཆེ་བས་གདོང་དམར་གྱི་རྒྱལ་པོ་ཡང་དད་པ་ཆེ་སྟེ། སྔོན་བས་ཀྱང་དམ་པའི་ཆོས་རྒྱས་པར་འགྱུར་རོ། །དེའི་དུས་ན་ལི་ཡུལ་གྱི་རྒྱལ་པོ་གཞོན་ཞིང་ཆོས་མི་སྤྱོད་པ་ཞིག་གིས་ལི་ཡུལ་གྱི་དགེ་སློང་རྣམས་ལ་བསྒོ་བ། ཡང་ན་ནི་སྐྱེ་བོར་བོ་པས་ཤིག །ཡང་ན་ནི་གར་དགའ་བར་དེངས་ཤིག་ཅེས་བསྐྲད་ནས་དགེ་འདུན་རིལ་གྱིས་ཙར་མ་ཞེས་བྱ་བའི་ལྷ་ཁང་དུ་འདུས་ནས་གྲོས་བྱེད་པའི་ཚེ། ལྷ་ཁང་གི་ནང་འཁོར་འདུས་པའི་དཀྱིལ་ནས་གསེར་གྱི་ཟན་དད་གསེར་གྱི་འཁུར་བ་ཆ་བདུན་བྱུང་ནས་དགེ་སློང་ལྔ་སྟོང་རྒྱལ་པོས་འཚོ་བ་བཅད་དེ། མི་འབྱོར་བའི་ཟླ་བ་གསུམ་དུ་འཚོ་བའི་ཟོང་དུ་འགྱུར། དེའི་ཚེ་དེའི་དུས་ན་ལ་ལ་ནི་སྐྱེ་པོར་བབས། མ་བབས་པ་གུང་དུ་འགྲོ་བ་རྣམས་ཀྱང་ཕ་མ་དང༌། གཉེན་འདུན་དང༌། ཡུལ་ས་དང་འབྲལ་བ་མི་དགའ་སྟེ། དུད་མོ་ཆེན་པོ་འབྱུང་ངོ༌། །དགེ་འདུན་ཕལ་མང་པོ་ལམ་དུ་ཞུགས་ཏེ། །སོང་བ་ལས་འབོང་ཞེས་བྱ་བའི་ལྷ་ཁང་དུ་ཕྱིན་པ་དང༌། དེ་ན་མཆོད་རྟེན་ཆེན་པོ་ཞིག་བཞུགས་པ་རླུང་གི་རྒྱལ་པོ་དད་པ་ཅན་གྱིས་དྲལ་ཏེ། ནང་ནས་གསེར་གྱི་ཕོར་པ་མུ་ཏིག་གིས་བཀང་བ་ཞིག་བྱུང་ནས་དགེ་འདུན་སྤྱི་ལ་ཕུལ་ལོ། །གཞན་ཡོན་བདག་དང་པ་ཅན་གྱིས་འཚོ་བའི་ཡོ་བྱད་སྣ་སྣ་ནས་ཕུལ་ལོ། །དེ་ནས་དགེ་འདུན་རྣམས་མདོ་ལི་མེ་སྐར་གྱི་ཡུལ་དུ་ཕྱིན་ཏེ། མུ་ཏིག་གིས་ཟླ་བ་ཕྱེད་ཀྱི་འཚོ་བའི་ཡོ་བྱད་སྦྱར་རོ། །མེ་སྐར་ནས་སོང་ཏེ། རྐོང་ཉ་ཞེས་བྱ་བའི་ལྷ་ཁང་ན་དགེ་འདུན་བཞུགས་པའི་ཚེ་བཻ་ཤྲ་མ་ཎ་དང༌། དཔལ་གྱི་ལྷ་མོ་མི་ཁྱོ་ཤུག་ཏུ་སྤྲུལ་ནས་ཡུལ་དེ་ན་འདུག་སྟེ།
― DTG173_Page_0339 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགེ་འདུན་ཐམས་ཅད་ལ་བདག་ཅག་བསོད་ནམས་བགྱིད་དོ་ཞེས་གསོལ་ནས། །ཟླ་བ་ཕྱེད་ཀྱི་བར་དུ་དགེ་འདུན་ལ་མཆོད་སྟོན་གསོལ་ནས་དཔལ་གྱི་ལྷ་མོས་ཕུ་རུང་གང་གི་གསེར་གྱི་དོང་རྩེ་དགེ་འདུན་སྤྱིར་ཕུལ་ཏེ། དགེ་འདུན་རིལ་གྱིས་གདོང་དམར་གྱི་ཡུལ་དུ་ཁ་བལྟས་ཏེ་སོང་བ་ལས། ཡུལ་ཕ་ཤན་གྱི་རོང་དུ་གཅན་པ་དང་ཕྲད་དེ་མ་བཀྱེའོ། །ལམ་གཞན་ཡོད་ན་སོང་ཞིག་ཅེས་ཟེར་ཏོ། །དེའི་ཚེ་བི་ཤྲ་མ་ཎ་གཡག་དཀར་པོ་རྒལ་བ་ཅན་སྣལ་ཆུ་ཡོད་པ་ཞིག་ཏུ་སྤྲུལ་པ་དགེ་འདུན་གྱིས་མཐོང་སྟེ། གཡག་རྒལ་ཅན་འདི་ནི་མིའི་ཕྱུགས་ཡིན་པས་འདི་གར་འགྲོ་བའི་ཕྱི་བཞིན་དུ་འདེང་ཞེས་ཟེར་རོ། །དེའི་ཚེ་གཡག་དེས་ཉེ་ལམ་དུ་དྲངས་ཏེ། །ཞག་བཞི་ལྔས་བན་དེ་རིལ་གྱིས་གདོང་དམར་གྱི་ཡུལ་ཚལ་བྱི་ཞེས་བྱ་བར་ཕྱིན་ཏོ། །དེའི་ཚེ་ཡུལ་དེའི་དབང་པོས་དགེ་འདུན་མང་པོ་ཞིག་སྟོད་ཕྱོགས་ནས་བྱོན་ཏོ་ཞེས་གདོང་དམར་གྱི་རྒྱལ་པོ་ལ་སྦྲན་ཏོ། །དེའི་ཚེ་རྒྱལ་པོའི་བཙུན་མོས་རྒྱལ་པོ་ལ་སྟོང་ཕྱོགས་ནས་དགེ་འདུན་ཡུལ་སྟོར་ཏེ་འཁྱམས་ནས་བྱོན་པ་སུན་མ་དང་ཡོ་བྱད་བདག་སྦྱོར་ན། གདོང་དམར་གྱི་ཡུལ་དུ་སྤྱན་དྲངས་བར་ཅི་གནང་ཞེས་གསོལ་ནས་གནང་སྟེ། དགེ་འདུན་རྣམས་བཞོན་པ་དང་འཚོ་བས་བསུ་ནས་གདོང་དམར་གྱི་ཡུལ་དུ་ཕྱིན་ཏོ། །དེ་ནས་གདོང་དམར་གྱི་རྒྱལ་པོ་དང༌། ཀོང་ཅོ་འཁོར་དང་བཅས་པས་མཆོད་རྟེན་ལ་ཕྱག་བྱས་ནས་དགེ་སློང་འདིའི་ནང་ན་སྡེ་སྣོད་གསུམ་ལ་མཁས་པའི་མཁན་པོ་རྣམས་མ་གཏོགས་པར་གཞན་འདི་ལྟར་མཁས་པ་བཞུགས་སམ་ཞེས་དྲིས་པ་དང༌། མཁན་པོ་ན་རེ་ཨན་སེ་དང༌། ཤུ་ལིག་དང༌། བྲུ་ཤ་དང༌། ཁ་ཆེ་ཞེས་བྱ་བའི་ཡུལ་ན་འདི་འདྲ་བར་མཁས་པའི་དགེ་འདུན་མང་དུ་ཡོད་དོ་ཞེས་སྨྲས་པ་དང༌། དེའི་མོད་ལ་འགུགས་པའི་ཕོ་ཉ་བཏང་སྟེ། དགེ་འདུན་རིལ་གྱིས་གདོང་དམར་གྱི་ཡུལ་དུ་སྤྱན་དྲངས་སོ། །དེའི་ཚེ་གདོང་དམར་གྱི་ཡུལ་དུ་གཙུག་ལག་ཁང་བདུན་བརྩིགས་སོ། །མཆོད་པའི་ཡོ་བྱད་དང༌། དཀོན་མཆོག་གསུམ་གྱི་མངའ་རིས་ཀྱང་སྔོན་བས་བསྐྱེད་ནས་དགེ་འདུན་རྣམས་ཀྱང་གཙུག་ལག་ཁང་བདུན་གྱི་ནང་དུ་སོ་སོར་བཞུགས་སོ། །དེའི་རྗེས་ལ་ལོ་གསུམ་མམ་བཞིན་ན་ཀོང་ཅོའི་སྙིང་གར་འབྲུམ་ཆེན་བྱུང་ནས་ན་བའི་ཚེ་ཀོང་ཆོས་རྒྱལ་པོ་ལ་གསོལ་པ། བདག་
― DTG173_Page_0340 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་ནད་འདི་ལས་མི་འཚོ་སྟེ། ང་འགུམ་ན་བདག་གི་བྲན་དང༌། ནོར་ཕྱུགས་རྣམས་དཀོན་མཆོག་གསུམ་ལ་མགུམ་པར་འབུལ་ལོ་ཞེས་གསོལ་ཏེ་ཕུལ་ལོ། །འཁོར་དྲུག་བརྒྱ་ཡང་དགེ་བསྙེན་གྱི་མཚན་མས་བཏབ་སྟེ་རབ་ཏུ་ཕྱུང་ངོ༌། །དེའི་རྗེས་ལ་ཀོང་ཅོ་འདས་སོ། །ཀོང་ཅོ་འདས་པའི་འོག་ཏུ་རྒྱལ་པོ་གདོང་དམར་གྱི་ཁམས་སུ་འབྲུམ་ནད་འབྱུང་སྟེ་བློན་པོ་དང༌། ཞང་བློན་གྱི་བུ་ཚ་ལ་སོགས་པ་མང་དུ་འཆིའོ། །དེའི་ཚེ་བློན་པོ་རྣམས་འདུས་ཏེ་རྒྱལ་པོ་ལ་གསོལ་པ། སྔོན་རྒྱལ་ཁམས་འདི་ན་འདི་འདྲ་བའི་འབྲུམ་ནད་མ་བྱུང་ན། ང་ལྟར་ལྟོ་བལ་གྱི་དགེ་སློང་འཁྱམས་པ་མང་པོ་འོངས་ནས་ཀོང་ཅོ་ཡང་འདས། བློན་པོ་དང་ཞང་བློན་ལས་ཀྱང་མང་དུ་གུམ་པས་བན་དེ་འདི་ཀུན་ཡང་རྒྱལ་ཁམས་སུ་མི་གཞག་པར་བསྐྲད་པའི་རིགས་ཞེས་གསོལ་བ་ལས་རྒྱལ་པོས་འདི་བསྐྲད་པའི་རིགས་སམ་མི་རིགས་ད་དུང་ཞིབ་ཏུ་དཔྱོད་ཅིག་ཅེས་བསྒོ་བ་ལས་བློན་པོ་རྣམས་བན་དེ་བསྐྲད་པར་ཁ་འདུས་ནས་རྒྱལ་པོ་ལ་གསོལ་ཏེ། རྒྱལ་ཁམས་སུ་བན་དེ་རིལ་གྱིས་མི་གནས་པར་གྲོས་ཆད་ནས་ཀུན་བསྐྲད་པ་ལས་གདོང་དམར་གྱི་དགེ་སློང་ཁྲོས་ཏེ། དགེ་སློང་འདི་རྣམས་བསྐྲད་ནས་བདག་ཅག་ཀྱང་འདི་ན་མི་འདུག་གོ་ཞེས་བྱས་པ་དང༌། བློན་པོ་རྣམས་ཁྲོས་ནས་ཁྱེད་རྣམས་ཀྱང་གང་དགའ་བར་དེངས་ཤིག་ཅེས་བསྒོའོ། །ཀོང་ཅོ་གདོང་དམར་གྱི་ཡུལ་དུ་འོངས་པའི་འོག་ཏུ་རྒྱལ་པོས་ཏེའུ་ཤིའི་ཆོས་བཟུང་ནས་རྒྱའི་དགེ་སློང་ཡང་རིལ་གྱིས་གདོང་དམར་གྱི་ཡུལ་དུ་འོངས་སོ། །དེའི་དུས་ན་རྒྱལ་ཁམས་དེའི་དགེ་སློང་གིས་གདོང་དམར་གྱི་ཁམས་ཀྱི་རིང་བསྲེལ་དང༌། གསུང་རབ་དང༌། མཆོད་པའི་ཡོ་བྱད་དཀོན་མཆོག་གི་མངའ་རིས་གཅིག་ཀྱང་མ་ལུས་པར་བཀལ་ནས་ནུབ་ཕྱོགས་སུ་ཁ་བལྟས་ཏེ། གན་དྷ་ར་ཆེན་པོའི་ཡུལ་དུ་འགྲོ་བར་ཆས་ཏེ་སོང་ངོ༌། །དེའི་ཚེ་རྒྱ་དང༌། གདོང་དམར་དང༌། རྒྱ་གར་དང༌། ལི་ལ་སོགས་པ་གངྒཱ་ཚུན་ཆད་ན་དམ་པའི་ཆོས་སྤྱོད་པ་ཡང་ནུབ་པར་འགྱུར་རོ། །གངྒཱའི་ཕ་རོལ་ན་ཀཽ་ཤཱམྦཱིའི་ཡུལ་དུ་ནི་ཟླ་བ་གསུམ་ཞིག་གནས་ཏེ་ནུབ་བོ། །གན་དྷ་རའི་ཡུལ་གྱི་འདབ་ན་ཀླུའི་རྒྱལ་པོ་ཨེ་ལ་པ་ཏྲའི་གནས་མཚོའི་འགྲམ་དུ་དགེ་འདུན་རྣམས་ཕྱིན་པ་དང༌། དཀོན་མཆོག་གསུམ་གྱི་བྱིན་གྱི་རླབས་ཀྱིས་མཚོ་
― DTG173_Page_0341 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་རྙོགས་ཤིང་འཁྲུགས་པར་གྱུར་ནས། ཀླུའི་རྒྱལ་པོས་ངའི་གནས་ཅི་སྟེ་རྙོགས་ཤིང་འཁྲུགས་སྙམ་སྟེ། འཕྲུལ་གྱི་མིག་གིས་བལྟས་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་རབ་དང༌། དམ་པའི་ཆོས་ནུབ་ཏུ་ཉེ་སྟེ། དགེ་འདུན་ཕལ་མོ་ཆེ་མཐོང་བའི་དུས་འདི་ཡིན་པར་ཤེས་ནས་རྒན་པོ་ཞིག་ཏུ་སྤྲུལ་ནས། མཚོའི་འགྲམ་དུ་བྱུང་ནས་དགེ་འདུན་ལ་ཕྱག་བྱས་ཏེ་དྲིས་པ། དགེ་འདུན་འདི་སྙེད་ཅིག་ག་ལ་བྱོན། གར་གཤེགས། དགེ་འདུན་གྱིས་སྨྲས་པ། བདག་ཅག་རྒྱལ་པོ་གདོང་དམར་གྱི་ཡུལ་ན་གནས་པ་ལས་ཡོན་བདག་དད་པ་བྲི། དཀོན་མཆོག་གི་རྟེན་བཤིག་པས་བདག་ཅག་གན་དྷ་ར་ཆེན་པོའི་ཡུལ་དུ་འགྲོའོ་ཞེས་སྨྲས་པ་དང༌། རྒན་པ་ན་རེ་དགེ་འདུན་འདི་སྙེད་ཅིག་ལ་འཚོ་བ་ཅི་མངའ། གན་དྷ་ར་ཆེན་པོའི་ཡུལ་དུ་མཚོ་ཆེན་པོ་འདི་བསྐོར་ནས་འགྲོན་ཞག་བཞི་བཅུའི་ལམ་ཡོད་དོ། །དགེ་འདུན་ལ་ཞག་ཉི་ཤུའི་འཚོ་བ་ལས་མེད་ན་ཕྱིན་ཏམ་ཞེས་སྨྲས་པ་དང༌། དགེ་འདུན་ཕལ་ཆེར་སྨྲེ་ཞིང་དུ་བ་ཀླུའི་རྒྱལ་པོས་མཐོང་སྟེ། ཀླུའི་རྒྱལ་པོ་མི་དགའ་ནས་གདུང་བ་སྐྱེས་ཏེ་དགེ་འདུན་ལ་སྨྲས་པ། ཐད་ཀ་འདི་ན་ཉེ་ལམ་སྦྲུལ་གྱི་ཟམ་པ་ཞིག་ཡོད་དེ། དེའི་སྟེང་དུ་འགྲོ་ནུས་ན་མྱུར་དུ་ཕྱིན་ཞེས་སྨྲས་ནས་རྒན་པོ་མི་སྣང་བར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་དེས་རི་གར་འཛེག་པའི་ལམ་ཞིག་སྣང་བར་བྱས། བདག་དངོས་སྤྲུལ་ཆེན་པོ་ཞིག་ཏུ་སྤྲུལ་ཏེ། མཚོའི་སྟེང་དུ་ཟམ་པར་བཅས་ནས་དགེ་འདུན་ཕལ་ཆེར་བསྒྲལ་ནས་སྔོན་སྡིག་པ་བྱས་པའི་ལས་ཀྱིས་ད་ལྟར་བྱོལ་སོང་གི་ལུས་ཐོབ་པ་འདི་ཡང་ཐར་རམ་སྙམ་བསམས་ཏེ། སྨོན་ལམ་བཏབ་ནས་སྦྲུལ་གྱི་ཟམ་པ་བཙུགས་སོ། །དེའི་ཚེ་ཉིན་ཞག་བཅོ་ལྔ་མི་ཕྱུགས་རྣམས་རྒལ་བ་ལས་མི་ཕྱུགས་ཁ་ཅིག་ནི་སྤྲུལ་གྱི་ཟམ་པ་ལས་ལྷུང་སྟེ་ཤིའོ། མི་ཕྱུགས་མང་པོ་རྒྱུ་བའི་ཚེ་སྤྲུལ་གྱི་རྒྱབ་ཀྱང་ལ་ལར་ནི་རྡོལ། ལ་ལར་ནི་རལ་ཏེ་རྣག་ཁྲག་གི་ཐིགས་པ་ཆར་བཞིན་དུ་ཟགས་པས་མཚོ་ཡང་ཁྲག་ཅན་དུ་བྱས་སོ། །དགེ་འདུན་མང་པོ་སྤྲུལ་གྱི་ཟམ་པ་རྒལ་བའི་མཇུག་ཀྱང་གདོང་དམར་གྱིས་བཅད་དོ། །དེའི་རྗེས་ལ་སྤྲུལ་མཚོར་ལྷུང་སྟེ། ཚེ་འདས་ནས་དགའ་ལྡན་གྱི་གནས་སུ་སྐྱེས་སོ། །མཚོ་ཡང་བསྐམས་སོ། །དེའི་དུས་ན་དགེ་འདུན་རྣམས་གན་དྷ་རའི་རྒྱལ་པོའི་ཡུལ་དུ་ལོ་གཉིས་ཀྱི་བར་དུ་འཚོ་བའི་ཡོ་
― DTG173_Page_0342 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱད་སྦྱར། སོ་སོར་ཅི་བདེར་གཞག་གོ །ལོ་གཉིས་ལོན་པ་དང་རྒྱལ་པོ་དེ་ཚེ་འདས་སོ། །རྒྱལ་པོ་ལ་བུ་གཉིས་ཡོད་པ་གཅིག་ནི་ལྷ་ཆོས་ལ་དད། གཅིག་ནི་མུ་སྟེགས་ཀྱི་ཆོས་སྤྱོད་པས་རྒྱལ་ཐབས་ལ་རྩོད་པར་གྱུར་ནས་ལྷ་ཆོས་སྤྱོད་པའི་ནོན་བན་དེས་བྱས་ཏེ། དེ་རྒྱལ་ནས་རྒྱལ་ཐབས་ཀྱང་དེས་གཟུར་ངོ། །རྒྱལ་པོ་དེའི་ཚེ་དགེ་འདུན་ཡང་སྔར་བས་དབང་ཐང་བསྐྱེད་དེ། ཡོ་བྱད་དང་བདེ་བར་ལྡན་པར་གྱུར་ནས་ལོ་ཕྱེད་ལོན་པ་དང༌། བན་དེ་གཅིག་གིས་རྒྱལ་པོ་བསད་ནས་རྒྱལ་སྲིད་པན་དེས་གཟུང་བས་གན་དྷ་རའི་རྒྱལ་འབངས་རིལ་ལོག་སྟེ། བན་དེ་རྒྱལ་པོ་བྱེད་པ་དེ་བསད་དོ། །བན་དེ་གཞན་རྣམས་ཀྱང་རྒྱལ་ཁམས་དེ་ན་མི་གནས་པར་རིལ་གྱིས་བསྐྲད་ནས་གན་དྷ་རའི་ཡུལ་དུ་ཡང་ཆོས་ནུབ་པོ། །དེ་ནས་དགེ་འདུན་རྣམས་ཀྱང་ཡུལ་ཁམས་གཞན་དུ་འཁྱམས་ཤིང་འདོང་ངོ༌། །དེའི་ཚེ་དེའི་དུས་ན་ནུབ་ཕྱོགས་ཀྱི་རྒྱལ་པོ་དང༌། བྱང་ཕྱོགས་ཀྱི་རྒྱལ་པོ་ཡན་པ་ལ་སོགས་པ་སྔར་བས་དབང་ཐང་བསྐྱེད་དེ། རྒྱལ་པོ་གསུམ་མཇལ་དུམ་བྱས་ནས་རྒྱལ་པོ་འདི་གསུམ་གྱིས་ནུབ་ཕྱོགས་དང༌། བྱང་ཕྱོགས་ཀྱི་ཡུལ་ཡང་བཟུང༌། རྒྱལ་པོ་དེ་གསུམ་གཅིག་ཅིང་ཡང་དམག་འབུམ་དང་ཆས་ཏེ། ཀཽ་ཤཱམྦཱིའི་ཡུལ་དུ་དྲངས་པས་ཀཽ་ཤཱམྦཱིའི་རྒྱལ་པོས་དམ་གསུམ་འབུམ་རྒྱལ་པོ་དང་བཅས་ཏེ་གཅིག་ཀྱང་མ་ལས་པར་བྱས་སོ། །དེ་ནས་ཀཽ་ཤཱམྦྷིའི་རྒྱལ་པོས་དམག་མང་པོ་བསད་པའི་སྡིག་སྦྱང་བའི་ཕྱིར་འཛམ་བུའི་གླིང་གི་དགེ་སློང་རིལ་སྤྱན་དྲངས་ནས་ཀཽ་ཤཱམྦཱིའི་ཡུལ་དུ་ཕྱིན་པའི་རྗེས། དགེ་འདུན་འཁྲུགས་ནས་གཅིག་གིས་གཅིག་བསད་དེ། འཛམ་བུའི་གླིང་གི་སྤྱིའི་ལྷ་ཆོས་ཀུན་དེར་ནུབ་པོ། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང༌། ས་ཡ་ཕྲག་དྲུག་ན་སངས་རྒྱས་བྱམས་པ་མི་མཇེད་ཀྱི་འཇིག་རྟེན་དུ་སེམས་ཅན་གྱི་དོན་ལ་གཤེགས་སོ། །ཙན་དྲ་གར་བྷའི་ལུང་བསྟན་པ་དང་མཐུན་ནོ། །འཕགས་པའི་མཆོད་རྟེན་གོམ་ས་ལ་གན་དྷ་དང༌། གླང་མགོ་རིའི་སྟེང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གཟུགས་ཆེན་པོ་བཞུགས་པའི་ཡོན་ཏན་མདོ་ཙམ་བཏུས་པའི་གཞུང་ལ་སངས་རྒྱས་ཤཱཀྱ་ཐུབ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་འགྲོ་བ་མང་པོའི་དོན་དུ་བླ་ན་མེད་པའི་སངས་
