Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཉིས་པ།


   
   
   
   
   
   
   
ཀ་ཁའི་དོ་ཧ་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀ་ཁའི་དོ་ཧ་ཞེས་བྱ་བ།next

ཀ་ཁའི་དོ་ཧ་ཞེས་བྱ་བ།


DTG052_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀ་ཁ་སྱ་དོ་ཧ་ནཱ་མ། བོད་སྐད་དུ། ཀ་ཁའི་དོ་ཧ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ད་ནི་ཡུམ་གྱི་པདྨའི་ནང་དུ་གནས་པ་འདི་ཡིན་ཏེ། །ལུས་ནི་རྣམ་པར་བཅིངས་ཤིང་བདུད་རྩི་འཛག །མགུལ་ནས་འཁྱུད་པའི་ཌོཾ་བི་གཞོན་ནུ་མ། །ག་བུར་འཛག་ཅིང་འདི་ནི་དཔྱིད་ཀའི་ཡལ་ག་ཡིན། །ཁ་ནི་ནམ་མཁའ་གནས་པར་དཔྲལ་བའི་སྟོང་པ་སྟེ། །དགེ་དང་མི་དགེས་མ་གོས་གཅེར་བུལ། །ཟ་ཞིང་འཐུང་ཡང་མྱ་ངན་འདས་ལ་གནས། །རྣལ་འབྱོར་གཅེར་བུ་བཟུང་ནས་ཤིན་དུ་དགའ། །ནམ་མཁའ་དག་ནི་ཁྱབ་ཅིང་བརྟན་པར་གྱུར་པའོ། །ག་ནི་ནམ་མཁའ་འཇོ་ཞིང་འཇོ་ཞིང་འཐུང་བར་བྱེད། །གང་གཱ་ཡ་མུ་ན་ནི་གཉིས་ནི་ལེགས་པར་ཆིངས། །སྲིད་ལ་བརྟེན་ཏེ་འགྲོ་འོང་འཆད་པར་འགྱུར། །གྷ་ནི་དྲིལ་བུའི་སྒྲ་ཡིས་དཔལ་ལྡན་ཧེ་རུ་ཀ་ནི་མཉེས། །བདག་མེད་མ་ཡིས་མགུལ་ནས་ཡང་དང་ཡང་དུ་འཁྱུད། །རྣལ་འབྱོར་མ་ཡིས་རླུང་རྣམས་ཡང་ནས་ཡང་དུ་འཕོ། །ཁྱིམ་བདག་མོ་ནི་གཉུག་མའི་ཡིད་ཀྱི་ངང་ལ་འཕོ། །ང་ནི་གཉུག་མའི་རང་བཞིན་རང་བཞིན་གྱིས་ནི་སྟོང༌། །གཉུག་མའི་ཁྱིམ་བདག་མོ་ལ་དགེ་དང་མི་དགེ་མི་འཕྲོ་ཞིང༌། །རྒྱུན་དུ་རྣལ་འབྱོར་པ་ནི་བདེ་བར་བྱེད་ནུས་ན། །ནུབ་མོའི་མུན་པ་ཆད་ནས་འོད་གསལ་སྟོང་པར་འགྱུར། །ཙ་ནི་དགའ་བ་བཞི་ནི་འདི་དང་ཡང་དག་ལྡན། །ཀྱེ་ཧོ་མཐའ་བཞི་དང་ནི་བྲལ་བའི་སེམས་བཟུང་ཅིག །སྐད་ཅིག་བཞི་ནི་ཡང་དག་བླ་མའི་གསུང་ལས་གོ་བར་གྱིས། །ཐིག་ལེ་བཞི་ནི་རྨོངས་


