ཚེ་དཔག་མེད་ལ་བསྟོད་པ།
རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ་ཡུ་རཾ་སྟོ་ཏྲ། བོད་སྐད་དུ། ཚེ་དཔག་མེད་ལ་བསྟོད་པ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་མ་ལུས་རྣམས། །སྐད་ཅིག་ཉིད་ལ་སེལ་བྱེད་པའི། །སངས་རྒྱས་ཚེ་དཔག་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང༌། །ཉེས་པ་ཀུན་ལས་ཁྱོད་གྲོལ་ནས། །རྡོ་རྗེ་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་ཕྱག་འཚལ་ལོ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང༌། །ཐུགས་རྗེས་ཆགས་ཚུལ་སྟོན་མཛད་པ། །པདྨ་ཚེ་དཔག་ཕྱག་འཚལ་ལོ། །བསམ་པ་དངོས་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་དང་དཔལ། །ཚོགས་ཀྱི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་ཕྱག་འཚལ་ལོ། །འདོད་པའི་དོན་རྣམས་མ་ལུས་པ། །སྐད་ཅིག་ཉིད་ལ་རྫོགས་དང་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང༌། །ཕྲིན་ལས་ཚེ་དཔག་ཕྱག་འཚལ་ལོ། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཚོགས་ཀྱི་བདག་པོ་ཆེན་པོ་སྟེ། །ཀུན་གཟིགས་ཚེ་དཔག་ཕྱག་འཚལ་ལོ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མ་ལུས་མི་མཐུན་ཚོགས་འཇོམས་པ་།སྟོན་པ་སྲེད་མེད་བུ་ཡི་མཐུ། །ཡོན་ཏན་ཚེ་དཔག་ཕྱག་འཚལ་ལོ། །མེ་ལོང་མཉམ་ཉིད་ལ་སོགས་པ། །ཡེ་ཤེས་མང་པོའི་མཛོད་འཛིན་པ། །རྣམ་པར་རྟོག་པ་མཐའ་དག་སྤངས། །ཡེ་ཤེས་ཚེ་དཔག་ཕྱག་འཚལ་ལོ། །རྣམ་རྟོག་རླུང་གིས་ཁྱོད་མི་གཡོ། །མཐའ་བྲལ་ཏིང་འཛིན་
ཞི་བ་སྟེ། །བདུད་དང་མུ་སྟེགས་ཚོགས་འཇོམས་པ། །མི་གཡོ་ཚེ་དཔག་ཕྱག་འཚལ་ལོ། །འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས། །ཁྱེད་ཀྱི་མཚན་ཙམ་འཛིན་པལ། །ཚེ་དང་ཡེ་ཤེས་རྒྱས་མཛད་པ། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ། །འདིའི་བརྒྱུད་པ་ནི། ཚེ་དཔག་མེད། གྲུབ་པ་བརྙེས་པའི་སྙིད་པོ་ཞབས། །ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། །རྡོ་རྗེ་གདན་པ་ཆེ་ཆུང་གཉིས། །བ་རི་ལོ་ཙཱ་བ། མཆིམས་བརྩོན་འགྲུས་སེང་གེ། །རྒྱན་ག་ཕུག་པ། དབུས་པ་སངས་རྒྱས་འབུམ། བླ་མ་དགེ་སྡིངས་པ། བླ་མ་བསམ་གཏན་བཟང་པོའོ།།