― DTG173_Page_0343 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱས་ཏེ་བཞུགས་པའི་ཕོ་བྲངས་སྤྱིར་ཉི་ཤུ་རྩ་གཅིག་བཞུགས་པ་ལ། ལི་ཡུལ་འདི་ཡང་དེ་བཞིན་གཤེགས་པའི་ཕོ་བྲང་ཉི་ཤུ་རྩ་གཅིག་པ་ལགས་ཏེ། བཞུགས་པའི་ཕོ་བྲང་གཞན་པས་ཡོན་ཏན་ལྷག་པར་ཆེ། ལི་ཡུལ་ནི་གནའ་མཚོར་མཆིས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པས་ཡུལ་དུ་འགྱུར་པར་ལུང་བསྟན་ཅིང་བྱིན་གྱིས་བརླབ་པའི་སླད་དུ་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། ལྷ་ཀླུ་སྡེ་བརྒྱད་ལ་སོགས་ཏེ་འཁོར་ཁྲི་ཕྲག་ཉི་ཤུ་དང༌། བྱ་རྒོད་ཕུང་པོའི་རིལ་བར་སྣང་ལས་ལྡིངས་ཏེ། ལི་ཡུལ་མཚོར་གྱུར་པར་གཤེགས་ནས་ད་ལྟར་ཆུ་བོ་ཤེལ་ཆབ་མགོ་མའི་འགྲམ་ན་ཆབ་ཀྱི་སྟེང་པདྨའི་གདན་ལ་བཞུགས་ཏེ། མཚོ་འདི་ཡུལ་དུ་འགྱུར་བར་ལུང་བསྟན་བྱིན་གྱིས་བརླབས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་འཁོར་ཉི་ཁྲི་དང༌། མགོན་པོ་སྲུང་མ་བརྒྱད་འཁོར་སུམ་ཁྲི་ལྔ་སྟོང་ལྔ་བརྒྱ་རྩ་བདུན་རྣམས་ལ་འཕགས་པའི་མཆོད་གནས་འདི་དང༌། ཡུལ་སྲུང་བར་བཀའ་ཞལ་གྱིས་གཏད་དེ། དམ་སྩལ་བའི་རྗེས་ལ། ཤཱ་རིའི་བུ་དང༌། རྣམ་ཐོས་ཀྱི་བུས་སྣག་གི་རི་དྲིལ་ཏེ་ཆབ་ཕོ་ནས་དོགས་དགའ་པ་དང༌། སངས་རྒྱས་སྔར་པདྨའི་གདན་ལ་བཞུགས་ཏེ། རི་གླང་རུའི་སྟེང་ད་ལྟར་ཤཱཀྱ་ཐུབ་པའི་སྐུ་གཟུགས་ཆེན་པོ་བཞུགས་པའི་སར་གདུགས་མཚན་བདུན་གྱི་བར་དུ་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་ཅིང་བཞུགས་ནས་སླར་རྒྱ་གར་གྱི་ཡུལ་ཡངས་པའི་གྲོང་ཁྱེར་དུ་གཤེགས་ཏེ། མྱ་ངན་ལས་འདས་ནས་དགུང་ལོ་བརྒྱ་ལོན་པ་དང༌། ལི་ཡུལ་ཡང་ཡུལ་དུ་གྱུར་ནས་སྔར་ཡང་སངས་རྒྱས་རྒྱ་མཚོའི་སྟེང་ན་པདྨོ་ལ་བཞུགས་པའི་ཐད་ཀར་ད་ལྟར་གོ་མ་ས་ལ་གནྡྷའི་མཆོད་རྟེན་བཞུགས་པའི་ནང་ན་ཤེལ་ལྗང་གུའི་ཕོ་བྲང་གི་སྟེང་གླང་མགོ་ཙནྡན་ལས་བགྱིས་པའི་མཆོད་རྟེན་གྱི་ནང་ན་གནས་པའི་སངས་རྒྱས་རབས་བཞིའི་རིང་བསྲེལ་བཞུགས་ཏེ། ལ་ལ་གནས་དེར་ཕྱིན་ཏེ་མཆོད་པ་གཅེས་སྤྲས་ཀྱི་མཆོད་དོ་ཅོག་ཐམས་ཅད་ལུང་བསྟན་ཅིང་ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ། གདུགས་ཚན་བདུན་གྱི་བར་དུ་བསྐོར་ཅིང་མཆོད་པ་བགྱིས་ན་མཚམས་མེད་པ་ལྔའི་སྡིག་པ་འབྱང་པར་འགྱུར་རོ་ཞེས་འབྱུང་ངོ༌། །དངར་ལྡན་གྱི་གྲོང་ཁྱེར་མཁར་དགེ་བ་ཅན་གྱི་ཤར་
― DTG173_Page_0344 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱོགས་ན་འཕགས་པའི་མཆོད་གནས་སངས་རྒྱས་ཀྱིས་ལུང་བསྟན་ཞིང་བྱིན་གྱིས་བརླབས་པའི་ཨདྷ་མའི་མཆོད་རྟེན་ལྕགས་ཐག་ཅན་བཞུགས་པ་ཡང་མགོན་པོ་སུམ་ཅུ་རྩ་གསུམ་གྱི་གནས་རྟེན། ལྷ་ཀླུ་སྡེ་བརྒྱད་ལ་སོགས་ཏེ་སྲུང་མ་རྣམས་དུས་བཞིའི་རབ་ལ་འདུ་བའི་འདུས་པ་ཆེན་པོ་སྟེ། དགེ་འདུན་སྡེ་གཉིས་དང༌། ཡུལ་གྱི་དཔོན་སྣ་རྣམས་ཀྱིས་གནའ་མཆོད་རྟེན་འདི་སྲིད་པ་ཚུན་ཆད་དེང་སང་གི་བར་དུ་དུས་བཞིའི་རབ་ལ་ནར་མར་མཆོད་པ་ཆེ་ཐང་དུ་བགྱིད། གཞུང་ལས་ཀྱང་ལི་ཡུལ་དུ་མི་ངས་དང་ཕྱི་དགྲ་ལ་སོགས་ཏེ་མ་ལེགས་པ་བྱུང་བའི་དུས་སུ་ཐེག་པ་ཆེན་པོའི་མདོ་སྡེ་འདུས་པ་ཆེན་པོ་དང༌། དམ་པའི་ཆོས་པདྨ་དཀར་པོའི་མདོ་སྡེ་བཀླགས་ན་གཡུལ་ཞི་བར་འགྱུར་ཞེས་འབྱུང་བས་གཞུང་ལ་བརྟེན་ཏེ་ལུགས་སུ་སྩལ་ནས་དེང་སང་གི་བར་དུ་དགུང་ལོ་གཅིག་བཞིན་དཔྱིད་དང༌། དབྱར་དང༌། སྟོན་འུ་ཐེན་གྱི་དགེ་འདུན་བཞུགས་སོ། །འཚལ་གྱི་དགུང་བདུན་གྱི་བར་གོང་དུ་སྨོས་པའི་མདོ་སྡེ་ལ་སོགས་པ་ཀློག་ཅིང་ཐུགས་དམ་བསྐུལ་བ་དང༌། བསྔོ་བཅོལ་རྒྱ་ཆེར་བགྱིད། མཆོད་རྟེན་ཆེན་པོ་བརྒྱད་ལ་ཡུལ་སེར་སྐྱའི་གྲོང་ཁྱེར་ལུམ་པའི་ཚལ་དུ་མཆོད་རྟེན་ཆེན་པོ་གཅིག །ཡུལ་མ་ག་དྷཱ་རྒྱལ་པོའི་ཁབ་ཆུ་བོ་ནཻ་ར་ཉྫ་ནའི་འགྲམ་རྡོ་རྗེའི་གདན་ལ་མངོན་པར་བྱང་ཆུབ་པའི་སར་མཆོད་རྟེན་ཆེན་པོ་གཅིག་ཡུལ་མ་ག་དྷཱར་རྒྱལ་པོའི་ཁབ་ཏུ་བདུད་ཀྱི་དམག་འབུམ་ཕྲག་བཅོ་བརྒྱད་བཏུལ་བའི་སར་མཆོད་རྟེན་ཆེན་པོ་གཅིག་སངས་རྒྱས་མངོན་པར་བྱང་ཆུབ་ནས་གདུགས་ཚན་བདུན་གྱི་བར་དུ་ཅང་མི་གསུང་བར་བཞུགས་པ་དང༌། ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པའི་སར་མཆོད་རྟེན་ཆེན་པོ་གཅིག །ཡུལ་ཀཱ་ཤི་བཱ་རཱ་ཎ་སཱིའི་གྲོང་ཁྱེར་གྱི་དྲུང་ན་རི་དགས་ཀྱི་ཚལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སར་མཆོད་རྟེན་ཆེན་པོ་གཅིག །ཡུལ་ཀོ་ས་ལ་མཉམ་དུ་ཡོད་པའི་གྲོང་ཁྱེར་དུ་མར་བདུད་སྡེ་དགུ་བཅུ་རྩ་དྲུག་ཕམ་པར་མཛད་ནས་ཆོ་འཕྲུལ་ཆེན་པོ་བསྟན་པའི་སར་མཆོད་རྟེན་ཆེན་པོ་གཅིག །ཡུལ་བ་སང་སང་ག་ཤའི་གྲོང་ཁྱེར་དུ་སངས་རྒྱས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ནས་གཤེགས་པའི་སར་མཆོད་རྟེན་ཆེན་པོ་གཅིག །གྱང་ཡུལ་རྩ་མཆོག་གི་གྲོང་ཁྱེར་ཤིང་སཱ་ལ་ཟུང་གི་འོག་ཏུ་མྱ་ངན་
― DTG173_Page_0345 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས་འདས་པའི་སར་མཆོད་རྟེན་ཆེན་པོ་གཅིག །རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་བརྒྱད་ལ་ར་མ་གྲ་མ་ཀའི་ཡུལ་དུ་མཆོད་རྟེན་ཆེན་པོ་གཅིག །པ་པའི་ཡུལ་དུ་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག །གྱད་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག །ཡངས་པའི་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག །ཙཉྩཱ་ཀལྤའི་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག །བཻཥྞཱུ་དྭཱི་པའི་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག །སེར་སྐྱའི་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག །རྒྱལ་པོའི་ཁ་བ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག་ལི་ཡུལ་གྱི་ལོ་རྒྱུས་དང༌། གཙུག་ལག་ཁང་དང༌། དགེ་འདུན་སྡེ་གཉིས་ཀྱི་གྲངས་ནི་གནའ་ཐོག་མ་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱུང་བའི་ཚེ་ལི་ཡུལ་ཡང་དེ་ཙམ་ན་ཡུལ་དུ་གྱུར་ཏེ། དེ་ན་གནས་པའི་མི་རྣམས་ཀྱང་ཆོས་བགྱིད། སླད་ཀྱི་སངས་རྒྱས་འོད་སྲུངས་ཀྱི་ཆོས་བསྟན་པ་གཞག་པ་ནུབ་པའི་ཚེ། ལི་ཡུལ་གྱི་ཆོས་ཀྱང་ཞིག་ནས་དྲང་སྲོང་ཁར་ཤྭ་དང༌། ཁ་རེའུ་སྟེང་ཞེས་བགྱི་བ་ལ་སོགས་པ་དྲང་སྲོང་མང་པོའི་ཡུལ་མི་རིང་བ་ཞིག་ཏུ་ལི་ཡུལ་ཕྱོགས་ཀྱི་རི་རྩ་དག་ན་གནས་ཏེ། དེས་ན་དགེ་བའི་བཤེས་གཉེན་བགྱིད་བགྱིད་པ་ལས་སླད་ཀྱི་དྲང་སྲོང་དེ་རྣམས་ལ་མི་ངན་ཁ་ཅིག་གིས་གཙེས་ནས་རྔན་ཅན་བགྱིས། བཀུར་སྟི་དང་རིམ་གྲོ་མ་བགྱིས་པས་དང་སྲོང་དེ་རྣམས་ཀྱང་མི་དགའ་ནས་ལི་ཡུལ་སྤངས་ཏེ། ནམ་མཁའ་ལ་ལྡིངས་ནས་ཡུལ་གཞན་དུ་མཆིས། དེ་ནས་ནི་ལི་ཡུལ་གྱི་མི་རྣམས་ཀྱང་ཆོས་ལ་མ་དད་དེ་ལྟ་བ་ལོགས་པར་གྱུར་ཏེ། ཀླུ་རྣམས་མི་དགའ་སྟེ་ཆབ་བྱུང་ནས་ལི་ཡུལ་ཡང་མཚོར་གྱུར་ཏོ། །ཡུན་རིང་མོ་ཞིག་ཏུ་མཚོར་མཆིས་མཆིས་པ་ལས་སླད་ཀྱི་ཡངས་སངས་རྒྱས་ཤཱཀྱ་ཐུབ་པ་རྒྱ་གར་ཡུལ་དུ་བྱུང་སྟེ། སེམས་ཅན་གྱི་དོན་མཛད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཕྲིན་ལས་སུ་མཛད་པ་རྣམས་མཛད་ནས་མྱ་ངན་ལས་འདའ་བར་བསྟན་པ་ཉེ་བ་ཞིག་གི་དུས་ན། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་ཟླ་བའི་སྙིང་པོ་གསུངས་པའི་ཚེ་ཡུལ་ཁམས་སོ་སོའི་མགོན་པོ་དང༌། ལྷ་ཀླུ་ལ་སོགས་པ་སྲུང་མ་རྣམས་ལ་གཏད་པའི་
― DTG173_Page_0346 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུས་ན་ལི་ཡུལ་ཡང་ལུང་བསྟན་ཏེ། རྣམ་ཐོས་ཀྱི་སྲས་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་སོགས་ཡང་དག་ཤེས་དང༌། རྒྱལ་པོ་མ་སྐྱེས་དགྲའི་བུ་མོ་དྲི་མ་མེད་པའི་འོད་དང༌། གཞོན་ནུ་རྡོ་རྗེ་སྡེ་དང༌། ལྷའི་བུ་མོ་བློ་རབ་བརྟེན་དང༌། ལྷ་མོ་འཕྲོག་མ་ལ་སོགས་པ་འཁོར་དང་བཅས་པ་ལ་གཏད་ནས་བཅོམ་ལྡན་འདས་ཉིད་ཀྱང་འཁོར་རྣམ་བཞི་འབུམ་ཕྲག་དུ་མ་དང་ནམ་མཁའ་ལ་ལྡིངས་ནས་ལི་ཡུལ་དུ་གཤེགས་ཏེ། ད་ལྟར་འགུམ་ཏིར་གྱི་མཆོད་རྟེན་ཆེན་པོ་བཞུགས་པའི་ཐད་ཀར་མཚོའི་སྟེང་དུ་ཏ་ལ་བདུན་སྲིད་ཙམ་གྱི་གནམ་འཕང་གི་ནམ་མཁའ་ལ་པདྨའི་གདན་ལ་བཞུགས་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སོ་སོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ལི་ཡུལ་བྱིན་གྱིས་བརླབས་པའི་སླད་དུ་བསྐུལ་བའི་འོད་ཟེར་ཕྱོགས་སུ་ཁྱབ་པར་བཏང༌། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ལི་ཡུལ་བྱིན་གྱིས་བརླབ་པའི་སླད་དུ་སངས་རྒྱས་ཀྱི་ཞིང་སོ་སོ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ལ་མཆོད་པ་བགྱིད་པའི་བྱང་ཆུབ་སེམས་དཔའི་འཁོར་དང་ཡུལ་འཁོར་བསྲུང་ཞིང་བྱིན་གྱིས་བརླབ་པའི་སྔགས་ཀྱི་སྙིང་པོ་དང༌། འོད་ཟེར་བཏང་ནས་དུས་གཅིག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱི་གཙུག་ཏུ་འདུས་པར་བྱིན་གྱིས་བརླབས་ནས་དགེའོ་ཞེས་བྱ་བའི་སྒྲ་ཆེན་པོ་བྱུང་ངོ༌། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་ལི་ཡུལ་མཚོར་གྱུར་པ་འོད་ཟེར་གྱིས་ཁྱབ་པར་མཛད་ནས་འོད་ཟེར་དེ་དག་ལས་ཆུའི་ཁར་པདྨ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་བྱུང༌། པདྨ་རེ་རེའི་ཁར་ཡང་མེ་མར་ཁ་རེ་རེ་བྱུང་དེ་ནས་འོད་ཟེར་དེ་དག་གཅིག་ཏུ་འདུས་ནས་ཆབ་ཀྱི་སྟེང་དུ་གཡས་ཕྱོགས་སུ་ལན་གསུམ་བསྐོར་ནས་ཆུའི་དཀྱིལ་དུ་ནུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པའི་ཤཱ་རིའི་བུ་དང༌། རྣམ་ཐོས་ཀྱི་སྲས་ལ་བཀའ་སྩལ་པ། ཁྱེད་ཀྱིས་མཾ་ས་བར་ན་བརྦ་ཏ་ཞེས་བྱ་བའི་རི་སྣག་གི་ཁ་དོག་འདྲ་བའི་མཚོ་འདི་དྲོལ་ཞིག་ཅེས་བཀའ་སྩལ་ནས། འཕགས་པ་ཤཱ་རིའི་བུའི་གསེག་ཤང་གི་རྩ་བ་དང༌། རྣམ་ཐོས་སྲས་ཀྱི་མདུང་རྩེས་མཚོ་དྲལ་ནས། བཅོམ་ལྡན་འདས་ཀྱང་གླང་མགོའི་རི་སྟེང་ན་སྐུ་གཟུགས་ཆེན་པོ་བཞུགས་པའི་གཡོན་ལོགས་ཀྱི་ལྷ་ཁང་གི་ནང་
― DTG173_Page_0347 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནད་ལྟར་མཆོད་རྟེན་ཆུང་དུ་ཞིག་བཞུགས་པའི་སར་སེམས་ཅན་གྱི་དོན་མཛད་པའི་སླད་དུ་གདུང་བདུན་དེ་ན་བཞུགས་སོ། །དེ་ནས་འཕགས་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅིའི་རྒྱུ། ཅིའི་རྐྱེན་གྱིས་འོད་ཟེར་དང༌། པདྨོ་དང༌། མེ་མར་འདི་དག་སྣང་བར་འགྱུར། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་ཟེར་འདི་རྣམས་གཅིག་ཏུ་འདུས་ནས་གཡས་ལོགས་སུ་ལན་གསུམ་བསྐོར་ཏེ་ཆབ་ཀྱི་དཀྱིལ་དུ་ནུབ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཤཱ་རིའི་བུས་གསེག་ཤང་གི་རྩ་བ་དང༌། རྣམ་ཐོས་སྲས་ཀྱི་མདུང་རྩེས་མཚོ་དྲལ་བས་ཕྱིས་འཚོ་བསྐམས་ནས་ང་མྱ་ངན་ལས་འདས་པའི་འོག་ཏུ་ཡུལ་ལི་ཡུལ་ཞེས་བྱ་བ་འདི་འབྱུང་སྟེ། འོད་ཟེར་ལན་གསུམ་འཁོར་བའི་སར་ནི་ཁོར་ཁོར་ཡུག་ཏུ་ཕྱིས་འུ་ཐེན་གྱིས་མཁར་ལྔ་ལྡན་གྱི་གྲོང་ཁྱེར་ཆེན་པོ་བརྩིག་པར་འགྱུར་རོ། །ཆུའི་དཀྱིལ་དུ་འོད་ཟེར་ནུབ་པའི་སར་ནི་ཡུལ་བྱིན་གྱིས་རློབ་ཅིང་སྲུང་བའི་རཱ་ཛ་གྲ་མའི་སངས་རྒྱས་ཀྱི་སྐུ་གཟུགས་ངས་ཙནྡན་གྱི་ནང་དུ་སྐུའི་གྲིབ་མ་ནུབ་པར་བྱིན་གྱིས་བརླབས་ཏེ་བྱས་པ་ཞིག་རྒྱ་གར་ཡུལ་ནས་ནམ་མཁའ་ལས་གཤེགས་ཏེ་བཞུགས་པར་འགྱུར་རོ། །ཆུའི་ནང་ན་པདྨོ་དང་མེ་མར་བྱུང་བའི་སར་ནི་ཕྱིས་ཐེག་པ་ཆེན་པོ་སྤྱོད་པའི་དགེ་སློང་ཕོ་མོ་གནས་པའི་གཙུག་ལག་ཁང་ཆེན་པོ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་རྒྱལ་པོ་ལ་སོགས་པ་ཡོན་བདག་དད་པ་ཅན་རྣམས་ཀྱིས་བརྩིགས་ནས་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱེད་པའི་བྱང་ཆུབ་སེམས་དཔའི་དགེ་སློང་ཕོ་མོའི་ཚུལ་དུག་ནས་པ་ཉིས་བརྒྱ་ལྔ་བཅུ་དང་ཁྱིམ་པ་སྐྱེ་བོའི་ཚུལ་དུ་གནས་པ་ཉིས་བརྒྱ་ལྔ་བཅུ་སྟེ་ལྔ་བརྒྱ་རྟག་ཏུ་ནགས་སོ། །གཞན་ཡང་ཕྱིར་མི་ལྡོག་པའི་ལ་ངས་པའི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་ལ་རྒྱས་པར་སྤྱོད་པ་ལ་ཕལ་ཆེར་གནས་ཏེ། འདི་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཁུད་པ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དང༌། རྣམ་ཐོས་ཀྱི་སྲས་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང༌། རིགས་ཀྱི་བུ་མོ་དྲི་མ་མེད་པའི་འོད་དང༌། གཞོན་ནུ་