DTG052_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བག་ཆགས་ཀྱིས་ནི་མི་ཤེས་སོ། །ཚ་ནི་དབང་པོ་སྤོངས་ལ་དག་པའི་རང་བཞིན་གྱིས། །འདོད་ཡོན་དང་ནི་དངོས་དང་དངོས་མེད་སྤོངས། །ཅལ་ཅོལ་གཏམ་རྣམས་དོར་ཅིག་འདི་རྣམས་ཀྱིས། །རོ་འདི་ཐོང་ལ་ནམ་མཁའ་ལ་ནི་ལོངས་སྤྱོད་ཀྱིས། །ཛ་ནི་སྐྱེ་དང་རྒ་དང་འཆི་བ་མེད་པའི་ནམ་མཁའ་ཡིན། །གང་དང་གང་དུ་བལྟས་ཀྱང་དེ་དང་དེ་རུ་ནམ་མཁའོ། །ཇི་ལྟར་གནས་བ་དེ་ལྟར་དེ་ནི་དེ་ཉིད་དོ། །ཇི་ལྟར་མཐོང་བ་དེ་ལྟར་དེ་ནི་དོན་དམ་མོ། །ཛྷ་ནི་མེ་ཏོག་མང་པོའི་ས་བོན་ཇི་ལྟར་བསྟེན་པ་དང༌། །དེ་ལྟར་སྣ་ཚོགས་ཀྱིས་ནི་ཕུང་པོ་འགྲུབ་པ་ཡིན། །སྣ་ཡིས་སྦྲང་རྩི་དང་ནི་མར་གཉིས་འཐུང་ནུས་ན། །ཡུན་རིངས་དུས་དག་འཚོ་བ་ལ་ནི་ཐེ་ཚོམ་མེད། །སྐབས་འདིར་ཉ་ཡིག་གིས་དྲངས་པའི་ཚིགས་བཅད་གཅིག་མེད་པ་འདི་འགྲེལ་པར་ཡང་ཉ་ནི་ང་དང་མཚུངས་སོ་ཞེས་པ་ཙམ་ལས་མ་བྱུང་ངོ༌། །ཊ་ནི་ཀྱེ་ཧོ་ཡང་དག་བླ་མའི་གསུང་གི་ཐིག་ལེ་ཕབ། །ས་གཞི་འགུལ་བས་ནམ་མཁའ་ལས་ནི་ཐིག་ལེ་འཛག །ལམ་ལོག་ཅལ་ཅོལ་མ་བྱེད་ཀྱེ་ཧོ་རྣལ་འབྱོར་པ། །ཁྱོད་ཀྱིས་ཅལ་ཅོལ་གྱིས་ནི་ལྷན་སྐྱེས་མི་རྟོགས་སོ། །ཋ་ཋའི་སྒྲས་ནི་སྔགས་རྣམས་བརྗོད་པ་དང༌། །ཋ་ཡི་ཡི་གེ་བླངས་ནས་གནས་ཐོབ་འགྱུར། །ཚུལ་བཞིན་ལོང་ན་ཏིང་ངེ་འཛིན་ནི་འཕོ་པར་འགྱུར། །ཡང་དག་བླ་མས་ནམ་མཁའ་གོ་བས་བྱང་ཆུབ་ཡིན། །ཌ་ནི་སྔགས་རྣམས་བརྗོད་ཅིང་ཌོཾ་བི་ལོང༌། །གཏུམ་མོས་བསྲེགས་ཤིང་ཆུ་རྣམས་འཛག་པར་འགྱུར། །ཌ་མ་རུ་ནི་ཨ་ན་ཧ་ཡི་སྐད་དུ་གྲགས། །ཌ་མ་རུ་དེ་བཟུང་བས་རྣལ་འབྱོར་མ་སྒྲ་ཡིན། །ཌྷ་ནི་རིལ་བ་ཕོ་བས་རྣམ་པ་གཅིག་ཏུ་ཁྱབ་པར་གྱུར། །སེམས་ནི་འཕོ་བས་ལྷན་ཅིག་སྐྱེས་པའི་མཆོག་ཏུ་འགྱུར། །དབང་པོ་ལྔ་ཡང་འཕོ་ཞིང་ལྷན་སྐྱེས་དེར་ཞུགས་སོ། །གབ་པའི་ཁྱིམ་བདག་མོ་ནི་དངོས་པོ་ཅིར་མི་མཐོང༌། །ཎ་ནི་གཉུག་མའི་རང་བཞིན་རང་བཞིན་གྱིས་ནི་སྟོང༌། །གཉུག་མའི་ཡིད་ནི་གོ་ན་དགེ་དང་མི་དགེ་མི་འགོས་ཤིང༌། །གཉུག་མའི་ཁྱིམ་བདག་མོ་ནི་ལྷན་ཅིག་སྐྱེས་པས་བངས་པར་འགྱུར། །རྒྱུན་དུ་བསྟེན་ན་སྐྱེ་ཤི་དང་ནི་འཆིང་བར་འགྱུར་བ་མེད། །ཏ་ནི་སྐུ་གསུམ་གཞུང་གསུམ་བརྟན་ནས་ཤེས་པར་གྱིས། །ཡི་གེ་གསུམ་ནི་ས་ར་ཧ་ཡི་ཚིག་ལ་བརྟེན་ཏེ་བསྒོམས། །


