བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།
ཁྲི་སྲོང་ལྡེ་བཙན།


DTG204_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་བཞུགས། །བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ། བཅོམ་ལྡན་འདས་ཡང་དག་པར་གསུང་བ་ལ་ཕྱག་འཚལ་ལོ། །ཡང་དག་རྫོགས་པའི་སངས་རྒྱས་འཇིག་རྟེན་མཁྱེན། །དངོས་པོ་འདི་དག་ཅི་འདྲ་དེ་བཞིན་གསུང༌། །བདུད་ཀྱི་སྟོབས་བཅོམ་མཆོད་པའི་གནས་སུ་འོས། །བདེ་གཤེགས་རིག་པ་གསུམ་དང་རྐང་པར་ལྡན། །འདུལ་འོས་ཁ་ལོ་སྒྱུར་བ་བླ་ན་མེད། །སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། །ལྷ་མིའི་མཁན་པོ་ཁྱོད་ཀྱི་མཐུས་བསྟངས་པས། །སྐྱེ་བོ་ཡང་དག་བཀའ་ཡི་སྣོད་དུ་བསྒྲུབ། །བཅོམ་ལྡན་སྤྱན་རས་དབང་པོ་འཇིག་རྟེན་མགོན། །ཐུགས་རྗེ་ཆེ་ལ་གུས་པར་ཕྱག་འཚལ་ཏེ། །འགྲོ་བ་ཐམས་ཅད་ཡང་དག་ལྟ་ལམ་དུ། །རིགས་པས་ཚུལ་བཞིན་གཟུད་པ་བསྒྲུབ་པར་བྱ། །བཅོམ་ལྡན་མི་ཕམ་རྒྱལ་ཚབ་ཐམས་ཅད་གསོལ། །བྱམས་མཆོག་གཏིང་ལ་གུས་པར་ཕྱག་འཚལ་ཏེ། །ཕ་རོལ་རྒོལ་བར་སྨྲ་བ་ཐམས་ཅད་ཀྱིས། །ཕམ་པར་བྱར་མེད་ཕྱོགས་ཉིད་བསྒྲུབ་པར་བྱ། །བཅོམ་ལྡན་ནམ་མཁའི་སྙིང་པོ་སྐྱོན་མི་འཆགས། །མཐའ་ཡས་བློ་ལ་གུས་པས་ཕྱག་འཚལ་ཏེ། །རོ་གཅིག་ཆོས་ཀྱི་ནམ་མཁའ་གོ་ཕྱེ་ཞིང༌། །སྟོང་ཉིད་ཆོས་ཀྱི་མཚན་བསྟན་བསྒྲུབ་པར་བྱ། །བཅོམ་ལྡན་ཀུན་ཏུ་བཟང་པོ་སྲས་ཀྱི་གཙོ། །རྒྱ་མཚོའི་སྤྱོད་ལ་གུས་པར་ཕྱག་འཚལ་ཏེ། །དགེ་བས་ཁྱབ་པའི་གཙུག་ལག་བཟང་བརྗོད་པ། །འཇིག་རྟེན་ཀུན་ལ་ཕན་གདགས་ལེགས་པར་བསྒྲུབ། །བཅོམ་ལྡན་འཇིགས་འཇོམས་ཕྱག་ན་རྡོ་རྗེ་བསྣམས། །དཔའ་བརྩོན་གཙོ་ལ་གུས་པར་ཕྱག་འཚལ་ཏེ། །ལྟ་བ་ངན་པས་བསྙེམས་པའི་བྲག་ཆེན་ཀུན། །རྣམ་པར་གཞོམ་པའི་ཐབས་འདི་བསྒྲུབ་པར་བྱ། །བཅོམ་ལྡན་འཇམ་དཔལ་བླ་མེད་དཔལ་གྱི་བདག །དགེ་བཤེས་གཙོ་ལ་གུས་པར་ཕྱག་འཚལ་ཏེ། །རང་དགའ་འདོད་རིས་གདམས་ངག་ལེན་སྤོང་ཞིང༌། །དཔལ་ལྡན་ལུང་ཉིད་འཛིན་པར་བསྒྱུར་བ་བསྒྲུབ། །བཅོམ་ལྡན་སྒྲིབ་པའི་ཤུགས་དྲག་བཟོད་དཀའ་གནོན། །རྒྱལ་སྲས་མཆོག་ལ་གུས་པར་ཕྱག་འཚལ་ཏེ། །འགྲོ་བ་ཡང་དག་མཐོང་ལ་སྒྲིབ་པོ་ཅོག །མ་ལུས་བཞིན་དུ་མནན་པ་བསྒྲུབ་པར་བྱ། །བཅོམ་ལྡན་ས་ཡི་སྙིང་པོ་འབྱུང་གནས་མཆོག །གཟུངས་རབ་བརྟན་ལ་གུས་པར་ཕྱག་འཚལ་ཏེ། །ཐེག་པ་


DTG204_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་རིན་ཆེན་ས་ལྟ་བུས། །འགྲོ་བ་མ་ལུས་ཡང་དག་བཀུར་བ་བསྒྲུབ། །ཁམས་གསུམ་རྣམ་རྒྱལ་དཔའ་བས་མགོ་ན་མཛོད་པ། །བརྗིད་ཀྱིས་འདུལ་ལ་གུས་པར་ཕྱག་འཚལ་ཏེ། །སྲིད་པ་གསུམ་གྱི་ལོག་ལྟ་ཐམས་ཅད་ལས། །རྣམ་པར་རྒྱལ་བ་ངེས་པར་བསྒྲུབ་པར་བྱ། །འཕགས་པ་མི་གཡོ་གཡོ་བ་ཀུན་མི་བརྟེན། །རི་རབ་མཐུ་བས་བརྟན་ལ་ཕྱག་འཚལ་ཏེ། །བདུད་དང་ཕས་ཀྱི་རྒོལ་བའི་འཇིག་རྟེན་གྱིས། །ནམ་ཡང་སུས་ཀྱང་མི་གཡོས་བསྒྲུབ་པར་བྱ། །ཟ་ཧོར་གྱི་བིཀྵུ་ཐེག་པ་ཆེན་པོ་ཕ་ཡུལ་ཁ་གསར་ནར་སྐྱེས་པ་དང་མ་ཤཱནྟི་གྷོ་ཥ་ཞེས་བྱ་བ་འཇིག་རྟེན་གྱིས་ཨཱཙརྻ་བོ་དྷི་ས་ཏྭ་ཞེས་བཏགས་པ་གསུང་རབ་ཐམས་ཅད་ལ་མཁས་ཤིང༌། ཚུལ་ཁྲིམས་དང་ཤེས་རབ་ཏུ་ལྡན་པས་མི་འཕྲོགས་པའི་བརྩོན་འགྲུས་ལ་ཞུགས་པ་ཞིག་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་པ་ལས་ཐོས་པ། དཔེར་ན་མི་ཞིག་སྨྲ་བ་ཡང་མེད། སྤྱོད་པ་ཡང་མེད་ན་དེའི་ཚོད་གཟུང་དུ་ཡང་མི་རིགས་ཏེ། སྨྲ་བ་དང་སྤྱོད་པ་ཡོད་ན་ཡོན་ཏན་དང་ལྡན་པའམ། ཉེས་པ་དང་ལྡན་པ་ཡང་གདོད་བྱེ་བྲག་དབྱེར་རུང༌། མཐུ་ཅི་ཡོད་པ་ཡང་ཤེས་པར་ནུས་པ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང་འཇིག་རྟེན་གྱི་ལྷ་རྣམས་ཀྱང་བདག་གིས་མངོན་སུམ་དུ་ནི་མ་མཐོང་མོད་ཀྱི་དེ་དག་གིས་སྨྲས་པ་དང༌། སྤྱོད་པ་སོ་སོའི་གཙུག་ལག་ལས་བྱུང་བ་མཐོང་ན་བདེ་བར་གཤེགས་པའི་བསྟན་པ་ནི་གཞན་གང་དང་ཡང་མི་འདྲ་བར་བཟང་ལ་རྒྱ་ཆེ་བ་ཉིད་དུ་བདག་གིས་ཁོང་དུ་ཆུད་དེ། སངས་རྒྱས་ཀྱི་བསྟན་པ་ལ་འདི་སྐད་དུ་བསྟོད་པ་ཡང་བདག་གི་སྒོར་བྱམས་པའི་ཕྱིར་སྙིང་དུ་སྡུག་སྟེ་བསྟོད་པ་ཡང་མ་ཡིན། འཇིག་རྟེན་གྱི་ལྷ་དག་གི་གཙུག་ལག་ལ་བསྔགས་པར་མི་སྨྲ་བ་ཡང་དེ་དག་གིས་བདག་ལ་གནོད་པ་བྱས་པའི་ཕྱིར་ཞེ་སྡང་བ་ཡང་མ་ཡིན་ཏེ། རིག་པས་བརྟགས་ན་དེ་ལྟར་ཁྱད་ཞུགས་ཀྱིས་སེམས་ཅན་ལ་སྲོག་སྤང་དུ་མི་རུང་བ་དང་འདྲ་བར་དམ་པའི་ཆོས་ཀྱང་བཟུང་ཞིང་བཅད་པར་བྱའོ། །འཇིག་རྟེན་གྱི་ལྷ་དང་མི་ལ་ཡོན་ཏན་དང་མཐུ་ཡོད་པ་ཀུན་ཀྱང་ཡུན་རིང་པོའི་དུས་ནས་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་ལས་མ་བྱུང་བ་མེད་དེ། གཙུག་ལག་གོ་ཅོག་གི་སྙིང་པོ་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བ་ལ་སོགས་པ་རྣམ་པ་དུ་མར་གསུངས་པའི་རྗེས་སུ་བསམས་ཏེ་བརྟགས་ན། ཨཱཙརྻ་བོདྷི་སཏྭས་གསུངས་པ་མེད་དེ།


DTG204_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་བསྟན་པ་ཡན་ལག་བཅུ་གཉིས་དང་ལྡན་པའི་གསུང་རབ་ནི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་སོ། །སོ་སོའི་བསམ་པ་རྫོགས་པར་འགྱུར་བས་ན་གང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་འདོད་ཀྱང་རུང༌། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འདོད་ཀྱང་རུང༌། སྒྲ་དང་ཡི་གེའི་འབྲུ་ལ་མཁས་པ་འདོད་ཀྱང་རུང༌། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཚད་མ་དང་སྦྱར་ཞིང་རྟོགས་པར་བྱ་བ་ལ་སོགས་ཏེ་གང་འདོད་ཀྱང་རུང༌། དེ་བཞིན་གཤེགས་པའི་བསྟན་པ་ལ་མཉན་པ་དང་བསམ་པ་དང་གོམས་པར་བྱ་བ་ལས་འདའ་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལྟ་བུ་ཟབ་ཅིད་རྒྱ་ཆེ་སྟེ། ཟད་མི་ཤེས་པ་ལ་བདག་འདྲ་བའི་ཤེས་པ་རྒྱ་ཆུང་ཞིང་རྨོངས་པས་དགོངས་པའི་དོན་གོབ་ལོབ་ཏུ་བཤད་པ་ནི་རྒྱ་མཚོ་ཆེན་པོ་ལ་བྱ་གག་གི་རྩལ་གྱིས་གཅོད་པར་རྩོལ་བ་དང་འདྲ་སྟེ་མི་ནུས་བར་མངོན་པ་ལ་བདག་གི་ཚོད་མི་འཛིན་པར་ཅིའི་ཕྱིར་བཤད་ཅེ་ན། འཇིག་རྟེན་ན་ཚད་མར་བྱེད་པ་རྣམས་དང༌། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་རིགས་པ་བཞི་འབྱུང་བ་མཐོང་ན་བཤད་པ་འདི་དག་འདྲི་བར་ཡང་མི་སེམས་པ་ཞིག་སྟེ། འཇིག་རྟེན་དག་བཀའ་ཡང་དག་པའི་ཚད་མ་རིན་པོ་ཆེ་འདི་ལྟ་བུ་མི་སྤྱོད་པར་སངས་རྒྱས་ལ་སོགས་པ་མུ་སྟེགས་ཅན་རྣམས་བདག་བདག་གི་རང་བཟོས་འཇིག་རྟེན་སླུ་ཞིང་ཚད་མར་སྟོན་པའི་ལུགས་མཐོང་ནས་གསུང་རབ་ཀྱི་ཚད་མ་བཅབས་ན་དཀོན་མཆོག་གསུམ་ལ་སྙིང་རིང་བ་དང༌། སེམས་ཅན་ལ་འཁུས་པར་གྱུར་ཏེ་དེའི་ཕྱིར་མི་བཟོད་པ་ནི་མིག་ཏུ་གྲ་མའི་དུམ་བུ་སོད་བ་དང་འདྲ་བར་རྟག་ཏུ་ཉམ་ང་ནས་མཁས་པ་དག་ལ་བསྐུལ་བའི་རྐྱེན་ཙམ་དུ་འདི་བྲིས་སོ། །ཆོས་སོ་ཅོག་གི་དབང་བགྱིད་པ་རིགས་པའི་རྣམ་པ་སྨོས་པ་འཇིག་རྟེན་ན་རྒྱལ་པོ་དག་བདག་གི་རིགས་སུ་ཅི་འདོད་པ་དག་གི་དབང་གིས་འགྲུབ་པ་བཞིན་དུ་ཆོས་སོ་ཅོག་ལ་བདག་གི་ཕྱོགས་སུ་གཟུང་པ་ཡང་ཇི་ལྟར་འདོད་པའི་རིགས་པའི་དབང་གིས་འགྲུབ་སྟེ། ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་རིགས་པ་ཞེས་བྱ་བ་ཆོས་ཀྱི་རྗེས་སུ་གསུངས་པའི་རིགས་པ་བཞི་བརྗོད་དོ། །དེ་གང་ཡིན་ཞེ་ན། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་པ། རིགས་པ་དེ་ཡང་རྣམ་པ་བཞི་སྟེ། ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། གཏན་ཚིགས་སྒྲུབ་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པ་བཞི་


DTG204_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །རིགས་པ་བཞིའི་ཕྱོགས་ཙམ་ཞིག་མདོར་བརྗོད་ན། ལྟོས་པའི་རིགས་བ་ཞེས་བྱ་བ་ནི་ཆོས་དང་འབྲས་བུའི་རིགས་པ་བརྗོད་པ་ཡིན་ཏེ། འདུ་བྱེད་རྣམས་གང་དང་གང་ལ་ཐ་སྙད་དུ་གདགས་པ་དང༌། གང་དང་གང་གི་འབྲས་བུ་སྐྱེ་བ་ཡང་དེ་དང་དེའི་རྒྱུ་དང་རྐྱེན་ལ་ལྟོས་པར་བསྟན་པའོ། །བྱ་བ་བྱེད་པའི་རིགས་པ་ཞེས་བྱ་བ་ནི་ལས་དང་རྒྱུའི་སྒོ་ནས་བརྗོད་པ་ཡིན་ཏེ། གང་དང་གང་གི་བྱ་བ་དེ་དང་དེ་ལ་བྱེད་པ་དང་གང་དང་གང་གི་རྒྱུ་དང་རྐྱེན་དུ་ངེས་པ་ནི་དེ་དང་དེའི་འབྲས་བུའི་བྱ་བ་བྱེད་པར་བསྟན་པའོ། །གཏན་ཚིགས་སྒྲུབ་པའི་རིགས་པ་ཞེས་བྱ་བ་ནི་ཀུན་ཏུ་འགྲོ་བ་ཡིན་ཏེ། གང་དང་གང་བསྒྲུབ་པའི་ཚད་མའི་མཚན་ཉིད་བསྟན་པའོ། །ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གྱི་སྒོ་ནས་བརྗོད་པ་ཡིན་ཏེ། ཆོས་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གང་དང་གང་གི་རང་བཞིན་ཡོད་པ་དེ་དང་དེ་བསྟན་པའོ། །རིགས་པ་འདི་བཞིའི་མཚན་ཉིད་ལ་ལོག་པ་དང༌། ཡང་དག་པའི་བྱེ་བྲག་གཏན་ལ་དབབ་པའི་གཏན་ཚིགས་སྒྲུབ་པའི་རིགས་པ་ཤེས་པར་བྱའོ། །ལྟོས་པའི་རིགས་པའི་མཚན་ཉིད་ལ། དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་བསྐྱེད་པའི་ཕྱིར་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་གང་རྒྱུར་གྱུར་པ་དང་རྐྱེན་དུ་གྱུར་པ་དེ་དག་ནི་ལྟོས་པའི་རིགས་པའོ་ཞེས་གསུངས་པ་བཤད་དོ། །འདུ་བྱེད་སྐྱེ་བ་དང་ཐ་སྙད་གདགས་པ་ལ་རང་དབང་མེད་དེ། རྒྱུ་དང་རྐྱེན་དུ་ངེས་པ་ཚོགས་པ་ལ་སྡོད་པ་ནི་ལྟོས་པའི་རིགས་པ་ཞེས་བྱའོ། །འདུ་བྱེད་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཕྱི་དང་ནང་གི་ཚོགས་སོ། །དེ་ལ་གདགས་ནས་ཆོས་ཀྱི་བར་གྱི་ཁམས་དྲུག་ནི་ཕྱིའི་ཆོས་སོ། །དབང་པོ་དང་རྣམ་པར་ཤེས་པའི་ཁམས་རྣམས་ནི་ནང་གི་ཆོས་སོ། །སྐྱེད་པ་ཞེས་བྱ་བ་ནི་གང་མ་སྐྱེས་པ་གདོད་མ་ནས་སྐྱེད་པའོ། །རྗེས་སུ་ཐ་སྙད་གདགས་པ་ཞེས་བྱ་བ་ནི་དངོས་པོ་རྣམས་ལ་བྱེ་བྲག་གི་རྣམ་པ་ཚིག་ཏུ་བརྗོད་པའོ། །དེ་དག་ཀྱང་འདྲ་བ་ལ་ལྟོས་ཏེ་མི་འདྲ་བའི་ཆ་ཡོད་པ་དང་གཉིས་སུ་འགྱུར་ཏེ། འདྲ་བ་ལ་ལྟོས་པ་གང་ཞེ་ན། ནས་ལ་སོགས་པའི་འབྲས་བུ་སྐྱེ་བ་ནས་ལ་སོགས་པ་སོ་སོའི་ས་བོན་ལ་ལྟོས་པའོ། །དེའི་ནང་ནས་ཀྱང་རྐྱེན་གང་དང་ཕྲད་པ་དེའི་བྱེ་བྲག་ཏུ་འགྱུར་བ་ནི་མ་དུ་ལུང་གའི་ས་བོན་ལ་རྒྱ་སྐྱེགས་ཀྱིས་བསྐུས་ཏེ་བསྐྱེད་ན་དེ་རྒྱལ་བའི་འབྲས་བུ་ནང་ཕྱི་རྩ་ལག་དམར་པོར་འགྱུར་ཏེ། མདུ་


DTG204_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གའི་རང་བཞིན་ཡང་མ་ཉམས་ལ་རྒྱ་སྐྱེགས་ཀྱི་ཁ་དོག་ཀྱང་ཡོད་བཞིན་དུ་སྨིན་པ་ནི་འདྲ་བ་ལ་ལྟོས་པའོ། །མདུ་ལུང་གའི་ས་བོན་རྒྱ་སྐྱེགས་ཀྱིས་བསྐུས་པ་སྨིན་པའི་ཚེ་ནང་ཕྱི་རྩ་ལག་འབའ་ཞིག་དམར་ཏེ། ས་བོན་དམར་པོར་མ་གྱུར་པ་ནི་མི་འདྲ་བའི་ཆ་ཡོད་པའོ། །འབྲུ་ལྷག་ལྷུག་ཙམ་དུ་བརྔོས་ཏེ་ས་བོན་དུ་བཏབ་པ་ནི་མྱུ་གུ་ནས་སྙེ་མའི་བར་དུ་སྐྱེ་ལ། འབྲས་བུར་སྨིན་པའི་དུས་ན་བརྔོས་པའི་རྐྱེན་གྱིས་མིག་ལོང་བར་གྱུར་བ་ལྟ་བུ་ས་བོན་གྱི་མཐུ་ཉམས་པས་སྨིན་པའི་ཚེའང་འབྲུ་མར་རེད་པ་ནི་མཐུན་པ་ལྟོས་པའོ། །དེའི་ཚེ་འབྲུ་ཡོངས་སུ་མ་སྨིན་པ་ནི་མི་འདྲ་བའི་ཆ་ཡོད་པའོ། །ས་བོན་འགག་ཀྱང་རུང་སྟེ་ཞིང་ལས་སྐྱེས་པ་ལས། ལ་ལ་མ་རྒྱལ་བར་བརྔས་པ་དང༌། སྙེམ་གཅིག་ལས་ཀྱང་འབྲས་བུ་ལ་ལ་ནི་གྲུང༌། ལ་ལ་ནི་ཤུན་ཏེ། སྙེ་མ་ལ་བྱེ་བྲག་མེད་ཀྱང་འབྲས་བུ་ལ་བྱེ་བྲག་ཏུ་གྱུར་པ་ཡང་ས་བོན་ཅེས་བཏབ་པའི་རང་བཞིན་མ་གྱུར་བ་ནི་འདྲ་བ་ལ་ལྟོས་པའོ། །རྒྱལ་བ་དང་མ་རྒྱལ་བའི་ཚུལ་མི་འདྲ་བ་དང༌། གྲུང་པོའི་ནང་ན་ཤུན་པ་ཡང་ཡོད་པ་ནི་མི་འདྲ་བའི་ཆ་ཡོད་པ་ཡིན་ཏེ། འདི་ལྟ་བུ་དག་ནི་ཕྱི་རོལ་གྱི་ཆོས་སུ་ཤེས་པར་བྱའོ། །གཞན་ལ་བདེ་བ་དང་སྡུག་བསྔལ་བར་བྱས་པའི་ལས་ཀྱི་འབྲས་བུ་ཡང་བདེ་བ་དང་སྡུག་བསྔལ་བའི་སྨིན་པ་མྱོང་བ་ལ་དེའི་ནང་ནས་ཀྱང་རྐྱེན་གང་དང་ཕྲད་བ་དེའི་བྱེ་བྲག་ཏུ་འགྱུར་བ་ནི། འཕགས་པ་ལས་རྣམ་པར་འབྱེད་པའི་མདོ་ལས་འབྱུང་བ། འདོད་ཆགས་ལས་བྱུང་བའི་ངང་ཚུལ་ངན་པའི་ལས་ཀྱིས་ངན་སོང་དུ་སྐྱེ་སྟེ། རྨ་བྱ་ལ་སོགས་པ་སྦུ་སྡུག་ཅིང་འཚེར་བར་འགྱུར་རོ་ཞེས་བྱ་བ་ལྟ་བུ་ངང་ཚུལ་ངན་པ་སྤྱད་པའི་སྡིག་གིས་ངན་སོང་དུའང་སྐྱེ་ལ། འདོད་ཆགས་དང་ལྡན་པའི་སེམས་ལ་བྱམས་པ་ཡོད་པས་སྤུ་སྡུག་ཅིང་འཚེར་བར་ཡང་གྱུར་པ་ནི་འདྲ་བ་ལ་ལྟོས་པའོ། །འདོད་ཆགས་གཟུགས་མེད་པ་ལས་ཁ་དོག་གི་བྱེ་བྲག་ཏུ་གྱུར་པ་དང༌། མིས་ཚུལ་ཁྲིམས་བཤིག་སྟེ་བྱར་སྐྱེས་བ་ནི་མི་འདྲ་བའི་ཆ་ཡོད་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ཀུན་དུ་གནས་པའི་སྦྱིན་པ་བྱིན་པ་དང༌། ཚུལ་ཁྲིམས་བསྲུངས་པ་ལ་སོགས་པ་ནི་འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། འཇིག་རྟེན་ལས་མི་འགུལ་མི་གཡོ་མི་འཕག་གོ་ཞེས་འབྱུང་བ་ལྟ་བུ་སྦྱིན་པ་ལ་སོགས་པ་དགེ་བ་བྱས་པའི་བསོད་ནམས་ཀྱིས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའང་སྨིན་ལ་འཇིག་རྟེན་ལས་འདས་པའི་དོན་དུ་


DTG204_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྔོས་པས་འཇིག་རྟེན་ལས་འདས་པའི་འབྲས་བུར་མ་གྲུབ་པ་ནི་འདྲ་བ་ལ་ལྟོས་པའོ། །སྦྱིན་པ་ལྟ་བུ་གཞན་ལ་བྱས་པ་བདག་གི་ལོངས་སྤྱོད་དུ་འགྱུར་ལ། སེར་སྣ་བྱས་ཏེ་བདག་ལ་བཅངས་ན་དབུལ་པོར་འགྱུར་བ་ནི་མི་འདྲ་བའི་ཆ་ཡོད་པའོ། །འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་འབྱུང་བ་དགེ་བའི་ལས་ཞིག་བྱས་ཀྱང་ལས་ཀྱི་རྒྱབ་དགེ་བ་དང་མི་དགེ་བ་ཅི་བྱས་པ་ལས་དེའི་སྨིན་པ་སོ་སོར་མྱོང་བར་འགྱུར་བ་དང༌། འདུལ་བ་ལས་འབྱུང་བ་སེམས་དང་ལྡན་པ་ལས་ཀྱང༌། ཡན་ལག་ཚང་བ་དང་མ་ཚང་བ་ལས་ཕམ་པ་དང༌། སྦམ་པོ་ལ་སོགས་པའི་རིམ་པར་འགྱུར་ཏེ། མི་དགེ་བའི་སྡིག་ཡོད་ཀྱང་འབྲས་བུའི་བྱེ་བྲག་མི་མཐུན་པར་འགྱུར་བ་ནི་འདྲ་བ་ལ་ལྟོས་པའོ། །དེས་ཕ་རོལ་ལ་བདེ་བར་གྱུར་པ་དང༌། སྡུག་བསྔལ་དུ་གྱུར་པའི་མྱོང་བ་ལ་བྱེ་བྲག་མེད་ཀྱང་བདག་ལ་དགེ་བ་དང་སྡིག་པའི་སྨིན་བ་མི་འདྲ་བར་གྱུར་པ་ནི་མི་འདྲ་བའི་ཆ་ཡོད་པའོ། །མི་འདྲ་བའི་ལྟོས་པ་གང་ཞེ་ན། རྭ་ལས་སྨྱུག་མར་འགྱུར་བ་ནི་མི་འདྲ་བ་ལ་ལྟོས་པའོ། །རྭ་དང་སྨྱུག་མ་ཡང་བཤན་ཞིང་རྣོ་བ་དང་སྤུ་གུ་ཅན་དུ་སྐྱེ་བར་འདྲ་བ་ནི་འདྲ་བའི་ཆ་ཡོད་པའོ། །ལྕི་བ་ལས་ཨུཏྤལ་སྐྱེ་བ་ནི་མི་འདྲ་བ་ལ་ལྟོས་པའོ། །ལྡམ་ལྡུམ་གྱི་རིགས་སུ་མཐུན་པ་ནི་འདྲ་བའི་ཆ་ཡོད་པའོ། །འབྲོག་གི་ཀོ་མོའི་འཁྱག་པ་ལ་ཉི་མ་བབ་པའི་འོད་དང་རྩར་འཕྲང་པ་ལས་མེ་འབྱུང་བ་ནི་མི་འདྲ་བ་ལ་ལྟོས་པའོ། །ཉི་མའི་རང་བཞིན་དྲོ་བ་ལས་རྐྱེན་བྱས་པ་ནི་འདྲ་བའི་ཆ་ཡོད་པའོ། །མྱུ་གུ་སྐྱེ་བ་ནི་ཞིང་དང་ཆུ་ལ་སོགས་པ་འབྱུང་བ་ཆེན་པོ་བཞིས་རྐྱེན་བྱས་པ་ལས་སྐྱེ་སྟེ། ཁ་དོག་དང་དབྱིབས་མི་འདྲ་བ་ནི་མི་འདྲ་བ་ལ་ལྟོས་པའོ། །དེ་དག་འབྱུང་བ་ཆེན་པོ་བཞིའི་རང་བཞིན་དུ་མཚུངས་པ་ནི་འདྲ་བའི་ཆ་ཡོད་པའོ། །སྒྱུ་མ་མཁན་གྱིས་རྩྭ་དང་ཤིང་དང་གྱོ་མོ་ལ་སོགས་པ་བསྡུས་པ་ལས་སེམས་ཅན་གྱི་གཟུགས་དང་སྤྱོད་པར་སྣང་བ་ཡང་ཤིང་རྩི་ལ་སྤྱོད་པ་མེད་པ་ནི་མི་འདྲ་བ་ལ་ལྟོས་པའོ། །སྒྱུ་མ་མཁན་ཉིད་དང་སྔགས་ཀྱི་ལྷའང་སེམས་ཅན་ཡིན་པས་རྐྱེན་བྱས་པ་ནི་འདྲ་བའི་ཆ་ཡོད་པའོ། །ཡུལ་གྱི་ཁམས་ཐ་དད་པ་ལས་ཡུལ་ལ་ལར་ནི་ས་བོན་རྨེའུར་བཏབ་ཀྱང་ཐོག་གཉིས་གསུམ་ཙམ་ནས་འཚོ་བ་ཡུལ་ལ་ལར་ནི་ས་བོན་སོ་བ་བཏབ་ཀྱང་དེའི་ཚུལ་གྱིས་རྨེ་འུར་འགྱུར་བ་དང༌། སྐྱུར་རྩིའི་ས་བོན་


DTG204_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ལས་ཀྱང་ཅི་ཁག་ཏུ་འགྱུར། ཅི་ཁག་ལས་སྐྱུར་རྩིར་འགྱུར་བ་ནི་མི་འདྲ་བ་ལ་ལྟོས་པའོ། །རྨེའུ་དང་སོ་བ་ཡང་ནས་སུ་རིགས་གཅིག་པ་དང༌། སྐྱུར་རྩི་དང་ཅི་ཁག་ཀྱང་ཤིང་གི་ནང་ན་རིགས་མཐུན་པ་ནི་འདྲ་བའི་ཆ་ཡོད་པའོ། །ཞིང་གི་བྱེ་བྲག་མ་ཡིན་པར་ས་གཅིག་ལ་གསོ་མའི་ས་བོན་བཏབ་པ་ལས་ཁ་ཅིག་མེ་ཏོག་ཆགས་ལ་འབྲས་བུ་མེད་པར་འགྱུར་བ་ནི་མི་འདྲ་བ་ལ་ལྟོས་པའོ། །གསོ་མའི་རང་བཞིན་དུ་འདྲ་བ་ནི་འདྲ་བའི་ཆ་ཡོད་པ་ཡིན་ཏེ། དེ་དག་ནི་ཕྱི་རོལ་གྱི་ཆོས་སུ་ཤེས་པར་བྱའོ། །འཕགས་པའི་ཡེ་ཤེས་ཟག་པ་མེད་པ་ནི་ཟག་པ་དང་བཅས་པའི་ཆོས་ཚུལ་བཞིན་ཡིད་ལ་བྱ་བ་ལས་སྐྱེས་ཏེ། ཟག་པ་མེད་པ་དང་ཟག་པར་བཅས་པ་ཆོས་མི་འདྲ་བ་ནི་མི་འདྲ་བ་ལ་ལྟོས་པའོ། །དེ་དག་དགེ་བར་འདྲ་བ་ནི་འདྲ་བའི་ཆ་ཡོད་པའོ། །སྲིད་པའི་རྩེ་མོའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་བར་ཆད་མེད་པར་འགོག་པའི་སྙོམས་པར་འཇུག་པ་སེམས་དང་མི་ལྡན་པའི་འདུ་བྱེད་འབྱུང་བ་དང་འགོག་པའི་སྙོམས་པར་འཇུག་པ་ལས་ཀྱང་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་དང༌། རྣམ་པར་གྲོལ་བའི་སེམས་ལས་མ་གྲོལ་བའི་སེམས་འབྱུང་བ་དང་འདོད་ཆགས་ཀྱི་སེམས་ལས་ཞེ་སྡང་གི་སེམས་འབྱུང་བ་དང༌། དགེ་བའི་སེམས་ལས་མི་དགེ་བའི་སེམས་འབྱུང་བ་དང༌། འདོད་པ་ན་སྤྱོད་པའི་སེམས་ལས་གཟུགས་ན་སྤྱོད་པའི་སེམས་འབྱུང་བ་དང༌། གཟུགས་ན་སྤྱོད་པའི་སེམས་ལས་གཟུགས་མེད་པ་ན་སྤྱོད་པའི་སེམས་འབྱུང་བ་དང༌། འདི་ལྟ་བུ་ལ་སོགས་པ་ནི་མི་འདྲ་བ་ལ་ལྟོས་པའོ། །སྲིད་པའི་རྩེ་མོའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ཤིན་ཏུ་ཕྲ་བ་ནི་འཆད་པར་འགྱུར་བའི་རྒྱུ་ཡིན་ཏེ་འདྲ་བའི་ཆ་ཡོད་པའོ། །འགོག་པའི་སྙོམས་པར་འཇུག་པ་ལས་སེམས་དང་སེམས་ལས་བྱུང་བའི་སྐྱེ་བ་ཡང་ནམ་འགོག་པའི་སྙོམས་པར་འཇུག་པའི་ཚེན་ཡང་ལས་ཀྱི་མཚན་ཉིད་བཀག་སྟེ། རིགས་ཀྱི་མཚན་ཉིད་མ་བཀག་པས་ཤེས་པའི་རང་བཞིན་གྱི་རྒྱུ་ལས། ལས་ཀྱི་རང་བཞིན་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་ནི་འདྲ་བའི་ཆ་ཡོད་པའོ། །རྣམ་པར་གྲོལ་བའི་སེམས་ལས་མ་གྲོལ་བའི་སེམས་འབྱུང་བ་ཡང་རྣམ་པར་ཤེས་པའི་མཚན་ཉིད་དུ་རང་བཞིན་གཅིག་པ་དང༌། དགེ་བའི་སེམས་ལས་མི་དགེ་བའི་སེམས་འབྱུང་བ་ཡང་སེམས་ཀྱི་རང་བཞིན་དུ་འདྲ་བ་དང༌། འདོད་པ་ན་སྤྱོད་པའི་