― DTG173_Page_0348 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྡོ་རྗེ་ལམ་དྲལ་དང༌། ལྷ་ཀླུ་ལ་སོགས་པ་ལ་དུས་ཐམས་ཅད་དུ་སྲུངས་ཤིག་པར་དེ་བཞིན་གཤེགས་པས་གཏད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། བྱམས་པ་དང༌། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང༌། ནམ་མཁའི་སྙིང་པོ་དང༌། སའི་སྙིང་པོ་དང༌། ཀུན་དུ་བཟང་པོ་དང༌། མཐུ་ཆེན་དང༌། སྨན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང༌། རྣམ་ཐོས་ཀྱིས་རས་འཁོར་གནོད་སྦྱིན་སུམ་སྟོང་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་འཁོར་ཁྲི་ཕྲག་བཅུ་དང༌། ལྷ་གཞན་གྱིས་མི་ཐུབ་པའི་འཁོར་སྟོང་དང༌། ནམ་མཁའི་སྤྱན་འཁོར་བརྒྱད་སྟོང་དང། ལྷའི་བུ་གསེར་ཕྲེང་འཁོར་ལྔ་བརྒྱ་དང༌། ཀླུའི་རྒྱལ་པོ་གནས་དྲོས་པོ་འཁོར་སྟོང་དང༌། ལྷ་མོ་ལྕགས་ཀྱུ་ཅན་འཁོར་སྟོང་ཕྲག་བཅུ་དང༌། ལྷ་མོ་གནས་ལྡན་མ་འཁོར་ལྔ་སྟོང་དང༌། རིགས་ཀྱི་བུ་མོ་དྲི་མ་མེད་པའི་འོད་དང༌། གཞོན་ནུ་རྡོ་རྗེ་སྡེ་དང༌། ལྷའི་བུ་བློ་རབ་བརྟན་དང༌། ལྷ་མོ་འཕྲོག་མ་འཁོར་དང་བཅས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དམ་ཚིག་བཅས་ནས་ལི་ཡུལ་བསྲུང་བར་ཞལ་གྱིས་བཞེས་ཏེ། དེང་སང་གི་བར་དུ་ཡང་འཕགས་པ་བྱང་ཆུབ་སེམས་དཔའ་འདི་བརྒྱད་དང༌། རྣམ་ཐོས་ཀྱི་སྲས་ལ་སོགས་པའི་མགོན་པོ་དང༌། ལྷ་དང༌། ཀླུ་དང༌། ལྷ་མོ་རྣམས་ཐོག་མ་སངས་རྒྱས་གཽ་ཏོ་ཤན་དུ་གཤེགས་ཏེ་འཁོར་མང་པོས་བསྐོར་ནས་བཞུགས་པའི་ཚེ་བྱང་ཆུབ་སེམས་དཔའ་འདི་རྣམས་དང༌། མགོན་པོ་དང་ལྷ་ཀླུ་རྣམས་གལ་བཞུགས་བཞུགས་པའི་གནས་དང༌། དམ་ཚིག་བླངས་པའི་སར་ད་དུང་ཡང་ཡུལ་སྲུང་ཞིང་བྱིན་གྱིས་རློབ། མངོན་རྟགས་དང་མཚན་མ་དག་ཀྱང༌། འབྱུང། དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་དགུང་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་ལོན་པའི་འོག་ཏུ་རྒྱ་གར་གྱི་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཞེས་བགྱི་བ་ཞིག་གིས་སྔོན་སེམས་ཅན་མང་པོ་ཞིག་བཀུམ་པ་ལས་སླད་ཀྱི་འཕགས་པ་དགྲ་བཅོམ་པ་ཡ་ཤོ་ཞེས་བགྱི་བ་ཞིག་གིས་དགེ་བའི་བཤེས་གཉེན་བགྱིས་ནས། སྔར་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་མཐོལ་ཞིང་བཤགས། སླད་ཀྱིས་མི་བགྱི་བར་ཡང་ཡི་དམ་བཅས། འཛམ་བུའི་གླིང་ན་སངས་རྒྱས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་གཙུག་ལག་ཁང་དང༌། མཆོད་རྟེན་བཞུགས་པ་རྣམས་སུ་མཆོད་པ་བགྱིད་ཅིང༌། དོགས་
― DTG173_Page_0349 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱིན་ཅན་གཉེན་པོ་བྱིན་གྱིས་བརླབས་པ་མཆིས་སོ་འཚལ་དུ་གཙུག་ལག་ཁང་དང༌། མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བརྩིག་ཏུ་མཆིས་པ་ལས་མཚོ་བ་སྐམས་ནས་ལི་ཡུལ་ཡང་སྟོང་དུ་མཆིས་པའི་ཚེ། ད་ལྟར་འུ་ཐེན་གྱི་སྐུ་མཁར་མཆིས་བའི་དོག་སར་ཀུས་པོ་ཡིན་དུ་ཤུལ་ཕྱུང་ནས་དྲོ་དགོངས་ཤིག་བཏབ་པའི་ནུབ་མོ་རྒྱལ་པོའི་བཙུན་མོ་དམ་པ་ལས་ཁྱེའུ་མཚན་དང་ལྡན་པ་བཟང་པོ་ཞིག་བཙས་ནས། སྔོན་རྒྱལ་པོའི་བཙུན་མོས་དེ་ཀུན་དགའ་ར་བའི་སྐྱེད་མོས་ཚལ་དུ་མཆིས་པ་ལས། རྫིང་བུའི་ནང་དུ་ཁྲུས་བགྱིད་ཅིང་མཆིས་པའི་དུས་ན་རྣམ་ཐོས་སྲས་འཁོར་དང་བཅས་པ་ནམ་མཁའ་ལ་གཤེགས་པས་ཀྱང་གཟིགས། རྒྱལ་པོའི་བཙུན་མོས་ཀྱང་རྣམ་ཐོས་སྲས་ཀྱི་སྲས་བྱད་བཞིན་བཟང་པོ་མཐོང་བས་སེམས་ཀྱི་བུར་ཆགས་པས་ཀུས་པོ་ཡིན་དུ་བཙས་ནས། རྒྱལ་པོ་དྷརྨ་ཨ་ཤོ་ཀས་ལྟས་མཁན་རྣམས་བཀུག་སྟེ། བུ་འདིའི་ཚེ་རིང་ངམ་ཐུང༌། མཚན་མ་བཟང་ངན་དང༌། དབང་ཐད་ཅི་ཡོད་ཅེས་བརྟགས་ན། ལྟས་མཁན་རྣམས་ཀྱི་མཆིད་ནས་བུ་འདི་མཆན་མ་ཡང་བཟང༌། དབང་ཐང་ཡང་རབ་ཏུ་ཆེ་སྟེ། མི་ཐ་མལ་པ་མ་ལགས་པས་རྒྱལ་པོ་ཡབ་སྐུ་ཚེ་མ་འཕོས་བར་རྒྱལ་པོ་བགྱིད་པར་འགྱུར་ཞེས་བགྱིས་པ་དང༌། རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཕྲག་དོག་སྐྱེས་ཏེ་ཁྲོས་ནས། ཁོ་དེ་ལྟར་དབང་ཐང་ཆེ་ན་ཁོ་བདག་འཚོ་ཞིང་སྲིད་འཛིན་གྲང༌། འདི་ང་ལ་མི་དགོས་ཀྱིས་བོར་ཅིག་ཅེས་མཆིས་ནས། མས་ཀྱང་བུ་འདི་མི་བོར་དུ་ནི་རྒྱལ་པོ་ཁྲོ་ཞིང་དྲག་ཤུལ་ཆེ་བས་བུ་བཀུམ་དུ་དོགས་ནས་མས་བུ་དེ་བོར་བ་ལས་སླད་ཀྱིས་ས་ལས་ནུ་མ་བྱུང་ནས་དེ་འཚལ་བ་ལས་མ་གུམ་ནས་མིང་ཡང་ཕྱིས་ས་ནུར་བཏགས་སོ། །དེའི་རྗེས་ལ་རྒྱ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་བུ་སྟོང་དབང་བ་ཅིག་བྱུང་སྟེ། དེ་ལ་བུ་དགུ་བརྒྱ་དགུ་བཅུ་རྩ་དགུ་ནི་མཆིས་ན། སྟོང་དུ་བུ་གཅིག་གིས་མ་ཚང་བས་རྣམ་ཐོས་ཀྱི་སྲས་ལ་གསོལ་བ་བཏབ་སྟེ་བསླངས་པ་ལས་རྣམ་ཐོས་ཀྱི་སྲས་ཀྱིས་བལྟས་པ་ན་ཁྱེའུ་ས་ནུ་བསོད་ནམས་ཅན་པོར་བ་མཐོང་ནས་བླངས་ཏེ་རྒྱ་རྗེའི་བུ་སྐལ་དུ་སྩལ། དེ་ནས་རྒྱ་རྗེས་བུ་དེ་གསོས་ནས་སླད་ཀྱི་ཁྱེའུ་ཆེན་པོར་སྐྱེས་ནས་རྒྱའི་བུ་སྦུན་དར་བྱིས་པ་རྩེ་རྩེ་བ་ལས་འཐབས་ནས་ཁྱོད་རྒྱ་རྗེའི་བུ་མ་ཡིན་ནོ་ཞེས་བགྱིས་པ་དང༌། ཁྱེའུ་དེ་གློ་བ་མི་དགའ་ནས་མི་གཞན་དག་ལ་ཡང་ལོ་རྒྱུས་སྨྲས་ནས་ཡང་དེ་ལྟར་གྱུར་ནས་རྒྱ་རྗེ་ལ་བདག་ཐོག་མ་སྐྱེས་པའི་
― DTG173_Page_0350 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡུལ་ཚོལ། ས་ཚོལ་དུ་མཆི་བར་ཅི་གནང་ཞེས་གསོལ་བ་ལས། རྒྱ་རྗེའི་ཞལ་ནས་ཁྱོད་ངའི་བུ་ཡིན་ཏེ། ཡུལ་ས་ཡང་འདི་ཡིན་མི་དགའ་མ་བྱེད་ཅིག་ཅེས་ལན་དུ་མ་བསྒོ་བ་ལས་མ་ཉན་ནས་རྒྱ་རྗེས་རྒྱལ་བུ་ས་ནུ་རྒྱལ་པོའི་ཐབས་སྩལ་ཏེ། དམག་སྟོང་ཕྲག་བཅུ་དང་བསྒྲགས་ཏེ་ནུབ་ཕྱོགས་སུ་ཡུལ་ཚོལ། ས་ཚོལ་དུ་བཏང་བ་ལས་ལི་ཡུལ་གྱི་མེ་སྐར་དུ་ཕྱིན་ཏེ། དེ་ནས་མཆིས་པ་ལ་རྒྱ་གར་ཡུལ་ནས་ཀྱང་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་བློན་པོ་ཡ་ཤ་ཞེས་བགྱི་པ་ལ་དཀུ་དར་ནས། བློན་པོ་ཡ་ཤ་སྤད་སྤུན་རྗེ་ཁོལ་འཁོར་ཡན་ཆད་རྒྱལ་པོ་ལ་མི་དགའ་བ་བདུན་སྟོང་ཡུལ་ནས་བྱུང་སྟེ། ནུབ་ཕྱོགས་ཤར་ཕྱོགས་སུ་ཡུལ་ཚོལ་ས་ཚོལ་དུ་མཆིས་མཆིས་པ་ལས། འུ་ཐེན་གྱི་ཤེལ་ཆབ་གོང་མའི་ཡུལ་ཕྱོགས་སུ་མཆིས་པ་དང་རྒྱལ་བུ་ས་ནུའི་འཁོར་གྱི་ཚོང་པ་ཤེལ་བགྱི་བ་དང༌། ཟོང་བགྱི་བ་གཉིས་ལ་བ་སྦྲུམ་མ་ཐུན་མོང་བ་ཅིག་མཆིས་པ་ལས། །བ་བུ་ནད་ལངས་ནས་མེ་སྐར་ནས་ཞུགས་ངམས་ཐང་ཀར་བརྟོལ་ཏེ་ཏོ་ལར་བྲོས་པ་ལས། མི་དེ་གཉིས་ཀྱིས་རྗེས་བཞིན་དུ་བདས་པ་ལས་ཏོ་ལར་སླེབས་ཏེ། བ་བེའུ་འབྲངས་པ་ལས་ཡུལ་དེའི་མིང་ཡང་བེའུ་འབྲངས་པའི་ས་འབྲུ་སོ་ལོ་ཉ་ཞེས་བཏགས། ཏོ་ལའི་ཞུགས་དམས་ཀྱི་མིང་ཡང་ལི་སྐད་དུ་ཤེར་བཟང་ཞེས་བཏགས་ཏེ་དེ་ནས་མི་གཉིས་ཀྱིས་བལྟས་ནས། ཡུལ་ལྗོངས་སྟོང་པ་བཟང་པོ་ཞིག་གདའ་ནས་འདི་བདག་ཅག་གི་རྒྱལ་བུ་ས་ནུའི་ཡུལ་སར་རུང་ངོ་ཞེས་མཆིད་གྲོས་སུ་འཚལ་ནས་ཡུལ་ས་དེ་ལྟ་ཞིག་མཆིས་མཆིས་པ་དང༌། འུ་ཐེན་གྱི་ཤེལ་ཆབ་གོང་མར་མཆིས་པ་དང༌། བློན་པོ་ཡ་ཤའི་འཁོར་དང་མཇལ་ནས་ཁྱེད་སུའི་མི། ག་ལས་མཆིས་ཞེས་སྨྲས་པ་དང༌། མི་དེ་གཉིས་ཀྱིས་ཀྱང་རྒྱལ་བུ་ས་ནུའི་ལོ་རྒྱུས་ཞིབ་ཏུ་བཤད་པ་དང༌། ཡ་ཤས་ཀྱང་རྒྱལ་བུ་ས་ནུ་མེ་སྐར་ན་མཆིས་པའི་སྟེང་དུ་ཕོ་ཉས་འཕྲིན་པ་ལས་ཁྱོད་ནི་རྒྱལ་རིགས། བདག་ནི་བློན་པོའི་རིགས་ན། ཆུ་སྲིད་ཅིག་ཏུ་འཐམ་སྟེ། ཁྱོད་ཀྱིས་ནི་རྒྱལ་པོ་བྱས། བདག་གིས་བློན་པོ་བྱས་ཏེའུ་ཐེན་གྱི་ལྗོངས་འདིར་ཡུལ་སར་བཙུགས་ན་རུང་ངོ་ཞེས་མཆི་ན། དེ་ནས་རྒྱལ་བུ་ས་ནུ་ཡང་འཁོར་དང་བཅས་ཏེ་འུ་ཐེན་གྱི་ཤེལ་ཆུ་ངོ་མར་མཆིས་ནས་ཚར་འདི་ཉའི་འོག་ཡུལ་ཧང་གུ་ཛོ་ཞེས་བགྱི་བར་མཇལ་ཏེ། རྒྱལ་བུ་དང་བློན་པོ་ཡ་ཤ་གཉིས་ཡུལ་ས་ལ་མ་དུམ་སྟེ། དམག་བཀྱེ་སྟེ་འཐབས་པ་ལས་ནམ་མཁའ་
― DTG173_Page_0351 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས་རྣམ་ཐོས་ཀྱི་སྲས་དང༌། དཔལ་གྱི་ལྷ་མོ་བྱུང་ནས་བཤུག་ཏེ། འཐབ་ཏུ་མ་སྩལ་ནས། དོག་ས་དེ་ཉིད་དུ་རྣམ་ཐོས་ཀྱི་སྲས་དང༌། དཔལ་གྱི་ལྷ་མོ་བཞུགས་པའི་སྟེང་ཁང་རེ་རེ་ཞིག་བརྩིགས་པ་ཡང་དེང་སང་གི་བར་དུ་མཆིས་ཏེ། ཡུལ་གྱི་སྲུང་མར་གཙོ་བོ་རྣམ་ཐོས་ཀྱི་སྲས་དང༌། དཔལ་གྱི་ལྷ་མོ་མཆོད་པ་ཡང་དེ་ལགས། དེ་ནས་རྒྱལ་བུ་ས་ནུ་དང༌། བློན་པོ་ཡ་ཤ་ཡང་དུམ་ནས་ས་ནུས་ནི་རྒྱལ་པོ་བགྱིས། ཡ་ཤས་ནི་བློན་པོ་བགྱིས་ནས་རྒྱལ་པོ་ས་ནུའི་འཁོར་རྒྱ་རྣམས་ནིའུ་ཐན་གྱི་ཤེལ་ཆུ་འོག་མ་མན་ཆད་མདོ་ལོ་སྐོར་དང༌། སྐམ་ཤེང་ཡན་ཆད་དུ་བཀོད། བློན་པོ་ཡ་ཤའི་འཁོར་རྒྱ་གར་རྣམས་ནི་ཤེལ་ཆུ་གོང་མ་ཡན་ཆད་རྒྱ་དང༌། ཀོང་ཤེང་མན་ཆད་དུ་བཀོད། ཤེལ་ཆུ་དབུས་ནི་རྒྱ་གར་དང༌། རྒྱའི་བློན་པོ་དང༌། འབངས་སྟོད་རིམས་འདྲེས་པར་བཀོད་ནས་ཡུལ་བཙུགས་མཁར་བརྩིགས་ཏེ། རྒྱ་གར་དང་རྒྱ་ཕྲད་པའི་ཡུལ་ནི་ལི་ལགས་ཏེ། འཕྲལ་སྐད་ནི་རྒྱ་གར་དང་རྒྱར་མི་མཐུན་པ། ཡི་གེ་ནི་རྒྱ་གར་དང་བགས་ཀྱིས་མཐུན། འཇིག་རྟེན་པའི་ལུགས་ནི་རྒྱ་དང་ཕལ་ཆེར་མཐུན། ཆོས་ཀྱི་ལུགས་དང་ཆོས་སྐད་ནི་རྒྱ་གར་དང་ཕལ་ཆེར་མཐུན། ལིའི་འཕྲལ་སྐད་ནི་ཐོག་མ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཉན་ཐོས་ཀྱི་དགེ་སློང་གི་ཚུལ་དུ་སྤྲུལ་ཏེ། མཚན་བཻ་རོ་ཙ་ན་ཞེས་བགྱི་བས་བྱིས་པ་ཕྱུགས་རྫི་ཁྱེའུ་འཇོས་དང༌། མུ་ལེ་འཇི་ཞེས་བགྱི་བ་གཉིས་ལ་སོགས་པ་ལ་ཡུལ་ཙར་མ་ཞེས་བགྱི་བར་ལི་སྐད་ཕྱུང་སྟེ། ཀུན་ལ་བསླབས་ནས། ཁྱེའུ་དེ་གཉིས་ཀྱང་གར་མཆིས་པའི་ཆ་སུ་ལ་ཡང་མ་མཆིས་ཏེ། འདི་སྐད་ཀྱང་ཐོག་མ་འཕགས་པ་རྣམས་ཀྱིས་བསྟན་ཞིང་བསླབས་པ་ལས། ཐོག་མ་ལི་ཡུལ་བྱུང་ནས་དགུང་ལོ་དུ་ལོན་པ་ནི་གཽ་ཏོ་ཤན་གྱི་མཁན་པོ་མོ་རྒུ་དེ་ཤིང་ལ་སོགས་པ་མཁན་པོ་བགྲེས་རིམས་རྣམས་ཀྱིས་མཁན་པོ་སྔ་རབས་རྣམས་ལ་བཀའ་མཆིད་ཐོས་པ་དང༌། འཕགས་པ་རྣམས་ཀྱིས་ལུང་བསྟན་པ་དང༌། ལི་རྗེའི་རྒྱལ་རབས་ཀྱི་ཡི་གེ་དང་ཞིབ་ཏུ་གཏུགས་ནས། གནའ་ཐོག་མ་རྒྱ་གར་ཡུལ་དུ་རྒྱལ་པོ་མ་སྐྱེས་དགྲས་རྒྱལ་པོ་བགྱིས་པ་ནས་བརྩིས་ན་རྒྱལ་པོ་མ་སྐྱེས་དགྲས་སྤྱིར་དགུང་ལོ་སུམ་ཅུ་རྩ་གཉིས་རྒྱལ་པོ་བགྱིས་པ་ལས། རྒྱལ་སྲེད་བཟུང་སྟེ་དགུང་ལོ་ལྔ་ལགས་པ་ལས་སངས་རྒྱས་མྱ་ངན་ལས་
― DTG173_Page_0352 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས། དེ་ཚུན་ཆད་དགུང་ལོ་ཉི་ཤུ་རྩ་བདུན་རྒྱལ་པོ་བགྱིས་ཏེ། རྒྱལ་པོ་མ་སྐྱེས་དགྲ་ནས་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་བར་དུ་རྒྱ་གར་གྱི་རྒྱལ་པོ་རབས་བཅུས་རྒྱལ་སྲིད་བཟུང་སྟེ། དྷརྨ་ཨ་ཤོ་ཀས་སྤྱིར་རྒྱལ་པོ་དགུང་ལོ་ལྔ་བཅུ་རྩ་ལྔ་བགྱིས་པ་ལས་རྒྱལ་པོར་ཞུགས་ནས་དགུང་ལོ་སུམ་ཅུ་ལགས་པའི་འོག་ཏུ་རྒྱལ་བུ་ས་ནུ་བཙས་ཏེ། ས་ནུ་དགུང་ལོ་བཅུ་གཉིས་ལོན་པའི་ཚེ་རྒྱལ་རྗེ་རྒྱལ་ཐབས་བཙལ་ནས། ཐོག་མ་སྐྱེས་པའི་ཡུལ་ཚོལ་ས་ཚོལ་དུ་མཆིས་པ་ལས་རྒྱལ་པོས་ནུ་དགུང་ལོ་བཅུ་དགུ་ལོན་པའི་ཚེ་ལི་ཡུལ་བཙུགས་ཏེ། ཐོག་མ་ལི་རྗེར་ཞུགས་པ་ཡན་ཆད་ཞིབ་ཏུ་བརྩིས་ནས་སངས་རྒྱས་མྱ་ངན་ལས་འདས་ནས་དགུང་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་ལགས་ནས་ལི་ཡུལ་ཡང་གདོད་བྱུང་བར་འགྱུར། རྒྱལ་བུ་ས་ནུ་ཐོག་མར་ལི་རྗེར་ཞུགས་ནས་རྒྱལ་སྲིད་བཟུང་ཚུན་ཆད་དང༌། ལི་རྗེ་བཙན་བཟང་བཙན་ལ་བརྟན་ཐོག་མར་ལི་རྗེར་བསྐོས་ནས་ལི་རྗེའི་རབས་ལྔ་བཅུ་རྩ་དྲུག་དང༌། ཆག་ཚབ་ཅིག་བྱུང་ངོ༌། །གནའ་དང་པོ་མཚོ་བསྐམས་ནས་རྒྱལ་བུ་ས་ནུ་དང༌། བློན་པོ་ཡ་ཤ་ལ་སོགས་པས་ཐོག་མར་གཞི་བཟུང་སྟེ་ཡུལ་བཙུགས། རྒྱལ་བུས་ནུའི་བུ་རྒྱལ་པོ་ཡེའུ་ལ་ཞེས་བགྱི་བས་འུ་ཐེན་གྱི་དངར་ལྡན་གྱི་གྲོང་ཁྱེར་བརྩིགས་ཏེ། ལི་ཡུལ་བྱུང་ནས་དགུང་ལོ་བརྒྱ་དྲུག་ཅུ་རྩ་ལྔ་འདས་པའི་འོག་ཏུ་རྒྱལ་བུ་ཡེའུ་ལའི་བུ་རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ཞེས་བགྱི་བས་རྒྱལ་པོར་ཞུགས་ནས་དགུང་ལོ་ལྔ་ལགས་ནས་ལི་ཡུལ་དུ་ཐོག་མར་ཆོས་བྱུང་སྟེ། འཇམ་དཔལ་དང་བྱམས་པ་གཉིས་གྱིས་ལི་ཡུལ་འདི་དུས་གསུམ་གྱི་སངས་རྒྱས་ཀྱི་ཁུད་པ་ལགས་པར་ཐུགས་སུ་ཆུད་ནས་བྱམས་པ་ནི་མིར་སྐྱེ་བ་བླངས་ཏེ། རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ཞེས་བྱ་བ་སྤྲུལ། འཇམ་དཔལ་ནི་དགེ་སློང་འཕགས་པ་བཻ་རོ་ཙ་ནའི་གཟུགས་སུ་སྤྲུལ་ནས་ལས་དང་ཉོན་མོངས་པ་མཐར་ཕྱིན་པའི་གནས་ཡུལ་ཙར་མ་ཙུ་ལེའི་ཚལ་དུ་གཤེགས་ཏེ། ལི་ཡུལ་ན་མཆིས་པའི་སེམས་ཅན་རྣམས་ཀྱི་དགེ་བའི་བཤེས་གཉེན་མཛད་ཅིང་ལི་སྐད་ཀྱང་བྱིས་པ་ཕྱུགས་རྫི་རྣམས་ལ་བཅོས་ཤིང་བསྟན། ལིའི་ཡི་གེ་ཡང་བསླབས་ནས་དེའི་འོག་ཏུ་ཆོས་བྱུང་ངོ༌། །དེ་ནས་རྒྱལ་པོ་ཡེའུ་ལའི་རྒྱལ་པོ་བི་
― DTG173_Page_0353 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཛ་ཡ་སཾ་བྷ་བས་ཡོན་བདག་བགྱིས་ནས་དགེ་བའི་བཤེས་གཉེན་འཕགས་པ་བཻ་རོ་ཙ་ནའི་སླད་དུ་ཐོག་མར་ལི་ཡུལ་དུ་ཙར་མའི་གཙུག་ལག་ཁང་ཆེན་པོ་བརྩིག་པར་བགྱིད་པ་ལས་ལི་རྗེ་བི་ཛ་ཡ་སཾ་བྷ་བའི་བློན་པོ་དང༌། འབངས་འཁོར་དང་བཅས་པ་ཀུན་གྱིས་ཀྱང་ཙར་མར་གཙུག་ལག་ཁང་རེ་རེ་བརྩིག་པར་གསོལ་ནས་བརྩིགས་པ་མང་པོ་ཞིག་བྱུང་བ་ལས་རྒྱལ་པོས་བསམས་པ། གཙུག་ལག་ཁང་བརྩིག་ཏུ་མ་སྩལ་ན་ནི་བདག་ལ་དངོས་སྡིག་ཏུ་འགྱུར། །དེ་སྙེད་ཅིག་བརྩིགས་ན་ནི་སླད་ཀྱིས་ཞིག་རལ་དུ་གྱུར་ན་ཡང་མི་སློངས་སུ་གློ་བ་ཆུང་ནས་དགེ་པའི་བཤེས་གཉེན་འཕགས་པ་བཻ་རོ་ཙ་ན་ལ་ཞུས་པ་ན། དེ་བཞིན་གཤེགས་པའི་སྐུ་གདུང་ཤཱ་རི་རམ་སུ་ལ་བཞུགས་པ་རྣམས་ཀྱི་གཙུག་ལག་ཁང་དང༌། མཆོད་རྟེན་རྩིག་ཤིག་ཅེས་བསྒོ་ན། སྡིག་ཏུ་མི་འགྱུར་རོ་ཞེས་བྱུང་ནས། རྒྱལ་པོས་ཀྱང་བློན་པོ་དང་འབངས་རྣམས་ལ་དེ་བཞིན་དུ་བསྒོ་ནས་ཙར་མིའི་གཙུག་ལག་ཁང་ཆེན་པོ་རྒྱལ་པོ་བི་ཛ་ཡ་སཾ་བྷ་བས་བརྩིག་པའི་ཚེ། རྒྱལ་པོའི་འཁོར་དང་བློན་པོ་དང་འབངས་རྣམས་ཀྱི་རྩར་མའི་གཙུག་ལག་ཁང་ཆུང་དུ་དང༌། མཆོད་རྟེན་བརྩིགས་སོ་འཚལ་གྱི་ནང་ན་ཤཱ་རི་རམ་མ་སྩལ་བ་ཅིག་ཀྱང་མ་མཆིས་ཏེ། གཙུག་ལག་ཁང་བརྩིགས་པ་ལགས་ནས། འཕགས་པ་བཻ་རོ་ཙ་ནས་རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ལ་རྒྱ་པོ་གཎྜཱི་བརྡུངས་ལ་འཕགས་པ་རྣམས་སྤྱན་དྲོངས་ཤིག་ཅེས་བགྱིས་པ་དང༌། རྒྱལ་པོའི་མཆིད་ནས་དེ་བཞིན་གཤེགས་པ་མངོན་སུམ་དུ་འདིར་གཤེགས་ཏེ་བདག་གི་ལག་ཏུ་གཎྜཱི་མ་སྩལ་གྱི་བར་དུ་བདག་གཎྜཱི་མི་བརྡུང་ངོ་ཞེས་སྨོན་ལམ་བཏབ་པ་དང༌། དེ་མ་ཐག་ཏུ་འཇམ་དཔལ་གྱི་སྤྲུལ་པ་དགེ་སློང་བཻ་རོ་ཙ་ནས་ནམ་མཁའ་ལ་དེ་བཞིན་གཤེགས་པར་སྤྲུལ་ཏེ། ཉན་ཐོས་ཆེན་པོ་བཅུ་དྲུག་དང་ཐབས་ཅིག་ཏུ་ཙར་མར་དེ་བཞིན་གཤེགས་པའི་ཚུལ་བསྟན་ནས་རྒྱལ་པོ་བི་ཛ་ཡ་སཾ་བྷ་བའི་ལག་ཏུ་གཎྜཱི་སྩལ་ནས། རྒྱལ་པོས་གཎྜཱི་བརྡུངས་པ་དང་དགུང་བདུན་གྱི་བར་དུ་གཎྜཱི་དེའི་སྒྲ་མ་ཆད་པར་བྱུང་སྟེ། དེ་བཞིན་གཤེགས་པའི་སྤྲུལ་པ་མངོན་སུམ་དུ་གཤེགས་པའི་དན་རྟགས་སུ་གོར་མ་ལ་ཞབས་ཀྱིས་བཅགས་པའི་རྗེས་ད་དུང་གི་བར་དུ་ཙར་མ་ན་མཆིས། འཕགས་པ་ཉན་ཐོས་ཆེན་པོ་བཅུ་དྲུག་ལ་མཆོད་པ་
― DTG173_Page_0354 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིན་པོ་ཆེ་སྣ་ཚོགས་ལས་བགྱིས་པའི་བཤོས་ཆ་བཅུ་དྲུག་རྒྱལ་པོས་ཕུལ་བ་ཡང་ཙར་མའི་གཙུག་ཁང་གི་ནང་དུ་འཕགས་པ་རྣམས་ཀྱིས་གཏེར་དུ་སྩལ་ཏེ། ཕྱིར་དུས་དམས་ཤིང་དགེ་འདུན་ལ་ཡོན་བདག་མ་མཆིས་ཏེ་འཚོ་བ་མི་འབྱོར་བའི་དུས་ན་རིན་པོ་ཆེའི་བཤོས་ཆ་དེ་རྣམས་དེའི་ཚེ་སའི་འོག་ནས་འབྱུང་ཞེས་འཕགས་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་དག་ལས་ཀྱང་འབྱུང༌། དགེ་སློང་འཕགས་པ་བཻ་རོ་ཙ་ནའི་མཆོད་པའི་རྐྱེན་དུ་ཀླུའི་རྒྱལ་པོ་ཧུ་ལོར་ཞེས་བགྱི་བས་ཁ་ཆེའི་ཡུལ་ནས་དེ་བཞིན་གཤེགས་པ་བདུན་གྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་ཅིག་སྤྱན་རངས་ནས་ནམ་མཁའ་ལས་གཤེགས་པ་དང་ལྟར་ཙར་མ་ན་བཞུགས་ཏེ། མཆོད་རྟེན་འདི་དྲི་གཙང་ཁང་གི་ནང་ན་བཞུགས་ཏེ། གྲིབ་མ་སླད་རོལ་དུ་གསལ་བར་འབྱུང༌། རྒྱལ་པོ་བི་ཛ་ཡ་སིང་ཧ་ཞེས་བགྱི་བ་ཙར་མའི་གཙུག་ལག་ཁང་དུ་མཆོད་པ་བགྱིད་དུ་མཆིས་པ་ལས་སྐུ་གཟུགས་ལྡེར་སོ་བགྱིས་པ་ཅིག་འཆག་ཅིག་གཤེགས་པར་མཐོང་ནས་མཚམས་མེད་པ་ལྔ་བྱང་ངོ་ཞེས་མཆི་བ་ཡང་ད་ལྟར་བཞུགས། གཙུག་ལག་ཁང་དེའི་སྲུང་མར་ཞལ་གྱིས་བཞེས་པ་ཡང༌། ལྷན་ནམ་མཁའི་སྤྱན་དང་ནོར་བུ་བཟང་པོ་ཞེས་བགྱི་བ་ལགས་ཏེ། དེང་སོང་གི་བར་དུ་མངོན་རྟགས་དང༌། མཚན་མ་དག་ཀྱང་འབྱུང༌། འཕགས་པའི་ལུང་བསྟན་དག་ཀྱང་སྦྱར་ན་ཡང་ཐོག་མ་གཙུག་ལག་ཁང་འདི་རྣམས་བརྩིགས་པ་ཡང་དགེ་བའི་བཤེས་གཉེན་དང༌། ཡོན་བདག་འཕགས་པ་ཤ་སྟག་གིས་མཛད་ལ་གཙུག་ལག་ཁང་དང་མཆོད་རྟེན་བཞུགས་སོ་འཚལ་གྱི་ནང་ན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སྐུ་གདུང་བཞུགས་པས་གཉན་ཅིང་བྱིན་ཆེ་རབ་སྟེ། ཐོག་མ་ལི་ཡུལ་དུ་གཙུག་ལག་ཁང་བྱུང་བ་ཡང་འདི་ལས་སྔ་བ་མ་མཆིས་སོ། །དེ་ནས་ཙར་མར་འཇམ་དཔལ་གྱི་སྤྲུལ་པ་དགེ་སློང་འཕགས་པ་བཻ་རོ་ཙ་ནས་ཆོས་ཕྱུང་རྒྱལ་པོ་བི་ཛ་ཡ་སཾ་བྷ་བས་གཙུག་ལག་ཁང་བརྩིགས་ཚུན་ཆད་རྒྱལ་པོ་ལི་རྗེ་རབས་བདུན་གྱི་བར་དུ་གཙུག་ལག་ཁང་གཞན་མ་བརྩིགས། དེ་ནས་དེའི་འོག་ཏུ་རྒྱ་གར་ཡུལ་ནས་འཕགས་པ་དགྲ་བཅོམ་པ་བུདྡྷ་དུ་ཏ་དང༌། ཁ་གང་ཏ་དང༌། ཁ་ག་རོ་ཡང་དང༌། ཁ་ག་དྲོད་དང་བཞི་བྱུང་སྟེ། གཽ་ཏོ་ཤན་གྱི་ཨཱཪྻ་སྟ་ནར་བཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བྱས་པ་ཡང་ལི་རྗེ་བ་ཛི་
― DTG173_Page_0355 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡ་བཱིཪྻ་བྱ་བར་གྱུར་ཏེ། རྒྱལ་པོ་དེ་སྲོག་མཁར་གྱི་སྟེང་ནས་བལྟས་ནམ་ཁར་གྱི་ཕྱི་རོལ་ན་གསེར་དང༌། དངུལ་ལྟ་བུར་སྣང་བ་ཞིག་མཐོང་ནས་བསྙགས་པ་དང༌། ད་ལྟར་འགུམ་ཏིར་གྱི་མཆོད་རྟེན་ཆེན་བོ་བཞུགས་པ་སླེབས་ནས་བལྟས་ན། ཤ་བ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་སུ་གྱུར་ཏེ་རྒྱལ་པོ་ལ་སྨྲས་པ། ཀྱེ་རྒྱལ་པོ་ཁྱོད་སངས་རྒྱས་ཀྱིས་ལུང་བསྟན་པ་བཞིན་འདིར་གཙུག་ལག་ཁང་གཅིག་བརྩིགས་པ་རིགས་སོ་ཞེས་བགྱིས་པ་དང༌། སུའི་ཕྱིར་བརྩིགས་ཞེས་རྒྱལ་པོས་ཞུས་པ་དང༌། སངས་རྒྱས་ཀྱི་ཕོ་ཉ་ཞེས་བགྱི་པ་འཕགས་པ་དགྲ་བཅོམ་པ་བུདྡྷ་ཏ་ལ་སོགས་པ་བཞི་ཁྱེད་ཀྱི་དགེ་བའི་བཤེས་གཉེན་དུ་འོངས་པ་འདི་དག་གི་ཕྱིར་བརྩིག་ཅེས་བསྒོ་བ་དང༌། འཕགས་པ་དགྲ་བཅོམ་པ་དེ་དག་ཀྱང་རྒྱལ་པོ་བི་ཛ་ཡ་བཱིཪྻའི་དྲུང་དུ་བྱོན་ནས་ཆོས་བཤད་པས་རྒྱལ་པོ་ཡང་ཚེ་སྔ་མའི་སྨོན་ལམ་དྲན་ནས་དེ་མ་ཐག་ཏུ་དོགས་བརྟག་པའི་ཕུར་བུ་དེར་བཏབ་སྟེ། གཙུག་ལག་ཁང་འགུམ་ཏིར་བརྩིགས་སོ། །དེ་ནས་རྒྱལ་པོ་བི་ཛ་ཡ་བཱིཪྻ་འགུམ་ཏིར་གྱི་གཙུག་ལག་ཁང་དུ་མཆོད་པ་བགྱིད་དུ་མཆིས་པའི་ཚེ་བུ་ཆུང་ངུ་ཞིག་སྟོར་ནས་རྗེས་བཅང་པ་དེ་བཙལ་ན། གཽ་ཏོ་ཤན་གྱི་ལུང་བུའི་ནང་ནས་སངས་རྒྱས་འོད་སྲུངས་ཀྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་གྱི་དྲུང་ནས་བུ་རྙེད་དེ། དེ་ནས་རྒྱལ་པོས་མཆོད་རྟེན་འདི་གང་གི་དུས་ན་སུས་བརྩིགས་ཞེས་སྨྲས་པ་དང༌། དགེ་བའི་བཤེས་གཉེན་འཕགས་པ་དེ་དག་གི་ཞལ་ནས་མཆོད་རྟེན་འདི་སངས་རྒྱས་འོད་སྲུངས་མྱ་ངན་ལས་འདས་པའི་ཚེ་བརྩིགས་ཏེ་སངས་རྒྱས་འོད་སྲུངས་ཀྱི་སྐུ་གདུང་བཞུགས་སོ། །ལི་ཡུལ་སྔོན་མཚོར་གྱུར་བའི་དུས་ན་མཆོད་རྟེན་འདི་རིས་གཡོགས་ཏེ་ཆུས་མ་ཞིག་ལ། ཕྱིས་ཀྱང་ཡུལ་འདི་མཆོད་འགྱུར་ཏེ། ཡང་མཆོད་རྟེན་འདི་རིས་གཡོགས་ནས་ཆུས་མི་འཇིག་སྟེ། སངས་རྒྱས་བྱམས་པ་བྱུང་བའི་ཚེ་ཡང་མཚོ་བསྐམས་ནས་ཡུལ་དུ་གྱུར་པའི་དུས་ན་མཆོད་རྟེན་འདི་འབྱུང་སྟེ། གནས་འདི་ནི་རུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཁུད་པའི་ནང་ན་ཡང་གཽ་ཏོ་ཤན་འདི་ཕོ་བྲང་ས་གཅིག་ཡིན་ཏེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་ཀུན་འདིར་གཤེགས་ཤིང་ལུང་སྟོན། སེམས་ཅན་གྱི་དོན་མཛོད་དོ། །ཕྱོགས་བཅུ་འི་སངས་རྒྱས་ཀྱི་ཞིང་སོ་སོ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་ཉི་ཤུ་ཡང་དུས་གསུམ་དུ་གླང་མགོ་རི་འདི་ལ་མཆོད་པ་མཛད་དུ་བྱོན་
― DTG173_Page_0356 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་སླར་གཤེགས་སོ་ཞེས་བསྟན། དེ་ནས་རྒྱལ་པོ་བི་ཛ་ཡ་བཱིཪྻ་དད་པའི་ཤུགས་ཆེན་པོས་གླང་མགོ་རིའི་སྟེང་དུ་གཽ་ཏོ་ཤན་གྱི་གཙུག་ལག་ཁང་བརྩིགས་ནས་བུ་ཆུང་དུ་དེ་ཡང་ཐར་བར་བཏང་སྟེ་ཕྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས། ལི་ཡུལ་དུ་དགྲ་བཅོམ་པར་གྱུར་པ་འདི་ལས་སྔ་བ་མ་བྱུང་བས་འདི་ནི་ལམ་སྟོན་པའོ་ཞེས་མོ་རྒུ་བདེ་ཤི་བྱ་བར་བཏགས་ཏེ། ཐོག་མ་མོ་རྒུ་བདེ་ཤིའི་མིང་ནི་དེ་ནས་བྱུང་སྟེ་དེང་སང་གི་བར་དུ་ཡང་ཐུབ་ལྡན་དང༌། དཀའ་ཐུབ་ཀྱི་མཆོག་ལས་བཏུས་ཏེ། མོ་རྒུ་བདེ་ཤིར་བསྒོ་བ་ལགས། གཽ་ཏོ་ཤ་ན་དང༌། འགུམ་ཏིར་གྱི་གཙུག་ལག་ཁང་འདི་གཉིས་བཞུགས་པའི་དོག་ས་ཡང་དུས་གསུམ་གྱི་དེ་བཞིན་གཤེགས་པ་རིམ་གྱིས་འབྱུང་ངོ་འཚལ་གྱི་ཞབས་ཀྱིས་བཅགས། བྱིན་གྱིས་བརླབས་པའི་སྟེང་དུ་འཕགས་པའི་ལུང་བསྟན་དག་དང་སྦྱར་ནས་ཡང༌། ཐོག་མར་གཙུག་ལག་ཁང་འདི་རྣམས་བརྩིགས་པ་ཡང་དགེ་བའི་བཤེས་གཉེན་དང༌། ཡོན་བདག་འཕགས་པ་ཤ་སྟག་གིས་མཛད་ལ། གཙུག་ལག་ཁང་དང༌། མཆོད་རྟེན་བཞུགས་སོ་འཚལ་གྱི་ནང་ན་དེ་བཞིན་གཤེགས་པའི་སྐུ་གདུང་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སྐུ་གདུང་བཞུགས་པས་གཉན་ཞིང་བྱིན་ཆེ་རབ་སྟེ། གཙུག་ལག་ཁང་གི་སྲུང་མར་ཞལ་གྱིས་བཞེས་པ་ཡང་རྣམ་ཐོས་ཀྱི་སྲས་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་དང༌། ཀླུའི་རྒྱལ་པོ་གནས་དྲོས་པོ་ལགས་ཏེ་དེང་སོང་གི་བར་དུ་ཡང་མངོན་རྟགས་དང་མཚན་མ་དག་ཀྱང་འབྱུང་བའི་ཕྱིར། ལི་ཡུལ་གྱི་གཙུག་ལག་ཁང་བཞུགས་སོ་འཚལ་གྱི་ནང་ན་གཙོ་བོར་བགྱི་བ་ལགས། རྒྱལ་པོ་བི་ཛ་ཡ་བཱིཪྻས་འགུམ་ཏིར་གྱི་གཙུག་ལག་ཁང་བརྩིགས་ཚུན་ཆད་རྒྱལ་པོ་རབས་གཉིས་ཀྱི་བར་དུ་གཙུག་ལག་ཁང་གཞན་མ་བརྩིགས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཛ་ཡ་ཞེས་བགྱི་བས་རྒྱ་རྗེའི་བུ་མོ་བུ་ཉེ་ཤྭ་ར་ཞེས་བགྱི་བ་མཆིས་འབྲང་དུ་བླངས་ནས་རྒྱ་རྗེའི་བུ་མོ་དེས་ལི་ཡུལ་དུ་སྲིན་བུའི་ས་བོན་ཞིག་འཚལ་ཏེ་མཆིས་ནས་ཡུལ་མ་ཤ་བགྱི་བར་སྲིན་བུ་གསོས་པ་དང༌། སྲིན་བུ་མ་ཚར་བའི་སྐབས་སུ་བློན་པོ་རྒྱུས་མ་འཚལ་བ་ཁ་ཅིག་གིས་རྒྱལ་པོ་བི་ཛ་ཡ་ཛ་ཡ་རྒྱ་རྗེའི་བུ་མོ་རྒྱལ་པོའི་བཙུན་མོ་བགྱིད་པ་དེས་སྤྲུལ་གདུག་པ་མང་པོ་མ་ཞར་གསོ་ཞིང་མཆིས་ཏེ་ཆེན་པོར་གྱུར་
