འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ།
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བཞུགས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ནས། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་དྲུག་ནི་སྡུད་པ་པོའི་ཚིག་གོ །ཁྱབ་བ་དག་བདག་ལ་སྨན་པ་དང༌། །ཞེས་པ་ནས། བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་པ་ནི་བདག་གི་དོན་ཏོ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །ཞེས་པ་ནས། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པ་ནི་གཞན་གྱི་དོན་ཏེ། དེ་ལྟར་བདག་གི་དོན་ལ་ཉེ་བར་མཚོན་ནས། སེམས་ཅན་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་མངོན་པར་འདོད་པའི་ཕྱིར་གསུངས་པའི་དགོས་པའོ། །མངོན་པར་དད་པ་ལས་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱས་པ་ནི་དགོས་པའི་དགོས་པའོ། །དེ་ཉིད་འདིར་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་ཚུལ་འབྲེལ་ཏེ། རྟོག་པ་ཅན་གྱི་གང་ཟག་རྣམས་རྟོག་པ་ཡོངས་སུ་བསལ་བ་ཉིད་དོ། །ཕུན་སུམ་ཚོགས་པ་ལྔ་ཉིད་དོ། །འདིར་ཕུན་སུམ་ཚོགས་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་བདག་ཉིད་ཡི་གེ་ཨ་ཉིད་དེ། ལེའུ་འདི་ཉིད་དུ་ནི། རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཞེས་པ་དང༌། ལེའུ་དང་པོ་ལས་ཀྱང༌། ཨ་དང་གསང་བའི་པདྨ་དང༌། །གྲགས་པའི་ཡུལ་དང་སེང་གེའི་ཁྲི། །ཀུན་མཁྱེན་སངས་རྒྱས་ཐམས་ཅད་ཀྱི། །ཆོས་སྟོན་གནས་སུ་ངས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་དོ། །འཁོར་ཕུན་སུམ་ཚོགས་པ་ནི་ཐེག་པ་ཆེན་པོའི་གསང་བའི་བདག་པོ་ལ་སོགས་པའི་རྡོ་རྗེ་འཆང་བ་རྣམས་དང༌། ཞུ་བ་པོ་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཉིད་དོ། །ཆོས་ཕུན་སུམ་ཚོགས་བ་ནི་ཡང་དག་པའི་དོན་གླུར་བླངས་པ་འདི་ཉིད་དོ། །དེ་ལ་འདིར་སློབ་པ་པོ་གང་ཟག་རྡོ་རྗེ་འཆང་ཞེས་པ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་དགུ་ནི་ཞུ་བ་པོས་གསོལ་བ་གདབ་པའི་ཚིག་གོ །གསང་དབང་ལག་ན་རྡོ་རྗེ་ཡིས། །ཞེས་
པ་ནས། གསང་དབང་ལ་ནི་སླར་གསུངས་པ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་བཞི་ནི་སྡུད་པ་པོས་མཚམས་སྦྱར་བའི་ཚིག་གོ །སྙིང་རྗེ་ཆེ་དང་ལྡན་པ་ཞེས་པ་ནས། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་གསུམ་དུ་ཚིག་རྐང་གཅིག་གིས་མ་ཚང་བ་ནི་སྟོན་པ་པོ་ཡིས་སྐབས་གནང་བ་བྱིན་པའོ། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་བྱ་བ་ནས། མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་གསུམ་དང༌། ཚིག་རྐང་གཅིག་ནི་སྡུད་པ་པོས་མཚམས་སྦྱར་བའི་ཚིག་གོ །ཨ་ཞེས་པ་ནས་མ་ཞེས་།འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས་མ་ཞེས་པའི་བར་དུ་ཡི་གེ་དྲུག་ཅུ་རྩ་བཞིས་ནི་ཆོས་ཀྱི་དོན་བསྟན་པའོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་དུ་ཚིགས་སུ་བཅད་པ་བཅུ་བཞི་ནི་སྔགས་དེ་ཉིད་ཀྱི་དོན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་སྤྱིའི་དོན་རྒྱས་པར་བསྟན་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་དུ་ཚིག་རྐང་གཅིག་གིས་མ་གང་བའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཚུལ་སྟོན། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་དུ་ཚིགས་སུ་བཅད་པ་བཅུ་དང་ཚིག་རྐང་གཅིག་གིས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པའོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ནས། ཡེ་ཤེས་མེ་ལྕེ་འོད་འབར་གསལ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཉིས་ཀྱིས་ནི་སོ་སོར་རྟོག་བའི་ཡེ་ཤེས་ཀྱི་ཚུལ་གྱིས་བསྟོད་པའོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་དུ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚུལ་གྱིས་བསྟོད་པའོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་དུ་ཚིགས་སུ་བཅད་པ་བཅོ་ལྔས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བསྟོད་པའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་དུ་ཚིགས་སུ་བཅད་པ་ལྔས་ནི་དེ་བཞིན་གཤེགས་པ་ལྔ་ལ་བསྟོད་
པའོ། །ཨོཾ་སརྦ་དྷརྨཱཿ་ཞེས་པ་ནས་ཛྙཱ་ན་གརྦྷ་ཨཿཞེས་པའི་བར་དུ་ཡི་གེ་བརྒྱད་ཅུ་རྩ་གཉིས་ཀྱིས་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་ཚུལ་གྱིས་ཤེས་རབ་ཀྱི་ངོ་བོ་གསུངས་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ནས། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་པའི་བར་དུ་ཚིགས་སུ་བཅད་པ་ལྔས་ནི་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱིས་ཡང་དག་པའི་ཆོས་གསུངས་པ་ལ་རྗེས་སུ་ཡི་རང་བར་བསྟོད་པའོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས་ཀྱི་སྔགས་མ་གཏོགས་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་ལྔས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཟབ་མོའི་དོན་མ་ལུས་པར་བསྡུས་པའོ། །ད་ནི་ལེའུ་འདི་ཉིད་ཀྱི་དོན་རྣམ་པར་དགྲོལ་བར་བྱ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་པ་ནི་སྒྱུ་མ་བརྟག་པའི་ལེའུ་བཞི་བཅུ་རྩ་གཅིག་པ་རྫོགས་པའི་རྗེས་ལ་སྡུད་པ་པོས་མཚམས་སྦྱར་བའི་དོན་ཏེ། ཞུ་བ་པོ་འདི་ཉིད་ཀྱི་ཆེ་བའི་ཡོན་ཏན་ཡང་དག་པར་བརྗོད་པ་ནི། ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་ཤིང༌། ཤེས་རབ་དང་སྙིང་རྗེ་དབྱེར་མེད་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་ནི། དཔལ་ལྡན་ཞེས་བྱ་སྟེ། དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་སྤྲོས་པ་དང་བྲལ་བ་མངའ་བ་ཉིད་ཀྱི་རྟགས་སུ། མཚན་མའི་རྡོ་རྗེ་ཕྱག་ན་འཛིན་པས་ན་མ་ནིང་གི་རྟགས་ཀྱི་རྡོ་རྗེ་ཞེས་བྱའོ། །དེ་ཉིད་དུས་ཐ་མའི་གདུག་པ་ཅན་ང་རྒྱལ་དང་ལྡན་པ་རྣམས་འདུལ་བར་མཛད་པས་ན། གདུལ་དཀའ་འདུལ་བ་ཞེས་བྱའོ། །དེ་ཡང་དེ་བཞིན་གཤེགས་པའི་འཕྲུལ་པ་ཞི་བའི་ཉམས་དང་ལྡན་པ་རྣམས་ཀྱིས་མི་འདུལ་ཞིང་ཁྲོ་བོའི་བདག་ཉིད་ཆེན་པོས་འདུལ་བར་མཛད་པས་ན། མཆོག་ཅེས་བྱ་ཞིང༌། རྣམ་པ་མང་པོ་འཛིན་པས་ན་རྣམས་ཞེས་བྱའོ། །གདུལ་བྱ་སྣ་ཚོགས་རྣམས་ལ་ཐོགས་པ་མེད་པར་འཇུག་པས་ན་དཔའ་པོ་ཞེས་བྱ་བ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པ་ཁམས་གསུམ་གྱི་བདག་པོ་ཞབས་འོག་ཏུ་ཆུད་པར་མཛད་པས་འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱའོ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ཞེས་བྱ་བ་ལ། རྡོ་རྗེ་ནི་གསང་སྔགས་ཀྱི་ཐེག་པ་མཐའ་དག་ཡིན་ཞིང༌། དེ་ཉན་ཐོས་ལ་
སོགས་པ་ལ་གསང་བར་མཛད་དེ། བདག་པོའི་གཙོ་བོ་མཛད་པས་ན། གང་ལ་སྤྱན་པདྨ་དཀར་པོ་རྒྱས་པ་ལྟར་གསལ་ཞིང་འབར་བ་མངའ་བ་དང༌། ཞལ་པདྨ་དམར་པོ་ལྟར་དམར་ཞིང་བཞད་པ་མངའ་བ་གང་ཡིན་པ་དེ་ལ་པདྨ་རྒྱས་འདྲའི་ཞལ་མངའ་ཞེས་བྱ་ལ། ཕྱག་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འགྲོ་བ་མཐའ་དག་ལ་ཕན་པར་མཛད་པའི་ཚུལ་དང༌། དོགས་པ་ཅན་གྱི་གང་ཟག་སྐྲག་པར་བྱ་བའི་དོན་དུ་མདུན་གྱི་བར་སྣང་ལ་ཡང་ནས་ཡང་དུ་འདེགས་པས་ན། རང་གི་ལག་གི་རྡོ་རྗེ་མཆོག །ཡང་ནས་ཡང་དུ་གསོར་བྱེད་པ། །ཞེས་བྱའོ། །དེ་ཉིད་ཇི་ལྟ་བུའི་ཚུལ་དང་ལྡན་ཞེ་ན། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་གསུངས་ཏེ། ཁྲོ་བ་དང་ཞི་བ་ལ་སོགས་པའི་གར་དགུའི་རོ་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉིད་ཀྱི་སྤྲུལ་པའི་སྐུ་གནོད་སྦྱིན་གྱི་ཆ་ལུགས་འཇིགས་སུ་རུང་བ་མཐའ་ཡས་གདུག་པ་རྣམས་འདུལ་བར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །ཞེས་གསུངས་ཏེ། མཐའ་ཡས་པ་ཞེས་པ་ནི། གསུམ་པའི་དོན་ལ་དང་པོའི་ཚིག་གོ །དེ་དག་ཅི་མ་རུངས་པའི་སེམས་ཀྱིས་སམ་ཞེ་ན་མ་ཡིན་ཏེ། སྙིང་རྗེ་ཆེ་དང་ཤེས་རབ་དང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། ཐུགས་རྗེ་ཆེན་པོའི་མཚན་ཉིད་དང༌། ཤེས་རབ་དབྱེར་མེད་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཅེས་པ་ནི་གདུལ་བྱ་རྣམས་ཇི་ལྟ་བུས་འདུལ་བར་མཁྱེན་པས་འདུལ་བར་མཛད་པ་ཉིད་དོ། །དེ་རྣམས་བདག་པོས་བསྐུལ་བ་མ་ཡིན་ཞིང་རང་རང་འགྲོ་བའི་དོན་ལ་དགའ་ཞིང་མགུ་བ་དང༌། སྤྲོ་བའི་སེམས་དང་ལྡན་པས་ན། དགའ་མགུ་རངས་པའི་བསམ་པ་ཅན། །ཞེས་པས་སོ། །དེ་དག་ཐམས་ཅད་ཀྱང་ཁྲོ་བོའི་གཟུགས་དང་ལྡན་པས་ན། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །ཞེས་བྱའོ། །དེ་དག་ལས་ཇི་ལྟ་བུ་ཞེས་བརྗོད་ཅེ་ན། སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི། མ་གྲོལ་བ་རྣམས་དགྲོལ་བར་བྱ་བ་དང༌། མ་བསྐལ་བ་རྣམས་བསྒྲལ་བར་བྱ་བ་དང༌།
དབུགས་མི་བྱུང་བ་རྣམས་དབུགས་དབྱུང་བར་བྱ་བ་དང༌། མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བར་མཛད་པ་ཉིད་དོ། །དེ་ལྟ་བུའི་ཕྲིན་ལས་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །ཞེས་པ་ནི་དེ་ལྟ་བུའི་འཁོར་ཐལ་མོ་སྦྱར་ནས་སྤྱི་བོ་བཏུད་དེ་ཡིད་གུས་པ་དང་ལྡན་པ་རྣམས་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་བཞུགས་ནས། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་བྱ་བར་འབྲེལ་ཏོ། །གང་ལ་གསོལ་བ་བཏབ་ཅེ་ན། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ལའོ། །ཚུལ་ཇི་ལྟ་བུ་ཞེ་ན་ཕྱག་འཚལ་ནས་ཞེས་གསུངས་ཏེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བ་ཉིད་དོ། །དེ་ནས་ཀྱང་གུས་པའི་ཁྱད་པར་དུ་གྱུར་པ་ནི། ཐལ་མོ་སྦྱར་བར་བྱས་ནས་ནི། །ཞེས་གསུངས་ཏེ་གོང་མ་ལ་བསྙེགས་སོ། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པ་ནི་གསང་བའི་བདག་པོ་ཉིད་ངེས་པར་གཟུང་བ་སྟེ་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་གསོལ་བ་བཏབ་པོ་ཞེས་བྱ་བ་ཉིད་དོ། །ཚིག་ཇི་ལྟ་བུས་གསོལ་བ་བཏབ་ཅེ་ན། ཁྱབ་བདག་བདག་ལ་སྨན་པ་དང། །ཞེས་པ་ལ་སོགས་པ་གསུངས་ཏེ། ཁྱབ་བདག་ཅེས་པ་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བདག་པོའི་ཚུལ་དུ་ངེས་པར་འཛིན་པས་ན་བོད་པའི་ཚིག་གོ །གསང་བའི་བདག་པོ་ཉིད་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པའི་ངོ་བོ་ཡིན་ཡང་འགྲོ་བའི་དོན་དུ་ས་བཅུའི་དབང་ཕྱུག་གི་ཚུལ་དུ་བཞུགས་པས་ན་འབྲས་བུའི་དོན་ལ་རག་ལས་པ་ལྟར་སྟོན་ན་ནི། ཁྱབ་བདག་བདག་ལ་སྨན་པ་དང༌། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཞེས་གསུངས་སོ། །ཚད་དུ་བྱ་བའི་ཚིག་གསུམ་གྱི་འབྲས་བུ་གང་ཞེ་ན་སྙམ་པ་ལ། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་གསུངས་ཏེ། ཐེག་པ་ཆེན་པོའི་འབྲས་བུ་ངེས་པར་བསྐྱེད་པའི་རྒྱུ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ནི་བྱ་བ་ཚེགས་ཆུང་ངུས་དངོས་གྲུབ་ཀྱི་
གཟུགས་རྣམ་པ་སྣ་ཚོགས་པ་སྐྱེད་པར་བྱེད་པས་ན་སྒྱུ་འཕྲུལ་ཞེས་བྱ་ཞིང༌། དེ་ཉིད་ཕྱག་རྒྱ་བཞིའི་ཚུལ་གྱིས་འབྲེལ་པས་ན་དྲ་བ་ཞེས་བྱ་སྟེ་བྱེད་པ་པོའི་ཚིག་གོ །དེ་ལྟ་བུའི་ཚུལ་གྱིས་བདག་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་མཛོད་ཅེས་བྱ་ཞིང༌། ཅི་ནས་ཞེས་པ་ནི་མི་ཐོབ་ཏུ་མི་རུང་བའི་དོན་ཏོ། །དེ་ཉིད་བདག་གི་དོན་གྱི་དགོས་པའོ། །ཅི་ས་བཅུའི་དབང་ཕྱུག་ཀྱང་ཉན་ཐོས་ཀྱི་ངེས་པ་བཞིན་དུ་བདག་གི་དོན་འབའ་ཞིག་དང་ལྡན་ནམ་ཞེ་ན་མ་ཡིན་ཏེ། གཞན་དོན་ཕུན་སུམ་ཚོགས་པ་ནི། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་གྱི་སེམས་ཅན་རྣམས་འདོད་ཆགས་ལ་སོགས་པའི་མངོན་པར་ཞེན་པས་སེམས་དཀྲུགས་ཤིང༌། དེའི་རྐྱེན་གྱིས་འཁོར་བའི་རྒྱ་མཚོར་མི་ཤེས་འདམ་དུ་བྱིང་བའི་སེམས་ཅན་ཀུན་ལ་ཞེས་བྱའོ། །དེ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ལ་གཞག་པ་ནི་ཕན་པ་ཞེས་བྱ་སྟེ། ཕན་པ་ནི་འབྲས་བུ་ཆེན་པོ་ཉེ་བར་བསྡུ་བའི་ཚིག་སྟེ། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་བྱ་བར་འབྲེལ་ཏོ། །དེའི་ཕྱིར་གུས་པ་དང་ལྡན་པས་བསྟོད་པ་ནི། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་དག་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་བོས་ནས་ཁྱད་པར་གྱི་ཚིག །འགྲོ་བའི་བླ་མ་སྟོན་པ་པོ། །ཞེས་བྱའོ། །དེ་ཉིད་ཇི་ལྟ་བུའི་མཁྱེན་པ་དང་ལྡན་ཞེ་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་གསུངས་ཏེ། སྔོན་བྱང་ཆུབ་ན་བཞུགས་པའི་ཚེ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་ཞལ་གྱིས་བཞེས་པ་ནི་དམ་ཚིག་ཆེན་པོའོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་མངོན་པར་རྟོགས་པའི་བདག་ཉིད་ཐུགས་སུ་ཆུད་ཅིང་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པ་ནི་དེ་ཉིད་མཁྱེན་ཏེ། ཉིད་ཀྱི་ཡང་དོན་ཞེས་བྱ་བར་དགོངས་སོ། །སེམས་ཅན་རྣམས་ཀྱི་ལས་ཇི་ལྟ་བ་བཞིན་དུ་མཁྱེན་པ་ནི་དབང་པོ་བསམ་པ་མཁྱེན་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ནི་བསམ་པ་མཁྱེན་པ་སྟེ། ཉན་ཐོས་པ་ལ་སོགས་པ་ལྟར་གྱུར་པ་མི་མཁྱེན་པ་མི་མངའ་བས་ན་མཆོག་ཅེས་བྱའོ། །གིས་ཞེས་པ་ནི་བྱེད་པ་
པོའི་ཚིག་སྟེ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་ཀྱིས་བཤད་དུ་གསོལ་ཞེས་བྱ་བའི་ཐ་ཚིག་གོ །ངེས་པར་གསོལ་བའི་དོན་གང་ཇི་ལྟ་བུ་སྙམ་པ་ལ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཡེ་ཤེས་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་དེ། གཟུགས་སྐུ་རྣམ་པ་གཉིས་ཀྱི་རྟེན་དུ་གྱུར་པས་ན་སྐུ་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གོང་ན་དེ་ལས་མེད་ཅིང་བསྔགས་པའི་ཚུལ་གྱིས་དབུ་ལ་ཁུར་བར་མཛད་པ་དང༌། ངེས་པར་འབྱེད་པའི་ཚིག་ཐམས་ཅད་ཀྱི་རྩ་བར་གྱུར་ནས། གཙུག་ཏོར་ཆེན་པོ་ཚིག་གི་བདག །ཅེས་བྱ་བ་ཉིད་དོ། །དེ་ཉིད་གློ་བུར་བ་མ་ཡིན་ཞིང་རྐྱེན་གྱི་སྦྱོར་བ་དང་བྲལ་བས་འོད་གསལ་བ་རང་གི་ངོ་བོར་ཞུགས་པས་ན། ཡེ་ཤེས་སྐུ་ཏེ་རང་བྱུང་བ། །ཞེས་བྱའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་དོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇམ་དཔལ་ཏེ། བདེ་བ་ཆེན་པོའི་སྐུ་དང་ལྡན་པས་ཡེ་ཤེས་ཉིད་དང༌། རྟག་ཏུ་རྒྱུན་མི་ཆད་པར་འགྲོ་བའི་དོན་ལ་མངོན་པར་བརྩོན་པས་ན་སེམས་དཔའ་ཞེས་བྱ་ཞིང་བརྗོད་པར་བྱ་བ་དང༌། དོན་གྱི་དངོས་པོ་འབྲེལ་པས་དྲུག་པའི་ཚིག་གོ །དེ་ཉིད་དངོས་པོའི་རྣམ་པར་རྟོག་པ་དང་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་བྲལ་ཞིང༌། བདག་དང་གཞན་གཉིས་ཀྱི་བརྗོད་པ་དང་བྲལ་བས་ན་མིང་ཡིན་ཏེ་མེད་པའི་ཡི་གེ་གཉིས་སོ། །མེད་པ་ལ་ཕན་པར་འདོད་པའི་ཚུལ་གྱིས་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པས་ན། མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་བྱའོ། །ངེས་པར་གསོལ་བའི་དན་དེ་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དོན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཡིན་ཞིང༌། དེ་གྲུབ་པར་བྱེད་པའི་ཐབས་ལ་ཡང་དོན་ཞེས་བྱའོ། །ཟབ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གཉེན་པོའི་ཆོས་མི་སྟོན་ཞིང་འགལ་བའི་ཆོས་ཀྱིས་རྟོགས་པར་དཀའ་ཞིང་མྱུར་བར་འདོད་པའི་འབྲས་བུ་གྲུབ་པ་ཉིད་དོ། །དོན་རྒྱ་ཆེ་བ་ནི་ཐེག་
པ་ཆེན་པོའི་སེམས་ཀྱིས་སེམས་ཅན་མ་ལུས་པའི་དོན་ལ་མངོན་པར་བརྩོན་པའོ། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་པ་དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་གྲུབ་པ་ནི། ཉན་ཐོས་ལ་སོགས་པ་ལྟར་བདག་གི་དོན་འབའ་ཞིག་མ་ཡིན་པས་མཚུངས་པ་མེད་ཅིང་དེ་ཉིད་བདེ་བ་ཆེན་པོའི་ཚུལ་གྱིས་རྣམ་པར་རྟོག་པ་ཐམས་ཅད་ཞི་བར་བྱེད་པས་ན་རབ་ཞི་བ་ཞེས་བྱ་བ་ཉིད་དོ། །ཅི་དེ་ཉན་ཐོས་ལ་སོགས་པ་ལྟར་རྒྱུ་དང་ལམ་སྡུག་བསྔལ་བ་ཉིད་ཀྱིས་བྱང་ཆུབ་སྒྲུབ་བམ་ཞེ་ན་མ་ཡིན་ཏེ། ཐོག་མ་བར་དང་མཐར་དགེ་བ། །ཞེས་གསུངས་ཏེ། དེ་ལ་ཐོག་མར་དགེ་བ་ནི་སྒྲུབ་པ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་ཚུལ་གྱིས་སོ། །བར་དུ་དགེ་བ་ནི་རྒྱུ་སྒྲུབ་པ་ཉིད་ཀྱི་མཉམ་པར་གཞག་པའི་བདེ་བ་རྒྱུན་དུ་སྒོམ་པ་ཡིན་ལ། དེས་བསྒྲུབས་པའི་འབྲས་བུ་ཆོས་ཀྱི་སྐུ་ནི་མཐའ་མར་དགེ་བ་ཞེས་བྱ་བ་ཉིད་དོ། །ཟབ་མོའི་དོན་འདི་ཉིད་ད་ལྟར་གྱི་སྟོན་པ་ཤཱཀྱ་ཐུབ་པ་ཁོ་ནས་གསུངས་སམ་ཞེ་ན་མ་ཡིན་ཏེ། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང༌། །ཞེས་གསུངས་ཏེ། འདས་པའི་དེ་བཞིན་གཤེགས་པ་མར་མེ་མཛད་གཅིག་པུས་ཀྱང་མ་ཡིན་ཏེ། ད་ལྟར་གྱི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་མ་ཡིན། མ་འོངས་པའི་དེ་བཞིན་གཤེགས་པ་བྱམས་པས་ཀྱང་མ་ཡིན་ཞིང༌། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་ཉིད་གསུངས་ལ། ད་ལྟར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་ཉིད་གསུངས་པ་དང༌། མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་ཉིད་གསུངས་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ད་ལྟར་འདི་རྒྱུད་གང་ལས་གསུངས་ཤེ་ན། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །ཞེས་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལེའུ་ཁྲི་དྲུག་སྟོང་པ་ལས་གསུངས་ཞེས་བྱ་བ་ཉིད་དོ། །དེ་ཇི་ལྟ་བུའི་ཚུལ་དུ་གསུངས་ཤེ་ན། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེ་འཆང་ཆེན་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་སེམས་དཔའ་དང༌། གསང་སྔགས་འཆང་བ་ནི་དེའི་