DTG204_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་གཟུགས་ན་སྤྱོད་པའི་སེམས་འབྱུང་བ་ལ་སོགས་པ་ཡང་ཉོན་མོངས་པ་དང་བཅས་པའི་རྒྱུ་ལས་འབྱུང་བར་འདྲ་བ་ནི་འདྲ་བའི་ཆ་ཡོད་པ་ཡིན་ཏེ། འདི་དག་ནི་ནང་གི་ཆོས་སུ་ཤེས་པར་བྱའོ། །ཕྱི་ལོགས་ཀྱི་ཆོས་དང་ནང་གི་ཆོས་དེ་དག་གཅིག་གི་དཔེ་གཅིག་གིས་བྱ་བར་འདོད་ན་ཡང་རིམ་པ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལྟར་འདྲ་བ་དང་མི་འདྲ་བ་ལ་ལྟོས་ཤིང་སྐྱེ་བར་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཀྱང་འབྱུང་སྟེ། འདྲ་བ་ལས་འདྲ་བ་སྐྱེ་བ་དང༌། མི་འདྲ་བར་སྐྱེ་བ་དང་འདྲ་བ་ལས་འདྲ་བ་ཉིད་མ་ཡིན་པ་སྐྱེ་བ་དང༌། ཤས་ཀྱིས་འདྲ་བ་ལས་ཤས་ཀྱིས་འདྲ་བ་སྐྱེ་བ་དང་རྣམ་པ་བཞིའོ། །དེ་ལས་ཇི་ལྟར་ན་འདྲ་བ་རྣམས་ཀྱི་རྒྱུ་འདྲ་བ་ཡིན་ཞེ་ན། དཔེར་ན་འབྲུའི་རྒྱུ་ལས་འབྲུ་ཉིད་དུ་འབྱུང་བ་ལྟ་བུ་སྟེ། དེ་བཞིན་དུ་ནང་གི་དགེ་བའི་ལས་འདྲ་ན་ལྷ་དང་མིའི་ནང་དུ་འབྲས་བུ་འདྲ་བ་ཉིད་དུ་དམིགས་པ་ནི་མཐའ་དང་པོའོ། །མི་འདྲ་བ་རྣམས་ཀྱིས་རྒྱུ་མི་འདྲ་བར་འགྱུར་བ་ནི་དཔེར་ན་འོ་མ་མངར་པོ་ལས་ཞོ་སྐྱུར་པོ་འབྱུང་བ་ལྟ་བུ་སྟེ། དེ་བཞིན་དུ་ནང་གི་ལ་ཡང་འཇིག་རྟེན་འདིའི་ཀུན་ནས་ཉོན་མོངས་པའི་དགའ་བ་དང༌། འདོད་པ་བྱས་པའི་སྒྲ་དང༌། རེག་དང༌། རོ་དང༌། གཟུགས་དང༌། དྲི་རྣམས་ཀྱིས་བྱས་པ་ལས་ཞོ་སྐྱུར་པོར་གྱུར་པ་བཞིན་དུ་སེམས་ཅན་དམྱལ་བ་དང༌། བྱོལ་སོང་དང་ཡི་དྭགས་ཀྱི་ནང་དུ་མི་འདོད་པ་དང༌། མི་བཟང་བ་དང༌། ཡིད་དུ་མི་འོང་བའི་འབྲས་བུ་རྣམ་པར་སྨིན་པ་དམིགས་པ་ནི་མཐའ་གཉིས་པའོ། །འདྲ་བ་ཉིད་མ་ཡིན་པའི་རྒྱུ་འདྲ་བར་འགྱུར་བ་ནི་དཔེར་ན་རམས་དང་བ་བླ་སྦྱར་བས་ཁ་དོག་མི་འདྲ་བ་ཞེས་བྱ་བ་འབྱུང་བ་ལྟ་བུ་སྟེ། དེ་བཞིན་དུ་ནང་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་ཡང་ལས་དང་འབྲས་བུར་མི་འདྲ་བ་དང༌། འབྲས་བུ་དང་ལས་སུ་མི་འདྲ་བ་སྟེ། དཔེར་ན་མཚོན་སྦྱིན་པ་ལོག་པར་ལྟ་བ་རྣམས་མཐོ་རིས་འདོད་པའི་ཕྱིར་ཕྱུགས་གསོད་པ་དག་སེམས་ཅན་དམྱལ་བར་འགྲོ་བ་ལྟ་བུ་སྟེ་མཐའ་གསུམ་པའོ། །ཤས་ཀྱིས་འདྲ་བ་རྣམས་ཀྱི་རྒྱུས་ཤས་ཀྱིས་འདྲ་བར་འགྱུར་བ་ནི་སྐུད་པ་དཀར་པོ་ཕྲ་མོ་ལས་སྣམ་བུ་དཀར་པོ་སྦོམ་པོ་ཉིད་དུ་འགྱུར་བ་ཡིན་ཏེ། ཕྲ་སྦོམ་ལ་མི་འདྲ་བ་ཡོད་པའོ། །དེ་བཞིན་དུ་མི་དགེ་བའི་ལས་ཕྲ་མོ་བསགས་པ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་ལས་བྱེད་པ་ནི་མཐའ་བཞི་པའོ་ཞེས་


DTG204_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ནོ། །འདྲ་བའི་རྗེས་སུ་ཐ་སྙད་གདགས་པ་གང་ཞེ་ན། འདི་དག་ནི་མིང་དང་འཁོར་འདྲ་བས་ན་འདྲའོ་ཞེ་འམ། རྟགས་དང་ལས་འདྲ་བས་ན་འདྲའོ་ཞེའམ། རང་བཞིན་དང་ཆོས་འདྲ་བས་ན་འདྲའོ་ཞེས་བྱ་བ་ལ་སོགས་པ་ནི་འདྲ་བའི་རྗེས་སུ་ཐ་སྙད་གདགས་པའོ། །མི་འདྲ་བའི་རྗེས་སུ་ཐ་སྙད་གདགས་པ་གང་ཞེ་ན། ནམ་མཁའ་ལྟར་ཐོགས་པ་མེད་ཅིང་གཟུང་དུ་མི་རུང་བ་མ་ཡིན་ཏེ། ཐོགས་པ་དང་བཅས་པ་ལ་གཞིག་ཏུ་རུང་བས་ན་གཟུགས་ཡིན་ནོ་ཞེས་བྱ་བ་དང༌། གཟུགས་ཀྱི་མཚན་ཉིད་ལས་ཟློག་པ་ལྟ་བུ་ཡིན་པས་ན་ནམ་མཁའོ་ཞེས་བྱ་བ་དང་ཐུང་ངུ་ལས་ལྷག་པ་ན་རིང་ངོ། །རིང་པོར་མ་སླེབས་པས་ན་ཐུང་ངོ་ཞེས་བྱ་བ་དང༌། ཡོངས་སུ་མ་དག་པ་ལྟར་སྐྱོན་དང་བཅས་པ་མ་ཡིན་པས་ན་ཡོངས་སུ་དག་པའོ། །ཡོངས་སུ་དག་པའི་ཡོན་ཏན་ལྟ་བུ་མེད་པ་ནས་ཡོངས་སུ་མ་དག་པའོ་ཞེས་བྱ་བ་དང༌། འདི་ལྟ་བུ་དག་ནི་མི་འདྲ་བའི་རྗེས་སུ་ཐ་སྙད་གདགས་པའོ། །འདྲ་བ་དང་མི་འདྲ་བ་ལས་རྗེས་སུ་ཐ་སྙད་གདགས་པ་གསུང་རབ་དག་ལས་ཀྱང་འབྱུང་སྟེ། འཕགས་པ་སྟུག་པོ་བཀོད་པའི་མདོ་ལས། རི་བོང་གི་རྭ་མེད་པར་རྟོགས་པ་ཡང་གླང་གི་རྭ་ཡོད་པར་རྟོགས་པའི་ཟླ་ལས་བྱུང་ངོ་ཞེས་བྱ་བ་དང༌། འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་བཀོད་པའི་རྒྱན་གྱི་མདོ་ལས་ཀྱང་དེ་བཞིན་གཤེགས་པ་འོད་ཟེར་རྟག་ཏུ་ཡོན་ཏན་བཀོད་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྒྱན་པ་ཕུན་སུམ་ཚོགས་པ་དང༌། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་མཚུངས་པར་འགྱུར་ཏེ། ལྷག་ཆད་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདུ་བྱེད་དེ་དག་བསྐྱེད་པ་དང་རྗེས་སུ་ཐ་སྙད་གདགས་པའི་རྒྱུ་དང་རྐྱེན་གང་ཞེ་ན། སྐྱེས་པའི་རྒྱུ་ནི་དྲུག་རྐྱེན་ནི་བཞི་སྟེ། ཆོས་མངོན་པ་ལས་འབྱུང་བ་དེ་ལ་རྒྱུ་ནི་རབ་ཏུ་ལྡན་པའི་རྒྱུ་དང༌། ལྷན་ཅིག་འབྱུང་བའི་རྒྱུ་དང༌། ཆ་མཉམ་པའི་རྒྱུ་དང༌། ཀུན་དུ་འགྲོ་བའི་རྒྱུ་དང༌། རྣམ་པར་སྨིན་པའི་རྒྱུ་དང༌། བྱེད་པའི་རྒྱུ་དང་དྲུག་གོ །རྐྱེན་ནི་རྒྱུའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་དང་བཞིའོ། །དེ་ལ་རྒྱུའི་རྐྱེན་ནི་རྒྱུ་ལྔ་རྣམས་སོ། །དེ་མ་ཐག་པའི་རྐྱེན་ནི་དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་


DTG204_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་པ་སེམས་དང་སེམས་ལས་བྱུང་བ་སྐྱེས་པ་ཐམས་ཅད་དོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དོ། །བདག་པོའི་རྐྱེན་ནི་བྱེད་པའི་རྒྱུའོ། །དེ་ལ་རྗེས་སུ་ཐ་སྙད་གདགས་པའི་རྒྱུ་དང་རྐྱེན་དི་ཆོས་མངོན་པ་ལས་འབྱུང་བའི་མིང་མང་པོ་ལ་སོགས་པ་ཡིན་ཏེ། དེ་ལ་མིང་གི་ཚོགས་ནི་བརྡ་འདུས་པའོ། །ཚིག་གི་ཚོགས་ནི་ངག་འདུས་པའོ། །འབྲུའི་ཚོགས་ནི་ཡི་གེ་འདུས་པའོ། །ལྟོས་པའི་རིགས་པའི་མཚན་ཉིད་ཀྱི་ལེའུ་སྟེ་དང་པོའོ།། །།བྱ་བ་བྱེད་པའི་རིགས་པའི་མཚན་ཉིད་ལ། གང་ཆོས་རྣམས་ཀྱི་འཐོབ་པའི་ཕྱིར་རམ། གྲེག་པའི་ཕྱིར་རམ། སྐྱེས་ནས་ཀྱང་ལས་སུ་བྱ་བའི་ཕྱིར་རྒྱུར་གྱུར་པ་དང༌། རྐྱེན་དུ་གྱུར་པ་དེ་དག་ནི་བྱ་བ་བྱེད་པའི་རིགས་པའོ་ཞེས་གསུངས་པ་བཤད་དོ། །དེ་ལ་འཐོབ་བ་ནི་རྙེད་པ་དང་ལྡན་པ་ལ་བྱ་སྟེ། དེ་ཡང་ས་བོན་ཙམ་དུ་རྒྱུ་འཐོབ་པ་དང༌། འབྲས་བུའི་ངོ་བོ་འཐོབ་པ་དང་གཉིས་སོ། །ས་བོན་ཙམ་དུ་རྒྱུ་འཐོབ་པ་གང་ཞེ་ན། འཕགས་པའི་ས་དང་འབྲས་བུ་འཐོབ་པའི་དགེ་བའི་རྩ་བ་དང༌། ལྷ་དང་མིའི་བདེ་བ་འཐོབ་པར་འགྱུར་བའི་བསོད་ནམས་བྱས་པ་དང༌། ངན་འགྲོའི་སྡུག་བསྔལ་མྱོང་བར་འགྱུར་བའི་སྡིག་པ་བྱས་པ་དང༌། ལུང་དུ་མ་བསྟན་པའི་རྒྱུ་མཐུན་པ་དང༌། དེ་དག་གི་ས་བོན་ལྟ་བུ་བག་ཆགས་དང་ལྡན་པའོ། འབྲས་བུའི་ངོ་བོ་འཐོབ་པ་གང་ཞེ་ན། དེ་དག་གི་འབྲས་བུ་མངོན་དུ་རྙེད་པ་ཡིན་ཏེ་མྱ་ངན་ལས་འདས་པ་དང༌། ས་དང་འབྲས་བུ་མངོན་དུ་འཐོབ་པ་དང༌། བསོད་ནམས་ཀྱི་འབྲས་བུ་འཐོབ་པ་འམ། སྡིག་པའི་འབྲས་བུ་མྱོང་བའོ། །གྲེག་པ་ནི་གང་གི་དངོས་པོར་རེད་པ་ལས་ཀྱང་དོན་གྱི་མཐའ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། དཔེར་ན་མྱུ་གུ་ལས་སྡོང་པོ་འམ། འབྲས་བུར་སྨིན་པའི་བར་དུ་དེ་ལ་གནོད་པ་བསྲུང་ཞིང་ཕན་པ་བསྡུ་བའི་ནན་ཏན་གྱིས་རྫོགས་པར་བྱེད་པའོ། །མྱུ་གུ་དེ་ལ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཆོས་མགོ་བྱུང་བའི་རྣམ་པ་མཐར་ཕྱིན་པར་སྒྲུབ་པ་དང༌། འཕགས་པའི་ས་ཐོབ་པས་གོང་མའི་ས་ཡོངས་སུ་གྲེག་པར་བྱེད་པ་ལ་སོགས་པའོ། །སྐྱེས་ནས་ཀྱང་ལས་སུ་བྱ་བ་ནི་དངོས་པོར་རེད་པ་དེ་དག་ཇི་སྲིད་དུ་རྒྱུན་ཡོད་པ་དེ་སྲིད་དུ་བྱ་བ་བྱེད་པ་ཡོད་དེ། དཔེར་ན་ཤིང་ལྕུག་མ་ལ་སོགས་པར་སྐྱེས་ཕྱིན་ཆང་ལྕུག་མས་ནི་བཅིང་བའི་ལས་བྱེད། སྡོང་པོས་ནི་ཀ་བའི་ལས་བྱེད།


DTG204_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གིས་རྒྱན་གྱི་ལས་བྱེད། ལོ་མས་ནི་དཀྲི་བའི་ལས་བྱེད། འབྲས་བུས་ནི་འགྲངས་པའི་ལས་བྱེད་པ་དང༌། འཕགས་པའི་ཆོས་ལ་བདག་གི་སའི་བྱེ་བྲག་གིས་སེམས་ཅན་ལ་ཕན་འདོགས་པའང་ཐབས་ཀྱི་ཐ་དད་པ་ནས་སོ་སོའི་ལམ་ལ་གཞོག་པ་ལ་སོགས་པ་ཆོས་གང་གི་རྒྱུར་ངེས་པ་དེའི་འབྲས་བུ་སོ་སོར་སྐྱེད་པ་དང༌། དབང་པོ་དྲུག་ཤེས་པ་དང་བཅས་པ་ཡུལ་དུ་ངེས་པར་འཇུག་པ་དང༌། བྱ་ལ་སོགས་པ་ནི་འཕུར། ཉ་ལ་སོགས་པ་ནི་རྒྱུག་པ་དང་འདི་ལྟ་བུའི་ཚུལ་གྱིས་དངོས་པོ་སོ་སོའི་མཐུ་ཡོད་པས་གང་ལ་གང་རིགས་པའི་བྱ་བ་བྱེད་པ་ཡིན་ནོ། །དེ་དག་གི་རྒྱུར་གྱུར་པ་དང༌། རྐྱེན་དུ་གྱུར་བ་ཞེས་བྱ་བ་ནི་གང་བྱེད་པའི་ཡན་ལག་ཏུ་གཏོགས་པ་དང༌། གཞིར་གྱུར་པ་ཡིན་ཏེ། རྒྱུ་དྲུག་དང་རྐྱེན་བཞི་གོང་དུ་སྨོས་བ་རྣམས་ཡིན་ནོ། །བྱ་བ་བྱེད་པའི་རིགས་པའི་མཚན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།གཏན་ཚིགས་སྒྲུབ་པའི་རིགས་པའི་མཚན་ཉིད་ལ་དམ་བཅས་ཤིང་བསྟན་ཏེ། སྨྲས་པའི་དོན་སྒྲུབ་པ་དང་ཡང་དག་པར་ཤེས་པར་བྱ་བའི་ཕྱིར་རྒྱུར་གྱུར་པ་དང་རྐྱེན་དུ་གྱུར་པ་དེ་དག་ནི་གཏན་ཚིགས་སྒྲུབ་པའི་རིགས་པའོ་ཞེས་གསུངས་པ་བཤད་དོ། །དེ་ལ་དམ་བཅའ་བ་ཞེས་བྱ་བ་ནི་ཇི་སྐད་དུ་སྨྲས་པ་ད་བཞིན་དུ་འབྲས་བུ་དང་བཅས་པར་ཁས་བླངས་པའོ། །འབྲས་བུ་གང་ཞེ་ན། གང་གིས་ཡལ་གཟུགས་འཁྲ་བར་བྱ་བ་ཡིན་ཏེ། ཇི་ལྟར་དམ་བཅས་མ་གྲུབ་ན་ཕ་ལོགས་ཀྱི་སྐྱབས་སུ་འགྲོ་བ་དང༌། དེའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། བསམ་གཏན་ལ་མཉམ་པར་གཞག་པ་དང་ཤེས་རབ་བསྒོམ་པའོ། །འདི་ལྟ་བུ་ལ་སོགས་པ་སེམས་ཅན་གྱི་དོན་དུ་འགྱུར་བས་ཡལ་གཟུགས་འཁྲ་བར་བྱའི་ལྷ་ཁང་གཞིག་པ་དང་ཡུལ་གྲུ་དབྲོག་པ་དང་སྲོག་གི་བར་ཆད་དང༌། ལུས་ཀྱི་སྡུག་བསྔལ་དུ་འགྱུར་བ་ལ་སོགས་པ་སྡིག་ཏོ་མི་དགེ་བའི་ཡལ་གཟུགས་མི་བཅའོ། །ཡལ་གཟུགས་འཁྲ་བ་མེད་པར་བཙན་ན་ཡང་འགྲན་ཏོར་ཅན་ཁས་བརྒྱ་པ་དང་འདྲ་བར་འགྱུར་གྱི་ཅི་རིགས་པར་ཡལ་གཟུགས་འཁྲ་བར་བྱའོ། །ཡལ་གཟུགས་འཁྲས་བ་དེ་ལ་ཕམ་རྒྱལ་དང༌། གཉིས་ཀར་མི་འགྱུར་བའི་བྱེ་བྲག་ཏུ་བྱ་བ་ནི་ཡོན་ཡོད་པ་དང་ཁྲིན་ཅན་དང་བར་མདོ་དང་གསུམ་དུ་ཤེས་པར་བྱའོ། །དེ་གང་ཞེ་ན། མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མས་གྲུབ་ན་ཡོན་ཡོད་པ་


DTG204_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། རྒྱལ་པོ་མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མས་སུན་ཕྱུང་བ་ཁྲིན་ཅན་ཞེས་བྱ་སྟེ་ཕམ་པའོ། །མཚན་ཉིད་བཞི་འམ་ལྔས་ཡོངས་སུ་མ་དག་པའི་ཚད་མས་གྲུབ་ཅེས་ཟེར་ཡང་རུང༌། སུན་བྱུང་ཞེས་ཟེར་ཡང་རུང༌། ཚད་དང་མ་སྦྱར་བར་ཆེ་གེ་མོ་ཞིག་གི་ཕྱིར་རོ་ཞེ་འམ། གང་ཆེ་གེ་མོ་ཞིག་ཏུ་འགྱུར་རོ་ཞེ་འམ། འདི་ལྟ་བུ་ལ་སོགས་ཏེ་ཚིག་རྒྱལ་བ་སྨྲས་པ་ནི་བར་མདོ་བ་ཞེས་བྱ་སྡེ། གྲུབ་བ་སུན་འབྱིན་པ་གཉིས་ཀལ་མ་གཏོགས་ཀྱིས་སླར་བསྐྱར་བའི་གཏན་ཚིགས་ཞིག་ཡོད་ན་མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མ་དང་སྦྱར་ཞིང་གཏན་ལ་དབབ་པའོ། །ཕྱོགས་རེ་རེ་འཛིན་པ་གཉིས་ཀ་ལ་བསྐྱར་བའི་གཏན་ཚིགས་མེད་ན་ཁ་ཙམ་དུ་དོར་རོ། །བསྟན་པ་ནི་ཁོང་དུ་མ་ཆུད་པ་རྣམས་ལ་ཁོང་དུ་གཞུག་བ་ཡིན་ཏེ། གཏན་ལ་ཕབ་པའི་ཡན་ལག་རྣམ་པ་བདུན་དང་ལྡན་པར་བསྟན་པའོ། །བདུན་གང་ཞེ་ན། གླེང་བསླང་བ་དང༌། མཐུན་པ་དང༌། མི་མཐུན་པ་འམ། འགལ་བ་དང་གྲུབ་པའི་མཐའ་རྫོགས་པར་བྱ་བ་དང༌། མཚན་ཉིད་གསུམ་གྱི་དོན་དང་འདྲ་བ་དང༌། ལུང་བསྟན་པ་དང༌། རྟགས་ཡོད་པའོ། །དེ་ལ་གླེང་བསླང་བ་ནི་ཕས་མི་འདྲི་བ་ལ་ཡང་ཚུར་བསྐུལ་བ་ཡིན་ཏེ། ཕ་རོལ་གྱི་ཚུར་རྟོགས་ནས་ཉན་ཐོས་གྱི་ཐེག་པའམ། ཐེག་པ་ཆེན་པོའི་ཕྱོགས་གང་འོས་པ་ཅིག་ལས་གླེང་པའི་གཞི་བཅའ་བའོ། །མཐུན་པ་དང་མི་མཐུན་པ་གང་ཞེ་ན། གང་ལས་གླེང་བསླང་བའི་གཞིར་བཅས་པ་དེ་དང་མུ་སྟེགས་ཅན་གང་ལ་བསྟན་པ་དེའི་གཙུག་ལག་ཏུ་མཐུན་པར་བསྒྲུབ་པའི་མཐའ་འགྲོ་བ་ལས་འབྱུང་བ་བཞིན་དུ་བསྟན་པའམ། གཞན་དུ་ཆོས་བཟང་ངན་གྱི་ཁྱད་ཞུགས་པ་དང༌། རྒྱ་ཆེ་ཆུང་མི་འདྲ་བར་བསྟན་པ་ཡིན་ཏེ། དེ་གཉིས་ལས་གང་བསྟན་ན་དད་པ་སྐྱེ་ཞིང་ཡང་དག་པའི་ལམ་རྟོགས་པར་འགྱུར་བ་ཅིག་གིས་བསྟན་པའོ། །གྲུབ་པའི་མཐའ་རྫོགས་པ་གང་ཞེ་ན། སོ་སོའི་ཕྱོགས་བཟུང་སྟེ། ཡང་དག་པ་གང་ཡིན་པའི་ཡུལ་བསྟོད་ན་གྲུབ་པའི་མཐའ་ཕྱོགས་འགའ་ཙམ་གྱིས་མི་བརྩད་པར་གཙུག་ལག་འབྱུང་བའི་མདོ་ཆེ་གེ་ཐོག་ཐག་ཏུ་བསྐྲུན་ཏེ། བཙད་ཀྱི་རོ་སྙིས་དྲག་གམ། སྨྲ་བདེ་མི་བདེ་འམ། ཚིག་དོར་མི་དོར་ཙམ་གྱི་ཡུས་སུ་མི་འབྱུང་ངོ༌། །དེ་སྟེ་ལ་ལ་ཞིག་ངོ་གང་དྲག་དང༌། སྨྲ་གང་བདེ་དང༌། སྒྲ་ལ་གང་མཁས་ཀྱིས་བརྒྱ་ཞིང་རྩོད་ན་ནི་འཇིག་རྟེན་གྱི་འགྲན་ཐོར་ཅན་ཁས་བརྒྱ་


DTG204_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཟད་དེ་དོན་མེད་ཀྱིས་ཡལ་གཟུགས་མི་འཁྲ་བར་ཅི་དགར་རྩོད་ཅིག །གཙུག་ལག་གི་མདོ་བསྐྲུན་པ་དེ་ཡང་གང་ཞེ་ན། ཆོས་སོ་ཅོག་གི་ཐོག་མའི་མཐའ་དང་ཐ་མའི་མཐའི་ལོ་རྒྱུས་དང༌། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རིམ་པ་དང་རྣམ་གྲངས་དང༌། འཁོར་བན་གནས་པའི་རྒྱུ་ཅི་ལས་བྱུང༌། ཐར་པར་བྱ་བའི་ལམ་གང་ཡིན། འཁོར་བ་ན་གནས་པའི་ཉེས་པ་ཅི་ཡོད། ཐར་པར་གྱུར་པའི་ཡོན་ཏན་ཅིས་འཕགས། ལུང་ལས་འབྱུང་བའི་ཚིག་འགལ་བ་འདྲ་བ་ཞིག་ཡོད་ན་གང་ཡང་མི་སྤང་བར་གཉིས་ཀ་མཐུན་པར་སྒྲུབ་པ་དང༌། འདི་རྣམས་བསྐྲུན་པའོ། །མཚན་ཉིད་གསུམ་གྱི་དོན་དང་ལྡན་པ་གང་ཞེན། ཀུན་བརྟགས་པ་དང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའོ། །དེ་ལ་ཀུན་བརྟགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དོ། །གཞན་གྱི་དབང་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཡོངས་སུ་གྲུབ་པ་ནི་དོན་དམ་པའི་བདེན་པའོ། །དེ་ལ་སངས་རྒྱས་པའི་ལྟ་བར་མཚུངས་པ་ནང་ཕྱོགས་རེ་རེ་བཟུང་སྟེ་རྩོད་ན། མཚན་ཉིད་གང་གི་ཕྱོགས་སུ་བཟུང་བ་དེའི་གྲུབ་པ་ནི་མཐའ་དང་མཐུན་པར་བསྒྲུབ་པའོ། །ཕ་ལོགས་ཀྱི་ཕྱོགས་ལ་སུན་དབྱུང་བ་ཡང་བདག་གི་ཕྱོགས་སུ་བཟུང་བའི་གྲུབ་པའི་མཐའ་དང་མཐུན་པར་སུན་དབྱུང་ངོ༌། །དེ་ལས་གྲུབ་པའི་མཐའ་གཞན་གྱི་ཕྱོགས་ཀྱིས་བདག་གི་ཕྱོགས་མི་འགྲུབ་བ་ལྟ་ཅི་སྨོས་ཀྱི། གྲུབ་པའི་མཐའ་གཞན་གྱིས་ཕ་རོལ་གྱི་ལྟ་བ་སུན་ཕྱུང་དུ་ཟིན་ཀྱང་བདག་གི་ལྟ་བའི་ནང་དུ་བསྡུར་མི་ནུས་སོ། །དེ་བས་ན་སུན་དབྱུང་བ་ཡང་བདག་གི་ལྟ་བའི་གྲུབ་པའི་མཐའ་དང་མཐུན་པས་སུན་དབྱུང་སྟེ། ཀུན་རྟོག་པའི་མཚན་ཉིད་ཀྱི་ཕྱོགས་ལྟར་གྲུབ་ན་ཡང་གཞན་གྱི་དབང་ངམ་ཡོངས་སུ་གྲུབ་པའི་མཚན་ཉིད་ལྟར་མི་བརྗོད་དོ། །ལྷག་མ་གཉིས་ཀྱང་དེ་བཞིན་དུ་ཅི་རིགས་པར་བྱའོ། །མུ་སྟེགས་ཅན་དང་བརྩད་ན་ནི་བདེན་པ་གཉིས་གང་ལྟར་གྲུབ་ཀྱང་སངས་རྒྱས་པའི་ལྟ་བའི་ནང་དུ་བསྡུར་རུང་ལ། འདུས་བྱས་ཀྱི་ཆོས་ཐམས་ཅད་ལའང་མཚན་ཉིད་གསུམ་ཡོད་ཀྱིས། མཚན་ཉིད་གསུམ་ཆར་དང་ལྡན་པའི་ལྟ་བར་ཁས་བླངས་ཏེ། དེ་དག་གི་ཚུལ་གྱིས་ཅི་རིགས་པར་སྒྲུབ་ཅིང་སུན་དབྱུང་བར་བསྟན་པའོ། །དྲང་བ་གང་ཞེན། འཕགས་པ་ལང་ཀར་གཤེགས་པའི་མདོ་ལ་སོགས་པ་ལས་འབྱུང་བ་ལྟ་བུའི་སྒྲོ་འདོགས་པ་དང་


DTG204_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲི་བ་མེད་པའོ། །སྒྲོ་འདོགས་པ་དང༌། ཕྲི་བ་གང་ཞེ་ན། དེ་ཡང་རྣམ་པ་བཞི་སྟེ། མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་དང༌། མེད་པའི་ལྟ་བར་སྒྲོ་འདོགས་པ་དང༌། མེད་པའི་རྒྱུར་སྒྲོ་འདོགས་པ་དང༌། མེད་པའི་དངོས་པོར་སྒྲོ་འདོགས་པའོ། །ཕྲི་བདེའང་རྣམ་པ་བཞི་སྟེ། ཡོད་པའི་མཚན་ཉིད་ལས་ཕྲི་བ་དང༌། ཡོད་པའི་ལྟ་བ་ལས་ཕྲི་བ་དང༌། ཡོད་པའི་རྒྱུ་ལས་ཕྲི་བ་དང༌། ཡོད་པའི་དངོས་པོ་ལས་ཕྲི་བའོ། །དེ་དག་ཀྱང་གང་ཞེ་ན། མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རིལ་པོ་དང་རྟག་པ་དང༌། ཇི་ལྟར་སྣར་བ་དེ་བཞིན་ཉིད་ལས་གཞན་མ་ཡིན་པར་ཞེན་པའོ། །མེད་པའི་ལྟ་བར་སྒྲོ་འདོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང་གང་ཟག་ཏུ་ལྟ་བ་ངན་པར་ཞེན་པའོ། །མེད་པའི་རྒྱུར་སྒྲོ་འདོགས་པ་ནི་སྔོན་རྒྱུ་ལས་མ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་སྒྱུ་མ་ལྟ་བུར་སྔོན་མ་བྱུང་ཞིང་མེད་པ་ལས་གཟུགས་དང་སྣང་བའི་རྒྱུ་དྲན་པ་སྔོན་དུ་འཇུག་པས་འབྱུང་ཞིང་མེད་པ་ལས་བྱུང་ནས་ཀྱང་འཇིག་པར་འཛིན་པའོ། །མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་ནམ་མཁའ་དང་འགོག་པ་དང༌། མྱ་ངན་ལས་འདས་པ་མ་བྱས་པ་དངོས་པོ་མེད་པར་ཞེན་པའོ། །ཕྲི་བ་གང་ཞེ་ན། ཆོས་རྣམས་ཀྱི་མཚན་ཉིད་གསུམ་པོ་ལ་སྒྲོ་འདོགས་པ་རྣམ་པ་བཞི་ལྟ་བུས་སྒྲོ་བཏགས་ནས་དེ་དག་གི་མཚན་ཉིད་དམ་ལྟ་བ་འམ་རྒྱུ་འམ་དངོས་པོ་ཡང་དག་པ་ཇི་ལྟ་བ་ལས་ཕྲི་བ་ཡིན་ནོ། །ལུང་བསྟན་པ་གང་ཞེ་ན། ཕས་འདྲི་བ་ལ་ལན་གདབ་པ་ཡིན་ཏེ། མགོ་གཅིག་ཏུ་ལུང་བསྟན་པ་དང༌། རྣམ་པར་ཕྱེ་སྟེ་ལུང་བསྟན་པ་དང༌། ཕྱིར་དྲི་བ་དང༌། མི་བསྟན་པ་དང་བཞིའོ། །དེ་གང་ཞེ་ན། མགོ་གཅིག་ཏུ་ལུང་བསྟན་པ་ནི། ཆོས་བདག་མེད་པ་དེ་གང་ལ་མེད་ཅེས་འདྲི་ན་ཆོས་ཐམས་ཅད་ལ་བདག་མེད་པར་མཚུངས་སོ་ཞེས་བྱ་བ་དང༌། དོན་དམ་པར་ན་མཐའ་གཉིས་སྤངས་པའི་ཆོས་གང་ཡིན་ཞེས་འདྲི་ན་ཆོས་ཐམས་ཅད་དོ་ཞེས་བྱ་བ་དང༌། ཐམས་ཅད་མཁྱེན་པ་དུས་གསུམ་གྱི་ནང་ན་དུས་གང་གི་ཆོས་མཁྱེན་ཞེས་འདྲི་ན་དུས་ཐམས་ཅད་ཀྱི་ཆོས་སོ་ཅོག་མཁྱེན་ཏོ་ཞེས་


DTG204_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང༌། སེམས་ཅན་ཐམས་ཅད་འཆི་འམ་མི་འཆི་ཞེས་འདྲི་ན་འཆིའོ་ཞེས་བྱ་བ་ལ་སོགས་ཏེ། ཐུན་མོང་གི་ཆོས་ལས་ཕྱོགས་གཅིག་གི་ཚུལ་དུ་འདྲི་བ་ལ་མགོ་གཅིག་ཏུ་ལུང་སྟོན་ཏོ། །རྣམ་པར་ཕྱེ་སྟེ་ལུང་བསྟན་པ་ནི། ཆོས་ཐམས་ཅད་རྟག་གམ་མི་རྟག་ཅེས་འདྲི་ན། འདུས་བྱས་ཀྱི་ཆོས་ནི་མི་རྟག །འདུས་མ་བྱས་ཀྱི་ཆོས་ནི་རྟག་གོ་ཞེས་བྱ་བ་དང༌། བྱང་ཆུབ་གསུམ་ལ་བྱེ་བྲག་མེད་དམ་ཞེས་འདྲི་ན། རྣམ་པར་གྲོལ་བ་ལ་ནི་བྱེ་བྲག་མེད་དེ། ཆོས་ཀྱི་སྐུས་བྱེ་བྲག་ཡོད་དོ་ཞེས་བྱ་བ་དང༌། སེམས་ཅན་ཐམས་ཅད་སྐྱེ་འམ་མི་སྐྱེ་ཞེས་འདྲི་ན་ཉོན་མོངས་པ་དང་བཅས་པ་ནི་སྐྱེའོ། །ཉོན་མོངས་པ་མེད་པ་ནི་ཇི་ལྟར་ཉོན་མོངས་པ་དང་བཅས་པ་སྐྱེ་བའི་ཚུལ་གྱིས་མི་སྐྱེའོ་ཞེས་བྱ་བ་དང༌། འདི་ལྟ་བུ་ལ་སོགས་ཏེ་སོ་སོའི་མཚན་ཉིད་ལས་སྤྱིའི་མཚན་ཉིད་དུ་འདྲི་བ་ལ་རྣམ་པར་ཕྱེ་སྟེ་བསྟན་ཏོ། །ཕྱིར་དྲིས་ཏེ་ལུང་བསྟན་པ་ནི་ཟླ་མི་སྨོས་པར་བཟང་ཁྱད་ཇི་ཙམ་ཞེ་འམ། ངན་ཁྱད་ཇི་ཙམ་ཞེས་འདྲི་ན། གང་བཏང་བསྐྲུན་ཞེས་འདྲི་བ་དང༌། དེ་བཞིན་གཤེགས་པའི་མཚན་ཐོས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་གམ་མི་ལྡོག་ཅེས་འདྲི་ན། ཤིང་གི་ས་བོན་ཞིག་ས་བོན་གྱི་ཉེས་པ་ཐམས་ཅད་མེད་ན། རྐྱེན་རྣམས་སུ་ལྡན་པ་དང་མི་ལྡན་པ་ལས་མྱུ་གུ་ནས་རྫོགས་པའི་བར་དུ་ཇི་ལྟར་འགྱུར་ཞེས་ཕྱིར་དྲི་བ་དང༌། སྲོག་ཆགས་ཆད་པར་བཅུག་སྟེ། གསོན་པོ་འམ་ཤི་བ་ཞེས་འདྲི་བ་ལ་ཁྱོད་བདག་ལ་དབང་ཡོད་ན། གང་ལྟར་བྱ་ཞེས་དྲི་བ་ལ་སོགས་པ་ཉེས་པའི་ཀླན་ཀ་ཚོལ་བ་ལ་སྐུངས་གཞར་བར་ཕྱིར་དྲིས་ཏེ་བསྟན་ཏོ། །ལུང་མི་བསྟན་པ་ནི་གཉིས་སུ་མེད་པ་དང༌། བརྗོད་དུ་མེད་པའི་མཚན་ཉིད་ཅི་འདྲ་ཞེས་འདྲི་ན། ཇི་ལྟར་འཕགས་པ་དྲི་མ་མེད་པར་གྲགས་པ་བཞིན་དུ་མི་སྨྲ་བ་དང༌། བདག་ཅེས་བྱ་བ་རྟག་གམ་མི་རྟག་ཅེས་འདྲི་ན། བདག་ཉིད་ཀྱང་མེད་པས་ན། རྟག་པ་དང་མི་རྟག་པ་བརྗོད་དུ་མེད་དེ་ལན་མི་གླན་པ་དང་དག་ངན་པ་འམ་རྩུབ་པོ་ཞིག་ཟེར་ན་ཆོས་དཔྱད་པ་ལ་མ་གཏོགས་ཏེ་ལན་མི་གླན་པ་ཡིན་ནོ། །ལུང་མི་བསྟན་པ་ནི་མཁན་པོའི་དཔེ་མ་ཁྱུད་བྱ་བ་མ་ཡིན་གྱི་ཚུལ་གྱིས་གོ་བར་


DTG204_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ། བསྟན་མི་དགོས་པ་དང་བསྟན་ཀྱང་ཁོང་དུ་མི་ཆུད་པ་དང༌། བསྟན་ན་སྟེ་ཕ་རོལ་གྱི་སེམས་བསྲུང་བ་དང༌། དེ་རྣམས་ཀྱི་ཕྱིར་མི་བསྟན་མོད་ཀྱི་དུས་གཞན་དུ་སྣོད་དང་སྦྱར་ཞིང་བསྟན་པ་ཡང་ཡོད་དོ། །རྟགས་ཡོད་པ་གང་ཞེ་ན། ཡང་ན་མི་ལས་བླ་མར་གྱུར་པས་གཙུག་ལག་ཏུ་གྱུར་པ་སྟོན་ཏོ་ཅོག་སྨོན་པའི་ཚིག་ལྟ་བུར་འོལ་མ་ཆགས་པར་སྨྲ་བ་ནི་གང་ཡང་མི་འབྱུང་སྟེ། གང་གིས་དངོས་པོ་མེད་པ་ལས་ཡོད་པར་འཛིན་ཏོ་ཅོག་ཀྱང་དེ་མ་ཡིན་པའི་དངོས་པོ་གཞན་ཞིག་དང་ནོར་ཏེ་ཡོད་པ་ལས་མེད་པར་ལྟའོ་ཅོག་ཀྱང་བར་དུ་གཅོད་པའི་སྒྲིབ་པ་ཅིག་གིས་བསྒྲིབས་པས་མེད་པར་སྨྲའོ་ཅོག་གག་ཀྱང་རུང༌། དེའི་མཚན་ཉིད་ལས་གཞན་དུ་སྟོན་ཏོ་ཅོག་ཀྱང་དེ་དང་འདྲ་བར་སྣང་བ་འགའ་ཞིག་ལས་ནོར་བར་གྱུར་ཏོ། །དེ་ལྟ་བས་ན་དངོས་པོ་མེད་པ་ལས་ཡོད་པར་འཛིན་པ་བཟློག་པར་བྱ་ན་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་མི་བྱ་བར་ཡོད་པར་འདོད་པ་དེ་རྐྱེན་གང་ལས་གྱུར་པའི་དངོས་པོ་གཞན་ཡོད་པར་བསྒྲུབས་ལ་དེའི་གཏན་ཚིགས་ཀྱིས་བསྟན་ཏོ། །ཡོད་པ་ལས་མེད་པར་ལྟ་བ་བཟློག་པར་བྱ་ན་ཡོད་པའི་གཏན་ཚིགས་འབའ་ཞིག་གིས་སྒྲུབ་ཀྱི་དེ་མངོན་སུམ་དུ་དམིགས་པར་བྱ་བ་ལ་བར་དུ་གཅོད་པ་འདིས་བསྒྲིབས་སོ་ཞེས་བྱས་ལ་དངོས་པོ་གང་ཡོད་པ་དང༌། སྒྲིབ་པ་གང་ཡིན་པ་བཅས་པའི་གཏན་ཚིགས་ཀྱིས་སྒྲུབ་ཅིང་བསྟན་ཏོ། །མཚན་གྱི་གཞི་ཡོད་པ་དང་མེད་པ་ལ་མི་རྩོད་པར་མཚན་ཉིད་ལ་རྩོད་པ་ཞིག་ཡོད་ན་ཡང༌། ཕ་ལོགས་སྨྲ་བའི་མཚན་ཉིད་མ་ཡིན་པ་འབའ་ཞིག་ཏུ་མི་སྒྲུབ་པར་མཚན་ཉིད་ཇི་ལྟར་འདོད་པ་དང༌། དེ་འདྲ་བར་སྣང་བའི་མཚན་ཉིད་གཞན་གང་དང༌། ནོར་བའི་གཏན་ཚིགས་དང་བཅས་པས་བསྟན་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། བདག་མེད་པ་བསྟན་པར་བྱ་ན། ཡོང་ནི་ཕུང་པོ་ལྔ་ལས་ལོགས་ཤིག་ན་བདག་ཅེས་བྱ་བ་མེད་མོད་ཀྱི་ཐོག་མ་མེད་པ་ནས་བདག་ཏུ་རྟོག་པའི་བག་ཆགས་ཀྱིས་བསྐྱེད་པ་ཉོན་མོངས་པའི་ཡིད་ཅེས་བྱ་བས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བས་ཆོས་ཐམས་ཅད་ཀྱི་ས་བོན་ཆང་བ་དངོས་པོར་སྣང་ངོ་ཅོག་གི་རྒྱུ་འབྱིན་པ་དེ་ལ་བདག་ཏུ་བརྟགས་ནས་དེ་ཉིད་ཡུལ་


DTG204_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་གཅོད་པའི་ཕྱིར། རྣམ་པར་ཤེས་པའི་རང་བཞིན་ཡིན་པར་མ་རྟོགས་ནས་བདག་ཅེས་བྱ་བ་རྟག་པ་ཁྱབ་པ་གཅིག་པུ་ཞིག་ཡོད་པར་འདོད་པ་ནི་འདི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་ཕ་རོལ་དང་ལས་ཀྱི་འབྲས་བུ་ཡོད་པ་བསྟན་ན་ཡོད་ཀྱི། དེ་དག་མེད་ན་འཇིག་རྟེན་འདི་ཡོད་པར་ཡང་མི་འགྱུར་ལས་བྱེད་པ་ཡང་མི་འབྱུང་མོད་ཀྱི། ཚེ་སྔ་མ་རྨི་དྲན་ཕྱི་མ་མི་ཤེས་པ་དང༌། སྐྱིད་སྡུག་འཕྲལ་དུ་མྱོང་བ་ལས་གང་གི་རྒྱུ་ལས་བྱུང་བ་མི་དམིགས་པ་ནི་སྒྲིབ་པས་བསྒྲིབས་པས་ལན་ནོ་ཞེས་བྱ་སྟེ། སྒྲིབ་པའི་རྣམ་པ་གང་ལ་རིགས་པས་སྒྲིབ་པར་བྱེད་པ་བསྟན་པ་ལ་སོགས་པའོ། །འདུས་བྱས་ཀྱི་ཆོས་རྣམས་ལ་སྐད་ཅིག་མར་མི་འདོད་དེ། རྟག་གོ་ཞེས་སྨྲ་བ་ལ་ཡང་ཆོས་དེ་དག་རྟག་པ་ཞིག་ཡིན་ན་ནི་གཞིག་ཏུ་ཡང་མི་རུང་སྟེ། འཇིག་པར་ཡང་མི་དམིགས་པའི་རིགས་ན། ཞིག་བར་དམིགས་པ་ལས་ནི་མི་རྟག་པར་ཡང་མངོན་ཏེ། སོ་སོའི་སྐྱེ་བོས་ནི་རྒྱང་བསྲིངས་ན་མེ་འབར་བ་འམ་ཆུ་འབབ་པའི་རྒྱུན་ལ་ཡང་རྟག་པར་མཐོང་བ་དང་འདྲ་བར་ཕྱིན་ཅི་ལོག་བཞི་ལ་གོམས་པས་བསྒྲིབས་པའི་དབང་གིས་འདྲ་བའི་རྒྱུན་ལ་རྟག་པ་ལྟ་བུར་ནོར་བས་མཐོང་དུ་ཟད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་རྣམས་གང་ལ་ཡང་ཚད་མའི་མཚན་ཉིད་དང་སྦྱར་ཞིང་ཅི་རིགས་སུ་བསྟན་ཏོ། །སྨྲས་པ། ཞེས་བྱ་བ་ཁོང་དུ་གཞུག་པ་དེ་དག །ཨཱ་ཙརྻ་ཨ་སཾ་གས་སྨྲ་བའི་རྒྱན་རྣམ་པ་ལྔར་བསྟན་པ་ལྟ་བུའི་ཚུལ་གྱིས་ཚིག་ཏུ་བརྗོད་ཅིང་བསྟན་པའོ། །སྨྲ་བའི་རྒྱན་གང་ཞེ་ན། རྣམ་པ་ལྔར་ཤེས་པར་བྱ་སྟེ། བདག་དང་གཞན་གྱི་གཙུག་ལག་ཤེས་པ་དང༌། ཚིག་འབྲུ་དང་ལྡན་པ་དང༌། འཇིགས་པ་དང་བརྟན་པ་དང་དེས་པའོ། །དོན་ཞེས་བྱ་བ་ནི་དམ་བཅས་པ་ལ་སོགས་པ་གསུམ་པོ་དེ་དག་གི་དོན་ཏོ། །སྒྲུབ་པ་ཞེས་བྱ་བ་ནི་ཇི་ལྟར་འདོད་དེ་རིགས་པའི་གཏན་ཚིགས་དུ་མས་ནན་ཏན་དུ་བསྒྲུབས་བསྒྲུབས་པའོ། །ཡང་དག་པར་ཤེས་པར་བྱ་བ་ནི་ཕ་ལོགས་གོ་བར་བྱ་བ་ཡང་ཇི་ལྟར་མ་ལོག་པ་ཡང་དག་པའི་དོན་ཉིད་གོ་བར་བྱའོ། །དེའི་རྒྱུར་གྱུར་བ་དང༌། རྐྱེན་དུ་གྱུར་པ་ནི་གཏན་ཚིགས་ཀྱིས་སྒྲུབ་པའི་རིག་པ་ཞེས་བྱ་བ་ཡིན་ཏེ། དེ་ཡང་མཚན་ཉིད་


DTG204_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་ཚད་མས་གང་ལ་གང་རིགས་པའི་ཡུལ་ལ་ཇི་ལྟར་འདོད་པ་བཞིན་དུ་སྒྲུབ་པའོ། །གཏན་ཚིགས་སྒྲུབ་པའི་རིགས་པ་དེ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་མ་དག་པའོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ནི་ལྔའོ། །ཡོངས་སུ་མ་དག་པའི་མཚན་ཉིད་ནི་བདུན་ནོ། །ཡོངས་སུ་དག་པའི་མཚན་ཉིད་ལྔ་རྣམས་གང་ཞེ་ན། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང༌། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང༌། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང༌། ཡོངས་སུ་གྲེགས་པའི་མཚན་ཉིད་དང༌། ཤིན་ཏུ་རྣམ་པར་དག་པའི་ལུང་གཏན་ལ་ཕབ་པར་བསྟན་པའི་མཚན་ཉིད་དོ་ཞེས་གསུངས་སོ། །འདི་ནི་ཚད་མ་ཡོངས་སུ་དག་པ་དང༌། མ་དག་པའི་བྱེ་བྲག་བསྟན་པ་ཡིན་ཏེ། གཏན་ཚིགས་ཞིབ་ཏུ་ནི་འོག་ནས་འབྱུང་ངོ༌། །འཇིག་རྟེན་ན་སེམས་ཅན་གྱི་དོན་བྱེད་ཅེས་ཟེར་བ་དང་རང་གི་མཐུ་སེམས་པ་དག་དམ་བཅས་ཤིང་སྟོན་ཏེ། སྨྲ་བའི་དོན་འགྲུབ་པ་དང་ཡང་དག་པར་ཤེས་པར་བྱེད་འདོད་པ་ཡང་མངན། དེ་ཀུན་གྱིས་བསམ་པ་བཞིན་དུ་འགྲུབ་བ་མ་ཞེས་བྱ་ན། དེ་ལྟར་གཅིག་ཏུ་ངེས་པ་མེད་དེ། འགྲུབ་པ་ཡང་ཡོད་མི་འགྲུབ་བ་ཡང་ཡོད་དོ། །དེ་ཅི་ལས་གྱུར་ཞེ་ན། གཏན་ཚིགས་ཀྱིས་སྒྲུབ་པ་དེའི་རྒྱུ་དང་རྐྱེན་དུ་རྟོགས་པའི་མཚན་ཉིད་ཡོངས་སུ་དག་པ་དང༌། མ་དག་པ་ལས་གྱུར་ཏེ། ཡོངས་སུ་དག་པའི་མཚན་ཉིད་དང་ལྡན་པའི་གཏན་ཚིགས་ཀྱིས་ནི་དོན་མ་ལོག་པར་རྟོགས་ཏེ་འགྲུབ་པར་རུང༌། ཡོངས་སུ་མ་དག་པའི་མཚན་ཉིད་དང་ལྡན་པའི་གཏན་ཚིགས་ཀྱིས་ནི་དོན་ལ་ལོག་པར་འཛིན་ཏེ་འགྲུབ་ཏུ་མི་རུང་ངོ༌། །དེ་ལྟ་བས་ན་མཚན་ཉིད་ཀྱི་ཡོན་ཏན་དང་བྱེ་བྲག་ཤེས་པ་ནི་བདག་ཀྱང་ཡང་དག་པའི་ལྟ་བ་ལ་གནས་ཤིང་གཞན་ཡང་ཡང་དག་པའི་ལྟ་བ་ལ་འཇོག་སྟེ། སྡིག་པའི་གྲོགས་པོའི་ལག་ཏུ་མི་ལྟུང་བར་ཤེས་བཞིན་དུ་སྤྱོད་དོ། །མཚན་ཉིད་ཀྱི་ཡོན་ཏན་དང་བྱེ་བྲག་མི་ཤེས་པ་ནི་བདག་ཀྱང་ལོག་པར་ལྟ་བ་ལ་གནས་ཤིང་གཞན་ཡང་ལོག་པར་ལྟ་བ་ལ་འཇོག་སྟེ། དགེ་བའི་བཤེས་གཉེན་གྱིས་བསྟན་ཀྱང་མི་གོ་བར་མོས་བཞིན་དུ་སྤྱོད་དོ། །གཏན་ཚིགས་


DTG204_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཡན་ལག་གི་ལེའུ་སྟེ་གསུམ་པའོ།། །།མངོན་སུམ་ཡོངས་སུ་དག་པའི་མཚན་ཉིད་ལ། དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང༌། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང༌། ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་གང་འཇིག་རྟེན་མངོན་སུམ་དུ་དམིགས་པའི་མཚན་ཉིད་དོ་ཞེས་གསུངས་པའི་མཚན་ཉིད་དུ་བཤད་དོ། །མངོན་སུམ་ཞེས་བྱ་བ་ནི་རྐྱེན་བཞིས་བསྐྱེད་པའི་རྣམ་པར་ཤེས་པའི་སྒྲིབ་བདག་གིས་མ་བསྒྲིབས་པས་ཡུལ་ལ་མངོན་དུ་དམིགས་པ་ཡིན་ཏེ། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ལྔ་པོ་དག་དང༌། དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པས་དུས་གཅིག་སྤྱོད་ཡུལ་གཅིག་ཏུ་ད་ལྟར་བྱུང་བའི་ཡུལ་ཐད་ཀར་བབ་པ་ལ་དམིགས་ནས། ཡུལ་དེ་སོ་སོའི་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་ཅེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གིས་ཆོས་ཀྱི་ཁམས་ལ་དམིགས་པའང་ཆོས་ལ་དམིགས་པའི་མངོན་སུམ་ཞེས་བྱའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་ཏེ་ཡུལ་སོ་སོར་ངེས་པ་ལ་འཇུག་པ་གཅིག་དང་མཉམ་དུ་འཇུག་གམ་ལྔ་ཆར་དང་མཉམ་དུ་འཇུག་ཅེ་ན། ཡོད་ནི་གང་དང་ཡང་མཉམ་དུ་འཇུག་མོད་ཀྱི་དུས་གཅིག་ཏུ་འཇུག་པ་ནི་རྣམ་པར་ཤེས་པ་ལྔ་པོ་ལས་ཡུལ་གྱི་རྐྱེན་གྱི་མཐུ་འམ་ཡིད་ལ་བྱེད་པའི་མཐུ་གང་ཆེ་བས་བསྐྱེད་པའི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་མཉམ་དུ་འཇུག་སྟེ། ལྔ་ཆར་དང་དུས་གཅིག་ཏུ་མི་འཇུག་གོ །ལྷག་མ་རྣམས་དང་ཡང་རིམ་གྱིས་མཉམ་དུ་འཇུག་སྟེ། མགལ་མེ་བསྐོར་བ་ལ་གདུ་བུར་སྣང་བ་བཞིན་དུ་མགྱོགས་པས་དབང་པོ་གཟུགས་ཅན་གྱི་རྣམ་པར་ཤེས་པ་ཀུན་དང་དུས་གཅིག་ཏུ་སོ་སོའི་ཡུལ་ལ་འཇུག་པ་འདྲ་བར་ཡང་སྣང་ངོ༌། །རྐྱེན་བཞིས་བསྐྱེད་པའི་རྣམ་པར་ཤེས་པ་ཞེས་བྱ་བའི་རྐྱེན་བཞིའི་ཚུལ་ཆོས་མངོན་པ་ལས་འབྱུང་བ། མིག་གི་རྣམ་པར་ཤེས་པའི་རྐྱེན་བཞི་སྟེ། རྒྱུའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་ཏོ། །རྒྱུའི་རྐྱེན་གང་ཞེ་ན། ལྷན་ཅིག་འབྱུང་བ་དང་རབ་ཏུ་ལྡན་པའི་ཆོས་རྣམས་སོ། །


DTG204_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དེ་མ་ཐག་པའི་རྐྱེན་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་གང་རྣམས་ཀྱི་འོག་ཏུ་བར་ཆད་མེད་པར་མིག་གི་རྣམ་པར་ཤེས་པ་དེ་དེ་མ་ཐག་ཏུ་སྐྱེས་པ་འམ་སྐྱེ་བའོ། །དེའི་དམིགས་པའི་རྐྱེན་གང་ཞེ་ན། གཟུགས་སོ། །དེའི་བདག་པོའི་རྐྱེན་གང་ཞེ་ན། བདག་ཉིད་མ་གཏོགས་པའི་ཆོས་ཐམས་ཅད་དོ། །མིག་གི་རྣམ་པར་ཤེས་པ་ལ་ཇི་ལྟ་བ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའང་དེ་དང་འདྲའོ། །རྣམ་པར་ཤེས་པ་སྐྱེ་བའི་ཚུལ་ནི་ཡང་མདོ་འདི་ཉིད་ལས་གསུངས་པའི་དེ་ལ་ཡངས་པའི་བློ་གྲོས་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་དང་གཟུགས་རྣམས་ལ་བརྟེན་ཅིང་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་གཅིག་ལ་སྤྱོད་ཡུལ་མཐུན་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ༌། །དེ་ལ་ཡངས་པའི་བློ་གྲོས་རྣམ་པར་ཤེས་པ་དང་བཅས་པའི་རྣ་བ་དང་སྣ་དང་ལྕེ་དང༌། རྣམ་པར་ཤེས་བ་དང་བཅས་པའི་ལུས་དང་རེག་བྱ་རྣམས་ལ་བརྟེན་ཅིང་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། ལུས་ཀྱི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་ཏུ་རྗེས་སུ་འཇུག་པ་དུས་གཅིག་པ་སྤྱོད་ཡུལ་མཐུན་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ༌། །གལ་ཏེ་མིག་གི་རྣམ་པར་ཤེས་པ་ཅིག་ཐང་ཅིག་བྱུང་ན། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པ་དང་སྤྱོད་ཡུལ་མཐུན་པ་ཅིག་ཀྱང་ཐང་ཅིག་འབྱུང་ངོ༌། །གལ་ཏེ་ཐང་ཅིག་ཏུ་གཉིས་སམ། གསུམ་མམ། བཞི་འམ་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཐད་ཅིག་འབྱུང་བར་འགྱུར་ན་ཡང་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་ལྔ་དང་སྤྱོད་ཡུལ་མཐུན་བ་ཅིག་འབྱུང་ངོ༌། །འདི་ལྟ་སྟེ་ཡངས་པའི་བློ་གྲོས་ཆུའི་ཀླུང་ཆེན་པོ་འབབ་པ་ལ་རླབས་གཅིག་འབྱུང་བ་ནས་མང་པོར་འབྱུང་བའི་རྐྱེན་ཉེ་


DTG204_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བར་གནས་ན་མང་པོར་འབྱུང་བ་དང༌། མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་གཅིག་འབྱུང་བ་ནས། གཟུགས་བརྙན་མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་ན། མང་པོ་ཡང་འབྱུང་མོད་ཀྱི་ཆུའི་རྒྱུན་ཀྱང་མི་འཆད། མེ་ལོང་གི་དཀྱིལ་འཁོར་དེ་གཟུགས་བརྙན་གྱི་རང་བཞིན་དུ་འགྱུར་བ་ཡང་མ་ཡིན། ཡོངས་སུ་ཟད་པར་ཡང་མི་མངོན་ཞེས་གསུངས་སོ། །མདོ་འདི་ལས་ལེན་པའི་རྣམ་པར་ཤེས་པ་ཞེས་འབྱུང་བ་འདི་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བྱའོ། །དགོངས་པ་ངེས་པར་འགྲེལ་པའི་ཡངས་པའི་བློ་གྲོས་ཀྱི་ལེའུ་ལས་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ཅིང་རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེ་བར་གསུངས་པའི་དོན་འདི་ནི། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་བཤད་དེ། དེ་ལ་གསུངས་པའི་བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ནི་རྒྱུ་བཞི་དག་གིས་འབྱུང་ངོ༌། །བཞི་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་འཛིན་པ་ལ་ཁོང་དུ་མ་ཆུད་པ་དང༌། ཐོག་མ་མེད་པའི་དུས་ནས་སྤྲོས་པའི་གནས་ངན་ལེན་གྱི་གཟུགས་ཀྱི་བག་ཆགས་ལ་མངོན་པར་ཞེན་པ་དང༌། རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་དང༌། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ཡིན་ཏེ། བློ་གྲོས་ཆེན་པོ་རྒྱུ་བཞི་པོ་འདི་དག་གིས་ཀུན་གཞི་རྣམ་པར་ཤེས་པ་ཆུ་ཀླུང་ལྟ་བུ་ལས་མིག་གི་རྣམ་པར་ཤེས་པའི་རླབས་འབྱུང་ངོ༌། །མིག་གི་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་སྤུའི་ཁུང་བུ་རྣམས་ལ་ཡང་དེ་བཞིན་ཏེ། མེ་ལོང་ལ་གཅིག་དང་རིམ་གྱིས་ཡུལ་གྱི་གཟུགས་སྣང་བ་དང༌། རྒྱ་མཚོ་ལ་རླུང་གིས་བཏབ་པ་བཞིན་དུ་ཡུལ་གྱི་རླུང་དང༌། སེམས་ཀྱི་རྒྱ་མཚོའི་རླབས་རྒྱུའི་བྱ་བ་རྒྱུན་མི་འཆད་པའི་མཚན་ཉིད་གཅིག་པ་དང༌། ཐ་དད་པ་ལས་རྣམ་པར་གྲོལ་བ་ལས་དང་རིགས་ཀྱི་མཚན་ཉིད་དང༌། ཤིན་ཏུ་འབྲེལ་བའི་རང་བཞིན་ངོ་བོ་ཉིད་ཁོང་དུ་མི་ཆུད་པ་རྣམ་པར་ཤེས་པའི་ཚོགས་ལྔ་འཇུག་གོ །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་དད་ལྷན་ཅིག་ཏུ་རྒྱུ་དང་ཡུལ་བྱེ་བྲག་འབྱེད་པའི་མཚན་ཉིད་ཡོངས་སུ་ཆུད་པར་བྱེད་པ་ཞེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་


DTG204_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་གི་རྒྱུ་ལས་བྱུང་བའི་བདག་ཉིད་རབ་ཏུ་འཇུག་སྟེ། དེ་དག་དང་དེའང་བདག་ནི་ལྷན་ཅིག་ཏུ་ཕན་ཚུན་རྒྱུར་གྱུར་ཅིང་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་ཞུགས་པའོ་སྙམ་དུ་མི་སེམས་ཏེ་འོན་ཀྱང་ཕན་ཚུན་ཐ་མི་དད་པའི་མཚན་ཉིད་དུ་ལྷན་ཅིག་ཏུ་མ་རིག་པའི་ཡུལ་བྱེ་བྲག་འབྱེད་པ་ལ་འཇུག་གོ་ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ་བཞི་འབྱུང་བ་ནི་དངོས་པོ་རྣམས་ཀྱི་རྒྱུ་གཏན་ལ་ཕབ་པར་བསྟན་པའོ། །དེ་ལ་རང་གི་སྣང་བ་ལ་འཛིན་པར་ཁོང་དུ་མ་ཆུད་པ་ནི་དམིགས་པའོ་ཞེས་གསུངས་པས་ན། གཟུགས་ལ་སོགས་པ་དམིགས་པའི་རྐྱེན་ལ་བྱའོ། །ཐོག་མ་མེད་པའི་དུས་ནས་སྤྲོས་པ་གནས་ངན་ལེན་གྱི་གཟུགས་ཀྱི་བག་ཆགས་ལ་མངོན་པར་ཞེན་པ་ནི་རྐྱེན་ཏོ་ཞེས་གསུངས་པས་ན། མིག་ལ་སོགས་པ་བདག་པོའི་རྐྱེན་ལ་བྱའོ། །རྣམ་པར་ཤེས་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་རྐྱེན་གཞན་གྱིས་བར་དུ་མཆོད་པ་ཡིན་ཏེ། འདི་ནི་དེ་མ་ཐག་པའི་རྐྱེན་ཏོ། །གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ནི་ལྷན་ཅིག་ཏུ་འབྱུང་བ་དང་རབ་ཏུ་ལྡན་པའི་ཆོས་རྣམས་ཡིན་ཏེ། འདི་ནི་རྒྱུའི་རྐྱེན་ཏོ། །མིག་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་གཞན་གྱི་རྐྱེན་བཞི་ཡང་གོང་དུ་སྨོས་པ་བཞིན་ནོ། །དེའི་ནང་ནས་གཟུགས་ཞེས་འབྱུང་བ་རྣམས་ནི་རྣམ་པར་ཤེས་པ་སོ་སོའི་རྐྱེན་བཞིན་དུ་སྒྲ་དང་དྲི་དང་རོ་དང་རིག་དང་ཆོས་ཞེས་གང་ལ་གང་རིགས་པར་སྦྱར་རོ། །དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་སྤུའི་ཁུང་བུ་རྣམས་ལ་ཡང་ཞེས་བྱ་བ་ནི་མིག་གི་དབང་པོ་གོ་སྙོད་ཀྱི་མེ་ཏོག་འདྲ་བ་ཞེས་བྱ་བ་ནས། ལུས་ཀྱི་དབང་པོ་ཁྲབ་འདྲ་བ་ཞེས་བྱ་བའི་བར་གྱིས་གཟུགས་དང་བ་རྣམས་ཡིན་ཏེ། དེ་དག་གི་རྡུལ་ཕྲ་རབ་དང༌། སྤུའི་ཁུང་བུ་ནས་རྣམ་པར་ཤེས་པ་སྐྱེ་བ་ལ་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་བ་ནི་མེ་ལོང་དང་ཆུའི་དཔེ་དང་འདྲ་བར་བསྟན་པའོ། །གཅིག་པ་དང་ཐ་དད་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་གཅིག་པ་དང་


DTG204_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་མ་ཡིན་པར་འཇིམ་པའི་གོང་བུ་དང་རྡུལ་ཕྲ་མོའི་དཔེས་བསྟན་པ་ལྟ་བུ་ཡིན་ནོ། །ལས་ཀྱི་མཚན་ཉིད་ནི་ཡུལ་ལ་འཛིན་པའོ། །རིགས་ཀྱི་མཚན་ཉིད་ནི་ཤེས་པའོ། །འབྲེལ་པའི་རང་བཞིན་ཞེས་བྱ་བ་ཡང་འདི་དག་འབྲེལ་པ་ལ་བྱའོ། །ངོ་བོ་ཉིད་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་གང༌། ལ་མི་རིགས་པའོ། །རྣམ་པར་ཤེས་པའི་ཚོགས་ལྔ་ཞེས་བྱ་བ་ནི་མིག་ནས་ལུས་ཀྱི་བར་གྱི་རྣམ་པར་ཤེས་པ་ལྔ་ལ་བྱའོ། །རྒྱུ་དང་ཡུལ་བྱེ་བྲག་འབྱེད་པའི་མཚན་ཉིད་ཁོང་དུ་ཆུད་པ་ཞེས་བྱ་བ་ལས་རྒྱུ་ནི་བྱེད་པའི་རྒྱུ་ལ་སོགས་བ་དྲུག་གོ །དེ་དག་གི་བྱེ་བྲག་ཡིད་ཀྱི་རྣམ་པར་ཤེས་པས་ཁོང་དུ་ཆུད་པར་ནུས་པས་ན་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱའོ། །དེ་དག་གི་རྒྱུ་ལས་བྱུང་བའི་བདག་ཉིད་འཇུག་ཅེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་ཉོན་མོངས་པའི་ཡིད་དུ་གྱུར་པ་ལས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་བསྟན་པའོ། །དེ་དག་དང་དེའང་བདག་ཅག་ལྷན་ཅིག་རྒྱུར་གྱུར་པ་ལ་སོགས་པར་མི་སེམས་པ་ནི་དངོས་པོ་ཐམས་ཅད་སེམས་ཙམ་དུ་ནི་མ་རིག་པ་དང༌། རྣམ་པར་ཤེས་པ་ལྔས་རྒུད་པའི་རྐྱེན་བྱས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་དང༌། རྣམ་པར་ཤེས་པ་གཞན་གྱི་མྱོང་བ་ཡིད་ཀྱི་རྣམ་པར་ཤེས་པས་ཀུན་གཞི་རྣམ་པར་ཤེས་པ་ལ། བག་ཆགས་ཀྱིས་རྒྱས་པར་བྱས་ཤིང་རྣམ་པར་ཤེས་པ་གཞན་སྐྱེ་བ་ལྟ་བུར་རྣམ་པར་ཤེས་པ་གཅིག་གི་རྒྱུར་གཅིག་པར་ཁོང་དུ་མི་ཆུད་པ་ལ་བྱའོ། །འོན་ཀྱང་ཐ་མི་དད་པའི་མཚན་ཉིད་དུ་འཇུག་གོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་ཤེས་པ་ལྔ་དང་ཡིད་ཀྱི་རྣམ་པར་ཤེས་པ་དེ་དག་ཡུལ་ལ་མཉམ་དུ་ཞུགས་པ་ན་ཤེས་པ་གཉིས་ཀས་ཀྱང་ཡུལ་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཐ་མི་དད་པར་དམིགས་པ་ལ་བྱའོ། །སྒྲིབ་པས་མ་བསྒྲིབས་ཞེས་བྱ་བའི་སྒྲིབ་པ་དེ་དག་གང་ཞེ་ན། འཕགས་པ་ཕུང་པོ་གསུམ་པ་ལས་འབྱུང་བ། ལས་ཀྱི་སྒྲིབ་པ་འམ་ཆོས་ཀྱི་སྒྲིབ་པའམ་ཉོན་མོངས་པའི་སྒྲིབ་པ་འམ། ལྟ་བའི་སྒྲིབ་པ་འམ། མི་ཤེས་པའི་སྒྲིབ་པ་འམ། རྣམ་པར་སྨིན་པའི་སྒྲིབ་པ་འམ། ཆོས་ཀྱིས་ཕོངས་པར་གྱུར་པའི་སྒྲིབ་པའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་སྒྲིབ་པ་འམ། ཐེག་པ་ཆེན་པོ་ལ་སུན་འབྱིན་པའི་སྒྲིབ་པ་འམ།