― DTG173_Page_0357 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དང༌། ཡུལ་ཕྱོགས་སུ་གནོད་པར་གློ་བ་ཆུང་ན་ཇི་ལྟར་བགྱི་ཞེས་བློན་པོ་དག་གིས་ཞུས་པ་དང༌། སྦྲུལ་གསོ་བའི་ཁང་པར་མེས་ཐོང་ལ་ཀུན་སྲེགས་ཤིག་ཅེས་བསྒོ་བ་དང༌། རྒྱལ་མོས་དེ་ཐོས་ནས་འཕྲལ་དུ་ནི་རྒྱལ་པོ་ལ་རྒྱུས་ཀྱིས་བཤད་པའི་རྡོ་མ་ཐོགས་ནས། སྲིན་བུ་ཤས་ཤིག་བསྐུས་ཏེ་གསང་ཐབས་སུ་གསོས་ཏེ། སླད་ཀྱིས་ཁ་ཆེར་དར་དང་སྲིན་བལ་ཕྱུང་ནས་དར་དང་མེན་དྲི་བཏགས་ཏེ། རྒྱལ་པོ་ལ་བསྟན་ནས་རྒྱུས་ཀྱིས་ཞིབ་ཏུ་བཤད་པ་དང༌། རྒྱལ་པོ་ཡང་འགྱོད་པ་སྐྱེས་ཏེ། རྒྱ་གར་ཡུལ་ནས་དགེ་སློང་འཕགས་པ་སང་གྷ་གྷོ་ཥ་ཞེས་བགྱི་བ་ལི་ཡུལ་དུ་བྱོན་ནས་དགེ་བའི་བཤེས་གཉེན་དུ་སྤྱན་དྲངས་ཏེ། སྲིན་བུ་ཕལ་ཆེར་བཀུམ་པའི་དངོས་སྡིག་བཤགས་སྦྱང་བགྱིས་ནས་པོ་ཏཪྻ་དང༌། མ་ཞིའི་མཆོད་རྟེན་དང༌། གཙུག་ལག་ཁང་ཆེན་པོ་བརྩིགས་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་ཤ་རི་རམ་མང་པོ་ཙམ་ཞིག་སྩལ་ཏེ། དེའི་སླད་དུ་དཔྱིད་ཟླ་ར་བའི་ངོ་ཐོག་ཐག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུའི་གཟུགས་བརྙན་མ་ཞོ་པོ་ཏཪྻ་ཞེས་བགྱི་བའི་གཙུག་ལག་ཁང་ན་བཞུགས་སོ་ཞེས་འཕགས་པ་དག་གིས་ལུང་བསྟན་པས་དེང་སང་གི་བར་དུ་ཡང༌། ལི་ཡུལ་གྱི་དགེ་འདུན་སྡེ་གཉིས་དང༌། རྒྱལ་པོ་དང༌། བློན་པོ་མན་ཆད་འབངས་ཡན་ཆད་ལོ་རེ་ཞིང་དཔྱིད་ཟླ་ར་བའི་ངོ་ལ་མཆོད་པར་བགྱིད་ཅིང༌། རིལ་གྱིས་པོ་ཏཪྻའི་གཙུག་ལག་ཁང་དུ་མཆིས་ཏེ། གཙུག་ལག་ཁང་འདི་ཡང་གཉེན་ཞིང་བྱིན་ཆེ་རབ་སྟེ། ལྷ་རཏྣ་བ་ལ་དང༌། རཏྣ་ཤཱུ་ར་གཉིས་སྲུང་མར་ཞལ་གྱིས་བཞེས་པ་ལགས་ཏེ། དེང་སོང་གི་བར་དུ་ཡང་དངོས་རྟགས་དང་མཚན་མ་དག་ཀྱང་འབྱུང་ངོ༌། །དེ་ནས་རྒྱལ་པོ་བི་ཛ་ཡ་ཛ་ཞེས་བགྱི་བ་ལ་བུ་སྤུན་གསུམ་མཆིས་ཏེ། ཕུ་བོ་རབ་འདོད་འདྲོས་ཞེས་བགྱི་བ་ནི་རྒྱལ་སྲིད་མ་འཚལ་ཏེ། བསོད་ནམས་བགྱིད་ཅིང་རྒྱ་གར་ཡུལ་དུ་མཆིས། དེའི་ནུ་བོ་བར་མ་ཡང་རྒྱལ་སྲིད་མ་འཚལ་ནས་བནྡེར་ཞུགས་ཏེ་མིང་དྷརྨཱ་ནནད་ཞེས་བཏགས་ནས་རྒྱ་གར་ཡུལ་དུ་ཆོས་སློབ་ཏུ་མཆིས། ནུ་བོ་ཐ་ཆུངས་རྒྱལ་སར་ཞུགས་ཏེ་མིང་བི་ཛ་ཡ་དྷརྨར་བཏགས་རྒྱལ་པོ་བི་ཛ་ཡ་དྷརྨ་དེ་དཔའ་ཞིང་རྩལ་ཆེབས་[*CHE BAS?] གསོད་རྐྱེན་དག་ལ་དགའ་ནས། ཕུ་བོ་བནྡེ་
― DTG173_Page_0358 ―
[མ་དཔེ་གཟིགས་ན་འདིར་གནོན།]
དྷརྨཱ་ནནད་རྒྱ་གར་ཡུལ་ནས་མཆིས་པ་ཆོས་མཉན་ཞིང་བསླབ་ནས་བསྒོམས་པས་འཕགས་པ་དགྲ་བཅོམ་པར་གྱུར་ཏེ། འཕགས་པ་དྷརྨཱ་ནནྡས་རྒྱ་གར་ཡུལ་ནས་བལྟས་ན། ནུ་བོ་རྒྱལ་པོ་བ་ཛི་ཡ་དྷརྨ་གསོད་རྐྱེན་བགྱིད་ཅིང་སྡིག་པ་མི་དགེ་བའི་ཆོས་ལ་ཞེན་པར་མཐོང་ནས་གློ་བ་བརྗེས་ཏེ། དགེ་བའི་བཤེས་གཉེན་བགྱི་བའི་སླད་དུ་རྒྱ་གར་ཡུལ་ནས་ལི་ཡུལ་དུ་མཆིས་ཏེ། ཉོན་བགྱིར་གྱི་རི་རྩ་ཤེལ་ཆབ་འོག་མ་དང༌། ཉེ་བ་ཞིག་ཏུ་སྦྱིལ་པོ་བགྱིས་ཏེ་དེ་ན་བསྒོམ་བཞུགས་པ་ལས་ཉིན་གཅིག་ཅིག །འཕགས་པ་དེ་ཤ་བ་གསེར་གྱི་ཁ་དོག་འདྲ་བ་ཞིག་ཏུ་སྤྲུལ་ཏེ། འུ་ཐེན་གྱི་སྐུ་མཁར་གྱི་སླད་རོལ་ཤར་ཕྱོགས་ལོགས་ན་འགུས་ནོ་ཞེས་བགྱི་བའི་སྒང་བུ་ཞིག་མཆིས་པའི་ཁར་བྱུང་བ་དང༌། རྒྱལ་པོ་བི་ཛ་ཡ་དྷརྨས་སྲོག་མཁར་གྱི་སྟེང་ནས་མཐོང་ནས་མདའ་གཅིག་འཕངས་པ་དང༌། ཤ་བའི་བརླར་ཕོག་ནས་ཤ་བ་ནི་བྲོས། རྒྱལ་པོ་ནི་སླད་བཞིན་དུ་བསྙེགས་པ་དང༌། ཤ་བ་དེ་འཕགས་པ་དྷརྨཱ་ནནདའི་སྤྱི་ལ་བུའི་ནང་དུ་མཆིས། རྒྱལ་པོ་སླད་བཞིན་དུ་མཆིས་པས་བལྟས་ན་སྤྱིལ་པོའི་ནང་ན་ཤ་བ་ནི་ཅང་མ་མཆིས། དགེ་སློང་གཅིག་བརླ་ལ་མདས་ཕོག་པ་འབྱིན་ཅིང་མཆིས་པ་མཐོང་ནས། ཕུ་བོ་ལགས་པར་ནི་ངོ་མ་འཚལ་ཏེ། ཕུ་བོ་དགེ་སློང་དྷརྨཱ་ནནྡས་བྱིན་གྱིས་བརླབས་ནས་ཕུ་བོ་ལགས་པར་གདོང་ངོ་འཚལ་ཏེ། རྒྱལ་པོས་བཙུན་པ་ཅི་ནོངས་ཞེས་བགྱིས་པ་དང༌། ཁྱོད་ཀྱིས་བདག་ལ་མདའ་འཕངས་ཏེ་ཅི་བྱ་ཞེས་བགྱིས་པ་དང༌། རྒྱལ་པོས་ཀྱང་ཤ་བ་མ་ལགས་པར་ཚོར་ནས་བདག་གིས་ནོངས་ན་ཁྲི་ལན་ཞེས་བགྱིས་པ་དང༌། དགེ་སློང་དེའི་མཆིད་ནས་གཅིག་ཏུ་ན་ད་ཁྱོད་ཀྱི་ཕུ་བོ་ཡིན། གཉིས་སུ་ན་ང་འཕགས་པ་དགྲ་བཅོམ་པར་གྱུར་པས། རྒྱལ་པོ་ཁྱོད་ཀྱི་མཚར་གྱི་སྡིག་པ་ཐོབ་སྟེ། མཚམས་མེད་པ་དང་འདྲ་བའི་ལས་བྱས་པར་གྱུར་ཏེ། བཤགས་སྦྱངས་དང༌། བསོད་ནམས་ཆེར་མ་བྱས་ན་མི་རུང་ངོ་ཞེས་བགྱིས་པ་དང༌། རྒྱལ་པོ་དེ་ཡང་འགྱོད་པ་སྐྱེས་ཏེ་རབ་ཏུ་མ་དགའ་ནས། འཕགས་པ་དགྲ་བཅོམ་པ་དེའི་ཞབས་ལ་འཇུས་ཏེ། བཟོད་གསོལ་བཤགས་སྦྱངས་བགྱིས་ནས་བདག་གི་སྡིག་པ་འདི་ཇི་ལྟར་འབྱང་ཞེས་ཞུས་པ་དང༌། འཕགས་པ་དྷརྨཱ་ནནདའི་
― DTG173_Page_0359 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞལ་ནས་ད་འཕྲལ་དུ་གཞན་བྱར་མེད་ཀྱི་ཡུལ་འབྲོ་ཏིར་ཞེས་བྱ་བའི་ལྗོངས་ཕ་བི་ན་སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། རྒྱལ་པོ་ཟླ་འོད་ཅེས་བགྱི་བའི་དུས་ན་བྲམ་ཟེས་མགོ་བླངས་ཏེ། རྒྱལ་པོ་ཉིད་ཀྱིས་མགོ་བཅད་ནས། བྲམ་ཟེ་ལ་སྩལ་བའི་ཕྲིན་ཡིག་ལས་དཀའ་བ་རྣམ་པ་གཅིག་མཛད་པའི་ས་འདི་ཡིན། གཉིས་སུ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོ་ནས་ལི་ཡུལ་བྱིན་གྱིས་རློབ་ཅིང༌། གཽ་ཏོ་ཤན་དུ་གཤེགས་པའི་ཚེ་བྱང་ཆུབ་སེམས་དཔའི་འཁོར་མང་པོས་བསྐོར་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང༌། རི་ཀྵ་ཏ་ཨ་ཤོ་ཀ་ཞེས་བྱ་བ་འདི་བྱིན་གྱིས་བརླབས་ཏེ་འདི་ན་བཞུགས་བཞུགས། དེང་སང་གི་བར་དུ་ཡང་གཟུགས་བརྙན་འདི་བཞུགས། རྣམ་པ་གསུམ་དུ་ན་འབོད་བྷ་ལོང་ཞེས་བྱ་བའི་ཚལ་ཆུང་ངུ་ཕ་པའི་ན་ཡང་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་བཅགས་ནས་ཕྱིས་འཕགས་པ་འབྱུང་བ་རྣམས་ཀྱི་སྒོམ་སར་བྱིན་གྱིས་བརླབས་ཏེ། གནས་འདི་རྣམས་སྲུང་བར་ལྷ་ཛི་ན་རི་ཤ་བ་དང༌། ལྷ་མོ་ཨ་ཤོ་ཀ་དང༌། ཀླུའི་རྒྱལ་པོ་ཏ་ཀྵ་ཀ་དང་གསུམ་གྱིས་དམ་ཚིག་བླངས་ཏེ། དེང་སང་གི་བར་དུ་ཡང་གནས་འདི་སྲུང་ཞིང་རྒྱལ་པོས་འདིར་གཙུག་ལག་ཁང་གཅིག་བརྩིགས་ན་སྔ་ཕྱིའི་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་འབྱོང་ངོ་ཞེས་བགྱིས་པ་དང༌། རྒྱལ་པོ་བི་ཛ་ཡདྷ་རྨ་དད་པ་སྐྱེས་ནས་སླན་ཆད་གསོང་རྐྱེན་མི་བགྱིད་པར་དམ་བཅས། རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་ལ་མགོ་སྦྱིན་གཏོང་དུ་བགྱིས་པའི་སར་དེ་མ་ཐག་ཏུ་དོགས་བརྟགས་པའི་ཕུར་བུ་བཏབ་ནས། དགེ་བའི་བཤེས་གཉེན་འཕགས་པ་དྷརྨཱ་ནནདའི་སླད་དུ་འབྲོ་ཏིར་གྱི་མཆོད་རྟེན་དང༌། གཙུག་ལག་ཁང་ཆེན་པོ་བརྩིགས། སྐུ་མཁར་གྱི་ནང་དུ་ཡང་ལྷོ་སྒོའི་སྒེའུ་ཆུང་མཆིས་པའི་ནང་ལོགས་ན་ཀླུའི་རྒྱལ་པོ་ཆེན་པོ་བ་རུ་ཎའི་གནས་ཀྱི་སྟེང་ན་བ་རི་ཐ་ཞེས་བགྱི་བའི་མཆོད་རྟེན་གཉེན་པོ་བཞུགས་པའི་དྲུང་ན་ནང་གི་གཙུག་ལག་ཁང་ཞིག་དང༌། མཆོད་རྟེན་ཆེན་པོ་ཞིག་བརྩིགས་ཏེ། མཆོད་རྟེན་གྱི་ནང་དུ་དེ་བཞིན་གཤེགས་པ་བདུན་གྱི་སྐུ་གདུང་སྩལ། སངས་རྒྱས་རིན་ཆེན་
― DTG173_Page_0360 ―
[མ་དཔེ་གཟིགས་ན་འདིར་གནོན།]
མང་གི་ཐོག་མའི་སྐུ་གདུང་མ་ཞིག་པ་ཉིད་སྤྱན་དྲངས་ཏེ། ད་ལྟར་གཙུག་ལག་ཁང་འདིའི་ནང་ན་བཞུགས། འབྲོ་ཏིར་གྱི་གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་བ་སྟེ། དེང་སང་གི་བར་དུ་ཡང་མངོན་རྟགས་དང་མཚན་མ་འབྱུང་ངོ༌། །ལི་ཡུལ་དུ་ཐོག་མ་མ་ཧཱ་ས་མ་གྷི་ཀའི་སྡེ་ཡང་དགེ་སློང་འཕགས་པ་དྷརྨཱ་ནནད་བྱུང་ནས། འུ་ཐན་ན་འབྲོ་ཏིར་གཏོགས་པར་གཙུག་ལག་ཁང་བརྒྱད་དང༌། ཀམ་ཤེང་གཙུག་ལག་ཁང་ཁ་བརྒྱད་ཀྱི་དགེ་འདུན་ཡང་མ་ཧཱ་སཾ་གྷི་ཀའི་སྡེར་གཏོགས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཛ་ཡའི་བུ་ཆེན་པོ་རྒྱལ་བུ་འདོན་འདྲོས་ཀྱིས་སང་ཏིར་གྱི་གཙུག་ལག་ཁང་བརྩི་ག་པར་དོག་ས་འཇལ་ཏེ་བརྩམས་པ་ལས་ཡོ་བྱད་རྒྱུ་རྐྱེན་གྱིས་མ་འཚལ་ནས་རྒྱལ་བུ་འདོན་འདྲོས་ཀྱིས་བསམས་པ། གཞན་ནས་མ་ཕྲོགས་པ། མ་རྐུས་པ། དཀོན་མཆོག་གསུམ་གྱི་དཀོར་ལ་མ་འབགས་པར་ནོར་གཙང་མ་བདག་ཉིད་ཀྱིས་རྐང་གིས་བཙུགས་ཏེ། བཙལ་ལ་གཙུག་ལག་ཁང་བརྩིག་གོ་སྙམ་ན་ཐོག་མ་རྒྱ་གར་ཡུལ་དུ་མཆིས་ཏེ། མཁན་པོ་འཕགས་པ་ས་མནྟ་སི་དྡྷི་མཁན་པོར་སྤྱན་དྲངས། སྟོད་ཕྱོགས་ཐོག་ཐོག་ཏུ་ཡང་མཆིས་ནས་ནོར་གཙང་མ་བཙལ། དེ་ནས་སླར་ལོག་ནས་རྒྱ་ཡུལ་དུ་མཆིས་པ་དང་རྒྱ་རྗེའི་བློན་པོ་གཅིག་གྱོས་ལ་ཆགས་ཏེ། དགུམ་པར་བགྱིས་པ་ལས། འདོན་འདྲོས་ཀྱིས་རྒྱ་རྗེ་ལ་བློན་པོ་འདིའི་སྐྱིན་པར་བདག་དགུམ་པར་ཅི་གནང་གསོལ་བ་ལས་རྒྱ་རྗེས་ཀྱང་གནང་སྟེ། གཤེད་མས་རྒྱལ་བུ་ལ་རལ་གྲི་བཏབ་པ་ན་བཅད་འཕྲོ་ནས་འོ་མ་བྱུང་སྟེ། མ་གུམ་ནས་རྒྱ་རྗེ་ལ་སོགས་པ་ངོ་མཚར་རྨད་དུ་གྱུར་ཏེ་མཆོད་པ་བགྱིས། ཡོན་ཡང་མང་པོ་ཙམ་ཞིག་ཕུལ། བློན་པོ་དེས་ཀྱང་སྲོག་རིན་གྱི་ཡོན་ཕལ་ཆེར་ཕུལ་བ་བླངས་ནས། སླར་ལི་ཡུལ་གྱི་འདབ་ཉེ་བ་ཞིག་ཏུ་འཁོར་མང་པོ་དང་ལྷན་ཅིག་ཏུ་མཆིས་པ་དང༌། རྒྱལ་པོ་འདོན་འདྲོས་ཀྱིས་ནུ་བོ་རྒྱལ་པོ་བི་ཛ་ཡ་དྷ་རྨ་རྒྱལ་སྲིད་འཛིན་ཞིང་མཆིས་པ་ལས། བློན་པོ་ཁ་ཅིག་གི་མཆིད་ནས་རྒྱལ་བུའི་གཅེན་རྒྱལ་བུ་འདོན་འདྲོས་རྒྱ་རྗེས་ལི་ཡུལ་གྱི་རྒྱལ་པོར་བསྐོས་ཏེ། རྒྱལ་པོའི་རྒྱལ་སྲིད་འཕྲོག་ཏུ་འོངས་སོ་ཞེས་བགྱིས་པ་དང༌། རྒྱལ་པོ་བི་ཛ་ཡ་དྷརྨ་ཡང་ཕུ་བོ་འདོན་འདྲོས་ལ་མི་དགའ་ནས་སྐུ་མཁར་
― DTG173_Page_0361 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱི་ནང་དུ་ཡང་མ་བཏང༌། ཕྲད་དུ་ཡང་མ་བཏུབ་ནས། སང་ཏིར་གྱི་གཙུག་ལག་ཁང་བརྩིགས་པའི་ས་གཞིར་མཆིས་ཤིག་ཅེས་བསྒོ་ནས། ཕུ་བོ་རྒྱལ་བུ་འདོན་འདྲོས་ཀྱང་སང་ཏིར་དུ་མཆིས་ཏེ། ནུ་བོས་ཀྱང་ཆུ་དང་རྩྭ་ཤིང་ལ་ཡང་དབང་མ་བསྐུར་ཏེ། ཁོ་བདག་གི་རིན་གྱིས་འཇལ་ཏེ། ཡོ་བྱད་སྦྱོར་ཞིང་མཆི་ས་པ་ལས། ཐོག་མ་རྒྱ་གར་ཡུལ་དུ་མཁན་པོ་འཕགས་པ་ས་མནྟ་སིདྡྷི་དགེ་བའི་བཤེས་གཉེན་གྱི་ཕྱོགས་ལ་བལྟས་ནས་ཕྱག་འཚལ་ཏེ་མཆོད་པ་བགྱིས་ནས་སྨོན་ལམ་བཏབ། སྤྱན་དྲངས་པ་དང༌། མཁན་པོ་ཡང་རྒྱ་གར་ཡུལ་ནས་ནམ་མཁའ་ལ་ལྡིང་སྟེ། ལི་ཡུལ་དུ་རྒྱལ་པོ་འདོན་འདྲོས་ཀྱི་དྲུང་དུ་གཤེགས་ནས་གཙུག་ལག་ཁང་ཇི་ལྟར་བརྩིགས་པའི་བཤེས་གཉེན་ཡང་བགྱིས། རྒྱལ་པོ་སྤུན་གཉིས་ཀྱི་བར་དུ་མ་འཇལ་བའི་སྡུམ་བགྱི་བའི་སླད་དུ་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ལུས་ཀྱི་ཡན་ལག་དང༌། བུ་སྨད་ལ་སོགས་པའི་སྦྱིན་གཏོང་བགྱིས་ཤིང་ཕྲིན་ལས་དཀའ་བ་ཇི་ལྟར་མཛད་པ་བཞིན་དུ་ནོ་ལེ་ཞེས་བགྱི་བ་དང༌། ཟློས་ཆོས་ལི་ཡུལ་དུ་མི་བགྱིར་མི་རུང་ཞེས་ལྷ་རྣམས་ལ་གསོལ་ནས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་དང༌། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ལི་ཡུལ་སང་ཏིར་བགྱི་བར་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་སྔོན་ཕྲིན་ལས་དཀའ་བ་ཇི་ལྟར་མཛད་པ་བཞིན་དུ་ལྟ་རྣམས་ཟློས་ཆོས་བགྱིས་པའི་ཚེ་རྒྱལ་པོ་བི་ཛ་ཡ་དྷརྨས་བློན་པོ་དང༌། འབངས་རྣམས་ལ་གཅིག་ཀྱང་དེར་མཆིར་མི་རུང་ངོ་ཞེས་བགྱིས་པ་ལས། ལྷའི་རོལ་མོ་བཟང་པོ་སྔ་ན་མ་བྱུང་བ་དེ་ཐོས་ནས་མི་གཅིག་གིས་གཅིག་སྦྲན་ཏེ་མ་བཟོད་ནས་དེར་མཆིས། སླད་ཀྱིས་རྒྱལ་པོའི་འཁོར་ཀུན་གར་མཆིས། རྒྱལ་པོས་སྨྲས་པ་དང༌། བློན་པོ་དག་གིས་རྒྱུས་ཀྱིས་ཞིབ་ཏུ་བཤད་པ་དང༌། རྒྱལ་པོ་བི་ཛ་ཡ་དྷ་རྨ་ཡང་མ་བཟོད་དེ། སང་ཏིར་གྱི་གཙུག་ལག་ཁང་གི་འདབས་སུ་མཆིས་པ་དང༌། ཕུ་བོ་རྒྱལ་པོ་འདོན་འདྲོས་ཀྱིས་བསུ་ནས་སྤུན་དེར་མཇལ་བ་དང༌། ནུ་བོ་རྒྱལ་པོ་བི་ཛ་ཡ་དྷརྨས་ཕུ་བོ་ལ་ཕྱག་བགྱིས་ནས། པུས་མོ་ས་ལ་བཙུགས་ཐལ་མོ་སྦྱར་ཏེ། འཕགས་པ་བདག་གིས་ཁྱོད་ཀྱི་མཐུ་སྟོབས་མ་རིག་ནས་ང་རྒྱལ་གྱི་དབང་དུ་གྱུར་ནས་བདག་