འཁོར་དུ་གྱུར་པའི་རྡོ་རྗེའི་རིགས་ཀྱི་བདག་ཉིད་ཅན་རྣམས་སོ། །དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །ཞེས་པ་ནི་འཁོར་དེ་ལྟ་བུ་འཇིག་རྟེན་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་མཚུངས་པ་མེད་པ་རྣམས་ཀྱིས་བདེ་བ་ཆེན་པོ་དང་ལྡན་པས་འགྲོ་བའི་དོན་དུ་གསུངས་སོ་ཞེས་བྱ་བ་ཉིད་དོ། །དེ་ཉིད་བྲེ་མོའི་ཚུལ་དུ་གསུངས་པ་མ་ཡིན་པ་ནི། གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་གསུངས་སོ། །དེ་ལ་གླུ་ནི་རྡོ་རྗེའི་གླུ་ཟབ་མོའི་དོན་རྡོ་རྗེའི་ཚིག་ཏུ་གསུངས་པ་ཡིན་ཞིང༌། ཡོན་ཏན་གྱི་ཚོགས་བདག་ཏུ་བྱས་པས། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱེད་པས་ན་གླུ་ཞེས་བྱ་པ་ཡིན་ལ། དེ་གང་ཡིན་པ་དེ་བདག་ལ་བཤད་དུ་གསོལ་ཞེས་བྱ་བ་ཉིད་དོ། །ཞུ་བ་པོ་རང་གི་དོགས་པ་བསལ་བའི་ཕྱིར། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ཞེས་གསུངས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་བདག་པོ་བདག་ཡིན་པའི་ཕྱིར་ན་ཟབ་དོན་གྱི་སྣོད་ཡིན་ཞེས་བྱ་བ་ཉིད་ད། དེ་ཉིད་མ་འོངས་པའི་ཚིག་ཏུ་སྟོན་ཀྱང་འདས་པ་དང་ད་ལྟར་གསུམ་གྱི་བདག་པོ་ཡིན་ཞེས་བྱ་བ་ཉིད་དོ། །ངེས་པར་འབྱུང་གི་བར་དུ་འདི། །བདག་གིས་བསམ་པ་བརྟན་བོས་གཟུང༌། །ཞེས་པ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ངེས་པའི་ལམ་ཟབ་མོ་འདི་བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དུ་སོམ་ཉི་དང་རྣམ་པར་བྲལ་བས་མི་སྤྱོམ་པའི་ཚུལ་གྱིས་བརྟན་པར་གཟུང་ཞེས་བྱ་བ་ཉིད་དོ། །བདག་ཉིད་ངེས་པའི་ཡེ་ཤེས་དང་ལྡན་ནས་འགྲོ་བ་གཞན་ལ་ཡང་དག་པར་ཕན་པའི་ཚུལ་གྱིས་སྟོན་པར་འདོད་པ་ནི། ཉོན་མོངས་མ་ལུས་བསལ་བ་དང༌། །མི་ཤེས་མ་ལུས་སྤངས་པའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་གསུངས་ཏེ། །ཁམས་གསུམ་གྱི་སེམས་ཅན་རྣམས་འབྲས་བུ་ཉོན་མོངས་པ་སྲེད་པ་དང་ང་རྒྱལ་ལ་སོགས་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་རྣམས་བསལ་བ་དང༌། རྩ་བའི་ཉོན་མོངས་པ་མ་རིག་པ་ལས་བཟློག་པའི་ཕྱིར་ཐེག་པ་ཆེན་པོའི་དོན་མངོན་པར་དད་པ་རྣམས་དང་ཞི་བའི་སེམས་དང་ལྡན་པ་རྣམས་ལ་
ཇི་ལྟ་བ་བཞིན་དུ་ངེས་པ་དང་མ་ངེས་པའི་ཚུལ་དུ་བཤད་པར་འདོད་ཅེས་པ་ཉིད་དོ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པ་ནི་གོང་དུ་སྨོས་པའི་ཞུ་བའི་ཚིག་དེ་ལྟ་བུས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་ནས་གུས་པ་དང་ལྡན་པའི་ཚུལ་གྱིས་སྤྱན་སྔར་འདུག་ཅེས་བྱ་བ་ཉིད་དོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་བརྗོད་པ་སྟེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མི་རྣམས་ཀྱི་མཆོག་ཅེས་པ་ཉིད་དོ། །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཅེས་པ་ནི་བརྒྱུད་པའི་སྒོ་ནས་ཆོས་སྟོན་པ་ཡིན་ཞིང༌། ཉིད་ཀྱིས་ལེགས་པའི་འབྲས་བུ་དང་ལྡན་པའི་ཆོས་སྟོན་པས་ན་ལྗགས་བཟང་ཅན་ཞེས་པ་སྟེ། འཇིག་རྟེན་ཁས་སྨྲས་པའི་ཚིག་བཟང་པོ་ལ་ཡང་ཁས་བཟང་ཞེས་པ་ལྟ་བུའོ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཞེས་པ་ནི་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་ཉོན་མོངས་པ་སེལ་བར་མཛད་པས་ན་རིང་བ་དང༌། དེ་ཉིད་འགྲོ་བ་མ་ལུས་པ་ལ་ཕན་པར་འདོད་པས་ན་ཡངས་པ་སྟེ། དེ་མཚོན་པའི་དབྱིབས་ཀྱིས་ལྗགས་ལ་ཡང་དེ་སྐད་བྱ་བ་ཉིད་དོ། །སེང་གེ་གླལ་བ་ལ་སོགས་པ་ལྟ་བུ་ནི་མ་ཡིན་པ་ཉིད་དོ། །དེ་བཞིན་གཤེགས་པའི་གསུང་དེ་ཉིད་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང༌། །ཞེས་གསུངས་ཏེ། དེ་ལ་འཇིག་རྟེན་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་གསུམ་ཡིན། དེ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བར་བྱེད་པས་ན་སྣང་བྱེད་ཅིང་ཞེས་བྱའོ། །དེ་ཉིད་འདོད་ཆགས་ལ་སོགས་པ། བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །ཞེས་པ་ལྷའི་བུའི་བདུད་ལ་སོགས་པ་རྣམ་པ་བཞི་འདུལ་བར་བྱེད་པ་སྟེ། རྒན་པ་དང་ནད་དྲག་པོ་རྣམས་ཏེ་དེ་སྤོང་བར་བྱེད་ཅེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་པ་ནི་ཕྱིན་ཅི་ལོག་གིས་བསྐྱེད་པའི་སྲིད་པ་ལ་སོགས་པ་ངན་འགྲོ་རྣམ་པ་གསུམ་གྱི་རྒྱུད་སྦྱོང་བར་བྱེད་པ་ལ་སྐྱེས་པའི་
ཚུལ་གྱིས་ཞལ་ངེས་བར་བཤད་པ་ཉིད་དོ། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ་ལ་ཚངས་པ་ནི་རྣམ་པར་རྟོག་པའི་ཚོགས་མཐའ་དག་དང་བྲལ་བ་ཡིན་ཏེ། གསུང་སྙན་པ་ནི་དེ་བཞིན་གཤེགས་པའི་བཀའ་ཕན་བར་འདོད་པའི་ཚིག་ཅན་ནོ། །འཇིག་རྟེན་གྱི་ཁམས་གསུམ་པོ་མ་ལུས་པ་ཉིད་དེ་ཀུན་བཀང་ཞེས་འདས་པའི་སྒྲར་གསུངས་ཀྱི། གསུང་དེ་ཉིད་སྙིང་རྗེ་ཆེ་དང་ཞེས་བྱ་བ་ལ་སོགས་པ་ཉིད་ཡིན་ཞིང༌། སེང་གེའི་ང་རོ་ལྟ་བུ་ཉིད་མ་ཡིན་པ་ཉིད་དོ། །དེ་གང་ལ་གསུངས་ཤེ་ན། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སླར་ཞེས་བྱ་བ་ནི་ལན་གྱི་ཚིག་ཅེས་བྱ་བའི་དོན་ཏོ། །གོང་གི་ཚངས་པའི་གསུང་དེ་ཉིད་བསྟན་པའི་ཕྱིར། སྙིང་རྗེ་ཆེ་དང་ལྡན་གྱུར་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཞུ་བ་པོ་དེ་ཉིད་གཞན་གྱི་དོན་ལ་མངོན་པར་བརྩོན་པའི་སེམས་དང་ལྡན་པ་ནི་སྙིང་རྗེ་ཆེན་པོའོ། །དེ་ཉིད་གང་ཞེ་ན། འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཅེས་གསུངས་ཏེ་དེ་ཆེད་དུ་བྱ་བའི་མ་ནིང་གི་རྟགས་ཀྱིས་སྟོན་པ་པོ་དང་ཞུ་བ་པོ་གཉི་ག་ལ་སྦྱར་ཞིང༌། ཁྱོད་ཅེས་པ་ནི་བདུན་པའི་དོན་ལ་དང་པོའི་ཚིག་གོ །ཞུས་པའི་དོན་དེ་ཉིད་ལ་དེ་བཞིན་གཤེགས་པ་མངོན་པར་དགའ་བ་དང་ལྡན་པར་བསྟན་པ་ནི། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །ཞེས་པ་ལ་སོགས་པ་སྟེ་དེ་ལ་ཡེ་ཤེས་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་ཡིན་ལ། དེ་ཉིད་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱི་རྟེན་ཡིན་པས་ན་ལུས་ཞེས་བྱ་ལ་ལྡན་པའི་སྒྲ་ནི་ཚིག་གི་ཚོགས་དེ་ཉིད་ལ་དེའི་དོན་འདི་ཉིད་དོ། །འཇམ་དཔལ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་སྟེ། དེ་ཡང་ལེའུ་དང་པོ་ལས། མ་ནི་རྟོགས་མེད་ཤེས་རབ་སྟེ། །ན་ནི་གཉིས་མེད་བདེ་བ་སྟེ། །ཛ་ནི་འགྲོ་ལ་ཐུགས་རྗེའི་བདག །ཨུ་ནི་ཐབས་སུ་ཡང་དག་བཅས། །ཤྲཱི་ནི་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་རྫོགས་པ་རུ་མཛད་པས་ན། །མི་སྐྱེ་ཆོས་ཅན་ཐམས་ཅད་ཀྱི། །འཇམ་དཔལ་བདག་ཉིད་ཆེན་པོ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །མིང་
བརྗོད་པས་ནི་དོན་ཆེ་བ། །ཞེས་པ་ནི་དེ་ལྟ་བུའི་འཇམ་དཔལ་དེ་ཚིག་གི་བརྗོད་པ་དང་བྲལ་ཀྱང་ཚིག་གི་བརྗོད་པ་དང༌། དེ་ཉིད་དོན་ཆེན་པོ་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་བྱ་བ་ནི་དོན་གྱི་མཚན་ཉིད་དེ་ལྟ་བུ་བག་ཆགས་ཀྱི་དྲི་མ་རྣམ་པར་དག་པར་བྱེད་ཅིང་སྡིག་པ་སེལ་བར་མཛད་པ་ཉིད་དེ་རྒྱུ་འབྲས་ཀྱི་ཚུལ་གྱིས་བསྟན་པའོ། །ང་ལས་ཉན་པར་བརྩོན་པ་ནི། །ཞེས་པ་ནི་དེ་བཞིན་གཤེགས་པ་ཉིད་ལས་ཉན་པར་འདོད་པ་ནི་ཞེས་བྱ་བར་སྦྱར་ཏེ། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་པ་ནི་དེ་ལྟ་བུའི་ཟབ་མོའི་དོན་འགྲོ་བ་ལ་ཕན་པར་འདོད་པའི་ཚུལ་གྱིས་ང་ལས་ཉན་པ་ནི་ཀྱེ་རྡོ་རྗེ་འཆང་ཁྱོད་ལེགས་སོ་ལེགས་སོ་ཁྱོད་ཅེས་མངོན་པར་དགྱེས་པའི་ཚུལ་གྱིས་བསྟོད་པའོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཞེས་བྱ་བ་ལ་གསང་བའི་བདག་པོ་ནི་གོང་དུ་བཤད་ཟིན་ལ། དེ་ཕྱིར་ཞེས་བྱ་བ་ནི་ཆེད་དུ་བྱ་བ་མ་ཡིན་གྱི་རྟགས་ཅན་ཡིན་ཞིང༌། ངས་ཁྱོད་ལ་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་འབྲས་བུ་བཟང་པོ་བྱིན་པ་བསྟན་པར་བྱའོ་ཞེས་པ་སྟེ། བསྟན་པར་བྱ་ཞེས་པ་ནི་ཕྱེད་པའི་ཚིག་ལ་དང་པོའི་དོན་ཏོ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པ་ནི་ཞུ་བ་པོ་ཉིད་བསམ་པ་གཅིག་པ་དང་ལྡན་པས་ཆོས་ཀྱི་འཁོར་ལོ་ལན་གཉིས་པ་བསྐོར་ཅིག་ཅེས་བྱ་བ་ཉིད་དོ། །དེ་དག་ནི་དེ་བཞིན་གཤེགས་པའི་བཀའ་ཡིན་ལ། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པ་ནི་ཞུ་བ་པོ་དང་སྡུད་པ་པོའི་ཚིག་འདྲེས་པ་སྟེ། བཅོམ་ལྡན་དེ་ནི་ལེགས་ཞེས་པ་ནི་ཀྱེ་བཅོམ་ལྡན་འདས་ལེགས་ཞེས་པ་སྟེ་ཞུ་བ་པོའི་ཚིག་གོ་ཞེས་གསོལ་ཞེས་པ་ནི། དེ་སྐད་ཅེས་གསོལ་ཞེས་པ་སྟེ་སྡུད་པ་པོའི་ཚིག་གོ །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ལ་སོགས་པ་ནི་སྡུད་པ་པོའི་ཚིག་སྟེ། འདི་ལྟ་བུའི་དོན་ཐུགས་ལ་བཞག་ནས། དེ་དང་ལྡན་པའི་སྔགས་འདི་གསུངས་སོ་ཞེས་བྱ་བར་འབྲེལ་ཏོ། །དེ་ལ་དོན་གྱི་མཚན་ཉིད་ནི་ཇི་ལྟ་བུ་ཞིག་དང་ལྡན་སྙམ་པ་དང༌། གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །ཞེས་བྱ་བ་གསུངས་ཏེ། སྔགས་འདི་ཡིད་སྐྱོབ་པར་བྱེད་པ་དང་གསང་བ་ནི་དེ་ཉིད་བདེ་བ་
ཆེན་པོའི་ཚུལ་གྱིས་བསྟན་པ་སྟེ་རིགས་ཀྱི་གྲངས་ནི། ཡོངས་སུ་དག་པའི་ཐབས་དང་བཅས། །དེ་བཞིན་གཤེགས་ཀུན་སྙིང་པོ་དང༌། །ཕྲག་མ་གཉིས་དང་ཡིག་འབྲུ་གསུམ། །བཅོམ་ལྡན་ཡེ་ཤེས་གཟུགས་ཅན་དང༌། །ངག་གི་དབང་ཕྱུག་གནོན་པ་ཆེ། །ཆོས་ཀུན་ནམ་མཁའི་མཚན་ཉིད་དང༌། །དྲི་མེད་ཡོངས་སུ་དག་པ་རྣམས། །ཤར་ལྷོ་ནས་མཚམས་རིམ་བཞིན་དགོད། །རྩིབས་ཀྱི་མུ་ཁྱུད་འཁོར་བར་ནི། །སརྦ་དྷརྨཱཿ་ཞེས་པ་ནས། །ཏ་ཐཱ་ག་ཏའི་བར་དུ་དགོད། །དེ་ལྟར་ཐབས་དང་ཤེས་རབ་ཀྱི། །འཁོར་ལོ་གཉིས་ནི་གསལ་བལྟས་ནས། །ཡི་གེ་འོད་ཟེར་སྤྲོ་བསྡུ་ལས། །སྡང་སེམས་ནང་དུ་ཆུད་པར་ནི། །བརྟན་པའི་སེམས་ཀྱིས་བསྒོམ་པར་བྱ། །དེ་ཡིས་ཆོས་རྣམས་ཐམས་ཅད་ནི། །གཉིས་མེད་ཡེ་ཤེས་བདེ་བ་ཆེ། །འོད་གསལ་བར་དུ་གསལ་བར་འགྱུར། །ཞེས་བྱ་བ་ནི་སྒོམ་པ་ཡོངས་སུ་རྫོགས་པའི་མཚན་ཉིད་དེ་ཡིད་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །ཡིད་སྐྱོ་བར་གྱུར་ན་ཐབས་དང་ཤེས་རབ་ཀྱི་སྔགས་མདོ་ལས་གསུངས་པ་བཞིན་དུ་འཁོར་ལོའི་ཚུལ་གྱིས་འབྲུ་དྲུག་ལ་སོགས་པ་བཟླ་བར་བྱའོ། །དེ་ནས་སྐྱེ་བ་དེ་ཡང་བདག་དང་སེམས་ཅན་ཐམས་ཅད་དང་ཐུན་མོང་བ་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡོངས་སུ་གྲུབ་པ་ཉིད་གཤེགས་སུ་གསོལ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །དངོས་གྲུབ་ཚུལ་བཞིན་སྩལ་ལགས་ཀྱིས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པས་གཤེགས་སུ་གསོལ་བའོ། །འཁོར་ལོ་ཡི་གེ་དང་བཅས་པ་རྣམས་སྡུད་པའི་ཚུལ་གྱིས་བདག་ཉིད་ལ་བསྟིམས་ནས། སྤྱོད་ལམ་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོས་གནས་པར་བྱའོ། །དེ་ལྟར་རྒྱུན་དུ་བསྒོམས་པའི་ཕན་ཡོན་ནི་ཕན་ཡོན་བསྟན་པའི་མདོ་ལས། ལག་ན་རྡོ་རྗེ་འཆང་ཆེན་ཞེས་བྱ་བ་ནས། ཕྱོགས་བཅུར་དམ་པ་ཆོས་ཀྱི་སྐུ་སྒྲ་ཆེན་པོ་རྒྱུན་མི་འཆད་པ་སྒྲོགས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་ཕན་ཡོན་མ་ལུས་པར་བསྟན་པ་གོ་བར་
བྱའོ། །ད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ། གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །ཞེས་བྱ་བ་བསྟན་པའི་ཕྱིར། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་པ་ནི་དམིགས་པ་ཉེ་བར་སྟོན་པའི་ཚིག་གོ །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཞེས་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཨ་ལས་སྐྱེས་ཞེས་བྱ་བ་ཉིད་དེ། དེ་ལ་ཨ་ནི་ཡི་གེ་སྟེ་རྣམ་པར་དབྱེ་བ་ཞེས་བྱ་སྟེ། བྱེ་བྲག་མང་པོའི་ཚུལ་གྱིས་མནོས་ཞེས་བྱ་བ་ཉིད་དོ། །ཆེན་པོ་ཉིད་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ཞིང༌། རྒྱུའི་ཚུལ་གྱིས་མ་ལུས་པར་བསྟན་ཏོ། །གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཉེ་བར་མཚོན་པ་ཉིད་རིགས་ལས་སྐྱེས་པའི་ཕྱིར་རིག་སྔགས་ཏེ། འཛིན་པ་ལ་བརྩམས་པར་འཆང་བ་དང༌། བགྲང་བ་ཉེ་བར་མཚོན་པའི་ཕྱིར་ན་རིགས་ཞེས་བྱའོ། །དེ་ཉིད་ལམ་གྱི་མཚན་ཉིད་སེམས་དཔའ་གསུམ་གྱི་བདག་ཉིད་བསྒྲུབ་པས་ན། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་སྟེ་བལྟ་བ་ནི་ཡིད་ཀྱིས་ངེས་པར་བལྟའོ་ཞེས་བྱ་བར་དགོངས་སོ། །སེམས་དཔའ་གསུམ་གྱི་ལས་འབྲས་བུ་རྣམས་གཉིས་འབྱུང་བར་བསྟན་པ་ནི། འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་གསུངས་ཏེ། ཚངས་པ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་པོ་ཞེས་ཏེ། དེ་ཡང་རྣམ་པ་མང་པོ་དང་ལྡན་པར་རིགས་ཞེས་བྱའོ། །འཇིག་རྟེན་འདས་པའི་རིགས་གང་ཞེ་ན་སྙམ་པ་ལ། འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཞེས་གསུངས་ཏེ། འཇིག་རྟེན་ནི་འཇིག་རྟེན་པའི་མཚན་ཉིད་ཡིན་ལ། བདེ་བ་ཆེན་པོའི་ཚུལ་གྱིས་ན་སྣང་བར་བྱེད་པ་ཞེས་བྱ་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་གོང་ན་དེ་ལས་གཞན་མེད་པས་ན་ཆེན་པོ་ཞེས་བྱ་སྟེ་དེ་ཉིད་ཆོས་ཀྱི་སྐུའོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །ཞེས་པ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པས་བཅུ་པའི་སྟོན་པ་སྐུ་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་བཞུགས་ཤིང༌། ཞིང་ཁྱད་པར་ཅན་གྱི་བདག་པོ་མཆོག་ཅེས་བྱ་སྟེ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུའོ། །རིན་ཆེན་གཙུག་ཏོར་ཆེར་གཙིགས་ནས། །ཞེས་པ་ནི་སྤྲུལ་པའི་སྐུ་སྟེ། མཛད་པ་ཁྱད་
པར་ཅན་དང་ལྡན་པས་ན་ཆེན་པོ་ཞེས་བྱ་བ་སྟེ། འཇིག་རྟེན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པས་ན་གཙུག་ཏོར་ཞེས་བྱ་སྟེ། གཟིགས་པ་ནི་དེ་ལྟ་བུའི་ཚུལ་གྱིས་ཐུགས་ལ་བཞག་པ་ཡིན་ཏེ། དགོས་པའི་ཁྱད་པར་ཡིན་པ་ནི་འཇིག་རྟེན་ན་དེ་ལ་བལྟས་ནས་དེ་བྱ་ཞེས་ཟེར་བ་དེ་ལྟ་བུའོ། །དེ་ལྟ་བུའི་དོན་དག་ཇི་ལྟ་བུ་གསུངས་ཤེ་ན། ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་པ་ནི་གསུམ་པའི་དོན་ལ་དང་པོའི་ཚིག་སྟེ། ཚིགས་སུ་བཅད་པས་གསུངས་སོ་ཞེས་བྱ་བ་ཉིད་དོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་པ་ནི་དངོས་པོ་ཀུན་གྱི་རིགས་དྲུག་དང་ཞར་ལས་བྱུང་བའི་འཇིག་རྟེན་པའི་རིགས་གསལ་བའི་རྒྱུ་འབྲས་ཀྱི་རིགས་དྲུག་སྟེ། དེ་ཉིད་གསང་སྔགས་ཀྱི་ཚུལ་དུ་གསུངས་པ་དང༌། རིག་པ་ཀུན་གྱི་རྒྱལ་པོ་ནི་གསང་སྔགས་རྒྱལ་པོ་ཞེས་བྱའོ། །དེ་དག་རིགས་ངེས་པ་ཉིད་མ་ཡིན་ཞིང་རིགས་གཅིག་པར་བསྙེན་པ་ནི། །གཉིས་སུ་མེད་པར་འབྱུང་བ་དང༌། །ཞེས་གསུངས་ཏེ་རིགས་ཐམས་ཅད་བདེ་བ་ཆེན་པོའི་ཚུལ་གྱིས་ཞེས་བྱ་བར་དགོངས་སོ། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་པ་སྟེ་བདུན་པ་དང་བྱེད་པ་འདོམ་པའི་ཚིག་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ལས་སྐྱེ་བར་གསུངས་པ་དང༌། རྣམ་པར་རྟོག་བའི་ཆོས་མི་སྐྱེ་བར་བྱེད་པའི་ཆོས་གསུངས་ཞེས་པ་སྟེ། ལྡན་པ་ནི་སྔགས་ཀྱི་ཚིག་འདི་ཉིད་ལ་ལྡན་པར་བསྟན་པ་དེ་ཉིད་ཡིན་ལ། དེ་དག་གིས་ནི་འབྲེལ་པ་གསུམ་གྱི་བདག་ཉིད་ངེས་པར་བསྟན་པ་རྫོགས་སོ།། །།ད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལས་སྐྱེ་བར་གསུངས་པ་དང༌། རྣམ་པར་རྟོག་པའི་ཚོགས་ཐམས་ཅད་མི་སྐྱེ་བར་གསུངས་པ་ནི། ཨ་ཨཱ་ཨི་ཨཱི་ཞེས་པ་ནས་ཡ་ཏེ་ན་མཿ་ཞེས་བྱ་བའི་བར་དུ་ཡི་གེ་དྲུག་ཅུ་རྩ་བཞི་རྣམས་ཏེ། འདི་ནི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་བ་ཡིན་ལ། བདག་ཉིད་ངེས་པར་འབྱུང་བར་འདོད་པ་རྣམས་ཀྱིས་འདི་ལྟར་རང་བཞིན་མངོན་པར་དགའ་བའི་གནས་སུ་སྟན་བདེ་བ་ལ་འདུག་ནས། མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་མདུན་དུ་བཤམས་ལ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་
ཐ་མའི་ཡི་གེ་བཞག་སྟེ། དེ་ལས་འོད་ཟེར་སྤྲོས་པས་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དང༌། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ་བལྟ་བར་བྱའོ། །དེ་ལ་བདག་གིས་སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ཛྙཱ་ན་མཱུརྟི་པཱ་ད་བནད་ནཾ་ཀ་རོ་མི་ཞེས་པས་ཕྱག་བྱའོ། །དེའི་རྗེས་ལ་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ལེགས་པར་མཆོད་དེ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱ་སྟེ། བདག་གི་ཚེ་རབས་ཐོག་མ་མ་མཆིས་པ་ནས། ད་ལྟར་གྱི་བར་དུ་སྒོ་གསུམ་ནས་སྡིག་པ་བགྱིས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོར་བཤགས་སོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་ངོ༌། །བདག་དང་དེ་དག་གི་བགྱི་བ་གཅིག་ཏུ་གྱུར་པས་བླ་ན་མེད་པའི་བྱང་ཆུབ་ཡོངས་སུ་བསྔོ་བར་བྱའོ། །ཁམས་གསུམ་གྱི་སེམས་ཅན་རྣམས་ཐེག་པ་ཆེན་པོ་གསང་སྔགས་ཀྱིས་བླ་ན་མེད་པ་ལ་ངེས་པར་གཞག་གོ །བདག་གིས་སེམས་ཅན་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་སྐྱབས་སུ་མཆིའོ། །ཡང་དག་པར་གླུར་བླངས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆིའོ་ཞེས་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་བསམ་པས་བྱམས་པ་དང༌། སྡུག་བསྔལ་ལ་ཉེ་བར་དམིགས་པའི་སྙིང་རྗེ་དང༌། དེ་ལ་མངོན་པར་དགའ་བའི་དགའ་བ་དང༌། དམིགས་པ་མེད་པའི་བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་སརྦ་ཏ་ཐཱ་ག་ཏ་བཛྲ་མུཿ་ཞེས་བྱ་བས་ཚོགས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ཏེ། ཨོཾ་སརྦ་དྷརྨཱཿ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་དངོས་པོ་ཐམས་ཅད་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་འོད་གསལ་བའི་ངོ་བོར་བསྒོམ་པར་བྱའོ། །དེའི་རྗེས་ལ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསམ་མོ། །དེ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ། །དེ་
ལས་འོད་ཟེར་སྤྲོས་པས་ཇི་ཙམ་འདོད་པའི་རྒྱ་བར་མཚམས་མེད་པར་གྱུར་པའི་རྡོ་རྗེའི་ས་གཞི་དང༌། དེ་ལས་ལོགས་སུ་གྱུར་པའི་རྡོ་རྗེ་ར་བ་དང༌། སྟེང་དུ་གྱུར་པའི་རྡོ་རྗེའི་གུར་རྣམས་མི་བཟང་པའི་ར་བའི་འོད་དང་ལྡན་པ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧྲི་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་སྙིང་པོ་དང་ཟེའུ་འབྲུར་ལྡན་པ་བསམས་ཏེ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཐ་མའི་ཁ་དོག་དམར་པོ་བསམ་སྟེ། དེ་གྱུར་པ་ལས་ཨུཏྤལ་རལ་གྲིས་མཚན་པ་ཁ་དོག་དམར་པོ་དེ་དག་གི་ལྟེ་བ་ལ་ཐ་མའི་ཡི་གེ་གསལ་བར་བྱའོ། །ས་བོན་དེ་ནས་འོད་ཟེར་སྤྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་ཞུགས་པར་བསམ་མོ། །དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པ། ལོ་བཅུ་དྲུག་པའི་ཆ་བྱད་ཅན་གསེར་གྱི་རྒྱན་ཆ་ལྔས་བརྒྱན་ཞིང་ཉི་མའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གི་ཚུལ་གྱིས། ཕྱག་གཡས་པ་ནི་ཤེས་རབ་ཀྱི་རལ་གྲི་ཨུཏྤལ་ལས་འདེབས་པའི་ཚུལ་གྱི་སྤྱི་བོའི་སྟེང་ན་འཛིན་ཅིང༌། ཕྱག་གཡོན་པ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐ་མའི་ཡི་གེ་བཞག་ནས། དེ་ལས་འོད་ཟེར་སྤྲོས་པས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡོངས་སུ་གྲུབ་པ་ཉིད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཤིང་ཞལ་བསིལ་ལ་སོགས་པས་མཆོད་ནས། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་པས་བདག་ཉིད་ལ་གཞུག་པར་བྱའོ། །དེ་ཉིད་ཆུ་དང་འོ་མ་འདྲེས་པ་ལྟར་བསམས་ནས། ཡང་སྙིང་གའི་ཐ་མ་ལས་འོད་ཟེར་སྤྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས། དབང་བསྐུར་བར་གསོལ་བ་བཏབ་པར་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྫུ་ཤྲི་ཡེ་ཞེས་བྱ་བས་རིག་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་ཆུས་དབང་བསྐུར་བར་བསམ་པར་བྱའོ། །དེ་ནས་ཆོས་རྣམས་ཐམས་ཅད་ཀྱི། །དོན་
གཅིག་གཉིས་མེད་ཡིད་ལྡན་ཞིང༌། །ཚོགས་མཆོག་སྐུ་གསུམ་སྒྲུབ་བྱེད་པ། །ཚིགས་སུ་བཅད་པ་རབ་བསྟན་བྱ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །འཁོར་ལོ་སེར་པོ་རྩིབས་བརྒྱད་ནི། །གསེར་གྱི་འོད་དང་བཅས་པ་བསྒོམ། །ལྟེ་བ་ལ་ནི་འཇམ་བྱེད་པའི། །ཡི་གེ་ཐིག་ལེ་བཅས་པ་བསྒོམ། །དེ་ཡི་ཤར་ཕྱོགས་རྩིབས་ལ་ནི། །དངོས་ཀུན་སྐྱེ་བ་མེད་པ་དགོད། །ལྷོ་ཡི་ཕྱོགས་ལ་རྡུལ་དང་བྲལ། །ནུབ་ཕྱོགས་དོན་དམ་ཀུན་བསྐྱེད་དེ། །བྱང་ཕྱོགས་སེམས་ཉིད་ངོ་བོ་ཡིན། །ཤར་ལྷོ་སྣ་ཚོགས་དངོས་གྲུབ་ཉིད། །ཐེག་པ་ཀུན་བྲལ་ལྷོ་ནུབ་ཡིན། །དེ་ཉིད་རྟོག་བྱེད་ནུབ་བྱང་སྟེ། །ཆོས་རྣམས་དམིགས་མེད་བྱང་ཤར་ཡིན། །ཡིག་འབྲུ་དེ་དག་གསལ་བཏབ་པ། །གུར་གུམ་མེ་ཏོག་འདྲ་བར་བསྒོམ། །རྩིབས་ཀྱི་བར་རྣམས་ཐམས་ཅད་ལ། །ཤར་ལྷོ་ནས་བརྩམས་རིམ་བཞིན་དུ། །ཡེ་ཤེས་ལུས་ཅན་སྙིང་པོ་བསྟན། །བདག་ཉིད་ངེས་པའི་སངས་རྒྱས་དང༌། །དེ་ཉིད་སངས་རྒྱས་རྣམས་སུ་བསྟན། །དུས་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །རྡོ་རྗེ་རྣོན་པོས་སྡུག་བསྔལ་གཅོད། །ཤེས་རབ་ཡེ་ཤེས་སེམས་དཔའི་གཟུགས། །ཡེ་ཤེས་སྐུ་ཡི་མཚན་ཉིད་དང༌། །ངག་གི་དབང་ཕྱུག་ཅེས་པ་དགོད། །རྩིབས་ཀྱི་མུ་ཁྱུད་ཐམས་ཅད་དུ། །འགྲོ་ལ་ཕན་པའི་ཚུལ་ཅན་གྱི། །རིས་དྲུག་སྐུ་ཡི་ས་བོན་ནི། །དབྱངས་ཡིག་བཅུ་གཉིས་ལེགས་པར་དགོད། །འོག་ཏུ་ཟླ་བའི་དཀྱིལ་འཁོར་ལ། །འཁོར་ལོ་རྩིབས་བརྒྱད་འོད་ལྡན་པ། །ཀུནད་ལྟར་ཀར་མདངས་དམར་བསྒོམ། །དེ་ནས་དགའ་བ་ཀུན་བསྐྱེད་པའི། །ཡི་གེ་ཐིག་ལེ་བཅས་བསྒོམ་པ། །ཤར་གྱི་རྩིབས་ལ་དབྱིངས་ཀྱི་ལྷ། །ལྷོ་ཕྱོགས་ཀུན་གྱི་ཡུམ་དུ་གསུངས། །ནུབ་ཕྱོགས་རིག་འཛིན་ས་ཡི་སྟེ། །བྱང་ཕྱོགས་གདུག་པ་དྲག་པོ་སྟེ། །ཤར་ལྷོ་ཤེས་པའི་ལུགས་ཅན་ཡིན། །ལྷོ་ནུབ་སྣ་ཚོགས་གདུང་བྱ་སྟེ། །ནུབ་བྱང་འགྲོ་ལ་ཕན་པར་འདོད། །བྱང་ཤར་སྲིད་པའི་འདོད་ཆགས་བྲལ། །དེ་དག་པདྨའི་རྩ་བ་ལྟར། །འོད་དང་བཅས་པ་བསྒོམ་པར་བྱ། །རྩིབས་ཀྱི་བར་ནི་ཐམས་ཅད་དུ། །ཡེ་ཤེས་ལུས་ཅན་འཇམ་དཔལ་དང༌། །ཡི་གེ་ནི་མི་འགྱུར་བ་ཉིད་ཡིན་ནོ། །ཀུན་རྫོབ་དང་དོན་དམ་པའོ། །ཀུན་རྫོབ་ལ་རྣམ་པ་གཉིས་ཏེ་བརྡའི་ཡི་གེ་དང༌། བརྗོད་
པའི་ཡི་གེའོ། །དོན་དམ་པ་ལ་རྣམ་པ་གཉིས་ཏེ། ཆོས་ཀྱི་དབྱིངས་དང་ཡེ་ཤེས་ཀྱི་ཚུལ་ཅན་ཡིན་ལ། དེ་དག་ཐམས་ཅད་སྐྱེ་བ་མེད་པའི་ཚུལ་གྱིས་ཨ་ཞེས་བྱ་བ་ཉིད་དེ། དེ་ཐུགས་སུ་ཆུད་པ་ལ་སངས་རྒྱས་ཡིན་ཞིང་དེ་བས་ན། རྫོགས་པའི་སངས་རྒྱས་ཨ་ལས་འབྱུང༌། །ཞེས་བྱ་བ་ཉིད་དོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་བྱ་བ་ནི་དེ་ལྟར་ཀུན་རྫོབ་དང་དོན་དམ་པ་གཉིས་ཀ་མཆོག་ཅེས་བྱ་བ་ཉིད་དོ། །དེ་ལ་ཀུན་རྫོབ་ལ་ནི་བརྗོད་པ་ཐམས་ཅད་ལ་ཨ་གཙོ་བོར་གྱུར་པས་ན་མཆོག་ཅེས་བྱ་བ་སྟེ། བརྡ་ནི་བརྗོད་པ་ལ་རག་ལས་པའི་ཕྱིར་རྣམ་པར་དབྱེ་བ་གཞན་དུ་མེད་དོ། །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པ་ནི་དེའི་དོན་སྒྲུབ་པར་བྱེད་པས་ནི་དོན་ཆེན་པོ་ཡིན་ཞིང་དེ་ཉིད་ཡི་གེ་དམ་པ་ཞེས་བྱའོ། །དེའི་ཡི་གེ་ཀུན་ལ་ཁྱབ་ཀྱང་དབྱེར་མི་ཕྱེད་པའི་ཕྱིར། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་བྱའོ། །དེ་ཉིད་བརྗོད་པ་དང་བྲལ་བས་ན། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་བྱ་ཞིང་བརྗོད་པ་ཐམས་ཅད་ཀྱི་རྒྱུར་གྱུར་བས་ན། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་བྱའོ། །དེ་ཉིད་ཀྱིས་ཚིག་གི་ཚོགས་ཐམས་ཅད་གསལ་བར་བྱེད་པས་ན། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་ཏེ་ཀུན་རྫོབ་ཀྱི་ཚུལ་དུ་བཤད་དོ། །དོན་དམ་པའི་ཚུལ་དུ་བཤད་པ་ནི་གཉིས་སུ་མེད་བའི་ཡེ་ཤེས་བདེ་བ་ཆེན་པོའི་རྣམ་པར་རྟོག་པའི་ཚོགས་མཐའ་དག་ཨ་ཡིན་ལ། དེ་ཉིད་བདེ་བ་ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་བཅས་པའི་སྐྱེ་མཆེད་དང་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་མཆོག་ཅེས་བྱའོ། །དེ་ཉིད་བསྒྲུབ་པར་བྱ་བའི་དོན་ཆེན་པོ་མི་འགྱུར་བ་ཉིད་ཡིན་པས་ན། དོན་ཆེན་ཡིག་དམ་པ་ཡིན། །ཞེས་བྱའོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་གནས་ཀྱང་དེ་ལས་མ་སྐྱེས་པ་ཉིད་དོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་ནི་དེ་ཉིད་ངག་གིས་བརྗོད་པ་དང་བྲལ་བའོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཅེས་པ་ནི་དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་རྒྱུ་ཡིན་ཞིང་འོད་གསལ་བའི་ངོ་བོ་སྟེ་མཆོག་ཅེས་བྱའོ། །དེ་ཉིད་རྟེན་ལ་གནས་ཀྱི་བར་དུ་དངོས་པོ་ཐམས་ཅད་གསལ་བར་གྱུར་པས་ན། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱའོ། །ཡང་ཆོས་ཉིད་སྟོང་པ་ཉིད་འདི་ལྟར་སྣང་བའོ་རྣམ་
པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་བྱའོ། །དོན་ཆེན་དམ་པ་ཡི་གེ་ཡིན། །ཞེས་བྱ་བ་ནི་དེ་ཉིད་དོན་དམ་པའི་སྒྲུབ་པ་མི་འགྱུར་བ་ཉིད་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ་ནི་འཇིག་རྟེན་པའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་ཀྱིས་ཁྱབ་ཀྱང་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་ཚིག་གི་བརྗོད་པ་ལས་འདས་པས་ན། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་བྱའོ། །རྟེན་དང་བརྟེན་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་རྟོག་པའི་དྲི་མ་དང་བྲལ་བའི་ཕྱིར། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་བྱའོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བ་དངོས་པོའི་རྣམ་པར་རྟོག་པ་རྣམས་ཆོས་ཉིད་སྟོང་པ་ཉིད་མཐོང་བས་གསལ་བར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟར་དོན་དམ་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། ལྟོས་པ་མེད་པའི་མཚན་ཉིད་ཀྱིས་བསྒོམ་པར་བྱ་བའམ་ཞེ་ན་མ་ཡིན་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་སྣོད་རྣམ་པར་དག་པར་བྱས་པས་སྐྱེད་པ་སྟེ། དེ་བས་ན་དབང་གི་གནས་སྐབས་བསྟན་པ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ་སྟེ་ལྷ་དང་མི་རྣམས་ཀྱི་སྟོན་པ་སྤྲུལ་པའི་སྐུ་ནི་སྣ་ཚོགས་པའི་མིང་དང་ལྡན་ཞིང་འཁོར་བ་ཇི་སྲིད་ཀྱི་བར་དུ་འགྲོ་བའི་དོན་འབྱམ་ཀླས་པར་མཛད་ཅིང༌། ཐུགས་མཉམ་པ་ཉིད་ཀྱི་དོན་ཐམས་ཅད་སྙོམས་པར་མཛད་པ་ནི། མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་བྱའོ། །དེ་ལྟར་སྐུ་གསུམ་གྱི་བདག་ཉིད་ཆེན་པོའི་རང་བཞིན་བསྟན་པ་ནི། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་འཇིག་རྟེན་པའི་དཔེ་བཞིས་བསྟན་པ་ནི། རལ་གྲི་ཆེན་པོ་དང་ལྕགས་ཀྱུ་ཆེན་པོ་དང༌། གྲགས་པ་ཆེན་པོ་དང༌། སྣང་བ་ཆེན་པོ་རྣམས་ཐབས་ཤེས་རབ་གཉིས་སུ་མེད་པའི་དགའ་བ་དང་པོ་ནི་རྣམ་པར་རྟོག་པའི་ཚོགས་མཐའ་དག་གཅོད་པས་ན་རལ་གྲི་དང༌། བདེ་བ་གཉིས་པའི་མཚན་ཉིད་ཀྱི་ངན་འགྲོའི་མཚན་ཉིད་ལས་འདྲེན་པར་བྱེད་པས་ནས་ལྕགས་ཀྱུ་དང༌། བདེ་བ་བཞིའི་མཚན་ཉིད་འདས་པ་ལ་ཉེ་བར་འཛིན་པས་ན་གྲགས་པ་དང༌། བདེ་བ་གསུམ་པའི་མཚན་ཉིད་རང་རིག་པ་བདེ་བ་ཆེན་པོའི་
འོད་གསལ་བར་གནས་པས། ཉོན་མོངས་ཆེན་པོ་ལྕགས་ཀྱུའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་གསུངས་སོ། །ཅི་དག་སོ་སོ་སྐྱེ་བོ་ལ་སོགས་པའི་འདོད་པའི་བདེ་བ་དང་མཚུངས་སོ། །འོ་ན་ཁྱད་པར་ཡོད་ཅེ་ན། འདི་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྤྲུལ་པ་ལྟ་བུས་བསྟན་པ་ནི་དགའ་བ་དང་པོ་ཉེ་བར་འཛིན་པས། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །ཞེས་པ་དང༌། དེ་བཞིན་དུ་དགའ་བ་གཉིས་པ་ལྷན་ཅིག་སྐྱེས་པའི་དོན་གྲུབ་པས་ན། སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །ཞེས་པ་དང༌། དགའ་བ་ཆེན་པོ་གསུམ་པ་དང་བདེ་བ་ཆེན་པོ་སྤྲོས་པ་དང་བྲལ་བས་གནས་པས། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་པ་དང༌། དགའ་བ་བཞི་པ་མེད་པའི་དངོས་པོ་ལ་ངེས་པར་འཛིན་པ་ནི། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་བྱའོ། །དེ་ལྟ་བུའི་བདེ་བ་ཆེན་པོ་གང་ཡིན་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན་པར་བསྟན་པ་ནི། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་ཉིད་ཁམས་གསུམ་ཐམས་ཅད་ལ་སྦྱིན་པ་རྣམས་ཀྱི་མཆོག་བདེ་བ་ཆེན་པོ་སྟེར་བས་ན། སྦྱིན་བདག་ཆེན་པོ་ཞེས་བྱ་བ་དང༌། རྟོག་པའི་དྲི་མ་དང་བྲལ་བ་འཛིན་ཅིང་ཉན་ཐོས་ལ་སོགས་པའི་ཚུལ་ཁྲིམས་ལས་ཁྱད་པར་དུ་གྱུར་པས་ན། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་བྱ་ལ་ཕྱི་རོལ་གྱི་རྣམ་པར་གཡེང་བས་མི་བརྫི་ཞིང་དེ་ཉིད་བདེ་བ་ཆེན་པོར་བསྟན་པས་ན། བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་བྱ་སྟེ། དེ་ལྟར་བདེ་བ་ཆེན་པོ་དེ་ཉིད་རྟོགས་པའི་སྡུག་བསྔལ་གྱི་བར་དུ་བདེ་བ་བསྒོམ་པ་ནི། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་པ་དང་དེ་ཉིད་མཚན་མའི་རྣམ་པར་རྟོག་པ་དང་བྲལ་བས་རྩེ་གཅིག་པ་དང༌། བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཞེས་པ་དང༌། རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཡིན་ཞིང་ཤེས་རབ་དེ་ཉིད་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ན། ཤེས་རབ་ཆེན་པོ་ལུས་འཆང་བ། །ཞེས་བྱའོ། །དེ་ལྟ་བུའི་བདེ་བ་ཆེན་པོ་དེས་བདུད་ཀྱི་ཚོགས་མཐའ་དག་འཇོམས་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པའི་ཐབས་ཆེན་པོ་དང་ལྡན་པས་ན། སྟོབས་པོ་
ཆེ་ལ་ཐབས་ཆེ་བ། །ཞེས་པ་སྟེ་དེ་ཉིད་འགྲོ་བ་མཐའ་དག་བདེ་བར་སྨོན་པ་དང༌། དེ་ཉིད་རྒྱུའི་ཡེ་ཤེས་ངེས་པ་ཆེན་པོར་གནས་པ་དང༌། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་བྱ་སྟེ་དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཉིད་དོ། །བདེ་བ་ཆེན་པོ་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཕན་པའི་མཚན་ཉིད་དུ་གནས་པས་ན། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པ་ནས་འགྲོ་བའི་སྡུག་བསྔལ་རྣམས་སེལ་བར་འདོད་ཅིང་དག་པ་ཆེན་པོའི་ཡིད་དང་ལྡན་པས་ན། སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་བྱ་ལ་དེ་ཉིད་འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་ཞིང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པས་ན། ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་ན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཐབས་རྣམ་པ་སྣ་ཚོགས་པས་འགྲོ་བ་འདུལ་བར་མཛད་པ་ནི། མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་བྱའོ། །བྱ་བ་ཚེགས་ཆུང་དུས་བདག་ཉིད་སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོས་ཁམས་གསུམ་པ་ཐམས་ཅད་འདུལ་བར་མཛད་པས་ན། རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཞེས་བྱ་ལ་དེ་ཉིད་མྱུར་བ་ཉིད་དུ་ངན་འགྲོ་ལས་ཐར་པ་ཆེན་པོར་གྲོལ་བར་མཛད་པས་ན། ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཞེས་བྱ་ཞིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་ཐོགས་པ་མེད་པའི་རྫུ་འཕྲུལ་དང༌། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པས་ཆོས་སྟོན་པར་མཛད་པས་ན། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་བདེ་བ་ཆེན་པོ་དྲི་མ་མེད་པས་ཉོན་མོངས་པའི་ཚོགས་འཇིགས་པར་མཛད་པས་ན། སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་བྱའོ། །རྣམ་པར་རྟོག་པའི་དབང་གིས་ཡང་དང་ཡང་དུ་འབྱུང་བ་སྲིད་པ་ཡིན་ལ་དེ་ཉིད་རི་བོ་ཆེ་པོ་ལྟར་གཞོམ་པར་དཀའ་བ་འཇོམས་པ་ལ། སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་བྱའོ། །འཇོམས་པ་དེ་གང་ཡིན་སྙམ་པ་ལ། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང༌། །ཞེས་གསུངས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ནི་རྣམ་པར་རྟོག་པའི་ཚོགས་ཀྱི་དབྱེར་མི་ཕྱེད་ཅིང་རིག་སྔགས་དང༌། རྣམ་པར་རྟོག་པ་བརྒྱད་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་
གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུལ་དཀའ་རྣམས་འཇིགས་བྱེད་ཆེན་པོའི་ཆ་ལུགས་ཀྱིས་འདུལ་བར་མཛད་ཅིང་ཁམས་གསུམ་པ་འཇོམས་པར་མཛད་པས་ན། དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇོམས་བྱེད་འཇིགས་པར་བྱེད་པ་པོ། །ཞེས་བྱ་བ་ཉིད་དོ། །སྲིད་པའི་འཇིགས་པ་དང་ལྡན་པ་རྣམས་ཀྱི་མགོན་མཛད་ཅིང་རིགས་ཀྱི་བྱེ་བྲག་མང་པོ་རྣམས་ཀྱི་ནང་ན་ཡེ་ཤེས་ཆེན་པོ་འདི་དམ་པར་གྱུར་པས་ན། མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེན་པོའི་མཆོག །ཅེས་བྱ་བ་ནི་འཇམ་དཔལ་ཞེས་བྱ་བའི་མིང་ཉིད་ངེས་པར་བཟུང་བ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བླ་མ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེ་ཡིན་ལ་ཁམས་གསུམ་པ་ཐམས་ཅད་ཀྱི་ཡིད་སྐྱོབ་པར་བྱེད་པས་ན། དེ་ཉིད་སྤྱོད་པ་ཀུན་སྟོན་པའི་མཆོག་ཏུ་གྱུར་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱ་བ་ནི་གོང་དུ་བསྟན་པ་ལྟར་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་ནི་ཐེག་པ་ཆེན་པོའི་ཚུལ་ལ་གནས་པ་ཡིན་ལ། དེ་ཉིད་བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བྱའོ། །ཐེག་པ་ཐམས་ཅད་ཀྱི་རབ་མཆོག་ཆེན་པོར་གྱུར་པ་ནི། གསང་སྔགས་ཀྱི་ཐེག་པ་ཉིད་ཡེ་ཤེས་ལྔ་དང༌། རིགས་ལྔ་དང༌། སྐུ་གསུམ་དང༌། སྣོད་ངེས་པར་གྱུར་པ་ཐམས་ཅད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་པས་ན་དེའི་ཚུལ་དུ་བཤད་པ་ནི་ངེས་པ་ལྔའི་ཚུལ་དུ་བཤད་པ་སྟེ་དང་པོའོ།། །།དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་གསང་བའི་ཆོས་འབྱུང་བའི་ནང་དུ་བདུད་བཞི་དང༌། ལོག་པར་འདྲེན་པའི་བགེགས་མཐའ་དག་བཅོམ་པས་ན་ཡེ་ཤེས་ཆེན་པོ་ཞེས་བྱ་ལ། དེ་བས་ན་རང་ཉིད་ངེས་པར་བརྟན་ཞིང་ཕ་རོལ་གྱི་ཚོགས་མཐའ་དག་འཇོམས་པས་ན་རྡོ་རྗེ་ཞེས་བྱ་སྟེ། འགྲོ་བ་ཉེ་བར་འདུལ་བའི་ཚུལ་གྱིས་སྐུའི་རིགས་རྣམ་པ་སྣ་ཚོགས་འབྱུང་བའི་རྒྱུར་གྱུར་པའི་དབྱིངས་ཞེས་བྱ་བ་ཉིད་དོ། །ཡེ་ཤེས་ཆེན་པོ་དེ་ཉིད་སྙིང་པོ་ཡིན་ལ། དེ་རང་གིས་རང་རིག་པའི་ཚུལ་གྱིས་དཀྱིལ་འཁོར་ཞེས་བྱ་བ་ཉིད་དོ། །ཡེ་ཤེས་ཆེན་པོ་དེ་ཉིད་ཀྱི་དབྱིངས་ཡང་དག་པར་རིག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་སྟེ། དེ་ཡང་ལའུ་དང་པ་
ལས། ཡེ་ཤེས་ཆེན་པོ་ངེས་ལྡན་པས། །ཤེས་པ་མེད་ཕྱིར་ཤེས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། །ཡུལ་དང་ཡུལ་ཅན་གཅིག་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་གོང་དུ་བསྟན་པའི་ཡེ་ཤེས་ཆེན་པོ་ནི་ཤེལ་གྱི་སྙིང་པོ་དག་པ་ལྟར་དྲི་མ་དང་བྲལ་ཞིང་ཀུན་གྱི་སྣང་བའི་གཞིར་གྱུར་པས་ན་རྡོ་རྗེ་སེམས་དཔའ་ཞེས་བྱ་ལ། འགྲོ་བ་རྣམ་པར་ངེས་པ་སྟོན་པའི་ཚུལ་གྱིས་ཆོས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་དུ་སྟོན་པ་ནི། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་ཀྱི་སྟོན་པ་ནི་སངས་རྒྱས་ཞེས་བྱ་ལ་ཤེས་བྱ་མཐའ་དག་དང་བྲལ་བ་ཉིད་རྣམ་པར་སྣང་མཛད་ཅེས་བྱའོ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་པ་མ་དག་པའི་ཉོན་མོངས་པ་རྣམ་པར་བཅོམ་པ་དང༌། ཉེ་བར་འཚེ་བའི་བདུད་ཀྱི་ཚོགས་དྲག་པོ་མི་བཟད་པ་རྣམས་བཅོམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ། དེ་ཉིད་ཐག་པ་རྣམས་ཀྱི་རབ་མཆོག་ཆེན་པོར་གྱུར་པ་སྔགས་ཀྱི་ཐེག་པ་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་པ་ནི། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་བྱའོ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་སྤྲོས་པ་དང་བྲལ་བ་སྟོན་ཀའི་ཟླ་བ་རྒྱས་པ་ལྟར་དྲི་མ་དང་བྲལ་ཞིང་མཐའ་ཡས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་བཞུགས་ཞེས་བྱ་བ་ཉིད་དོ། །ཅི་སྟེ་གསང་སྔགས་ཀྱི་ཚུལ་གྱིས་ལས་འབྱུང་བས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་མི་ལྡན་ནམ་ཞེ་ན་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པར་བསྟན་པ་ནི། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་གོང་དུ་བསྟན་པའི་ཚུལ་གྱིས་སྦྱིན་པ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ངེས་པར་ཐོབ་པ་ཉིད་དེ། དེ་ཉིད་དབུལ་པོས་ནོར་བུ་རིན་པོ་ཆེ་རྙེད་ནས་སླར་བྲལ་བ་ལྟར་མ་ཡིན་ཞིང་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པ་བསྟན་པ་ནི། ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་བྱའོ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་བདག་ཉིད་ཐེག་པ་ཆེན་པོར་སེམས་བསྐྱེད་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་ངེས་པར་སྤྱོད་པ་ནི་ཕ་རོལ་ཏུ་
ཕྱིན་ལ་དེ་ཉིད་ཟག་པ་མེད་པའི་ཚུལ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །འགྲོ་བ་རྣམས་ལ་ངེས་པར་སྦྱིན་པ་ལ་སོགས་པ་ངེས་པར་སྟོན་པ་ནི། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་བྱ་བ་ཉིད་དོ། །དེ་ལྟར་ཆོས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ནི་ཆོས་ཀྱི་སྐུ་ཡིན་པ་དེ་ཉིད་ལོངས་སྤྱོད་རྫོགས་པ་ཉིད་ས་བཅུའི་དབང་ཕྱུག་ཏུ་གྱུར་པ་དང་ས་བཅུ་ལ་ངེས་པར་གནས་པས་ནི། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱ་ཞིང་དེ་ཉིད་གཟུགས་ཀྱི་སྐུས་གདུལ་བྱ་ངེས་པར་དག་པར་ཤེས་པ་བཅུ་ལ་སོགས་པར་བཅུ་རྣམ་པར་དག་པ་དང༌། དེའི་བདག་ཉིད་དུ་ལྡན་པས་ནི། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་བྱ་བ་ཉིད་དོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པ་ནི་གོང་དུ་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་བཞི་བཅུ་དང་ས་ཉི་ཤུ་དང་ཤེས་པ་ཉི་ཤུ་དང་སྟོབས་བཅུ་དང་དབང་བཅུ་ནི་རྣམ་པ་བཅུ་སྟེ་བརྒྱའོ། །དེ་ཉིད་བདག་གི་དོན་དང་གཞན་གྱི་དོན་གྱི་ཚུལ་གྱིས་ཉིས་བརྒྱའོ། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཅེས་པ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅུའི་བདག་ཉིད་ཀྱིས་ཁམས་གསུམ་པ་ཐམས་ཅད་ཁྱབ་པར་གནས་པ་ཉིད་དེ་དེ་ཉིད་ངེས་པར་བསྟན་པ་ཉིད་དོ། །ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་བྱ་ཞིང་གོང་གི་དབང་བཅུ་བསྟན་པ་ནི། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པ་སྟེ་སེམས་ལ་དབང་བ་ལ་སོགས་པའི་དབང་ཚོགས་པའི་བདག་ཉིད་ཆེན་པོ་དང་ལྡན་པར་བསྟན་པ་ཉིད་དོ། །དེ་ལྟ་བུའི་ཡོན་ཏན་མཚུངས་པ་མེད་པ་རྣམས་གློ་བུར་བ་ཉིད་ཀྱིས་བསྐྱེད་དམ་འོན་ཏེ་ངོ་བོ་ཉིད་ཀྱིས་གནས་སྙམ་པ་ལ། ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་པ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཐམས་ཅད་ནི་ཐོགས་པ་མེད་པ་ནས་སྤྲོས་པ་དང་བྲལ་བ་ལས་མཚན་ཉིད་དུ་གནས་པ་ཉིད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་མཚན་ཉིད་དེ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱི་བདག་པོར་གྱུར་པ་དང༌། རྣམ་པར་དག་པའི་བདག་ཉིད་གནས་པ་ནི། དེ་བཞིན་ཉིད་དག་དག་པའི་བདག །ཅེས་བྱའོ། །རྒྱུ་རྣམ་པར་དག་པ་ལས་འབྲས་བུ་རྣམ་པར་དག་པའི་མཚན་ཉིད་ཀྱིས་ལམ་རྣམ་པར་དག་པ་སྟོན་པ་ནི། བདེན་
པར་སྨྲ་ཞིང་ཚིག་མི་འགྱུར། །ཞེས་བྱ་ལ་ལམ་ངེས་པ་ལས་འབྲས་བུ་ངེས་པར་འབྱིན་པ་ནི། ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་བྱ་ཞིང་དེ་ཉིད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ལས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་སྟོན་པ་ཉིད་དེ། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་བྱ་བ་ཉིད་དོ། །དེ་ལྟར་བྱ་བ་ལ་སོགས་པ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས། ཞིང་ཁམས་ཆེན་པོ་ཡང་དམ་པའི་མཐའ་སྤྲོས་པ་དང་བྲལ་བ་ཡིན་ལ། དེ་ལ་རྣམ་པར་གནས་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་ནི། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་བྱ་བ་ཉིད་དོ། །སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོ་བདག་ཉིད་ཇི་ལྟ་བུ་ཞིག་གནས་སྙམ་པ་ལ། བདག་མེད་སེང་གེའི་སྒྲ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་བདག་དང་བདག་གིར་འཛིན་པ་ཐམས་ཅད་དང་བྲལ་ཞིང༌། སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་གཟུགས་སྐུ་རྣམ་པ་གཉིས་འབྱུང་བའི་རྒྱུར་གྱུར་པ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །བྱ་བ་དེ་དང་ཆ་མཐུན་པའི་ཞིང་ཁམས་འོག་མིན་ན་རིན་ཆེན་རྣམ་པ་སྣ་ཚོགས་པའི་གཞལ་ཡས་ཁང་དང༌། འདོད་པའི་ཡོན་ཏན་ལྔ་རྣམ་པར་དག་པའི་བདག་ཉིད་དང༌། ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཆེན་པོས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་དྲི་མ་ཆ་ཕྲ་བའི་ཡང་ཕྲ་བ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ལ་འདོད་པའི་ཕྱིར། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ནི་སེང་གེའི་རྒྱལ་པོ་ལྟར་གཞན་གྱི་སྒྲིབ་པ་འཕྲོག་ཅིང་སུན་འབྱིན་པ་རྣམས་སྐྲག་པར་བྱེད་པས་ནི། མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་བྱ་སྟེ་དེ་དག་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀུན་དུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བའི་དོན་ཡོད་པ་སྒྲུབ་ཅིང་སྤྲུལ་པ་སྣ་ཚོགས་ཀྱི་གཟུགས་ཀྱིས་གདུལ་བྱ་རྣམས་ཀྱི་མོས་པ་གང་ཡིན་པ་དེ་ལ་དེ་དང་དེའི་ངེས་པ་འབྱུང་བས་ངེས་པར་འབྱིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་སྤྲུལ་པའི་སྐུའི་དེ་ལྟར་ཡོངས་སུ་
དག་པའི་ཞིང་ཁམས་ཆེན་པོ་ནི། ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། །སྤྲུལ་སྐུའི་སྟོན་པ་དེ་བཞུགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །བདག་ཉིད་ཆེན་པོའི་སྟོན་བ་དེ་དག་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །ཞེས་པ་ལ་སོགས་པ་གསུངས་ཏེ། བདག་དང་གཞན་གྱི་རྣམ་པར་རྟོག་པ་ནི་གནོད་པར་བྱེད་པས་དགྲ་བོ་ཡིན་ལ། དེ་ལ་སྟོན་པ་ཆེན་པོ་རྣམ་པར་རྟོག་པ་མི་སྐྱེ་བའི་ཚུལ་གྱིས་རབ་ཏུ་རྒྱལ་ལ། དེ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དང༌། སེམས་ཅན་གྱི་ཞིང་ཁམས་ཐམས་ཅད་དུ་ཡོངས་སུ་དག་པའི་ཚུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བས་ན། འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཞེས་བྱའོ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དང་ལྡན། །ཞེས་པ་ལ་གོང་དུ་བསྟན་པའི་ཆོས་ཀྱི་སྐུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ནི་མང་པོ་འདུས་པ་རྣམས་ཀྱི་མཆོག་ཡིན་ལ། དེས་འགྲོ་བའི་ཕན་པའི་རྒྱུ་ལེགས་པའི་སྤྱོད་པ་ཀུན་སྟོན་པའི་མཚན་ཉིད་དང་ལྡན་པ་འབྱུང་བ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེ་བོར་གྱུར་པ་དང༌། ཁམས་གསུམ་ལ་དབང་སྒྱུར་བའི་ཕྱིར་བྱ་བ་རྫོགས་པར་ཡོངས་སུ་གྲུབ་པ་ཉིད་དོ། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཞེས་པ་ནི་སྐུ་གསུམ་ལ་ཡེ་ཤེས་ཆེན་པོའི་བདག་ཉིད་ལས་དུས་གཞན་ཡིད་དུ་འོང་བ་མེད་དོ། །དེ་ཉིད་ཉམས་སུ་མྱོང་བ་མེད་པས་ངེས་པར་འཛིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བདག་ཉིད་ངེས་པའི་ཚུལ་གྱིས་ཡོངས་སུ་རྫོགས་ཤིང་གཞན་དུ་བསྟན་དུ་མེད་ལ་གཞན་ལ་རག་མ་ལུས་པ་ཉིད་དེ། དེའི་ཕྱིར་ན། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་བྱ་བ་ཉིད་དོ། །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཞེས་པ་ནི་འཇམ་དཔལ་ཉིད་ངེས་པར་འབྱུང་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཚུལ་གྱིས་འདི་ཡང་འཇམ་དཔལ་གྱི་བདག་ཉིད་ཡིན་པར་དགོངས་སོ། །སྤྲུལ་པའི་གསུང་དེ་ཉིད་ཚིག་གི་ཚོགས་ཐམས་ཅད་ལ་དབང་ཞིང་ཚིག་གི་བརྗོད་པ་མཐའ་ཡས་པ་དང་ལྡན་པའི་དོན་སྟོན་པ་དང༌། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིས་འཕགས་པ་ཉན་ཐོས་རྣམས་འདུལ་
བར་སྟོན་པ་ནི། ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །ཞེས་བྱ་བ་ཉིད་དོ། །དེ་ཉིད་འགྲོ་བ་མཐའ་དག་གི་འདྲེན་པ་མཛད་ཅིང་རང་བྱུང་གི་ཡེ་ཤེས་འབའ་ཞིག་པ་སྤྲོས་པའི་ངོ་བོ་ཐམས་ཅད་དང་བྲལ་བ་ལ་གནས་པའོ། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ཞེས་བྱ་བ་ལ་དེ་དག་སྐད་ཅིག་མའི་རྒྱུན་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མང་བར་སྒྲུབ་པས་ན། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་བྱ་བ་ཉིད་དེ། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་སོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །ཅེས་པ་ནི་འབྱུང་བ་མེད་པའི་འབྱུང་བ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་བཏབ་པའི་ཚུལ་གྱིས་ཐོབ་ཅིང་རྣམ་པར་རྟོག་པའི་ཚོགས་མཐའ་དག་བཅོམ་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡོན་ཏན་ཆེ་བ་ཆེན་པོ་དེ་དག་དང་ལྡན་པ་དེ་ཉིད་གང་ལས་ཤེ་ན། འདོད་ཆགས་བྲལ་བ་དབང་པོ་དུལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་གྱུར་པའི་བདག་ཉིད་ཀྱི་ལས་ཀྱི་ཕྱག་རྒྱ་ལ་ཕྱི་རོལ་གྱི་མངོན་པར་ཞེན་པ་དང་བྲལ་བར་གནས་པ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་པདྨ་དང་རྡོ་རྗེ་སྙོམས་པར་འཇུག་པའི་བདེ་བ་རྙེད་པ་ལ་སོ་སོ་ལ་སོགས་པའི་མངོན་པར་ཤེས་པས་ངན་འགྲོའི་རྒྱུར་གྱུར་ཅིང་འབྲས་བུ་འཇིགས་པ་དང་བྲལ་བའི་བདེ་བ་ཐོབ་པ་ནི། བདེ་བ་རྙེད་པས་འཇིགས་མེད་ཐོབ། །ཅེས་བྱ་བ་ཉིད་དོ། །ལས་ཀྱི་ཕྱག་རྒྱའི་བདེ་བ་དེས་རྣམ་པར་རྟོག་པ་འཆིང་བའི་མདུད་པ་མེད་པ་དང་འདྲ་བར་བདག་གི་རྒྱུར་གདུང་ཞིང་སྲེག་པར་བྱེད་པ་འཇིགས་པར་མཛད་པ་དང༌། ཕྱིན་ཅི་ལོག་གི་ཤེས་པ་ནུབ་པར་མཛད་པས་ན། བསིལ་བར་གྱུར་པས་རྙོག་པ་མེད། །ཅེས་བྱ་ཞིང་ཕྱི་རོལ་གྱི་རིག་པ་ཐབས་སུ་ལྡན་པས་ན་ནང་གི་ཤེས་རབ་དང་ཐབས་བསྐྱེད་བ་ནི། རིག་པ་དང་ནི་རྐང་པར་ལྡན། །ཞེས་བྱའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དེའི་རང་གི་ངོ་བོ་ཇི་ལྟ་བུ་ཞེ་ན། བདེ་གཤེགས་འཇིག་རྟེན་རིག་བའི་མཆོག །ཅེས་བྱ་བ་གསུངས་ཏེ་ཟག་པ་མེད་པའི་བདེ་བ་རྟོགས་པ་དང་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་གསུམ་དང༌། ཁམས་གསུམ་པ་ཐམས་ཅད་གཉིས་སུ་མེད་པའི་བདག་ཉིད་རིག་ཅིང་འཇིག་རྟེན་པའི་མངོན་པར་ཤེས་པ་ལས་གོང་དུ་འགྱུར་བས་ན་དེ་སྐད་ཅེས་
བྱ་ཞིང༌། དེ་ཉིད་ལ་ཐབས་དང་ཤེས་རབ་ཀྱི་རྣམ་པར་དབྱེ་བའི་ཆོས་རྗེས་སུ་འགྲོ་བ་མེད་པར་རང་རིག་པའི་ངོ་བོར་གནས་པས་ན། བདག་གིར་མི་འཛིན་ངར་མི་འཛིན། །ཞེས་བྱ་བ་ཉིད་དོ། །ཅི་དོན་དམ་པའི་བདེན་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དེ་གཞན་གྱི་དོན་བརྩོན་པ་དང་བྲལ་ལམ་ཞེ་ན་མ་ཡིན་ཏེ། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་གསུངས་ཏེ། དེ་ལ་བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པ་ཡིན་ལ། ཀུན་རྫོབ་ནི་གཟུགས་སྐུ་རྣམ་པ་གཉིས་ནི་རྒྱུ་བྱང་ཆུབ་རྣམ་པ་གཉིས་ཀྱིས་སེམས་ཅན་ཀུནད་ལྟ་བུ་ཉིད་དང༌། དོན་དམ་པ་ནི་བདེ་བ་ཆེན་པོ་ངག་གི་བརྗོད་པ་ལས་འདས་པ་ཉིད་ཡིན་པར་གསུངས་ཏེ་དེ་ཡང་ལེའུ་དང་པོ་ལས། ཀུན་རྫོབ་དོན་དམ་དབྱེ་བ་ལས། །བྱང་ཆུབ་སེམས་ནི་རྣམ་པ་གཉིས། །བདག་དང་གཞན་གྱི་དོན་གྲུབ་ཕྱིར། །ཀུནད་ལྟ་བུར་དབྱེ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་འཁོར་བའི་རྒྱ་མཚོ་ལས་ཕ་རོལ་ཏུ་ཕྱིན་ཅིང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐམས་ཅད་དང་བྲལ་བས་ཡང་དག་པའི་མཐའ་གནས་པ་ནི། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་བདེ་བ་ཆེན་པོ་དེ་ཡེ་ཤེས་ཀྱི་ངོ་བོར་གསལ་བས་ཤེས་བྱ་མཐའ་དག་ལ་སྤྱོད་ཅིང་ཕ་རོལ་གྱི་ཚོགས་འཇོམས་པས་གཞན་བསྐྱོད་པས་ན། ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆེན་རྣམ་འཇོམས་པ། །ཞེས་བྱ་བ་ཉིད་དོ། །དེ་ཆོས་ཀྱི་སྐུའི་བདག་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པར་གྱུར་ཅིང་བདེ་བ་གསལ་བར་གྱུར་པ་ནི། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །ཞེས་བྱ་ལ་རང་གི་ལུས་དང་ངག་དང་ཡིད་གསུམ་མ་རིག་པའི་རྐྱེན་ལས་ངེས་པར་བཟློག་པ་ནི། འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་བྱ་སྟེ་དེ་ཉིད་ཆོས་ཀྱི་མཛོད་ཟད་མི་ཤེས་པ་དང༌། ཕྱག་རྒྱ་ཆེན་པོ་ལམ་ཕྲ་ཕབ་པ་ལྟ་བུ་རྟོག་པ་དང་བྲལ་བ་ཉིད་རང་ཉིད་ལ་སྟོན་པར་བྱེད་པ་ནི། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་ལ་སོགས། ལེགས་པའི་ལམ་ནི་སྟོན་པ་པོ་ཉིད་དོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཞེས་པ་ནི་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་ཉིད་དོན་དམ་པ་ཡིན་ལ། དེ་ཉིད་བསམ་པ་གྲུབ་ཅིང་དེ་ལས་གཞན་བསྒྲུབ་བྱ་མེད་པས་དེ་སྐད་ཅེས་བྱའོ། །དེ་ཉིད་
འཇིག་རྟེན་པའི་གནས་དང་ལུས་དང་ལོངས་སྤྱོད་དུ་རྣམ་པར་རྟོག་པ་སྤངས་པ་དང༌། རྣམ་པར་རྟོག་པ་ཉིད་ཡེ་ཤེས་དཔག་ཏུ་མེད་པ་རྣམས་འབྱུང་བའི་རྒྱུར་གྱུར་པས་སྐད་ཅིག་མའི་ཡེ་ཤེས་ལྟར་ཟད་པ་མེད་པའི་ཕྱིར། ཀུན་དུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་བྱའོ། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་བྱ་བ་ནི་དེ་ཉིད་ཆོས་ཀྱི་དབྱིངས་ཡིན་ལ་ཡེ་ཤེས་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་གོང་གི་ཚུལ་གྱིས་དེ་སྐད་ཅེས་བྱའོ། །མཆོག་ཏུ་མི་འགྱུར་བའི་ཕྱག་རྒྱ་ཆེན་པོ་དེ་བསོད་ནམས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པས་གདུལ་བྱའི་སྐྱེ་བོ་རྣམས་མངོན་པར་དད་ཅིང་མཆོད་པ་དང༌། བདུད་རྩི་མཐའ་དག་གི་གནས་སུ་གྱུར་པས་ན། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཞེས་བྱ་ཞིང་དེ་ལས་ཀྱི་ཕྱག་རྒྱ་ལས་འབྱུང་བ་སྐད་ཅིག་གཅིག་མའི་ཡེ་ཤེས་དང༌། ཆོས་ཀྱི་ཕྱག་རྒྱ་ལས་འབྱུང་བ་དུས་ཀྱི་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོ་ལས་འབྱུང་བ་རྒྱུན་མི་འཆད་པའི་ཡེ་ཤེས་ཉིད་དུ་གནས་པའི་ཕྱིར། ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་བྱ་བ་ཉིད་དོ། །དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཉམ་པ་མེད་པ་ཡོངས་སུ་རྫོགས་པ་ན། ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་བྱ་ལ་སྐད་ཅིག་མའི་ཡེ་ཤེས་ལྟར་མི་རྟོག་པ་མ་ཡིན་པ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཆེན་པོ་ཡོངས་སུ་བསྔགས་ཤིང་དུས་གསུམ་གྱི་ཡེ་ཤེས་ལྟར་མཉམ་པར་གཞག་པ་དང་མ་གཞག་པ་མི་མངའ་བས་ན། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །ཞེས་བྱ་སྟེ་དེའི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དང་སྒྲུབ་པ་པོ་གཉིས་སུ་རྫོགས་པའི་བདག་ཉིད་དབྱེར་མི་ཕྱེད་པར་གྱུར་པ་ནི། བསམ་གཏན་བསམ་བྱ་བློ་ལྡན་བདག །ཅེས་བྱ་བ་ཉིད་དོ། །དེ་ལྟར་ཆོས་ཀྱི་སྐུ་ཡོངས་སུ་དག་པའི་བདག་ཉིད་དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ་རིགས་གཅིག་པའི་བདག་ཉིད་ཡིན་པས་ན། སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་ཞེས་བྱ་བ་ཉིད་དོ། །བདག་གི་དོན་ཕུན་སུམ་ཚོགས་པ་ཉིད་རིགས་གཅིག་ཕུན་སུམ་ཚོགས་པའི་ངེས་པ་ཡིན་ཡང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ལས་གདུལ་བྱ་རྣམས་ཀྱི་འདོད་ཆགས་དང་ཞེ་སྡང་
དང་གཏི་མུག་རྣམས་འདུལ་བའི་ཚུལ་གྱིས་སྐུ་གསུང་ཐུགས་སུ་བསྟན་པ་ནི་རྣམ་པར་སྣང་མཛད་དང༌། འོད་དཔག་མེད་དང༌། མི་བསྐྱོད་པ་རྣམས་ཏེ། སྐུ་གསུམ་འཆང་ཞེས་བྱ་བ་ཉིད་དོ། །དེ་ནས་ཡང་གདུལ་བྱ་རྣམས་ལ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་དང༌། སེམས་བསྐྱེད་པ་ལ་གསང་བ་གསུམ་གྱི་དབང་བསྐུར་བ་ལ་སོགས་པ་རྣམས་ཉིད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པའི་ཆོས་གྲུབ་པ་དང༌། ཆོས་གྲུབ་པ་ལས་འགྲོ་བ་སྒྲོལ་བའི་ཕྲིན་ལས་མཛད་པ་དང༌། དེ་ཉིད་འོད་གསལ་བའི་ངོ་བོ་གནས་པའི་ཕྱིར་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་རྣམས་སུ་བསྟན་པ་ནི་རིགས་ལྔ་སྟེ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་བྱ་ཞིང་ད་དག་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དུ་གནས་པས་ན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བྱ་བ་ཉིད་དོ། །དེ་བཞིན་གཤེགས་པ་ལྔ་ཉིད་ནི་རིགས་ཀྱི་བདག་པོ་ཡིན་ལ། དེ་རྣམས་ནི་ནམ་མཁའ་ལས་བྱུང་བའི་ནོར་བུ་རིན་པོ་ཆེས་དབང་བསྐུར་ཞིང་རིན་པོ་ཆེ་རྩེ་གསུམ་གྱིས་མཚན་པས་དབུ་བརྒྱན་པ་ཡིན་ལ། དེ་རྣམས་ཀྱི་སྤྲུལ་པ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམས་ལ། དེ་བཞིན་གཤེགས་པ་རྣམ་ལྔས་ཅོད་པན་དུ་བྱས་ཤིང༌། ལྷའི་སྤྱན་ལ་སོགས་པ་ལྔ་རྣམ་པར་དག་པས་འགྲོ་བ་རྣམས་འདུལ་བར་མཛད་པས་ན། སངས་རྒྱས་མངའ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་བྱ་བ་ཉིད་དོ། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །ཞེས་པ་ནི་བྱང་ཆུབ་སེམས་དཔའི་ཚོགས་པ་རྣམས་ཀྱི་ཡོངས་འཛིན་དག་པ་རྣམས་རྫོགས་པར་འཚང་རྒྱ་བའི་བདག་ཉིད་དུ་བསྐྱེད་པ་ནི་དེ་སྐད་ཅེས་བྱ་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་པོ་དམ་པར་གྱུར་པས་ན། སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་བྱའོ། །ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཅེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་ཀྱི་ལུས་དང་ལྡན་པས་ན། འཁོར་བའི་རྒྱ་མཚོར་འགྲོ་བ་རྣམས་ངེས་པར་འབྱུང་བའི་དོན་དུ་སྲིད་པ་ལེན་པར་མཛད་ཀྱང༌། སྲིད་པའི་ཉེས་པས་མི་གོས་པ་ཡིན་ལ་དེ་དག་
ལས་བྱུང་བས་ངན་འགྲོ་ལས་སྐྱོབ་པར་མཛད་པ་ཉིད་ཀྱིས་ཀྱང༌། ཆོས་ལས་འབྱུང་བ་སྲིད་པ་སེལ། །ཞེས་བྱའོ། །ཡེ་ཤེས་ཀྱི་ལུས་ཉིད་སྲིད་པ་ལ་སོགས་པའི་གནོད་པས་དབྱེར་མི་ཕྱེད་ཅིང༌། འབྲས་བུའི་བདག་ཉིད་ཡོངས་སུ་རྫོགས་པ་མ་སྐྱེས་པ་ཉིད་ན་འགྲོ་བ་རྣམས་ལ་ཕན་པར་གྱུར་པ་ནི། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་པ་འགྲོ་བའི་བདག །ཅེས་བྱ་བ་ཉིད་དོ། །ནམ་མཁའ་ལས་བྱུང་རང་འབྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བ་ལས་མ་སྐྱེས་པའི་ཚུལ་གྱིས་རང་འབྱུང་དེ་ཉིད་ཤེས་རབ་ཕུན་སུམ་ཚོགས་པ་སྟོང་པ་ཉིད་དང༌། ཡེ་ཤེས་ཆེན་པོའི་རང་བཞིན་སྙིང་རྗེས་སེམས་ཅན་རྣམས་ཀྱི་ངན་འགྲོའི་རྒྱུད་སྲེག་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བུ་ལས་མི་ཤེས་པའི་བདག་ཉིད་སེལ་བར་བྱེད་པས་ནི། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་བྱ་བ་ཉིད་དོ། །དེ་ནས་འགྲོ་བ་རྣམས་ཀྱི་ཡིད་སྐྱོབ་པར་མཛད་པ་ཉིད་དང༌། གཏུམ་པ་ཆེན་པོའི་ཚུལ་གྱིས་ཚངས་པ་ལ་སོགས་པའི་བསྟན་པ་ངེས་པར་འཇིག་པ་དང༌། ཉན་ཐོས་ལ་སོགས་པ་ལ་གསང་ཞིང་དོན་གྱི་མཆོག་ཕུན་སུམ་ཚོགས་པར་བྱེད་པ་ནི། གསང་སྔགས་མངའ་བདག་རིག་སྔགས་རྒྱལ། །གསང་སངས་རྒྱལ་བོ་དོན་ཆེན་བྱེད། །ཅེས་བྱ་བ་ཉིད་དོ། །གཙུག་ཏོར་ཆེན་པོ་རྨད་འབྱུང་གཙུག །ཅེས་པ་ནི་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་སྟེ་རྒྱལ་ཆེན་རྣམས་ཀྱི་ནོར་བུ་རིན་པོ་ཆེའི་ཅོད་པན་གྱིས་ཞབས་ལ་གཏུགས་ནས། མཆོག་ཆེན་པོར་བྱས་པ་ཉིད་ལ་དེ་སྐད་ཅེས་བྱ་ཞིང༌། སྟོང་ཉིད་སྤྲོས་པ་དང་བྲལ་བ་ལས་གང་ལ་གང་གིས་འདུལ་བའི་གཟུགས་སྣ་ཚོགས་པར་སྟོན་པ་ནི་སྤྲུལ་པ་གསུམ་པ་སྟེ། གོང་དུ་སྟོན་པའི་སྟོང་པ་ཉིད་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་དང༌། དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་བྱ་ལ། དེ་ལྟར་བསྟན་པའི་སྒོ་ནས་ཁམས་གསུམ་པ་རྣམས་ཀྱི་ཡིད་དགའ་བར་བྱེད་པ་དང༌། ཕྱིན་ཅི་ལོག་གི་རབ་རིབ་བསལ་བ་དང༌། རྟེན་དང་བརྟེན་པའི་གཟུགས་དངོས་
པོ་སྣ་ཚོགས་བསྐྱེད་པས་ནི་སྤྲུལ་པ་གསུམ་པ་སྟེ། འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །ཞེས་བྱ་བ་ཉིད་དོ། །མཆོད་ཅིང་རྗེད་པ་དྲང་སྲོང་ཆེ། །ཞེས་པ་ནི་རྫུ་འཕྲུལ་དང་མངོན་པར་ཤེས་པ་དང་ལྡན་པ་ནི་དྲང་སྲོང་ཆེན་པོ་ཡིན་ལ། བསྙེན་བཀུར་དང་མཆོད་པ་ལ་སོགས་པའི་གནས་སུ་གྱུར་པས་ཀུན་གྱི་བསྟོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། སྐུ་གསུང་ཐུགས་ཀྱི་མཚན་ཉིད་དུ་ངེས་པས་ཐེག་པ་ཆེན་པོ་ལ་སྦྱོར་བ་ནི། རིགས་གསུམ་འཆང་བ་གསང་སྔགས་འཆང༌། །ཞེས་བྱའོ། །དེ་ཉིད་སྟོང་གསུམ་ཐམས་ཅད་མཉམ་པར་འགྲོ་ཞིང་སེམས་ཅན་རྣམས་ཀྱི་ཡིད་སྐྱོབ་པར་མཛད་པས་ནི། དམ་ཚིག་ཆེན་པོ་གསང་སྔགས་འཛིན། །ཞེས་བྱ་ལ། རྟེན་ཁྱད་པར་ཅན་གྱི་མཚན་ཉིད་སངས་རྒྱས་དང་ཆོས་དང༌། དགེ་འདུན་དག་པ་ཉིད་སྟོན་པ་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་འཛིན་པའི་ཐེག་པ་ཆེན་པོ་རྣམས་མཆོག་ཏུ་གྱུར་པ་ཡིན་ལ། སྙིང་རྗེ་ཆེན་པོ་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མི་འགྱུར་བའི་བདེ་བ་ཆེན་པོ་སྟོན་པ་ནི། གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་བྱའོ། །དེ་ལྟ་བུའི་ཐེག་པ་ཆེན་པོ་དེ་རྣམས་ཀྱི་བྱང་ཆུབ་ཆེན་པོའི་དོན་ཡོད་ཅིང་སངས་རྒྱས་ཀྱི་ཞིང་ཁམས་སུ་འཛིན་པར་མཛད་ཅིང་ངན་འགྲོ་རྣམ་པར་རྒྱལ་བ་དང༌། རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་ལ་གནས་པར་བྱེད་པས་ན། དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེའི་ཞགས། །ཞེས་བྱ་བ་ཉིད་དོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་བ་འགྲོ་བ་རྣམས་ཀྱི་རྒྱུད་ལ་འགུགས་པར་མཛད་པ་དང༌། དེ་ཉིད་བརྟན་པ་ཆེན་པོའི་ཚུལ་གྱིས་མི་འགྱུར་བར་མཛད་པ་ནི། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་བྱའོ། །རྒྱུ་ངེས་པའི་མཚན་ཉིད་ལས་ཆོས་ཀྱི་དབྱིངས་ངེས་པར་མཐོང་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བྱ་ལ། ངེས་པའི་ཚུལ་གྱི་བཤད་པ་སྟེ་གཉིས་སོ། །སེམས་ཅན་རྣམས་ངོ་བོ་ཉིད་ཀྱི་སྟོང་པ་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཉིད་དེ་བཞིན་གཤེགས་པ་
རྣམས་ཀྱི་ཐུགས་ཏེ། དེ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེ་སྡང་ཆེན་པོའི་བདག་ཉིད་གདུག་པ་རྣམས་རྗེས་སུ་གཟུང་བའི་ཚུལ་གྱིས་འཇིགས་བྱེད་ཆེན་པོའི་སྐུར་བསྟན་ཏེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་པ་འཇིགས་པར་བྱེད་པ་དྲག་པོ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་འཇིགས་པར་མཛད་པ་ཉིད་ཀྱིས་ན་དེ་སྐད་ཅེས་བྱ་ལ། དེ་སྤྲུལ་པའི་ཁྲོ་བོ་ལ་སོགས་པའི་རྒྱལ་པོར་ཞུགས་པ་དང༌། གཟུགས་དང་ཚོར་བ་དང༌། འདུ་ཤེས་དང་འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། ཡེ་ཤེས་ཀྱི་དབང་པོ་རྣམས་དག་པ་ལས། རིགས་དྲུག་གི་བདག་ཉིད་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་དང༌། རྡོ་རྗེ་སེམས་དཔའ་རྣམས་སུ་བསྟན་ཏེ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་བྱ་བ་ཉིད་དོ། །དེ་བཞིན་གཤེགས་པའི་རིགས་དེ་རྣམས་རྣམ་པར་རྟོག་པ་དང་བྲལ་བའི་ཚུལ་གྱིས་གདུག་པ་རྣམས་ཀྱི་མཚན་ཉིད་ལ་ཞལ་མཆེ་བ་རབ་ཏུ་གཙིགས་པས་ན། ཀེང་རུས་མཆེ་བ་གཙིགས་པ་པོ། །ཞེས་བྱ་ལ། དེ་བཞིན་གཤེགས་པའི་སྐུ་རེ་རེ་ལ་ཡང་སེམས་བསྐྱེད་པ་ནས་འགྲོ་བ་འདུལ་བའི་ལས་མཛད་པའི་བར་དུ་རིགས་ལྔ་དང༌། རིགས་རེ་རེ་ལ་ཡང་སེམས་བསྐྱེད་པ་ནས་ཕྲིན་ལས་ཀྱི་བར་དུ་བསྟན་པ་ནི། རིགས་བརྒྱ་རྩ་བརྒྱད་ཉི་ཤུ་རྩ་ལྔ་སྟེ། དེས་ན། ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་བྱ་བ་ཉིད་དོ། །སྤྲུལ་པའི་ཚོགས་དེ་དག་གིས་འགྲོ་བ་རྣམས་ཀྱི་གཤིན་རྗེ་གསོད་པར་མཛད་ལ། གཤིན་རྗེ་ཉིད་བགེགས་ཡིན་ཞིང་ད་བརྗོད་པ་ནི། དབང་ཆེ་བའི་ཚུལ་གྱིས་ན་རྒྱལ་པོ་ཡིན་ཏེ། དེའི་ཕྱིར་ན། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་བྱ་བ་ལ། དེས་ཞིང་བརྟན་པའི་མཚན་ཉིད་ཤུགས་ཆེན་པོ་དང་འཇིགས་པར་བྱེད་པ་དང༌། རྡོ་རྗེ་ལྟར་ཕ་རོལ་འཇོམས་ཤིང་རང་ཉིད་བརྟན་པ་ནི་རྡོ་རྗེ་ལྟ་བུ་ཞེས་ཁམས་གསུམ་ཀུན་དུ་གྲགས་ལ། དེ་ཉིད་སྙིང་པོ་ཡེ་ཤེས་ལས་འབྱུང་བའི་ཕྱིར་དང༌། རྡོ་རྗེ་ཤུགས་ཆེན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེའི་
སྙིང། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་མཚན་ཉིད་དེ་གང་ལ་ཐོབ་ཅེ་ན། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཡེ་ཤེས་སྐབས་སུ་རྐྱེན་དེ་མ་ཐག་ཏུ་ལས་ཡེ་ཤེས་ཆེན་པོ་ཐོབ་པ་ནི་སྒྱུ་འཕྲུལ་ཡིན་ལ་རླུང་འགོག་པའི་ཚུལ་གྱིས་བུམ་པ་ལྟར་དཀྱིལ་དུ་བརྟན་པར་དྲན་པ་ནི་ལུས་ཀྱི་ནང་ཡོངས་སུ་རྒྱལ་བའི་དོན་གྱིས་དེ་སྐད་ཅེས་བྱ་ལ། བྱང་ཆུབ་སེམས་དཔའ་དེ་ཉིད་རྡོ་རྗེ་ཡིན་ཞིང་དེ་ལས་སྐྱེས་པའི་བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་གནས་པས་ན། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །ཅེས་བྱའོ། །ཡེ་ཤེས་དེའི་རང་བཞིན་ཇི་ལྟ་བུ་སྙམ་པ་ལ། རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །ཞེས་གསུངས་ཏེ། འབྲས་བུའི་ཡེ་ཤེས་སྟོང་པ་ཆེན་པོས་རྣམ་པར་རྟོག་པའི་ཚོགས་མཐའ་དག་བཅོམ་ཞིང་བྱང་ཆུབ་ཀྱི་སྙིང་པོ་བདག་ཉིད་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་དང་འདྲ་བ་འདི་རུ་སྐྱེས་པ་ཉིད་དང༌། རལ་བའི་སྐྲ་བེམས་པོ་ཡིན་པས་བེམས་པོ་ལྟར་ཚོར་བ་དང་བྲལ་བའི་རྩེ་གཅིག་ཅིང་མི་གཡོ་བར་འཛིན་པ་གང་ཡིན་བ་དེ་ལ་དེ་སྐད་ཅེས་བྱ། གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཐུགས་བདེ་བ་ཆེན་པོ་ལས་བྱུང་བའི་ཞེ་སྡང་ཆེན་པོའི་བདག་ཉིད་ཧེ་རུ་ཀའི་གཟུགས་ཀྱི་ཆ་བྱད་བསྟན་པ་སྟེ། ཁམས་གསུམ་པའི་འགྲོ་བ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་མི་ཟད་པ་ནི་ལོག་པར་འདྲེན་པ་ཡིན་ལ་དེ་ལས་ཐར་པར་བྱས་པའི་རྟགས་སུ་གླང་པོ་ཆེའི་པགས་པ་ཕྱག་གཉིས་ཀྱིས་ཕ་རོལ་པོའི་ཚུལ་འཛིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གཏུམ་པོ་ཆེན་པོ་དང་ལྡན་པའི་སྒྲ་སྒྲོགས་པ་དང༌། རྣམ་པར་གནོན་པའི་སྒྲ་ཆེན་པོས་མ་རུངས་པ་རྣམས་འཇིགས་པར་བྱེད་པ་ནི། གྲགས་ཆེན་ཧ་ཧ་ཞེས་སྒྲོགས་པ། །ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་བྱ་བ་ཉིད་དོ། །དེ་ཉིད་བཞད་པ་ཆེན་པོའི་ཚུལ་གྱིས་དཔག་ཚད་སྟོང་ལ་སོགས་པར་གྲགས་པར་མཛད་པ་ནི། གད་མོ་ཆེན་པོ་གད་རྒྱངས་ཅན། །ཞེས་བྱ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་བཤད་པ་ཉིད་དོ། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །ཞེས་བྱ་སྟེ་འཇིག་རྟེན་ན་རྟའི་དགོད་པའི་གད་མོ་ཆེན་པོ་ལ་བ་གད་པ་ཞེས་བྱ་བ་བཞིན་ནོ། །དེ་ལྟ་བུའི་ཡེ་ཤེས་ནམ་མཁའ་དང་འདྲ་བ་དེ་ལ་སྐུ་གསུམ་གྱི་འབྲས་བུ་
གནས་པ་ནི། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྟེ། དེ་བདེ་བ་ཆེན་པོ་དང་ལྡན་པ་ཉིད་ཀྱིས་སེམས་དཔའ་ཆེན་པོ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོངས་སྤྱོད་རྫོགས་པའི་སྐུ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མི་མཉམ་པའི་ཡེ་ཤེས་དང་ལྡན་པས་ས་བཅུའི་འཁོར་ལོས་སྒྱུར་པའི་རྒྱལ་པོ་བདེ་བ་ཆེན་པོར་བཞུགས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ནི་སྟོང་གསུམ་ཐམས་ཅད་དུ་ཁྱབ་པའི་འཇིགས་བྱེད་ཆེན་པོའི་སྐུར་བཞུགས་པས་གདུལ་དཀའ་རྣམས་འདུལ་བ་དང༌། ཞི་བ་ཆེན་པོ་བཞིའི་ཚུལ་གྱིས་ངེས་པ་དང་ལྡན་པའི་སྐྱེ་བོ་རྣམས་འདུལ་བའི་ཕྱིར། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །ཞེས་བྱའོ། །དེ་དག་སྐུ་དང་ཐུགས་རྡོ་རྗེ་ལྟར་མི་འགྱུར་བ་ཉིད་ལས་གསུང་འབར་བའི་ཧཱུཾ་སྟེ་ཆེན་པོ་ཧཱུཾ་ཞེས་སྒྲོགས་ཏེ་ཞེས་བྱའོ། །མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ནི་སྐུ་གསུམ་གྱི་རྡོ་རྗེས་འགྲོ་བ་མཐའ་དག་དབང་དུ་མཛད་པ་ནི་མདའ་ཞེས་བྱའོ། །དྲག་པོའི་ཕྲིན་ལས་ཀྱིས་འགྲོ་བ་རྣམས་ཀྱི་སྲོག་གཅོད་པར་མཛད་པས་ན། རྡོ་རྗེ་རལ་གྲི་མ་ལུས་གཅོད། །ཅེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱས་པའི་ཕྲིན་ལས་ཀྱིས་སེམས་ཅན་རྒྱས་པར་མཛད་པ་ནི། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །ཞེས་བྱ་སྟེ་བདེ་བ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་བདག་ཉིད་ནི་ཡིད་དུ་འོང་ཞིང་ངེས་པར་དགའ་བས་ན་རྡོ་རྗེ་ཞེས་བྱ་ཞིང༌། །དེ་ལྟ་བུའི་མཚན་ཉིད་བདག་ཏུ་འཛིན་པ་འཁྱུད་པ་ནི་བདེ་བའི་སྒྲར་བརྗོད་པའོ། །ཞི་བའི་ཕྲིན་ལས་ཀྱིས་ཁམས་གསུམ་པ་ཞི་བར་མཛད་པ་ནི་ནད་དང་རྣམ་པར་འཚེ་བ་ལ་སོགས་པ་གནོད་པར་བྱེད་པ་དང༌། སྨ་འབེབས་པའི་ཚུལ་གྱིས་ཕ་རོལ་གྱི་ཡུལ་ཡིན་ལ་དེ་དང་ལྡན་པས་སེལ་བར་མཛད་པ་ནི། རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་བྱའོ། །ཞེ་སྡང་ཆེན་པོའི་བདག་ཉིད་ཁྲོ་བོའི་རྒྱལ་པོ་དེའི་སྤྱན་ནི། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་བྱའོ། །ཉི་མའི་དཀྱིལ་འཁོར་ལྟར་འོད་ཟེར་མི་བཟད་པ་ཆེན་པོས་གདུག་པ་རྣམས་འབར་བར་མཛད་པ་ཉིད་དང་དབུ་སྐྲ་ཁམ་པ་གྱེན་དུ་འཕགས་པ་ཡེ་ཤེས་ཀྱི་མེ་དཔུང་ལས་མེ་སྟག་
གི་ཕུང་པོ་འཕྲོ་བར་མཛད་ཅིང་དབྱིབས་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་གང་ལ་མངའ་བ་དེ་ལ། རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་དེས་ལོག་པའི་ང་རྒྱལ་ཆེན་པོ་དང་ལྡན་པ་བདུད་དང་དབང་ཕྱུག་ལ་སོགས་པ་ཐེག་པ་ཆེན་པོ་སྔགས་ཀྱི་ལམ་འདི་ཉིད་དུ་ལུས་ངག་ཡིད་རྣམས་བདེ་བ་ཆེན་པོའི་ཚུལ་གྱིས་འགུགས་པར་མཛད་པ་ནི། རྡོ་རྗེ་འབེབས་པ་འབེབས་པ་ཆེ། །ཞེས་བྱ་ཞིང་ཞལ་དུ་མ་དང་ལྡན་པའི་མཚན་ཉིད་སྤྱན་བརྒྱ་ལ་སོགས་པའི་མཚན་ཉིད་རབ་ཏུ་འཇིགས་པ་ནི། མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་བྱའོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་དེའི་སྐུའི་བ་སྤུ་རྣམས་རྡོ་རྗེ་ཚེར་མ་ལྟར་ཚ་ཞིང་རྩུབ་པ་ཉིད་དང༌། ཡན་ལག་དང་ཉིང་ལག་ཐམས་ཅད་རྡོ་རྗེའི་བདག་ཉིད་དུ་དབྱེར་མི་ཕྱེད་ཅིང་ཕ་རོལ་གྱི་ཚོགས་མཐའ་དག་འཇོམས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །ཞེས་པ་ཡང་རྡོ་རྗེའི་ལུས་དེ་ཉིད་ཀྱི་ཉིང་ལག་གི་བཤད་པ་ཡིན་ཏེ། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་སེན་མོ་ནི་རྡོ་རྗེ་རྩེ་གཅིག་པ་ལྟར་གུག་པ་ལྟ་བུ་ཉི་ཚེ་འདྲ་བར་གནས་སོ་ཞེས་བྱ་བར་དགོངས་སོ། །ལས་ལས་གྲུབ་པའི་ཚུལ་དུ་པགས་པར་བསྟན་ཡང༌། རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །ཞེས་གསུངས་ཏེ། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་པགས་པ་ནི་རྫས་ཀྱི་རྡོ་རྗེ་ལྟར་སྲ་ཞིང་བརྟན་པར་བསྟན་ཏོ། །ཁྲོ་བོའི་རྒྱལ་པོ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་བདག་ཉིད་ལས་བྱུང་བས་རིན་པོ་ཆེའི་བདག་ཉིད་ཀྱི་རྒྱན་ལ་སོགས་པའི་རྒྱན་དང་གཅིག་གམ་ཞེ་ན་མི་གཅིག་པར་བསྟན་པ་ནི། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་གསུངས་པ་སྟེ་རྡོ་རྗེ་རྩེ་གསུམ་པ་རབ་ཏུ་འབར་བའི་མཚན་ཉིད་རིགས་ལྔའི་བདག་ཉིད་དུ་སྤྱི་བོ་དང་དཔྲལ་བ་དང༌། རྣ་བ་གཡས་པ་དང་ལྟག་པ་དང༌། རྣ་བ་གཡོན་པ་རྣམས་སུ་བརྒྱན་ཅིང་རྡོ་རྗེ་ཕྲེང་བའི་མཚན་ཉིད་ཀྱིས་དབུ་འཁྱུད་འཁོར་དུ་བཅིངས་པ་གང་ཡིན་པ་དེ་ལ་ད་སྐད་ཅེས་བྱའོ། །གང་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཞེས་པ་ནི་ཞལ་དྲུག་པོ་རབ་ཏུ་བཞད་པ་ཧ་ཧ་ཞེས་སྒྲོགས་པ་ཉིད་དང༌། གཏུམ་པོ་ཆེན་པོའི་རྟ་སྐད་ཀྱིས་སྟོང་གསུམ་ཐམས་ཅད་དུ་ཁྱབ་པ་ཉིད་དོ། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ་ནི་དབྱངས་དང་གསལ་བྱེད་འདུས་
པའི་མཚན་ཉིད་ཨ་ཨུ་རྀ་ལྀ་ཞེས་པ་ཉིད་དོ། །དེ་ལ་ཨ་ནི་སྟོང་ཉིད་ཀྱི་ཡེ་ཤེས་ཀྱི་ཁམས་དང་ནམ་མཁའི་ཁམས་གཅིག་པ་ཉིད་དོ། །ཡཾ་འདུ་བྱེད་རླུང་གི་ཁམས་དང༌། ར་ཚོར་བ་མེའི་ཁམས་དང༌། ཨུ་འདུ་ཤེས་ཆུའི་ཁམས་དང༌། ལཾ་གཟུགས་སའི་ཁམས་རྣམས་ནི། ཕུང་པོ་དྲུག་དང༌། འབྱུང་བ་དྲུག་དང༌། དབང་པོ་དྲུག་དང༌། ཡུལ་དྲུག་དང༌། ལུས་ཀྱི་བྱ་བ་དབང་པོ་དྲུག་དང༌། རོ་དྲུག་དང་མ་དག་པའི་གནས་སྐབས་དྲུག་པ་ནི་རྟོག་པ་མེད་པའི་མཚན་ཉིད་ལས་བྱུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་སྤྲོས་པའི་ཚིག་ཆེན་པོར་གྱུར་པ་ནི། འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །ཞེས་བྱའོ། །དེ་དག་ཉིད་སྒྲ་བརྗོད་པ་བཞིན་དུ་འཇིག་རྟེན་པ་དང་མཚུངས་པར་རྐྱེན་གྱིས་བསྐྱེད་པའི་དངོས་པོར་གྲུབ་པ་ཉིད་ནས་ཁམས་གསུམ་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པ་སྐྱེ་བ་མེད་པ་ཨས་བསྟན་པ་ནི། འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ཞེས་བྱ་ལ་དེ་ཉིད་ནམ་མཁའི་ཁམས་ཐམས་ཅད་དུ་བརྗོད་པ་བཞིན་དུ་འཇིག་རྟེན་པའི་ཚུལ་གྱིས་ཁྱབ་པ་གང་ཡིན་པ་དེ་ལ། ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །ཞེས་པ་ཉིད་དོ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱ་བ་ཉིད་ནི་འཇམ་དཔལ་ཞེས་བྱ་བ་འདི་ཉིད་ནི་དེས་པར་འབྱུང་བ་ཡིན་ཏེ། དེ་ལྟར་སྟོང་པ་ཉིད་སྒྲའི་དོན་དང་ལྡན་ཞིང་དངོས་པོ་ཀུན་གྱི་མཆོག་ཏུ་གྱུར་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ངེས་པ་ལྔའི་ཚུལ་དུ་བཤད་པ་སྟེ་གསུམ་པའོ།། །།དེ་ལྟར་གྱི་ཡེ་ཤེས་དང་སྐུ་དང་ཐུགས་ཡོངས་སུ་གྲུབ་པ་ལས་གསུང་ངེས་པར་འབྱུང་བ་ལས་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེའི་ཚུལ་དུ་བཤད་པ་ནི། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་གསུང་ཡོངས་སུ་དག་པའི་ཉིན་མཚན་ནི་མུ་སྟེགས་ལ་སོགས་པས་བརྟགས་པའི་བདག་དང་བྱེད་པ་པོ་དང་བྲལ་ཞིང་ཡང་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་དོ་ཞེས་བྱའོ། །ཡང་དག་པའི་མཐའ་དེ་ཉིད་ཡི་གེའི་གཟུགས་ཀྱིས་བརྗོད་པ་གང་ཡིན་པ་དེ་ལ། ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་བྱ་ཞིང་དེ་བཞིན་གཤེགས་པའི་གསུང་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་སྟེ་ཉན་ཐོས་ལ་སོགས་པའི་རྟོག་པའི་ནང་
ནས་ཁྱུའི་རྒྱལ་པོར་ཞུགས་པ་ནི། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཞེས་བྱའོ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་ལྷན་ཅིག་པ་ཐབས་དང་ཤེས་རབ་ཆགས་པའི་ཚུལ་དང༌། ཁྲོ་བོ་ཆེན་པོའི་རང་བཞིན་དུ་སྟོང་པ་ནི་ཟབ་པ་ཡིན་ལ། དེ་ཉིད་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བའི་ཚུལ་གྱིས་ངེས་པར་གྲགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཐེག་པ་ཆེན་པོ་འབའ་ཞིག་གིས་དོན་མཛད་དམ། དེ་ལྟ་ན་ནི་ཉན་ཐོས་ལ་སོགས་པ་རྗེས་སུ་མི་འཛིན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་པ། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་གསུངས་ཏེ། དེ་ལ་ཆོས་ནི་མངོན་པར་མཐོ་བ་ཐག་རིང་པོར་རབ་ཏུ་བསྒྲགས་པ་ཉིད་དུ་སྟེ། དཔེའི་ཚུལ་གྱིས་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་ཉིད་དོ། །དགེ་འདུན་དེ་ནི་སོ་སོ་སྐྱེ་བོ་གཞན་ལ་མེད་ཅིང་དགེ་སློང་གི་དགེ་འདུན་བསྡུ་བར་མཛད་པ་ཉིད་དོ། །དེ་ཡང་འདིའི་ཚུལ་གྱིས་འཕགས་པ་ཉན་ཐོས་རྣམས་ཀྱང་རྗེས་སུ་འཛིན་པར་མཛད་དོ་ཞེས་བྱ་བར་དགོངས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཕུང་པོ་ལྷག་མ་མེད་པར་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པས་ན། མི་གནས་མྱ་ངན་འདས་པ་པོ། །ཞེས་བྱའོ། །འོ་ན་དེ་བཞིན་གཤེགས་པ་ནི་ཐེག་པ་ཆེན་པོའི་རིགས་ཅན་དུ་ཉན་ཐོས་ཀྱི་རིགས་ཅན་ཙམ་ཞིག་ལ་ཆོས་སྟོན་ནམ་ཞེན་མ་ཡིན་པར་གསུངས་པ་ནི། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །ཞེས་གསུངས་ཏེ། ཕྱོགས་བཅུ་ནི་མ་ལུས་པའི་དོན་ཡིན་ལ་རྔ་ནི་དེ་དག་ཐམས་ཅད་ལ་རབ་ཏུ་བསྒྲགས་པ་སྟེ། རིགས་མ་ངེས་པ་དག་ཀྱང་རྗེས་སུ་འཛིན་པ་ཉིད་དོ་ཞེས་བྱ་བར་དགོངས་སོ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ཞེས་པ་ནི་དེ་བཞིན་གཤེགས་པའི་གསུང་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་འདུས་བྱས་པའི་གཟུགས་སུ་མེད་པའི་སངས་རྒྱས་ཀྱི་སྐུ་ཕུན་སུམ་ཚོགས་པའི་བདག་ཉིད་དུ་སྒྲུབ་པས་དེ་སྐད་ཅེས་བྱའོ། །རྣམ་པར་རྟོག་པ་དང་བྲལ་བའི་ཆོས་ཀྱི་སྐུར་གྲུབ་ལ། སྦྲུལ་པའི་སྐུས་འགྲོ་བ་དྲུག་གི་རིགས་ཀྱི་གཙོ་བོར་གྱུར་པ་དང༌། རྐྱེན་གྱི་རྗེས་སུ་འདུལ་བའི་གཟུགས་རྣམ་པ་སྣ་ཚོགས་རྣམས་སྐྱོབ་པ་ཆེན་པོའི་སྐུ་ལས་བྱུང་བ་ནི། སྣ་ཚོགས་གཟུགས་ཅན་ལས་སྐྱེས། །ཞེས་བྱའོ། །གཟུགས་ཀྱི་སྐུ་དང་པོ་མེ་ལོང་གཡའ་དག་པའི་རང་བཞིན་
གྱི་གཟུགས་བརྙན་རྣམ་པ་སྣ་ཚོགས་པར་སྣང་ཞིང༌། དེ་ལས་དྲི་མ་དག་སྨྲ་བརྗོད་ལ་སོགས་པ་ཉིད་ཀྱིས་སེལ་བ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་མ་ལུས་པ་རྣམས་དེ་བཞིན་གཤེགས་པའི་སྐུ་ལ་སྣང་ཞིང༌། དེའི་ཆོས་དེའི་ཏིང་ངེ་འཛིན་གྱིས་གྲངས་མེད་པར་གྱུར་པར་མཛད། བྱང་ཆུབ་སེམས་དཔའ་རྣམས་རང་ཉིད་ཀྱི་སྒྲིབ་པ་རྣམ་པར་སེལ་བར་མཛད་པ་ནི། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ཞེས་བྱའོ། །དེ་ཉིད་མེ་ལོང་གི་དཀྱིལ་འཁོར་ལྟར་གཟུགས་བརྙན་ཐམས་ཅད་སྣང་བར་མཛད་པས་ན། གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་བྱ་བ་ཉིད་དོ། །སངས་རྒྱས་ཀུན་གྱིས་གསུངས་པའི་ཆོས་དམ་པ་དེ་ལ་ཕྱི་རོལ་གྱི་རྣམ་པར་གཡེང་བ་རྣམས་ཀྱི་ཚུགས་པ་མེད་པ་དང༌། ཚངས་པ་དང་ཁྱབ་འཇུག་ལ་སོགས་པའི་བསྟན་པ་བས་ཁྱད་པར་དུ་གྱུར་ཅིང་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན། ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །ཞེས་བྱ་ཞིང་དེ་ཉིད་འཕགས་པ་རྣམས་ཀྱི་ངེས་པའི་ལ་མ་དུ་གྱུར་པ་དང༌། བྱང་ཆུབ་སེམས་དཔའི་ས་ལ་གནས་པར་གྱུར་པ་ནི། འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །ཞེས་བྱའོ། །དེ་ལྟར་གསུང་ཡོངས་སུ་དག་པ་ལས་གྲུབ་པའི་ཡོན་ཏན་བསྟན་པ་ནི། དར་བ་ཆེན་པོ་ཆོས་ཀྱི་ཏོག །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་བདེ་བའི་ཡེ་ཤེས་ཆེན་པོ་དང་རྒྱུན་གྱི་ཡེ་ཤེས་ཆེན་པོ་ཐོབ་པར་གྱུར་པ་དེ་ནི་བ་དན་ཆེན་པོ་ལྟར་རྫུ་འཕྲུལ་དང༌། མངོན་པར་ཤེས་པས་ནམ་མཁའ་ལ་འགྲོ་བ་དང༌། ཁམས་གསུམ་གནས་ཀྱི་གོང་ན་དེ་ལས་མེད་པའི་གཙུག་གི་ནོར་བུ་ལྟར་མཐོ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་པའི་དངོས་གྲུབ་བཅུད་ཀྱིས་ལེན་ཡོངས་སུ་གྲུབ་པའི་ཉི་མ་དང༌། ཟླ་བ་ཇི་སྲིད་གནས་ཀྱི་བར་དུ་ཁམས་གསུམ་ན་ལོ་བཅུ་དྲུག་པ་འདྲ་བའི་ཆ་བྱད་དུ་འདུག་པ་ནི། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་བྱའོ། །དེས་སོ་སོའི་སྐྱེ་བོ་ཐ་མ་པའི་ཚེ་རབས་དཔག་ཏུ་མེད་པར་གནས་ཤིང་སྐྱེ་དགུ་རྣམས་ཀྱི་གཙོ་བོར་གྱུར་པ་ནི། གནས་བརྟན་རྒན་པོ་སྐྱེ་དགུའི་བ་དག །ཅེས་བྱའོ། །དེ་ཉིད་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་ལྟར་འོད་གང་བ་དང༌། ཡན་ལག་དང་ཉིང་ལག་མཛེས་
ཤིང་རྒྱས་པར་གྱུར་པ་དེ་ལ། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་བྱ་ཞིང་དེ་ཉིད་ཁམས་གསུམ་པ་ཐམས་ཅད་ཀྱི་བུ་གཅིག་པ་ལྟར་ཡིད་དུ་འོང་ཞིང་ཐིག་ལེ་མཆོག་ལ་སོགས་པ་འགུགས་པར་མཛད་པ་ནི། སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་བདག་ཉིད་ཆེན་པོའི་གནས་སྦྱོར་བ་དེས་ཉི་མ་དང༌། ཟླ་བ་གནས་ཀྱི་བར་དུ་འཇིག་རྟེན་དུ་གནས་ན་ཐེག་པ་ཆེན་པོའི་སེམས་ཅན་ཐམས་ཅད་གྲོལ་བར་བྱ་བའི་ཕྱིར། ཐེག་པ་ཆེན་པོའི་ཟབ་མོའི་དོན་སྟོན་ཅིང་ཕྱི་དང་ནང་གི་ནད་དང༌། འཇིགས་པ་ཐམས་ཅད་དང་སྡུག་བསྔལ་སྣ་ཚོགས་དང་བྲལ་བར་གྱུར་པ་ནི། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་བྱ་བ་ཉིད་དོ། །དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་དེ་འགྲོ་བ་མཐའ་དག་གི་མགོན་དུ་གྱུར་ཅིང༌། ཐུགས་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་མཛད་པས་ནི། མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །ཞེས་བྱ་ཞིང་སྐྱབས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་བླ་ན་མེད་པ་ཉིད་ཀྱིས་ན། སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་བྱའོ། །དེ་ལྟར་འཇིག་རྟེན་བའི་དངོས་གྲུབ་སྨོན་པར་བསྟན་ནས། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྟན་པ་ནི། ནམ་མཁའི་ཁམས་ལ་ལོངས་སྤྱོད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ནམ་མཁའི་མཐའ་དང་མཉམ་པར་འགྲོ་བའི་དོན་ལ་མངོན་པར་སྤྱོད་པ་ལ་དེ་སྐད་ཅེས་བྱ་ལ། དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་དེ། དེ་ཡང་ཡེ་ཤེས་རྣམ་པ་སྣ་ཚོགས་པ་ཟད་པ་མེད་པའི་རྒྱ་མཚོར་གྱུར་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་ཉིད་དོ། །དེ་ལྟར་ཡེ་ཤེས་སྤྲོས་པ་དང་བྲལ་བའི་མཚན་ཉིད་ཀྱང་འགྲོ་བ་རྣམས་ཡིད་ཀྱི་རྣམ་པར་ཤེས་པ་མ་རིག་པའི་སྦུབས་ཀྱིས་གཡོགས་པ་ཐམས་ཅད་དང་ཤེས་རབ་ཀྱི་བདེ་བ་ཆེན་པོས་འབྱེད་པའི་ཕྱིར་ན། མ་རིག་པའི་སྦུབས་འབྱེད་པ་ཞེས་བྱ་ཞིང་དེ་ཉིད་སྲིད་པའི་དྲ་བ་ཉིད་དོ། །དེ་རབ་ཏུ་འཇོམས་པ་གང་ཡིན་པ་དེ་ལ། སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་བྱའོ། །དེ་ལྟ་བུའི་སྲིད་པའི་འདོད་ཆགས་ལ་སོགས་པའི་རྐྱེན་གྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་བ་ནི་ཉོན་མོངས་པ་ཡིན་ལ། དེ་ལྟ་བུའི་ཡེ་ཤེས་ཀྱི་ཆུ་བོས་ཞི་བར་བྱེད་པ་ནི། ཉོན་མོངས་མ་ལུས་ཞི་བྱེད་པ། །ཞེས་བྱ་
ཞིང་དེ་ལ་དུས་ཀྱི་ཡེ་ཤེས་ཆེན་པོ་དང་ལྡན་པས་རྟག་པར་བསྒྲུབས་ཤིང་དེ་ཡོངས་སུ་རྫོགས་པའི་མཐར་རྒྱུན་གྱི་ཡེ་ཤེས་འབྲས་བུ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི། འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་བྱའོ། །དེ་ལྟ་བུའི་སྲིད་པའི་དྲ་བ་འཇོམས་པ་འཁོར་བའི་རྒྱ་མཚོ་ལས་བརྒལ་བ་དེ་ག་ལས་ཐོབ་ཅེ་ན། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེ་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱིས་དབང་བསྐུར་བ་ནི། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་བྱའོ། །བདེ་བ་ཆེན་པོའི་མཚན་ཉིད་དུ་གནས་པས་བདག་གི་བག་ཆགས་ཀྱི་དྲི་མ་ཐམས་ཅད་དག་པར་གྱུར་པ་ཉིད་དང༌། བདེ་བ་ཆེན་པོ་དེ་ཉིད་རྡོ་རྗེ་ནོར་བུའི་ཁ་ནས་སྤྱི་གཙུག་གི་དབུ་རྒྱན་དུ་འཁོར་བའི་ཕྱིར་ཅོད་པན་ཡིན་ལ། དེ་ཉིད་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ཡིན་ལ། དེ་བདག་རང་གི་དཔྲལ་བའི་རྒྱན་དུ་རྒྱས་བཏབ་པ་ནི། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་བྱ་བ་ཉིད་དོ། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་བྱ་བ་ནི་དེ་ལྟ་བུའི་རྡོ་རྗེ་འཛིན་པ་ཆེན་པོ་དབུ་རྒྱན་བྱས་པ་ལ་དགའ་བ་དང་མཆོག་གི་དགའ་བ་དང་བྲལ་བའི་དགའ་བ་གསུམ་ནི་རྟོག་པ་དང་བཅས་པའི་ཕྱིར་སྡུག་བསྔལ་ཡིན་ལ། དེ་དག་རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་བར་དགོངས་ཏེ་དེ་ཉིད་ངེས་པར་བསྟན་པ་ནི། གསུམ་སེལ་བ་མཐའ་ཡས་གྲོལ་གསུམ་ཐོབ། །ཅེས་གསུངས་ལ་དགའ་བ་དང་མཆོག་གི་དགའ་བ་དང་བྲལ་བའི་དགའ་བ་གསུམ་བསལ་བ་ལས། བདེ་བ་ཆེན་པོ་མཐའ་ཡས་སྤྲོས་པ་དང་བྲལ་བར་གྱུར་ཅིང༌། དེ་ལྟར་འཇིག་རྟེན་སྡུག་བསྔལ་ལས་ཐར་པ་ནི་གྲོལ་ཞེས་བྱ་བ་ཉིད་དོ། །རྒྱུ་དང་འབྲས་བུ་ལས་གྲོལ་ཞིང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཐོབ་པོ་ཞེས་བྱ་བ་ཉིད་དོ། །དེ་ལྟ་བུ་ཉིད་ལས་དང་ཉོན་མོངས་པ་དང༌། ཤེས་བྱ་དང་སྐྱེ་བའི་སྒྲིབ་པ་ཐམས་ཅད་ངེས་པར་སྒྲོལ་བ་ནི། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཞེས་བྱ་ཞིང༌། དེ་ཉིད་ནམ་མཁའ་ལྟར་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལས་མཉམ་པ་ཉིད་དུ་ཁྱབ་པར་གྱུར་པ་ནི། མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་བྱ་ལ། དེ་ལ་གོང་གི་མཚམས་སྦྱར་བ་ནི། འདོད་ཆགས་དང་ཞེ་སྡང་
ལ་སོགས་པ་བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་ལས་འདས་པར་གྱུར་པ་ནི། ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་བྱ་བ་ཉིད་དོ། །དེ་ལས་གཞན་གྱི་སེམས་རིག་པ་མཐའ་དག་རིག་པར་གྱུར་པའི་མངོན་པར་ཤེས་པ་ལྔ་ཡོངས་སུ་དག་པར་གྱུར་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཀྱི་འབྲས་བུ་རྟོགས་པར་གྱུར་ཅིང་དེ་ཉིད་རྒྱུད་པ་དཔག་ཏུ་མེད་པའི་ཚུལ་གྱིས་ན་དུས་མེད་པ་ཞེས་བྱ་ལ་དེ་ལྟར་རྟོགས་པ་ནི། དུས་གསུམ་དུ་མེད་རྟོགས་པ་པོ། །ཞེས་བྱ་བ་ཉིད་དོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཞེས་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པའི་ཆར་རབ་ཏུ་འབེབས་པ་ནི་ཀླུ་ཡིན་ལ་ཁམས་གསུམ་པ་ཐམས་ཅད་དུ་ཁྱབ་པར་འགྱུར་བ་ནི་ཆེན་པོ་ཞེས་བྱ་བ་ཉིད་དོ། །ཆོས་ཀྱི་ངེས་པར་ལེགས་པ་དེ་ཉིད་ཀྱིས་སོ་སོ་སྐྱེ་བོ་རྣམས་ལྷག་པའི་ཚུལ་ཁྲིམས་དང་ཤེས་རབ་ལ་སོགས་པར་འཇིག་རྟེན་འདི་དང་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ནི། ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཅེས་བྱའོ། །དེ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་ལས་ཐར་པ་གྲོལ་བར་མཛད་ཅིང་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་རབ་ཏུ་གནས་པ་ནི། ལུས་ཀུན་ལས་ནི་རབ་གྲོལ་བ། །ནམ་མཁའི་མཐའ་ལ་རབ་གནས་པ། །ཞེས་བྱ་བ་ཉིད་དོ། །དེ་ལྟར་འབྲས་བུ་ཆེན་པོ་ཡོན་ཏན་དང་བཅས་པ་དང་སྣོད་རྣམ་པར་དག་པ་ཟབ་མོའི་ཚུལ་དུ་བསྟན་ནས། དེའི་དོན་ཉིད་མ་འོངས་པའི་སེམས་ཅན་རྣམས་འདི་ལྟ་བུ་ཡོངས་སུ་གཟུང་བར་བྱའོ་ཞེས་བསྟན་པའི་ཕྱིར་ན། ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་བྱང་ཆུབ་སེམས་ཡིན་ཏེ། དེ་བསྐྱེད་པ་ནི་ཡིད་བཞིན་ནོར་བུ་ལྟར་དགོས་པ་ཐམས་ཅད་གྲུབ་པར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། །དེ་ཉིད་ཐེག་པ་ཆེན་པོར་སེམས་བསྐྱེད་པ་ཡིན་ལ། དེ་ལས་ཁྱད་པར་དུ་ཐེག་པ་ཆེན་པོའི་གསང་སྔགས་སུ་སེམས་བསྐྱེད་པ་ནི། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཅེས་བྱ་སྟེ་དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འབྱུང་བར་གྱུར་པ་ནི། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །ཞེས་བྱ་བ་ཉིད་དོ། །དེའི་རྗེས་ལ་ངག་དང་ཡིད་ཀྱི་རྟེན་དུ་གྱུར་པ་ལུས་རྣམ་པར་དག་པར་བྱེད་པ་བུམ་པའི་དབང་བསྟན་པ་ནི། བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་གསུངས་
ཏེ། དེ་ལ་བུམ་པ་ནི་ལུས་ཀྱི་དྲི་མ་དང་རྟོག་པའི་ཚོགས་མཐའ་དག་ཞི་བར་བྱེད་པ་ཡིན་ལ། འཇིག་རྟེན་པའི་དབང་ཕྱུག་ཆེན་པོ་ལ་སོགས་པའི་སྲིད་སྲུང་གི་བུ་ཞེས་ཁྱད་པར་དུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་ཀྱི་སྡུག་བསྔལ་ངེས་པར་འཇིལ་བ་དང༌། འབྲས་བུ་ཡོངས་སུ་གྲུབ་པའི་དོན་བྱེད་པས་ན། བྱེད་པ་སེམས་ཅན་དོན་བྱེད་པ། །ཞེས་བྱའོ། །དེ་ལྟ་བུའི་དོན་བྱེད་པའི་ཚུལ་ནི་བདེ་བ་དང་ལྡན་པར་ཕན་འདོགས་པ་དང༌། སྲིད་པའི་འཇིགས་པ་རྣམ་པ་སྣ་ཚོགས་རྣམས་སྐྱོབ་པའི་གྲོགས་སུ་གྱུར་པས་ན། ཕན་འདོགས་སེམས་ཅན་མཉེས་གཤིན་པ། །ཞེས་བྱ་ཞིང་དེ་ཉིད་ཀྱི་དུས་དེ་ཁོ་ན་ཉིད་ཅེས་པ་ལྟར་མི་དགེ་བའི་མཚན་ཉིད་ཡིད་དུ་མི་འོང་བ་དོར་བ་དང༌། དགེ་བའི་མཚན་ཉིད་ཡིད་དུ་འོང་བའི་རྒྱུ་དེ་ལ་བཀོད་པ་ནི། བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་དེ་ཉིད་ཀྱིས་སངས་རྒྱས་ཀྱི་མངོན་པར་རྟོགས་པ་ཐམས་ཅད་ཐོབ་པར་བྱེད་པ་དང༌། ཡོངས་སུ་དག་པའི་མཚན་ཉིད་ལས་མི་འདའ་བའི་ཕྱིར་ན། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །ཞེས་བྱ་ལ་གོང་མ་མཉེས་བརྟེན་པའི་དུས་ཤེས་པ་དང༌། དངོས་གཞི་ལེགས་པར་སྒྲུབ་པའི་གསལ་བའི་དུས་ཤེས་པ་ནི། དུས་ཤེས་སེམས་ཅན་དབང་པོ་ཤེས། །ཞེས་བྱ་སྟེ་དེ་ཉིད་སྣོད་དང་རྒྱུ་དང་འབྲས་བུ་རྣམ་པར་དག་པ་ཉིད་དུ་རྟོགས་པ་ནི། རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་བྱའོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་རྣམས་དང་ལྡན་ཞིང་གོང་ནས་གོང་དུ་འབྲས་བུ་ཆེན་པོ་སྐྱེད་པར་གྱུར་པ་ནི། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་བྱ་ཞིང་བུམ་པ་དང་གསང་དབང་དང་ཤེས་རབ་ཡེ་ཤེས་དང་རྒྱུ་རྣམ་པར་དག་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་རྣམས་བདེ་བ་ཆེན་པོའི་མཚན་ཉིད་ཀྱིས་སྲིད་པ་དང༌། མི་དགེ་བའི་ཚོགས་མཐའ་དག་དང༌། བདུད་དང་དབང་ཕྱུག་དང་ནད་དང་རིམས་ལ་སོགས་པ་ཐམས་ཅད་ཞི་བར་མཛད་པ་དང༌། ཡིད་དུ་འོང་བ་ཕུན་སུམ་ཚོགས་པ་དང་ལྡན་བར་བྱེད་པ་ནི་འཇིག་རྟེན་ན་བཀྲ་ཤིས་པ་ཞེས་ཟེར་ལ་དེའི་ཕྱིར་ན། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང༌། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ཞེས་གསུངས་ཏེ་དེ་ལྟར་དབང་དང་རྒྱུ་དང་འབྲས་བུ་ནི་ཤེས་པ་ལྔ་ཡིན་པར་བསྟན་ལ་ལེའུ་དང་བོ་ལས་ཀྱང༌། །སྦྱོར་བ་ལྡན་
ཞིང་མི་དགེ་སྤོང༌། །བཀྲ་ཤིས་སུ་ནི་བརྗོད་པ་ནི། །ལུས་དག་ནས་ནི་རྫོགས་པའི་མཐར། །ཤིས་པ་ལྔ་རུ་བཤད་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཆུ་བོའི་རླབས་བཞིན་དུ་ཡང་ནས་ཡང་དུ་འདས་པས་ངལ་བར་གྱུར་པ་གང་ཡིན་པ་དེ་ལ་ཤིས་པ་ཆེན་པོའི་ཚུལ་གྱིས་དབུགས་འབྱིན་པར་བྱེད་ཅིང་རབ་ཏུ་དགའ་བའི་སྟོན་མོས་ཚིམ་པར་བྱེད་པ་དང༌། སྲིད་པའི་རྐྱེན་གྱིས་སྐྱོ་བར་གྱུར་པ་ལས་རྒལ་བ་དང༌། རྣམ་པ་སྣ་ཚོགས་པའི་རོལ་མོས་སངས་རྒྱས་པར་མཛད་པ་གང་ཡིན་པ་དེ་ནི། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་བྱའོ། །དེ་ལྟར་ཐེག་པ་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པ་ལས་གྱུར་པ་ལ་ལྷ་དང་མི་ལ་སོགས་པ་སྲིད་པ་གསུམ་གྱི་བདག་པོ་ཐམས་ཅད་ཀྱིས་རབ་ཏུ་བསྟོད་པར་གྱུར་པ་ནི། །བཀུར་སྟི་རིམ་སྒྲོ་ཕུན་སུམ་ཚོགས། །ཞེས་བྱ་ཞིང༌། མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །ཞེས་པ་ནི་དེ་ལྟར་མཆོད་པའི་ཚོགས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་པ་ལས་ནི་བདག་ཉིད་ཞེན་པ་མེད་པའི་དགའ་བ་དང་ལྡན་པ་དང༌། དེ་ལ་དུས་གསུམ་གྱི་བདག་པོ་ཆེན་པོར་གྱུར་པས་གསུངས་པ་ཐམས་ཅད་དུ་གྲགས་ཤིང་བདག་གི་དོན་ཕུན་སུམ་ཚོགས་པར་རབ་ཏུ་ལྡན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཡང་བདག་ཉིད་དུ་གནས་པ་དང༌། བདག་ཉིད་ལ་ཐར་པ་ཆེན་པོའི་རྒྱུ་རབ་ཏུ་སྟོན་པར་བྱེད་པ་ནི་སྦྱིན་པ་རྣམས་ཀྱི་ནང་ནས་མཆོག་གམ་གཙོ་བོ་ཞེས་བྱ་སྟེ། དེའི་ཕྱིར་ན། མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །ཞེས་བྱ་ལ་རབ་ཏུ་བརྒྱུད་པའི་དབང་དམ་པ་དེ་ཉིད་དམན་དང་མིའི་དབང་ཕྱུག་ལ་སོགས་པ་སྐྱབས་ཐམས་ཅད་ཀྱི་དམ་བར་གྱུར་པ་དང༌། གང་དང་གང་སྐྱབས་སུ་སོང་བ་ཐམས་ཅད་ལ་གནོད་པའི་རྐྱེན་གྱིས་མི་གོས་ཤིང་དེ་ལས་ཀྱང་ཡོན་ཏན་གྱི་ཚོགས་ཆེན་པོ་དང་ལྡན་པར་གྱུར་པས་ནི། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །ཞེས་བྱ་བ་ཉིད་དོ། །སྐྱབས་དམ་པ་དེ་ཉིད་འཁོར་བའི་རྒྱ་མཚོའི་ནང་ན་ཆུ་སྲིན་གྱི་མཆེ་བ་དུག་དང་འདྲ་བའི་རྣམ་བར་རྟོག་པའི་དོན་ནི་འཇིགས་པ་ཆེན་པོ་ཡིན་ལ་དེ་ཉིད་ངེས་པར་འཇིལ་བ་དེའི་དགྲ་ཡིན་ཞིང༌། དེ་ཉིད་སྐྱེད་དུ་མེད་པ་གཙོ་བོར་གྱུར་པ་དང་ཕྱི་དང་ནང་གི་འཇིགས་པའི་ཚོགས་དཔག་ཏུ་མེད་པ་ཐམས་ཅད་སེལ་བར་མཛད་པ་ལས་སྐྱབས། འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་
བྱའོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །ཞེས་བྱ་བ་ལ་དེ་ལ་གཙུག་ཕུང་ནི་འཛག་པ་ཉེ་བར་བསྟེན་པ་ཞེས་བརྗོད་དེ། འཁོར་བའི་བདག་ཉིད་དུ་ཡང་ནས་ཡང་དུ་སྐྱེ་བར་འགྱུར་བ་ནི་འཛག་པ་ཞེས་བྱ་བ་ལ། དེ་ཉིད་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་སྐྱོ་བར་བྱེད་པ་དང༌། རྣམ་པར་སྣང་མཛད་དེ་རབ་ཀྱི་བདག་ཉིད་གཙོ་བོར་གྱུར་པའི་གནས་དཔྲལ་བ་རུ་རབ་ཏུ་བཞག་པ་དང༌། དེ་ལ་ཡོན་ཏན་གྱི་ཚོགས་བསྐྱེད་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། རལ་པ་མུཉྫ་ཅོད་པ་ན་ཐོགས། །ཞེས་པ་ནི་དྲུག་པའི་དོན་ལ་དང་པོའི་ཚིག་སྟེ། རལ་བའི་མུཉྫ་ཞེས་བྱ་བ་ཉིད་ཡིན་ལ་རལ་པའི་སྒྲས་ནི་བེམས་པོར་བརྗོད་ལ། བེམས་པོ་རྟོག་པ་དང་བྲལ་བའི་དོན་གྱིས་སངས་རྒྱས་ངེས་པར་འབྱིན་པ་མང་པོ་ཡང་ནས་ཡང་དུ་མདུད་ཅིང་བརྩེགས་པ་གུས་པའི་ཚུལ་གྱིས་སྤྱི་བོས་མཆོག་ཏུ་འདུད་པར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་སྐུ་ལྔ་དང་ཡེ་ཤེས་ལྔ་དང་འབྱུང་བ་ལྔ་དང་བདག་ཉིད་ལྡོག་པའི་བྱེ་བྲག་གི་འབྲས་བུའི་ཆོས་རྒྱུ་ལ་ཚང་བར་བསྟན་པ་ནི། གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་བ་མེ་ཏོག་ཐོད། །ཅེས་གསུངས་ཏེ་དེ་ལ་གདོང་ལྡན་ནི་རྩ་བར་གྱུར་པ་ཡེ་ཤེས་ཀྱི་བདག་ཉིད་དང་གཙུག་ཕུད་ནི་གཙོ་བོའི་ཚུལ་རིགས་ཀྱི་བདག་པོ་སྟེ། ཟུར་ཕུད་ནི་འཁོར་དུ་གནས་པའི་ཚུལ་གྱིས་འབྱུང་བ་སྟེ་དེ་དག་ནི་འབྱུང་བ་ཆུའི་ཁམས་དང༌། རིགས་ཀྱི་བདག་པོ་མི་བསྐྱོད་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བ་ནས་མེ་ནི་འབྱུང་བ་ནམ་མཁའི་ཁམས་དང་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་པའི་བར་དུ་གོ་བར་བྱ་ཞིང་སློབ་དཔོན་དང་སྣ་ཚོགས་པ་ལ་ཡང་དེ་བཞིན་དུ་གོ་བར་བྱའོ། །མེ་ཏོག་ཐོང་ནི་མེ་ཏོག་གི་ཕྲེང་བའི་ཐོད་ཅེས་བྱའོ། །སྤྱི་བོར་ཡོངས་སུ་འཛིན་པ་རྡོ་རྗེ་སེམས་དཔའི་ངོ་བོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་མུ་སྟེགས་ལ་སོགས་པའི་བརྟུལ་ཞུགས་ལས་ཁྱད་པར་དུ་གྱུར་ཅིང་རྣམ་པར་རྟོག་པའི་ཚོགས་མཐའ་དག་འབྱང་བར་གྱུར་པ་དང༌། ཉན་ཐོས་ལ་སོགས་པའི་ཚངས་པར་སྤྱོད་པའི་སྐྱེ་གནས་སུ་སོང་བ་མ་ཡིན་ཞིང་སྤྲོས་པ་དང་བྲལ་བ་ནི་རྡུལ་གྱིས་མ་གོས་ཤིང་ཉེས་པའི་སྐྱོན་མཐའ་དག་ལས་དག་པར་གྱུར་པས་ན། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །ཅེས་བྱ་ལ་དུཿ་ཁ་ལ་སོགས་པའི་འགོག་པ་ནི་དཀའ་ཐུབ་མ་ཡིན་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐ་མལ་པའི་ཚུལ་ལས་སྐད་ཅིག་
རྟོག་པའི་ཚོགས་མཐའ་དགག་པ་ནི་ཐུབ་པ་ཆེན་པོ་སྟེ་དེའི་ཕྱིར་ན། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཞེས་བྱ་བ་ཉིད་དོ། །གཙང་གནས་དམ་པ་གཽ་ཏ་མ། །ཞེས་པ་ནི་དེ་ལྟར་ཉེས་པའི་ཚོགས་མཐའ་དག་དང་བྲལ་ཞིང་བསོད་ནམས་ཀྱི་ཚོགས་ཀྱི་གནས་སུ་འགྱུར་བ་དང་འགྲོ་བ་མཐའ་དག་གི་དམ་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་འཇིག་རྟེན་པའི་ཁ་ན་མ་ཐོ་བ་ཐམས་ཅད་སྤོང་བར་གྱུར་པའི་ཚུལ་གྱིས། བྲམ་ཟེ་ཚངས་པ་ཚངས་པ་ཤེས། །ཞེས་བྱ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཚངས་པ་ཆེན་པོ་ཐོབ་པས་ན། མྱ་ངན་འདས་པ་ཚངས་པ་ཐོབ། །ཅེས་བྱ་བ་ཉིད་དོ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །ཞེས་པ་ནི་དེ་ལ་གྲོལ་བ་ནི་ངན་འགྲོའི་སྡུག་བསྔལ་ལས་གྲོལ་བ་དང་ཐར་པ་ནི་བདེ་འགྲོའི་མཚན་ཉིད་དུ་གནས་པ་དང༌། དེ་གཉིས་སོ་སོའི་སྐྱེ་བོ་ལས་ཁྱད་པར་དུ་འཕགས་པ་དང་དགྲ་བཅོམ་པའི་ཚུལ་གྱིས་རྣམ་པར་གྲོལ་བའི་ལུས་ཞེས་བྱ་བ་ཡིན་ལ། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ཚུལ་གྱིས་གནས་པ་དེ་ཉིད་ཕུང་པོ་ལྷག་མ་དང་བཅས་པ་དང༌། ཀུན་དུ་རྟོག་པ་དང་མི་གནས་པའི་མྱ་ངན་ལས་འདས་པར་འགྱུར་པ་ནི། རྣམ་གྲོལ་ཞི་བ་ཉིད། །མྱ་ངན་འདས་ཤིང་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །ཞེས་བྱ་བ་ཉིད་དོ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཞེས་པ་ལ་དེ་ལ་སྡུག་བསྔལ་ནི་རྣམ་པར་རྟོག་པའི་ཚོགས་མཐའ་དག་ཡིན་ལ། དེ་ཉིད་ལ་བདེ་བར་འཛིན་པའི་སྒོ་ནས་བདེ་བ་སྟེ། དེ་དག་ཐམས་ཅད་མཐར་བསལ་བ། །ཞེས་བྱ་བ་ཉིད་དེ། ཆགས་བྲལ་ལུས་ལས་འདས་པ་པོ། །ཞེས་བྱ་བ་ཉིད་དོ། །ཟབ་མོའི་ཆོས་ཐེག་པ་ཆེན་པོའི་སྒྲ་གྲགས་པར་གྱུར་པ་འདོད་ཆགས་དང་བྲལ་བར་གྱུར་པའི་དགྲ་བཅོམ་པའི་བདག་ཉིད་ལས་འདས་པ་ཞེས་བྱ་ཞིང༌། དེ་ཉིད་ཀྱི་ཕྱི་རོལ་གྱི་རྣམ་པར་གཙེ་བ་ཐམས་ཅད་ཀྱིས་མི་ཐུབ་པ་དང༌། འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པ་བགྲང་དུ་མེད་པའི་ཕྱིར། ཐུབ་པ་མེད་པ་དཔེ་མེད་པ། །ཞེས་བྱ་བ་ཉིད་དོ། །དེ་ལྟར་ཡོངས་སུ་དག་པའི་ནུས་པའི་དེ་ནི་སྐྱེས་བུའི་རྩལ་གྱི་སྟོབས་ལྟར་མངོན་དུ་གསལ་བར་གྱུར་པ་མ་ཡིན་པ་དང༌། དགྲ་བཅོམ་པ་ལ་སོགས་པས་སྒྲོགས་པར་མི་ནུས་ཤིང་ཁམས་གསུམ་ཐམས་ཅད་ཁྱབ་པར་གྱུར་པ་ནི། མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་བྱ་
བ་དེ་ཉིད་བདེ་བ་ཆེན་པོ་ཟག་བ་མེད་པ་ཉིད་ཀྱིས་བག་ཆགས་ཀྱི་ས་བོན་ཐམས་ཅད་དང་བྲལ་ཞིང་ངག་གི་བརྗོད་པ་ཐམས་ཅད་ལས་འདས་པས་ན། ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཞེས་བྱ་ལ་དེ་ལྟ་བུའི་བདེ་བ་ཆེན་པོ་ཉིད་ངན་འགྲོའི་ཉེས་པ་དང་བདེ་འགྲོའི་རྣམ་པར་རྟོག་པའི་དྲི་མ་དང༌། ཉན་ཐོས་ཀྱི་འདོད་ཆགས་དང་བྲལ་བ་དང༌། རང་སངས་རྒྱས་ཀྱི་ནང་དུ་ཡང་དག་འཇོག་གི་འཛིན་པའི་ཤེས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་ཆ་ཕྲ་བ་རྣམས་སྤངས་ནས། རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཞེས་པ་ཉིད་དོ། །དེ་ལྟར་ཡོངས་སུ་དག་པའི་འབྲས་བུ་ནི་མ་རིག་པའི་གཉིད་ལས་འདས་པ་དང་སད་པར་མཛད་པས་ན། ཤིན་ཏུ་སད་པས་སད་པའི་བདག །ཅེས་བྱ་ལ་དེ་ཉིད་ཡོངས་སུ་དག་པའི་མངོན་པར་ཤེས་པ་ལྔས་དངོས་པོ་ཐམས་ཅད་རིག་པ་ལས་གདུལ་བྱའི་སྣོད་ཉེས་པ་དང་མ་ཉེས་པ་དང་དོན་ཐམས་ཅད་ཤེས་པར་གྱུར་པ་ནི། ཀུན་ཤེས་ཀུན་རིག་དམ་པ་པོ། །ཞེས་བྱའོ། །དེ་ལྟ་བུའི་སྤྲོས་པ་དང་བྲལ་བ་ཉིད་རྣམ་པར་ཤེས་པ་སྨྲ་བ་འབའ་ཞིག་དོན་དམ་པར་ཡོད་པར་འདོད་པ་ལས་རྣམ་པར་འདས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཚུ་དུ་གནས་པ་ནི། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་བྱ་ལ་དེ་ཉིད་ཐོག་མ་ཐ་མ་མེད་པ་ནས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་སུས་ཀྱང་མ་བཅོས་པའི་ཕྱིར་དང༌། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་བྱ་ཞིང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ནི་ཁམས་གསུམ་པ་ཐམས་ཅད་གྲོལ་བར་མཛད་པ་ཡིན་ལ། དེ་ཉིད་ཐེག་པ་ཆེན་པོའི་མཆོག་འདིས་གྲོལ་བར་བྱེད་པའི་ཕྱིར་ན། དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་བྱ་བ་ཉིད་དོ། །དེ་ལྟར་ཡོངས་སུ་དག་པའི་བུམ་པས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་གསལ་བར་བྱས་པ་ནི། སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་དེ་ནི་ཐོག་མ་དང་ཐ་མ་མེད་པ་ནས་མངོན་པར་སངས་རྒྱས་པའི་རང་བཞིན་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ལ་སོགས་པ་སངས་རྒྱས་ཐམས་ཅད་དང་པོར་གྱུར་པ་དང༌། རྒྱུ་དང་རྐྱེན་གང་གིས་མ་བསྐྱེད་པའི་ཕྱིར་ན། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་བྱ་ལ་ཆོས་ཀྱི་དབྱིངས་མཐོང་བ་མེད་པ་ནི་ཡེ་ཤེས་ཀྱི་མིག་དྲི་
མ་དང་བྲལ་བ་གསལ་བར་གྱུར་པ་དང་སྤྲུལ་པའི་ཚོགས་དཔག་ཏུ་མེད་པ་འབྱུང་བའི་རྟེན་དུ་གྱུར་པ་དང༌། དངོས་གྲུབ་རྣམ་པ་སྣ་ཚོགས་པའི་རྟེན་དུ་གྱུར་པ་དང༌། ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་ན། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་བྱ་བ་ཉིད་དོ། །དེ་བཞིན་གཤེགས་པའི་གསུང་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་དེ་ཡང་འཇམ་དཔལ་ཞེས་བྱ་བ་ཉིད་ཡིན་པར་བསྟན་པ་ནི། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །ཞེས་བྱ་བ་གསུངས་ཏེ། འཇམ་དཔལ་ཞེས་བྱ་བ་བརྡས་མཚོན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བའི་བདག་ཉིད་དོན་ངེས་པར་རྫོགས་པའི་ཚིག་གི་ཚོགས་ཐམས་ཅད་ཀྱི་དབང་ཕྱུག་ཏུ་གྱུར་ལ་ཤེས་རབ་དེ་ཉིད་ཡེ་ཤེས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་རྡོ་རྗེ་དེ་ཉིད་རབ་ཏུ་བརྗོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང༌། འཁོར་གྱི་སྐྱེ་བོ་ཐམས་ཅད་ཀྱི་ནང་ན་སྨྲ་བའི་རྒྱལ་པོ་ལྟར་གྱུར་པ་དང༌། ཚིག་འབྲུ་བཟང་པོ་ཐམས་ཅད་ཀྱི་འབྱུང་བའི་གནས་སུ་གྱུར་པ་དང༌། རི་དགས་ཀྱི་རྒྱལ་པོ་སེང་གེ་ལྟར་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར་ན། སྨྲ་བའི་ཁྱུ་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་བྱ་བ་ཉིད་དོ། །ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པའི་སྐུ་དེ་ནི་ཁམས་གསུམ་ཐམས་ཅད་ཀྱི་ལྟ་བས་ཆོག་མི་ཤེས་པ་དང་གང་དང་གང་གིས་བལྟས་པ་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་གདུང་བསེལ་བའི་ཕྱིར་ན། །ཀུན་དུ་ལྟ་བ་མཆོག་ཏུ་དགའ། །ཞེས་བྱ་ལ་སྐུ་དེ་ཉིད་ལས་འོད་ཟེར་སྣ་ཚོགས་པས་སྟོང་གསུམ་ཐམས་ཅད་ཁྱབ་པའི་ཕྱིར་ན། གཟིག་བརྗིད་ཕྲེང་བ་ལྟ་ན་སྡུག །ཅེས་བྱའོ། །དེ་ལྟར་ཡོངས་སུ་རྫོགས་པའི་སྐུ་དང་གསུང་བཤད་ནས། ཡོངས་སུ་རྫོགས་པའི་ཐུགས་བཤད་པའི་ཕྱིར། འོད་བཟང་འབར་བ་དཔལ་གྱི་བེའུ། །ཞེས་གསུངས་ཏེ། དེ་ལ་དཔལ་བེའུ་ནི་རྡོ་རྗེ་རྩེ་ལྔ་པ་བཞིན་པདྨའི་ལྕགས་ཀྱུ་ལྟར་སྙིང་པོ་ཁ་ཕྱིར་བླས་པ་སྟེ། དེ་བཞིན་གཤེགས་པའི་ཐུགས་དེ་ཡང་རྣམ་པར་རྟོག་པ་དང་བྲལ་ཞིང་མི་འགྱུར་པའི་མཚན་ཉིད་དུ་གནས་པ་ལས་གདུལ་བྱ་རྣམས་མངོན་པར་འདུལ་བའི་ཚུལ་གྱིས་རིགས་བཞིའི་དག་ཉིད་དུ་འགྲོ་བ་རྣམས་སྣང་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལག་ན་འོད་འབར་སྣང་བ་པོ། །ཞེས་བྱའོ། །དེ་དག་གི་ཡོན་ཏན་བཤད་པ་སྟེ། ལག་ནས་ལག་ཏུ་སྟེར་བ་དང་འདྲ་བར་དེ་བཞིན་གཤེགས་པའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར་དགོས་པའི་
དོན་ཐམས་ཅད་སྒྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ། །ནང་ཐམས་ཅད་ཀྱི་རྩ་བར་གྱུར་པ་རྣམ་པར་རྟོག་པ་ཡིན་ལ་དེ་ཉིད་རྟོག་པ་དང་བྲལ་བའི་ཚུལ་བདེ་བ་ཆེན་པོས་སེལ་བར་མཛད་པའི་གཙོ་བོར་གྱུར་པ་དང༌། རྣམ་པར་རྟོག་པའི་སྡུག་བསྔལ་ཐམས་ཅད་ནི་གཟིར་བའི་ཕྱིར་ཟུག་རྡུ་ཡིན་ལ་དེ་རྩ་བ་ནས་འབྱིན་པས་ན། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །ཅེས་བྱ་བ་ཉིད་དོ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ཞེས་པ་ནི་མཁྲིས་པ་དང་བད་ཀན་དང་འདུས་པ་ལ་སོགས་པའི་ནད་རྣམས་ལ་སྨན་ནི་ཆུ་དང་ལྗོན་ཤིང་ལ་སོགས་སོ་སོ་ཡིན་ལ། དེ་བཞིན་དུ་དེ་བཞིན་གཤེགས་པའི་བདེ་བ་ཆེན་པོས་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་ནད་རྣམ་པ་སྣ་ཚོགས་པ་རྣམས་ཞི་བར་བྱེད་པ་གང་ཡིན་པ་དེ་ལ་སྐད་ཅེས་བྱ་ཞིང༌། དེ་ཉིད་རྣམ་པར་རྟོག་པས་མ་བསྐྱེད་པའི་ནད་ཐམས་ཅད་དགྲར་གྱུར་པས། ནད་དོ་ཅོག་གི་དགྲ་ཆེ་བ། ཞེས་བྱའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཐམས་ཅད་སྔགས་པ་ཆེན་པོ་མཆོག་ཏུ་གྱུར་པས་ནི། སྡུ་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་བྱའོ། །ཁམས་གསུམ་པ་ཐམས་ཅད་ཀྱི་སྒྲོལ་བའི་གཙོ་བོར་གྱུར་པ་དང༌། དེའི་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོའི་ཚོགས་དང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པས་འགྲོ་བ་རྣམས་སྒྲོལ་བར་མཛད་པ་ནི། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་བྱ་ལ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་ནམ་མཁའི་ཁམས་དང་འདྲ་བར་ཐུགས་རྗེས་ཁྱབ་པ་ནི། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་བྱ་བ་ཉིད་དོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །ཞེས་བྱ་བ་དེ་ལ་ཉི་མ་གཅིག་ནི་སྐད་ཅིག་མའི་བྱེ་བྲག་མི་ཤེས་པ་རྣམས་ལ་མྱུར་བའི་དཔེ་བསྟན་པ་སྟེ། དེ་བཞིན་གཤེགས་པའི་ཐུགས་ཀྱི་སྐད་ཅིག་མ་གཅིག་ལ་ནམ་མཁའི་མཐར་ཐུག་ཐམས་ཅད་བགྲོད་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་བྱམས་པ་དང་ཐུགས་རྗེའི་བདག་ཉིད་ཀྱིས་འགྲོ་བ་རྣམས་ལ་སྙིང་པོའི་དོན་སྟོན་པ་ནི། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །ཞེས་བྱའོ། །དཔལ་ལྡན་པདྨ་གར་གྱི་བདག །ཅེས་བྱ་བ་འདིས་ནི་པདྨའི་རིགས་ཀྱི་བདག་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཉིད་ངེས་པར་གཟུང་བ་ཉིད་དོ། །དེ་ལ་ལེའུ་དང་པོ་ལས། །དཔལ་ལྡན་གསུང་གི་བདག་ཉིད་ཅན། །དཔལ་ལྡན་གར་གྱི་དབང་
ཕྱུག་དང༌། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཆགས་པ་ཆེན་པོར་རབ་ཏུ་བསྟན། །ཞེས་གསུངས་པའི་ཕྱིར་རོ། །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །ཞེས་པ་ནི་དེ་བཞིན་གཤེགས་པ་ཆེན་པོ་ནི་འགྲོ་བ་མཐའ་དག་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་སྐྱོབ་པར་མཛད་དོ། །དེ་ཉིད་གྲང་བའི་གདུང་བ་དང་ཚ་བའི་གདུང་བ་ལྟར་གནས་པས་ན་དེ་ལས་སྐྱོབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ལ་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་འབྱུང་བའི་ཆོས་ཀྱི་འཁོར་ལོས་བག་ཆགས་ཀྱི་ས་བོན་ཐམས་ཅད་བསྲེགས་པ་དང༌། མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པས་ན། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་བྱ་ཞིང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པར་བྱེད་པའི་རྟེན་དུ་གྱུར་པས་ན། སངས་རྒྱས་ཀུན་གྱི་སྐུ་འཆང་བ། །ཞེས་བྱའོ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཞེས་པ་ནི་དེ་ལ་རྣལ་འབྱོར་ནི་ཆོས་ཐམས་ཅད་རང་བཞིན་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་སྟེ་དེའི་རྗེས་སུ་འཇུག་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པའི་ཆོས་རིགས་གཅིག་པའི་སྐྱེ་བོ་རྣམས་ལ་སྟོན་པར་གྱུར་པ་ཡིན་པས་ན། སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་གསུངས་ཏེ་དེ་ལ་ལེའུ་དང་པོ་ལས། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐེག་པ་གཅིག་ཏུ་གྱུར་པ་སྟེ། །གཉིས་དང་གསུམ་དུ་དབྱེར་མེད་ཅིང༌། །འབྲས་བུའི་རྟེན་ལ་རབ་ཏུ་འབད། །ཅེས་གསུངས་ཏེ་བསྟན་པ་དང་ཐེག་པ་ཞེས་བྱ་བ་གཅིག་ཏུ་དགོངས་སོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་པ་ནི་ཡེ་ཤེས་ཆེན་པོའི་མཚན་ཉིད་གསལ་བར་མཛད་པ་ནི་བདུད་ཀྱི་ཚོགས་མཐའ་དག་འཇོམས་པ་དང་འདོད་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་ན་དེ་སྐད་ཅེས་བྱ་ཞིང༌། དེ་ལས་སངས་རྒྱས་དང་ཆོས་དང་དགེ་འདུན་འབྱུང་བའི་བདག་པོར་གྱུར་པས་ན། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཞེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོ་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་རྟགས་ཀྱི་བྱང་ཆུབ་སེམས་དཔའ་བསྟན་པ་ནི། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་འཇིག་རྟེན་དབང་ཕྱུག་ནི་སྤྱན་རས་གཟིགས་དབང་ཕྱུག་ཡིན་ལ། རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །ཞེས་པ་ནི་འཕགས་
པ་ཕྱག་ན་རྡོ་རྗེ་ཡིན་ལ་འདིར་སྟོན་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། རྡོ་རྗེ་སེམས་དཔའ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ངོ་བོ་ཡིན་ཏེ་དེ་ཉིད་བསྟན་པ་ནི། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་གསུངས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཞེས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་ལ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །ཞེས་བྱ་བ་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་ཡིན་ཞིང༌། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པར་གསུངས་ཏེ་མཉམ་པ་ཉིད་དང༌། །བྱ་བ་གྲུབ་དང་ཕྲིན་ལས་ཀྱི་བདག་ཉིད་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཡོན་ཏན་དང་ཕྲིན་ལས་ཡིན་པའི་ཕྱིར་གུད་དུ་མི་བགྲང་བ་ཉིད་དོ། །དེ་ལྟ་བུའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་དེ་དག་རྣམ་པར་དག་པའི་གསང་བའི་དབང་ལ་ལྟོས་པར་བསྟན་པ་ནི། རྡོ་རྗེ་ཉི་མ་བདེ་བ་ཆེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེ་ཉི་མ་ནི་ཤེས་རབ་ཀྱི་བདེ་བ་སྤྲོས་པ་དང་བྲལ་བ་འབྱུང་བ་རང་བྱུང་གི་མེ་ཏོག་ཅེས་བྱ་སྟེ་ཐབས་ཀྱི་བསམ་པ་ལས་བྱུང་བ་དང༌། ཁ་དོག་དམར་བའི་ཕྱིར་ན་ཉི་མ་ཞེས་བྱ་ཞིང༌། རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་བྱ་བ་ནི་ཐབས་ཀྱི་བདེ་བ་ཆེན་པོ་རྟོག་པ་དང་བྲལ་བ་ལས་བྱུང་བ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། དེ་ཉིད་ཤེས་རབ་ཀྱི་བསམ་པ་ལས་བྱུང་ཞིང་ཁ་དོག་དཀར་པོའི་ཟླ་བ་ཞེས་བྱ་སྟེ། དེ་ཉིད་རྟོག་པའི་དྲི་མ་དང་བྲལ་བས་དྲི་མ་མེད་པའི་འོད་དང་དྲི་མ་མེད་པའི་སྣང་བ་ཞེས་བྱ་བ་ཉིད་དོ། །དེ་ཉིད་རྡོ་རྗེ་སློབ་དཔོན་གྱི་དགའ་བྲལ་ལས་བྱུང་ཞིང་དེའི་གོང་ན་ལྷན་ཅིག་སྐྱེས་པ་དང་མཆོག་ཏུ་དགའ་བ་དང་པོ་རྣམས་ཡོད་པའི་ཕྱིར་ན། ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་གསུངས་ལ་དེ་ཉིད་སྐད་ཅིག་མ་སྣ་ཚོགས་པ་དང༌། རྣམ་པར་ཉེ་བ་དང་རྣམ་པར་སྨིན་པ་དང་མཚན་ཉིད་དང་བྲལ་བ་ལས་བྱུང་ཞིང་སྐད་ཅིག་མ་རྣམས་མེ་འབར་བ་བཞིན་དུ་འདོད་ཆགས་འབར་བ་ལས་བྱུང་བའི་འོད་འབར་བ་ལས་བྱུང་བས་ན། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་བྱ་བ་ཉིད་དོ། །དེ་ཉིད་སྦྱོར་བ་ཆེན་པོ་ཇི་ལྟ་བུ་ལས་བྱུང་ཞེ་ན། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་བྱུང་སྟེ་ཇི་ལྟར་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་རྡོ་རྗེའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་རྡོ་རྗེ་རྩེ་ལྔའི་མཚན་ཉིད་རྡོ་རྗེ་རྒྱ་གྲམ་གྱི་
ཚུལ་དུ་ཐབས་དང་ཤེས་རབ་ཀྱི་ཡན་ལག་ཕན་ཚུན་དུ་བསྣོལ་བ་ལས་རྟོག་པ་དང་བྲལ་བའི་བདེ་བ་ཆེན་པོ་རྟོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ལྟ་བུའི་བདེ་བ་ཆེན་པོ་ཉིད་ཀྱི་མཚན་དང་དཔེ་བྱད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མཐའ་དག་འཛིན་པར་མཛད་པ་ནི། སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་གསུངས་ཏེ། དེ་ཉིད་བདུན་པའི་དོན་ལ་དང་པོའི་ཚིག་གོ །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་པ་ནི་པདྨ་ནི་རྟག་ཅན་ཏེ། སྐུ་གསུང་ཐུགས་ཡོངས་སུ་རྫོགས་པར་བྱེད་རྒྱུའི་རྒྱུ་བྱང་ཆུབ་ཀྱི་སེམས་དེ་ལ་གནས་ཤིང༌། དེ་ཉིད་རྟོག་པ་ཆེན་པོའི་ཚུལ་གྱིས་ལྔ་པ་དང་བདུན་པ་འདོམ་པའི་ཚིག་སྟེ། པདྨ་ལས་སྐྱེས་ཤིང་པདྨ་རུ་སྐྱེས་ཞེས་བྱ་ལ། དེ་ཉིད་ཀྱི་སྟེང་གི་པདྨ་དང༌། འོག་གི་པདྨ་དང་ཞེས་གྲགས་སོ། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་པ་ནི་གསང་བའི་དབང་གི་ཡོན་ཏན་བཤད་པ་སྟེ། དེ་ལ་མཛོད་ནི་རྫས་ཀྱི་དངོས་པོ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་ཡིན་ལ། དེ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པ་ཉིད་དོ། །དེ་ཉིད་དངོས་གཞི་ནི། ལོངས་སྤྱོད་རྫོགས་པའི་ཚུལ་གྱིས་ཏིང་འཛིན་དྲ་བ་དཔག་ཏུ་མེད་པ་འཆང་བས་ན། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཞེས་བྱ་བ་ཉིད་དོ། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །ཞེས་པ་ནི་དེ་ལྟར་གོང་དུ་བསྟན་པའི་གསང་བའི་དབང་ནི། སངས་རྒྱས་ཐམས་ཅད་ཀྱི་རིག་པའི་རྩ་བ་ཆེན་པོར་གྱུར་པ། ཉན་ཐོས་ལ་སོགས་པའི་གཙོ་བོར་གྱུར་པས་དེ་སྐད་ཅེས་བྱ་ལ། དེ་ལྟ་བུའི་གསང་བའི་མཚན་ཉིད་ཀྱིས་རྣམ་པར་རྟོག་པའི་སྡུག་བསྔལ་ཐམས་ཅད་འཇོམས་པར་མཛད་པ་དང༌། སྲིད་པའི་དྲ་བ་ཐམས་ཅད་གཅོད་པ་དང༌། མི་འགྱུར་བའི་བདེ་བ་ཆེན་པོ་རྣམ་པར་དག་པ་དང༌། ཐེག་པ་ཆེན་པོའི་ལམ་གྱི་ཚུལ་གྱིས་སྡུག་བསྔལ་རྣམས་གཅོད་པར་མཛད་པས་ན། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །ཅེས་བྱ་བ་ཉིད་དོ། །མཚོན་ཆ་ཆེན་པོ་རྡོ་རྗེའི་ཆོས། །ཞེས་བྱ་བ་ནི་གོང་དུ་ཐེག་པའི་ཚུལ་ཉིད་རྟོག་པ་དང་བྲལ་བའི་བདེ་བ་ཆེན་པོ་བསྒོམ་པའི་ཕྱིར་དང༌། སྡུག་བསྔལ་མཐའ་དག་གཅོད་པའི་ཕྱིར་དེ་སྐད་ཅེས་བྱ་ཞིང༌། རྟོགས་པར་དཀའ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཛིན་པར་འདོད་པས་ན། རྡོ་རྗེ་ཟབ་མོ་ཛིན་ཛིཀ །ཅེས་བྱའོ། །དེ་ལྟ་བུའི་བདེ་བ་ཆེན་
པོ་ནི་ཤེས་རབ་ཀྱི་རང་བཞིན་གྱི་ས་དང་ཕ་རོལ་ཏུ་ཕྱིན་པའི་དོན་མཐའ་དག་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི། རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཅེས་བྱ་ལ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པ་དང༌། གསང་བའི་པདྨ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དང༌། ཕ་རོལ་ཏུ་ཕྱིན་པའི་ས་རབ་ཏུ་དགའ་བ་ནས་རྡོ་རྗེ་འཛིན་པ་ཆེན་པོ་གོ་འཕང་གི་ས་དང་མཐུན་པར་ཆ་ཕྲ་ཞིང་ལྟོ་བ་ཡངས་པ། སྟོན་ཀའི་དུས་ཟླ་བ་ཡོངས་སུ་རྫོགས་པའི་ཟླ་བ་ལྟར་དྲི་མ་དང་བྲལ་བར་གནས་པ་ནི་གསང་བའི་རྡོ་རྗེ་མཉམ་པར་སྦྱར་བའི་གནས་སྐབས་ནི་གོང་ནས་གོང་དུ་བདེ་བ་འཕེལ་བའི་ཕྱིར་ན། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཞེས་བྱ་ལ། དེ་ཉིད་དྲི་མ་དང་བྲལ་ཞིང་རྣམ་པར་དག་པའི་ཆུས་ཡང་དག་ཡང་དུ་འཁྲུད་ཅིང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བར་བྱེད་པ་ནི། རྣམ་པར་དག་པ་བདག་མེད་ཆོས། །ཞེས་བྱའོ། །ཡང་དག་ཡེ་ཤེས་ཟླ་འོད་བཟང༌། །ཞེས་པ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བུམ་པའི་ནང་ན་གནས་པ་ནི་ཡང་དག་པའི་ཡེ་ཤེས་ཟླ་བའི་དཀྱིལ་འཁོར་ལྟར་རྣམ་པར་རྟོག་པའི་འཆིང་བ་གདུང་བ་ཆེན་པོ་རིམས་དང་འདྲ་བ་སེལ་བར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ། དེས་མྱུར་བ་ཉིད་དུ་ཡེ་ཤེས་ཆེན་པོའི་མཚན་ཉིད་ཐོབ་པར་བྱེད་ཅིང་ཕྱག་རྒྱ་བཞིའི་བདག་ཉིད་དང་ལྡན་པ་ནི་གཞོན་ནུ་མའི་པྲ་ཕབ་པ་དང་འདྲ་བར་གནས་པ་ན། དེ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། གཉི་གའི་རྒྱུད་ཐམས་ཅད་བདག་ཉིད་བལྟ་བ་དང༌། ལག་པ་བཅངས་པ་དང༌། འཁྱུད་པ་དང་སྙོམས་པར་འཇུག་པའི་ཚུལ་དུ་ཀུན་གྱི་རྒྱུར་གྱུར་པ་ན། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་བྱ་བ་ཉིད་དོ། །རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཞེས་བྱ་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་སངས་རྒྱས་པའི་གནས་གསང་བའི་པདྨ་ཡིན་ཏེ། རྣམ་པར་རྟོག་པའི་བདུད་ཀྱི་དཔུང་ཐམས་ཅད་འཇོམས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། རྒྱུད་དང་བྲལ་བའི་ཡེ་ཤེས་རྣམ་པ་སྣ་ཚོགས་པ་མ་ལུས་པ་འཆང་བར་གྱུར་པས་ན། ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །ཞེས་བྱའོ། །
ཡེ་ཤེས་ཀྱི་སྐུ་དེ་རྣམས་ཉིད་ངེས་པར་སྟོན་པ་ནི། ཀུན་དུ་བཟང་པོ་བློ་གྲོས་བཟང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཀུན་དུ་བཟང་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀུན་དུ་བཟང་པོ་ཤེས་རབ་ཆེན་པོའི་ངོ་བོ་ནི་སངས་རྒྱས་ཀྱི་སྐུ་རྣམས་ཀྱི་གཙོ་བོ་དང་བཟང་པོ་ཞེས་བྱ་སྟེ་དེ་ཉིད་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལྟར་ཆོས་ཀྱི་སྐུ་ལས་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྙིང་པོར་གྱུར་ཅིང༌། རྣམ་པར་དག་པའི་འགྲོ་བ་འཛིན་པའི་ཕྱིར་ན། ས་ཡི་སྙིང་པོ་འགྲོ་བ་འཛིན། །ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུ་ལས་བྱུང་བའི་སྤྲུལ་པའི་སྐུ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ་དྲག་པོ་ལ་སོགས་པའི་གཟུགས་ནི་རྟོགས་པར་དཀའ་བའི་ཕྱིར། སངས་རྒྱས་ཀུན་གྱིས་སྙིང་པོ་ཆེ། །ཞེས་བྱ་ཞིང༌། སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་དེ་ཉིད་སྲིད་པ་གསུམ་པོ་ཐམས་ཅད་རིམ་པ་ཇི་ལྟ་བ་བཞིན་དུ་འགྲོ་བ་རྣམས་གྲོལ་བར་མཛད་པས་ན། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །ཞེས་བྱ་བ་ཉིད་དོ། །དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་སྐུ་གསུམ་གྱི་བདག་ཉིད་དུ་བཤད་ནས། སྐུ་གསུམ་བདག་ཉིད་ཡེ་ཤེས་ཆེན་པོ་དེ་ནི་སྐུ་དང་ཡེ་ཤེས་དང་རྟ་དང་གླང་པོ་ཆེ་ལ་སོགས་པ་སྲིད་པ་དང་མྱ་ངན་ལས་འདས་པའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་དང༌། དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་འབྱུང་བའི་ཕྱིར་ན། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་བྱ་བ་ཉིད་དོ། །དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཚུལ་ལས་འགྲོ་བ་རྣམས་ཀྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པའི་སྨོན་ལམ་གྱི་མཐུ་ཆེན་པོ་དངོས་པོ་རྣམ་པ་སྣ་ཚོགས་སུ་སྣང་བ་ནི། སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཞེས་བྱ་ལ་དེ་ཉིད་ཟག་པ་དང་བཅས་པའི་ཆོས་དང་ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་སྟོན་པ་ནི། ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་བྱ་བ་ཉིད་དོ། །ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཞེས་བྱ་ཞིང་རྒྱུའི་ཡེ་ཤེས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་བདེ་བ་ཆེན་པོའི་སྐད་ཅིག་
ནི་ཤེས་པ་ཐམས་ཅད་ཀྱི་གཙོ་བོའམ་དམ་པར་གྱུར་པས་ན། ཤེས་རབ་ཆེན་པོ་ཞེས་བྱ་ལ་ཡོངས་སུ་དག་པའི་སྐད་ཅིག་མ་དེ་ལ་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་དངོས་པོར་རྟོགས་པ་སྟེ་དངོས་ཞེས་བྱ་བ་ཉིད་དོ། །ཐུབ་པ་བློ་མཆོག་འབྱུང་པོ་སེལ། །ཞེས་པ་ནི་དེ་ལ་དེ་ལྟ་བུའི་ཡེ་ཤེས་ཆེན་པོ་དེས་ཕྱིན་ཅི་ལོག་གི་རྟོག་པས་བསྐྱེད་པའི་བག་ཆགས་ནི་སྲེག་པར་བྱེད་པའི་ཕྱིར་འབྱུང་པོ་ཡིན་ལ། ཤེས་རབ་ཆེན་པོའི་མཚན་ཉིད་ཀྱིས་སེལ་བར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ། ཕྱི་རོལ་གྱི་རྣམ་པར་རྟོག་པ་གཡེང་བ་ལ་སོགས་པ་བཀོད་པར་མི་ནུས་པ་དང༌། ཡིད་བཞིན་གྱི་ནོར་བུ་དང་བ་ལྟར་དྲི་མ་དང་བྲལ་བའི་བདག་ཉིད་དུ་གནས་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ནི་ཆོས་ཀྱི་དབྱིངས་རྟོགས་པའི་མཚན་ཉིད་དུ་གནས་ཤིང་རབ་ཏུ་དང་བའི་མཚན་ཉིད་དེ་དེས་ཡོངས་སུ་འཛིན་པའི་ཕྱིར་ན། མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང༌། །ཞེས་པ་ཉིད་དོ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་པ་ནི་དེ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དོན་དམ་པ་མངོན་སུམ་གྱི་ཤེས་པ་འདྲ་བས་རྟོགས་པར་བྱེད་པའི་ཕྱིར་ན། རབ་ཏུ་རྟོགས་པ་མངོན་སུམ་པ་དེ་ལ་དེ་སྐད་ཅེས་བྱ་ལ། དེ་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་ནི་རྣམ་པར་རྟོག་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པའི་ཕྱིར་ན་མེ་ཡིན་ལ། མ་རིག་པའི་མུན་པ་ཐམས་ཅད་སེལ་བ་དང་ཉོན་མོངས་པའི་གདུང་བ་སེལ་བའི་ཕྱིར་ན། ཡེ་ཤེས་མེ་ལྕེ་འོད་འབར་བ། །ཞེས་བྱ་སྟེ་དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ནི་གསུང་ཉེ་བར་འཛིན་པ་ཡིན་ཏེ། ཡོན་ཏན་ལས་ནི་དེའི་ཡོན་ཏན་དང་ལས་ཡིན་ལ། དེ་བས་ན་མཉམ་པ་ཉིད་དང་བྱ་བ་གྲུབ་པའི་སྔོན་དུ་འགྲོ་བས་ཀུན་གྱི་དུས་སུ་བཤད་པ་ཡིན་ལ། དེ་ཉིད་ངེས་པ་ལྔའི་ཚུལ་དུ་བཤད་པ་སྟེ་བཞི་པའོ། །དེ་ལྟར་ཡེ་ཤེས་དང་སྐུ་དང་གསུང་དང་ཐུགས་རྣམས་བསྟན་ནས། ད་ནི་དེ་རྣམས་ཡོན་ཏན་དུ་འགྱུར་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བཤད་པ་ནི། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ་དེ་ཉིད་ང་རྒྱལ་ཆེན་པོའི་གང་ཟག་རྣམས་
འདུལ་བའི་དོན་དུ་ང་རྒྱལ་ཆེན་པོའི་སྐུ་རིན་ཆེ་འབྱུང་ལྡན་ནི། ནོར་བུ་རིན་པོ་ཆེའི་རྒྱལ་མཚན་གྱིས་གདུལ་བྱའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པའི་དོན་ཐམས་ཅད་གྲུབ་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་ཀྱི་ང་རྒྱལ་ཉེ་བར་མཚོན་ནས་འདོད་ཆགས་ལ་སོགས་པ་ཐམས་ཅད་ཉོན་མོངས་པ་ང་རྒྱལ་འགྲོ་བའི་རྒྱུ་ཡིན་ལ། དེ་ཉིད་ཡང་དག་པར་སྦྱོང་བའི་ཕྱིར་ན། ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་བྱའོ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །ཅེས་པ་ནི་དེ་ལྟར་ཉོན་མོངས་པ་ཐམས་ཅད་ཀྱི་ཡིད་ཡོངས་སུ་དག་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བདག་གཞན་གྱི་རྒྱུད་མཉམ་སྟེ། དེ་སེམས་ཅན་ཐམས་ཅད་དང་མཚུངས་པ་མེད་པ་དང༌། འགྲོ་བ་ཐམས་ཅད་ཀྱི་མགོན་དུ་གྱུར་པས་ན་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་གདུལ་བྱའི་སྐྱེ་བོ་རྣམས་ངེས་པར་གྲོལ་བར་མཛད་པས་ན། སེམས་ཅན་ཐམས་ཅད་གྲོལ་བར་བྱེད། །ཅེས་བྱ་བ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ནི་སྨ་འབེབས་པའི་ཕྱིར་གཡུལ་ཡིན་ལ། དེ་ཉིད་དུ་ཡེ་ཤེས་ཆེན་པོའི་མཚན་ཉིད་ནི་ཕ་རོལ་གྱི་དཔུང་འཇོམས་པར་བྱེད་པའི་ངོ་བོར་གྱུར་པ་དང༌། མ་རིག་པ་ལ་སོགས་པའི་མི་ཤེས་པའི་བདག་ཉིད་ནི་གཞན་ལ་ལྟོས་པ་མེད་པའི་ཚུལ་གྱིས་དྲེགས་པ་ཡིན་ལ་དེ་རབ་ཏུ་འཇོམས་པར་མཛད་པས་ན། ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །ཞེས་བྱ་བ་ཉིད་དོ། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །ཞེས་པ་ནི་འཇམ་དཔལ་ཞེས་བྱ་བ་ཉིད་འདིས་གཟུང་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་འདི་ཡང་ཤེས་རབ་ཕུལ་དུ་བྱུང་བའི་མཚན་ཉིད་ཡིན་པ་དང༌། རིན་པོ་ཆེའི་རྒྱན་གྱིས་སེམས་ཅན་རྣམས་མཛེས་པར་མཛད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མཛད་པ་དེ་ལ་དེ་སྐད་ཅེས་བྱ་ལ། སེམས་ཅན་གདུག་པ་དང་ལྡན་པ་དེ་རྣམས་འདུལ་བའི་དོན་དུ་དྲག་པོའི་སྐུ་གཟུགས་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་མི་འགྱུར་བའི་ཕྱིར། བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་བྱ་ལ་དེ་ཉིད་རིགས་བརྒྱའི་མཚན་ཉིད་ཀྱིས་ཕྱོགས་ཐམས་ཅད་དུ་གཤེགས་པར་མཛད་པ་གང་ཡིན་པ་དེ་ལྟ་བུའི་ཚུལ་གྱིས་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པའི་གོ་འཕང་གི་སྟོབས་ཀྱིས་གོང་ནས་གོང་དུ་སྤྱོད་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་བྱ་ལ། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང༌། །གོམ་
པའི་སྟོབས་ཀྱིས་གར་བྱེད་པ། །ཉིད་དོ། །དཔལ་ལྡན་ལག་པ་རྒྱས་གང་ལ། །ཞེས་པ་ནི་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རིགས་བརྒྱ་ལ་སོགས་པས་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་མཛད་པ་ནི་གྲོལ་བའི་ལམ་ལ་ངེས་པར་འཇོག་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་གཟུགས་ཀྱིས་ནམ་མཁའི་མཐར་ཐུག་པ་གདུལ་བྱ་གང་དང་གང་ན་གནས་པ་དེ་དང་དེ་ན་བསྐྱོད་པའི་གཟུགས་ཀྱིས་གནས་པ་ནི། ནམ་མཁའ་ཁྱབ་པ་གར་བྱེད་པ། །ཞེས་བྱ་ཞིང༌། དེ་ཉིད་ཀྱིས་ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པ་ཆེན་པོའི་བར་དུ་ཡོངས་སུ་དགའ་བའི་སྙིང་པོ་བདེ་བ་ཆེན་པོའི་མཚན་ཉིད་རྩེ་གཅིག་པ། སྤྲོས་པ་ཐམས་ཅད་དང་བྲལ་བས་གནོན་ཅིང་བགྲོད་པར་མཛད་པ་ནི། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །ཞེས་བྱ་བ་ཉིད་དོ། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང༌། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་བྱ་བ་ནི། དེ་ལ་རྐང་མཐེབ་སེན་མོ་ནི་རྐང་པའི་བགྲོས་གོ་འཕང་ཡིན་ལ། ཐེག་པའི་སྒྲས་ནི་ལྕགས་ཀྱུ་བཤད་ལ། སེན་མོའི་སྒྲས་ནི་གྲུར་བཤད་དོ། །དེ་ལྟར་རྡོ་རྗེ་འཛིན་པའི་གོ་འཕང་ལས་བྱུང་བའི་ལྕགས་ཀྱུ། འཇིག་རྟེན་པའི་ཚངས་པ་ཆེན་པོའི་ང་རྒྱལ་ནི་དུག་དང་བཅས་པའི་ཕྱིར་རླུང་དང་འདྲ་ལ་དེ་ཉིད་ང་རྒྱལ་གནས་པའི་ཕྱིར་རོ། །ཡུལ་ས་ཡིན་ཏེ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་གནོན་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟར་ཡེ་ཤེས་ཆེན་པོའི་མཚན་ཉིད་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་རྫོགས་པའི་དོན་གཅིག་ཉིད་ཡིན་ཞིང་ལེགས་པར་གསུངས་པའི་ཆོས་མཐའ་དག་གིས་གྲུབ་པའི་འབྲས་བུ་ཆེན་པོའི་དོན་དུ་གྱུར་པས་ན། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །ཞེས་བྱ་ཞིང༌། དེ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དོན་བཟང་པོ་ཡིན་ཞིང་འཁོར་བའི་འཇིགས་པ་ཐམས་ཅད་དང་བྲལ་བས་ན། དམ་པའི་དོན་ནི་འཇིགས་པ་མེད། ཅེས་བྱ་ལ། ཡེ་ཤེས་ཆེན་པོའི་དོན་དེ་ཉིད་རང་རིག་པའི་ཕྱི་རོལ་གྱི་དོན་རྣམ་པ་སྣ་ཚོགས་པར་སྣང་ཞིང་ཤེས་པ་ལ་ཕྱི་རོལ་ན་མེད་པའི་ཕྱིར་ན། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །ཞེས་བྱ་བ་ཉིད་དོ། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །ཞེས་བྱ་བ་ལ་སོགས་པ་དང་རྣམ་པར་ཤེས་པ་དང་ཀུན་གཞི་རྣམ་པར་ཤེས་
པ་དང་ཡིད་ཅེས་བྱ་བས་ན་གྲངས་ཏེ། སྣ་ཚོགས་པའི་གཟུགས་འཛིན་པ་དང༌། བག་ཆགས་ཀྱི་རྣམ་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་སེམས་ཀྱི་རང་བཞིན་གྱི་རྣམ་པར་དག་པའི་དངོས་པོའི་མཚན་ཉིད་དོན་རབ་ཏུ་གསལ་བར་གྱུར་པ་ནི། དངོས་དོན་མ་ལུས་རྣམས་ལ་དགའ། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་ཡེ་ཤེས་ཆེན་པོ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་མཚུངས་པའི་ལམ་ཐམས་ཅད་ཇི་ལྟ་བུས་གསལ་བར་གྱུར་ཅིང་གང་གིས་ཐོབ་ཅེ་ན། སྟོང་པ་ཉིད་དགའ་འདོད་ཆགས་བློ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་ཐོབ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་བྲལ་བའི་མཚན་ཉིད་བདེ་བ་ཆེན་པོ་ལ་མངོན་པར་ཞེན་པས་ན་འདོད་ཆགས་ཞེས་བྱ་ལ། དེ་ཉིད་ཆེན་པོའི་མཚན་ཉིད་དུ་གནས་པས་ན་རྣམ་པར་རྟོག་པའི་ཚོགས་མཐའ་དག་འགགས་པས་ན་སྟོང་པ་ཞེས་བྱ་ཞིང་དེ་ཉིད་སོ་སོའི་སྐྱེ་བོ་ལ་སོགས་པའི་འདོད་ཆགས་འཛག་པ་དང་བཅས་པའི་བདེ་བ་མངོན་པར་ཞེན་པ་ངན་འགྲོའི་རྒྱུར་གྱུར་པ་སྤངས་པ་ཉིད་ལ། སྲིད་པའི་འདོད་ཆགས་སོགས་སྤངས་པ། །ཞེས་བྱ་བ་ཉིད་དོ། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་བྱ་བ་ནི་སྐད་ཅིག་མ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་པ་ཐམས་ཅད་བདེ་བ་ཆེན་པོར་གཅིག་པའི་ཕྱིར་ན། ཁམས་གསུམ་པ་ལ་དེ་སྐད་ཅེས་བྱ་ཞིང༌། རྣམ་པར་རྟོག་པའི་ཚོགས་མཐའ་དག་སྲེག་པར་བྱེད་པ་དང་ཡེ་ཤེས་ཆེན་པོའི་སྟོབས་གོང་ནས་གོང་དུ་འཕེལ་བར་བྱེད་པ་དང༌། ཉེས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་ན། སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་བྱ་བ་ཉིད་དོ། །དཀར་བའི་སྒྲས་ནི་སྲེད་པ་ལས་གྱུར་པའི་དགའ་བ་དང་སྟོབས་ཞེས་བརྗོད་དོ། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཅེས་པ་ནི་ཐབས་ཀྱི་གསང་བའི་རྡོ་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི་དྲི་མ་དང་བྲལ་བའི་ཕྱིར། སྟོན་ཀའི་ཟླ་བའི་དཀྱིལ་འཁོར་ལྟར་གསལ་བ་ཡིན་ལ། དེ་ལས་བྱུང་བའི་བདེ་བ་ཆེན་པོ་ནི་ཟླ་བའི་འོད་ཟེར་ལྟར་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་ན་དེ་སྐད་ཅེས་བྱ་ལ། ཤེས་རབ་མའི་གསང་བའི་པདྨ་ལས་བྱུང་བའི་བྱང་སེམས་ནི་རང་བྱུང་གི་མེ་ཏོག་དང་འདྲེས་པའི་ཕྱིར་ན། ཉི་མ་ཤར་བའི་དཀྱིལ་
འཁོར་ལྟར་དམར་སྐྱར་སྣང་ཞིང༌། དེ་ཉིད་དྲི་མ་དང་བྲལ་བ་དང་རབ་ཏུ་དང་བའི་བདག་ཉིད་དུ་གནས་པ་མཛེས་པའི་ཕྱིར་ན། ཉི་མ་ཤར་ཀའི་དཀྱིལ་ལྟར་མཛེས། །ཞེས་བྱ་བ་ལ། དེ་ལས་འབྱུང་བ་ཆེན་པོ་ནི་ཉི་དཀྱིལ་གྱི་འོད་ལྟར་སྤྲོས་པ་དང་བྲལ་བའི་ཆགས་པ་ཆེན་པོར་གནས་པ་ནི། སེན་མོའི་འོད་ནི་ཤས་ཆེར་དམར། །ཞེས་བྱ་བ་ཉིད་དོ། །ཐབས་དང་ཤེས་རབ་གཉིས་ཀྱི་བྱང་སེམས་དུས་མཚུངས་པ་ཉིད་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཚིག་གི་བརྗོད་པ་ཐམས་ཅད་དང་བྲལ་བ་བདེ་བ་ཆེན་པོ་ཉིད་རྩེ་གཅིག་པའི་སེམས་ཀྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་འཛག་པ་དང་བཅས་པ་ལ་སོགས་པ་ཐོབ་པར་འགྱུར་རམ་དེ་ལྟ་ན་ནི་སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་དང་ཁྱད་པར་མེད་དོ་ཞེ་ན། ཅོད་པན་བཟང་པོ་མཐོན་ཀའི་རྩེ། །ཞེས་པས་ཏེ། དེ་ལ་ཅོད་པན་ནི་མགོ་ལ་བཅིངས་པ་ཉིད་ལ་བྱ། །བཟང་པོ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱན་ཏེ་མཐོན་ཀ་ནི་མཐིང་ནག་ཅེས་བྱ་བའི་དོན་ཏོ། །རང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཅོད་པན་གྱི་གནས་བདེ་བ་ཆེན་པོའི་འཁོར་ལོར་རྡོ་རྗེ་ནོར་བུ་ནས་བཀུག་སྟེ་ཅོད་པན་དུ་བྱ་ལ་རང་གི་གནས་བཞག་པ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོ་སྐྱེའོ་ཞེས་བྱ་པར་དགོངས་སོ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང༌། །ཞེས་པ་ནི། དེ་ཉིད་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་ཅིང་རྣམ་རྟོག་རླུང་གིས་བསྐྱོད་མི་ནུས་ཤིང་མི་འགྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་ལྟར་དགོས་པ་ཐམས་ཅད་སྒྲུབ་པར་བྱེད་པ་དང་བདེ་བ་ཆེན་པོའི་འོད་ཟེར་གྱིས་སྲིད་པ་གསུམ་གྱི་མུན་པ་ཐམས་ཅད་འཇོམས་པར་བྱེད་ཅིང་རང་གི་རྒྱུད་ཉིད་རོ་མཉམ་པ་ཉིད་ཀྱིས་འཚེད་པར་བྱེད་པས་ན། ནོར་བུ་ཆེན་པོ་འོད་ཆགས་དཔལ། །ཞེས་བྱའོ། །དེ་ལྟ་བུའི་ཟག་པ་མེད་པའི་བདེ་བའི་ཕན་ཡོན་བསྟན་པ་ནི། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་བདེ་བ་ཆེན་པོ་དེ་ཉིད་ལས་གྲུབ་པས་དེ་བཞིན་གཤེགས་པ་དེའི་སྤྲུལ་པ་དང་འདྲ་བས་བསྐལ་པ་གྲངས་མེད་པ་ཁམས་གསུམ་པ་རྣམས་ཀྱི་སྤྱི་གཙུག་གི་ནོར་བུའི་རྒྱན་དུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་ཀྱི་སྤྲུལ་པའི་གཟུགས་རྣམ་པ་སྣ་ཚོགས་པ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ལ་སོགས་པར་འགྲོ་བའི་
དོན་མཛད་པ་ཉིད་དང་རྫུ་འཕྲུལ་ཆེན་པོའི་ཐུགས་ཀྱིས་སྐད་ཅིག་པས་འདུལ་བྱའི་ཞིང་ཐམས་ཅད་ཤེས་པའི་ཕྱིར་ན། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །ཞེས་བྱ་བ་ཉིད་དོ། །ཡོངས་སུ་རྫོགས་པའི་མཐར་མངོན་པར་བྱང་ཆུབ་ན་བཞུགས་པའི་གནས་སྐབས་ན་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་པར་ཞལ་གྱིས་བཞེས་པ་ཉིད་ནི་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ཞེས་བྱ་ལ། དེ་ཉིད་མི་བསྙེལ་བའི་ཚུལ་གྱིས་རབ་ཏུ་འཛིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ། དེ་ཉིད་འགྲོ་བ་རྣམས་ལ་གསུམ་གཟུང་བའི་ཚུལ་གྱི་སངས་རྒྱས་དང་ཆོས་དང་དགེ་འདུན་དང༌། ལྷ་ཉིད་རྗེས་སུ་དྲན་པར་རྩེ་གཅིག་པའི་ཚུལ་གྱིས་གནས་པའི་ཕྱིར་ན། དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་བྱ་ཞིང༌། དེ་ཉིད་ཀྱིས་ཕྱིན་ཅི་ལོག་གི་ཤེས་པ་ལ་སྐྱེད་པའི་དྲི་མ་རྣམས་སེལ་བར་མཛད་པ་དང༌། སྤྲུལ་པའི་གཟུགས་ཀྱིས་འཁོར་བའི་གནས་ནས་ཀྱང་སྲིད་པའི་བཅིངས་པ་ལས་གྲོལ་བའི་ཕྱིར་གནས་པ་དང༌། དེ་ཉིད་མཚན་དང་དཔེ་བྱད་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་མེད་པ་རྣམས་ཀྱི་རྒྱུར་གྱུར་པས་ན། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་བྱ་བ་ཉིད་དོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཅེས་བྱ་བ་ནི། དེ་ལྟ་བུའི་བདེ་བ་ཆེན་པོས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཚུལ་ཡང་དག་པར་རིག་པ་དང༌། འབྲས་བུ་ཡོངས་སུ་རྫོགས་པའི་མཚན་ཉིད་ཆོས་ཀྱི་སྐུ་ཡོངས་སུ་རིག་པར་གྱུར་པ་གང་ཡིན་པ་དེ་ནི། ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་བྱ་བ་ཉིད་དོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་བྱ་བ་ནི་ནམ་མཁའ་འདི་གྲུབ་པའི་རྟེན་དང་འདྲ་བར་གཟུགས་ཀྱི་སྐུས་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པ་ཆེན་པོའི་ཚུལ་གྱིས་གནས་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་སྟོན་ཀའི་ནམ་མཁའ་དང་བ་ལྟར་དྲི་མ་དང་བྲལ་ཞིང་མི་འགྱུར་བར་གནས་པ་ནི། ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་བྱ་བ་ཉིད་དོ། །དེ་ལྟར་ཡེ་ཤེས་ཆེན་པོའི་མཚན་ཉིད་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་འཇུག་པའི་ཕྱིར་ན། སེམས་ཅན་ཀུན་གྱི་ཡིད་ལ་འཇུག།
ཅེས་བྱ་ཞིང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་གཟུགས་ཀྱིས་ཐོག་མ་སྐྱེ་བ་ལ་སོགས་པའི་མཚན་ཉིད་རྣམས་ལ་དེ་ཡོངས་སུ་འཛིན་པའི་མཚན་ཉིད་ཐོགས་པ་མེད་པར་འཇུག་པས་ན། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་བྱ་བ་ཉིད་དོ། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །ཞེས་བྱ་བ་ནི་དེ་ལྟར་འདུལ་བ་ལ་ཉེ་བར་བརྩོན་པའི་སེམས་ཅན་རྣམས་ཐབས་གང་ཡོངས་སུ་ཤེས་པ་འཇུག་པ་ཞེས་བྱ་བ་སྟེ། དེ་ཉིད་བདག་དང་གཞན་གