འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་བསྡུས་པ་ཞེས་བྱ་བ།
― DTG064_Page_0441 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱིནཱ་མསྡགཱི་ཏི་པཉྫིཀ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་བསྡུས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐུ་དང་ཡེ་ཤེས་ཀུན་གྱི་དངོས། །འཇམ་མཆོག་མགོན་ལ་ཕྱག་འཚལ་ལོ། །རྒྱུད་རྣམས་ཀུན་ལས་ངེས་པའི་དོན། །དེ་ཡི་ལུང་བསྟན་བྲི་བར་བྱ། །དེ་ལ་ལུང་བསྟན་པའི་ཚིག་གང་ཞེ་ན། ཟབ་ཅིང་རྒྱ་ཆེ་བའི་མཚན་བསྟན་པ། །སྐུ་དང་ཡེ་ཤེས་ཀུན་གྱི་བདག །ཡན་ལག་བཅུ་ལྡན་སྒྲུབ་པ་པོས། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །དེ་ལྟ་བུའི་ལུང་བསྟན་པའི་ཚིག་དེ་ལ་རྗེས་སུ་བསྟན་པ་ཇི་ལྟ་བུ་ཞེ་ན། ཟབ་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་བྱ། རྒྱ་ཆེ་བ་ནི་ཡོན་ཏན་ལ་བྱ། །མཚན་བསྟན་པ་ནི་རང་བཞིན་ཡོངས་སུ་ཤེས་ན་འཕགས་པ་འཇམ་དཔལ་གྱི་མཚན་དུ་མ་གྱུར་པ་མེད་ལ། རྒྱུ་ཞེས་བྱ་བ་ནི་གསུམ་མམ་ལྔ་ལ་བྱ་ལ། ཡེ་ཤེས་ནི་ལྔའམ་གཅིག་གིས་བསྡུས་སོ། །ཡན་ལག་བཅུ་ལྡན་སྒྲུབ་པ་བོས། །ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་ཡན་ལག་དང༌། སྐུ་དང་ཡེ་ཤེས་ཀྱི་ཡན་ལག་དང༌། གཞིའི་ཡན་ལག་དང༌། ལྟ་བའི་ཡན་ལག་དང༌། སྒོམ་པའི་ཡན་ལག་དང༌། ལྟ་སྟངས་ཀྱི་ཡན་ལག་དང༌། བརྡའི་ཡན་ལག་དང༌། བསྡུས་ ― DTG064_Page_0442 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ཡན་ལག་དང༌། སྦྱོར་བ་དྲུག་གི་ཡན་ལག་དང༌། བར་མདོའི་ཡན་ལག་སྟེ་ཡན་ལག་བཅུ་པོ་དེ་དང་ལྡན་པའི་སྒྲུབ་པ་པོས། སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །ཅེས་བྱ་སྟེ་ཏིང་ངེ་འཛིན་དྲ་བའི་ལེའུ་འདི་ཉིད་ནི། གཅིག་ཏུ་བསྡུས་ན་ཚིགས་བཅད་བརྒྱ་དྲུག་ཅུ་རྩ་གཉིས་རྣམས་དང༌། ཡོན་ཏན་བརྒྱ་དང་ལྔ་བཅུའི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡོན་ཏན་གྱི་མཚན་ཡང་དག་པར་བརྗོད་པ་བསྡུས་པའི་དོན་ཏོ། །དེ་ལྟར་ཡིན་མོད་ཀྱིས་ཀྱང་དགོས་པ་མེད་ན་མི་འཇུག་པས། ཉན་པ་པོ་འཇུག་པར་བྱ་བའི་ཕྱིར། དང་པོར་བརྗོད་པར་བྱ་བ་ནི་གང་ཞིག །འབྲེལ་པ་ནི་ཅི། དགོས་པ་ནི་ཇི་ལྟ་བུ། དགོས་པའི་དགོས་པ་ནི་ཇི་ལྟ་བུ་སྙམ་དུ་རྟོག་ན། དེ་རྣམས་ཀྱི་དོན་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་འཕགས་པ་འཇམ་དཔལ་གྱི་སྐུ་དང༌། ཡེ་ཤེས་ཀྱི་ཡོན་ཏན་དང་བཅས་པ་ནི་བརྗོད་པར་བྱ་བའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་དང་འབྲེལ་པ་ནི་འབྲེལ་པའོ། །དགོས་པ་ནི་སོ་སོའི་དངོས་པོའི་མངོན་པར་ཞེན་པ་བཟློག་ནས་རྣམ་པར་དག་པའི་ལམ་གྱི་རང་བཞིན་སྐུ་དང༌། ཡེ་ཤེས་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་གྱི་རང་བཞིན་དུ་ཤེས་པའོ། །དགོས་པའི་དགོས་པ་ནི་དེ་ཇི་ལྟ་བར་རང་གི་སྟོབས་སུ་གྱུར་པའོ། །ཡང་ན་འདི་བརྗོད་པར་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་སོ་ཞེས་ཡོན་ཏན་ལ་དེ་སྐད་དུ་གསུང་ངོ༌། །ཡང་ན་བརྗོད་པར་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་འཕགས་པ་འཇམ་དཔལ་དུ་རྟོགས་པར་བྱ་སྟེ། དེ་ཡང་ཅིས་མངོན་ཞེ་ན། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོ་ས་ཏེ་སྣ་ཚོགས་སྟོན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསུངས་སོ། །དེ་ལྟར་ན་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་འཕགས་པ་འཇམ་དཔལ་གྱི་རང་བཞིན་གྱི་ཤེས་པ་ཡང་དགོས་འབྲེལ་གྱི་ཡན་ལག་ཏུ་ཤེས་པར་བྱའོ། །དེ་ལྟར་ན་དགོས་པའི་དོན་དང་བསྡུས་པའི་དོན་བརྗོད་ནས། ད་ནི་ཚིག་གིས་མཚམས་སྦྱར་བའི་ཕྱིར་བཀྲ་ཤིས་པ་ལ་སོགས་པ་མང་དུ་འཇུག་མོད་ཀྱི། སྡུད་པ་པོའི་ཚིག་ཏུ་ ― DTG064_Page_0443 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྟན་པར་བྱའོ། །དཔལ་ལྡན་རྡོ་རྗེ་འཆང་བྱ་བ་ནས་བརྩམས་ཏེ། རང་གི་ལག་གིས་གསོར་བྱེད་ཅེས་བྱ་བའི་བར་གྱིས་ཞུ་བ་པོའི་མཚན་ཉིད་བསྟན་ཏོ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་བྱ་བ་ནས་བརྩམས་ཏེ། རང་གི་ལག་གིས་གསོར་བྱེད་བ། །ཞེས་པའི་བར་གྱིས་ཞུ་བ་པོ་འཁོར་གྱི་མཚན་ཉིད་བསྟན་ཏོ། །སྙིང་རྗེ་ཆེ་དང་ཞེས་བྱ་བ་ནས་བརྩམས་ཏེ། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །ཞེས་བྱ་བའི་བར་གྱིས་གཉི་གའི་མཚན་ཉིད་བསྟན་ཏོ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་བྱ་བ་ནས་བརྩམས་ཏེ། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་བྱ་བའི་བར་གྱིས་ཞུས་པའི་ཚུལ་བསྟན་པའོ། །ཁྱབ་བདག་ཅེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་པའི་བར་གྱིས་བདག་དོན་དུ་ཞུས་པའོ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང། །བྱ་བ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་བྱ་བའི་ཚིག་ཡར་དྲངས་ཏེ་ཚིགས་བཅད་གཉིས་ཀྱིས་གཞན་དོན་དུ་ཞུས་པའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །བྱ་བ་ནས། དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་པའི་ཁྱད་པར་གྱི་སྟོན་པའི་ཁྱད་པར་བསྟན་པའོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །བྱ་བ་ནས། ཐོག་མ་བར་དང་མཐར་དགེ་བ། །ཞེས་བྱ་བའི་བར་གྱིས་དམ་པའི་ཆོས་ཀྱི་ཁྱད་པར་བསྟན་པའོ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །བྱ་བ་ནས། ཡང་ནས་ཡང་དུ་གསུངས་བ་གང༌། །ཞེས་བྱ་བའི་བར་གྱིས་དུས་ཀྱི་ཁྱད་པར་བསྟན་ཏོ། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །ཞེས་བྱ་བའི་བར་གྱིས་དཔག་ཏུ་མེད་པའི་རྡོ་རྗེ་འཆང་བས་སྔགས་ཀྱི་དོན་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །གསང་དབང་ལག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་བྱ་བའི་བར་གྱིས་གུས་པར་འཁོད་པའི་དོན་ཏོ། །དེ་ནི་ཞུ་བ་བསྟན་པའོ།། །།ད་ནི་ལན་བསྟན་པ་ལ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་བྱ་བའི་བར་གྱིས་ ― DTG064_Page_0444 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ། །ཆོས་གསུངས་པའི་སྔ་ལྟས་ས། །དེ་ནས་ཚིག་རྐང་གཉིས་ཀྱིས་ནི་མཚམས་སྦྱར་བསྟན་པའོ། །སྙིང་རྗེ་ཆེ་དང་ལྡན་གྱུར་ནས། །ཞེས་བྱ་བ་ནས་བརྩམས་ཏེ། ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་བྱ་བའི་བར་གྱིས་དོན་ཆེན་པོ་འདི་ལྟ་བུས་ཞུས་པ་ལེགས་པར་སྦྱིན་པའོ། །གསང་བའི་བདག་པོ་ཞེས་བྱ་བ་ནས་བརྩམས་ཏེ། ཉོན་ཞེས་པའི་བར་གྱིས་གདམས་པ་ལ་སོགས་པའི་བསྟན་པའོ། །དེ་ནས་ཚིག་གཅིག་གིས་ནི་གནང་བའི་ལེགས་པ་ཕུལ་བའོ། །དེ་ནི་གླེང་གཞི་གུས་པའི་ཚུལ་ལོ།། །།ད་ནི་དམ་པའི་ཆོས་ཀྱི་དངོས་པོ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ལ་སོགས་བ་སྨོས་ཏེ། འོག་མིན་དུ་སངས་རྒྱས་པ་སྟེ་རིགས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་དུ་བསྟན་པའི་ཕྱིར། གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །ཞེས་བྱ་བ་ནས་བརྩམས་ཏེ། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བའི་བར་གྱིས་རིགས་ཀྱི་བྱེ་བྲག་བསྟན་ཏོ།། །།ད་ནི་ཅུང་ཞིག་དོན་དགྲོལ་ན། །གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །ཞེས་བྱ་བ་ནི་དོན་དམ་པ་བྱང་ཆུབ་ཀྱི་དེ་ཁོ་ན་ཉིད་ལ་བྱ་ལ། རིག་སྔགས་འཆང་ཞེས་བྱ་བ་ནི། རིག་པའི་ཤེས་རབ་ཀྱིས་མི་དོར་བར་འཛིན་པའོ། །རིག་པའི་ཤེས་རབ་ཀྱིས་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་ལ་གཟིགས་པའོ། །དེའི་ཁྱད་པར་ནི་ཚོགས་ཀྱི་ཁྱད་པར་ནས་བཟུང་སྟེ། ཅུང་ཟད་དྲོད་ཐོབ་པའི་གནས་སྐབས་ཀྱི་བར་རོ། །འདས་པའི་རིགས་ཞེས་བྱ་བ་ནི་མཐོང་བའི་ལམ་ནས་བརྩམས་པའོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཞེས་བྱ་བ་ནི་ཁྱད་པར་རོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་ལས་མ་འདས་པའོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བ་ནི་འདོད་པ་ཐམས་ཅད་སྐོང་བའི་དོན་ཏོ། །ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་བྱ་བ་ནི་རྗེ་བཙུན་གསུང་གི་དབང་ཕྱུག་སྟེ། དེ་གཉིས་འཕགས་པ་འཇམ་དཔལ་ལོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་བྱ་བ་ནི་བཛྲ་ཏཱིཀྵྞ་ཡེ་ཏེ་ན་མཿའི་བར་གྱིས་སོ། །དེའི་བདག་པོ་ནི་འཕགས་པ་འཇམ་ ― DTG064_Page_0445 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔལ་ཉིད་དོ། །གཉིས་སུ་མེད་པར་འབྱུང་བ་དང༌། །ཞེས་བྱ་བ་སྨོས་ཏེ། གཉིས་ནི་གཟུང་འཛིན་ལ་སོགས་པའོ། །དེ་མེད་པ་དེ་གང་དེ་གཉིས་སུ་མེད་པའོ། །དེ་ལས་བྱུང་བ་ནི་གཟུང་འཛིན་ལམ་སྟོང་པ་སྐྱེ་བའོ། །དེ་བས་ན། མི་སྐྱེ་ཆོས་ཅན་འདི་གསུངས་ཏེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དོན་དམ་པའི་ཡི་གེ་མ། ས་བཅུ་གཉིས་དང་སྦྱར་ཏེ་གསུངས་པ་ཡིན་ནོ། །དེ་ཡང་གང་ཞེ་ན། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་བཞིན་གཤེགས་པའི་ས་ནི་བཅུ་གཉིས་སུ་གསུངས་ཏེ། ཀུན་དུ་འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩི་འོད་ནི་གཉིས་པའོ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་བཞིན་དུ་རྣམ་པར་གནས། །རྡོ་རྗེ་འོད་ནི་བཞི་པ་སྟེ། །ས་དེ་ཉིད་ནི་ཡང་དག་གོ །བསམ་གཏན་ནང་གི་རྟགས་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བརྟགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ཅེས་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་བསྐྱེད། །རང་བཞིན་དག་པས་ཆོས་ཉིད་ཕྱིར། །དྲི་མ་མེད་པ་ཡོངས་སུ་གཟུང༌། །བདུན་པ་ལས་ནི་འོད་ཅེས་པ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་བྱ་བ་ཡིན། །དཔེ་དང་ལྡན་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་འབིགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་བ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོར་རང་རིག་པ། །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །དེ་ལྟར་ས་ནི་བཅུ་གཉིས་དང༌། །ཨ་བཅུ་གཉིས་དང་སྦྱར་བར་ཤེས་པར་བྱའོ་དེ་ཉིད་ཀྱི་སྐབས་སུ། དེ་ཉིད་རྣམ་པ་བཅུ་དྲུག་གིས། །རྣམ་པ་ཉི་ཤུ་བྱང་ཆུབ་འཆང༌། །ཞེས་བྱ་བའི་ཚིག་གིས་བླ་མ་དམ་པའི་གདམས་ངག་གིས་སྦྱར་བར་བྱའོ། །སྠི་ཏོ་ཧྲྀ་དི་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འཕགས་པ་འཇམ་དཔལ་ཡེ་ཤེས་ཀྱི་སྤྱི་གཙུག་གི་རང་བཞིན་སངས་རྒྱས་ཀྱི་ཆགས་པའི་གནས་སུ་བསྟན་ཏོ། །དེ་ནས་ཡོན་ཏན་ལས་དེ་བཞིན་ ― DTG064_Page_0446 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཤེགས་པ་ཐམས་ཅད་ཀྱི་སྐུ་ཐམས་ཅད་མཁྱེན་བའི་ཡེ་ཤེས་ཆོས་ཀྱི་དབྱིངས་བླ་ན་མེད་པའི་ཐུགས་སུ་ཆུད་པའོ་ཞེས་གསུངས་པས་ན། དེའི་བདག་ཉིད་ཀྱིས་རྗེ་བཙུན་གསུང་གི་དབང་ཕྱུག་དང་པོའི་སངས་རྒྱས་ཀྱི་ངོ་བོ་དེའི་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའི་གདམས་ངག་གིས་ངེས་པའི་རྒྱུད་ཀྱི་དོན་འདི་བཤད་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས། བྱང་ཆུབ་སེམས་དཔའི་མཛད་བརྗོད་ནི། །མདོར་བསྡུས་རྣམ་པ་གཉིས་སུ་ཤེས། །རྗེས་སུ་གཟུང་དང་ཚར་གཅོད་པའོ། །དེ་ལ་རྗེས་སུ་གཟུང་བ་ནི། སྔོན་གྱི་དུས་སུ་འཕགས་པ་འཇམ་དཔལ་དེས་བཤད་པའི་སྒོ་ནས་རྗེས་སུ་གཟུང་བ་དང༌། བསྒོམ་པའི་སྒོ་ནས་རྗེས་སུ་གཟུང་བའོ། །དེ་ལ་བསྒོམ་པའི་སྒོ་ནས་རྗེས་སུ་གཟུང་བ་ནི། འདོད་ཆགས་ཅན་གྱི་གང་ཟག་བདེ་བ་ལམ་དུ་ཁྱར་པ་སྟེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བྱ་བའི་ཚིག་གིས་རྣལ་འབྱོར་མའི་རྒྱུད་དང་རྗེས་སུ་བསྟུན་ཏེ་བསྟན་པའོ། །རྣམ་པར་རྟོག་པ་ཅན་རྗེས་སུ་གཟུང་བའི་ཕྱིར་རླུང་ལ་བསླབ་པ་སྟེ། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་བྱ་སྟེ་རླུང་ཇི་སྙེད་གཅིག་ཡོད་ཀྱང་རྩ་བའི་རླུང་རྣམ་པ་ལྔར་འདུས་ཏེ། རྣལ་འབྱོར་བའི་རྒྱུད་དང་བསྟུན་ཏེ་བསླབ་པའོ། །ཐ་མལ་པའི་རྟོག་ཅན་རྗེས་སུ་གཟུང་བའི་ཕྱིར་དམིགས་པ་དང་བཅས་པའི་བསྐྱེད་པའི་རིམ་པ་ལ་བསླབ་ཅེས་བྱ་སྟེ། རིགས་གསུམ་རྣམ་པར་གཟིགས་ཞེས་བྱ་བའི་ཚིག་གིས་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་དང་རྗེས་སུ་བསྟུན་ཏེ་བསླབ་པ་དང༌། གང་ཟག་ཤེས་རབ་ཅན་རྗེས་སུ་གཟུང་བར་བསླབ་པ་ནི་སྐུ་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་བསླབ་པ་སྟེ། དེ་ཡང་ཡན་ལག་བཅུ་ལྡན་སྒྲུབ་པའོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ནི་བསྒོམ་པའི་རྗེས་སུ་གཟུང་བའོ། །ད་ནི་བཤད་པའི་རྗེས་སུ་གཟུང་བ་ནི། འཇམ་དཔལ་དེ་ཉིད་གདུལ་བྱའི་ངོ་བག་དང་སྦྱར་ཏེ། འདོད་ཆགས་ཅན་འདུལ་བ་ལ་དབང་ཕྱུག་ཆེན་པོའི་གཟུགས་སོ། །གཏི་མུག་ཅན་ལ་ཚངས་པའི་གཟུགས་སོ། །ཞེ་སྡང་ཅན་ལ་འཇིགས་བྱེད་ཀྱི་གཟུགས་སོ། །དེ་ལྟ་བུ་ལ་སོགས་པ་ནི་གདུལ་བྱའི་བུ་རམ་ལྕེའི་རིག་པའི་དཔེས་ ― DTG064_Page_0447 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ། །དེ་བྱེ་བྲག་ཅུང་ཞིག་སྨྲས་པ་ནི་མུ་སྟེགས་ཀྱི་གདུལ་བྱའི་རལ་པ་ཅན། གཙུག་ཕུད་ཕུད་པུ་ལྕང་ལོ་ཅན། །ཞེས་བྱ་བའི་ཚིག་གཉིས་སོ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་གདུལ་བའི་དོན་དུ། གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཞེས་བྱ་བའི་ཚིག་གིས་སོ། །ཉན་ཐོས་གདུལ་བའི་དོན་དུ་འཕགས་པ་འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའི་རྒྱུད་དུ་རྟོགས་ཀྱང་ཉན་ཐོས་ཀྱི་ཚུལ་བཟུང་ནས། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བདེན་པ་བཞིའི་སྒོ་ནས་ཆོས་བསྟན་ཏོ། །རང་སངས་རྒྱས་གདུལ་བའི་དོན་དུ། །འདྲེན་པ་རང་རྒྱལ་བའི་རུའི་ཚུལ། །ཞེས་བྱ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱིས་ཆོས་སྟོན་ཏོ། །རྣམ་རིགས་སྣ་ཚོགས་གཟུགས་དོན་ཅན། །ཞེས་བྱ་བའི་ཚིག་དང༌། སྙིང་རྗེ་ཆེ་དང་ཤེས་རབ་ཐབས། །ཞེས་བྱ་བའི་ཚིག་དང༌། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་བྱ་བའི་ཚིག་དང༌། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པའི་ཚིག་གིས་བྱང་ཆུབ་སེམས་དཔའི་ཐེག་པ་བསྟན། དེ་ཡང་ཅིས་མངོན་ཞེ་ན། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །གཞན་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་འདུལ་བ། ལྷའི་དབང་བོ་ལྷ་ཡི་ལྷ། །ཞེས་བྱ་བ་སྟེ་བརྒྱ་བྱིན་གྱིས་སོ། །ལྷ་ཡི་དབང་པོ་ལྷ་མིན་བདག །ཅེས་བས་ཐགས་བཟངས་རིས་ཀྱི་གཟུགས་ཀྱིས་སོ། །འཆི་མེད་དབང་པོ་ལྷ་ཡི་བླ། །ཞེས་བྱ་སྟེ་ཕུར་བུའི་གཟུགས་ཀྱིས་སོ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་གོ །ཞེས་བྱ་བ་སྟེ་ཁྱབ་མཇུག་ག་གཟུགས་སོ། །ད་ནི་གཟུགས་མེད་པ་གདུལ་བའི་དོན་དུ་གཟུགས་མེད་ཅེས་བྱ་བའི་ཚིག་དང༌། ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་བྱ་བའི་ཚིག་གིས་སོ། །ད་ནི་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་ཐེག་པ་བཤད་པའི་སྒོ་ནས་རྗེས་སུ་གཟུང་བ་སྟེ། ནོར་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ནོར་པ་ནི་རྣམ་པ་ལྔ་སྟེ། འཇུག་པའི་ནོར་པ་དང༌། ལྟ་བ་ནོར་པ། བསྒོམ་པ་ནོར་པ། ཐབས་ནོར་པ། སྤྱོད་པ་ནོར་པ། དེ་ལས་ལྡོག་པ་ཞེས་པའི་ཁྱད་པར་རོ། །དེ་ལ་འཇུག་པའི་ཁྱད་པར་ཅི་ལྟ་བུ་ཞེ་ན། དོན་ ― DTG064_Page_0448 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་ཐེ་ཚོམ་མེད་པའི་བློས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །སྙིང་རྗེ་ཆེ་དང་ཤེས་རབ་ཐབས། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་བྱ་བས་གསང་སྔགས་ཀྱི་ལམ་བསྟན་ནོ། །གཞན་ཡང༌། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་རྒྱ་བཞི་པའི་དོན་སྟོན་པ། །ཞེས་བྱ་བ་ལ་སོགས་པ་དང༌། རྒྱུད་ཀུན་གྱི་ནི་བདག་པོའི་མཆོག །ཅེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །རྒྱུད་ཐམས་ཅད་ཀྱི་བདག་པོ་ཡིན་པར་བསྟན་ཏོ། །གཞན་ཡང་འདི་ཉིད་ཀྱི་བརྟག་པ་གཞན་དུ། ལ་ལ་ནི་ཕྱི་རོལ་གྱི་ཚུལ་ལོ། །ལ་ལ་ནི་ཉན་ཐོས་ཀྱི་ཚུལ་ལོ། །ལ་ལ་ནི་རང་སངས་རྒྱས་ཀྱི་ཚུལ་ལོ། །ལ་ལ་ནི་བྱང་ཆུབ་སེམས་དཔའོ། །གཞན་དུ་གསང་སྔགས་ཀྱི་རིགས་པ་འཛིན་པའི་རྒྱུད་དཔག་ཏུ་མེད་པ་གཅིག་བསྟན་ཀྱང༌། ཐིག་ལེ་ཆེན་པོའི་ངོར་མ་ཤར་ན་དེ་ཐམས་ཅད་རྗེས་སུ་གཟུང་བ་ཡིན་གྱི། ཡང་དག་པའི་དོན་དེ་ཉིད་ཐོབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེན། རྗེས་སུ་གཟུང་བ་ཙམ་ཡིན་གྱི་ཡང་དག་པའི་དོན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མ་རྟོགས་པ་དང་ལོག་པར་རྟོག་པའི་ཕྱིར་རོ། །ལ་ལ་ནི་རྒྱུ་འབྲས་རྗེས་སུ་མི་མཐུན་པའི་ཕྱིར་རོ། །ལ་ལ་ནི་བཅོས་མ་ལ་སྤྱོད་པའི་ཕྱིར་རོ། །གཏན་ཚིགས་དེ་བས་ན་འབྲས་བུ་དེ་དེ་ཙམ་དུ་སྔགས་པས་རྗེས་སུ་གཟུང་བའོ། །ཇི་ལྟ་བུའི་ཡང་དག་པའི་ཡིན་ཞེ་ན། རྣམ་པར་དག་པ་བདག་མེད་ཆོས། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཡང་དག་མཐའ་སྟེ་ཡི་གེ་མེད། །དེ་ནས་ཐིག་ལེ་ཆེན་པོའི་དང་དུ་སངས་རྒྱས་པར་རིག་པར་བྱའོ། །དེ་ཡང་ཅིས་མངོན་ཞེ་ན། ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་པ་ལ་སོགས་པའི་ཚིགས་བཅད་གཅིག་གིས་ལྟ་བ་བསྟན། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བྱ་བའི་མན་ངག་གིས་གནས་བསྟན་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ལྟ་བ་བསྟན་ཏོ། །ཏིང་ངེ་འཛིན་རིག་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་མཐོང་ལམ་བསྟན་ཏོ། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་བྱ་བ་ལ་སོགས་པས་འབྲས་བུ་བསྟན་ཏོ། །དེ་ཉིད་དྲན་པ་ཆེན་པོ་འཆང༌། །བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། ། ― DTG064_Page_0449 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་བྱ་བ་ལ་སོགས་པས་འབྲས་བུའི་ཡོན་ཏན་བསྟན་ཏོ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཞེས་པ་ནས། འཇིགས་པ་མ་ལུས་སེལ་བ་པོ། །ཞེས་བྱ་བ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པའི་ཁྱད་པར་རོ། །དེ་ཡང་སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་ནི། དེ་ཡང་སྐུ་གསུམ་དང༌། སྐུ་ལྔ་དང༌། ཡེ་ཤེས་ལྔ་དང་ཡེ་ཤེས་གཅིག །དེ་ཡང་ཅིས་མངོན་ཞེ་ན། མཆོག་གི་དམ་པ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་བྱ་བས་སོ། །དེའི་རྣམ་པར་གཞག་པ་ནི། དེ་ལ་སྐུ་གསུམ་ནི་དང་པོར་ཆོས་ཀྱི་སྐུ་བཤད། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཨ་ཡིག་བཅུ་གཉིས་དང༌། རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཞེས་བྱ་བ་དང༌། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་བྱ་བ་ལ་སོགས་པ་དང༌། ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་བྱ་བ་ལ་སོགས་པ་དང༌། དོན་གཅིག་གཉེས་མེད་ཆོས་ཀྱི་དོན། །ཞེས་བྱ་བ་ལ་སོགས་པ་དང༌། དང་པོའི་སངས་རྒྱས་རྒྱུ་མེད་ཅེས་བྱ་བ་ལ་སོགས་པ་དང༌། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་སྐུ་བསྟན་ནོ། །ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་བསྡུ་བ། སངས་རྒྱས་རྣམ་པར་སྣང་མཛད་ཅེས། །ཞས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་དང༌། ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །ཞེས་བྱ་བའི་ཚིག་རྐང་གཅིག་དང༌། གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་འཇིག་རྟེན་གསུམ་ལ་མཛེས། །ཞེས་བྱ་བ་ལ་སོགས་པས། ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནོ། །ད་ནི་སྤྲུལ་པའི་སྐུ་བསྡུ་བ། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ཅེས་བྱ་བའི་ཚིག་དང༌། ཕན་འདོགས་སེམས་ཅན་མཉེས་གཤིན་པ། །ཞེས་བྱ་བའི་ཚིག་དད་གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན། །ཞེས་བྱ་བའི་ཚིག་དང༌། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །ཞེས་བྱ་བ་ལ་སོགས་བའི་ཚིག་གིས་སྤྲུལ་པའི་སྐུ་བསྟན། དེ་གསུམ་ལས་ངོ་བོ་ཆོས་ཀྱི་སྐུ་བསྟན་ཏེ། རྣམ་པར་དག་པ་བདག་མེད་ཆོས། །ཞེས་བྱ་བ་དང༌། དེ་བཞིན་ཉིད་དག་ ― DTG064_Page_0450 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག་པའི་བདག །ཅེས་བྱ་བ་དང༌། གཞན་ཡང་དེ་ཉིད་ཀྱི་ལུང་གི་སྤང་བའོ། །དེ་ལ། ཆོས་གང་རྣམ་པ་ཐ་དད་དུ། །རྣམ་དག་ཟག་པ་མེད་ཅེས་པ། །ཐུབ་པའི་ངོ་བོ་ཉིད་སྐུ་སྟེ། །དེ་ཡི་རང་གི་མཚན་ཉིད་དོ། །ཞེས་གསུངས་པས་ན། ངོ་བོ་ཉིད་ཀྱི་སྐུ། ཡེ་ཤེས་ཀྱི་སྐུ་ལ་གཉིས་གཉིས་ཏེ་ཇི་ལྟ་བ་དང་དེའི་རྒྱུ་མཐུན་ནོ། །ཇི་ལྟ་བ་ནི། ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་པས་སོ། །དེའི་རྒྱུ་མཐུན་པ་ནི་ཤེས་པ་འབའ་ཞིག་ངེས་གསལ་ཞེས་བྱ་བའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའོ། །ཡང༌། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པས་སོ། །དེ་ལྟར་ན་མཚན་ཡང་དག་པར་བརྗོད་པ་དེ་ནི་ཟབ་པ་དང་རྒྱ་ཆེ་བ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པ་གཞན་དང་མཚུངས་པ་མེད་པ། ཕན་ཡོན་ཆེ་བ་ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པ་ཕན་ཡོན་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་ཅིས་མངོན་ཞེ་ན། དོན་ཟབ་དོན་གྱི་རྒྱ་ཆེ་ཞིང༌། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་གསུངས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟེན། སངས་རྒྱས་ཐམས་ཅད་ཀྱི་ཡུལ་དང༌། དགེ་བའི་བཤེས་གཉེན་ལ་སོགས་པར་རིག་པར་བྱའོ། །དེས་ན་དོན་ཟབ་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་བྱའོ། །རྒྱ་ཆེ་བ་ནི་གཟུགས་སྐུ་གཉིས་ལ་བྱའོ། །ཡང་ན་དོན་ཟབ་ཅེས་པ་ནི་སེམས་ཀྱི་དེ་ཉིད་ལ་བྱ་ལ། རྒྱ་ཆེ་བ་ནི་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བྱའོ། །ཡང་ན་དོན་ཟབ་ཅེས་བྱ་བ་ནི་སྒྲོ་མ་བཏགས་པའི་དེ་བཞིན་ཉིད་ལ་བྱ་ལ། རྒྱ་ཆེ་ཞེས་བྱ་བ་ནི་ཆོས་སྐུས་ཁྱབ་པ་ལ་བྱའོ། །ཡང་ན་དོན་ཟབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ་བྱ་ལ་རྒྱ་ཆེ་བ་ནི་ནམ་མཁའ་ལྟར་ཡངས་པ་ལ་བྱའོ། །ཡང་ན་དོན་ཟབ་ཅེས་བྱ་བ་ནི་ཤེས་བྱ་ཇི་ལྟ་བ་ཐུགས་སུ་ཆུད་པ་ལ་བྱ་ལ། རྒྱ་ཆེ་ཞེས་བྱ་བ་ནི་ཤེས་བྱ་ཇི་སྙེད་པ་མཁྱེན་པ་ལ་བྱའོ། །ཡང་ན་མཉམ་གཞག་དང་རྗེས་ཐོབ་ལ་བྱ་ལ། ཡང་ན་བདེ་བ་ཆེན་པོ་དང་མི་རྟོག་པ་ལ་བྱའོ། །ཡང་ན་དོན་ཟབ་ཅེས་བྱ་བ་ནི་སྐུ་དང་ཡེ་ཤེས་ལ་བྱ་ལ། རྒྱ་ཆེ་ཞེས་བྱ་བ་ལ་སངས་རྒྱས་རྣམས་ཀྱི་ཡོན་ཏན་ལ་བྱའོ། །དེ་ལྟ་བུའི་ཚུལ་བླ་མ་དམ་པའི་ ― DTG064_Page_0451 ―
[མ་དཔེ་གཟིགས་ན་འདིར་གནོན།]
གདམས་ངག་གིས་གཞན་དུ་ཡང་སྦྱར་རོ། །ཅིའི་ཕྱིར་ཟབ་བ་ལ་སོགས་པ་བཤད་ཅེ་ན། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་ནི་བློ་ཟབ་པ་དང་རྒྱ་ཆེ་བ་རྣམས་ལ་རབ་ཏུ་བསྔགས་པས་ནི་དེས་ན་ཟབ་པ་རྒྱ་ཆེ་བ་ཞེས་བྱའོ། །དེ་ལྟར་ན་རྗེས་སུ་གཟུང་བ་དང་ཟབ་པ་དང་རྒྱ་ཆེ་བ་བཤད་ནས། ད་ནི་ཚར་གཅོད་པའི་དོན་བཤད་པར་བྱ་སྟེ། ལོག་པར་ལྟ་བ་ཚར་གཅོད་པ་ནི་ཡང་གསུངས་པ། བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་བྱ་བའི་ཚིག་དང༌། ཚིག་ལ་དབང་བ་ཚིག་མཐའ་ཡས། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་དང༌། ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །ཞེས་བྱ་བ་ནས་བརྩམས་ཏེ། སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་བྱ་བའི་བར་གྱིས་གཞན་གྱི་ལོག་པར་ལྟ་བ་ཚར་གཅད་ནས་རང་གི་བསྟན་པ་ལ་རྗེས་སུ་གཟུང་བའོ། །མངོན་སྤྱོད་ཀྱི་སྒོ་ནས་མནན་པ་བྱ་བ་ནི། ཡ་ཏེ་ནམཿ་ལ་སོགས་པའི་སྔགས་ལ། གདམས་ངག་གིས་ཞི་ཁྲོའི་རྣལ་འབྱོར་དུ་ཞུགས་ལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱ་བའི་བར་གྱིས་བླ་མ་དམ་པའི་གདམས་དག་བཞིན་དུ་སྒྲུབ་པ་སྔོན་དུ་བཏང་ནས། འཁྲུལ་འཁོར་གྱི་སྔགས་བཏུ་བའི་མན་ངག་ནི་འདི་ཡིན་ཏེ། དྲུག་པའི་དང་པོ་ཡ། ལྔ་པའི་མཐའ་མ་མ། དྲུག་པའི་གཉིས་པ་ར། གཉིས་པའི་གསུམ་པ་ཛ། བདུན་པའི་གསུམ་པ་པས། བཞི་པའི་གསུམ་པ་དོ། །ལྔ་པའི་མཐའ་མ་མེ། དྲུག་པའི་དང་པོ་ཡ། ཡང་དྲུག་པའི་དང་པོ་ཡ། ལྔ་པའི་མཐའ་མ་མེ། གསུམ་པའི་གསུམ་པ་དོ། །དྲུག་པའི་གཉིས་པར། བཞི་པའི་མཐའ་མ་ན། དྲུག་པའི་དང་པོ་ཡ། ཡང་དྲུག་པའི་དང་པོ་ཡ། གསུམ་པའི་གསུམ་པ་ད། བཞི་པའི་མཐའ་མ་ན། དྲུག་པའི་གཉིས་པ་ཟ། དྲུག་པའི་དང་པོ་ཡ། བདུན་པའི་མཐའ་མ་ཀྵ། དྲུག་པའི་དང་པོ་ཡ། ཡང་དྲུག་པའི་དང་པོ་ཡ། བདུན་པའི་མཐའ་མ་ཀྵ། དྲུག་པའི་དང་པོ་ཡ། གཉིས་པའི་ཐ་མ་ཙ། བཞི་པའི་ཐ་མ་ནི། དྲུག་པའི་གཉིས་པ་ར། ལྔ་པའི་མཐའ་མ་མ། དྲུག་པའི་དང་པོ་ཡ། དེ་ནི་རྩ་ ― DTG064_Page_0452 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཡི་གེའོ། །གདགས་ཡིག་ནི་མན་ངག་གིས་ཤེས་པར་བྱའོ། །དང་པོ་ཨ་ནི་སྦྱིན་པར་བྱ། །ཧ་ཧ་ལྔ་པའི་གསུམ་པའི་བ། བི་ཀྲྀ་ཏཱ་ན་ཧཱུཾ། དང་པོ་ཨོཾ། བདུན་པ་ཧ། ལྔ་པ་ཡ། དང་པོའི་ཀ །གསུམ་པའི་དང་པོ་ཏ། བཞི་པའི་མཐའ་མ་ན་གཉིས། བདུན་པའི་བཞི་པ་ཧཱུཾ་གཉིས། ཕཊ་དང་ཧ་གཉིས་ཞལ་ལས་ཤེས། འདི་ལྟར་བསྒྲུབ་པར་བྱ་བ་ནི། མཁས་པ་གྲུབ་པ་ཐོབ་པ་རྣམས་ཀྱི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །བསྙེན་པ་སྒྲུབ་པར་མ་གྱུར་པར། །འཁོར་ལོ་བསྐོར་བར་མ་གསུངས་ཏེ། །གལ་ཏེ་བསྐོར་ན་བདག་ཉིད་འཁྲུགས། །སྔགས་ཀྱི་བཏུ་བ་མ་བྱས་ན། །སྔགས་ཟློས་པ་ནི་ཉམས་པར་འགྱུར། །གསང་སྔགས་བརྡ་ཡིས་མ་གོས་པར། །སྔགས་ཀྱི་དངོས་གྲུབ་མེད་པར་འགྱུར། །དེས་ན་ཟླ་བ་མག་དང་ཡོན་ཏན་དང་རིག་བྱེད་མདའ་ཞེས་བྱ་བ་ལ་སོགས་པ་སྔགས་སོ། །ལས་ཀྱི་མཐར་ཐུག་འཁྲུལ་འཁོར་ཡིན། །རྒྱུད་ཀྱི་མཐར་ཐུག་བདག་པོ་མཆོག །དཀའ་ཐུབ་མཐར་ཐུག་སེམས་དཔའ་ཆེ། །བསོད་ནམས་མཐར་ཐུག་ཡན་ལག་བདུན། །མ་བྱུང་འབྱུང་བར་མི་འགྱུར་རོ། །དེ་ནི་འཁྲུལ་འཁོར་གྱི་སྒོ་ནས་ཚར་བཅད་པའོ། །ཏིང་ངེ་འཛིན་དྲ་བའི་ལེའུ་འདི་ཚིགས་བཅད་བརྒྱ་དྲུག་ཅུ་རྩ་གཉིས་རྣམས་དང༌། ཡོན་ཏན་བརྒྱ་དང་ལྔ་བཅུས་ཟབ་མོའི་བཀའ་འདི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས། དེའི་ཡོན་ཏན་དེའི་མཛད་སྤྱོད་བསྡུས་པ་བསྟན་པར་བྱའོ། །དང་པོར་ཆོས་ཀྱི་སྐུ་བསྟན་པ་ནི། མི་སྐྱེ་ཆོས་ཅན་འདི་གསུངས་པ། །བྱ་བ་ནས་ཨ་བཅུ་གཉིས་ཚིག་དྲག་དང་བཅས་པ་དང༌། རྫོགས་པའི་སངས་རྒྱས་ཨ་ལས་འབྱུང༌། །བྱ་བ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བའི་བར་དང༌། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ལ་སོགས་པའི་ཚིག་དང༌། ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་བྱ་བའི་ཚིག་དང༌། ཐིག་ལེ་སྟོང་པ་ཡི་གེ་མེད། །ཅེས་བྱ་བ་ནས་རྣམ་པ་མེད་ཅེས་བྱ་བའི་བར་གྱིས་ཆོས་ཀྱི་སྐུ་བསྟན་ཏོ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་བྱ་བ་ནས། གཟུགས་ཆེན་ལུས་ཀྱང་ཆེ་བ་སྟེ། །ཞེས་པའི་བར་གྱིས་ལོངས་སྐུ་བསྟན་ཏོ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་བྱ་བ་ནས། སྒྱུ་འཕྲུལ་ཆེན་ ― DTG064_Page_0453 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་མིག་འཕྲུལ་ཅན། །ཞེས་པ་ལ་སོགས་པས་སྤྲུལ་སྐུ་བསྟན། ནམ་མཁའ་ལས་བྱུང་རང་འབྱུང་བ། །ཞེས་བྱ་བ་དང༌། རྣམ་པར་དག་པ་བདག་མེད་ཆོས། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་པ་ལ་སོགས་པས་ངོ་བོ་ཉིད་ཀྱི་སྐུ་བསྟན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བྱ་བ་དང༌། ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་བསྟན་ནོ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་བྱ་བ་དང༌། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པས་ཡེ་ཤེས་ཀྱི་ངོ་བོ་གཅིག་པར་བསྟན། ཡང་སྐུ་གསུམ་གྱི་བསྔགས་པ་བསྟན་པ། གཟུགས་མེད་ཅེས་བྱ་བ་ནི་ཆོས་སྐུ་གཟུགས་བཟངས་ཞེས་བྱ་བ་ནི་ལོངས་སྐུ་དམ་པ་སྟེ་ཞེས་བྱ་བ་ནས་གཉིས་ཏེ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱས། །ཞེས་བྱ་བ་ནི་སྤྲུལ་སྐུ། ཡང་དེ་ཉིད་བཤད་པ། ཆོས་སྐུ་ནི་སྐྱེ་མེད་ཆོས་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །ལོངས་སྐུ་ནི། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་བྱ་བ་ལ་སོགས་པའི་ཚིག་དང་རྣམ་པ་ཀུན་ལྡན་ཞེས་བྱ་བ་དང༌། ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱལ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ལོངས་སྤྱོད་རྫོགས་པའི་སྐུ་བསྟན། རྗེས་སུ་གཟུང་བའི་སྐུ་དང་ཚར་གཅོད་པའི་ཁྲོ་བོའི་སྐུའོ། །དེ་ལ་རྗེས་སུ་གཟུང་བའི་སྐུའི། འཕགས་པ་འཇམ་པའི་དབྱངས་ལ་སོགས་པ་ཞི་བའི་ཚུལ་གྱིས་སོ། །ཚར་གཅོད་པའི་སྐུ་ནི། དེ་ནས་འཇམ་པའི་དབྱངས་ཀྱིས་ནི། །ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །དྲག་ལ་མཐུ་རྩལ་དང་ལྡན་པ། །ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ནས་བརྩམས་ཏེ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱ་བའི་བར་གྱིས་སོ། །རྡོ་རྗེ་རིགས་ཀྱི་ལེའུར་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང༌། ཕྲིན་ལས་མཛད་སྤྱོད་དུ་ཤེས་པར་བྱའོ། །གཞན་ཡང༌། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །གདུལ་བྱའི་ཁྱད་པར་ནི་རྗེས་སུ་གཟུང་བའི་སྐབས་སུ་ཤེས་པར་བྱའོ། །དེ་ཡང་སངས་རྒྱས་རྣམས་ཀྱི་མཁྱེན་པ་ནི། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་བཅུ་དབང་ལྡན་ ― DTG064_Page_0454 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེ་བ་བོ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཤེས་པའི་ཁྱད་པར་བསྟན། ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཤེས་རབ་མཚོན་ཆེན་རྣམ་འཇོམས་པ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཞེས་བྱ་བས་ཤེས་རབ་ཀྱི་ཁྱད་པར་བསྟན། ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །བྱ་བ་ནས། ཀུན་ཤེས་ཀུན་རིག་དམ་པའོ། །ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་ཁྱད་པར་བསྟན། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ཞེས་བྱ་བ་ལ་སོགས་པས་བཀྲ་ཤིས་པ་དང་དགེ་བའི་ཁྱད་པར་བསྟན། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཞེས་བྱ་བའི་ཚིག་གིས་དབུགས་འབྱིན་པའི་ཡོན་ཏན་བསྟན། ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཞེས་བྱ་བ་ལ་སོགས་པས་སྤངས་པའི་ཁྱད་པར་བསྟན། མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་བྱ་བ་ལ་སོགས་པས་མ་རིག་པ་སེལ་བའི་ཁྱད་པར་བསྟན། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་པ་དང༌། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་བྱ་བ་ལ་སོགས་པས་དབང་གི་བདག་པོ་དང་དབང་གི་ཁྱད་པར་བསྟན་པའོ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པ་དང༌། གནས་བརྟན་རྒན་པོ་སྐྱེ་དགུའི་བདག །ཅེས་བྱ་བ་ལ། ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་བྱ་བ་ལ་ཐམས་ཅད་ཀྱི་བདག་པོའམ་གཙོ་བོའི་ཡོན་ཏན་གྱི་ཁྱད་པར་བསྟན། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་དང༌། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་བྱ་བ་ལ་སོགས་པས་ཡིད་དུ་འོང་བའི་ཁྱད་པར་བསྟན། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་བྱ་བ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པའི་ཁྱད་པར་བསྟན། དེ་ཉིད་དྲན་པ་ཆེན་པོ་འཆང༌། །ཞེས་བྱ་བའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གིས་ཐུན་མོང་གི་ཡོན་ཏན་དང༌། ཁྱད་པར་གྱི་ཡོན་ཏན་བསྟན། སྤྲིན་དཀར་དག་པ་བཞིན་དུ་དཀར། འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཅེས་བྱ་བ་ལ་སོགས་པས་འོད་ཀྱི་ཁྱད་པར་བསྟན་ནོ། །སེན་མོའི་འོད་ནི་ཤས་ཆེར་དམར། །ཞེས་བྱ་བ་ལ་སོགས་པས་ཡན་ལག་གི་ཁྱད་པར་བསྟན། ནོར་བུ་ཆེན་པོ་ ― DTG064_Page_0455 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོད་ཆགས་དཔལ། །ཞེས་བྱ་བས་རྒྱན་གྱི་ཁྱད་པར་བསྟན། འཇིག་རྟེན་ཁམས་བརྒྱ་བསྐྱོད་པའི་བདག །ཅེས་བྱ་བ་ལ་སོགས་པས་རྫུ་འཕྲུལ་གྱི་ཁྱད་པར་བསྟན་ནོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་པས་མངོན་པར་རྟོགས་པའི་ཁྱད་པར་བསྟན། འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་པས་རང་འཇིགས་པ་མེད་པའི་ཁྱད་པར་བསྟན། འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པས་གཞན་གྱི་འཇིགས་པ་སེལ་བའི་ཁྱད་པར་བསྟན། ཡོན་ཏན་ལས། ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །འདིས་ནི་ངས་ཁྱོད་ཀྱི་རྒྱུད་ལ་ཡང་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ལ་སོགས་པས་བྱིན་གྱིས་བརླབ་པའི་ཁྱད་པར་བསྟན། སྤྱོད་ལམ་ཐམས་ཅད་དུ་སྲུང་བ་དང་ཞེས་བྱ་བའི་ཚིག་དང༌། མ་མོ་བདུན་གང་ཡིན་པ་ལ་སོགས་པའི་ཚིག་དང༌། དེའི་ལུས་ལ་འཇུག་པར་བྱེད་དོ་ཞེས་བྱ་བའི་ཚིག་གིས་བདག་གི་དབང་དུ་འགྲོ་བའི་ཁྱད་པར་བསྟན་ཏོ། །གཞན་ཡང་ཡོན་ཏན་གྱི་ཁྱད་པར་ནི་ལེའུ་དེ་ཉིད་དུ་རྒྱས་པར་ཤེས་པར་བྱའོ། །འབྲས་བུའི་ཁྱད་པར་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ཚིགས་སུ་བཅད་པ་གཅིག་གིས། སྟོན་པ་གཅིག་པུ་འགྲོ་བའི་ཟླ། །སངས་རྒྱས་བྱང་ཆུབ་བ་བླ་ན་མེད། །ཅེས་བྱ་བ་ལ་སོགས་པས་འབྲས་བུའི་ཁྱད་པར་བསྟན་ཏོ། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཅེས་པས་ཐམས་ཅད་ཀྱི་ངོ་བོ་ཡིན་པར་བསྟན་ཏོ། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །ཞེས་བྱ་བས་ནི་རྒྱུའི་ཁྱད་པར་བསྟན་ཏོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་བྱ་བས་ཐམས་ཅད་དུ་དམ་པའི་ཁྱད་པར་བསྟན་ཏོ། །ཤེས་པས་སྲེད་འབྱུང་སྐྱེ་གནས་མེད། །ཅེས་བྱ་བས་ནི་མངལ་ལས་མི་སྐྱེ་བའི་ཁྱད་པར་བསྟན་ཏོ། །ཆོས་ལས་བྱུང་བ་སྲིད་པ་སེལ། །ཞེས་བྱ་བས་ནི་གཞན་གྱི་འདོད་ཆགས་ལ་སོགས་པ་སེལ་བའི་ཁྱད་པར་རོ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་པས་ནི་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་ཁྱད་པར་རོ། །སྐྱེས་མ་ཐག་པར་འགྲོ་བའི་བདག །ཅེས་པས་ནི་དེའི་ནུས་མཐུའི་ཁྱད་པར་རོ། །ནམ་མཁའ་ལས་བྱུང་རང་འབྱུང་བ། །སངས་རྒྱས་ཐོག་མ་ཐ་མ་མེད། ། ― DTG064_Page_0456 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅེས་བྱ་བ་ལ་སོགས་པས་དང་པོའི་སངས་རྒྱས་ཀྱི་ཁྱད་པར་བསྟན་ཏོ། །དེ་ཡང་རིག་པ་ཅིའི་ཕྱིར་ཞེ་ན། རྟེན་བསམ་གྱིས་མི་ཁྱབ་པ་དང༌། བརྟེན་པ་བསམ་གྱིས་མི་ཁྱབ་པ་དང༌། ཡུལ་བསམ་གྱིས་མི་ཁྱབ་པའི་ཕྱིར། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་བྱ་བ་དང༌། ཤེས་པ་འབའ་ཞིག་ངེས་གསལ་བ། །ཞེས་བྱ་བ་དང༌། ནམ་མཁའ་ལས་བྱུང་རང་འབྱུང་བ། །ཞེས་བྱ་བ་དང༌། དང་པོའི་སངས་རྒྱས་རྒྱུ་མེད་ཕྱིར། །ཞེས་པས་གཞན་ལ་མ་ལྟོས་པའི་ཁྱད་པར་རོ། །འོ་ན་འབད་པ་མེད་པའི་སྐྱོན་མི་འོང་སྙམ་དུ་དོགས་ན། དེ་ནམ་མཁའ་ལས་བྱིན་གྱིས་བརླབས་ལས་བྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་སྐྱོན་ཐམས་ཅད་ཀྱིས་མི་ཚུགས་པར་ཤེས་པར་བྱའོ། །དེ་ལྟ་བས་ན་དེའི་ངོ་བོ། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱའོ། །ཟབ་མོའི་དོན་འདི་ཡང་སྐུ་ལྔ་དང་གསུམ་ཡེ་ཤེས་ལྔའམ་གཅིག་གིས་ཞུ་བ་ནི་ཚིག་ནས་བཟུང་སྟེ། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་བྱ་བ་ཡན་ཆད་ཀྱིས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བསྡུས་པར་ཤེས་པར་བྱའོ། །དེ་ཡང་སྐུ་དང་ཡེ་ཤེས་དེ་རྟག་གམ་མི་རྟག །ལོག་པར་རྟོག་པ་བསལ་བའི་ཕྱིར། རྟག་པ་ཀུན་ལྡན་ཞེས་སྨོས་ཏེ། འོ་ན་མུ་སྟེགས་ཀྱི་རྟག་པའི་སྐྱོན་མི་འོང་ངམ་སྙམ་དུ་དོགས་ན་དེ་བསམ་པར་མི་བྱ་སྟེ། སྐད་ཅིག་མའི་རྟག་པས་སྟོང་པས་ན། སེམས་ཙམ་པའི་རྒྱུན་གྱིས་རྟག་བའི་སྐྱོན་མི་འོང་ངམ་ཞེས་དོགས་ནས་དེ་བསམ་པར་མི་བྱའོ། །རྒྱུ་འབྲས་ལ་སོགས་པའི་འབྲེལ་པས་སྟོང་པའི་ཕྱིར་རོ། །ཅི་ཡང་མེད་དོ་སྙམ་དུ་དོགས་ན། སོ་སོ་རང་རིག་མི་གཡོ་བ། །ཞེས་སྨོས་སོ། །རིག་པ་བཏང་སྙོམས་སུ་དོགས་ན། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་བྱ་བ་སྨོས་སོ། །དེ་སྐྱེ་བར་འཛིན་ཞེས་དོགས་ན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་བྱ་བ་སྨོས་སོ། །དེ་བརྗོད་པས་གནོད་པ་འོང་ངོ་ཞེས་དོགས་ན། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པས་སོ། །ཁམས་གསུམ་དུ་གཡོ་ཞིང་རྟོག་གོ་ཞེས་དོགས་ན། སོ་སོ་རང་རིག་མི་གཡོ་བ། །ཞེས་བྱ་བ་སྨོས་སོ། །དེ་སྐད་ཅིག་མ་དུ་མ་ཡིན་ནོ་ཞེས་དོགས་ན། རྣམ་པར་དག་པ་བདག་མེད་ཆོས། །ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱང་དྲི་མ་ཡིན་ན་ཞེས་བྱ་བར་དོགས་ན། མི་གཡོ་རབ་ཏུ་དང་བའི་བདག །ཅེས་བྱ་བ་ ― DTG064_Page_0457 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྨོས་སོ། །དེ་ཉིད་ཀྱང་ཞི་གནས་ལ་ཡོད་དོ་ཞེས་བྱ་བར་རྟོག་ན། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་སྨོས་སོ། །དེ་ཉིད་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེས་བྱ་བར་རྟོག་ན། སངས་རྒྱས་ཀུན་གྱི་མངོན་སུམ་མོ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཡུལ་མེད་དོ་ཞེས་བྱ་བར་རྟོག་ན། བསམ་གཏན་བསམ་བྱ་ཞེས་བྱ་བ་སྨོས་སོ། །དེ་ཉིད་སོ་སོར་བྱ་བར་རྟོག་ན། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །ཞེས་བྱ་བ་སྨོས་སོ། །དེ་ལ་རྣལ་འབྱོར་མེད་དོ་ཞེས་བྱ་པར་རྟོག་ན། རྣལ་འབྱོར་ཅན་ཞེས་བྱ་ན་སྨོས་སོ། །དེ་ཐམས་ཅད་མ་རྒྱལ་ལོ་ཞེས་བྱ་བར་དོགས་ན། ཀུན་ཀྱང་ཞེས་སྨོས་སོ། །ཤེས་རབ་དང་ཡེ་ཤེས་ཀྱི་ཁྱད་པར་མེད་དོ་ཞེས་དོགས་ན། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་གསང་སྔགས་དང་རིག་སྔགས་ལ་སོགས་པའི་བདག་པོ་མ་ཡིན་ནོ་ཞེས་རྟོག་ན། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་དང༌། སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །ཞེས་བྱ་བ་སྨོས་སོ། །དེ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་དོན་མེད་དོ་ཞེས་རྟོག་ན། གསང་སྔགས་རྒྱལ་པོ་དོན་བཞིན་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྟོག་གོ་སྙམ་དུ་རྟོག་ན། རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རྟོག་པ་མེད་པས་སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཞེས་བྱ་བ་དང༌། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་བྱ་བ་སྨོས་སོ། །དེ་གཞན་གྱི་དྲིང་འཇོག་གོ་ཅེས་བྱ་བར་རྟོག་ན། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་བྱ་བ་སྨོས་སོ། །དེ་ལྟར་དེ་རྒྱུ་མེད་པ་ལས་སྐྱེ་བོ་ཞེས་རྟོག་ན། ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་བྱ་བ་སྨོས་སོ། །དེ་ལྟར་སྨྲས་པ་དང་འགལ་ལོ་ཞེས་བྱ་བར་རྟོག་ན། དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཇི་ལྟ་བ་ཡིན་ཞེས་རྟོག་ན། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའོ། །དེ་ནས། ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཅེས་བྱ་བ་ལ་སོགས་པ་ ― DTG064_Page_0458 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྨོས་སོ། །དེ་ཉིད་བྱིན་རླབས་དང་ལྡན་པར་བྱ་བའི་ཕྱིར། སརྦ་དྷརྨ་ཞེས་བྱ་བ་ནས་བརྩམས་ཏེ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱ། ཞེས་བྱ་བའི་བར་གྱིས་ཟབ་པ་དང་རྒྱ་ཆེ་བའི་བར་དུ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པས་དུས་གསུམ་གྱི་སངས་རྒྱས་ངོ་བོ་རྡོ་རྗེ་འཆང་བ་དཔག་ཏུ་མེད་པའི་རྣམ་པར་དག་པ་ལམ་དུ་བསྟན་པའི་ཕྱིར། འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །ཞེས་སྨོས་སོ། །རྒྱུད་འདི་ཐབས་དང་ཤེས་རབ་དང་མ་འབྲེལ་ལོ་སྙམ་དུ་རྟོག་ན། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་དང་མཚུངས་སོ་སྙམ་དུ་རྟོག་ན། དེ་ལས་ཁྱད་པར་དུ་བསྟན་པའི་ཕྱིར། སྟབས་པོ་ཆེ་ལ་ཐབས་ཆེ་བ། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །ཤེས་རབ་ཤེས་བྱའི་བདག་པོ་མཆོག །ཅེས་བྱ་བ་སྨོས་སོ། །དེ་ནི་ཐབས་དང་ཤེས་རབ་ཀྱི་ཁྱད་པར་རོ། །དེ་ཐབས་དང་ཤེས་རབ་གཉིས་སུ་རྟོག་ན། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པས་སོ། །དེ་མཐར་ཐུག་པ་མ་ཡིན་ནོ་སྙམ་དུ་རྟོག་ན། ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རྒྱུ་ན་ཆད་དོ་སྙམ་དུ་རྟོག་ན། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྲུལ་པའི་སྐུས་སེམས་ཅན་རྣམས་ཀྱི་ངན་སོང་མི་སྦྱང་ངོ་སྙམ་དུ་རྟོག་ན། ངན་སོང་ཐམས་ཅད་རྣམ་པར་སྦྱོང༌། །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གར་མི་བྱེད་དོ་ཞེ་ན། ཞི་ཁྲོ་རྣམ་པ་གཉིས་ཀྱི་སྐུས་གར་དང་བགེགས་ཚར་གཅད་པའི་ཕྱིར་དང༌། སྟང་སྟབས་དང་གར་གྱིས་གདུལ་བའི་ཕྱིར། དཔལ་ལྡན་བློ་དང་སྒེག་པར་ལྡན། །ཞེས་བྱ་བ་ནས་བརྩམས་ཏེ། ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་བྱ་བའི་བར་གྱིས་གར་དངོས་སུ་བསྟན་ནས་སྟང་སྟབས་ཤུགས་ཀྱིས་ཤེས་པར་བྱའོ། །རྒྱུད་འདི་ལ་དཀྱིལ་འཁོར་མེད་དོ་སྙམ་ན། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་བྱ་བ་དང༌། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱག་རྒྱ་མེད་དོ་སྙམ་དུ་རྟོག་ན། ། ― DTG064_Page_0459 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །ཞེས་སྨོས་སོ། །དབང་བསྐུར་དབང་ངོ་སྙམ་དུ་རྟོག་ན། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་ཆེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དམ་ཚིག་མེད་དོ་སྙམ་དུ་རྟོག་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་བྱ་བ་སྨོས་སོ། །ས་དང་ཕ་རོལ་ཏུ་ཕྱིན་པ་དང་འགལ་ལོ་སྙམ་དུ་རྟོག་ན། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་བྱ་བ་ལ་སོགས་པ་དང༌། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་བྱ་བ་དང༌། ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་རྒྱུད་འདི་སྒྲོ་སྐུར་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར་ཡོན་ཏན་གྱི་ལེའུ་ལས། ཆོས་ཉིད་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའི་ཆོས་ཉིད་དོ། །སྒྲོ་བཏགས་པ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷའི་གྲངས་ངེས་སོ་ཞེས་བྱ་བར་རྟོག་ན། མིང་གི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་དང༌། ཡང་ན་བདག་ཉིད་ཀྱི་ལུས་ལས་སྤྲོས་ཏེ། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་བྱ་བ་དང༌། བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་བྱ་བ་དང༌། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་བྱ་བ་ལ་སོགས་པས་སངས་རྒྱས་དང་རྗེས་སུ་མཐུན་པའི་སྐུ་སྤྲོ་བའོ། །དམིགས་པ་མེད་པའི་དོན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རྒྱུད་ཀྱི་དགོངས་པ་ཐམས་ཅད་རྫོགས་པར་བསྟན་པའི་ཕྱིར། མེད་པ་ལས་བྱུང་ཁྱོད་ལ་འདུད། །ཅེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུད་ཀྱི་བྱ་བ་ཡོངས་སུ་རྫོགས་པ་ལ་འཁོར་མོས་པ་ཅན་བསྟན་པའི་ཕྱིར། དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར། སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཤཱཀྱ་ཐུབ་པ་ཁོ་ནས་བཤད་དོ་སྙམ་དུ་རྟོག་ན། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་རྒྱུད་ཀྱི་བྱ་བ་རྫོགས་ནས། དེ་བཤད་པ་ནི་རྣམ་པ་གཉིས་ཏེ། རྨོངས་པ་ངོ་མཚར་སྐྱེད་པ་དང༌། མཁས་པ་ཡིད་དགའ་བར་བྱེད་པས་སོ། །དེ་ལ་རྨོངས་པ་ངོ་མཚར་སྐྱེད་པ་བཤད་པ་ནི། དྲང་དོན་གཙོ་ཆེ་སྟེ། ཚིག་ལ་རྟོན་ལ་ ― DTG064_Page_0460 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོན་ལ་མི་རྟོན་པ་དང༌། རྣམ་པར་ཤེས་པ་ལ་རྟོན་ལ། ཡེ་ཤེས་ལ་མི་རྟོན་པ་དང༌། གང་ཟག་ལ་མི་རྟོན་ལ། ཆོས་ལ་མི་རྟོན་པ་དང༌། དེ་ལྟ་བུའི་གང་ཟག་བཅོས་མ་ལ་དགའ་བ་ལ་ཕྱི་ལྟར་བཤད་པ་དང༌། ནང་ལྟར་བཤད་པ་ལ་སོགས་པ་མཚན་མ་དང་བཅས་པས་དུ་མའི་སྒོ་ནས་མངོན་པར་དགའོ། །བརྟག་མི་བཟོད་པ་ནི་དོན་དུ་མས་བློ་འཕྲོག་པ། ཡིད་བརྟན་དུ་མི་རུང་པ། ཕྱིས་འགྱུར་བ་ཡང་དག་པའི་ཡེ་ཤེས་མི་སྐྱེ་བ། ཤེས་རབ་རྣམ་གསུམ་མི་འབྲེལ་བ། བཅོས་མའི་བདེ་བ་ལ་དགའ་བ། བཙན་ཐབས་ཀྱི་ཐབས་ཀྱིས་འཇུག་པ། ཕྱི་པ་མུ་སྟེགས་དང་ཁྱད་པར་མེད་པ། རིགས་པས་གནོད་པ། ལུང་ལྟར་བཅོས་པ། དེ་ལྟ་བུའི་གང་ཟག་ནི་དངོས་པོའི་གདོན་གྱིས་ཟིན་པར་རིག་པར་བྱའོ། །དེ་ལ་མཁས་པ་ཡིད་དགའ་བར་བྱེད་པའི་བཤད་པ་ནི། རྗེས་སུ་གཟུང་བ་ནི་སྔར་བསྟན་པ་ཡིན་ནོ། །རྒྱུད་ཀྱི་བཤད་པ་ནི་རྫོགས་རིམ་ལྟར་བཤད་པ་དང༌། བསྐྱེད་རིམ་ལྟར་བཤད་པའོ། །དེ་ཡང་ཚིག་གི་སྐབས་ས་བོན་ཡོད་པ་དང༌། མེད་པའི་སྐབས་ཞེས་པ་ནི་མཁས་པ་ཡིད་དགའ་བར་བྱེད་པའི་བཤད་པའོ། །རྒྱུད་འདི་ཉིད་ཀྱི་བཤད་པ་ནི། རྫོགས་པ་ཡེ་ཤེས་ཀྱི་སྐུ་དང་ཡེ་ཤེས་ཇི་ལྟར་གནས་པ་དང༌། དེའི་ཡོན་ཏན་གྱི་ནུས་མཐུ་ཇི་ལྟར་བྱུང་བ་དང༌། དེའི་སྒྲུབ་པ་པོས་ཇི་ལྟར་ཉམས་སུ་བླང་བའོ། །སངས་རྒྱས་ཀྱི་མཛད་པ་ཉམས་སུ་མ་བླངས་ན་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་བྱ་བ་མི་འགྲུབ་སྟེ། སྐྱོན་མང་དུ་འདུས་པའི་ཕྱིར་ཏེ། གོང་དུ་སངས་རྒྱས་ཀྱི་རྒྱུ་དང་ཡེ་ཤེས་དེའི་ཡོན་ཏན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན། མངོན་པར་ཤེས་པ་དྲུག །རྗས་སུ་དྲན་པ་དྲུག །ཤེས་པ་བཅུ་ལ་སོགས་པ་ནང་གི་ཡོན་ཏན་ཐམས་ཅད་དང༌། སྐུའི་ཡོན་ཏན་མཚན་དང་དཔེ་བྱད་ལ་སོགས་པ། གསུང་གི་ཡོན་ཏན་ཚངས་པའི་དབྱངས་ལ་སོགས་པ། དེ་དག་ཐམས་ཅད་ནི་མཁས་པས་མཛད་ཅིང་ཐུན་མོང་གི་འགྲེལ་པ་ལས་ཤེས་པར་བྱའོ། །འདི་ནི་སྒྲུབ་པ་གཙོར་བྱས་ནས་སྒྲུབ་པའི་དབང་དུ་བྱས་ཏེ་བྲིས་པའོ། །གཞན་ཡང་སློབ་དཔོན་ཁ་ཅིག་གིས་ཚིག་རེ་རེ་ལ་ལྷའི་མཚན་དུ་སྦྱར་བ་ཡང་ཡོད་དེ། དེ་ནི་ཤིན་ཏུ་ ― DTG064_Page_0461 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཁྲུལ་བའོ། །ཅིའི་ཕྱིར་ཞེ་ན། ཆོས་མཐུན་ཙམ་ཡང་མེད་པའི་ཕྱིར་རོ། །རང་བཞིན་ལ་དགོངས་ནས་ཤེ་ན། དེ་ལྟར་ན་ཆོས་ཐམས་ཅད་ཀྱང་ལྷའི་རང་བཞིན་ནོ། །ད་ནི་གོང་དུ་བཤད་པའི་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དེ་སྒྲུབ་པ་པོས་ཉམས་སུ་བླངས་ན་དོན་འདི་ཡིན་ཏེ། ཡན་ལག་བཅུ་ལྡན་སྒྲུབ་པ་པོས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དང་པོ་བྱིན་གྱིས་བརླབ་པའི་ཡན་ལག་ཇི་ལྟ་བུ་ཞེ་ན། དེ་ལུང་མེད་དོ་སྙམ་དུ་སེམས་ན། ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐུ་དང་ཡེ་ཤེས་ཀྱི་ཡན་ལག་ནི། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གཞིའི་ཡན་ལག་ལ། དང་པོ་སྲུང་བའི་འཁོར་ལོའི་ཡན་ལག་ནི། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚོགས་བསགས་པའི་ཡན་ལག་ནི། འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡེ་ཤེས་རྟེན་གྱི་ཡན་ལག་ནི། ལུས་མེད་ལུས་དེ་ལུས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཡེ་ཤེས་དངོས་ཏེ་ཡན་ལག་ནི། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ནི་ཚོགས་ཀྱི་ཡན་ལག་གོ །ལུས་རྣམ་པར་དབེན་པ་ནི་ཡེ་ཤེས་ཀྱི་རྟེན་དང་མཚུངས་སོ། །ངག་རྣམ་པར་དབེན་པ་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་རྣམ་པར་དབེན་པ་ནི། རྣམ་རིགས་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །ཞེས་བྱ་བ་དང༌། དངོས་པོ་ཀུན་གྱི་རང་བཞིན་འཛིན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྟ་བའི་ཡན་ལག་ནི་ལྟ་བའི་ངོ་སྤྲད་པ་ལ་བྱའོ། །དེ་ཡང་ཅིས་མངོན་ཞེ་ན། ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་བྱ་བ་དང༌། རྣམ་པར་དག་པ་བདག་མེད་ཆོས། །ཞེས་བྱ་བ་དང༌། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་བྱ་བ་དང༌། ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། ། ― DTG064_Page_0462 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྒོམ་པའི་ཡན་ལག་ནི་བསྒོམ་པའི་ངོ་སྤྲད་དེ། རླུང་ཇི་སྙེད་ཅིག་ཡོད་ཀྱང་རྩ་བའི་རླུང་རྣམ་པ་ལྔར་འདུས་ཏེ། དེ་ཡང་སྲོག་རྩོལ་གཉིས་སུ་ཤེས་པར་བྱའོ། །དེ་ཡང་སྔགས་སུ་ངོ་སྤྲད་དེ། དེའི་མན་ངག་གིས་བཏུ་བ་འདི་ཡིན་ཏེ། དྲུག་པའི་གཉིས་པ་ར་དང༌། བདུན་པའི་བཞི་པ་ཧ་དང། དེ་ལ་ཐིག་ལེ་བཞི་པའོ། །དེ་ནི་ཆགས་པའི་གསང་སྔགས་སོ། །སྐྱེ་བའི་སྔགས་ནི། དབྱངས་ཡིག་དང་པོ་ཨ་དང༌། བདུན་པའི་བཞི་པ་ཧ་དང༌། དེ་ལ་ཐིག་ལེ་བཞི་པའོ། །བཞི་པའི་རང་སྔགས་ནི་བདུན་པའི་བཞི་པ་ཧ་དང༌། དེ་ལ་ཐིག་ལེ་གཉིས་གནས་པའོ། །དེ་ལ་ཁྲོ་བོའི་རང་སྔགས་ནི། བདུན་པའི་བཞི་པ་ཧ་དང༌། དབྱངས་ཡིག་དབུས་མ་ཤ་སྦྱིན་པའོ། །རང་བྱུང་གི་རང་སྔགས་ནི་བདུན་པའི་གསུམ་པ་དང༌། དྲུག་པའི་བཞི་པ་སྦྱིན་པའོ། །དེ་ཡང་ངོ་སྤྲད་གསུམ་ནི་ཐམས་ཅད་སྔགས་སུ་ངོ་སྤྲད། སྔགས་རླུང་དུ་ངོ་སྤྲད། རླུང་སེམས་སུ་ངོ་སྤྲད། སེམས་འོད་གསལ་དུ་ངོ་སྤྲད་དོ། །ལྟ་སྟངས་ཀྱི་ཡན་ལག་ནི་མི་མངོན་ཞེ་ན། རིན་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྡའི་ཡན་ལག་ནི་ལུས་དང་ངག་གོ །བརྡ་ནི་རིག་པ་སྟེ། དེ་ཡང་ཅིས་མངོན་ཞེ་ན། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྡུ་བའི་ཡན་ལག་ནི་ཚིག་ལ་བསྡུ་བ་དང༌། དོན་ལ་བསྡུ་བའོ། །ཚིག་ལ་བསྡུ་བ་ནི་ཡི་གེ་ཨ་ལ་བསྡུ་བའོ། །དེ་ཡང་ཅིས་མངོན་ཞེ་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་ལ་བསྡུ་བ་ནི། ཐམས་ཅད་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་བསྡུ་བ་སྟེ། དེ་ཡང་ཅིས་མངོན་ཞེ་ན། དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་བྱ་བ་དང༌། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཅེས་བྱ་བ་ལ་སོགས་པ་དང༌། ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་བྱ་བ་དང༌། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་བྱ་བ་དང༌། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ན་འཕགས་པ་འཇམ་དཔལ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དུས་མེད་པ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ། གཤེགས་ནས་ཆོས་ཀྱི་ ― DTG064_Page_0463 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒོ་ཐམས་ཅད་སྟོན་པར་མཛད་དོ་སྐུ་ཡང་སྟོན་ཏོ། །དེའི་རྒྱུད་ལ་ཡང་དག་པར་བྱིན་གྱིས་རློབ་པོ་ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །རྩེ་གཅིག་ཏུ་བསྒོམ་ཞེས་པ་ནི་བླ་མའི་མན་ངག་གིས་བསྐྱེད་རིམ་དང༌། རྫོགས་རིམ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །ཇི་ལྟར་བསྟན་ཞེ་ན། དམ་ཚིག་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་ཞེས་གསུངས་པས་ན། སེམས་བསྐྱེད་པ་དང༌། དབང་བསྐུར་བ་ལ་སོགས་པ་ཤེས་པར་བྱའོ། །དེ་ཡང་དབང་བསྐུར་པ་ནི་རྣམ་པ་གཉིས་ཏེ། རྗེས་སུ་གཟུང་བའི་དབང་དང༌། ཆོས་ལས་རྣམ་པར་རྒྱལ་བའི་དབང་ངོ༌། །དེ་ལ་རྗེས་སུ་གཟུང་བའི་དབང་ནི་བུམ་པའི་དཔང་ལ་སོགས་པའོ། །དེ་ལ་ཆོས་ལས་རྣམ་པར་རྒྱལ་བའི་དབང་ནི། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་བསྐུར་བའི་རྟེན་ནི། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །ཞེས་བྱ་བའི་ཚིག་དང༌། ས་ཡི་སྙིང་པོ་འགྲོ་བ་འཛིན། །ཞེས་བྱ་བའི་ཚིག་གིས་རྟེན་གྱི་གང་ཟག་བསྟན་པའོ། །དེ་ལ་དང་པོ་ལྟ་བ་བསྟན་པ་ནི། དངོས་པོ་ཀུན་གྱི་རང་བཞིན་འཛིན། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་བྱ་བའི་ཚིག་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱ་བའི་ཚིག་དང༌། རྣམ་པར་དག་པ་བདག་མེད་ཆོས། །དེ་ནི་སྦྱོར་བའི་ཡན་ལག་དང་པོས་དབང་བསྐུར་རོ། །དེ་ལ་ལུང་གི་མཐའ་མར་ནི་ཛའི་མཐའ་ཅན་གྱི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང༌། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །འདི་ཉིད་ཀྱི་ལུང་གིས་ཟིན་པ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྔགས་ཏེ། དེ་ཡང་འདོད་པ་ཅན་གཟུགས་ལ་སོགས་པ་ལྔ་སྟེ། དེ་ལ་དགའ་བ་ནི་སེམས་ཅན་ཐམས་ཅད་དོ། །སེམས་ཅན་དང་ཞེས་བྱ་བས་ནི་ཡིད་ཀྱི་ཡུལ་ཆོས་ཀྱང་བསྡུའོ། །གཟུགས་ལ་སོགས་པ་རེ་རེ་ལ་གསུམ་གསུམ་དུ་ཤེས་པར་བྱའོ། །འདོད་ཆགས་ཆེ་ཞེས་བྱ་བ་དང༌། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་བྱ་བའི་ཚིག་གིས་སེམས་ཀྱི་ངོ་བོ་མི་རྟོག་པའི་ནུས་པའི་མཐུ་ཅན་དུ་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་དུས་ཇི་ཙམ་ཞེ་ན། ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་སྟེ། །ཞེས་བྱ་སྟེ་བླ་མའི་ ― DTG064_Page_0464 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱིན་གྱི་རླབས་ཀྱིས་སོ། །དེ་ལ་དང་པོར་དབང་བསྐུར་བ་ནི། སློབ་མའི་རྒྱུད་སྦྱང་བ་ལ་སོགས་པ་སྟེ། ཞལ་གྱི་གདམས་ངག་ལས་ཤེས་པར་བྱའོ། །དེ་ལ་གོང་དུ་བསྟན་པའི་བརྡའི་ཡན་ལག་ནི་སྐབས་དེར་བསྟན་པ་སྟེ་མཁའ་འགྲོ་མའི་རྒྱུད་ལས་ཤེས་སོ། །སྐབས་དེ་རུ། བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོར་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་རྣམས་ཀྱིས་ཁྱད་པར་གྱི་མན་ངག་བསྟན་ཏོ། །དེ་ནས་བསམ་གཏན་གྱི་ཡན་ལག་བསྟན་ཏེ། བསམ་གཏན་ནི་དོན་རབ་འབྱེད་པའི་བསམ་གཏན་དང༌། མི་རྟོག་པ་ཙམ་གྱི་བསམ་གཏན་དང༌། ངོ་བོ་ཉིད་ཀྱི་བསམ་གཏན་དང༌། རྗེས་སུ་དྲན་པའི་བསམ་གཏན་དང༌། ཐམས་ཅད་མཁྱེན་པ་དང་རྗེས་སུ་མཐུན་པའི་བསམ་གཏན་ནོ། །དེ་ཡང་ཅིས་མངོན་ཞེ་ན། བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྲོག་རྩོལ་ནི་བསྒོམ་པ་ངོ་སྤྲོད་པའི་སྐབས་སུ་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་ཡན་ལག་ནི། ཡང་དག་པའི་ཏིང་ངེ་འཛིན་དང༌། ཡང་དག་པ་མ་ཡིན་པའོ། །ཡང་དག་པ་མ་ཡིན་པ་ནི་འདིར་མ་སྨོས་སོ། །ཡང་དག་པ་ནི་ལས་དང་པོ་པ་དང་མཐོང་བའི་ལམ་ལ་སོགས་པ་བསྡུས་པའོ། །དེ་ལ་རྗེས་སུ་དྲན་པ་ནི། རྒྱུད་གཞན་དུ་ནི་སློབ་དཔོན་གྱི་དོན་གཞན་དུ་ཡང་བཤད་དོ། །ཁོ་བོས་ནི། བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །ཞེས་བྱ་བ་དང༌། མི་གཡོ་རབ་ཏུ་དང་བའི་བདག །ཅེས་བྱ་བ་སྨོས་ཏེ། དེ་ཅིར་འགྱུར་ཞེ་ན། ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་བྱ་བ་སྨོས་ཏེ། འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་བྱ་བ་སྟེ་འདི་མངོན་པར་རྟོགས་པའི་ལམ་དུ་སྦྱར་བར་བྱའོ། །དེ་ཡང་དང་པོ་ཇི་ལྟ་བུ་ཞེ་ན། དང་པོ་དུ་བ་ལྟ་བུ་སྟེ། གཉིས་པ་སྨིག་རྒྱུ་ལྟ་བུ་དང༌། །གསུམ་པ་སྲིན་བུ་མེ་ཁྱེར་ཏེ། །བཞི་པ་མར་མེ་ལྟ་བུ་ཡིན། །ལྔ་པ་སྤྲིན་མེད་མཁའ་ལྟར་བརྟག །ཅེས་རྒྱུད་གཞན་གྱི་དབང་པོས་ཀྱང་གསུངས་ལ། དེ་ནི་དང་པོའི་རྟགས་སུ་ཤེས་པར་བྱའོ། །དེ་ཡང་བྱེ་བྲག་ཏུ་ཕྱེ་ནས་བཤད་པ་ནི། སྐད་ཅིག་ཐམས་ ― DTG064_Page_0465 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་མངོན་པར་རྟོགས། །ཞེས་བྱ་བ་སྟེ། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་སྨོས་ཏེ། དེ་ལས་གདམས་ངག་ཏུ་སྦྱར་ན་ལས་དང་པོ་པའི་སྣང་བ་བཞི་དང༌། ཅུང་ཟད་ཡེ་ཤེས་ལ་དབང་བའི་སྣང་བ་བཞི་དང༌། སོར་ཆུད་བའི་སྣང་བ་བཞི་དང༌། ཡེ་ཤེས་ལ་གཞོལ་བའི་སྣང་བ་བཞིར་ཤེས་པར་བྱའོ། །རྣམ་པ་ཉི་ཤུ་བྱང་ཆུབ་འཆང༌། །ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་གདམས་ངག་གིས་སྦྱར་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། རྣམ་པ་སངས་རྒྱས་ཀུན་རིག་མཆོག །ཅེས་བྱ་བ་དང༌། ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱལ། །ཞེས་བྱ་བ་ལ་སོགས་པས་དེའི་རྫོགས་པའི་འབྲས་བུ་བསྟན་ཏོ། །དེ་ལ་བར་མ་དོར་ཡན་ལག་ནི། ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བར་དུ་ལུང་གིས་ངོས་ཟིན་པར་ཤེས་པར་བྱའོ། །བར་མ་དོ་ནི་དུ་མར་གསུངས་མོད་ཀྱི་འཆི་བའི་བར་མདོ་དང༌། སྲིད་པའི་བར་མ་དོ་ལ་སོགས་པའི་མན་ངག་གིས་ཤེས་པར་བྱ་སྟེ། དེ་ལ་རེ་ཞིག་གང་ཟག་ནི་གཉིས་ཏེ། བརྩོན་འགྲུས་ཅན་དང་ལེ་ལོ་ཅན་གྱི་གང་ཟག་གོ །དེ་ལ་བརྩོན་འགྲུས་ཅན་གྱི་གང་ཟག་ལ་ཆོས་རྣམ་པ་བརྒྱད་དེ། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང༌། དེའི་གཞུང་ཇི་ལྟ་བ་བཞིན་དུ་ལུང་མནོས་པ་དང༌། སྔོན་སྦྱངས་པའི་ཤེས་རབ་དང་ལྡན་པ་དང༌། ཡང་དག་པའི་དོན་གོ་ཞིང་ཡིད་ཆེས་པ་དང༌། བདུད་ཀྱི་ལས་ཀྱིས་མི་བཟློགས་པ་དང༌། འཇིག་རྟེན་གྱི་བྱ་བ་མཆིལ་མ་བཞིན་དུ་དོར་བ་དང༌། བརྩོན་པ་མི་དོར་བ་དང༌། རླུང་སེམས་ལ་དབང་ཐོབ་པའོ། །དེ་ཡང་སྦྱོར་བ་རྣམ་པ་བཞི་སྟེ་དང་པོ་སྲུང་བའི་འཁོར་ལོ། གཉིས་པ་དེ་ཁོ་ན་ཉིད། གསུམ་པ་རྗེས་སུ་རིག་པ་དང༌། ལུང་བསྟན་པའི་རྣལ་འབྱོར་རོ། །བཞི་པ་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་སོ། །དེ་ལ་དང་པོ་རྨི་ལམ་གྱི་གདམས་ངག་དང༌། དེའི་ཞུགས་པའི་མན་ངག་རྗེས་སུ་དྲན་པར་ཤེས་པར་བྱའོ། །དེ་ཡང་དང་པོ་རྨི་ལམ་བཟློག །དེས་གཉིད་ལོག་དེ་ནི་ཡེ་ཤེས་མཚམས་སྦྱོར་བའི་ཡན་ལག་གོ །དེས་འཆི་བའི་བར་མ་དོ་ཡང་ཤེས་པར་བྱའོ། །བརྩོན་འགྲུས་ཅན་གྱི་གང་ཟག་ནི་སྒྱུ་ལུས་དང་འཇའ་ཚོན་ཟབ་པའི་བརྡས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དེས་འོད་ ― DTG064_Page_0466 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསལ་བའི་གནས་འཕོའོ་ཞེས་བྱ་བའི་དོན་ཏོ། །དེའི་ཤུགས་ཀྱིས་གཞན་ཡང་ཤེས་པར་བྱ་བའི་ཕྱིར་ལེ་ལོ་ཅན་གྱི་གང་ཟག་ནི་སྲིད་པ་བར་མ་དོར་ལས་སྨིན་པ་ལ་སོགས་པ་ཤེས་པར་བྱའོ། །དེའི་མངོན་པར་རྟོགས་པ་གཞན་ཡང་ས་དང་ཆུ་དང་མེ་དང་རླུང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གཅིག་ལ་གཅིག་གིས་འཇུས་པར་རང་བཞིན་གྱིས་མི་རྟོག་པར་སྐྱེ་བ་འཛིན་པའི་མན་ངག་གིས་ཤེས་པར་བྱའོ། །དེ་ཡན་ཆད་ཀྱིས་བར་དོའི་ཡན་ལག་གོ །།ད་ནི་རྒྱུད་དཀྲུགས་པའི་བདག་ཉིད་ཀྱི་མན་ངག་བླ་མ་ངམ་པའི་མན་ངག་གིས་སྦྱར་བ་ནི། སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །ཞེས་བྱ་སྟེ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་བྱ་ལ། སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་བྱ་སྟེ་དེ་མ་ཐག་ཏུ་བདེན་པའི་ཚིག་དོན་མཐོང་བ་ཞེས་བྱ་བའི་དོན་ཏོ། །བདེན་པའི་དོན་ཇི་ལྟ་བུ་ཞེ་ན། གཞི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་བྱ་བ་སྨོས་སོ། །དེ་ཉིད་སར་ཆུད་པའི་བྱང་ཆུབ་སེམས་དཔའ་དང་འདྲ་བས་ན། སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་བྱ་བ་སྨོས་སོ། །དེ་ཉིད་སྲིད་པའི་སྐྱེ་བ་མི་ལེན་པས་ན། ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཅེས་བྱ་བ་སྨོས་སོ། །བྱང་ཆུབ་ཀྱི་སེམས་དེ་ཉིད་རྡོ་རྗེ་དང་འདྲ་བས་ན། གཅིག་ཏུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་བྱ་བ་སྨོས་སོ། །དེ་ཉིད་ལ་ལུང་གི་དཔང་པོ་བསྟན་པའི་ཕྱིར་རོ། །རྡོ་རྗེ་རྩེ་མོ་ལས། སྙིང་པོ་བརྟན་ཞིང་ཁོང་སྟོང་མིན། །མི་ཆོད་མི་ཕྱེད་མཚན་ཉིད་དེ། །མི་ཤིགས་པ་དང་མི་ཉམས་པའི། །སྟོང་ཉིད་རྡོ་རྗེ་ཞེས་བརྗོད་དོ། །དེ་ཉིད་སྟོང་པ་ཉིད་ཁོ་ནར་རྟོག་ན་དེ་བསལ་བའི་ཕྱིར། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་རྟོག་པའི་གང་ཟག་གིས་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ན། འདོད་པའི་ཡོན་ཏན་ལྔ་ལ་སེམས་ཉིད་ལ་བྱིན་པས་སྦྱིན་པ། ལུས་ངག་ཡིད་གསུམ་སེམས་ཉིད་ལ་མཉམ་པར་བཞག་པས་ཚུལ་ཁྲིམས་དེ་ཉིད་ལས་མི་འདའ་བས་དམ་ཚིག་ཡང་དག་པའི་ཡེ་ཤེས་ལ་བསྟེན་པས་ན་བསམ་གཏན། ཟབ་མོའི་དོན་ལ་མི་སྐྲག་པས་ན་བཟོད་པ། རྒྱུན་གྱི་རྣལ་འབྱོར་གྱི་བསྒོམ་པས་ན་བརྩོན་འགྲུས། རང་བཞིན་རྣམ་པར་དག་པའི་ལྟ་བ་ཤེས་པས་ན་ཤེས་རབ། དེ་ལྟ་བུའི་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན་ ― DTG064_Page_0467 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས་ན་སྟོབས། ཐབས་སྣ་ཚོགས་མངའ་བས་ན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ། སྨོན་ལམ་ལ་མངོན་པར་འདུ་མི་བྱེད་པས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ། རྟོག་པ་འབིགས་པའི་ཡེ་ཤེས་མངའ་བས་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ན་ས་ནས་སར་ཡོངས་སུ་འཕེན་པ་སྟེ། འཕེན་བྱེད་ཀྱི་འཕངས་ནས་རྫོགས་བྱེད་ཀྱི། རྣམ་པ་ཉི་ཤུ་བྱང་ཆུབ་འཆང༌། །ཞེས་བྱ་བར་རྫོགས་སོ། །རྫོགས་པ་ནི་གོང་དུ་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཤད་པའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི། ཇི་ལྟ་བ་ཡོད་པ་དང༌། ཇི་སྙེད་པ་ཡོད་པ་མ་ལུས་པ་ཐུགས་སུ་ཆུད་ཅིང་གཉིས་སུ་མེད་པར་ཇི་ལྟ་བར་མཁྱེན་ཅིང༌། རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཚན་མ་ནུབ་པ། སྐྱེ་བ་མེད། རང་བཞིན་གྱིས་རྣམ་པར་དག་པ། སྒྲོ་འདོགས་དང་སྐུར་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ལ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱ་ལ་ཆོས་ཀྱི་སྐུ་ཞེས་བྱ། མིང་དུ་མའི་སྒོ་ནས་བོས་པ་དེ་ལ་ནི། མེད་པ་ལས་བྱུང་ཁྱོད་ལ་འདུད། །ཅེས་བྱ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ལ་སོགས་པ་ཐམས་ཅད་དེ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་ན་སྐུ་དང་ཡེ་ཤེས་ཀྱིས་ཐམས་ཅད་མ་ལུས་པར་བསྡུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཅིས་མངོན་ཞེ་ན། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན། །ཞེས་བྱ་བ་དང༌། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་ཤེས་པ་བཅུ་ལ་སོགས་པ། སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཚན་དང་དཔེ་བྱད་ལ་སོགས་པ། སངས་རྒྱས་ཀྱི་གསུང་གི་ཡོན་ཏན་ཚངས་པའི་དབྱངས་ལ་སོགས་པ། སངས་རྒྱས་ཀྱི་ཡོན་ཏན་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་མ་ལུས་པ་རྒྱས་པར་གཞན་ནས་གསུངས་པས་གཞན་དུ་བལྟ་བར་བྱའོ། །ཁོ་བོས་ནི་སྒྲུབ་པ་གཙོར་བྱས་པ་ཁོ་ནའི་དབང་དུ་བྲིས་ཀྱིས་ཐ་སྙད་ལ་དགའ་བའི་དབང་དུ་མ་བྱས་སོ། །རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོར་རྟོགས་པའི་ཤེས་རབ་ཀྱི་མཐུ་དྲུག་པའི་ཕྱིར་རོ། །དེས་ན་རྟོག་གེ་བ་ང་རྒྱལ་ཅན་རྣམས་ ― DTG064_Page_0468 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་བསྟན་པར་མི་བྱའོ། །འོ་ན་ཇི་ལྟ་བུ་ལ་བསྟན་ཞེ་ན། སྦྱངས་པའི་ལས་འཕྲོ་ཡོད་པ་དད་པ་དང་ལྡན་པ། དམ་ཚིག་སྲོག་བཞིན་དུ་བསྲུང་བ། བླ་མ་དམ་པའི་བཀའ་ལ་ཡིད་ཆེས་ཞིང་ཚད་མར་འཛིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་བསྟན་པར་བྱའོ། །དེ་ལས་གཞན་དུ་བསྟན་ན་ལོག་པར་ལྟུང་བའི་གནས་སུ་འགྲོའོ། །དེས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྒོ་ནས་སྤྱོད་པར་འདོད་པ་རྣམས་ཀྱིས་པོ་ཏིར་བྲིས་ལ་བཀླག་པའམ། ཚུལ་བཞིན་དུ་ཡིད་ལ་བྱ་བའམ། དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་བསྒོམས་ཏེ། དེ་ལྟ་བུའི་བྱེ་བྲག་དང་ལྡན་པ་ནི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པོ་ཞེས་བྱ་བ་སངས་རྒྱས་ཀྱིས་རབ་ཏུ་བསྔགས་ཏེ། དེས་ན་འདི་གཟུང་བར་བྱའོ། །དམ་པའི་ཆོས་འདི་ལ་མདོ་སྡེ་ཞེས་བྱ་བར་ཡང་གདགས་ཏེ། ཟབ་མོའི་དོན་མདོར་བསྡུས་ནས་སྟོན་པའི་ཕྱིར་རོ། །རྒྱུད་ནི་འདི་ཉིད་ལ་རབ་ཏུ་བསྔགས་ཏེ། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་དང༌། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་རྒྱུད་ཅེས་བྱ་ཞེ་ན། བྲེད་ཆགས་པའི་དོན་གྱིས་ན་རྒྱུད་དེ་རས་བལ་གྱི་ཐག་པ་བཞིན་ནོ། །དཀྲུགས་པའི་དོན་གྱིས་ན་རྒྱུད་དེ་ཐགས་ལྟ་བུའོ། །ཡོངས་སུ་རྫོགས་པའི་དོན་གྱིས་ན་རྒྱུད་དེ་དཔག་བསམ་གྱི་ཤིང་རྒྱས་པ་བཞིན་ནོ། །དེ་ལ་བྲེང་ཆགས་པའི་རྒྱུད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་གདུང་རྒྱུད་འཛིན་པའི་དོན་ཏོ། །དཀྲུགས་པའི་དོན་གྱིས་ན་ཐགས་རྒྱུད་ཅེས་བྱ་བ་ནི་བླ་མ་དམ་པ་ལ་རག་ལས་པའི་དོན་ཏོ། །ཡོངས་སུ་རྫོགས་པའི་ཕྱིར་ན་རྒྱུད་དེ་བྱ་བ་མ་ལུས་པའི་དོན་ཏོ། །དེས་ན་ལོག་པ་མེད་པར་སྨྲ་བར་བྱའོ། །ཀོ་ཏཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཕྱིར། །རྟོག་ཅན་རྣམས་ནི་རྨོངས་པ་སྐྱེད། །དེས་ན་འདི་ནི་དཀྲུགས་པའོ། །རྒྱུད་ཀྱི་བདག་པོས་གསུངས་པའི་བཀའ། །གང་ཟག་ཕལ་གྱི་ཡུལ་མིན་ཞིང༌། །མཁས་པ་རྣམས་ཀྱིས་མང་དུ་བྱས། །འོན་ཀྱང་དེ་དོན་མི་རྟོགས་སོ། མཁས་པ་བྱང་ཆུབ་སེམས་དཔའ་ཡིས། །ལུང་བསྟན་ཐོབ་ནས་བསྡུས་པ་བྲིས། །འདི་ལ་བརྟེན་ནས་སེམས་ཅན་རྣམས། །སྐུ་དང་ཡེ་ཤེས་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་གྱི་དཀའ་འགྲེལ་རཏྣ་ཨཱ་ཀ་ར་གུཔྟས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀཱ་ལ་ཙ་ཀྲ་དང༌། བོད་ཀྱི་ལོ་ཙཱ་ ― DTG064_Page_0469 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ཛྙཱ་ན་གརྦྷ་དང༌། འབྲོག་ཇོ་སྲས་དང༌། ཆོས་ཀྱི་བརྩོན་འགྲུས་ལ་སོགས་པས་བསྒྱུར་བའོ།། |