― DTG173_Page_0362 ―
[མ་དཔེ་གཟིགས་ན་འདིར་གནོན།]
གིས་རབ་ཏུ་ནོངས་པ་བཟོད་པར་གསོལ་ཞིང་མཆིས་ན། བདག་ལ་དངོས་སྡིག་ཏུ་མི་འགྱུར་བར་བཟོད་པ་བཞེས་པར་ཅི་གནང་ཞེས་བགྱིད་པ་དང༌། ཕུ་བོས་ཀྱང་བཟོད་པ་བླངས་པ་དང༌། དེས་སླར་ནུ་བོ་ལ་བཟོད་པ་གསོལ་ནས་ལག་སྦྲེལ་ཏེ་གཙུག་ལག་ཁང་དུ་མཆིས་ནས་མཆོད་པ་བགྱིས། ལྷ་ཀླུས་ནོ་ལེ་བགྱིས་པ་དང༌། གཙུག་ལག་ཁང་རྩིག་པ་ལ་རྗེས་སུ་ཡི་རང་ནས་ཡོན་ཕུལ། གཙུག་ལག་ཁང་རྩིག་པའི་དང་རོགས་བགྱིས་ཏེ་རྐྱེན་རིས་བཀུམ་སྟེ་ཕུལ། ཐོག་མ་སྤུན་མ་མཇལ་ཏེ། བཟོད་པ་གསོལ་བའི་སར་མཇལ་མོ་ཀ་ཀ་རོ་ད་ཞེས་བགྱི་བའི་གཙུག་ལག་ཁང་ཞིག་བརྩིགས་ནས་ཐོག་མ་ཡི་ཡུལ་དུ་སརྦ་ཏི་བཱང་ཀྱི་སྡེ་ཐེག་པ་ཆུང་དུ་པ་ཡང་མཁན་པོ་འཕགས་པ་ས་མནྟ་སིདྡྷི་ལས་བྱུང༌། གཙུག་ལག་ཁང་གི་སྲུང་མ་ཡང་ལྷ་ཀ་བི་ལ་ཞེས་བགྱི་བས་ཞལ་གྱིས་བཞེས་གསུངས། དེང་སང་གི་བར་དུ་ལོ་གཅིག་ཅིང་ཡང་རྟག་ཏུ་སྟོན་ཟླ་ར་བ་ཚེས་བདུན་དང་བརྒྱད་ཀྱི་གདུགས་ལ། དེ་བཞིན་གཤེགས་པས་ཕྲིན་ལས་དཀའ་བ་མཛད་པའི་ཟློས་ཆོས་ནོ་ལེ་བགྱིད་དེ། ཡུལ་མི་རིལ་གྱིས་ཆོས་ཉན་ཅིང་དེར་མཆིས་ཏེ། གཙུག་ལག་ཁང་འདི་ཡང་གཉེན་ཞིང་བྱིན་ཆེ་བར་བགྱིད་དོ། །དེའི་འོག་ཏུ་རྒྱལ་པོ་བ་ཛི་ཡ་དྷརྨའི་བུ་རྒྱལ་པོ་བི་ཛ་ཡ་སིང་ཧས་རྒྱལ་པོ་བགྱིད་པའི་ཚེ་ག་འཇག་གི་རྒྱལ་པོས་ལི་ཡུལ་དུ་དམག་མང་པོ་དྲངས་ཏེ། རྒྱལ་པོ་བ་ཛི་ཡ་སིང་ཧ་དང་འཐབས་པ་ལས་ག་འཇག་གི་དམག་ཕམ་སྟེ། ག་འཇག་གི་རྒྱལ་པོ་ཡང་ལི་རྗེས་ཞགས་པས་ཟིན་ནས་འགུམ་པར་བགྱིད་པ་ལས་ཐར་པར་གསོལ་ནས་རྒྱལ་པོ་བ་ཛི་ཡ་སིང་ཧའི་མཆིད་ནས། རྒྱལ་པོ་ཁྱོད་བདག་གིས་མི་དགུམ་པར་ཐར་པར་བཏང་གིས། ནམ་ཁྱོད་དགྲ་ཆོམས་པའི་དུས་ནི་བདག་གི་དགེ་བའི་བཤེས་གཉེན་མཛད་ཅིང་སླར་བྱོན་ཅིག་ཅེས་བགྱིས་ནས། ཐར་པར་སྩལ་ཏེ་མིང་ཡང་ཨཱ་ནནད་སེ་ནར་བཏགས་ཏེ་སླར་ཤུ་ལིག་ཏུ་བཏང༌། དེ་ནས་དགེ་སློང་ཨཱ་ནནད་སེ་ན་སླད་ཀྱིས་དགྲ་བཅོམ་ནས་ཐོག་མ་ལི་རྗེ་དང་དམ་བཅས་བ་བཞིན་ནམ་མཁའ་ལ་ལྡིང་སྟེ། ལི་ཡུལ་གཤེགས་ནས། རྒྱལ་པོ་བི་ཛ་ཡ་སིང་ཧའི་དགེ་བའི་བཤེས་གཉེན་བགྱི་བའི་སླང་དུ་སྙིང་རྗེ་ཡང་དད་པ་སྐྱེ་ས་ནས་འཕགས་པ་དགྲ་བཅོམ་བ་ཨཱ་ནནད་སེ་ནའི་སླད་དུ་སམ་ཉའི་གཙུག་ལག་ཁང་དང༌། མཆོད་རྟེན་བརྩིགས་ཏེ། གཙུག་ལག་ཁང་གི་སྲུང་མ་ནི་རྣམ་ཐོས་ཀྱི་སྲས་དང༌། ལྷ་ཀ་པི་ལ་
― DTG173_Page_0363 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞུགས་ཏེ། གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་བར་བགྱིད་ངོ༌། །དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཀཱིརྟིས་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཀམ་ཤེང་དུ་ཆོས་སྤེལ་བའི་དགྲ་བཅོམ་པ་སྤྱི་བྲི་ཞེས་བགྱི་བས་དགེ་བའི་བཤེས་གཉེན་བགྱིས་ནས་དད་པ་སྐྱེས་པའི་སླད་དུ་སྲུ་ཉོའི་གཙུག་ལག་ཁང་བརྩིགས་ཏེ། ཐོག་མ་ཀ་ནི་ཀའི་རྒྱལ་པོ་དང༌། གུ་ཟན་གྱི་རྒྱལ་པོ་དང༌། ལི་རྗེ་རྒྱལ་པོ་བི་ཛ་ཡ་ཀཱིརྟི་ལ་སོགས་པས་རྒྱ་གར་ཡུལ་དུ་དམག་དྲངས་ནས་སོ་ཀེང་ཅེས་བགྱི་བའི་གྲོང་ཁྱེར་ཕབ་པའི་ཚེ། རྒྱལ་པོ་བི་ཛ་ཡ་ཀཱིརྟི་ཤར་རིམ་མང་པོ་ཞིག་རྙེད་པ་ཡང་སྲུ་ཉོའི་མཆོད་རྟེན་དེའི་ནང་དུ་སྩལ། ཐོག་མ་དོག་ས་རྟོག་པའི་ཕུར་བུ་འདེབས་པའི་ཚེ། རྒྱལ་པོ་བི་ཛ་ཡ་ཀིར་ལ་དགེ་བའི་བཤེས་གཉེན་འཕགས་པ་སྤྱི་པྲིའི་ཞལ་ནས་ཕུར་བུ་འདི་ལ་རྒྱལ་པོས་ལག་པ་མས་ཡར་ལན་ལྔར་བྱ་བས་ན་མངོན་རྟགས་འབྱུང་ངོ་ཞེས་བགྱིད་པ་དང༌། རྒྱལ་པོས་ཀྱང་དོགས་བརྟག་པའི་ཤུག་པའི་ཕུར་བུ་ལ་ལྷག་པས་ལན་ལྔར་བྱབས་པ་དང༌། ཕུར་བུ་དེ་ལ་ཤུག་པའི་ཡལ་ཁ་ཁྲུ་གང་པ་ལྔ་དེ་མ་ཐག་ཏུ་དེའི་ཉིན་པར་སྐྱེས་ནས་སླད་ཀྱིས་ཤུག་པ་དེའི་དྲུང་དུ་བནྡེ་དག་གིས་དྷརྨ་བཀླགས་པ་དང་ཤུག་པ་དེ་ལས་ཆོས་བཤད་པའི་སྒྲ་དག་བྱུང་ནས་སླད་ཀྱིས་བནྡེ་གཞོན་ནུ་དག་དྷརྨ་ཐོགས་ཏེ་ཆོས་ཉན་པ་མཆིས་ན་ཡང༌། དེ་བཞིན་དུ་ཆོས་འཆད་པའི་སྒྲ་དག་བྱུང་བ་ལས་སླད་ཀྱིས་བནྡེ་གཅིག་གིས་དྷརྨ་ལོག་པར་བཀླགས་ནས་དེ་ལྟར་མ་ཡིན་ནོ་ཞེས་ལྷས་བསྒོ་བ་དང༌། མཉན་ནས་དེ་ཚུན་ཆད་ཆོས་བཤད་པའི་སྒྲ་ཡང་མ་བྱུང་སླད་ཀྱིས་གཙུག་ལག་ཁང་འདིའི་ཆབ་ཀ་ཆབ་ཀྱིས་འཚལ་ཏེ་ཆབ་མ་བྱིན་ནས་གཙུག་ལག་ཁང་ཞིག་ཏུ་ཉེ་བ་ལས། དགེ་སློང་བཙུན་པ་སུམ་དཔོན་ཞེས་བགྱི་བ་དགྲ་བཅོམ་དུ་ཉེ་བ་ཞིག་གིས་གཙུག་ལག་ཁང་དེ་མི་ཞིག་པར་བགྱི་བའི་སླད་དུ་དགྲ་བཅོམ་པར་འགྲུབ་པའི་དགེ་བའི་རྩ་བ་དེས་ཀླུར་སྐྱེ་བར་སྨོན་ལམ་བཏབ་ནས་དེ་མ་ཐག་ཏུ་ལུས་ལས་ཆད་བྱུང་ནས་མིའི་ལུས་ལ་འཕོས་པར་ཤེལ་ཆུ་ཆུང་ངུའི་ཀླུར་གྱུར་ན་དོག་སའི་འོག་ཏུ་ནུབ་ནས་དེང་སང་གི་བར་དུ་གཙུག་ལག་ཁང་དེའི་ཆབ་ཤེལ་ཆུ་ཆུང་ངུ་ལས་དྲངས་ཏེ། གཙུག་ལག་ཁང་འདི་ཡང་དེང་སང་གི་བར་དུ་མ་ཞིག་སྟེ། གཉན་ཞིང་བྱིན་ཆེ་བར་བགྱིད། སྲུང་མ་ཡང་ལྷ་སུ་ཛ་
― DTG173_Page_0364 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡ་དང༌། ཕྱག་བརྙན་སིང་ཧ་མུ་ཁ་དང༌། ཤེལ་ཆབ་ཆུང་ངུའི་ཀླུ་སུམ་དཔོན་གྱིས་སྲུང་ངོ༌།། །།དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་འབྲིའི་བུ་རྒྱལ་པོ་བི་ཛ་ཡ་སང་གྲ་མ་ཞེས་བགྱི་བ་དཔའ་ཞིང་རྩལ་ཆེ་བ་ཞིག་བྱུང་ནས། ཕྱི་དགྲ་མང་པོ་ཞིག་ལ་བསྡོས་ནས་སེམས་ཅན་ཕལ་ཆེར་བཀུ། དེའི་འོག་ཏུ་སེང་གེ་མི་ལ་རྒོལ་བ་ཞིག་བྱུང་སྟེ། དམག་གིས་བཏབ་ན་ཡང་འཁུམས་ཏེ་རྒྱལ་པོ་གཅིག་པུས་སེང་གེ་དེ་ལ་བརྒལ་ཏེ་ཟིན་ནས་བཀུ། དེ་ནས་རྒྱལ་པོ་དེའི་མིང་ཡང་སེང་གེར་བཏགས། རྒྱལ་པོ་དེ་ཡང་རི་དག་ཤོར་དུ་མཆིས་པ་ལས་ཤེལ་ཆབ་ཆུང་ངུའི་འགྲམ་དུ་ཚལ་ཞིག་ཏུ་དགོངས་བཏབ་པས། དེའི་ནུབ་མོ་ཚལ་དེའི་ནང་ནས་ཞུགས་མར་འདྲ་བ་ཞིག་རྒྱང་ནས་གདའ་ནས་སླད་དེ་ནང་པར་བལྟས་ན། དགེ་སློང་འཕགས་པ་དགྲ་བཅོམ་པ་འཛན་ན་ཡ་ཤོ་དེ་ན་བཞུགས་པ་ལས་འོད་བྱུང་བར་མཐོང་ནས། དད་པ་སྐྱེས་ཏེ་མཆོད་པ་བགྱིས་ནས་འཕགས་པ་འདི་ན་ཅི་མཛད་ཅེས་ཞུས་པ་དང༌། དགྲ་བཅོམ་པ་འཛན་ན་ཡ་ཤོའི་ཞལ་ནས་ས་འདི་ཡང་སྔོན་གྱི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ལགས་ཏེ། རྒྱལ་པོས་འདིར་གཙུག་ལག་ཁང་ཅིག་བརྩིག་པར་རིགས་སོ་ཞེས་བགྱིས་པ་དང༌། རྒྱལ་པོས་ཀྱང་འཕགས་པ་དེ་ལ་དད་པ་སྐྱེ་བའི་སླད་དུ་བསྒོ་བ་བཞིན་དུ་མཉན་ནས་སྡིག་པ་བཤགས། གཙུག་ལག་ཁང་གི་དོགས་བརྟག་པའི་ཕུར་བུ་བཏབ་ནས། གསེར་གྱི་གཞོང་བ་ཅིག་སྤྱི་བོ་ལ་བཟུང་སྟེ། ད་བདག་གིས་བརྩིགས་པ་གཙུག་ལག་ཁང་འདི་ཡུན་དུ་ཚུགས་ཤིང་བརྟན་པར་འགྱུར་ན་ཕྱོགས་བཅུ་ན་བཞུགས་པའི་འཕགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པའི་སྐུ་གདུང་བདག་གི་གཞོང་པ་འདིའི་ནང་དུ་སྩལ་བར་ཅི་གནང་ཞེས་སྨོན་ལམ་བཏབ་པ་དང༌། ནམ་མཁའ་ལས་ཤ་རི་རམ་མང་པོ་ཙམ་ཞིག་གཞོང་པའི་ནང་དུ་གཤེགས་ནས་རྒྱལ་པོ་སྔར་བས་ལྷག་པར་དད་པ་སྐྱེས་ཏེ། དགེ་བའི་བཤེས་གཉེན་ཡ་ཤོའི་སླད་དུ་དྷརྨ་ཀཱིརྟིས་གཙུག་ལག་ཁང་མཆོད་རྟེན་ཆེན་པོ་བརྩིགས་ཏེ། ནང་དུ་ཤ་རི་རམ་མང་པོ་ཙམ་པོ་ཞིག་སྩལ་བས་གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་བས་སྲུང་མ་རྣམ་ཐོས་ཀྱི་སྲས་དང༌། ལྷ་ཀ་པི་ལས་སྲུང༌།། །།དེ་ནས་རྒྱལ་པོ་བ་ཛི་ཡ་དྷརྨས་རྒྱལ་སྲིད་བཟུང་
― DTG173_Page_0365 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་མན་ཆད། བི་ཛ་ཡ་ཀཱིརྟིས་རྒྱལ་བོ་བགྱིས་པ་ཡན་ཆད། རྒྱལ་པོ་རབས་བཅུ་བཞིའི་བར་དུ་རེས་འགའ་ནི། ཡུལ་དུ་ཕྱི་དགྲ་གཞན་གྱིས་དམག་དྲངས་ཏེ་གཙེས། རེས་འགའ་ནི་ལི་རྗེ་དག་གིས་ཡུལ་གཞན་དུ་དམག་དྲངས་ནས་འབངས་ཀྱི་ཚིགས་གྱུར། དེའི་འོག་ཏུ་དྲུ་གུ་ཨ་ནོ་ཤོད་ཀྱིས་ལི་ཡུལ་དུ་དམག་དྲངས་ནས། འགོའོ་ཏོ་ཤན་མན་ཆད་ཀྱི་གཙུག་ལག་ཁང་ཕལ་ཆེར་མེས་བསྲེགས་ཏེ་ཡུལ་དམས། འབངས་འགྲིབས་ནས་གཙུག་ལག་ཁང་གསར་པ་རྩིག་པའི་རྔོ་མ་ཐོགས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཀཱིརྟིའི་བུ་རྒྱལ་པོ་བི་ཛ་ཡ་སང་གྲ་མ་ཞེས་བགྱི་བ་དགུང་ལོ་བདུན་ལོན་པ་ཞིག །རྒྱལ་པོར་ཞུགས་ནས་སླད་ཀྱིས་མི་ཐུར་སོན་པ་དང༌། ཡུལ་འདི་སུས་བཤིག །ཅིའི་སླད་དུ་དམས་ཞེས། དགེ་འདུན་རྒན་རབས་དང༌། །བློན་པོ་དག་ལ་སྨྲས་པ་ལས། དགེ་འདུན་དང༌། བློན་པོ་རྣམས་ཀྱང་དྲུ་གུ་ཨ་མོ་ནོ་ཤོད་ལ་སོགས་པས་སྔོན་ཡུལ་ཇི་ལྟར་བཤིག་པའི་ལོ་རྒྱུས་ཞིབ་ཏུ་བཤད་པ་དང༌། རྒྱལ་པོ་བི་ཛ་ཡ་སང་གྲ་མས་བློན་པོ་དག་ལ་དམག་ཚོགས་ཅི་མཆིས་པ་སྡུས་ཤིག་ཅེས་བསྒོ་ནས་སྔོན་གཙེས་ཤིང༌། ཡུལ་བཤིག་པའི་རྒྱལ་པོ་རྣམས་ཀྱི་ཡུལ་དུ་དམག་དྲངས་ཏེ། ལན་གླན་ནས་ཡུལ་བཤིག །སེམས་ཅན་ཕལ་ཆེར་བཀུ། དེ་ནས་སླར་ལོག་ནས་ཤེལ་ཆབ་འོག་མའི་འགྲམ་དུ་མཆིས་པ་དང༌། དགེ་སློང་བདུན་ཞིག་ཆབ་ཀྱི་ནང་དུ་ཁྲུས་བགྱིད་ཅིང་རྩེད་མོ་སྣ་ཚོགས་བགྱིད་པ་མཐོང་ནས། དགེ་སློང་གིས་ཚུལ་མ་ཡིན་པར་བྱེད་ཅེས་བྱས་པ་དང༌། དགེ་སློང་དེ་བདུན་ཡང་དེ་མ་ཐག་ཏུ་ནམ་མཁའ་ལ་ལྡིང་ནས་རྒྱལ་པོ་དེ་ལ་རྫུ་འཕྲུལ་རྣམ་པ་བཅུ་དྲུག་བསྟན་པ་དང༌། རྒྱལ་པོ་དེའི་ཡིད་ལ་བདག་གིས་སྔར་ཡང་སེམས་ཅན་མང་པོ་ཞིག་སྲོག་བཅད་དེ་བཀུ། ད་ཡང་འཕགས་པ་དེ་རྣམས་ལ་ངན་སེམས་བསྐྱེད་པ་རབ་ཏུ་ཉེས་སོ་སྙམ་པའི་འགྱོད་པ་ཆེར་སྐྱེས། འཕགས་པ་དེ་དག་གིས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་པ་མཐོང་ནས་དད་པ་ཡང་ཆེར་སྐྱེས་ཏེ། འཕགས་པ་དེ་དག་ག་ལ་བཞུགས་པའི་དྲུང་དུ་བསྙེན་ནས་མཆོད་པ་དང༌། བཤགས་སྦྱངས་བགྱིས། བཟོད་པར་གསོལ་ནས་འཕགས་པ་དགྲ་བཅོམ་པ་པོ་ཉན་རེ་ཏ་ལ་
― DTG173_Page_0366 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་པ་འཕགས་པ་བདུན་གྱི་ཕྱིར་འགུ་ཞན་གྱི་གཙུག་ལག་ཁང་བརྩིགས་ཏེ། འཕགས་པ་དགྲ་བཅོམ་པ་བདུན་གྱིས་ཀྱང་དོག་ས་དེ་བྱིན་གྱིས་བརླབས་ནས། ཞི་བའི་ས་དགུ་ཞན་ཏ་ཞེས་བགྱི་བར་གཙུག་ལག་ཁང་གི་མཚན་མ་ཡང་བརྟགས་ཏེ། གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་རབ་སྟེ། ལྷ་ཛི་ན་རི་ཤ་བ་དང༌། ནོར་བུ་བཟང་པོ་གཉིས་ཀྱིས་སྲུང་ངོ༌།། །།དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་སང་གྲ་མའི་བུ། རྒྱལ་པོ་བི་ཛ་ཡ་སིང་ཧ་ཞེས་བགྱི་བས་རྒྱལ་པོར་ཞུགས་ནས། དགེ་བའི་བཤེས་གཉེན་འཕགས་པ་དགྲ་བཅོམ་པ་དྷརྨ་པ་ལ་འཕགས་པ་ཁྱོད་ལ་རྫུ་འཕྲུལ་ཅི་མངའ་བ་བདག་ལ་བསྟན་པར་ཅི་གནང་ཞེས་གསོལ་པ་ལས། འཕགས་པ་དེའི་རྫུ་འཕྲུལ་གྱིས་རྒྱལ་པོ་བི་ཛ་ཡ་སིང་ཧ་དགའ་ལྡན་དུ་ཁྲིད་དེ། འཕགས་པ་བྱམས་པ་བཞུགས་པའི་གནས་དང༌། ཞལ་བསྟན་ནས་སླར་མཆིས་པ་དང༌། རྒྱལ་པོ་བི་ཛ་ཡ་སིང་ཧས་བཞའ་སེར་མའི་གཙུག་ལག་ཁང་རྩིགས་ཏེ། དགའ་ལྡན་ན་བྱམས་པ་འཁོར་དང་བཅས་པ་ཇི་ལྟར་བཞུགས་པའི་སྐུ་གཟུགས་བགྱིས། སླད་ཀྱིས་བྱམས་པ་ལ་མཆོད་པའི་སླད་དུ་མགོན་པོ་དང༌། ལྷ་ཀླུ་གཤེགས་པ་རྣམས་ཀྱིས་ཚུལ་ཅི་འདྲ་བ་མགོན་པོའི་རྟེན་ཁང་ཞིག་བརྩིགས་ནས་མགོན་པོ་དང༌། ལྷ་ཀླུའི་གཟུགས་བགྱིས་པ་ད་དུང་ཡང་བཞུགས་ཏེ། གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་བར་བགྱི། ལྷ་གངས་ཅན་དང༌། འབྲོག་གནས་ཞེས་བགྱི་བས་སྲུང༌། དེང་སང་གི་བར་དུ་མངོན་རྟགས་དང་མཚན་མ་དག་ཀྱང་འབྱུང་ངོ༌།། །།དེ་ནས་དེའི་འོག་ཏུ་ཡང་རྒྱལ་པོ་བི་ཛ་ཡ་བ་ལ་མན་ཆང༌། རྒྱལ་རབས་དྲུག་གི་བར་དུ་གཙུག་ལག་ཁང་གཞན་མ་བརྩིགས་སོ། །དེ་ནས་དེའི་འོག་ཏུ་ཡང་རྒྱལ་པོ་བི་ཛ་ཡ་བ་ལ་ཞེས་བྱ་བའི་བུ་རྒྱལ་པོ་བི་ཛ་ཡ་སང་གྲ་མ་ཞེས་བགྱི་བ་རྒྱལ་པོར་བགྱིད་པའི་ཚེ། ཅུ་གུ་པན་ནས་ཚེའུ་པ་ནའི་སྐུ་གཟུགས་ནམ་མཁའ་ལས་ལྡིང་སྟེ། ལི་ཡུལ་དུ་གཤེགས་པ་རྒྱལ་པོས་མཐོང་ནས་དད་པའི་ཤུགས་ཀྱིས་སངས་རྒྱས་བཞུགས་པའི་དྲི་གཙང་ཁང་བརྩིགས། དེ་ནས་སླད་ཀྱིས་རྒྱལ་པོ་དེའུ་ཐེན་གྱི་སྐུ་མཁར་གྱི་སྟེང་གི །བྱང་སྒོའི་སྒོ་
― DTG173_Page_0367 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁང་ན་མཆིས་པ་ཞིག་གི་ཚེ་ན་བ་ལྟ་ན་སྐུ་མཁར་གྱི་སླད་རོལ་ན་དགེ་སློང་ཅིག་ཁྱིམ་པ་སྐྱེ་བོ་ལ་ཕྱག་འཚལ་ཏེ་བཀའ་མཆིད་མཆི་བ་མཐོང་ནས་དོ་མཚར་དུ་མཐོང་སྟེ། རྒྱལ་པོ་དེས་བློན་པོ་ཞིག་མངགས་ནས་ཞིབ་ཏུ་རྟོག་ཏུ་བཏང་བ་ལས། བློན་པོ་དེས་དགེ་སློང་དང༌། སྐྱེ་བོ་ལ་སོ་སོར་རྨས་ནས་དགེ་སློང་གི་མཆིད་ས་ཁྱིམ་པ་སྐྱེ་བོ་འདི་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ལགས་ཞེས་མཆི། ཁྱིམ་པ་སྐྱེ་བ་དེའི་མཆིད་ནས་དགེ་སློང་འདི་འཕགས་པ་སའི་སྙིང་པོའི་སྤྲུལ་པ་ལགས་ཞེས་མཆི་བ་དང༌། བློན་པོ་དེས་ཀྱང་རྒྱལ་པོ་ལ་དེ་བཞིན་དུ་སླར་གསོལ་བ་དང༌། རྒྱལ་པོ་བི་ཛ་ཡ་སང་གྲམ་ཡང་དེ་མ་ཐག་ཏུ་འཕགས་པ་དེ་དག་གི་དྲུང་དུ་བསྙེན་ནས་ཕྱག་འཚལ་མཆོད་པ་བགྱིས་ནས། འཕགས་པ་དག་ག་ལས་གཤེགས་ཞེས་ཞུས་པ་དང༌། འཕགས་པ་གཉིས་ཀྱི་ཞལ་ནས་བདག་ཅག་གཉིས་ཀྱང་ཤར་ཕྱོགས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ནས་སེམས་ཅན་གྱི་དོན་ལ་འདིར་འོངས་སོ་ཞེས་འབྱུང་བ་དང༌། དེ་ནས་རྒྱལ་པོ་བི་ཛ་ཡས་སད་གྲ་མའི་མཆིད་ནས་འཕགས་པ་ཐུགས་རྗེ་དང་ལྡན་པ་གཉིས་ཀྱིས་རྫུ་འཕྲུལ་གྱི་མཐུ་སྟོབས་ཀྱིས། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་བདག་ལ་བསྟན་པར་ཅི་གནང་ཞེས་གསོལ་པ་དང༌། དེ་བཞིན་དུ་གནང་ནས་དེ་བཞིན་གཤགས་པ་མི་འཁྲུགས་པའི་ཞལ་ནས། སངས་རྒྱས་ཀྱི་ཞིང་ཡང་བསྟན་པ་དང༌། རྒྱལ་པོ་དེས་དེ་བཞིན་གཤེགས་པའི་སྐུ་དང༌། སངས་རྒྱས་ཀྱི་ཞིང་ཡང་མཐོང༌། ནམ་མཁའ་ལས་ཤིང་རྟའི་སྟེང་ནས་སངས་རྒྱས་མང་པོ་ཞིག་གཤེགས་ནས། དེ་དག་གིས་འོད་ཟེར་བཏང་བརྒྱལ་པོའི་སྤྱི་བོར་རིག་པར་མཐོང་སྟེ། དད་པའི་ཤུགས་ཀྱིས་སངས་རྒྱས་ཀྱི་གཟུགས་ཇི་ལྟར་མཐོང་བ་བཞིན་དུ་གཟུགས་སུ་ཡང་བགྱིས་ཏེ། ཤིང་རྟའི་ནང་དུ་བྱང་སྲང་དུ་ཡང་དྲངས་ནས་མཆོད་པ་ཆེན་པོ་བགྱིས་ཏེ། དེང་སང་གི་བར་དུ་ཡང་དཔྱིད་བླ་ར་བ་ཡར་གྱི་ངོ་ལ་བྱང་སྲང་དུ་སྐུ་གཟུགས་ཆེན་པོ་འདྲེན་པ་དང༌། དགེ་འདུན་སྡེ་གཉིས་སྤྱན་དྲངས་ནས་བྱང་ཆུབ་འབྱུང་གནས་བཀྲ་ཤིས་བསིལ་བའི་ཚུལ་དུ་མཆོད་རྟེན་གསོལ་ཞིང༌། མོ་ཧོ་རའི་
― DTG173_Page_0368 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཆོད་པ་ཆེན་པོ་བགྱིས་པ་ཡང་རྒྱལ་པོ་དེས་བགྱིས་ནས་དགེ་བའི་བ་ཤེས་གཉེན་འཕགས་པ་དགྲ་བཅོམ་པ་མོ་དགུ་དེ་ཤི་ཨ་བ་ཡ་དྷང་གི་སླད་དུ་བཞའ་སང་གྲེ་རེ་མའི་གཙུག་ལག་ཁང་བརྩིགས་ཏེ། རྣམ་ཐོས་ཀྱི་སྲས་དང༌། ཡང་དག་ཤེས་བགྱི་བ་ཡང་སྲུང་ངོ༌།། །།དེ་ནས་རྒྱལ་པོ་བི་ཛ་ཡ་ཤ་སྟ་མན་ཆད་རྒྱལ་པོ་རབས་བཞིའི་བར་དུ་གཙུག་ལག་ཁང་གསར་པ་གཞན་མ་བརྩིགས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཀིར་ཞེས་བགྱི་བ་འགུམ་ཏིར་དུ་མཆིས་པ་ལས། ད་ལྟར་བྷ་བ་ཉའི་གཙུག་ལག་ཁང་བཞུགས་པའི་སར་མཆིས་པ་དང༌། ཀླུའི་རྒྱལ་པོ་ཞིག་དེར་བྱུང་ནས་རྒྱལ་པོ་བི་ཛ་ཡ་ཀའི་རིལ་སྨྲས་པ། སྔོན་སངས་རྒྱས་འོད་སྲུངས་ཀྱི་ཚེ་དོགས་འདི་བྱིན་གྱིས་བརླབས་ནས་གཙུག་ལག་ཁང་བརྩིགས་པའི་ས་འདི་ཡིན་ཏེ། དེ་ཡང་རྒྱལ་པོ་ཁྱོད་ཀྱིས་གཙུག་ལག་ཁང་གཅིག་བརྩིག་པའི་རིགས་སོ་ཞེས་བགྱིས་པ་དང༌། རྒྱལ་པོས་སྨོན་ལམ་བཏབ་པ། ད་ལྟར་འཛམ་བུའི་གླིང་ན་འཕགས་པ་དག་གིས་བྱིན་གྱིས་བརླབས་ཏེ་འདིར་གཤེགས་པར་གནང་ན། བདག་གིས་གཙུག་ལག་ཁང་བརྩིག་པར་འཚལ་ལོ་ཞེས་སྨོན་ལམ་བཏབ་པ་དང༌། དེ་མ་ཐག་ཏུ་ནམ་མཁའ་ལས་འཕགས་པ་དགྲ་བཅོམ་པ་བཅུ་བདུན་གཤེགས་ནས་རྒྱལ་པོ་བི་ཛ་ཡ་ཀིར་ཡང་དད་པའི་ཤུགས་ཆེན་པོ་སྐྱེས་ཏེ། རྒྱལ་པོ་དང་བཙུན་མོ་ལག་དར་ཏེ། བྷ་བ་ཉའི་བསྒོམ་ས་དང༌། གཙུག་ལག་ཁང་བརྩིགས་ཏེ། གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་བར་བགྱིད། ལྷ་གཞན་གྱིས་མི་ཐུབ་པ་དང་ནོར་བུ་བཟང་པོས་སྲུང་ངོ༌། །གཙུག་ལག་ཁང་འདི་ཡང་གནའ་བོད་ཀྱི་མངའ་རིས་སུ་གཏོགས་པའི་ཚེ་མགར་བློན་བཙན་ཉེན་གུང་སྟོན་ལི་ཡུལ་གྱི་དབང་པོ་བགྱིད་པའི་ཚེ་བརྩིགས་པ་ལགས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་སང་གྲ་མ་དང་བུ་རྒྱལ་པོ་བི་ཛ་ཡ་སང་གྲ་མ་སྤང་རྒྱ་ཡུལ་དུ་མཆིས་ནས་སླར་ལི་ཡུལ་དུ་མཆི་བའི་བར་དུ་དྲུ་གུའི་དམག་གིས་ཤུལ་ཁུམས་པ་ལས་ཕ་ནི་རྒྱ་ཡུལ་དུ་གུམ། བུ་ཆུང་སྟེ་སླར་མཆི་བའི་རྔོ་མ་ཐོགས་པའི་སྐབས་སུ། ལིའི་བློ་ན་པོ་ཨ་མ་ཆ་ཁེ་མེག་ཅེས་བགྱི་བས་དགུང་ལོ་བཅུ་གཉིས་ཀྱི་བར་དུ་རྒྱལ་ཚབ་བགྱིས་ནས་རྒྱལ་སྲིད་བཟུང་བའི་དགེ་བའི་བཤེས་གཉེན་དགེ་སློང་འཕགས་པ་བ་རུ་ན་ཙ་ཞེས་
― DTG173_Page_0369 ―
[མ་དཔེ་གཟིགས་ན་འདིར་གནོན།]
བགྱི་བའི་སླད་དུ་མ་ན་འདིའི་མཆོད་རྟེན་དང༌། གཙུག་ལག་ཁང་བརྩིགས་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་ཤ་རི་རམ་མང་དུ་བཙལ་ཏེ། དེ་ལྟར་གཙུག་ལག་ཁང་འདི་ལྷ་ནམ་མཁའི་སྤྱན་དང་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་ཞེས་བགྱི་བས་སྲུང་ངོ༌། །དེ་ནས་རྒྱལ་བོ་བི་ཛ་ཡ་སང་གྲ་མའི་བུ་རྒྱལ་པོ་བི་ཛ་ཡ་བི་ཀྲ་མ་ཞེས་པས་སླར་ལི་ཡུལ་དུ་མཆིས་ནས། དགེ་བའི་བཤེས་གཉེན་འཕགས་པ་དགྲ་བཅོམ་པ་དེ་བེནྡྲ་ཆེན་གྱི་སླད་དུ་གཙུག་ལག་ཁང་བྱི་ཞ་གྲེ་རྨ་བརྩིགས་ཏེ། ད་ལྟར་ལྷ་གཞན་གྱིས་མི་ཐུབ་པ་དང༌། ནོར་བུ་བཟང་བོས་སྲུང་ངོ༌།། །།དེ་ནས་དེའི་འོག་ཏུ་རྒྱའི་བློན་བོ་སེར་ཐེ་ཤི་དང་རྒྱལ་པོ་བི་ཛ་ཡ་དྷ་རྨ་གཉིས་ཀྱིས་དག་བའི་བཤེས་འགུམ་ཏིར་གྱི་བར་མག་འཛིན་སེ་ན་ཞེས་བགྱི་བའི་སླད་དུ་བོང་མཁར་གྱི་བྱམས་པ་མཻ་ཏྲིའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་གཙུག་ལག་ཁང་འདི་རྣམ་ཐོས་སྲས་ཀྱིས་སྲུང་ངོ༌། །དེ་ནས་དེའི་འོག་ཏུ་རྒྱལ་པོའི་བློན་པོ་ཀ་ཐེ་ཤི་དང༌། རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ཞེས་བྱ་བ་གཉིས་ཀྱིས་དགེ་བའི་བཤེས་གཉེན་ཨུ་དེ་ན་དྲ་རོད་ཅི་དང༌། དྷརྨཱ་ནནད་གཉིས་ཀྱི་སླད་དུ་ཁེ་གན་རྩེའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་གཙུག་ལག་ཁང་འདི་རྣམ་ཐོས་སྲས་ཀྱིས་སྲུང་ངོ༌། །ཐོག་མ་དགེ་སློང་འཕགས་བ་བཻ་རོ་ཙ་ན་ཙར་མའི་ཚལ་དུ་གཤེགས་པ་ཕྱུགས་རྫི་ལ་སོགས་པ་མི་འོག་མ་དག་གིས་མཐོང་ནས། རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ལ་བདག་ཅག་གིས་སྔ་ན་མ་མཐོང་བའི་མི་འདི་ལྟ་བུ་ཞིག་ཙར་མའི་ཚལ་དུ་མཆིས་སོ་ཞེས་གསོལ་པ་དང༌། རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ཡང་དེ་མ་ཐག་ཏུ་ཙར་མར་མཆིས་ནས་འཕགས་པ་བཻ་རོ་ཙ་ན་མཐོང་བ་དང༌། དད་བ་སྐྱེས་ནས་ཕྱག་འཚལ་མཆོད་པ་བགྱིས་ནས། འཕགས་པ་དེས་ཀྱང་རྒྱལ་བོ་བི་ཛ་ཡ་སཾ་བྷ་བའི་དགེ་བའི་བཤེས་གཉེན་བགྱིས་ནས་ལེགས་ཉེས་གཉིས་ཀྱི་འབྲས་བུ་བསྟན་ཏོ། །ཆོས་བཤད་བཤགས་སྦྱོབ་བགྱིད་དུ་སྩལ་བ་ལས། རྒྱལ་པོ་དེ་ཡང་ཆོས་ཀྱི་མིག་བྱེ་ནས་ལྷག་པར་ཡང་དད་པ་སྐྱེས་ནས་རྒྱལ་པོ་སླར་སྐུ་མཁར་དུ་མཆིས་ནས་ཐོག་མ་འཕགས་པ་བེ་རོ་ཙ་ན་གཤེགས་སོ་ཞེས་བཀའ་མཆིད་སྙན་པ་ཐོས་པའི་སར་མཆོད་རྟེན་ཆེན་པོ་ཞིག་བརྩིགས་ཏེ། མིང་
― DTG173_Page_0370 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་སུ་སྟོང་ཉར་བཏགས། སླད་ཀྱིས་མཆོད་རྟེན་དེ་ཡུན་རིངས་པས་ཞིག་ནས། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་བོ་ཧན་ཆེན་པོ་དང༌། རྒྱ་ཡུལ་ནས་མཆིས་པའི་དགེ་སློང་འབའ་ལ་ཤི་ཞེས་བགྱི་བ་མཆིས་པས་ཙར་མའི་དགེ་འདུན་དགེ་བའི་བཤེས་གཉེན་དུ་སྤྱན་དྲངས་ནས་སུ་སྟོང་ཉའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་རྣམ་ཐོས་ཀྱི་སྲས་ཀྱིས་སྲུང་ངོ༌།། །།དགེ་སློང་མའི་གཙུག་ལག་ཁང་རྣམས་ཀྱི་གཏན་ཚིགས་དང༌། སྔ་ཕྱིའི་གོ་རིམས་ལ་རྒྱལ་བོ་བི་ཛ་ཡ་སིང་ཧ་ཞེས་བགྱི་བ་ཞིག་ཆུང་དུ་ནས་རྒྱལ་པོར་ཞུགས་ཏེ། ཆུངས་པའི་སྐབས་སུ་བློན་པོ་ཁ་ཅིག་གིས་རྔན་ཅན་བགྱིས་ཏེ། རྒྱལ་མོ་དང༌། མཆིས་འབྲང་སླས་དང༌། ནང་འཁོར་མ་རྣམས་དག་མི་རིགས་པ་བགྱིས་ནས་སླད་ཀྱིས་རྒྱལ་པོ་དེ་ཆེན་པོར་གྱུར་ནས། སྡར་བློན་པོ་དེ་དག་གིས་རྔན་ཅན་བགྱིས་ཤིང་བརྙས་པ་དེ་དྲན་ནས། ཁོན་དྲན་པར་གྱུར་ཏེ། སླད་ཀྱིས་རྒྱལ་པོ་དེས་བློན་པོ་རྣམས་རི་དག་ཤོར་བ་ལྟར་ཐབས་ཀྱིས་བྲིད་ནས་འུ་ཐེན་གྱི་ཤེལ་ཆབ་གོང་མའི་ཡུལ་པ་རོ་གཟའ་ཞེས་བགྱི་བློན་པོ་བདུན་ཅུ་རྩ་ལྔ་བཀུ་ནས། སླད་ཀྱིས་རྒྱལ་པོ་དེར་གཙུག་ལག་ཁང་ཞིག་ཀྱང་བརྩིགས། དེ་ནས་སྐུ་མཁར་དུ་མཆིས་ནས་རྒྱལ་པོ་མཆིས་པའི་གནས་ནས་རྒྱལ་མོ་དང༌། སླས་དང༌། ནང་འཁོར་མ་མཆིས་པའི་ཁང་པ་ཕྱི་སྒོ་བཀུ་ནས་འགྲུལ་བཅད། དེ་བཞིན་དུ་འགུམ་པར་བགྱིས་པ་ལས། རྒྱལ་པོ་དེའི་བཙུན་མོ་འཁོར་དང་བཅས་པ་ཕོངས་ཏེ་ཉམ་ཐག་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་ནས་བརྗོད། མཆོད་པ་བགྱིས་ཏེ། ལྷ་ཁང་བསྐོར་དྷརྨ་བཀླགས། བསོད་ནམས་ཆེར་བགྱིས་པའི་མཐུས་རྒྱ་གར་ཡུལ་ནས་འཕགས་པ་དགྲ་བཅོམ་པ་མ་ཡ་ཤ་པྲ་འཛན་དང༌། སྠྱ་ཤུ་ཏ་དང༌། སང་ཧནད་ལ་སོགས་པ་ནམ་མཁའ་ལ་ལྡིང་སྟེ། རྒྱལ་མོ་མོག་ཤ་ཀོ་ཤ་དང༌། ས་ལུ་ཅ་ལ་སོགས་པ་འཁོར་མཆིས་པའི་དྲུང་དུ་གཤེགས་ནས་རྒྱལ་མོ་དེ་དག་ལ་ཆོས་བཤད་དེ་རབ་ཏུ་བྱུང་བ་ལས་ངང་པའི་ཤུགས་ཀྱིས་དེ་མ་ཐག་ཏུ་རྒྱལ་མོ་དེ་དག་གི་འཁོར་ལས་བརྒྱ་རྩ་བཅུ་གཉིས་དགྲ་བཅོམ་པར་གྱུར་ནས་ནམ་མཁའ་ལ་ལྡིང་སྟེ། བསོད་སྙོམས་ལེན་དུ་གཤེགས་པ་རྒྱལ་པོ་བི་ཛ་ཡ་སིང་ཧས་མཐོང་ནས། དེ་མ་ཐག་ཏུ་གནས་དེར་མཆིས་ཏེ་བལྟས་ན་རྒྱལ་མོ་མོག་ཤ་ཀོ་ཤ་