DTG204_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་གྲོགས་པོས་ཉོན་མོངས་པའི་སྒྲིབ་པའམ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་ལ་སྒྲིབ་པ་དང་ཆོད་པ་སྟེ། སྒྲིབ་པའི་ལས་བྱས་ཤིང་བསགས་པ་གང་གིས་བསྒྲིབས་ཤིང་ཀུན་ནས་ལངས་ནས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་འམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བར་འགྱུར་བ་འམ། ལྷ་དབུལ་པོར་འགྱུར་བ་འམ། སངས་རྒྱས་ཀྱི་ལྟ་བ་ཡོངས་སུ་མི་འཛིན་པའམ། ཆོས་ཉན་པ་ཡོངས་སུ་མི་ལེན་པའམ། དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེ་མི་ཤེས་པར་འགྱུར་བ་འམ། བྱང་ཆུབ་སེམས་དཔའ་དང་གྲོགས་པོ་མི་འཐོབ་བར་འགྱུར་བ་འམ། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་མི་འཐོབ་པ་འམ། དགེ་བའི་རྩ་བ་ཆུང་ཟ་བ་ཡོངས་སུ་འཛིན་པར་འགྱུར་བ་འམ། བྱང་ཆུབ་ཀྱི་སེམས་སྟོར་བར་འགྱུར་བ་འམ། ཕ་རོལ་ཏུ་ཕྱིན་པའི་ལམ་མི་ཉན་པ་འམ། བདུད་སྡིག་ཏོ་ཅན་དག་གིས་མནར་བར་འགྱུར་བ་འམ། སངས་རྒྱས་ཀྱི་ཆོས་རིང་དུ་བྱེད་པ་འམ། དགེ་བའི་རྩ་བ་རྩོམ་པའི་སྦྱོར་བ་ཐམས་ཅད་ལས་ལྡོག་པ་འམ། དགེ་བའི་བཤེས་གཉེན་ལ་འཁུ་བར་འགྱུར་བ་འམ། བརྩམ་པ་ཡོངས་སུ་དག་པ་ཁོང་དུ་ཆུད་པར་མི་འགྱུར་བ་འམ། དྲན་པ་མི་ཉམས་པ་འཐོབ་པའམ། ཆོས་ལྟ་བ་ཁོང་དུ་མི་ཆུད་པ་འམ། སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་ལ་མི་མོས་པའམ། སངས་རྒྱས་ཀྱི་ཆོས་རྣམས་ལ་སོམ་ཉི་ཟ་འམ། ཏིང་ངེ་འཛིན་གྱི་སྒོ་ཁོང་དུ་མི་ཆུད་པ་འམ། ས་ནས་སར་གནས་པ་མི་འཐོབ་པའམ། བྱང་ཆུབ་སེམས་དཔའ་དང་འགྲོགས་པ་མི་འཐོབ་པ་འམ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐང་བ་དང་བྱས་པ་བསྲུང་བ་ཁོང་དུ་མི་ཆུད་པ་འམ། སྨོན་ལམ་ཆེན་པོ་ལས་ནུར་བ་འམ། སྤྱོད་པ་ཡོངས་སུ་དག་པ་ཁོང་དུ་མི་ཆུད་པའམ། གཟུངས་ཀྱི་རྒྱན་གྱི་སྣང་བ་མི་འཐོབ་པར་འགྱུར་བ་འམ། སྤོབས་པའི་རྒྱན་གྱི་སྣང་བ་ཁོང་དུ་མི་ཆུད་པ་དང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་འདྲིས་པར་བྱ་བ་ཁོང་དུ་མི་ཆུད་པ་དང༌། ཆོས་མཉམ་པ་ཉིད་མི་རྟོགས་


DTG204_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བསོད་ནམས་མཉམ་པ་ཉིད་མི་བསྐྱེད་པ་དང༌། ཡེ་ཤེས་མཉམ་པ་ཉིད་ཁོང་དུ་མི་ཆུད་པ་དང༌། འཁོར་བའི་ཆོས་རྣམས་ཀྱིས་ཀུན་དུ་གཞོམ་བར་འགྱུར་བའི་སྒྲིབ་པ་དེ་ལྟ་བུ་ལ་སོགས་པ་སྟེ། གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་གྱི་ཆོས་དང༌། ནན་ཏན་ཐམས་ཅད་ལ་ཀུན་དུ་རྒྱབ་ཀྱིས་ཕྱོགས་པར་གྱུར་པའི་འགེབས་པ་ཞེས་གསུངས་པ་ཡིན་ཏེ། ལས་ཀྱི་སྒྲིབ་པ་ཞེས་བྱ་བ་ནས་སྡིག་པའི་གྲོགས་པོས་ཉོན་མོངས་པའི་སྒྲིབ་པ་ཞེས་བྱ་བའི་བར་དུ་རྣམ་པ་བཅུར་གསུངས་པ་ནི་སྒྲིབ་པར་བྱེད་པའོ། །དེ་དག་གིས་བསྒྲིབ་པར་བྱ་བ་གང་ཞེ་ན། མདོར་བསྟན་པ་ནི། ཀུན་ཏུ་བཟང་པོའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་ལ་སྒྲིབ་པ་དང༌། ཆོད་པ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཡང་བྱེ་བྲག་ཏུ་བསྟན་པ་ནི་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་ཞེས་བྱ་བ་ནས། འཁོར་བའི་ཆོས་ཀྱིས་ཀུན་གཞོམ་པར་འགྱུར་བ་ཞེས་བྱ་བའི་བར་གྱིས་སུམ་ཅུ་རྩ་གསུམ་ལ་སོགས་པར་གསུངས་པ་རྣམས་སོ། །སྒྲིབ་པ་དེ་དག་གིས་མ་བསྒྲིབས་པའི་མངོན་སུམ་དེའང་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་མངོན་སུམ་དང༌། གཞན་གྱི་དབང་གི་མངོན་སུམ་དང༌། ཡོངས་སུ་རྫོགས་པའི་མངོན་སུམ་མོ། །དེ་ལ་སྒྱུ་མའི་སྐྱེས་བུ་དང་ས་ཤ་སྟག་ལ་སོགས་ཏེ། ཇི་ལྟར་བསྒོམས་པ་བཞིན་དུ་དམིགས་པ་ནི་ཀུན་བརྟགས་པའི་མངོན་སུམ་མོ། །འདུ་བྱེད་ཐམས་ཅད་མི་རྟག་པ་ལ་སོགས་པ་ཡུལ་གྱི་དངོས་པོའི་ཚུལ་བཞིན་དམིགས་པ་ནི་གཞན་གྱི་དབང་གི་མངོན་སུམ་མོ། །ཆོས་ཉིད་ཀྱི་རིགས་པ་བདེན་པ་བཅུ་ལྟ་བུར་དམིགས་པ་ནི་ཡོངས་སུ་རྫོགས་པའི་མངོན་སུམ་མོ། །དེ་ལ་འཇིག་རྟེན་གྱི་མངོན་སུམ་ནི་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང་གཉིས་སུ་དམིགས་ཏེ། གཞན་གྱི་དབང་དུ་མངོན་སུམ་གྱིས་མི་རྟག་པ་ལ་སོགས་པར་དམིགས། དེ་གང་ཞེ་ན། གང་འདུ་བྱེད་དུ་གཏོགས་པ་ཐམས་ཅད་ཀྱི་འདྲ་བ་དང་མི་འདྲ་བ་རྒྱུན་དུ་སྐྱེ་བ་ལ་ཕྱི་མ་སྐྱེས་ནས་སྔ་མ་འགགས་པར་དམིགས་པ་དང༌། འདྲ་བ་དང་མི་འདྲ་བའི་བྱ་བ་ཕྱི་མ་བྱེད་ཅིང་སྔ་མ་གཏོང་བར་


DTG204_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དེ་དག་སོ་སོ་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །འདུ་བྱེད་ཐམས་ཅད་སྡུག་བསྟལ་བར་དམིགས་པ་ལ་སྐྱེ་བ་ལ་སོགས་པའི་གནོད་པ་ཉམས་ཀྱིས་ཚོར་ཏེ་སོ་སོ་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །ཆོས་ཐམས་ཅད་བདག་མེད་པ་ལ་ཕུང་པོ་ལྔའི་མཚན་ཉིད་ལས་གཞན་དུ་གྱུར་པ་བདག་གི་མཚན་ཉིད་མ་དམིགས་པར་སོ་སོ་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །ཀུན་བརྟགས་པ་སྒྱུ་མ་ལ་སོགས་པར་དམིགས་པ་གང་ཞེ་ན། སྒྱུ་མའི་སྐྱེས་བུ་ཞིག་མཐོང་ན། སྐྱེས་བུའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་དམིགས་པ་དང༌། མིག་སེར་གྱི་ནད་ཀྱིས་བཏབ་པས་དུང་སེར་པོར་དམིགས་པ་དང༌། རབ་རིབ་ཅན་གྱིས་ཟླ་བ་ཚེས་པ་ལ་གཉིས་སུ་མཐོང་བ་དང༌། རྣ་ནད་ཀྱིས་བཏབ་པས་རླུང་དང་ཆུ་དཔའི་སྒྲ་རྟག་ཏུ་ཐོས་པ་དང༌། འདི་ལྟ་བུ་དག་ནི་སོ་སོ་རང་གིས་རིག་པའི་མངོན་སུམ་གྱི་མཚན་ཉིད་དོ། །རྣལ་འབྱོར་པ་ལ་སོགས་པས་བསྒོམས་ཏེ། ཀེང་རུས་ལ་སོགས་པར་མཐོང་བ་དང༌། ས་ཤ་སྟག་ལ་སོགས་པར་མཐོང་བ་དང༌། བདག་མཐེ་བོ་ཙམ་དུ་མཐོང་བ་དང༌། འདི་ལྟ་བུ་ལ་སོགས་པར་དམིགས་པ་ནི་སོ་སོ་རང་གིས་རིག་པའི་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ཏེ། མངོན་སུམ་གྱི་ཚད་མར་བྱ་བ་ནི་མ་ཡིན་ནོ། །མངོན་སུམ་ཡོངས་སུ་དག་པའི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་པའོ།། །།རྗེས་སུ་དཔག་པ་ཡོངས་སུ་དག་པའི་མཚན་ཉིད་ལ། འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དང་འཇིག་རྟེན་ཕ་རོལ་པོ་ཡོད་པ་དང་དགེ་བ་དང༌། མི་དགེ་བའི་ལས་རྣམ་པར་ཆུད་མི་ཟ་བ་གང་དེ་ལ་གནས་པའི་མི་རྟག་པ་རགས་པ་མངོན་སུམ་དུ་དམིགས་པ་དང༌། གང་སེམས་ཅན་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་དང༌། གང་སེམས་ཅན་བདེ་བ་དང༌། སྡུག་བསྔལ་བ་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་ཡིན་ཏེ། གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འདི་དང་ཚུལ་འདི་ལྟ་བུ་དག་ནི་དེ་ལ་གནས་པའི་མངོན་སུམ་དུ་དམིགས་པའི་མཚན་ཉིད་དོ་ཞེས་གསུངས་པའི་མཚན་ཉིད་བཤད་དོ། །


DTG204_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གནས་པའི་མངོན་སུམ་གྱིས་དམིགས་པ་ཞེས་བྱ་བ་ནི་གང་རྗེས་སུ་དཔག་པར་བྱ་བ་དེའི་རང་བཞིན་ལྐོག་ན་འདུག་སྟེ། མངོན་སུམ་གྱིས་མ་དམིགས་ཀྱང་དེ་ལ་གནས་པའི་རྟགས་སམ། ལས་སམ། ཆོས་སམ། རྒྱུ་འམ། འབྲས་བུ་འམ། དེ་རྣམས་ཀྱི་ནང་ནས་གང་མངོན་སུམ་གྱིས་དམིགས་པའི་རྗེས་སུ་འཇུག་པའི་བློས་རྗེས་སུ་དཔགས་ཏེ། དེའི་གནས་དང་རང་བཞིན་ཤེས་པར་བྱའོ། །ལ་ལ་ཞིག་གནས་དང༌། རང་བཞིན་ནི་མངོན་སུམ་གྱིས་དམིགས་སུ་ཡོད་ལ། རྟགས་ལ་སོགས་པ་དེ་ལ་གནས་པ་མངོན་སུམ་གྱིས་མ་དམིགས་ན། གནས་དང་རང་བཞིན་གྱིས་རྗེས་སུ་དཔགས་ཏེ། རྟགས་ལ་སོགས་པ་དེ་ལ་གནས་པ་ཤེས་པར་བྱ་བ་དང༌། ད་ལྟར་བྱུང་བ་མངོན་སུམ་གྱིས་དམིགས་སུ་ཡོད་ལ། འདས་པ་དང་མ་འོངས་པ་ཤེས་པར་བྱ་བ་ཡོད་དོ། །རྗེས་སུ་དཔག་གོ་ཅོག་ནི། གང་མངོན་སུམ་གྱིས་དམིགས་པ་དེའི་རྗེས་སུ་འཇུག་པའི་བློས་དེ་དང་འབྲེལ་པའི་དངོས་པོ་མངོན་སུམ་གྱིས་མ་དམིགས་པ་ལ་རྗེས་སུ་དཔག་ཅིང་ཤེས་པར་བྱའོ། །གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་ལ། གང་གིས་ཞེས་བྱ་བ་ནི་སྒྲིབ་པ་དང་བཅས་པའི་སྐྱེས་བུ་ལ་བྱའོ། །མངོན་སུམ་དུ་མ་གྱུར་པ་ནི་སྒྲིབ་པས་བསྒྲིབས་པ་ལ་བྱའོ། །རྗེས་སུ་དཔག་པ་ནི་ལྐོག་ན་འདུག་པའི་ཡུལ་རྟོགས་པར་འདོད་ཅིང་འཇལ་བ་ལ་བྱ་སྟེ། དེ་ལ་འདུ་བྱེད་ཐམས་ཅད་ཀྱི་སྐད་ཅིག་མ་ཉིད་མི་རྟག་པར་རགས་པ་དམིགས་པའི་རྗེས་སུ་དཔག་པས་ཤེས་པར་བྱ་བ་ལ་འདུ་བྱེད་རྣམས་གཉེན་པོ་དང་བཅས་པ་རྐྱེན་གྱིས་འཇིག་པ་དང་མི་འདྲ་བའི་རྒྱུན་ཕྱི་མ་བྱུང་ཞིང་སྔ་མ་འདས་ཏེ་འགག་པ་འམ། ཟླ་བ་འམ། ཞག་ལོན་ལ་མངོན་པར་འགྱུར་བ་ལ་ཡང་ཆུ་ཚོད་དང༌། སེ་གོལ་བརྡབས་པ་ཙམ་གྱི་པར་དུས་སུ་འགྱུར་བར་སྣང་བ་ལས་ན་ད་བས་ཀྱང་མྱུར་བ་སྐད་ཅིག་ངར་ཡོད་པར་དཔག་པ་ནི་ཆོས་དང་རྒྱུའི་དཔག་པའི་མཚན་ཉིད་དོ། །འདུ་བྱེད་རྣམས་སྐད་ཅིག་པའི་རྒྱུན་དུ་གནས་ཏེ། ཚེ་འདི་ལ་རྒྱུན་ཡོད་པ་བཞིན་དུ་ཚེ་རབས་གཞན་ལ་ཡང་རྒྱུན་འབྱུང་བར་འགྱུར་བས་འཇིག་རྟེན་ཕ་རོལ་ཀྱང་ཡོད་དེ་སེམས་ཅན་སྣ་ཚོགས་ལ་གནས་པ་དམིགས་པའི་རྗེས་སུ་


DTG204_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པས་ཤེས་པར་བྱ་བ་ལ་འཇོག་ན་མི་ལ་སོགས་པ་འགྲེང་སྟེ་འགྲོ་བ་དང་ཕྱུགས་ལ་སོགས་ཏེ་དུད་དེ་འགྲོ་བ་དང༌། སྦྲུལ་ལ་སོགས་ཏེ་འཕྱེ་ཞིང་འགྲོ་བ་དང༌། བྱ་ལ་སོགས་བ་ནམ་མཁའ་ལ་ལྡིང་བ་དང༌། ཉ་ལ་སོགས་པ་ཆུ་ན་འཕྱོ་བ་དང་དེ་འདྲ་བའི་ཚུལ་གྱིས་མི་མཐུན་པ་རྣམ་པ་སྣ་ཚོགས་མ་བསླབས་པར་ཡང་ཤེས་ཏེ་རྩོལ་བ་དང༌། ལ་ལའི་གནས་ཅི་ལ་འཆའ། ལ་ལའི་ཟས་སུ་ཅི་ཟ། ལ་ལའི་ཡོན་ཏན་དུ་ཅི་ཡོད། ལ་ལའི་སྐྱོན་དུ་ཅི་ཆགས་ཏེ། སྣ་ཚོགས་ཀྱི་སྤྱོད་པ་མི་འདྲ་བ་ལ་སོགས་པ་དང༌། སྐམ་ལ་གནས་པ་ནི་ཆུའི་གཏིང་དུ་འདུག་པར་མི་བཟོད། ཆུ་ལ་འདུག་པ་ནི་སྐམ་ལ་གནས་པར་མི་བཟོད། གྲང་བས་ནི་ཚད་ཁུངས་མི་ཐུབ། དྲོས་པས་ནི་གྲང་མོ་མི་ཐུབ་པ་ལ་སོགས་པ་རང་གི་ཆོས་མ་ཡིན་པ་བྱེད་མི་ནུས་པ་དང་དེའི་ནང་ནས་ཀྱང་ལ་ལ་ནི་བསླབས་ན་ལོབས་པ་དང༌། བསྒོམས་ན་གོམས་སུ་རུང་བ་ཡང་ཡོད། ལ་ལ་ནི་བསླབས་ཀྱང་མི་ལོབས་ལ་བསྒོམས་ཀྱང་གོམས་སུ་མི་རུང་བ་ཡང་ཡོད་པ་དང༌། བ་གླང་དང་རྟ་ལ་སོགས་པ་མི་ལས་ཉམས་རྩལ་ཆེ་ལ་བང་མགྱོགས་པ་ཡང་མིས་བཀོལ་དུ་རུང་བ་དང༌། ལྗི་བ་དང་ཤིག་ལ་སོགས་པ་མི་བས་ཆུང་ཡང་མི་ལ་ཟ་བ་དང༌། སྐྱེ་གནས་བཞི་ནས་སྐྱེ་བའི་ཚུལ་མི་མཐུན་པ་དང༌། འདི་འདྲ་བ་ལ་སོགས་པ་སེམས་ཅན་སྣ་ཚོགས་པ་ལ་སོགས་པ་གནས་པ་མངོན་སུམ་གྱིས་དམིགས་སུ་ཡོད་པ་ལས་ན། འཇིག་རྟེན་གཞན་དུ་ཡད་དེའི་ཚུལ་གྱིས་འགྲོ་པར་དཔག་པ་ནི་རྒྱུ་དང་ལས་དང་ཆོས་ཀྱི་རྗེས་སུ་དཔག་པའི་མཚན་ཉིད་དོ། །དེ་ལྟར་འཇིག་རྟེན་ཕ་རོལ་ཡོད་ཅིང་སེམས་ཅན་རྣམས་འཁོར་བ་ན་གནས་བར་གྱུར་ན། སྐྱིད་པ་དང་སྡུག་པ་ལ་སོགས་པའི་བྱེ་བྲག་ཡོད་པ་ཡང་ཚེ་སྔ་མའི་ལས་ཀྱི་རྒྱུ་ལས་བྱུང་སྟེ། སེམས་ཅན་གྱི་བདེ་བ་དང་སྡུག་བསྔལ་བ་དང་དགེ་བ་དང་མི་དགེ་བའི་ལས་སྤྱོད་པ་ལ་གནས་ཤིང་འབྱུང་བར་དམིགས་ནས་འཇིག་རྟེན་གཞན་དུ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་མྱོང་བ་ཡང་དགེ་བ་དང༌། མི་དགེ་བ་ལ་གནས་པ་འདིའི་ཚུལ་གྱིས་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་དཔག་པ་ནི་ཆོས་དང་རྒྱུའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །འདི་དག་ནི་


DTG204_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔག་པའི་མཚན་ཉིད་ཡིན་ཏེ། རྗེས་སུ་དཔག་པའི་ཚད་མར་བྱ་བ་ནི་མ་ཡིན་ནོ། །རྗེས་སུ་དཔག་པ་ཡོངས་སུ་དག་པའི་ལེའུ་སྟེ་ལྔ་པའོ།། །།རང་གི་རིགས་ཀྱི་དཔེ་དང་སྦྱར་བའི་མཚན་ཉིད་ལ་ནང་དང་ཕྱིའི་འདུ་བྱེད་རྣམས་ཀྱི་འཇིག་པ་དང༌། སྐྱེ་བར་དམིགས་པའི་འཇིག་རྟེན་ཐམས་ཅད་ལ་གྲགས་བས་ཉེ་བར་སྦྱར་བ་དང༌། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པས་ཉེ་བར་སྦྱར་བ་དང༌། རང་དབང་མེད་པར་དམིགས་པས་ཉེ་བར་སྦྱར་བ་དང༌། ཕྱི་རོལ་གྱི་ཕུན་སུམ་ཚོགས་པ་དང་རྒུད་བ་ཉེ་བར་དམིགས་པ་འཇིག་རྟེན་ཐམས་ཅད་ལ་གྲགས་པ་ཉེ་བར་སྦྱར་བ་འདི་དང༌། རྣམ་པ་འདི་ལྟ་བུ་དག་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དུ་ཤེས་པར་བྱའོ་ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །སོ་སོའི་སྐྱེ་བོ་རྣམས་ལ་ཐུབ་པ་དག་གིས་གཙུག་ལག་ཏུ་བསྟན་པ་ནི། གང་འཇིག་རྟེན་ལ་མ་གྲུབ་པ་བསྒྲུབ་ཅིང་ཁོང་དུ་མ་ཆུད་པ་ཁོང་དུ་གཞུག་པའི་ཕྱིར་སྟོན་པས་ན། མངོན་སུམ་གྱི་དམིགས་པ་ཡང་རུང༌། རྗེས་སུ་དཔག་པར་ཤེས་པར་བྱ་བ་ཡང་རུང༌། ཐེ་ཚོམ་སེལ་བའི་གྲོགས་སུ་རང་གི་རིགས་ཀྱི་དཔེས་བསྟན་པར་བྱའོ། །འདི་ལས་ནང་དང་ཕྱིའི་འདུ་བྱེད་རྣམས་འཇིག་པ་དང། སྐྱེ་བ་ཞེས་བྱ་བ་ནས་རང་དབང་མེད་པ་ཞེས་བྱ་བའི་བར་གྱིས་གསུམ་པོ་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ལ་བྱ་སྟེ། དེ་གསུམ་ལ་དཔེ་ཉེ་བར་སྦྱར་བས་ཀྱང་ཆོས་འདི་གསུམ་བསྒྲུབ་པར་བྱའོ། །སྐད་ཅིག་པ་ཡང་མི་རྟག་པའི་དོན་དུ་འགྱུར་ཏེ། སྐྱེ་བ་དང་འཇིག་པ་དཔེས་བསྟན་པའི་ནང་དུ་འདུས་པར་ཤེས་པར་བྱའོ། །ཕྱི་རོལ་གྱི་ཕུན་སུམ་ཚོགས་པ་དང་རྒུད་པ་དཔེས་བསྟན་པ་ནི་འཇིག་རྟེན་ཕ་རོལ་ཡོད་པ་དང༌། ལས་ཀྱི་འབྲས་བུ་ཆུང་མི་ཟ་བ་བསྒྲུབ་པའོ། །དཔེའི་མཚན་ཉིད་ནི་གཅིག་སྟེ། འཇིག་རྟེན་ལ་མངོན་སུམ་དུ་བསྒྲུབ་པའོ། །དེ་ཡང་གང་ཞེ་ན། བདེན་པར་སྨྲ་བའི་ཐོས་པ་དང་མི་ལྡན་པ་རྣམས་འདུ་བྱེད་རྣམས་ཀྱི་མི་རྟག་པ་མངོན་སུམ་གྱིས་དམིགས་ཀྱང་འདྲ་བའི་རྒྱུན་གཅིག་གིས་གཅིག་སྡུད་པས་བསྡུས་ཏེ་རྟག་པའི་མཚན་ཉིད་དུ་ལྟ་བ་དག་མི་རྟག་པར་དཔེས་བསྟན་པ་ལས་འདུས་བྱས་ཀྱི་ཆོས་ནི་


DTG204_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་ཏུ་རུང་བའི་རང་བཞིན་ཅན་ཡིན་ཏེ། འཇིག་པའི་གཉེན་པོས་གཞིག་པར་འགྱུར་བ་ནི་སླ། བརླན་གྱི་གཉེན་པོ་མེ་ལ་ཆུ་བབ་པ་ཡིན་ནོ་ཞེས་བྱ་བ་ནི་མེ་དང་འདུས་བྱས་སུ་ཡང་རིགས་གཅིག་ལ་ཆུ་བླུགས་ན་མེ་འགག་པར་དམིགས་ཤིང་འཇིག་རྟེན་དག་མེ་གསོད་ན། ཆུ་ཚོལ་བ་འམ། མེ་མར་རམ། སྒྲོན་མ་ལ་རླུང་གིས་བཏབ་པ་འམ་དབུགས་ཀྱིས་བུས་ན་མེ་ལྕེ་འགག་པ་བཞིན་ནོ་ཞེས་བྱ་བའི་མེ་དང་རླུང་མངོན་སུམ་གྱིས་དམིགས་པ་ནི་འཇིག་རྟེན་ལ་མངོན་སུམ་གྱིས་གྲུབ་པ་ཞེས་བྱའོ། །མེའི་རྒྱུན་རང་ལ་གག་པ་ལ་ཡང་མེ་ལྕེ་འགགས་ནས་མདག་མ་ལས་ཐལ་བ་དང་སོལ་བར་འགྱུར་བ་ལྟ་བུའོ། །མི་འདྲ་བའི་རྒྱུན་ཕྱི་མ་བྱུང་ཞིང་སྔ་མ་འཇིག་པ་མངོན་སུམ་གྱིས་དམིགས་པ་ཡང་འཇིག་རྟེན་ལ་མངོན་སུམ་གྱིས་གྲུབ་པ་ཞེས་བྱའོ། །མི་རྟག་པ་རགས་པ་ལ་སྐད་ཅིག་ལ་ཕྲ་མོའི་ཆ་ཡོད་པའི་དཔེ་ནི། སྣམ་བུ་ལ་སྐུད་པའི་ཆ་ཡོད་པ་ཡང་སྣལ་མར་འཛག་པ་དང་འདྲའོ་ཞེས་བྱ་བའམ། འཇིམ་པའི་གོང་བུ་ལ་རྡུལ་གྱི་ཆ་ཡོད་པ་ཡང་རྡུལ་ཕྲ་རབ་ཏུ་འཇིག་པ་དང་འདྲའོ་ཞེས་བྱ་བའི་འཇིམ་པ་དང་རྡུལ་མངོན་སུམ་གྱིས་དམིགས་པ་ནི་འཇིག་རྟེན་ལ་མངོན་སུམ་གྱིས་བསྒྲུབ་པ་ཞེས་བྱའོ། །རྟག་པར་སྣང་བ་དེ་མི་རྟག་པའི་རྒྱུན་ཡིན་པར་བསྟན་པ་ནི་ཆུའི་རྒྱུན་ལ་དང་བ་དང༌། རྙོག་པའི་བྱེ་བྲག་ཏུ་གྱུར་པའི་ཚེ་སྔ་ཕྱི་ཐ་དད་པར་མངོན་པ་ལས་ནི། དང་བའི་རྒྱུན་དུ་འབབ་པ་ཡང་སྔ་ཕྱི་ཐ་དད་པ་བཞིན་ནོ་ཞེས་བྱ་བའམ། མེ་ལྕེ་དང་བློ་ལ་ཡང་མི་འདྲ་བའི་རྒྱུན་སྔ་ཕྱིར་བྱུང་བའི་ཚེ་ཐ་དད་པར་མངོན་པ་ལས་ན། འདྲ་བའི་རྒྱུན་དུ་གནས་པ་ཡང་སྔ་ཕྱི་ཐ་དད་དོ་ཞེས་བྱ་བའི་འདྲ་བ་དང་མངོན་སུམ་གྱིས་དམིགས་པ་ནི་འཇིག་རྟེན་ལ་མངོན་སུམ་གྱིས་གྲུབ་པ་ཞེས་བྱའོ། །རིལ་བ་ཆུས་བཀང་བའི་སྤྱི་བོ་ཐུར་དུ་བསྟན་ན། ཐིགས་པ་ཕྱི་མའི་གདོང་ལ་སྔ་མ་མི་སྣོད་པ་དང་འདྲའོ་ཞེས་བྱ་བའམ། ནམ་འབྲས་བུར་གྱུར་པ་ནི་མེ་ཏོག་ལྟུང་བ་བཞིན་ནོ་ཞེས་བྱ་བའི་སྔ་མ་དང་ཕྱི་མ་མངོན་སུམ་གྱིས་དམིགས་པ་ནི་འཇིག་རྟེན་མངོན་སུམ་གྱིས་གྲུབ་པ་ཞེས་བྱ་སྟེ། གཞན་ལ་ཡང་འདི་དག་གི་ཚུལ་གྱིས་


DTG204_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་པར་སྦྱར་རོ། །འདུ་བྱེད་རྣམས་ལ་བདེ་བར་འཛིན་པ་དག་སྡུག་བསྔལ་ཡིན་པ་དཔེས་བསྟན་ན། སྐྱེ་བ་དང་ན་བ་ལ་སོགས་པའི་ཆོས་ཡོད་པ་བཞིན་ནོ་ཞེས་བྱ་བ་འམ། ཚོར་བ་ཐམས་ཅད་རང་བཞིན་གྱིས་སྡུག་བསྔལ་བ་ཡིན་པས་ན། ཕྲག་པ་ལ་ཁུར་བགལ་བ་གཡས་གཡོན་དུ་སྤོས་པ་དང་འདྲ་སྟེ། བདེ་བ་དེ་ཡང་སྡུག་བསྔལ་ལོ་ཞེས་བྱ་བ་འམ་སྤྱོད་ལམ་བཞི་ལས་གག་ཀྱང་རུང་རིང་དུ་གནས་ན་སྡུག་བསྔལ་དང་འདྲའོ་ཞེས་བྱའོ། །ཆོས་ཐམས་ཅད་བདག་མེད་པར་དཔེས་བསྟན་པ་ལ་འདུས་བྱས་ཀྱི་ཆོས་ནི་རྐྱེན་འདུས་པས་གྲུབ་སྟེ། ཤིང་རྟ་སྦྱར་བ་དང་འདྲའོ་ཞེས་བྱ་བ་འམ་ཁང་བ་ཕུབ་བ་དང་འདྲའོ་ཞེས་བྱ་བ་དང་འདུས་མ་བྱས་ཀྱི་ཆོས་ནི་དེའི་རང་བཞིན་ལས་བདག་ཅེས་བྱ་བ་གུད་ན་ནམ་མཁའ་ལ་རི་བོང་གི་རྭ་མེད་པ་བཞིན་ནོ་ཞེས་བྱ་བའོ། །འཇིག་རྟེན་ཕ་རོལ་ཡོད་པ་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་བསྟན་པའི་དཔེ་ནི་འཕགས་པ་བཟང་སྐྱོང་གིས་དྲིས་པའི་མདོ་ལས་འབྱུང་བའི་རྣམ་པ་བཞིན་ནོ། །དེ་ལ་སོགས་པ་སྡེ་སྣོད་གསུམ་གྱི་ནང་ནས་དཔེའི་རྣམ་པ་འབྱུང་བའི་ཚུལ་གྱི་མཚན་ཉིད་དང་མཐུན་པར་གང་ལ་གང་རིགས་པར་བསྟན་ཏོ། །རང་གི་རིགས་ཀྱི་དཔེའི་མཚན་ཉིད་ཀྱི་ལེའུ་སྟེ་དྲུག་པའོ།། །།ཡོངས་སུ་གྲེགས་པ་ཡོངས་སུ་དག་པའི་མཚན་ཉིད་ལ། གང་འདི་དེ་མངོན་སུམ་དམིགས་པའི་མཚན་ཉིད་དང༌། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང༌། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ནི། དེ་འགྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཕྱིར་ཡོངས་སུ་གྲེགས་པའི་མཚན་ཉིད་དུ་ཤེས་པར་བྱའོ་ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །ཡོངས་སུ་གྲེགས་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་མངོན་སུམ་དུ་དམིགས་པ་དང༌། རྗེས་སུ་དཔག་པར་རིག་པ་དང༌། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བ་དང་གསུམ་ཚོགས་ན་འགྲུབ་པ་ལ་གཅིག་ཏུ་དེས་པ་འདི་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་ཅེས་བྱ་སྟེ། མངོན་སུམ་ལ་སོགས་པ་གསུམ་སོ་སོར་སྨོས་པ་ནི་མཚན་ཉིད་ཀྱི་བྱེ་བྲག་གོ །ཡོངས་སུ་གྲེགས་པ་གཅིག་ཏུ་བགྲང་བ་ནི་གྲུབ་པའི་དོན་གྱིས་གཅིག་གོ །དེ་


DTG204_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྡན་ན་དོན་ལ་ངེས་པར་བྱས་བ་ནི་དཔེར་ན་སྔོན་གྱི་བྱེ་བྲག་ཞིག་ཐོས་ཏེ། ཐེ་ཚོམ་དུ་གྱུར་པ་ལ་དེ་ལྟར་སུས་མཐོང་ཞེས་བྱ་བ་ནི་མངོན་སུམ་དང་འདྲ། དེ་ཡིན་པར་ཅིས་མངོན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དང་འདྲ། དེ་དང་འདྲ་བ་གཞན་གང་ལ་སྲིད་ཅེས་བྱ་བ་ནི་རང་གི་རིགས་ཀྱི་དཔེ་དང་འདྲ་སྟེ། དེ་གསུམ་མཐུན་ན་ཡིད་ཅེས་བྱ་བ་བཞིན་ནོ། །སེམས་ཅན་ནི་མ་རིག་པ་དང་ང་རྒྱལ་དང་ཐེ་ཚོམ་ལ་སོགས་པ་དང་བཅས་པས་ན། མི་ལས་བླ་མར་གྱུར་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་བསྟན་པ་ལ་མ་རིག་པའི་དབང་གིས་ནི་དོན་ལོག་པར་འཛིན་པར་འགྱུར། ང་རྒྱལ་གྱི་དབང་གིས་ནི་གང་གོམས་པ་ལ་ངན་དུ་བྱེད་པ་འབྱུང༌། ཐེ་ཚོམ་གྱི་དབང་གིས་ནི་ཡང་དག་པར་བསྟན་པ་ལ་ཡིད་མི་ཆེས་པ་འབྱུང་བས་ན། ཡོངས་སུ་གྲེགས་པའི་མཚན་ཉིད་ཀྱིས་གཏན་ལ་དབབ་པ་ཡང་དེ་ལྟར་དགོས་སོ། །ཡོངས་སུ་གྲེགས་པའི་ལེའུ་སྟེང་བདུན་པའོ།། །།ཤིན་ཏུ་རྣམ་པར་དག་པའི་ལུང་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ལ། གང་ཐམས་ཅད་མཁྱེན་པས་བཤད་པ་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་འདི་དང༌། རྣམ་པ་འདི་ལྟ་བུ་དག་ནི་ཤིན་ཏུ་རྣམ་པར་དག་པའི་ལུང་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་དུ་ཤེས་པར་བྱའོ། །དེ་བས་ན་མཚན་ཉིད་ལྔ་པོ་འདི་དག་གི་ས་རིགས་པས་བརྟག་པ་ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པའི་ཕྱིར་བསྟན་པར་བྱའོ་ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །ཐམས་ཅད་མཁྱེན་པས་བཤད་པའི་ཆོས་ནི་ཡན་ལག་བཅུ་གཉིས་དང་ལྡན་པའི་གསུང་རབ་རྣམས་ཡིན་ཏེ། དེ་ཐམས་ཅད་ཀྱི་དོན་ནི་མྱ་ངན་ལས་འདའ་བ་ཉིད་ལས་གཞན་དུ་མི་གསུང་བས་ན། མྱ་ངན་ལས་འདས་པ་ནི་ཞི་བ་ཞེས་བྱའོ། །མྱ་ངན་ལས་འདས་པ་དེ་ཡང་ཐེག་པ་ཆེན་པོ་དང༌། ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་རྣམ་པ་གཉིས་སུ་འགྱུར་རོ། །དེ་གང་ཞེ་ན། ཆོས་ཐམས་ཅད་ཐོག་མ་ནས་ཞི་བས་ནུ་རང་བཞིན་གྱིས་མྱ་ངན་ལས་འདས་པར་ཁོང་དུ་ཆུད་དེ།


DTG204_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གག་ཀྱང་མྱ་ངན་ལས་བཟླར་མེད་པས་མི་གནས་པའི་མྱ་ངན་ལས་འདའ་བ་དང་སྡུག་བསྔལ་གྱིས་སྐྱོ་བར་དམིགས་ནས། སྡུག་བསྔལ་ལ་ཞི་བའི་མྱ་ངན་ལས་འདའ་བ་དང་གཉིས་ཀྱིས་ཞི་བར་སྟོན་པའོ། །རྣམ་པ་འདི་ལྟ་བུ་དག་ཅེས་བྱ་བ་ནི་ཆོས་རྣམས་དེ་བཞིན་ཉིད་བདུན་ལ་སོགས་པའོ། །དེ་ཡང་གང་ཞེ་ན། མདོ་འདི་ལས་གསུངས་པ་བྱུང་བའི་དེ་བཞིན་ཉིད་ནི། གང་འདུ་བྱེད་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་གང་ཆོས་རྣམས་ཀྱི་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི་གང་འདུ་བྱེད་རྣམ་པར་རིག་པ་ཙམ་མོ། །གནས་པའི་དེ་བཞིན་ཉིད་ནི་གང་ངས་སྡུག་བསྔལ་གྱི་བདེན་པ་བཤད་པའོ། །ལོག་པའི་ནན་ཏན་གྱི་དེ་བཞིན་ཉིད་ནི་གང་ངས་ཀུན་འབྱུང་བའི་བདེན་པ་བཤད་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་གང་ངས་འགོག་པའི་བདེན་པ་བཤད་པའོ། །ཡང་དག་པའི་ནན་ཏན་གྱི་དེ་བཞིན་ཉིད་ནི་གང་ངས་ལམ་གྱི་བདེན་པ་བཤད་པ་བསྟན་པའོ་ཞེས་གསུངས་པ་དེ་དག་བཤད་པར་བྱ་སྟེ། དེ་བཞིན་ཉིད་བདུན་པོ་དེ་ཡང་ཐེག་པ་ཆེན་པོ་དང༌། ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་གཅིག་ཅིང་ཡང་གྲུབ་པའི་མཐའ་གཉིས་གཉིས་སུ་འགྱུར་རོ། །དེ་གང་ཞེ་ན། འདུ་བྱེད་ཀྱི་ཐོག་མ་མེད་པའང་འཁོར་བའི་ཐོག་མ་དང་ཐ་མ་མེད་པ་དང༌། འདུ་བྱེད་ཀྱི་ཐོག་མའི་མཐའ་དང་ཐ་མའི་མཐའ་དམིགས་སུ་མེད་པ་གཉིས་པའོ། །བདག་མེད་པ་ཡང་ཇི་ལྟར་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ཅེས་བྱ་བ་མེད་པ་དང་ཆོས་སོ་ཅོག་ཀྱང་སྒྱུ་མ་དང་འདྲ་སྟེ་བདག་མེད་པ་དང་གཉིས་སོ། །འདུ་བྱེད་རྣམ་པར་རིག་པ་ཙམ་མོ་ཞེས་བྱ་བ་ཡང་འདུ་བྱེད་ཐམས་ཅད་ལ་དབང་བྱེད་པས་སེམས་པ་ཡིན་པ་དང༌། འདུ་བྱེད་ཐམས་ཅད་ནི་སེམས་ཀྱིས་བརྟགས་པ་ཙམ་ལས་གཞན་མེད་པ་དང་གཉིས་སོ། །སྡུག་བསྔལ་གྱི་བདེན་པ་ཡང་ཕུང་པོ་ལྔ། སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་གཙེ་བར་མཐོང་ནས། འཁོར་བས་སྐྱོ་བ་དང༌། འདུ་བྱེད་སྡུག་བསྔལ་བར་མཐོང་བས་སེམས་ཅན་


DTG204_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་དང་གཉིས་སོ། །ཀུན་འབྱུང་བའི་བདེན་པ་ཡང་ཉོན་མོངས་པ་ནི། ཕུང་པོ་ཕྱི་མའི་རྒྱུར་འགྱུར་བར་རྟོགས་པ་དང༌། དེ་ཉིད་ཀྱི་རང་བཞིན་ཡོངས་སུ་དག་པར་རྟོགས་པ་དང་གཉིས་སོ། །འགོག་པའི་བདེན་པ་ཡང་དམིགས་པ་ཅན་གྱི་འགོག་པའི་བདེན་པ་དང་མི་དམིགས་པའི་འགོག་པའོ། །ལམ་གྱི་བདེན་པ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་པ་ཡིན་ཏེ། དེ་ལྟར་རྣམ་པ་གཉིས་སུ་གྱུར་པ་ནི། བཀྲི་བའི་དོན་དང་ངེས་པའི་དོན་གྱི་བྱེ་བྲག་ཏུ་ཤེས་པར་གྱིས་ཤིག །ཡོང་ནི་མི་ལས་བླ་མར་གྱུར་པའི་གཙུག་ལག་དཔྱད་པ་ལ་ཚིག་གི་ཐ་སྙད་ཀྱི་གྲུབ་པ་འབའ་ཞིག་གི་ཁ་དོར་དུ་མི་རུང་སྟེ། ལུང་ལས་འབྱུང་བ་དང་མཐུན་པར་བསྒྲུབ་དགོས་པས་ན། སྒྲུབ་པ་དང་བསྒྲུབ་པར་བྱ་བ་ཀུན་ཀྱང་ལུང་དང་སྦྱར་རོ། །ལུང་གི་མཚན་ཉིད་ནི་ཆོས་ཀྱི་ཕྱག་རྒྱ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟོན་པས་བཏབ་པ་ཡིན་ནོ། །ཅིའི་ཕྱིར་ལུང་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེ་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཆོས་མཐུན་པར་སྟོན་པས་ན་ལུང་ཞེས་བྱའོ། །ཆོས་ཀྱི་ཚད་མར་བྱས་པའི་མཚན་ཉིད་དང་ལྡན་ལ་རང་བཟོའི་ལྷད་མ་ཞུགས་པས་ན་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཆོས་དེ་དག་འཇིག་རྟེན་དུ་ཇི་ལྟར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་ཉིད་དང༌། རྐང་པར་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་རིག་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བ་དེས་ཆོས་ཐམས་ཅད་ཇི་ལྟར་མངོན་པར་ཐུགས་སུ་ཆུད་པ་དེ་བཞིན་དུ་གཞན་ལ་ཡང་སྟོན་པ་དེས་གསུངས་སོ། །དེའི་རྒྱུ་ནས་ཆེ་བའི་བར་དུ་གང་ཞེ་ན། དེ་བཞིན་གཤེགས་པ་སྐྱེ་བོ་སྲིད་པ་བསྟན་པ་ལས་འབྱུང་བ་དེ་བཞིན་གཤེགས་པ་འབྱུང་བ་ནི་རྒྱུ་གཅིག་གིས་མ་ཡིན། བྱེད་པ་གཅིག་གིས་སྐྱེ་བར་འགྱུར་བ་མ་ཡིན། ཚད་མེད་གྲངས་མེད་པ་བརྒྱ་སྟོང་གི་


DTG204_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཡོངས་སུ་རྫོགས་པར་བྱས་ཤིང་རབ་ཏུ་སྐྱེ་བ་རྣམ་པ་བཅུའི་ཚུལ་གྱིས་འབྱུང་ངོ༌། བཅུ་གང་ཞེ་ན། ལྷག་པའི་བསམ་པ་ཚད་མེད་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ཚད་མེད་པ་དང༌། ཚད་མེད་པར་སྤྱོད་པའི་སྨོན་ལམ་ལ་སོགས་པ་ཚད་མེད་པ་བཅུ་ལས་འགྱུར་རོ་ཞེས་རྒྱས་པར་གསུངས་པ་འདི་ནི། རྒྱུའི་མཚན་ཉིད་བསྟན་པའོ། །འཕགས་པ་སངས་རྒྱས་ཀྱི་ས་ལས་འབྱུང་བ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང༌། འདི་ལྔས་ཆོས་ཐམས་ཅད་ལ་གཟུང་བ་དང༌། འཛིན་པ་མེད་པར་རྣམ་པ་ཐམས་ཅད་ཀྱང་མཁྱེན་ལ་སྐལ་བ་ཡོད་པའི་སེམས་ཅན་ཀུན་ཀྱང་སོ་སོའི་བསམ་པ་བཞིན་དུ་གྲུབ་པར་མཛད་པ་འདི་ནི་སའི་མཚན་ཉིད་བསྟན་པའོ། །དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་བྱུང་བ་ཐམས་ཅད་མཁྱེན་པའི་མཚན་ཉིད་ནི་རྣམ་པ་ལྔ་སྟེ། སུ་གང་འཇིག་རྟེན་དུ་ཐམས་ཅད་མཁྱེན་པར་སྒྲ་རྣམ་པར་གྲགས་ཤིང་འབྱུང་བ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དང༌། སྟོབས་བཅུས་སེམས་ཅན་ཀུན་གྱི་ཐེ་ཚོམ་གཅོད་པ་དང༌། མི་འཇིགས་པའི་ཆོས་བསྟན་པ་བཞི་དག་གིས་དེས་བཤད་པ་ལ་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་དང༌། སུའི་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་སྣང་ཞིང༌། དགེ་སྦྱོང་བཞི་སྣང་བ་ཡིན་ཏེ། དེ་ལྟར་འབྱུང་བ་དང༌། མཚན་དང༌། ཐེ་ཚོམ་གཅོད་པ་དང་བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་དང༌། དགེ་སྦྱོར་དམིགས་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་ཤེས་པར་བྱའོ་ཞེས་གསུངས་པ་འདི་ནི་འབྲས་བུའི་མཚན་ཉིད་བསྟན་པའོ། །ཐམས་ཅད་མཁྱེན་པས་ཅི་ཞིག་མཁྱེན་ཅེ་ན། འཕགས་པ་རིན་པོ་ཆེའི་སྤྲིན་ལ་སོགས་པའི་མདོ་ལས་འབྱུང་བ་ཐམས་ཅད་མཁྱེན་པའི་ཆེ་བ་ནི་མི་ཆགས་པའི་བསམ་གཏན་པས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཐའ་དང་ཀུན་གྱི་མཐའ་མི་རྙེད་དོ་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པའི་ཚང་མེད་པའི་གཟུགས་ཀྱི་སྐུ་མངོན་པར་སྒྲུབ་པ་དང༌། འཕྲུལ་གྱི་སྤྱན་གྱི་ཡུལ་ཚད་མེད་


DTG204_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འཕྲུལ་གྱི་སྙན་གྱི་ཡུལ་ཚད་མེད་པ་དང༌། ཚད་མེད་པའི་ཡེ་ཤེས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་མཐའ་མེད་པའི་གཟུགས་མཐའ་མེད་པའི་སྒྲ་གསན། མཐའ་མེད་པའི་ཆོས་མཁྱེན་ཏེ་དུས་གསུམ་ཆར་ལ་ཡང་ཐོགས་པ་མེད་དོ་ཞེས་བྱའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། འཕགས་པ་རྒྱ་ཆེར་རོལ་བའི་མདོ་ལས་བྱུང་བ་དབུ་ལ་གཙུག་ཏོར་ཡོད་པ་དང༌། དབུ་མཐོན་མཐིང་ལ་གཡས་སུ་འཁྱིལ་བ་དང༌། དཔྲལ་བ་མཉམ་ལ་ཆེ་བ་དང༌། སྨིན་མཚམས་ཀྱི་མཛོད་སྤུ་དང༌། སྤྱན་མཐོན་མཐིང་ལ་རྫི་མ་འདྲ་བ་དང༌། སོ་བཞི་བཅུ་ཐགས་བཟང་བ་དང༌། མཆེ་བ་དཀར་བ་དང༌། འགྲམ་བ་སེང་གེ་འདྲ་བ་དང༌། ལྕེ་ཆེ་ཞིང་སྲབ་པ་དང༌། རོ་སྟོད་སེང་གེ་འདྲ་བ་དང༌། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང༌། སྤུའི་ཁུང་བུ་རེ་རེ་ནས་སྐྱེས་པ་དང༌། ཕོ་མཚན་མི་སྣང་བར་ནུབ་པ་དང༌། བརླ་གང་ཞིང་ཟླུམ་པ་དང༌། བྱིན་པ་རི་དགས་ཀྱི་རྒྱལ་པོ་ཨེན་ཡ་འདྲ་བ་དང༌། ཞབས་ཀྱི་རྟིང་པ་ཆེ་བ་དང༌། ཞབས་དང་ཕྱག་འཇམ་ཞིང་མཉེན་པ་དང༌། ཞབས་དང་ཕྱག་གི་སོར་མོའི་བར་དྲ་བས་འབྲེལ་བ་དང༌། ཞབས་དང་ཕྱག་གི་སོར་མོ་རིང་བ་དང༌། ཞབས་ཀྱི་སྟིང་མཐོ་བ་དང༌། རོ་བྲོ་བའི་མཆོག་དང༌། དཔུང་མགོ་ཟླུམ་པ་དང༌། བདུན་མཐོ་བ་དང༌། པགས་པ་སྲབ་ལ་གསེར་གྱི་ཁ་དོག་འདྲ་བ་དང༌། མ་བཏུང་བར་ཕྱག་པུས་མོའི་ལྷང་ལ་རེག་པ་དང༌། ཞབས་རབ་ཏུ་གནས་པ་དང༌། ཞབས་དང་ཕྱག་གི་མཐིལ་ན་འཁོར་ལོའི་མཚན་ཡོད་པ་དང༌། ཚངས་པའི་དབྱངས་དང་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ལས་འབྱུང་ངོ༌། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་ལས་འབྱུང་བ། གནས་དང་གནས་མ་ཡིན་པ་ཤེས་པའི་སྟོབས་དང༌། འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་ལས་ཀྱི་རྒྱུ་རྣམ་པར་སྨིན་པ་འཛིན་པ་ཤེས་པའི་སྟོབས་དང༌། མོས་པ་སྣ་ཚོགས་ཤེས་པའི་སྟོབས་དང༌། ཁམས་སྣ་ཚོགས་ཤེས་པའི་སྟོབས་དང༌། དབང་པོ་མཆོག་དང་ཐ་མ་ཤེས་པའི་སྟོབས་དང༌།


DTG204_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པའི་སྟོབས་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། རྣམ་པར་འཇོག་པ་དང༌། ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང་ལྡན་པའི་ཤེས་པའི་སྟོབས་དང༌། སྔོན་གྱི་གནས་དྲན་པ་ཤེས་པའི་སྟོབས་དང༌། ཤི་འཕོ་བ་དང་སྐྱེ་བ་ཤེས་པའི་སྟོབས་དང༌། ཟག་པ་ཟད་པ་ཤེས་པའི་སྟོབས་སོ། །དེ་ལ་མི་འཇིགས་པ་བཞི་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། ཟག་པ་ཐམས་ཅད་ཟད་པར་ཤེས་པ་ལ་མི་འཇིགས་པ་དང༌། བར་ཆད་ཀྱི་ཆོས་རྣམས་གཞན་མ་ཡིན་པར་གདོན་མི་ཟ་བའི་ལུང་བསྟན་པ་ལ་མི་འཇིགས་པ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་བྱ་བའི་ཕྱིར་འབྱུང་བའི་ལམ་དེ་ཁོ་ན་ལ་མི་འཇིགས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དགེ་སྦྱོང་བཞི་གང་ཞེ་ན། ལམ་སྟོན་པ་དང༌། ལམ་རྒྱལ་བ་དང༌། ལམ་ལ་གནས་པ་དང༌། ལམ་སུན་འབྱིན་པའོ། །ཐམས་ཅད་མཁྱེན་པ་དེ་ནི་བདག་དང་གཞན་གྱི་དོན་ལ་ཡུན་རིང་པོ་ནས་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་བསགས་པ་མ་ལུས་པར་རྫོགས་པས་ན། དགེ་བ་ཐམས་ཅད་མངའ་བ་ནི་ས་ཆེན་པོ་བཞིན་ནོ། །དེ་ལ་གཞན་གྱི་རྐྱེན་གྱི་རྐྱེན་ལས་འགྱུར་བ་ནི་ས་ལས་སྐྱེའོ་ཅོག་ལ་ཐབས་མི་ཤེས་པས་སྤྱད་ན་ནི་རྩི་ཡང་དུག་ཏུ་འགྱུར། ཟས་ཀྱང་ནད་དུ་འགྱུར། ཐབས་ཤེས་པས་སྤྱད་ན་ནི་དུག་ཀྱང་བདུད་རྩིར་རུང༌། ཟས་ཀྱང་སྲོག་གི་ཟུངས་བྱེད་པ་བཞིན་ནོ། །ཆོས་སོ་ཅོག་མ་ལུས་པར་མཁྱེན་ཀྱང་སེམས་ཀྱིས་བརྟགས་པ་ཙམ་དུ་ཐུགས་སུ་ཆུད་པས་ན། དེའི་ཉེས་པས་མི་གོས་པ་ནི། གཟུགས་ཀྱི་རྣམ་པ་དང་ནམ་མཁར་འགྲོགས་ཀྱང་ནམ་མཁའ་ལ་ཆགས་པ་མེད་པ་བཞིན་ནོ། །སེམས་ཅན་རྣམས་སྒྲིབ་པ་ལས་མ་གྲོལ་བའི་ཕྱིར་ཐུགས་རྗེ་དང་བཅས་པའི་སྨོན་ལམ་


DTG204_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཉམ་པ་མེད་པ་དང༌། མཉམ་པའི་ཕུང་པོ་ལྔའི་སྐུ་མི་གཏོང་སྟེ། མཐའ་མེད་པའི་མཐར་འཛིན་ཀྱང་ཤེས་རབ་ཡོངས་སུ་དག་པ་ལས་བྱུང་བས་ན། ཕལ་གྱི་ཕུང་པོ་དང་ཁྱད་ཞུགས་པ་ནི་ཤིན་ཏུ་དག་པའི་ཤེལ་དང་རྡོ་བ་གཉིས་སྲ་བའི་རང་བཞིན་དུ་འདྲ་ཡང༌། ཤེལ་ནི་ཆོས་ཉིད་ཀྱིས་གསལ་བས་རྡོ་རྗེ་ལྟར་གཞན་ལ་སྒྲིབ་པ་མེད་པ་བཞིན་ནོ། །ཁམས་གསུམ་ན་སྤྱོད་པར་སྣང་ཡང་ཏིང་ངེ་འཛིན་གྱིས་མཐུ་ལས་གྱུར་བས་ན། རྟོག་པ་མི་འབྱུང་བར་སྣ་ཚོགས་སྤྱོད་པ་ནི་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་ནོ། །རྣམ་པར་དག་པའི་ལུང་སྟོན་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དོ། །ཐམས་ཅད་མཁྱེན་པའི་མཚན་ཉིད་འདི་ལྟ་བུ་ཡིན་པར་ཡང་རྣམ་པར་དག་པའི་ལུང་ལས་འབྱུང་ངོ༌། །དེ་ལྟར་ཐམས་ཅད་མཁྱེན་པ་དང་ལུང་གཉིས་གཅིག་ལས་གཅིག་ཤེས་པར་རུང་བ། ཅི་ལ་ཞུགས་པའི་མཐུས་ཤེས་པར་འགྱུར་ཞེ་ན། ཆོས་ཀྱི་ཚུལ་ལ་ཞུགས་པའི་མཐུས་ཤེས་པར་འགྱུར་རོ། །དེ་གང་ཞེ་ན། འཕགས་པ་ཆོས་ཀུན་བགྲོ་བའི་མདོ་ལས་འབྱུང་བ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སངས་རྒྱས་ཁོང་དུ་ཆུད་པར་བྱའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། རྒྱུ་འདྲ་བའི་སངས་རྒྱས་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་དང༌། ཏིང་ངེ་འཛིན་གྱི་སངས་རྒྱས་དང༌། སྨོན་ལམ་གྱི་སངས་རྒྱས་དང༌། སེམས་ཀྱི་སངས་རྒྱས་དང༌། ངོ་བོ་ཉིད་ཀྱི་སངས་རྒྱས་དང༌། ལོངས་སྤྱོད་རྫོགས་པའི་སངས་རྒྱས་དང༌། སྤྲུལ་པའི་སངས་རྒྱས་དང༌། བཏགས་པའི་སངས་རྒྱས་དང༌། མདུན་དུ་གཞག་པའི་སངས་རྒྱས་སོ་ཞེས་དེ་དག་གི་བྱེ་བྲག་བཤད་པ་དང་རྒྱས་པར་གསུངས་སོ། །དེ་ལ་མདུན་དུ་གཞག་པའི་སངས་རྒྱས་ཞེས་བྱ་བ་ནི་སྐུ་གཟུགས་བྱས་པ་ཡིན། བཏགས་པའི་སངས་རྒྱས་ཞེས་བྱ་བ་ནི་སློབ་དཔོན་དང་མཁན་པོ་ཡིན་ཏེ། མདུན་དུ་གཞག་པའི་སངས་རྒྱས་མངོན་སུམ་དུ་དམིགས་པས་བཏགས་པའི་སངས་རྒྱས་ཀྱི་ཚིག་ལ་ཡིད་ཆེས་ཤིང་བསྙེན་བཀུར་བྱེད་པར་འགྱུར། བཏགས་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་པས་སྤྲུལ་པའི་སངས་རྒྱས་ལ་ཡིད་ཆེས་པར་འགྱུར། སྤྲུལ་པའི་སངས་རྒྱས་


DTG204_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིད་ཆེས་པས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁོང་དུ་ཆུད་པར་འགྱུར། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁོང་དུ་ཆུད་པས་ངོ་བོ་ཉིད་ཀྱི་སངས་རྒྱས་ཁོང་དུ་ཆུད་པར་འགྱུར། ངོ་བོ་ཉིད་ཀྱི་སངས་རྒྱས་ཁོང་དུ་ཆུད་པས་སྨོན་ལམ་གྱི་སངས་རྒྱས་ཁོང་དུ་ཆུད་པར་འགྱུར། སྨོན་ལམ་གྱི་སངས་རྒྱས་ཁོང་དུ་ཆུད་པས་ཏིང་ངེ་འཛིན་གྱི་སངས་རྒྱས་ཁོང་དུ་ཆུད་པར་འགྱུར། ཏིང་ངེ་འཛིན་གྱི་སངས་རྒྱས་ཁོང་དུ་ཆུད་པས་སེམས་ཀྱི་སངས་རྒྱས་ཁོང་དུ་ཆུད་པར་འགྱུར། སེམས་ཀྱི་སངས་རྒྱས་ཁོང་དུ་ཆུད་པས་རྣམ་བར་སྨིན་པ་ལས་འབྱུང་བའི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཁོང་དུ་ཆུད་པར་འགྱུར་རོ། །རྣམ་པར་སྨིན་པ་ལས་འབྱུང་བའི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཁོང་དུ་ཆུད་པས་རྒྱུ་འདྲ་བའི་སངས་རྒྱས་ཁོང་དུ་ཆུད་དེ་ཐམས་ཅད་མཁྱེན་པའི་མཚན་ཉིད་དང༌། ལུང་གི་མཚན་ཉིད་གཅིག་ལ་གཅིག་ལྟོས་ནས་དེ་གཉིས་ཀ་ཁོང་དུ་ཆུད་པར་འགྱུར་རོ། །ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།ཚད་མའི་གྲངས་དང་མཚན་ཉིད་ཀྱི་བཀའ་ཐང་ལ། གཏན་ཚིགས་སྒྲུབ་པའི་རིགས་པ་དེ་ཡང༌། དེ་ལྟར་མངོན་སུམ་གྱི་ཚད་མ་དང༌། རྗེས་སུ་དཔག་པའི་ཚད་མ་དང༌། ཡིད་ཆེས་པའི་ལུང་གི་ཚད་མ་དང༌། མཚན་ཉིད་ལྔས་ཡོངས་སུ་དག་པའོ་ཞེས་གསུངས་ཏེ། ཚད་མ་འདི་དག་ཅིའི་ཕྱིར་གསུངས་ཞེས་ལྟག་འོག་སྤུན་ཏེ་སྦྱར་ན་འཇིག་རྟེན་ན་གསུམ་གྱི་སེམས་ཅན་དག་ཚད་མ་མ་ཡིན་པར་ཚད་མར་སྟོན་ཅིང་ཚད་མར་མི་རུང་བ་ལ་ཚད་མར་འཛིན་པར་བྱུང་བ་དང༌། འབྱུང་བ་དང༌། འབྱུང་བར་འགྱུར་བ་མཁྱེན་ནས། ལོག་པར་ལྟ་བའི་དྲ་བ་བསྩལ་བའི་ཕྱིར་ཚད་མ་འདི་གསུངས་པ་ཡིན་ནོ། །ཚད་མ་ཞེས་བྱ་བ་ནི་རིང་ཐུང་ལ་སོར་ལ་སོགས་པས་གཞལ་བ་དང༌། མང་ཉུང་ལ་བྲེ་ལ་སོགས་པས་གཞལ་བ་དང༌། ལྕི་ཡང་ལ་སྲང་ལ་སོགས་པས་གཞལ་བ་ལྟ་བུ་ཡིན་ཏེ། ཚད་མ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་དང་གསུམ་མོ། །ཚད་མ་གསུམ་བྱ་བ་ནི་དངོས་པོ་བསྒྲིབས་པ་དང་མ་བསྒྲིབས་པ་དང༌། དེ་དག་ལས་ཀྱང་ཤིན་ཏུ་བསྒྲིབས་པའི་ཆོས་དང་གསུམ་ཡོད་པས་ཚད་མ་ཡང་


DTG204_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་གསུངས་སོ། །དེ་ལྟ་བས་ན་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་དང༌། ཡིད་ཆེས་པའི་ལུང་གི་ཚད་མ་ཡང་ཞེས་བྱའོ། །ཚད་མ་དེ་དག་གི་མཚན་ཉིད་ནི་དེ་གཅིག་ཀྱང་ལྔ་ལྔར་ཤེས་པར་བྱ་སྟེ། ཡོངས་སུ་དག་པའི་མཚན་ཉིད་ལྔ་ཞེས་གསུངས་པ་རྣམས་ཡིན་ནོ། །དེ་ལྟ་བས་ན་མཚན་ཉིད་ལྔས་ཡོངས་སུ་དག་གོ་ཞེས་གསུངས་སོ། །ཇི་ལྟར་ཡོངས་སུ་དག་ཅེ་ན། མངོན་སུམ་ནི་རྗེས་སུ་དཔག་པས་ནོར་རམ། མ་ནོར་གཏན་ལ་དབབ། རྗེས་སུ་དཔག་པ་ནི་མངོན་སུམ་དུ་མྱོང་བས་དོན་ལ་ངེས་པར་གཞོག་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་གཉིས་ལ་ཐེ་ཚོམ་ཡོད་པ་ནི་རང་གི་རིགས་ཀྱི་དཔེས་གསལ་བར་བྱེད་དོ། །དེ་གསུམ་ཚོགས་ན་འགྲུབ་བ་ལ་གཅིག་ཏུ་ངེས་པས་ཡོངས་སུ་གྲེགས་པ་ཡིན་ཏེ། འཇིག་རྟེན་གྱི་ཚད་མའི་གྲངས་སུ་ཆུད་དོ། །ལུང་གིས་ནི་མི་ལས་བླ་མར་གྱུར་བའི་ཆོས་ཡོད་པར་མི་ཤེས་པ་དེས་མཚོན་ཅིང་སྟོན། མཚན་ཉིད་འདི་ལྔས་ཡོངས་སུ་དག་པར་འགྱུར་རོ། །ཡོང་ནི་འཇིག་རྟེན་གྱི་ཆོས་ཀྱང་རུང་འཇིག་རྟེན་ལས་འདས་པའི་ཆོས་ཀྱང་རུང༌། གང་ལ་དོན་རྟོགས་པར་བྱེད་དོ་ཅོག་ནི་ཡོངས་སུ་དག་པའི་མཚན་ཉིད་རྫོགས་པས་རྟོགས་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་ཆོས་དང༌། ཤེས་པར་དཀའ་བ་རྣམས་ལ་ནི་མཚན་ཉིད་ལྔ་པོ་རེ་རེ་དང་མཐར་གྱིས་སྦྱར་ཞིང་བརྟག་དགོས་པས་མཚན་ཉིད་ཀྱི་བྱེ་བྲག་གསལ་བར་མངོན་ནོ། །འཇིག་རྟེན་གྱི་ཆོས་དང་ཤེས་པར་སླ་བ་རྣམས་ནི་མཚན་ཉིད་བཞི་པོ་ཚད་མས་རྟོགས་པར་བྱེད་མོད་ཀྱི་དེ་དག་གི་གཞལ་བྱ་ཡར་འདྲིས་པའི་ཤས་ཆེ་སྟེ། ལན་དུ་མར་བསླབ་མི་དགོས་པས་མཚན་ཉིད་ཀྱི་བྱེ་བྲག་ཀྱང་མྱུར་ཞིང་ཕྲ་སྟེ་གསལ་བ་མི་མངོན་བཞིན་དུ་འབྱུང་ངོ༌། །ཚད་མའི་གྲངས་དང་མཚན་ཉིད་ཀྱི་བཀའ་ཐང་གི་ལེའུ་སྟེ་དགུ་པའོ།། །།བཀའ་ཐང་གིས་མངོན་སུམ་གྱི་ཚད་མར་བྱས་ལ། དེ་ལ་མངོན་སུམ་གྱི་ཚད་མ་གང་ཞེ་ན། མ་བསྒྲིབས་པའི་ཡུལ་ལ་མངོན་སུམ་གྱིས་སྔོན་དུ་དྲངས་པའི་སྟེང་དུ་ཉེ་བའི་རྗེས་སུ་དཔག་པ་ལ་སོགས་པ་མཚན་ཉིད་ལྔས་ཡོངས་སུ་དག་པར་བྱས་པ་ཡིན་ནོ། །དེ་གང་ཞེ་ན། མིག་ལ་སོགས་པའི་


DTG204_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་ལྔ་པོ་ལས་གཅིག་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་གཉིས་ཀྱིས་བདག་བདག་གི་ཡུལ་ལ་རྣམ་པ་ཅི་ཡོད་པ་སོ་སོ་རང་གིས་རིག་པར་གྱུར་བ་མངོན་སུམ་གྱི་མཚན་ཉིད་དང་གང་མངོན་སུམ་དུ་དམིགས་པ་དེ་དག་གི་རྟགས་ལ་སོགས་པར་བཅས་པ་མངོན་སུམ་གྱིས་རྗེས་སུ་དཔག་ནས་རྟོགས་པར་ཁོང་དུ་ཆུད་པ་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དང༌། དེ་དང་རིགས་གཅིག་པ་གཞན་ལ་ཡང་འདི་འདྲ་བར་ཡོད་པ་འཇིག་རྟེན་ལ་སྒྲུབ་པ་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དང༌། དེ་གསུམ་མཐུན་པས་སྒྲུབ་པར་གྱུར་པ་ཡོངས་སུ་གྲེགས་པའི་མཚན་ཉིད་དང༌། ཐམས་ཅད་མཁྱེན་པས་གསུངས་པར་ངེས་པའི་མཚན་ཉིད་དང་ལྡན་པའི་ལུང་ལས་ཆོས་རྣམས་ཀྱི་མཚན་ཉིད་ཇི་སྐད་དུ་འབྱུང་བ་ལུང་གི་མཚན་ཉིད་དང་སྦྱར་བའོ། །ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གིས། ཆོས་ཀྱི་ཁམས་ལ་སོགས་པ་རང་གི་ཡུལ་ལ་མངོན་སུམ་དུ་དམིགས་པ་མཚན་ཉིད་ལྔ་དང་སྦྱར་བ་ཡང་དེ་བཞིན་ནོ། །མངོན་སུམ་གྱི་ཚད་མ་མཚན་ཉིད་ལྔས་ཡོངས་སུ་དག་པས་མི་རྟག་པ་ལ་སོགས་པ་ལ་གཞལ་ཞིང་སྒྲུབ་པ་ནི་སྔར་བཤད་པ་བཞིན་དུ་གང་འདུ་བྱེད་དུ་རྟོགས་པ་ཐམས་ཅད་ཀྱི་འདྲ་བ་དང་མི་འདྲ་བའི་རྒྱུན་ཕྱི་མ་སྐྱེས་ནས་སྔ་མ་འགག་པར་དམིགས་པ་དང་འདྲ་བ་དང་མི་འདྲ་བའི་བྱ་བ་ཕྱི་མ་མེད་ཅིང་སྔ་མ་གཏོང་བར་དམིགས་པ་དེ་དག་སོ་སོ་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །དེ་ལ་འདྲ་བ་དང་མི་འདྲ་བའི་རྒྱུན་གཞན་དང་གཞན་བྱུང་བའི་ཚེ། སྔ་མ་འགག་པའི་ཕྱིར་མི་རྟགས་པ་ཉིད་དུ་རྟོགས་པར་ཁོང་དུ་ཆུད་པ་ནི་ཉེ་བར་རྗེས་སུ་དཔག་པའི་མཚན་ཉིད་དོ། །འདུ་བྱེད་རྣམས་ནི་རྟག་པའི་མཚན་ཉིད་དང་ལྡན་པའི་ནང་ནས་ཀྱང་མི་རྟག་པར་མངོན་པ་མེའི་རྒྱུན་ལ་མེ་ལྕེ་འགགས་ནས་མདག་མ་ལས་ཐལ་བ་དང་སོལ་བར་འགྱུར་བ་བཞིན་ནོ་ཞེས་བྱ་བའི་དཔེས་བསྟན་ཏེ། བྱིན་གྱིས་སྲིད་པ་དང་སྦྱར་ཞིང་མི་རྟག་པར་སྒྲུབ་པ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །གང་ཐམས་ཅད་མཁྱེན་པས་གསུངས་པ་ཁོང་དུ་ཆུད་པ་ནི་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །


DTG204_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་འབྱུང་བ་ནི་ལུང་གི་མཚན་ཉིད་དོ། །དེ་ལྟར་ན་མཚན་ཉིད་ལྔས་ཡོངས་སུ་དག་པའི་མངོན་སུམ་གྱིས་མི་རྟག་པར་ཡོངས་སུ་གྲུབ་པའོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་དམིགས་པ་ལ་སྐྱེ་བ་ལ་སོགས་པའི་གནོད་པ་ཉམས་ཀྱིས་ཚོར་ཏེ། སོ་སོ་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །སྡུག་བསྔལ་མྱོང་བ་དག་མི་བཟོད་པ་ལྟ་བུའི་ཚུལ་ལས་བལྟས་ཏེ། འབྲས་བུ་ལས་སྡུག་བསྔལ་བ་ཉིད་དུ་དཔགས་ཏེ། ཁོང་དུ་ཆུད་པ་ནི་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །འདུ་བྱེད་རྣམས་སྡུག་བསྔལ་གྱི་མཚན་ཉིད་དང་ལྡན་པའི་ནང་ནས་ཀྱང་སྡུག་བསྔལ་བར་མངོན་པ་སྐྱེ་བ་དང༌། ན་བ་ལ་ལོགས་པའི་ཆོས་ཡོད་པ་བཞིན་ནོ་ཞེས་བྱ་བ་འམ་སྤྱོད་ལམ་བཞི་ལས་གག་ཀྱང་རུང་རིང་དུ་གནས་ན་སྡུག་བསྔལ་དང་འདྲའོ་ཞེས་བྱ་བའི་དཔེས་བསྟན་ཏེ། བྱིན་གྱིས་སྲིད་པ་དང་སྦྱར་བ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །གང་ཐམས་ཅད་མཁྱེན་པས་གསུངས་པ་སྡེ་སྣོད་གསུམ་པའི་ལུང་ལས་འདུ་བྱེད་ཐམས་ཅད་སྡུག་བསྔལ་ཞིས་འབྱུང་བ་ནི་ལུང་གི་མཚན་ཉིད་དོ། །དེ་ལྟར་མཚན་ཉིད་ལྔས་ཡོངས་སུ་དག་པའི་མངོན་སུམ་གྱིས་སྡུག་བསྔལ་བར་གྲུབ་པའོ། །ཆོས་ཐམས་ཅད་བདག་མེད་པ་ལ་འདི་སྐད་བདག་གི་མཚན་ཉིད་སྨྲ་བ་ལྟར་རྟག་པ་གཅིག་པུ་ཁྱད་པར་མ་དམིགས་པ་ན་བདག་མེད་པར་སོ་སོ་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །ཕུང་པོ་ལྔ་ལ་བདག་གི་མཚན་ཉིད་དང་འབྲེལ་བའི་རྟགས་ལ་སོགས་པ་རྣམ་པ་དྲུག་གོ །གང་ཡང་མི་དམིགས་པས་བདག་མེད་པ་ཉིད་དུ་རྟོགས་པར་ཁོང་དུ་ཆུད་པ་ནི་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །འདུ་བྱེད་རྣམས་བདག་མེད་པའི་ནང་ནས་ཀྱང་རང་དབང་མེད་པར་མངོན་སུམ་པ་བུམ་པ་ལ་སོགས་པ་རྐྱེན་ལ་སྡོད་པ་དང་འདྲའོ་ཞེས་བྱ་བ་འམ། ཤིང་རྟ་སྦྱར་བ་དང་འདྲའོ་ཞེས་བྱ་བའི་དཔེས་བསྟན་ཅིང་བདག་ཡོད་པ་མི་སྲིད་བ་དང་སྦྱར་བ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་ལ་གཅིག་ཏུ་


DTG204_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །གང་ཐམས་ཅད་མཁྱེན་པས་གསུངས་པའི་ལུང་ལས་ཆོས་ཐམས་ཅད་བདག་མེད་དོ་ཞེས་འབྱུང་བའི་ལུང་གི་མཚན་ཉིད་དེ། དེ་ལྟར་ན་མཚན་ཉིད་ལྔས་ཡོངས་སུ་དག་པའི་མངོན་སུམ་གྱིས་བདག་མེད་པར་གྲུབ་པའོ། །དེ་ཅིའི་ཕྱིར་མངོན་སུམ་གྱི་ཚང་མ་ཞེ་ན། བསྒྲིབས་པ་མེད་དེ། དམིགས་པས་མངོན་སུམ་མོ། །མཚན་ཉིད་མི་འགལ་པས་གཏན་ལ་ཕེབས་པས་ན་ཚད་མའོ། །གཞན་ཡང་སྒྱུ་མའི་སྐྱེས་བུ་ཞིག་མཐོང་ན། སྐྱེས་བུའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་དམིགས་པ་དང༌། མིག་སེར་གྱི་ནད་ཀྱིས་བཏབ་པ་དུང་ལ་སེར་པོར་དམིགས་པ་དང༌། རབ་རིབ་ཅན་གྱིས་ཟླ་བ་ཚེས་པ་ལ་གཉིས་སུ་མཐོང་བ་དང༌། རྣ་ནད་ཀྱིས་བཏབ་པས་རླུང་དང་ཆུད་བའི་སྒྲ་རྟག་ཏུ་ཐོས་པ་དང་འདི་ལྟ་བུ་དག་ནི་སོ་སོ་རང་གིས་རིག་པ་ཡིན་ཏེ། མངོན་སུམ་གྱི་མཚན་ཉིད་དོ། །རྟགས་ལ་སོགས་པ་དྲུག་པོའི་ནང་ན་གང་ལས་རྟོགས་པར་གྱུར་པ་དེའི་ཕྱིར་སྒྱུ་མ་ཡིན་པར་ཤེས་པ་འམ་མིག་སེར་གྱི་ནད་ཀྱིས་བཏབ་པ་དང༌། རབ་རིབ་ཀྱི་སྐྱོན་ཞུགས་བ་དང༌། རྣ་བར་རླུང་ཞུགས་པ་ལ་སོགས་པའི་རྐྱེན་གྱིས་དེ་མ་ཡིན་པ་ལ་དེ་འདྲ་བར་སྣང་བ་ཉིད་དུ་རྟོགས་པར་ཁོང་དུ་ཆུད་པ་ནི་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །རྐྱེན་གྱི་དབང་གིས་གཞན་དང་གཞན་དུ་སྣང་བར་འགྱུར་བའི་ནང་ན་ཤེས་པར་སླ་བ་སྨིག་རྒྱུ་ལ་ཆུ་ལྟར་སྣང་བ་དང༌། དྷ་དྷུ་ར་ཟོས་ན་རི་ལུ་སེར་པོར་སྣང་བ་དང༌། མིག་དར་གྱིས་གཡོགས་ཏེ་བལྟས་ན། ཟླ་བ་གཉིས་གསུམ་ཡན་ཆད་དུ་མཐོང་བ་དང་བྲག་ཅའི་སྒྲ་བྱུང་ན། སྨྲ་བ་ཡོད་པ་འདྲ་བར་གྲག་པ་དང༌། འདི་ལྟ་བུའི་ཚུལ་ལ་སོགས་པ་རང་གི་མཚན་ཉིད་མ་ཡིན་བའང་རྒྱེན་ལས་གཞན་དང་གཞན་དུ་དམིགས་པ་སྲིད་བ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །དེ་ལྟར་ན་མཚན་ཉིད་བཞིས་ཡོངས་སུ་དག་པའི་མངོན་སུམ་གྱིས་སྒྱུ་མ་ལ་སོགས་པ་ཉིང་དུ་ཤེས་པར་གྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་གང་རིགས་པའི་རྐྱེན་དང་ཕྲད་བ་དེ་དང་དེས་མ་བསྒྲིབས་ཏེ་མཐོང་པས་ན་མངོན་སུམ་མོ། །རང་བཞིན་རྟོགས་པར་ཁོང་དུ་ཆུད་


DTG204_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ། རྐྱེན་གྱིས་བསྒྱུར་བའི་ཕྱིར་མི་འབྲང་བས་ན་ཚད་མའོ། །ཡང་གཞན་དུ་ན་རྣལ་འབྱོར་པས་བསྒོམས་ཏེ། རུས་པ་དཀར་པོ་ལ་སོགས་པ་མཐོང་བ་དང༌། ཟད་པར་ས་ལ་སོགས་པར་མཐོང་བ་དང༌། བདག་མཐེ་བོ་ཙམ་དུ་མཐོང་བ་དང༌། འདི་ལྟ་བུ་ལ་སོགས་པར་དམིགས་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །དེའི་ཚེ་སྔོན་མ་བསྒོམས་པ་ནི་འདི་དག་མེད་པ་ལས་བསྒོམས་པའི་མཐུས་བྱུང་བ་ཙམ་དུ་རྟོགས་པར་ཁོང་དུ་ཆུད་པ་ནི་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །སྔོན་སྦྲུལ་དང་སྡིག་སྦྲུལ་དག་གིས་སྡངས་པའི་མིག་སྔར་ཐག་པའི་དུམ་བུ་དང༌། སོལ་བའི་གྲུགས་མ་འམ་གཞན་དག་ལས་ཀྱང་སྦྲུལ་ལམ་སྡིག་སྦྲུལ་ལྟ་བུར་མཐོང་ཞིང་སྡངས་པ་འབྱུང་བ་ཡང་སྲིད་པ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །གང་ཐམས་ཅད་མཁྱེན་པས་གསུངས་པ་སྡེ་སྣོད་གསུམ་པའི་ལུང་ལས་ཆོས་ཐམས་ཅད་སེམས་ཙམ་ཞེས་བྱ་བ་དང་སེམས་ནི་ཆོས་ཐམས་ཅད་ལ་དབང་བྱེད་དོ་ཞེས་འབྱུང་བ་ནི་ལུང་གི་མཚན་ཉིད་དེ། དེ་ལྟར་ན་མཚན་ཉིད་ལྔས་ཡོངས་སུ་དག་པའི་མངོན་སུམ་གྱིས་བསྒོམས་པ་ལས་བྱུང་བར་གྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱིས་བརྟགས་པ་ཡོངས་སུ་སྨིན་པ་ཉིད་མཐོང་བ་ན་མངོན་སུམ་མོ། །དངོས་པོ་མེད་པ་ལ་སེམས་ཀྱིས་བརྟགས་པ་ཙམ་དུ་རྟོགས་པར་ཁོང་དུ་ཆུད་པ་ནི་ཡོངས་སུ་དག་པའོ། །བཀའ་ཐང་གི་མངོན་སུམ་ཚད་མར་བྱ་བའི་ལེའུ་སྟེ་བཅུ་པའོ།། །།བཀའ་ཐང་གི་རྗེས་སུ་དཔག་པ་ཚད་མར་བྱ་བ། དེ་ལ་རྗེས་སུ་དཔག་པའི་ཚད་མ་གང་ཞེ་ན། བསྒྲིབས་པའི་ཡུལ་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་རྗེས་སུ་དཔག་པས་སྔོན་དུ་དྲངས་པའི་སྟེང་དུ་མངོན་སུམ་དུ་མྱོང་བ་ལ་སོགས་པ་མཚན་ཉིད་ལྔས་ཡོངས་སུ་དག་པར་བྱས་པ་ཡིན་ཏེ། དེ་གང་ཞེ་ན། རྟགས་ལ་སོགས་པ་གནས་པ་མངོན་སུམ་གྱིས་དམིགས་པའི་རྗེས་སུ་འཇུག་པའི་བློས་དེ་དང་འབྲེལ་པའི་དངོས་པོ་མངོན་སུམ་གྱིས་མ་དམིགས་པ་ལ་རྗེས་སུ་དཔག་ཅིང་ཤེས་པར་བྱ་


DTG204_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྗེས་སུ་དཔག་པའི་མཚན་ཉིད་དང༌། རྟགས་ལ་སོགས་པ་ད་ལ་མངོན་སུམ་དུ་དམིགས་པ་ཞིག་ཡོད་ན། དེ་ཡོང་གིས་ཅི་ལ་གནས་པ་སྔོན་བདག་གིས་མངོན་སུམ་དུ་དམིགས་ཏེ་དྲན་ན་ཡང་རུང་གཞན་གྱིས་མངོན་སུམ་དུ་དམིགས་པའི་ཚིག་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ཤེས་པར་འགྱུར་བ་ཉེ་བའི་མངོན་སུམ་གྱི་མཚན་ཉིད་དང་དེ་དང་རིགས་གཅིག་པ་གཞན་ཡང་འདི་འདྲ་བ་ཡོད་པར་འཇིག་རྟེན་ལ་སྒྲུབ་པ་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དང༌། མཚན་ཉིད་དང་མཚན་ཉིད་དེ་གསུམ་མཐུན་པས་འགྲུབ་ཏུ་རུང་སྟེ། བསྒྲུབ་པ་ལ་གཅིག་ཏུ་ངེས་པར་འགྱུར་བས་ན་ཡོངས་སུ་གྲེགས་པའི་མཚན་ཉིད་དང་ཐམས་ཅད་མཁྱེན་པས་གསུངས་པར་ངེས་པའི་མཚན་ཉིད་དང་ལྡན་པའི་ལུང་ལས་ཆོས་རྣམས་ཀྱི་མཚན་ཉིད་ཇི་སྐད་དུ་འབྱུང་བ་ལུང་གི་མཚན་ཉིད་དང་སྦྱར་བའོ། །རྗེས་སུ་དཔག་པ་ཚད་མ་མཚན་ཉིད་ལྔས་ཡོངས་སུ་དག་པས་སྐད་ཅིག་ལ་སོགས་པ་ལ་གཞལ་ཞིང་སྒྲུབ་པ་ནི། རྗེས་སུ་དཔག་པའི་མཚན་ཉིད་ཀྱི་ལེའུ་ལས་ལྔ་བཤད་པ་བཞིན་ཏེ། འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་འཇིག་པ་དང་མི་འདྲ་བའི་རྒྱུན་ཕྱི་མ་བྱུང་ཞིང་འགག་པ་ལ་དེ་བས་ཀྱང་མྱུར་བར་སྐད་ཅིག་པ་ཡོད་པར་དཔག་པ་ནི་ཆོས་དང་རྒྱུའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །སྐད་ཅིག་པ་ཕྲ་མོ་ལ་མི་རྟག་པ་རགས་པ་གནས་ཏེ། འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དུ་འཕགས་པ་རྣམས་ཀྱིས་མངོན་སུམ་གྱིས་དམིགས་ཞེས་བྱ་བ་ནི་ཉེ་བའི་མངོན་སུམ་གྱི་མཚན་ཉིད་དོ། །ནང་དང་ཕྱིའི་འདུ་བྱད་ལ་སེམས་ཀྱི་རྒྱུད་གཞན་དང་གཞན་དུ་འགྱུར་བའི་མགྱོགས་པ་དང༌། མེ་ལྕེ་འབར་བའམ་ས་གཟུག་པོ་ལ་ཆུ་འབབ་པའི་རྒྱུན་མགྱོགས་པ་དམིགས་པ་དང་འདྲའོ་ཞེས་བྱ་བ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །ཐམས་ཅད་མཁྱེན་པས་གསུངས་པ་སྡེ་སྣོད་གསུམ་པའི་ལུང་ལས། སྐད་ཅིག་པ་རེ་རེ་ལ་ཡང་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་བཞི་དང༌། ཉེ་བའི་མཚན་ཉིད་བཞི་པོ་སྐྱེ་བ་ནི་སྐྱེད་པར་བྱེད། གནས་པའི་ནི་འདུག་པར་


DTG204_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྒ་བ་ནི་རྙིངས་ཕར་བྱེད། མི་རྟག་པ་ནི་འཇིག་པར་བྱེད་པ་ལ་སོགས་པ་གཏན་ཚིགས་རྒྱས་པར་འབྱུང་བ་ནི། ཡིད་ཆེས་པའི་ལུང་གི་མཚན་ཉིད་དོ། །དེ་ལྟར་ན་མཚན་ཉིད་ལྔ་དང་ལྡན་པའི་རྗེས་སུ་དཔག་པའི་ཚད་མས་འདུ་བྱེད་ཐམས་ཅད་སྐད་ཅིག་མར་བསྒྲུབ་པོ། །སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལ་གནས་མངོན་སུམ་གྱིས་དམིགས་སུ་ཡོད་པ་ལས་ན། འཇིག་རྟེན་གཞན་དུ་ཡང་དེའི་ཚུལ་གྱིས་འགྲོ་བར་དཔག་པ་ནི་རྒྱུ་དང་ལས་དང་ཆོས་ཀྱི་རྗེས་སུ་དཔག་པའི་མཚན་ཉིད་དོ། །སོ་སོའི་སྐྱེ་བོ་རྣམས་ཚེའི་འདུ་བྱེད་ཟད་ཅིང་འཇིག་རྟེན་ཕ་རོལ་དུ་སྐྱེ་བ་འཕགས་པ་རྣམས་ཀྱིས་མངོན་སུམ་གྱིས་དམིགས་ཞེས་བྱ་བ་ནི་ཉེ་བའི་མངོན་སུམ་གྱི་མཚན་ཉིད་དོ། །འཕགས་པ་བཟང་སྐྱོང་གིས་དྲིས་པའི་མདོ་ལས་འཇིག་རྟེན་ཕ་རོལ་དུ་འགྲོ་ཞེས་བྱ་བ་འང་གཟུགས་མེད་པའི་ཕུང་པོ་རྣམ་པར་ཤེས་པར་འགྲོ་སྟེ། དཔེར་ན་རླུང་གི་ཁམས་གཟུགས་བལྟར་མི་སྣང་བ་ལྡང་ཞིང་འགྲོ་བ་མེ་ཏོག་ལ་སོགས་པ་དྲི་ཞིམ་པོ་དང་རུལ་པ་ལ་སོགས་པ་དྲི་ང་བ་གང་དང་ཕྲད་པ་དེའི་དྲི་ཁྱེར་ཏེ་མནམ་མ་པར་འགྱུར་བ་རླུང་དེའི་གཟུགས་ཀྱང་མི་དམིགས། དྲི་དེའི་གཟུགས་ཀྱང་མི་དམིགས་མོད་ཀྱི་རླུང་གི་རྒྱུན་ཀྱང་མི་འཆད་ལ་དྲི་ང་བ་དང་ཞིམ་པོ་སོ་སོའི་རོ་ལས་ཀྱང་མ་གྱུར་པར་མནམ་པར་གྱུར་པ་དང་འདྲ་སྟེ། རྣམ་པར་ཤེས་པ་དང་ལས་གཉིས་ཀ་ལ་ཡང་གཟུགས་མེད་མོད་ཀྱི། གང་གི་རྣམ་པར་སྨིན་པ་ནི་དེའི་འབྲས་བུ་མངོན་པ་དང་འདྲ་སྟེ། གཞན་དུ་ན་ལས་གང་བྱས་པའི་རྒྱུས་འཇིག་རྟེན་ཕ་རོལ་ཏུ་གཟུགས་ཀྱི་རྣམ་པར་སྐྱེ་བ་ནི་མེ་ལོང་གི་ནང་དུ་གཟུགས་གང་བསྟན་པའི་གཟུགས་བརྙན་འབྱུང་བ་དང༌། འཇིམ་པ་ལ་རྒྱ་ཅི་འདྲ་བས་བཏབ་པའི་འབུར་སྣང་བ་དང་འདྲ་བར་སྐྱེའོ་ཞེས་བྱ་བ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །གང་ཐམས་ཅད་མཁྱེན་པས་གསུངས་པའི་སྡེ་སྣོད་གསུམ་པའི་ལུང་ལས་སེམས་ཅན་འཆི་ཀར་རྡུལ་འབྱུང་བ་ལ་སོགས་པ་རྟགས་ལས་གནས་གར་སྐྱེ་བ་བཤད་པ་དང༌། འཇིག་རྟེན་ཕ་རོལ་གྱི་མངལ་ལ་


DTG204_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་སྐྱེ་བ་ན་འདུ་ཤེས་ཅི་འདྲ་བ་དང་བཅས་ཏེ། འཇུག་པ་ལ་སོགས་པའི་གཏན་ཚིགས་རྒྱས་པར་འབྱུང་བ་ནི་ཡིད་ཆེས་པའི་ལུང་གི་མཚན་ཉིད་དོ། །དེ་ལྟར་མཚན་ཉིད་ལྔ་དང་ལྡན་པའི་རྗེས་སུ་དཔག་པའི་ཚད་མས་འཇིག་རྟེན་ཕ་རོལ་ཡོད་པར་བསྒྲུབ་པོ། །བདེ་བ་སྡུག་བསྔལ་གྱི་སྨིན་པ་མྱོང་བ་ཡང་དགེ་བ་དང་མི་དགེ་བའི་ལས་ལ་གནས་པ་འདིའི་ཚུལ་གྱིས་ལས་ཀྱི་སྨིན་པ་ཆུད་མི་ཟ་བར་དཔག་པའི་ཆོས་དང་རྒྱུའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །ལས་དང་འབྲས་བུའི་རྣམ་པར་སྨིན་པ་འཕགས་པ་རྣམས་ཀྱིས་མངོན་སུམ་དུ་དམིགས་ཞེས་བྱ་བ་ནི་ཉེ་བའི་མངོན་སུམ་གྱི་མཚན་ཉིད་དོ། །དགེ་བ་བྱེད་བ་རྣམས་ནི་བདག་ཀྱང་འཚེར་དོགས་མེད་པ་ལ་གཞན་གྱིས་ཀྱང་བྱ་དགའ་སྦྱིན་པ་ལ་སོགས་པ་ཕན་འདོགས་པའི་བདེ་བ་མྱོང༌། མི་དགེ་བ་བྱེད་པ་རྣམས་ནི་བདག་ཀྱང་འཚེར་ཞིང་འཇིགས་ལ། གཞན་གྱིས་ཀྱང་ཆད་པས་བཅད་པ་ལ་སོགས་པ་གནོད་པར་བྱ་བའི་སྡུག་བསྔལ་མྱོང་བ་དང༌། ཚོང་པ་ཚོང་སྤྱོད་པ་ལ་བརྩོན་པ་ནི་སྐམ་རྫས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་དང༌། ཡུལ་པ་ཞིང་རྨོད་པ་ལ་བརྩོན་པ་ནི་ནས་འབྲས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་དང༌། འབྲོག་པ་ཕྱུགས་འཚོ་བ་ལ་བརྩོན་པ་ནི་ཤེ་དང་ཕྱུགས་ཀྱི་ཕུན་སུམ་ཚོགས་པར་འགྱུར་བ་དང༌། འདི་ལྟ་བུ་ལ་སོགས་ཏེ་གང་ལ་ནན་ཏན་གྱིས་བརྩོན་པ་དེའི་ཕུན་སུམ་ཚོགས་པ་ནི་དགེ་བ་ལ་བརྩོན་པའི་བསོད་ནམས་ཕུན་སུམ་ཚོགས་པ་དང་འདྲའོ། །གང་ཚོང་སྐྱོང་ཆེ་ལ་གཟུངས་མི་རུབ་པ་ནི་བརྐམ་རྫས་ཀྱིས་རྒུད་པ་དང༌། གང་དོག་ལ་ངན་ཅིང་ཆང་དད་ཆེ་བ་ནི་ནས་འབྲས་ཀྱིས་རྒུད་པ་དང༌། གང་འཚོ་སྐྱོང་ཞན་ཅིང་ཕྱུགས་ལ་མིག་ཆེ་བ་ནི་རྐང་འགྲོས་ཀྱིས་ཕོངས་པར་འགྱུར་བ་དང༌། ལོག་པའི་སྦྱོར་བ་དེའི་ཡོ་བྱད་ཀྱིས་ཕོངས་པ་དང་འདྲའོ་ཞེས་བྱ་བ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །ཐམས་ཅད་མཁྱེན་པས་གསུངས་པའི་སྡེ་སྣོད་གསུམ་པའི་ལུང་ལས། ལས་གང་བྱས་པ་ལས་སྨིན་པ་ཅི་འདྲ་བའི་འབྲས་བུ་མྱོང་བ་ལ་སོགས་པའི་གཏན་ཚིགས་རྒྱས་པར་འབྱུང་བ་ནི་ལུང་


DTG204_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཚན་ཉིད་དོ། །དེ་ལྟར་ན་མཚན་ཉིད་ལྔས་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་སྒྲུབ་པའོ། །མཚན་ཉིད་དེ་རྣམས་ནང་མི་འགལ་བར་སྒྲུབ་པ་ནི་རྗེས་སུ་དཔག་པ་ཡོངས་སུ་དག་པའི་ཚད་མའོ། །དེ་ཅིའི་ཕྱིར་ཞེ་ན། སྒྲིབ་པས་བསྒྲིབས་པ་ལ་དཔོག་པས་ན་རྗེས་སུ་དཔག་པའོ། །མཚན་ཉིད་ཀྱིས་ཡོངས་སུ་དག་པ་སྟེ། མ་ངེས་པའི་སྐྱོན་མེད་པས་ན་ཡོངས་སུ་དག་པའི་ཚད་མའོ། །བཀའ་ཐང་གི་རྗེས་སུ་དཔག་པའི་ཚད་མར་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡིད་ཆེས་པའི་ལུང་གི་ཚད་མ་ལ། ཡིད་ཆེས་པའི་ལུང་གི་ཚད་མ་གང་ཞེ་ན། ཤིན་ཏུ་བསྒྲིབས་པའི་ཆོས་ལ་མཚན་ཉིད་འདི་འདྲ་བ་ཞིག་ཡོད་དོ་ཞེས་ཡིད་ཆེས་པའི་ལུང་ལས་འབྱུང་བས་སྔོན་དུ་དྲངས་པའི་སྟེང་དུ་ཉེ་བའི་མངོན་སུམ་ལ་སོགས་པ་མཚན་ཉིད་ལྔས་ཡོངས་སུ་དག་པར་བྱས་པ་ཡིན་ནོ། །དེ་གང་ཞེ་ན། རྣམ་པར་ཐར་པའི་སྒོ་གསུམ་ནི། ཆོས་ཀྱི་ཕྱག་རྒྱ་ཡིན་པས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟོན་པ་དང་བཅས་པ་ལས་འབྱུང་བ་ཡིད་ཆེས་པའི་ལུང་གི་མཚན་ཉིད་དང་ལུང་ལས་གང་བསྟན་པའི་དངོས་པོ་དེ་ཡང་འཕགས་པ་དག་གིས་མངོན་དུ་བྱས་ཏེ། མངོན་སུམ་དུ་དམིགས་ནས་སོ་སོ་རང་གིས་རིག་པར་ལུང་ལས་འབྱུང་བའི་ཉེ་བའི་མངོན་སུམ་གྱི་མཚན་ཉིད་དང་སོ་སོའི་སྐྱེ་བོ་དག་གི་བློས་བརྟག་ཅིང་དཔྱད་ན་ཡང་འཐད་པར་བཟུང་དུ་རུང་སྟེ། ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དང༌། ཉན་ཐོས་ཀྱི་ཐེག་པར་ཁས་ལེན་པ་དང༌། ཉན་ཐོས་ཀྱི་ཐེག་པའི་སྡེར་གཏོགས་པ་གཞན་དང་མཐུན། ཐེག་པ་ཆེན་པོར་ཁས་ལེན་པ་ཡང་ཐེག་པ་ཆེན་པོའི་སྡེར་གཏོགས་པ་གཞན་དང་མཐུན་པ་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དང༌། མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དང་སྦྱར་བའོ། །ཤིན་ཏུ་བསྒྲིབས་པའི་ཆོས་དེ་དག་གང་ཞེ་ན། མྱ་ངན་ལས་འདས་པ་དང་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་ཞིང་ཐ་དད་པའི་ཡོན་ཏན་དང་འཇིག་རྟེན་གྱི་ཁམས་སྣ་ཚོགས་དང་འདི་ལྟ་བུ་ལ་སོགས་ནས་འབྲས་བུའི་བར་གྱི་རྣམ་པ་དྲུག་པོ་གང་ཡང་མངོན་སུམ་གྱིས་མི་དམིགས་ཏེ། ཤིན་ཏུ་བསྒྲིབས་པ་