DTG052_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་མཉམ་པ་ཉིད་ཀྱི་བསམ་གཏན་གྱིས། །དེ་ཉིད་བལྟ་ཞིང་བཤད་པས་ཅི་ཞིག་བྱ། །ཐ་ནི་ནམ་མཁའི་ཟླ་བ་ཅན་ནི་བརྟན་པར་གྱིས། །གནས་རྣམས་བོར་ན་ལེགས་པའི་ལུས་སུ་ཇི་ལྟར་འགྱུར། །གནས་སུ་བརྟན་པར་བྱས་ན་རླུང་གིས་སྐེམས་པར་འགྱུར། །བརྟན་པོར་གནས་པར་གྱུར་ན་ཚེ་འདི་འཕེལ་བར་འགྱུར། །ད་ནི་ས་ར་ཧ་ཡི་ཚིག་གིས་ཐམས་ཅད་བསྲེགས་དང་འཆི་མེད་འགྱུར། །འོ་མ་གཉིས་ཀྱིས་བདེ་མཆོག་དེ་ལ་ཁྲུས་ཀྱིས་ཤིག །ཐིག་ལེ་གཉིས་ནི་ཤེས་ན་དག་པའི་རང་བཞིན་ཡིན། །སྡུག་བསྔལ་གདུག་པ་ཅན་ནི་དངོས་དང་དངོས་མེད་མེད། །དྷ་ནི་དྷ་ཡི་རང་བཞིན་བཀྲུ་བཤལ་བྱེད་ཅིང་གནས། །བཀྲུ་བཤལ་བྱེད་ཀྱང་མི་མཐོང་ནང་དུ་ཞུགས་ནས་སོང༌། །ཁྲུས་མཁན་མོ་ནི་ས་ར་ཧ་ཡི་ཚིག་གིས་ལོང༌། །གཡོ་སྒྱུའི་སྦྱོར་བ་ནམ་མཁའི་རང་བཞིན་དུ་ནི་གྱིས། །ན་ནི་སྣ་ཚོགས་ཚུལ་གྱིས་ལེགས་པར་གཅིག་ཏུ་འཕོ། །འཇིག་རྟེན་པ་རྣམས་མ་གོ་བས་ན་སྣ་ཚོགས་སྨྲ། །གང་ཕྱིར་འཇིགས་པ་མེད་པ་དེ་ཕྱིར་ཤོ་གམ་འཇལ། །སྲིད་མིན་མྱ་ངན་འདས་མིན་གཞན་ཡང་མེད་པ་ཡིན། །པ་ནི་བདུད་རྩི་ལྔ་ནི་སྣ་རུ་བླུགས་པར་བྱ། །པདྨ་རྡོ་རྗེ་སྦྱར་ཞིང་སྦྱར་ཞིང་མཉམ་ཉིད་འགྲུབ། །མེ་ཏོག་པདྨའི་རྡོ་རྗེ་གདན་ནི་མཆོད་པར་གྱིས། །པདྨའི་དེ་ཉིད་མི་ཤེས་བདེ་ཆེན་རྒྱལ་པོ་མིན། །ཕ་ནི་སྤྲོ་ཞིང་བསྡུ་བའི་སེམས་འདི་ནམ་མཁའ་ལྟ་བུ་ཡིན། །སྤྲོ་བ་མི་མཐོང་ཡང་ནི་ནམ་མཁའ་ལྟ་བུར་འདོད། །ཕཊ་ཀྱི་སྒྲ་དང་ཧཱུཾ་གི་སྒྲ་ནི་ཇི་ལྟར་འཕྲོ། །འདི་ལྟར་དཔག་བསམ་ལྗོན་ཤིང་སྡོང་པོ་བཞིན་དུ་འཕྲོ། །བ་ནི་ནགས་ཀྱི་ཚངས་པའི་མེ་ཏོག་ཁ་ཟུམ་བྱེ་པའི་རྫིང་རྣམས་འཛིན། །ཐེག་ཅིང་ཡིད་འོང་འདོད་པའི་འབྲས་བུ་དཔྱིད་ཀའི་ཡལ་ག་བཞིན། །དབང་དུ་བསྡུ་ཞིང་ལེགས་པར་གར་ནི་ནན་ཏན་བྱེད། །འགྲོ་འདུག་བྱེད་པའི་རྣལ་འབྱོར་མ་ནི་རང་གི་ལུས་ལ་བསླངས། །བྷ་ནི་བྷ་ག་ཉིད་ནི་བྷ་གའི་རང་བཞིན་སྟོང་པར་གནས། །དེ་ནི་དགེ་དང་མི་དགེ་མེད་པར་མདའ་བསྣུན་ང་ཡིས་སྨྲས། །བླ་མའི་གསུང་གིས་འདོད་ཡོན་ལྔ་ལ་ཟོ། །འཁྲུལ་བར་མ་བྱེད་སེམས་ཉིད་འདི་ནི་ནམ་མཁའ་ཡིན། །མ་ནི་ནན་ཏན་གྱིས་ནི་ཡང་དང་ཡང་དུ་ཆང་འཛག་ཅིང༌། །དཔལ་