― DTG173_Page_0371 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང། ས་ལུ་ཅ་ལ་སོགས་པའི་འཁོར་རིལ་རབ་ཏུ་བྱུང་སྟེ། ཕལ་ཆེར་དགྲ་བཅོམ་པར་གྱུར་ཏེ། རྫུ་འཕྲུལ་སྣ་ཚོགས་བསྟན་པ་མཐོང་ནས་རྒྱལ་པོ་ཡང་རབ་ཏུ་དགའ་ནས་དད་པའི་ཤུགས་ཀྱིས་གནས་དེ་ཉིད་དུ་གཙུག་ལག་ཁང་བརྩིགས་ཏེ། བྲན་ཞིང་དང༌། ནོར་ཕྱུགས་ལ་སོགས་པ་མཆོད་པའི་ཡོ་བྱད་མང་པོ་ཙམ་ཞིག་ཕུལ་ནས་གཙུག་ལག་ཁང་དེའི་མིང་ཡང་ནུའོ་ཉ་ཞེས་བཏགས་ཏེ། གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་བར་བགྱིད། ད་ལྟར་ལྷ་ཕུར་པའི་ལག་པ་ཞེས་བགྱི་བས་སྲུང༌།། །།དེ་ནས་དེའི་འོག་ཏུ་རྒྱལ་པོ་འདོན་འདྲོས་ཀྱི་བཙུན་མོ་རྒྱ་རྗེའི་སྲས་མོ་ཤོ་རྒྱ་ཞེས་བགྱི་བའི་བུ་མོ་དགེ་སློང་མ་ཤོའི་ཛ་ཡ་ཞེས་བགྱི་བ་དགྲ་བཅོམ་ནས་ནུ་མོ་ཡོ་ཤ་རྒྱའི་དགེ་བའི་བཤེས་གཉེན་བགྱི་བའི་སླད་དུ་རྒྱ་ཡུལ་ནས་འུ་ཐེན་དུ་མཆི་བའི་ཕྱིར་ནུ་མོ་རྒྱལ་མོ་ཤོ་རྒྱས་ཡོ་ཟོ་འཇོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ཀླུའི་རྒྱལ་པོ་ད་ཅི་དང༌། ད་ར་གཉིས་སྲུང༌།། །།དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཤ་ཏའི་ནུ་བོ་ཨ་མ་ཅ་ཟེ་རོའི་མཆིས་འབྲང་དུ་སུ་ཧ་ཚོ་ཧ་ཞེས་བགྱི་བ་ཁྱིམ་ཐབ་གསུམ་པ་དང༌། བུད་མེད་དེ་ལ་རྒྱལ་པོའི་མཆིད་ནས་བདག་དང་མི་ཕྲད་དུ་མི་རུང་ངོ་ཞེས་བགྱིས་པ་དང༌། བུད་མེད་དེའི་མཆིད་ནས་བདག་དགུང་བདུན་ཞིག་ཁྱིམ་ཐབ་ཀྱི་འདུན་བགྱིད་ཅིང་སླད་རོལ་དུ་མི་མཆི་བར་ཅི་གནང་ཞེས་གསོལ་པ། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ནས་དེ་མ་ཐག་ཏུ་བུད་མེད་དེ་ཡང་གསང་སྟེ་རབ་ཏུ་བྱུང་ནས་དགུང་བདུན་གྱི་བར་དུ་སེམས་རྩེ་གཅིག་ཏུ་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམས་ནས། དེ་བཞིན་གཤེགས་པའི་ཞལ་ཡང་མངོན་སུམ་དུ་མཐོང་ནས་དགྲ་བཅོམ་སྟེ་མིང་ཡང་བུདྡྷ་ནནྡར་བཏགས། དེ་ནས་དགུང་བདུན་ལགས་པ་དང༌། རྒྱལ་པོས་བུད་མེད་དེ་འགུགས་པ་ཞིག་བཏང་བ་དེའི་མཆིད་ནས་མོ་རབ་ཏུ་བྱུང་སྟེ། འཕགས་མ་དགྲ་བཅོམ་མར་གྱུར་ནས། ད་ལྟར་འོད་ཀྱང་འབྱུང་ཞིང་མཆིས་སོ་ཞེས་བགྱིས་པ་དང༌། རྒྱལ་པོ་དེར་མ་ཆིས་ནས་འཕགས་མ་དེ་ལ་འོད་ཀྱང་འབྱུང༌། རྫུ་འཕྲུལ་སྣ་ཚོགས་བསྟན་པ་ཡང་མཐོང་ནས་དད་པ་སྐྱེས་ཏེ། དེ་ནས་འཕགས་མ་བུདྡྷ་ནནདའི་སླད་དུ་ཟེར་རོ། །འཛོའི་གཙུག་ལག་ཁང་བརྩིགས་ཏེ་གཉན་ཞིང་བྱིན་ཆེ་བར་བགྱིད། ད་ལྟར་
― DTG173_Page_0372 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྷ་དགའ་བའི་དབང་ཕྱུག་ཅེས་བྱ་བས་སྲུང༌།། །།དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ནནད་ཞེས་བགྱི་བ་ནམ་གྱི་རྒྱལ་པོ་ཁུ་མར་བྱ་བའི་མཆིས་འབྲང་དང༌། མཇལ་བའི་བུ་མོ་གཅིག་ཅིག་མཆིས་པ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་པས་བལྟས་ན། བདག་ནི་ལི་རྗེ་བི་ཛ་ཡ་མ་ཏིའི་བུ་མོ་ལགས་པར་ཐུགས་སུ་ཆུད་ནས་འཕགས་པ་དྷརྨ་བ་ལ་དེ་དང༌། དགེ་སློང་མ་འཕགས་མ་ཉི་ཤུ་ཤུ་ལིག་ནས་ནམ་མཁའ་ལས་ལྡིང་སྟེ་ལི་ཡུལ་དུ་གཤེགས་ནས་རྒྱལ་པོ་ཡབ་ལ་ཐོག་མའི་ལོ་རྒྱུས་ཀྱང་བཤད། རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱང་བསྟན་པས་རྒྱལ་པོ་ཡང་དང་པ་སྐྱེས་ནས་བུ་མོ་འཕགས་མ་དགྲ་བཅོམ་མ་དྷརྨ་བ་ལའི་སླད་དུ་པོ་ཡེན་དོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་རྣམ་ཐོས་ཀྱི་སྲས་དང༌། ཀླུའི་རྒྱལ་པོ་ཧུ་ལོར་བགྱི་བས་སྲུང༌། དེ་ནས་དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་སང་གྲ་མ་སེང་གེ་ཞེས་བགྱི་བའི་མ་རྒྱལ་མོ་དྷརྨ་ཞེས་བགྱི་བ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་སྤྱིལ་པོའི་ནང་དུ་བསྒོམ་ཞིང་མཆིས་པ་ལས་ནུབ་མོ་འོད་ཕྱུང་སྟེ། རྒྱལ་པོས་མཚན་མ་གཟུགས་པའི་ཕྱིར་མདའ་ཅིག་འཕངས། ནང་པར་མདའ་ཚོལ་དུ་བཏང་བའི་ས་དེ་ན་རྒྱལ་པོའི་མ་དྷརྨ་དེ་བཞུགས་པ་མཐོང་ནས་རྒྱལ་པོ་ཡང་དད་པ་སྐྱེས་ཏེ། མ་འཕགས་མ་དགྲ་བཅོམ་མ་དྷརྨ་ཞེས་བགྱི་བའི་སླད་དུ་རྒྱལ་པོས་དྲོ་མོ་མཛའ་ཞེས་བགྱི་བའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ལྷ་སེར་སྐྱས་སྲུང༌། དེ་ནས་རྒྱལ་པོ་བི་ཛ་ཡ་སང་གྲ་མའི་ནུ་བོ་བྲེ་སྱ་སྟུ་ལག་ཅེས་བགྱི་བ་ཞིག་གིས་རྒྱལ་པོ་གྲུ་གུ་མོ་ཞིག་རབ་ཏུ་བྱུང་ནས་མིང་ཡང་ཨ་ཤུ་ཀ་སུམ་ཞེས་བགྱི་བར་བཏགས་ཏེ་དགྲ་བཅོམ་པའི་སླད་དུ་དད་པ་སྐྱེས་ནས། ཏྲ་ཀེ་འཛོ་ཞེས་བགྱི་བའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་ཀྱིས་སྲུང༌།། །།དེ་ནས་གཙུག་ལག་ཁང་འགུ་ཞན་བརྩིགས་པའི་རྒྱལ་པོ་བི་ཛ་ཡ་སང་གྲ་མའི་མཆིས་འབྲང་རྒྱལ་པོ་འཕྲོམ་གེ་སར་གྱི་བུ་མོ་འུ་རོང་ག་ཞེས་བགྱི་བའི་བུ་མོ་གཉིས་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ་འཕགས་མ་དེ་གཉིས་གཅིག་གི་མཚན་ནི་ཤིལ་མ་ཏ་ཞེས་བགྱི། གཅིག་གི་མཚན་ནི་གཽ་ཤ་ར་ཞེས་བགྱི་སྟེ། འཕགས་མ་དེ་གཉིས་ཁ་ཆེ་ཡུལ་ནས་ནམ་མཁའ་ལ་ལྡིང་སྟེ། མ་རྒྱལ་མོའུ་རོང་གི་དགེ་བའི་
― DTG173_Page_0373 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཤེས་གཉེན་དུ་གཤེགས་ཏེ། འཕགས་མ་དེ་ཉིད་གཉིས་ཀྱི་སླད་དུ་རྒྱལ་མོས་ཧོ་རོན་འཛོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ཀླུའི་རྒྱལ་པོ་ཧུ་ལོར་བགྱི་བ་དང༌། གསེར་གྱི་སྐྲ་ཞེས་བགྱི་བ་གཉིས་སྲུང༌།། །།དེ་ནས་རྒྱལ་པོ་བི་ཛ་ཡ་ཀཱིརྟིའི་བུ་མོ་བི་ཞ་ཛ་ཡས་བུ་མོ་འཕགས་མ་དགྲ་བཅོམ་མ་བི་ཏ་ཤེ་ཅའི་སླད་དུ་པོ་ལོན་ཇོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་ཀྱིས་སྲུང༌།། །།དེ་ནས་རྒྱལ་པོ་བི་ཛ་ཡ་བ་ལའི་བུ་མོ་གུ་ཟན་གྱི་རྒྱལ་མོའི་མཆིས་འབྲང་བགྱིད་པའི་ཞ་ཕྲ་བ་ཞེས་བགྱི་བས་བུ་མོ་དགེ་སློང་མ་འཕགས་མ་དགྲ་བཅོམ་མ་བི་ཞ་ཛ་ཡའི་སླད་དུ་ཨེན་མོ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་སེར་སྐྱས་སྲུང༌།། །།དེ་ནས་རྒྱལ་པོ་བི་ཛ་ཡ་བ་ལ་ཞེས་བགྱི་བས་སྔ་སླད་དུ་སེམས་ཅན་མང་པོ་ཞིག་བཀུམ་ནས་འགྱོད་པ་སྐྱེས་ཏེ། བསོད་ནམས་ཕལ་ཆེར་བགྱིས། མཆིས་འབྲང་ཡང་ཐར་པར་བཏང་ནས་འཕགས་མ་དགྲ་བཅོམ་མར་གྱུར་པའི་སླད་དུ་དད་པ་སྐྱེས་ནས་ཁོ་མོ་ནོ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ང་ལྟར་རྣམ་ཐོས་ཀྱི་སྲས་ཀྱིས་སྲུང་ངོ༌།། །།དེ་ནས་ལི་རྗེའི་བློན་པོ་ཨ་མ་ཅ་ཁེ་མེག་ཅེས་བགྱི་བས་ཕུ་བོ་འོ་སྤུན་གསུམ་གདུགས་གཅིག་ཏུ་བཀུམ་ནས། མ་ཡང་ཐར་བར་ཞུགས་ནས་དེ་ཉིད་དུ་ཨ་མ་ཅ་ཁེ་མེག་གིས་གུས་སྡེ་རེ་མའི་གཙུག་ལག་ཁང་བརྩིགས་ཏེ། དེ་ལྟར་ལྷ་ནམ་མཁའི་སྤྱན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་ཀྱིས་སྲུང༌། དེ་ནས་རྒྱལ་པོ་བི་ཛ་ཡ་ཛ་ཡ་ཞེས་བགྱི་བས་ཨོ་སྐུའི་རྒྱལ་པོའི་བུ་མོ་མཆིས་འབྲང་དུ་བླངས་ཏེ། རྒྱལ་མོ་དེས་དགེ་བའི་བཤེས་གཉེན་འཕགས་མ་དགྲ་བཅོམ་མ་གཞེ་མའི་སླད་དུ་ཨོ་སྐ་ནོའི་གཙུག་ལག་ཁང་བརྩིགས་ཏེ། དེ་ལྟར་ལྷ་མོ་ཞེས་བགྱི་བས་སྲུང༌།། །།དེ་ནས་རྒྱལ་པོ་བི་ཛ་ཡ་སང་གྲ་མས་ཀུས་པའི་ཨོར་མྱོང་ནག་གི་གཙུག་ལག་ཁང་བརྩིགས་ཏེ། ནང་ཀོར་མ་མང་ཞིག་ཐར་པར་སྐྱེས་ནས་ད་ལྟར་རྒྱལ་པོ་ཀུ་ནའི་སྲུང་མའི་ལྷ་མོ་གསེར་གྱི་མེ་ཏོག་དང༌། ལྷ་མོ་དུང་ཅན་གཉིས་སྲུང༌།། །།དེ་ནས་རྒྱལ་པོ་བི་ཛ་ཡ་བ་ལས་ཅུ་གུན་པན་གྱི་རྒྱལ་པོའི་བུ་མོ་ཤུ་ཏོ་ཀ་ཞེས་བགྱི་བ་མཆིས་འབྲང་དུ་བླངས་པའི་བུ་མོ་དགེ་སློང་མ་དགྲ་བཅོམ་མ་ཨ་ཤོ་ཀ་ཤཱི་ལའི་སླད་དུ་གཙོའུ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ལྷ་ཨ་བ་ལྷ་དང༌། ལྷ་འཛམ་
― DTG173_Page_0374 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྷ་ཀེ་རུ་ཏ་ཞེས་བགྱི་བ་གཉིས་སྲུང༌།། །།དེ་ནས་རྒྱལ་པོ་བི་ཛ་ཡ་སིང་ཧའི་མཆིས་འབྲང་ག་འཇག་གི་རྒྱལ་མོ་ཨ་ལྱོང་ཛ་ཞེས་བགྱི་བའི་དགེ་བའི་བཤེས་གཉེན་དུ་ཤུ་ལིག་ནས་དགེ་སློང་མ་འཕགས་མ་དགྲ་བཅོམ་མ་བདུན་གཤེགས་པའི་སླད་དུ་རྒྱལ་པོ་བི་ཛ་ཡ་སིང་ཧས་ཁྱེ་ཤོ་ནོའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་ལྷ་སེར་སྐྱས་སྲུང༌། རྒྱལ་པོ་བི་ཛ་ཡ་སང་གྲ་མ་རྒྱལ་པོ་བགྱིད་པའི་ཚེ་ཁ་ཆེའི་ཡུལ་ནས་དགེ་སློང་མ་འཕགས་མ་དགྲ་བཅོམ་མ་ཤཱི་ལ་ཏ་དང༌། གཽ་ཤུཪྻ་ཞེས་བྱ་བ་གཉིས་ནམ་མཁའ་ལས་ལྡིང་སྟེ་གཤེགས་ནས་སླད་ཀྱིས་ཁྱིམ་བདག་ན་ནོ་བོད་བགྱི་བའི་ཁྱིམ་དྲུང་དུ་བཞུགས་ནས་རྒྱལ་པོ་བི་ཛ་ཡ་སང་གྲ་མ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་དོགས་འདི་ནི་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་སྭ་ཤང་ཞེས་བགྱི་བར་གྱུར་པ་ན། བྲམ་ཟེ་ལ་བུ་མིང་སྲིང་གཉིས་ཡོན་དུ་ཕུལ་ཏེ། ཕྲིན་ལས་དཀའ་བ་རྣམ་གཅིག་མཛད་པའི་ས་འདིར་ལགས་པས་འདིར་གཙུག་ལག་ཁང་ཅིག་བརྩིག་པར་རིགས་སོ་ཞེས་བགྱིས་པ་དང༌། ཁྱིམ་བདག་ན་མོ་བོད་ཅེས་བགྱི་བ་དེ་ཡང་དད་པ་སྐྱེས་ནས། ཁང་ཁྱིམ་དང་ས་དེ་ཡང་ཡོན་དུ་ཕུལ་ནས། རྒྱལ་པོས་ཀྱང་གཙུག་ལག་ཁང་ཞིག་བརྩིགས། ཡོན་བདག་ལས་ཀྱང་མིང་དྲས་ནས་གཙུག་ལག་ཁང་གི་མཚན་ཡང་ན་མོ་འབུ་གདོང་ཞེས་བྱ་བར་བཏགས། ད་ལྟར་ཀླུའི་རྒྱལ་པོ་ཧུ་ལོར་དང༌། ལྷ་གསེར་གྱི་སྐྲ་ཞེས་བགྱི་བས་སྲུང༌། དེ་ནས་ལི་རྗེའི་བློན་པོ་འདའ་ནོ་ཡ་ཞེས་བགྱི་བ་ཞིག་གིས་ཚོང་འདུས་བར་མར་སྐུ་གཟུགས་ཆེན་པོ་བགྱིས་པ་ལས་སླད་ཀྱིས་ཡང་ལིའི་བློན་པོ་ཨ་མ་ཅ་བི་དད་ཀྱི་སྐུ་གཟུགས་ཆེན་པོའི་ལྷ་ཞིག་རལ་དུ་གྱུར་པ་ཡང་གསོས། ཀོང་ཤེང་གི་དགེ་སློང་མའི་སླད་དུ་འདའ་ནོ་ཡོ་ནའི་གཙུག་ལག་ཁང་བརྩིགས་ཏེ། ད་ལྟར་རྣམ་ཐོས་སྲས་ཀྱིས་སྲུང༌། འུ་ཐེན་ན་དགེ་འདུན་སྡེ་གཉིས་བཞུགས་པའི་གཙུག་ལག་ཁང་ཆེན་པོར་རྩེ་བ་ནི་སྐུ་མཁར་གྱི་ནང་དང༌། སླད་རོལ་ན་དྲུག་ཅུ་རྩ་བརྒྱད་བཞུགས། གཙུག་ལག་ཁང་འབྲིང་དུ་བགྱི་བ་ནི་དགུ་བཅུ་རྩ་ལྔ་ལགས། གཙུག་ལག་ཁང་ཆུང་ངུར་བགྱི་བ་ནི་བརྒྱ་བཞི་བཅུ་རྩ་བརྒྱད་བཞུགས། སྒོ་སྒོའི་མཆོད་པའི་ལྷ་ཁང་ཆུང་དུ་དང༌། ཡོན་བདག་མ་མཆིས་པའི་
― DTG173_Page_0375 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྷ་ཁང་དང༌། མཆོད་རྟེན་གྱི་སྐུ་མཁར་གྱི་ནང་དང༌། སླད་རོལ་གྱི་ཚར་ཡན་ཆད་ན་སུམ་སྟོང་དྲུག་བརྒྱ་བརྒྱད་ཅུ་རྩ་བརྒྱད་བཞུགས། འུ་ཐེན་ན་དགེ་འདུན་སྒོས་འཚོ་ཡན་ཆད་བྱི་བ་ལོ་ལ་བརྩིས་ན་ཁྲི་ཙམ་ཞིག་བཞུགས། མདོ་ལོ་དང་མེ་སྐར་ཕྱོགས་ན་གཙུག་ལག་ཁང་ཆེན་པོ་ནི་བཞི་ཞིག་བཞུགས། སྒོ་སྒོའི་ལྷ་ཁང་དང་ཡོན་བདག་མ་མཆིས་པའི་ལྷ་ཁང་ཆུང་ངུ་ནི་བརྒྱ་ལྷག་ཙམ་བཞུགས། དགེ་འདུན་ཉི་ཤུ་ཙམ་བཞུགས། ཀམ་ཤེད་དང་ཕོ་ཉ་དང༌། བེ་རྒ་འདྲ་དང༌། ཨོ་རྒུ་ཡན་ཆད་ཇི་ལ་མན་ཆད་སྐུ་མཁར་གྱི་ནང་དང༌། སླད་རོལ་གྱི་མཚར་ཡན་ཆད་ན་གཙུག་ལག་ཁང་ཆེན་པོ་ཉི་ཤུ་རྩ་གསུམ་བཞུགས། གཙུག་ལག་ཁང་འབྲིང་ནི་ཉི་ཤུ་རྩ་གཅིག་བཞུགས། གཙུག་ལག་ཁང་ཆུང་ངུ་ཉི་ཤུ་རྩ་གསུམ་ཙམ་བཞུགས། སྒོ་སྒོའི་མཆོད་པའི་ལྷ་ཁང་ཆུང་ངུ་དང་ཆོང་རྟེན་ཆུང་ངུ་ནི་སྤྱིར་བརྒྱད་བརྒྱ་སུམ་ཅུ་རྩ་དགུ་བཞུགས། དགེ་འདུན་སྡེ་གཉིས་ལས་རྐྱེན་པ་དང༌། སྒོ་འཚོ་ཡན་ཆད་སྤྱིར་བཞི་བརྒྱ་སུམ་ཅུ་རྩ་བརྒྱད་བཞུགས། གྱིལ་ཀྱང་མན་ཆད་ཀོང་ཤེང་དང༌། དུཪྻ་ཡན་ཆད་སྐུ་མཁར་གྱི་ནང་དང༌། སླད་རོལ་གྱི་ཚར་ཡན་ཆད་ན་གཙུག་ལག་ཁང་ཆེན་པོ་བཅོམ་ལྔ་ཙམ་བཞུགས། སྒོ་སྒོའི་ལྷ་ཁང་ཆུང་དུ་དང༌། ཡོན་བདག་མ་མཆིས་པའི་ལྷ་ཁང་ཆུང་ངུ་དང༌། མཆོད་རྟེན་ཡན་ཆད་བཞུགས། དགེ་འདུན་སྡེ་གཉིས་ལས་རྐྱེན་པ་དང༌། སྒོ་འཚོ་ཡན་ཆད་སྤྱིར་དགུ་བརྒྱ་དྲུག་ཅུ་རྩ་གསུམ་བཞུགས། རྒྱལ་པོ་ས་ནུའི་ཚ་པོ་རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ཞེས་བགྱི་བའི་ཚེ། ཐོག་མ་ལི་ཡུལ་དུ་ཆོས་བྱུང་སྟེ་བརྩིས་ན་ཁྱི་ལོའི་ཤོལ་བོར་བའི་སྟོན་ཟླ་ཐ་ཆུངས་ཡན་ཆད་དགུང་ལོ་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ཙམ་ལགས། འཕགས་པ་ཟླ་བའི་སྙིང་པོས་ཞུས་པ་དང༌། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་དང༌། འཕགས་པ་དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་རྣམས་དང་མཐུན་པར་ལིའི་ཡུལ་དང༌། དེར་ལི་རྗེའི་རྒྱལ་པོ་རྣམས་ཀྱིས་འཕགས་པ་རྣམས་སྤྱན་དྲངས་ནས། སངས་རྒྱས་ཀྱི་བསྟན་པ་དང༌། དེའི་གཞི་གཙུག་ལག་ཁང་དང༌། ལྷ་ཁང་དང༌། མཆོད་རྟེན་རྣམས་ཇི་ལྟར་བཞེངས་པ་དང༌། དགེ་འདུན་སྡེ་གཉིས་ཇི་ལྟར་སྤེལ་བའི་ཚུལ་རྒྱས་བར་བསྟན་པ་ལི་ཡུལ་ལུང་བསྟན་པ་ཞེས་བྱ་བ་རྫོགས་སོ།། །།
|