DTG204_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིན་ནོ། །མཚན་ཉིད་ལྔ་དང་ལྡན་པའི་ལུང་གི་ཚད་མས་ཤིན་ཏུ་བསྒྲིབས་པའི་ཡུལ་ལ་གཞལ་ཞིང་སྒྲུབ་པ་ནི་དཔེར་བྱ་ན། མྱ་ངན་ལས་འདས་པ་ནི་ཞི་བ་སྟེ། སྡུག་བསྔལ་ཐམས་ཅད་དང་བྲལ་བ་མཚན་མ་ཀུན་ལས་འདས་པའོ་ཞེས་རྣམ་པར་ཐར་པའི་སྒོ་གསུམ་སྟོན་པ་ཅན་ལས་འབྱུང་བ་ནི་ལུང་གི་མཚན་ཉིད་དོ། །ཐམས་ཅད་མཁྱེན་པས་མྱ་ངན་ལས་འདས་པ་མངོན་སུམ་དུ་གཟིགས་ཏེ་བསྟན་པར་ལུང་ལས་འབྱུང་བ་ནི་ཉེ་བའི་མངོན་སུམ་གྱི་མཚན་ཉིད་དོ། །རིགས་པ་དང་སྦྱར་ཏེ་དཔྱད་ན། འཕྲལ་གྱི་སྡུག་བསྔལ་ནི་རྒྱུ་སྤང་བས་བསལ་དུ་རུང་ཆོས་ཐམས་ཅད་ནི་རང་བཞིན་མེད་དེ་ཇི་ལྟར་བསྒོམ་དུ་ཡང་རུང་བ་ལས་ན། སྡུག་བསྔལ་བ་དང་མཚན་མ་ཐམས་ཅད་ཞི་བའི་མྱ་ངན་ལས་འདས་པ་ཞིག་ཀྱང་ཡོད་པར་འཐད་པ་ནི་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་མྱ་ངན་ལས་འདས་པའི་མཚན་ཉིད་འདི་འདྲ་བར་འབྱུང་བ་བཞིན་དུ་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་ཐེག་པ་ཆེན་པོའི་སྡེར་གཏོགས་པ་གཞན་ལས་ཀྱང་མྱ་ངན་ལས་འདས་པ་སྡུག་བསྔལ་དང་མཚན་མ་ཐམས་ཅད་ཞི་བའོ་ཞེས་འབྱུང་བ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་གསུམ་ཚོགས་ན་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་དོ། །དེ་ལྟར་མཚན་ཉིད་ལྔ་དང་ལྡན་པའི་ལུང་གི་ཚད་མས་མྱ་ངན་ལས་འདས་པ་ཞི་བའི་མཚན་ཉིད་དུ་སྒྲུབ་པའོ། །ཡིད་ཆེས་པའི་ཚད་མའི་ལུང་གི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡོངས་སུ་མ་དག་པའི་གཏན་ཚིགས་ལ། དེ་ལ་ཡོངས་སུ་མ་དག་པའི་མཚན་ཉིད་བདུན་གང་ཞེ་ན། དེ་ལས་གཞན་དང་མཐུན་པའི་བར་དམིགས་པའི་མཚན་ཉིད་དང༌། དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང༌། ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང༌། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང༌། རང་བཞིན་གྱི་རིགས་དང་མཐུན་པའི་དཔེའི་མཚན་ཉིད་དང༌། ཡོངས་སུ་གྲེགས་པའི་མཚན་ཉིད་དང༌། ལུས་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་དོ་ཞེས་


DTG204_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དེ་དག་གི་བྱེ་བྲག་བཤད་དོ། །དེ་ལས་གཞན་དང་མཐུན་པར་དམིགས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཡོངས་སུ་དག་པའི་མཚན་ཉིད་ལྔ་མ་ཡིན་པའི་ཚད་མ་གཞན་དང་མཐུན་པའི་དམིགས་པ་དང༌། འདུས་བྱས་ཀྱི་ཡུལ་གྱི་མཚན་ཉིད་མི་རྟག་པ་ལ་སོགས་པ་ཇི་ལྟ་བ་ལས་རྟག་པ་དང་བདག་ལ་སོགས་པ་གཞན་དུ་དམིགས་ཏེ། ཕྱིན་ཅི་ལོག་བཞིར་ལྟ་བས་འདུས་མ་བྱས་ཀྱི་མཚན་ཉིད་དང་མཐུན་པར་དམིགས་པ་ལ་སོགས་པའོ། །དེ་ལས་གཞན་དང་མི་མཐུན་པར་དམིགས་པ་ཞེས་བྱ་བ་དེ་ལས་གཞན་ནི་སྔ་མ་བཞིན་ནོ། །མི་མཐུན་པར་དམིགས་པ་ནི་རྣམ་པ་གཉིས་ཏེ། ཚད་མ་གཞན་དང་མི་མཐུན་པ་དང༌། ཡུལ་གྱི་མཚན་ཉིད་གཞན་དང་མི་མཐུན་པར་དམིགས་པ་ཡིན་ཏེ། མངོན་སུམ་འབའ་ཞིག་ཚད་མ་བྱེད་ཅིང་འཕྲལ་དུ་བལྟར་མི་སྣང་བའི་ཡུལ་འཇིག་རྟེན་ཕ་རོལ་མེད་པར་ལྟ་བ་ལ་སོགས་པ་བྱེད་པ་པོ་དང༌། ཆད་པ་པོར་ལྟ་བ་རྣམས་སོ། །ཐམས་ཅད་མཐུན་པར་དམིགས་པ་ནི་ཡོངས་སུ་མ་དག་པའི་མངོན་སུམ་ཡིན་ནོ། །ཐམས་ཅད་མི་མཐུན་པར་དམིགས་པ་ནི་ཡོངས་སུ་མ་དག་པའི་རྗེས་སུ་དཔག་པ་ཡིན་ནོ། །གཞན་གྱི་རིགས་དང་མཐུན་པའི་དཔེ་ནི། ལོག་པའི་སྦྱོར་བས་དཔེ་སྟོན་པའོ། །ཡོངས་སུ་མ་དག་པའི་གྲེགས་པ་ནི་གྲུབ་པའི་མཚན་ཉིད་ལོག་པའོ། །ལུང་རྣམ་པར་མ་དག་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་བསྟན་པའི་ལུང་ངོ༌། །དེ་ལ་ཆོས་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པས། རྣམ་པར་ཤེས་པར་བྱ་བ་ཉིད་དོ་ཞེས་བྱ་བ་འདི་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དོ་ཞེས་གསུངས་པ་དེ་ཇི་ལྟར་ཡོངས་སུ་མ་དག་པའི་མངོན་སུམ་ཡིན་ཞེ་ན། ཤེས་པར་བྱ་བ་ཉིད་དོ་ཞེས་འབྱུང་བའི་སྒྲས་ནི་མངོན་སུམ་གྱི་དོན་ཡིན་ཏེ། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ལོ་ཞེས་བྱ་བའི་ཕྱིར་དབང་པོ་གཟུགས་ཅན་གྱི་རྣམ་པར་ཤེས་པ་ལྔས་མ་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཕྱི་རོལ་གྱི་ཡུལ་ཐམས་ཅད་ལ་མངོན་སུམ་གྱིས་དམིགས་པ་ཉིད་དུ་འཛིན་པ་དང༌། འདས་པ་དང༌། མ་འོངས་པ་དང༌། ལྐོག་ན་འདུག་བ་ལ་སོགས་དྲན་པས་བག་ཆགས་


DTG204_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པའི་ཡུལ་ཡང་དངོས་པོ་ཉིད་མངོན་སུམ་དུ་དམིགས་པ་དང་འདྲ་བར་འཛིན་པ་ལྟ་བུ་ཡད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་མངོན་སུམ་གྱིས་ཚད་མར་འདོད་པ་ཡིན་ཏེ། ཐམས་ཅད་མཐུན་པར་དམིགས་པས་ན་ཡོངས་སུ་མ་དག་པའོ། །གཞན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ནི་དུས་ཐམས་ཅད་དུ་རྟོག་པ་གསུམ་དང་ལྡན་པའི་རང་བཞིན་ཅན་ལ་རྟོག་པ་ཕྲ་མོ་མི་གསལ་བས་མེ་གོལ་ཞིང་མི་རྟོག་པའི་མངོན་སུམ་དུ་འདོད་པ་འབྱུང་བ་དེ་ནི་རྣམ་པར་ཤེས་པ་དྲུག་ཅར་མཚན་ཉིད་འདྲ་བར་འཛིན་པས་ཐམས་ཅད་མཐུན་པར་དམིགས་པར་འགྱུར་ཏེ། མཚན་ཉིད་ཀྱིས་ཡོངས་སུམ་དག་པ་ཡིན་ནོ། །དེའི་ཚུལ་ལས་དྲངས་ཏེ་འདིའི་ནང་དུ་གཏོགས་པར་རྩི་བ་ནི་ཆོས་ཐམས་ཅད་ཀྱང་རྟགས་དང་རང་བཞིན་ལ་སོགས་པ་དྲུག་པོས་ལ་ལ་ནི་མཐུན་ལ་ལ་ནི་མི་མཐུན་པ་ལ་ཐམས་ཅད་མཚུངས་པར་དམིགས་པ་ཡིན་ཏེ། དཔེར་ན་འགྲོ་བ་རྣམས་ལ་སེམས་ཡོད་པ་བཞིན་དུ་ཤིང་དང་རྩྭ་དང་སྨན་ལ་སོགས་པ་ལ་ཡང་སེམས་ཡོད་དོ་ཞེས་ཟེར་བ་དང༌། ས་རྡོ་དང༌། ཁ་ཟས་དང༌། ཆང་ལ་སོགས་པ་རྐྱེན་ཚོགས་པ་ལས་འབྱུང་བ་བཞིན་དུ་འགྲོ་བ་དག་གི་རྣམ་པར་ཤེས་པ་ཡང་འབྱུང་བ་ཆེན་པོ་བཞི་འདུས་པ་ལས་གྱུར་ཏེ་འཇིག་རྟེན་གཞན་དུ་འགྲོ་བ་མེད་དོ་ཞེས་ཟེར་བའོ། །དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་ཚུལ་ལ་གནས་སོ་ཅོག་ཀྱང་ཐར་པའི་ལམ་དུ་མཚུངས་སོ་ཞེས་ཟེར་བ་དང༌། ཆོས་གང་ལ་སྒྲིབ་པ་ཡོད་པ་དང་སྒྲིབ་པ་མེད་པ་ཐམས་ཅད་ལ་ཡང་མངོན་སུམ་འབའ་ཞིག་གིས་དམིགས་པར་འདོད་དེ། མངོན་སུམ་གྱིས་མི་དམིགས་སོ་ཅོག་མེད་པར་ལྟ་བ་དང༌། འདི་ལྟ་བུ་དག་ནི་ཐམས་ཅད་མཐུན་པར་དམིགས་པ་ཡིན་ནོ། །གང་ཡང་རྟགས་དང་རང་བཞིན་དང་ལས་དང་ཆོས་དང་རྒྱུ་དང༌། འབྲས་བུའི་མི་མཐུན་པ་གང་ཡང་རུང་བ་ཅིག་གི་མི་མཐུན་པས་ཕན་ཚུན་ངེས་པར་མི་མཐུན་ཞེས་བྱ་བ་འདི་ནི་རྣམ་པ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དོ་ཞེས་གསུངས་པ། དེ་ཇི་ལྟར་ཡོངས་སུ་མ་དག་པའི་རྗེས་སུ་དཔག་པ་ཡིན་ཞེ་ན། རྟགས་ལ་སོགས་པ་དྲུག་པོ་གཅིག་གིས་མི་མཐུན་པ་དེ་ལས་དེའི་རྣམ་པ་གཞན་ཡང་ངེས་པར་མི་མཐུན་ནོ་ཞེས་དཔོག་པས་ན་རྗེས་


DTG204_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཔག་པ་ཡིན་ཏེ། རྣམ་པ་ཁ་ཅིག་གིས་མི་མཐུན་པ་ཡང་རྣམ་པ་ཁ་ཅིག་གིས་མཐུན་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མཐུན་པར་དཔོག་པ་ནི་མཚན་ཉིད་ཀྱིས་ཡོངས་སུ་མ་དག་སྟེ། ཡོངས་སུ་མ་དག་པའི་རྗེས་སུ་དཔག་པ་ཞེས་བྱའོ། །དེ་ལ་རྟགས་གང་ཞེ་ན། གང་མངོན་སུམ་གྱིས་མི་དམིགས་པ་དེ་ལ་གནས་པར་ངེས་པའི་ཆོས་བཞིན་ནོ། །རང་བཞིན་གང་ཞེ་ན། རང་གི་མཚན་ཉིད་དོ། །ལས་གང་ཞེ་ན། དེས་བྱ་བའོ། །ཆོས་གང་ཞེ་ན་ཚུལ་ལོ། །རྒྱུ་གང་ཞེ་ན་དེ་བསྐྱེད་པའོ། །འབྲས་བུ་གང་ཞེ་ན་དེས་བསྐྱེད་པར་བྱ་བའོ། །དེ་དག་གི་བྱེ་བྲག་དཔེས་བསྟན་པ་སའི་རྟགས་ནི་གང༌། གནས་པ་བརྟན་པར་སྣང་བའོ། །རང་བཞིན་ནི་སྲ་བའོ། །ལས་ནི་འཛིན་པའོ། །ཆོས་ནི་བརྩེག་ཏུ་རུང་བའོ། །རྒྱུ་ནི་སྲ་བར་རྣམ་པར་རྟོག་པའོ། །འབྲས་བུ་ནི་འབྱུང་བ་ལས་གྱུར་པའོ། །དབྱར་གྱི་ཆུའི་རྟགས་ནི་ཆུ་སྐྱར་རོ། །རང་བཞིན་ནི་གཤེར་བའོ། །ལས་ནི་བསྡུ་བའོ། །ཆོས་ནི་འབྱིང་བའོ། །རྒྱུ་ནི་སེམས་ཅན་གྱི་གཤེར་བ་རྣམ་པར་རྟོག་པའོ། །འབྲས་བུ་ནི་སྨུམ་པ་དང་མཉེན་པར་གྱུར་པའོ། །མེའི་རྟགས་ནི་དུ་བའོ། །རང་བཞིན་ནི་དྲོ་བའོ། །ལས་ནི་འཚེད་པར་བྱེད་པའོ། །ཆོས་ནི་འབར་བའོ། །རྒྱུ་ནི་སེམས་ཅན་གྱི་ཚ་བ་རྣམ་པར་རྟོག་པའོ། །འབྲས་བུ་ནི་ཚོས་པར་འགྱུར་བའོ། །རླུང་གི་རྟགས་ནི་རྡུལ་དང་སྒྲའོ། །རང་བཞིན་ནི་གཡོ་བའོ། །ལས་ནི་བསྐྱོད་པའོ། །ཆོས་ནི་མི་གནས་པའོ། །རྒྱུ་ནི་སེམས་ཅན་གྱི་གཡོ་བ་རྣམ་པར་རྟོག་པའོ། །འབྲས་བུ་ནི་གཡོས་པར་གྱུར་པའོ། །སྡོང་པོ་ནི་ཤིང་བྱ་དང༌། དེའི་ཆང་ངོ༌། །རང་བཞིན་ནི་བཤན་པའོ། །ལས་ནི་སྟོན་པའོ། །ཆོས་ནི་གཞོག་ཏུ་རུང་བའོ། །རྒྱུ་ནི་རང་གི་ས་བོན་ནོ། །འབྲས་བུ་ནི་རང་གི་ཤིང་ཏོག་གོ །སེམས་ཅན་གྱི་རྟགས་ནི་སྨྲ་བ་དང་གཡོ་བའོ། །རང་བཞིན་ནི་རྣམ་པར་ཤེས་པའོ། །ལས་ནི་ཕན་པའམ། གནོད་པའམ་གཉིས་ཀ་མ་ཡིན་པར་བྱེད་པའོ། །ཆོས་ནི་འཚོ་བ་ལ་བརྟེན་པའོ། །རྒྱུ་ནི་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་ལས་སོ། །འབྲས་བུ་ནི་བདེ་བ་དང་སྡུག་བསྔལ་བ་དང༌། བདེ་བ་དང་སྡུག་བསྔལ་བ་མ་ཡིན་ནོ། །སེམས་ཅན་ལས་བྱེ་བྲག་ཏུ་བྱ་ན་སོ་སོའི་སྐྱེ་བོའི་རྟགས་ནི་རྩེ་


DTG204_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཅ་ཅོའོ། །རང་བཞིན་ནི་ཟག་པ་དང་བཅས་པའི་རྣམ་པར་ཤེས་པའོ། །ལས་ནི་རང་གི་རིགས་ཀྱི་དོན་གཉེར་བའོ། །ཆོས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་དབང་དུ་གྱུར་པའོ། །རྒྱུ་ནི་ལས་དང་ཉོན་མོངས་པའོ། །འབྲས་བུ་ནི་ཆའོ། །བྱང་ཆུབ་སེམས་དཔའི་རྟགས་ནི་ལག་བརྐྱང་ཞིང་སྦྱིན་པ་དང་བརྟན་པའོ། །རང་བཞིན་ནི་སྙིང་རྗེ་དང་བྱམས་པར་ལྡན་པའི་ཡེ་ཤེས་སོ། །ལས་ནི་སེམས་ཅན་ལ་ཕན་འདོགས་པའོ། །ཆོས་ནི་དུལ་ཞིང་ཆོས་ཀྱི་དབང་དུ་གྱུར་པའོ། །རྒྱུ་ནི་དགེ་བའི་བཤེས་གཉེན་ཆོས་དམ་པ་སྟོན་པའོ། །འབྲས་བུ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ལ་གཅིག་གིས་མི་མཐུན་པས་ཐམས་ཅད་མི་མཐུན་པར་དམིགས་པ་གང་ཞེ་ན། མི་དང་བྱོལ་སོང་གཉིས་བློ་ལ་སོགས་པའི་ཚུལ་མི་འདྲ་སྟེ། མི་ལ་ནི་འཇིག་རྟེན་ཕ་རོལ་ཡོད་ཀྱི་བྱོལ་སོང་ལ་ནི་འཇིག་རྟེན་ཕ་རོལ་མེད་དོ་ཞེས་ཟེར་བ་དང༌། འཇིག་རྟེན་ཕ་རོལ་ཡོད་ན་ཡང་རིགས་མཐུན་མཐུན་དུ་འཁོར་གྱི་མི་ལས་བྱོལ་སོང་ལས་མིར་སྐྱེ་བར་མི་འགྱུར་རོ་ཞེས་ཟེར་བ་ཡིན་ཏེ། ཕྱོགས་གཅིག་མི་མཐུན་པས་ཐམས་ཅད་མི་མཐུན་པར་དམིགས་སུ་མི་རུང་བ་ནི་དཔེར་ན་དགུན་གྱི་ཚེ་ནང་པར་ལུ་མ་ལས་རླངས་པ་འབྱུང་བ་དང༌། ཆུ་གཞན་ལས་འཁྱག་པ་སྣང་བ་གཉིས་རྟགས་མི་མཐུན་ལ་རྟགས་ཅན་གྱི་རང་བཞིན་ཆུར་མཚུངས་པ་དང་སྐྱེས་པ་རང་གི་ཚུལ་དུ་འདུག་པ་དང༌། སྐྱེས་པ་མོ་ཆར་ཞུགས་པ་ལ་སོགས་པ་རྟགས་མི་མཐུན་ཏེ། སྐྱེས་པའི་རང་བཞིན་དུ་མཚུངས་པ་ཡང་ཡོད་པས་ན་རྟགས་མི་མཐུན་པ་ཞེས་ཕན་ཚུན་ངེས་པར་མི་མཐུན་པའི་ནང་དུ་གཞུག་ཏུ་དེ་ལྟར་མི་རུང་ངོ༌། །མེ་གང་ན་འབར་བའི་རྟགས་སུ་དུ་བ་འབྱུང་བ་དང་ཆར་གང་དུ་འབབ་པའི་རྟགས་ན་བུན་བྱུང་བ་གཉིས་རྒྱང་མ་ནས་འཐུལ་བར་འདྲ་ལ་རྟགས་ཅན་གྱི་རང་བཞིན་མེ་དང་ཆུ་ཡིན་པས་མི་མཚུངས་པ་དང༌། སྐྱེས་པ་རང་གི་ཚུལ་དུ་འདུག་པ་དང༌། བུད་མེད་ཕོ་ཆར་ཞུགས་པ་གཉིས་རྟགས་ཅན་གྱི་རང་བཞིན་སྐྱེས་པ་དང༌། བུད་མེད་ཡིན་ཏེ་མི་མཐུན་ལ་རྟགས་ཀྱི་ཚུལ་མཐུན་པ་ལ་སོགས་པ་ཡང་ཡོད། མར་འཁྱག་པར་བྱ་བ་ན་ཆུ་གྲང་མོའི་ནང་དུ་གཞུག་པ་དང་ཆུ་གྲང་མོའི་ནང་དུ་བཅུག་པས་ཀྱང་བུ་


DTG204_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རམ་ཞུ་བར་འགྱུར་བ་གཉིས་ནི་འཁྱག་པ་དང་འཇུ་བའི་ཆོས་མི་འདྲ་སྟེ། ཆུར་གཞུག་པའི་ལས་འདྲ་བ་དང་སྤྱིན་གྱིས་སྦྱར་བ་སྐམ་ན་ཚ་བས་འདུག་པ་དང་རྒྱ་སྐྱེགས་བཞུ་བར་བྱ་ན་ཡང་ཚ་བས་འདུག་པ་ལྟ་བུ་ལ་སོགས་པ་ཚ་བ་ལ་འདུག་པའི་ལས་འདྲ་ལ་སྐམ་པ་དང་ཞུ་བའི་ཆོས་མི་མཐུན་པ་ལ་སོགས་པ་ཡང་ཡོད། ཆུ་ལ་གྲུ་འདོར་བ་དང་ཟམ་པ་འདོགས་པ་གཉིས་ཀྱི་ཆོས་མི་མཐུན་ལ་ཆུ་རྒལ་བའི་ལས་བྱེད་པར་མཐུན་པ་དང༌། ཕྱུགས་ལ་ཞོན་པ་དང༌། ཤིང་རྟར་འཇུག་པ་གཉིས་ཀྱི་ཆོས་མི་མཐུན་ལ། ལམ་བགྲོད་པར་བྱེད་པ་ལས་མཐུན་པ་ལ་སོགས་པ་ཡང་ཡོད། ཨ་རུ་ར་ལ་སོགས་པའི་སྨན་འཐུངས་པ་དང༌། བལ་བུ་ལ་སོགས་པའི་སྨན་འཐུངས་པ་གཉིས་ཀས་ནད་སོས་པ་ནི་སྨན་ཐ་དད་དེ། རྒྱུ་མི་མཐུན་ལ་བདེ་བ་ཐོབ་པའི་འབྲས་བུ་མཚུངས་པ། འབྲུ་དང༌། ཤ་དང་ཚོད་མ་ལ་སོགས་པའི་ཟས་ཐ་དད་པ་ཟོས་པས་འགྲངས་པར་འགྱུར་བ་ཟས་ཀྱི་རྣམ་པ་མི་མཐུན་ལ་འགྲངས་པར་མཐུན་པ་ལ་སོགས་པ་ཡང་ཡོད། བཀྲེས་པ་ལས་ཟས་སྣ་གཅིག་ཟོས་པ་དང༌། འགྲངས་བཞིན་པ་ལས་ཟས་སྣ་གཅིག་ཟོས་པ་གཉིས་གཅིག་ནི་འགྲངས་ཏེ་བདེ་བར་གྱུར་པ་དང༌། གཅིག་ནི་ན་སྟེ་མི་བདེ་བར་གྱུར་པ་གཉིས་བཟའ་བའི་རྒྱུ་མཐུན་ལ་བདེ་བ་དང༌། ན་བའི་བྱེ་བྲག་ཏུ་གྱུར་པས་འབྲས་བུ་མི་མཐུན་པ་དང༌། ག་པུར་དང་ཙནྡན་ལྟ་བུ་གྲང་བའི་ནད་ཀྱིས་བཏབ་པ་དང༌། ཚ་བའི་ནད་ཀྱིས་བཏབ་པ་གཉིས་ཀ་ལ་བཏང་སྟེ། ཚ་བ་ནི་སོས་གྲང་བ་ནི་ན་བར་གྱུར་ལ། སྨན་གྱི་རྒྱུ་མཚུངས་ཏེ། སོས་པ་དང་ན་བར་གྱུར་པ་འབྲས་བུ་མི་མཐུན་པ་ལ་སོགས་པ་ཡང་ཡོད་དེ། དེ་འདྲ་བའི་ཚུལ་གྱིས་མཐུན་པའི་ཆ་ཡང་ཡོད། མི་མཐུན་པའི་ཆ་ཡང་ཡོད་པ་ལ་རྣམ་པ་ཐམས་ཅད་མི་མཐུན་པར་དཔག་ཏུ་དེ་ལྟར་མི་རུང་ངོ༌། །ཡང་དེ་ལས་གཞན་དང་མཐུན་པ་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཐམས་ཅད་མི་མཐུན་པ་དམིགས་པའི་མཚན་ཉིད་ཡོད་པའི་ཕྱིར་དེ་འགྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པས་ན་དེ་ཡོངས་སུ་མ་གྲེགས་པའི་མཚན་ཉིད་ཅེས་བྱའོ་ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །དེ་ལས་གཞན་དང་མཐུན་པ་དམིགས་པ་


DTG204_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ཏེ་ཚད་མ་མཚན་ཉིད་ལྔ་པ་ལས་གཞན་དང་མཐུན་པ་དང༌། ཡུལ་གྱི་མཚན་ཉིད་ཇི་ལྟ་བ་ལས་གཞན་དུ་དམིགས་པའོ། །དཔེ་དང་བཅས་པ་ཞེས་བྱ་བ་ལ་སོགས་པས་བཤད་པ་ནི་མི་མན་ས་ཀའི་མངོན་སུམ་ནིར་གྲན་ཏ་ལ་སོགས་པའི་ཚད་མ་དང་མཐུན་ཏེ། མངོན་སུམ་ནི་དང་པོའི་ལྟ་བའི་ཤེས་པ་དངོས་པོ་འབའ་ཞིག་ལས་སྐྱེས་པ་བྱིས་པ་དང༌། ལྐུགས་པའི་རྣམ་པར་ཤེས་པ་དང་འདྲ་བའོ་ཞེས་བྱ་བ་ཡང་མཚན་ཉིད་གཞན་མི་འདོད་པས་དུས་ལ་ལ་ཞིག་ཏུ་སྡོང་དུམ་ལ་མིར་དམིགས་པ་ཡང་འབྱུང་སྟེ། ཉེ་བའི་རྗེས་སུ་དཔག་པས་བརྟགས་ཏེ། རྟོགས་པ་ནི་ཉེ་བའི་རྗེས་སུ་དཔག་པ་གཉེན་པོར་འགྱུར་བ་རྟགས་ལ་སོགས་པ་མི་མཐུན་པ་ཡོད་པ་དང༌། བརྟི་ཀའི་ཚུལ་གསུམ་པའི་རྗེས་སུ་དཔག་པ་ནི་བེའི་ཤེ་ཤི་ཀའི་རྗེས་སུ་དཔག་པའི་མཚན་ཉིད་དཔག་པར་བྱ་བ་དང་འབྲེལ་པར་གྲུབ་པ་དེ་དང་ལྡན་པ་ལ་ཡོད་པ་དེ་མེད་པའི་རྟགས་ཀྱིས་རྗེས་སུ་དཔག་གོ་ཞེས་ཟེར་བ་དང་མཐུན་ཏེ། དེ་ལ་ཡང་ཁྱབ་པར་སྟོན་པས་མི་མཐུན་པར་ཡོད་པ་དང༌། སང་ཀྱ་དང་བརྟི་ཀ་པ་ལ་སོགས་པའི་བདག་དང་གཞན་གྱི་རྗེས་སུ་དཔག་པ་ཞེས་བྱ་བ་ཡང་ནེའི་ཡ་ཡི་ཀའི་ཚད་མ་དང་མཐུན་པ་རྟགས་དུ་བ་ལ་སོགས་པ་མཐོང་བའི་རྗེས་སུ་དཔག་ཏུ་ཟད་དེ་མཚན་ཉིད་གཞན་དང་མི་སྦྱོར་བས་དུ་བ་མཐོང་བ་ལ། ན་བུན་ལྟ་བུ་འདྲ་བ་གཞན་དང་ནོར་བ་ཡང་འབྱུང་སྟེ་ཆར་གང་ན་འབབ་པ་ན་མེ་ཡོད་པར་དཔོག་པ་ལྟ་བུ་རང་བཞིན་ལ་སོགས་པ་མི་མཐུན་པ་ཡོད་པ་དང༌། བརྟི་ཀ་པའི་མི་དམིགས་པའི་གཏན་ཚིགས་ནི་མི་མན་ས་ཀའི་དངོས་པོ་མེད་པའི་ཚད་མ་དང་མཐུན་ཏེ། ཕྱོགས་ཀྱི་བྱེ་བྲག་ལ་ལ་ཞིག་ན་བུམ་པ་དང་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར་བུམ་པ་མེད་པར་སྤྱོད་པའི་ཡུལ་དུ་འགྲུབ་སྟེ། རི་བོང་གི་རྭ་ལ་སོགས་པ་གཞན་མེད་པའི་ཡུལ་དུ་གྲུབ་པ་བཞིན་ནོ་ཞེས་བྱ་བ་ཡང་བུམ་པ་མེད་པའི་ཐང་བུ་མངོན་སུམ་དུ་གྱུར་པ་ལས་བུམ་པ་མེད་པ་ཞེས་བྱ་བ་ཡང་ལོགས་ཤིག་ན་མེད་པས་བསྒྲུབ་པ་དང༌། སྒྲུབ་པར་བྱེད་པ་གཉིས་སུ་དབྱེར་མེད་དེ་རང་བཞིན་མི་མཐུན་པ་ཡོད་པ་དང༌། ཙར་ཀའི་རིགས་པའི་ཚད་མ་འདི་ཡོད་ན། འདི་ཡོད་པ་ལས་


DTG204_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བྱུང་བར་སྒྲུབ་པོ་ཞེས་བྱ་བ་ཡང༌། ནེའི་ཡ་ཡི་ཀའི་རྗེས་སུ་དཔག་བ་ལས་སྔ་མ་ཅན་ཞེས་བྱ་བ་དང་མཐུན་པ་དེ་ཡང་རིགས་པ་དང་སྦྱར་ཞིང་ནང་ཀྱི་གཞི་ཅི་ལས་གྱུར་པ་བརྟག་པ་ནི་རླུང་དང་མཁྲིས་པ་ལ་སོགས་པ་ལུས་ཀྱི་ནང་ན་ཡོད་པ་བལྟར་མི་སྣང་སྟེ། དེ་དག་དེ་དག་ལས་བྱུང་བར་ངེས་པ་མེད་པས་འགྲུབ་པ་ལ་མ་ངེས་པ་དང༌། མི་མན་ས་ཀའི་དོན་གྱིས་གོ་བའི་ཚད་མ་ལ་མེ་ཚ་བར་རིག་ནས་སྲེག་ནུས་པར་ཡང་དོན་གྱིས་ཤེས་སོ་ཞེས་བྱ་བ་ནི་ཡོ་ག་ཙ་ར་མའི་རང་བཞིན་གྱི་རྗེས་སུ་དཔག་པ་དང་མཐུན་པ་དེ་ཡང་མེས་སྲེག་པར་བྱེད་པ་མ་མཐོང་ན་དྲོ་བ་ཙམ་གྱིས་ཚིག་པར་མི་ནུས་ཏེ། དྲོ་བ་ཙམ་གྱིས་ཚིག་པར་མི་འགྱུར་བས་སྒྲུབ་པ་ལ་མ་ངེས་པ་དང༌། མི་མན་ས་ཀའི་དངོས་པོ་མེད་པའི་ཚད་མ་དང༌། ཚད་མ་ལྡ་ལོག་པ་དང་དེ་མ་ཡིན་པས་གཞན་ཤེས་པ་དང༌། བདག་ཤེས་པ་ལས་གྲོལ་བའོ་ཞེས་བྱ་བ་ནི་མི་དམིགས་པའི་ཚད་མ་དང་མཐུན་ཏེ་དེ་ཡང་དངོས་པོ་ཡོད་དོ་ཅོག་ལ་བསྒྲུབ་པའི་ཚད་མ་ཡིན་པས་ཚད་མ་མེད་ཀྱང་དངོས་པོ་མེད་པར་མི་འགྱུར་ཏེ། མེད་པར་མ་ངེས་པ་དང༌། དེ་མ་ཡིན་པ་གཞན་དམིགས་པ་ལས་དངོས་པོ་མེད་པ་སྒྲུབ་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མངོན་སུམ་གྱིས་མེད་པར་དམིགས་སུ་ཟད་དེ། ཚད་མ་གཞན་དུ་མི་འགྱུར་བ་དང༌། བདག་ཤེས་པ་ལས་གྲོལ་བ་ཞེས་བྱ་བ་ཡང་ཚད་མ་ནི་འཇིག་རྟེན་ཀུན་གྱིས་ཀྱང་གཞལ་དུ་རུང་བར་བྱ་དགོས་ན། བདག་ཅེས་བྱ་བ་ཉིད་ཡོད་པར་མ་གྲུབ་པས་ན་གཞལ་ཞིང་སྒྲུབ་ཏུའང་མི་རུང་སྟེ། འགྲུབ་པ་ལས་མ་ངེས་པ་དང༌། ནེའི་ཡ་ཡི་ཀའི་ཉེ་བར་འཇོལ་བའི་ཚད་མ་ནི་མི་མན་ས་ཀའི་ཚད་མ་དང་མཐུན་ཏེ། བ་མེན་སྔོན་མ་མཐོང་བའི་མི་ལ། བ་མེན་བ་གླང་དང་འདྲའོ་ཞེས་བསྟན་ན་དེ་གཉིས་འདྲ་བར་ཤེས་པའོ་ཞེས་བྱ་བ་ཡང༌། བ་མེན་ལ་ནོག་དང་ལྐོག་ཤལ་ལ་སོགས་པ་མེད་དེ། འདྲ་བའི་དཔེ་ཡང་མི་རུང་ལ་གཞན་གྱིས་བསྟན་པའི་ཚིག་ལས་ཤེས་པར་ཟད་པས་ལུང་གི་ཚད་མར་འགལ་ཏེ་ཚད་མའི་རང་བཞིན་མི་མཐུན་པ་ཡོད་པ་དང་འདུ་བྱེད་ཐམས་ཅད་མི་རྟག་པ་དང༌། བདག་མེད་པ་ལ་སོགས་པའི་རང་བཞིན་ཡིན་པ་ལས་སྐྱེ་བའི་རྒྱུན་ལ་འདུས་མ་བྱས་རྟག་པ་དང་མཐུན་པ་དང་བདག་ཡོད་བ་ལ་སོགས་པར་དམིགས་ཏེ། དཔེར་ན་


DTG204_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་དག་དེ་ཉིད་ཡིན་པར་ངོ་ཤེས་པ་ལས་ན་རྟག་པར་མངོན་ཏེ། བྲག་དང་རྡོ་རྗེ་བཞིན་ནོ་ཞེས་ཟེར་བ་ལ་སྐྱེ་བོའི་རྒྱུན་ལ་ཡང་འགྱུར་བའི་རྒྱུན་ཆད་པ་ལྟ་བུ་མི་མཐུན་པ་ཡོད་པ་དང་དེ་ཉིད་ཡོད་པར་འཛིན་པ་ཡང་ཆུ་འབབ་པ་དང༌། རྩི་ཤིང་ལ་སོགས་པ་བརྔས་ནས་སླར་སྐྱེས་པ་ལྟ་བུ་མི་རྟག་པ་ལ་ཡང་དེ་ཉིད་ཡིན་པར་འཛིན་པ་ཡོད་དེ་འགྲུབ་པ་ལ་གཅིག་ཏུ་མ་ངེས་པ་དང༌། བདག་ནི་ཁྱབ་པ་ཡིན་ཏེ་ཡོན་ཏན་ཐམས་ཅད་ན་སྣང་བའི་ཕྱིར་ནམ་མཁའ་དང་འདྲའོ་ཞེས་བྱ་བ་ལ་བདག་མངོན་སུམ་བ་ནང་སྤུན་ཏེ། མངོན་སུམ་གྱི་མཚན་ཉིད་བཞི་དང་སྦྱར་ན་ལ་ལས་ནི་ཁྱབ་པར་དམིགས། ལ་ལས་ནི་ཡུངས་འབྲུ་དང༌། མཐེ་བོ་དང༌། རྡུལ་ཕྲ་མོ་ཙམ་དུ་དམིགས་པས་ཞེས་ཟེར་བ་ནང་འགལ་བས་མངོན་སུམ་གྱིས་སུན་བྱུང་བ་ལ་སོགས་ཏེ། འགྲུབ་པ་ལ་གཅིག་ཏུ་མ་ངེས་པ་རྣམས་སོ། །ཡང་དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པའི་ཕྱིར་འགྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པས་ན་དེ་ནི་ཡོངས་སུ་མ་གྲོགས་པའི་མཚན་ཉིད་ཅེས་བྱའོ། །ཡོངས་སུ་མ་གྲེགས་པའི་ཕྱིར་རིགས་པས་བརྟག་པ་ཡང་ཡོངས་སུ་མ་དག་པ་ཡིན་ཏེ། ཡོངས་སུ་མ་དག་པའི་ཕྱིར་བརྟན་པར་མི་བྱའོ་ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །དེ་ལས་གཞན་དང་མི་མཐུན་པར་དམིགས་པ་ནི་སྔར་བཤད་པ་བཞིན་ཏེ། ཚད་མའི་གྲངས་དང་མཚན་ཉིད་གཞན་གང་དང་ཡང་མི་མཐུན་པར་དམིགས་པ་དང༌། ཡུལ་གཞན་གང་དང་ཡང་མི་མཐུན་པར་དམིགས་པའོ། །དེ་དག་དཔེ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི། ལོ་ཀ་ཡ་ཏ་པ་དག་མངོན་སུམ་གཅིག་པུ་ཚད་མར་བྱེད་ཅིང་རྣམ་པར་ཤེས་པ་ནི། འབྱུང་བ་ཆེན་པོ་བཞི་ལས་སྐྱེས་ཏེ། ཆང་ལ་ར་རོ་བ་ཡོད་པར་ནུས་པ་དང་འདྲའོ། །འཇིག་རྟེན་ནི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཙམ་ཞིག་ཡོད་དུ་ཟད་དེ། ལུས་ཞིག་སྟེ་རྡུལ་དུ་གྱུར་ནས་གཞན་དུ་འཁོར་བ་མེད་དོ་ཞེས་ཟེར་བ་ནི། ཚད་མ་དང་ལྟ་བ་གཞན་གང་དང་ཡང་མི་མཐུན་ཏེ། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་མངོན་སུམ་གྱིས་བརྟགས་ན་རྣམ་པར་ཤེས་པ་འབྱུང་བ་ཆེན་པོ་བཞི་བ་ལས་


DTG204_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་ཤིག་ན་ཡོད་པར་ཡང་དམིགས་ལ་འཇིག་རྟེན་གྱི་ལྷ་དང་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་འཇིག་རྟེན་གཞན་དུ་འཕོ་བར་དམིགས་ཏེ། རྣམ་པར་ཤེས་པ་འབྱུང་པ་ཆེན་པོ་ལས་སྐྱེས་བ་དང༌། ལུས་ཞིག་ནས་མེད་པར་གྱུར་པར་མ་དམིགས་ཏེ། འགྲུབ་པ་ལ་གཅིག་ཏུ་མ་ངེས་པ་དང༌། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བྲམ་ཟེ་རྒྱུ་མེད་པར་སྨྲ་བ་དག་འདི་སྐད་ཅེས་ཟེར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་དེ་རྒྱུ་དང་རྐྱེན་ལས་བྱུང་བ་མ་ཡིན་པ་ནི། དཔེར་ན་ཚེར་མའི་རྩེ་མོ་རང་བཞིན་གྱིས་རྣོ་བ་ལ་སོགས་པ་དང་འདྲའོ་ཞེས་ཟེར་བ་ལ་ཆོས་ཐམས་ཅད་སོ་སོའི་རྐྱེན་དུ་ངེས་པ་ལས་འབྱུང་བར་སྣང་སྟེ། དཔེར་ན་ཤིང་སྡོང་པོ་ལ་མདའ་དང་མདུང་གི་རང་བཞིན་མེད་ཀྱང་བཟོ་བོའི་རྐྱེན་གྱིས་མདའ་དང་མདུང་དུ་བྱར་རུང་བ་ལྟ་བུ་རང་བཞིན་གྱིས་གྲུབ་པ་མ་ཡིན་པར་སུན་ཕྱུང་བ་ལ་སོགས་པར་རྒྱ་ཆེར་གསུངས་པ་ཡང༌། ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་པར་སྨྲ་བ་དང་བཅས་པ་ནི་ཚད་མ་ལྟ་བ་གཞན་གང་དང་ཡང་མི་མཐུན་པས་ན། དེ་ལས་གཞན་དང་མི་མཐུན་པར་དམིགས་པ་ཡིན་ཏེ། དེ་ཡང་སྡོང་པོ་ལ་མདའ་མདུང་གི་རང་བཞིན་མེད་པ་ལས་བཟོ་བོའི་རྐྱེན་གྱིས་བྱས་པ་རང་བཞིན་གྱིས་ཡོད་པར་མ་དམིགས་ཏེ། འགྲུབ་པ་ལ་མ་ངེས་པ་དང་དངོས་པོ་སྔ་མ་འགགས་པའི་རྒྱུན་མཐོང་ནས་ཕྱིན་ཆད་མེད་པ་དང༌། ཆད་པར་ལྟ་བ་ལ་ཡང་སྐྱེ་བའི་རྒྱུན་རྟག་པ་ཡོད་པས་ཆད་པ་མི་འགྲུབ་པ་དང༌། པར་སིག་གཡོན་ཆེན་མར་མ་ནི། གཡོན་མི་བཟོད་པས་གཙུག་ལག་ཀུན་དང་མི་མཐུན་པ་གཅིག་བྱ་བའི་ཕྱིར་གཙུག་ལག་ཀུན་ནས་དྲངས་ཏེ། བྱས་པ་ལྟ་བུ་ཆེད་དུ་མི་མཐུན་པར་སྦྱར་ན། གཙུག་ལག་གཞན་གྱིས་གྲུབ་པའི་མཐའ་ཡོད་པར་གྱུར་ཏེ། མ་གྲུབ་པ་ལ་སོགས་པའོ། །དེ་ལྟར་ལུང་ཤིན་ཏུ་རྣམ་པར་མ་དག་པའི་མཚན་ཉིད་ནི་རང་བཞིན་གྱིས་མ་དག་པར་ཤེས་པར་བྱའོ་ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །དེ་གང་ཞེ་ན། ལུང་དེ་སྟོན་པའི་ཡེ་ཤེས་རྣམ་པར་མ་དག་པས་དེས་བསྟན་པའི་ལུང་རྣམ་པར་མ་དག་པའི་ཕྱིར་རང་བཞིན་གྱིས་མ་དག་གོ །དེའི་ཡེ་ཤེས་རྣམ་པར་མ་དག་


DTG204_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་ཉིད་གང་ཞེ་ན། སྒྲིབ་པ་མ་སྤངས་པའི་ཕྱིར་ཤེས་རབ་ཡོངས་སུ་མ་དག་པས་ཐབས་ཀྱིས་འཆིང་བ་དང༌། ཐབས་ལ་མི་མཁས་པས་འཆལ་བའི་ཤེས་རབ་ཏུ་འགྱུར་བ་དང༌། རྒྱ་ཆུང་ཞིང་མཐའ་དང་བཅས་པའོ། །དེའི་ལུང་རྣམ་པར་མ་དག་པའི་མཚན་ཉིད་གང་ཞེ་ན། དོན་དམ་པའི་བདེན་པར་ཡང་རང་བཞིན་ཡོད་པར་སྟོན་པ་ཡིན་ཏེ། རང་བཞིན་ཡོད་པ་ལས་ཀྱང་བྱེ་བྲག་ཏུ་ཕྱིན་ཅི་ལོག་བཞིའི་མཚན་ཉིད་དང་ལྡན་པས་འདུ་བྱེད་ཀྱི་མཚན་ཉིད་ཆོས་རྣམས་ལ་རྟོག་གོ་ཞེ་འམ། བདེའོ་ཞེ་འམ། གཙང་ངོ་ཞེས་བྱ་བའོ། །གཙུག་ལག་དེ་འདྲ་བར་སྟོན་པའི་ཡེ་ཤེས་རྣམ་པར་མ་དག་སྟེ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཡང་ལུང་གི་མཚན་ཉིད་ལས་ཤེས་སོ། །དེའི་ལུང་རྣམ་པར་མ་དག་པ་ཡིན་པར་ཡང་དེའི་ཡེ་ཤེས་སྒྲིབ་པ་དང་བཅས་པར་གྱུར་པ་ལས་སོ། །རྣམ་པར་མ་དག་པའི་ལུང་དེ་དག་ནི་འཕགས་པ་རིན་པོ་ཆེ་དཔལ་ལ་སྐར་མཁན་གྱི་གཙུག་ལག་སུན་ཕྱུང་བ་དང༌། འཕགས་པ་ཆོས་དམ་པ་དྲན་པ་ཉེ་བར་གཞག་པ་ལས་བྲམ་ཟེ་དག་གི་སྟོན་པ་འབྱུང་བ་ཡོན་ཏན་དང་བ་ལ་སོགས་པའི་ཕྱིར་བརྫུན་སྨྲས་ན་མི་འཆགས་སོ་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་པ་ལས་ཕྱི་རོལ་དུ་གྱུར་པ་མཐའ་དག་གི་ལུང་ཤིན་ཏུ་རྣམ་པར་མ་དག་པའི་མཚན་ཉིད་དོ། །ཡོངས་སུ་མ་དག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཆོས་ཉིད་ཀྱི་རིགས་པའི་མཚན་ཉིད་ལ། དེ་ལ་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་སྟེ་ཆོས་ཉི་དང་ཆོས་གནས་པའི་དབྱིངས་འདུག་པ་དེ་ནི། ཆོས་ཉིད་ཀྱི་རིགས་པའོ་ཞེས་གསུངས་པ་དེའི་བྱེ་བྲག་བཤད་དོ། །ཆོས་ཉིད་ཀྱི་རིགས་པར་ལྟ་བ་གང་ལ་ཆོས་རྣམས་ཀྱི་བདེན་ལ་ཞེས་བྱ་བ་ཆོས་ཉིད་ཀྱི་རིགས་པ་ཡང་ཡིན་ཏེ། རྣམ་པ་བཅུར་ཤེས་པར་བྱའོ། །དེ་གང་ཞེ་ན། འཕགས་པ་ཆོས་ཀུན་བགྲོ་བའི་མདོ་ལས་འབྱུང་བ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་དང༌། མཚན་ཉིད་ཀྱི་བདེན་པ་དང༌། རྣམ་པར་དབྱེ་བའི་བདེན་པ་དང༌། ངེས་པར་


DTG204_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་བདེན་པ་དང༌། དངོས་པོའི་བདེན་པ་དང༌། ནུས་པའི་བདེན་པ་དང༌། ཟད་པ་དང་མི་སྐྱེ་བའི་ཤེས་པའི་བདེན་པ་དང༌། ལམ་ལ་འཇུག་པའི་ཤེས་པའི་བདེན་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། འདི་དག་ནི་བདེན་པ་བཅུའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི། ཚད་དང་འབྲེལ་པ་ཡོངས་སུ་ཆད་པ་ཀུན་དུ་ཐ་སྙད་གདགས་པའི་ཕྱིར་གཞན་གྱི་རྐྱེན་གྱི་དབང་གིས་སྟོན་བ་ཀུན་རྫོབ་རྒྱ་ཆེན་པོ་མ་ཡིན་པ་འདི་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལ་དོན་དམ་པའི་བདེན་པའི་ཟབ་པ་སྟོང་པ་ཉིད་དང་རབ་ཏུ་ལྡན་པ་ཡུལ་ཡོངས་སུམ་ཆད་པ་གཞན་གྱིས་མ་ཡིན་པ་མཉམ་པ་མི་མཉམ་པ་མེད་པ། མ་འཁྲུགས་པ་རྩོད་པ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་དེ་བཞིན་ཉིད་འདི་ནི་དོན་དམ་པའི་བདེན་པའོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་ནི། གནོད་པའི་མཚན་ཉིད་ནི་སྡུག་བསྔལ་བ། རྒྱུའི་མཚན་ཉིད་ནི་ཀུན་འབྱུང་བ། ཞི་བའི་མཚན་ཉིད་ནི་འགོག་པ། འབྱུང་བའི་མཚན་ཉིད་ནི་ལམ་སྟེ། འདི་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །གཞན་ཡང་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་དུ་ཤེས་ནས་སྐྱོན་མེད་པ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་པའི་སྐྱོན་མེད་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་མཚན་ཉིད་དང༌། རང་བཞིན་གྱིས་དབེན་པའི་མཚན་ཉིད་དང༌། རང་བཞིན་གྱིས་སྟོང་པའི་མཚན་ཉིད་དང༌། རང་བཞིན་གྱིས་མི་སྐྱེ་མི་འགག་པའི་མཚན་ཉིད་དུ་ཤེས་ནས་སྐྱོན་མེད་བ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་པའི་སྐྱོན་མེད་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་རྣམ་པར་དབྱེ་བའི་བདེན་པ་ནི་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ལས་གཞན་གྱི་དབང་གིས་རྣམ་པར་ཕྱེ་སྟེ་བསྟན་པའོ། །མཚན་ཉིད་གཅིག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཆོས་ཐམས་ཅད་མཚན་མ་མེད་པ་སྨོན་པ་མེད་པར་མངོན་པར་འདུ་མི་བྱེད་པ་མ་སྐྱེས་པ་མ་འགགས་པ་འདི་ནི་སྟོང་པ་ཉིད་དེའི་རྣམ་པར་དབྱེ་བ་སྟེ། རྣམ་པར་དབྱེ་བ་དེ་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་སྟོང་པ་ཉིད་ལ་སླུ་བར་མི་བྱེད་པ་དེའི་ཕྱིར་རྣམ་པར་དབྱེ་བའི་བདེན་པ་ཞེས་


DTG204_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། འདི་ནི་རྣམ་པར་དབྱེ་བའི་བདེན་པ་ཞེས་བྱའོ། །དེ་ལ་ངེས་པར་རྟོགས་པའི་བདེན་པ་གང་ཞེ་ན། འཕྲལ་ཞིང་ངེས་པར་རྟོགས་པ་སྟེ། ངེས་པར་སེམས་པ་མཐོང་བ་ཁོང་དུ་ཆུད་པ་མངོན་པར་རྟོགས་པའི་ཤེས་པ་ཤེས་བྱ་ལ་མི་སླུ་བ་སྟེ། དེ་ཕྱིར་ངེས་བར་རྟོགས་པའི་བདེན་པ་ཞེས་བྱའོ། །དེ་ལ་དངོས་པོའི་བདེན་པ་ནི་དངོས་པོ་ཤེས་པ་སྟེ། དངོས་པོ་ཐམས་ཅད་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། སྟོང་པ་དང་དངོས་པོ་མེད་པར་ཤེས་ཏེ། དེ་ལྟར་ན་ཤེས་ནས་སྐྱོན་མེད་པ་ལ་འཇུག་པའི་ཕྱིར་དངོས་པོའི་བདེན་པ་ཞེས་བྱའོ། །དེ་ལ་ནུས་པའི་བདེན་པ་ནི་ཡེ་ཤེས་དེ་དང༌། སྤོང་བ་དེ་དང་ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཁོང་དུ་ཆུད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བ་ཁོང་དུ་ཆུད་པར་ནུས་པ་སྟེ། དེའི་ཕྱིར་ནུས་པའི་བདེན་པ་ཞེས་བྱའོ། །དེ་ལ་ཟད་པ་དང་མི་སྐྱེ་བའི་ཤེས་པའི་བདེན་པ་ནི་འདུས་བྱས་ཐམས་ཅད་ཟད་པ་ཅན་དུ་སྟོན་ཏེ། ཟད་པ་དེ་ཡང་མི་ཟད་ལ་ཟད་པ་མེད་དོ། །གལ་ཏེ་ཟད་པ་ལ་ཟད་པ་ཡོད་དུ་ཟིན་ན་འགོག་པ་ཡང་ཟད་པར་འགྱུར་ཏེ། དེའི་ཕྱིར་ཟག་པ་ཟད་པར་མི་འགྱུར་རོ། །གང་ཟད་པར་མི་འགྱུར་བ་དེ་མི་སྐྱེ་སྟེ་འདི་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ཞེས་བྱའོ། །དེ་ལ་ལམ་ལ་འཇུག་པའི་ཤེས་པའི་བདེན་པ་གང་ཞེ་ན། ཡེ་ཤེས་ལ་འཇུག་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གང་གིས་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་ཤེས་པ་དེས་འཇུག་ཅིང་འཛུད་པ་སྟེ། དེའི་ཕྱིར་ལམ་ལ་འཇུག་པའི་ཤེས་པ་བདེན་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཆོས་ཀྱི་སྤྲིན་གྱིས་དང་དེ་བཞིན་གཤེགས་པའི་སའི་བར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། དེ་བསྟན་པའི་ལམ་གྱིས་མངོན་པར་རྟོགས་པའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུའོ་ཞེས་གསུངས་སོ། །


DTG204_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ན་དེ་ལས་ཀྱང་མདོར་བསྡུ་ན། བདེན་པ་གཉིས་སུ་ཤེས་པར་བྱ་སྟེ། འཕགས་པའི་བདེན་པ་གཉིས་ལ་འཇུག་པའི་མདོ་ལས་བདེན་པ་གཉིས་ཀྱི་བྱེ་བྲག་རྣམ་པ་དུ་མ་ཞིག་ཏུ་རྒྱས་པར་གསུངས་པ་བཞིན་ནོ། །དོན་དམ་པའི་བདེན་པ་ཞེས་བྱ་བྱ་བ་ལ་འདོད་པ་མི་མཐུན་པ་དག་ཡོད་དོ། །ཆོས་རྣམས་སོ་སོའི་མཚན་ཉིད་གང་དང་གང་ལ་ཇི་ལྟ་ཇི་ལྟ་བུར་དམིགས་ཤིང་དོན་དམ་པ་ཞེས་སྨྲ་བ་ལ། ཤེས་རབ་དང་ལྡན་པའི་བློས་གཉེན་པོ་བྱང་ཞིང་རིགས་པར་སྨྲ་བས་སུན་དབྱུང་དུ་རུང་ན་དོན་དམ་པའི་བདེན་པ་ཞེས་ཀྱང་མི་བྱའོ། །དེ་ལྟ་བས་ན་དོན་ཟབ་པ་དགོངས་པ་ངེས་པར་འགྲེལ་པའི་བྱང་ཆུབ་སེམས་དཔས་བཤད་པའི་ལེའུ་ལས་འབྱུང་པ་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་སྟོན་པས་བཏགས་པའི་ཚིག་འདི་ནི་ཀུན་དུ་རྟོག་པ་ལས་བྱུང་བ་ཡིན་ཏེ་ཐ་སྙད་དུ་བརྗོད་པའོ། །དེ་ནི་ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་ཤིན་དུ་ཡོངས་སུ་གྲུབ་པའི་ཕྱིར་འདུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་བཞིན་ཏེ། ཇི་སྙེད་དུ་གཉིས་པར་བརྗོད་དོ་ཅོག་ནི་ཀུན་དུ་རྟོག་པ་ལས་བྱུང་བ་དང་ཐ་སྙད་ཀྱིས་བརྗོད་པ་ཙམ་དུ་ཟད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ཡིན་པས་ན་གཉིས་སུ་མེད་པའོ། །ཆོས་གང་ལ་སྐྱེ་བར་འདོད་དོ་ཅོག་ཀྱང་སྐྱེ་བ་ཉིད་དུ་མི་འགྲུབ་སྟེ། འཕགས་པ་མ་དྲོས་པ་ཀླུའི་རྒྱལ་པོས་དྲིས་པའི་མདོ་ལས་འབྱུང་བ་ཆོས་ཐམས་ཅད་མེད་པ་དང་ཡོད་པ་ལས་བྲལ་ཞིང་རྐྱེན་གྱི་ཁ་ན་ལས་པར་རྗེས་སུ་མཐོང་སྟེ། ཆོས་དེ་དག་གང་ཡང་རྒྱུ་མེད་པ་ལས་སྐྱེ་བར་མཐོང་ནས་གང་རྒྱུའི་ཁ་ནས་ལས་པ་དེ་ནི་རྐྱེན་གྱི་ཁ་ན་ལས་པའོ། །གང་རྐྱེན་གྱི་ཁ་ན་ལས་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ནི་སྟོང་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་བཞིན་ཏེ། སྐྱེའོ་ཅོག་རྐྱེན་གྱིས་མི་སྐྱེ་བ་མེད་ལ་དེའི་རྐྱེན་རྣམས་ཀྱང་རྐྱེན་ལ་སྡོང་པས་ན་རང་ལ་སྐྱེ་བའི་མཐུ་མེད་པར་མངོན་ནོ། །གང་སྐྱེ་བར་སྣང་བ་དེ་ཉིད་མི་སྐྱེ་བའི་རང་བཞིན་ཅན་ཞིག་ཡིན་ན་ནི་སྐྱེས་པའི་རང་བཞིན་མེད་པས་རྐྱེན་དུ་མས་བསྟངས་ཀྱང་སྐྱེ་བར་མི་འགྱུར་བའི་རིགས་ན་སྐྱེ་བར་ཡང་


DTG204_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ༌། །དེ་ཉིད་ལས་སྐྱེ་བའི་རང་བཞིན་ཡོད་ན་ནི་རྐྱེན་དང་མ་ཕྲད་པར་ཡང་སྐྱེ་བའི་རིགས་ན་རྐྱེན་ལ་སྡོད་པར་ཡང་སྣང་ངོ༌། །སྐྱེ་བའི་རང་བཞིན་ཡང་ཡོད་ལ་རྐྱེན་དང་ཡང་ཕྲད་དེ་གཉིས་ཀ་ལྡན་པ་ལས་སྐྱེ་ཞེས་བྱ་བར་ཡང་དེ་དག་སོ་སོར་སྐྱེ་བར་མ་གྲུབ་ན་འདུས་བྱས་ཀྱང་སྐྱེ་བར་མི་རུང་ངོ༌། །གང་སྐྱེ་བ་དང་རྐྱེན་རྣམས་ལ་སྔ་ནས་ཡོད་ན་ནི་གཟོད་བསྐྱེད་ཀྱང་མི་དགོས་ཏེ་རྐྱེན་གྱིས་བྱས་པ་ཡང་དོན་མེད་པར་འགྱུར་རོ། །རྐྱེན་རྣམས་ལ་མེད་ན་ནི་གཞན་ཞིག་གུད་ནས་འོངས་པར་གཞུག་དགོས་པས་རྐྱེན་གྱིས་བསྐྱེད་པར་ཡང་མ་གྲུབ་སྟེ། འཕགས་པ་ནཱ་གརྫུ་ནས་ཆོས་ཀྱི་སྙིང་པོ་དགེ་བར་ཇི་སྐད་བཤད་པ་བཞིན་ནོ། །དེ་བཞིན་གཤེགས་པས་ཡན་ལག་བཅུ་གཉིས་དང་ལྡན་པའི་གསུང་རབ་ལས་ཀུན་རྫོབ་ཀྱི་བདེན་བ་བསྟན་པ་ཡང་རུང༌། འཇིག་རྟེན་གྱི་ཐ་སྙད་དུ་བསྟན་པ་ཡང་རུང༌། བཀྲི་བའི་དོན་དུ་གསུངས་པ་ཡང་རུང༌། ཆོས་ཀྱི་སྒོ་རྣམ་པ་མང་བོས་བསྟན་ཏོ་ཅོག་ཀྱང་དོན་དམ་པའི་བདེན་པ་ལ་གཞུག་པའི་སྒོ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བས་ན་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་ཀྱང༌། དོན་ཐ་དད་པའི་གཏམ་གྱི་ཕྱིར་སངས་རྒྱས་མི་འབྱུང་གི་ཆོས་ཀྱི་དབྱིངས་རོ་གཅིག་ཅིང་སྒྲིབ་པ་མེད་པ་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་དང་ལྡན་པ་མངོན་བར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏེ། འདི་ལྟ་སྟེ་ཕྱིར་མི་ལྡོག་པའི་འཁོར་ལོའི་ཞེས་གསུངས་པས་དོན་དམ་པའི་བདེན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པའི་ཚུལ་གྱིས་ཐམས་ཅད་ཀྱི་མཚན་ཉིད་འདི་དག་ལྟ་བུ་ཡིན་པར་ནི་དེ་ལྟར་ཤེས་ཏེ། དེས་ན་དེའི་ཕྱིར་ཆོས་ཉིད་ཀྱི་རིགས་བ་ཞེས་བྱའོ། །ཆོས་ཉིད་ཀྱི་རིགས་བའི་ལེའུ་སྟེ་བཅུ་བཞི་པའོ།། །།ཚད་མའི་ཡོན་ཏན་བཀོད་པ་བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་ནི་འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་གཉིས་ཀའི་དོན་དུ་འགྱུར་བ་དུ་མ་ཞིག་ཡོད་པ་ལས་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་ཡིན། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་


DTG204_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཕན་ཡོན་གྱི་ལེགས་པ་དང་ལྡན་བ་ཡིན་ནོ། །དེ་ལ་ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་གང་ཞེ་ན། རྣམ་པ་ལྔར་ཤེས་པར་བྱ་སྟེ། ཚད་མ་ཡོངས་སུ་དག་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་དང༌། གཞལ་བྱ་ཕུན་སུམ་ཚོགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཆུབ་པ་དང༌། སྒྲུབ་པ་ཡན་ལག་ཡོངས་སུ་རྫོགས་པ་དང༌། ལྟ་བ་རྣམ་པར་དག་པ་དང༌། ཚད་མའི་བྱེ་བྲག་རབ་ཏུ་ཤེས་པར་འགྱུར་བ་དང་ལྔའོ། །དེ་ལ་ཚད་མ་ཡོངས་སུ་དག་པའི་མངོན་སུམ་ལ་སོགས་པའི་ཚད་མ་གསུམ་པོ་རེ་རེ་ལ་ཡང་མཚན་ཉིད་ལྔ་ལྔ་དང་སྦྱར་བ་གཅིག་གིས་གཅིག་སྦྱངས་ཏེ། གཏན་ལ་ཕབ་པས་ན་འགྲུབ་པ་ལ་གཅིག་ཏུ་ངེས་པར་འགྱུར་བ་ཡིན་ནོ། །གཞལ་བྱ་ཕུན་སུམ་ཚོགས་པ་ནི་དུ་བ་ལས་མེ་ཡོད་པར་དཔག་པ་ལྟ་བུ་ཕུགས་རྫི་ཡན་ཆད་ཀྱིས་ཤེས་པ་ལས་གཞལ་བ་མ་ཡིན་གྱི་ཐམས་ཅད་མཁྱེན་པ་དང༌། འཇིག་རྟེན་ཕ་རོལ་ལོ་སོགས་ཏེ་མི་ལས་བླ་མར་གྱུར་པའི་ཆོས་དང༌། མིའི་ཆོས་ཀྱང་སྨོས་པས་ན་གཞལ་བྱའི་ཡུལ་ཆུབ་པར་བསྟན་པ་ཡིན་ནོ། །སྒྲུབ་པའི་ཡན་ལག་ཡོངས་སུ་རྫོགས་པ་ནི་འབྲས་བུ་ཡོད་པར་དམ་བཅའ་བ་དང༌། གཏན་ལ་དབབ་པའི་ཡན་ལག་བདུན་གྱི་ཚུལ་གྱིས་བཅས་ནས་སྣོད་དང་སྦྱར་ཏེ་སྨྲ་བའི་རྒྱན་ལས་འབྱུང་བ་དང་ལྡན་པར་སྟོན་པས་ན། ཚིག་དང་དོན་དུ་བཅས་པའི་རྣམ་པ་དང་ལྡན་ནོ། །ལྟ་བ་རྣམ་པར་དག་པ་ནི་ཆོས་རྣམས་ལ་ཚད་མ་ཡོངས་སུ་དག་པས་གཞལ་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པས་ན་བདག་ཉིད་ཀྱང་ཡང་དག་པའི་ལྟ་བ་ལ་གནས་ཤིང་གཞན་ཡང་ཡང་དག་པའི་ལྟ་བ་ལ་འཇོག་པ་ཡིན་ནོ། །ཚད་མའི་བྱེ་བྲག་ཤེས་པས་ན་འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པའི་ཚད་མ་ཐམས་ཅད་ཀྱང༌། བཀའ་ཡང་དག་པའི་ཚད་མ་བཤད་པའི་ནང་དུ་འདུས་ཏེ་ཚད་མ་ཡོངས་སུ་དག་པ་དང་མ་དག་པའི་བྱེ་བྲག་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ། །ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་གང་ཞེ་ན། རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། འགལ་བ་མེད་པ་ཡིན། མ་ངེས་པ་མེད་པ་ཡིན། སོ་སོའི་སྐྱེ་བོའི་ནོར་བ་མེད་པ་


DTG204_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ལ་འགལ་བ་མེད་པ་ནི་ཆོས་གང་ལ་ཡང་རྟགས་དང་འབྲས་བུའི་བར་གྱི་རྣམ་པ་དྲུག་པོ་དམིགས་ཀྱིས་ཕྱེ་བས་ན་འགལ་བ་མེད་པ་རྣམ་པ་གཉིས་ཏེ་མཐུན་བར་དམིགས་པ་ལ་མི་མཐུན་པའི་མཚན་ཉིད་ཀྱིས་འགལ་བ་མེད་པ་ཡིན། མི་མཐུན་པར་དམིགས་པ་ལ་མཐུན་པའི་མཚན་ཉིད་ཀྱིས་འགལ་བ་མེད་པ་ཡིན་ནོ། །དེ་ལ་མ་ངེས་པ་ཡང་རྣམ་པ་གཉིས་ཏེ། ཡུལ་གྱི་བྱེ་བྲག་མི་རྟོགས་ཤིང་ལུང་དུ་མི་སྟོན་པའི་མཚན་ཉིད་མེད་པ་ཡིན། སྲིད་པ་ཙམ་ཞེས་ཐེ་ཚོམ་སྐྱེ་བར་སྒྲུབ་པ་མེད་པ་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོའི་ནོར་བ་མེད་པ་ཡང་རྣམ་པ་གཉིས་ཏེ། བདག་གི་རྟོག་པ་འདིར་རིས་སུ་བྲིས་པ་མེད་པ་ཡིན། གཞན་གྱི་དྲིང་ལ་འཇོག་ཅིང་ཟག་པ་ལ་བརྟེན་པ་མེད་པ་ཡིན་ནོ། །ཕན་ཡོན་གྱི་ལེགས་པ་དང་ལྡན་པ་གང་ཞེ་ན། རྣམ་པ་གཉིས་ཏེ། ཐམས་ཅད་མཁྱེན་པས་གསུངས་པ་བཞིན་དུ་བྲིས་ཏེ་ཆོས་ལ་བརྟེན་པས་དེ་བཞིན་གཤེགས་པའི་བྱིན་གྱིས་དུ་བརླབས་ཤིང་བསྒྲུབས་པ་ལ་མཐུ་ཆེན་པོ་ཡིན། དཔལ་གྱི་ཞལ་ནས་གསུངས་པ་ནང་གཅིག་གིས་གཅིག་བཀྲོལ་ཏེ། ལྷད་མ་ཞུགས་པའི་གསུང་རབ་ཉིད་ཡིན་པས་གང་གིས་བཀླགས་པ་དང་ཐོས་པ་དང༌། བསམས་པ་ཙམ་གྱིས་ཀྱང་སྡིག་པ་འབྱང་ཞིང་བསོད་ནམས་འཕེལ་བ་ཡིན་ནོ། །དེ་ལྟར་བཀའ་ཡང་དག་པའི་ཚད་མ་འདི་ཡོན་ཏན་གསུམ་དང་ལྡན་པས་ཚོགས་ཀྱི་རྒྱུར་འགྱུར་རོ། །དེ་གང་ཞེ་ན། ཡོངས་སུ་དག་པའི་མཚན་ཉིད་རྫོགས་ཤིང་ཡོངས་སུ་མ་དག་པའི་སྐྱོན་མེད་པས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུར་འགྱུར་རོ། །ཕན་ཡོན་གྱི་ལེགས་པ་དང་ལྡན་པས་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་འགྱུར་རོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་དོན་དུ་བྱ་བ་ཡང་དེ་གཉིས་སུ་འདུས་སོ། །དེ་ལྟར་ཚོགས་གཉིས་ཡོངས་སུ་འགེངས་པའི་ཡོན་ཏན་བརྗོད་པས་ན་ཚད་མའི་ཡོན་ཏན་བཀོད་པར་བརྟགས་སོ། །ཚད་མའི་ཡོན་ཏན་བཀོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།