DTG052_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མ་བསྟེན་པས་རྩ་བ་གོ་བར་གྱིས། །གལ་ཏེ་རྩ་བའི་སེམས་དང་བློ་གཉིས་གཅིག་ཏུ་བྱེད་ནུས་ན། །སེམས་ནི་ཤི་ཞིང་ཆད་པར་གྱུར་བས་རང་བཞིན་གཅིག་ཡིན་ནོ། །ཡ་ནི་གང་ཚེ་ནཱ་ད་དང་ནི་ཐིག་ལེ་འདིར་སྨྲས་ན། །རྣལ་འབྱོར་མ་ཡི་སྒྲ་ཡིས་དེ་ཚ་ལྷན་ཅིག་སྐྱེས་པར་རྟོགས། །ཇི་ལྟར་རང་དགར་གནས་པ་དེ་བཞིན་དུ་ནི་བརྟེན། །སྐྱེ་ཤི་གཉིས་ཀྱིས་འཇིགས་པ་མེད་པ་ཐོབ་པར་འགྱུར། །ར་ནི་ཉི་མ་ཟླ་བའི་ཐིག་ལེ་ནམ་མཁའ་བཞིན་དུ་ཤི་བ་མེད། །ཉི་མས་གང་ན་བདེ་བ་ཆེན་པོའི་ཚུལ་ནི་ཤིན་དུ་མཛེས། །ར་ས་ནཱ་ནི་ཐིག་ལེ་ཐིག་ལེ་ཕོབ། །ཉིན་དང་མཚན་དུ་གཉུག་མའི་ཡིད་ཀྱི་ངང་དུ་སོད། །ལ་ནི་ཀྱེ་ཧོ་རླུང་གི་ཁྱིམ་བདག་མོ་དེ་ཁྱིམ་ནང་ལོང༌། །ནཱ་ད་ཐིག་ལེ་ལོང་ཅིག་ཆོས་ནི་ཟག་མེད་ཉིད་ཡིན་ནོ། །ལ་ལ་ནཱ་དང་བཅས་དང་ར་ས་ཨ་ཝ་དྷཱུ་ཏཱིའི་རྩ་ནང་ནས། །ཐིག་ལེ་འཛག་པ་དེ་ཉིད་ཤིན་ཏུ་ངོ་མཚར་ཕྱིར་ནི་འཐུང༌། །ཝ་ནི་ཆུ་ཡི་མཆོག་ནི་རོལ་པས་འཐུང་ཅིག་ཀྱེ། །རྡོ་རྗེ་རྣལ་འབྱོར་མ་ནི་རོལ་པས་འཕྲོ། །གང་ཚེ་དཔལ་མོ་རྣལ་འབྱོར་མ་ནི་ལྷན་ཅིག་སྐྱེས་པས་མཉེས། །དེ་ཡི་ཚེ་ན་ཌ་མ་རུ་ནི་ཨ་ན་ཧ་ཡི་སྐད་དུ་གྲགས། །ཤ་ནི་རང་བཞིན་གྱིས་ནི་ལྷུན་གྲུབ་ཨ་ན་ཧ་ཡི་སྒས། །ཤིག་ལེ་འཛག་པ་གང་ཞིག་རྣལ་འབྱོར་མ་ཡིས་མགོན། །ས་ར་ཧ་ཡི་ཚིག་གིས་གསིལ་བའི་སྒྲར་ནི་བྱ། །ནམ་མཁའ་འཇོ་ཞིང་འཇོ་ཞིང་ཐིག་ལེ་ཕོབ་ལ་འཐུང༌། །ཥ་ནི་གང་ཚེ་ལྷན་ཅིག་སྐྱེས་པའི་མཆོག་གིས་མཉེས། །དེ་ཚེ་རང་དང་གཞན་གྱི་བག་ཆགས་འགགས། །མཉམ་དང་མི་མཉམ་རྣལ་འབྱོར་མ་འདི་གྲུབ་པར་ཐེ་ཚོམ་མེད། །ཀྱེ་ཧོ་མདའ་བསྣུན་ང་ནི་འདི་ལ་ཐེ་ཚོམ་མེད་ཅེས་སྨྲ། །ས་ནི་དངོས་པོ་འདི་ཀུན་དངོས་པོ་མེད་པར་མཉམ། །སྟོང་པ་སྙིང་རྗེ་འཁྲུལ་པས་མ་སྤངས་ཤིག །ལྷན་ཅིག་སྐྱེས་པའི་དགའ་བས་རྟག་ཏུ་མཉེས། །ལྷན་སྐྱེས་མཆོག་འདི་གང་གིས་ཀྱང་ནི་འཆིང་མི་ནུས། །ཧ་ནི་ཀྱེ་ཧོ་བཞད་པའམ་སྐྱེ་བ་སྣ་ཚོགས་ཀྱིས་ནི་ཚིམ། །ཀྱེ་ཧོ་རྨོངས་པ་འཕྲོག་ཅིང་བཀང་ཡང་དགའ་བ་མེད། །གང་ཚེ་ལུས་ལ་དབང་ཕྱུག་མདོག་མེད་ཆིངས་ཤིག་དང༌། །རོལ་པས་དེ་ཚེ་བླ་མེད་ལེགས་པར་འགྲུབ་པར་འགྱུར། །ཀྵ་ནི་ཡུལ་


DTG052_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷུང་ན་བྱང་ཆུབ་སེམས་ནི་ཆུད་ཟོས་འགྱུར། །ཀྵ་ཀྵའི་སྒྲས་ནི་རྒྱ་མཚོ་དག་ཀྱང་སྐེམས་ནུས་ན། །འདི་ནི་རྩུབ་མོའི་བདར་བཞིན་ཏིང་འཛིན་རྣོན་པོས་དགའ་བར་འགྱུར། །ཀྱེ་ཧོ་གཅེར་བུར་ཐམས་ཅད་སླུ་བར་ངེས་པར་ཐེ་ཚོམ་མེད། །ཀ་ཁ་དོ་ཧ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། །།ཡུལ་ཀོ་ས་ལར་སྐུ་འཁྲུངས་པའི་བླ་མ་རྣལ་འབྱོར་པ་ཆེན་པོ་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་གསུངས་པའོ།།


previousཀ་ཁའི་དོ་ཧ་ཞེས་བྱ་བ།next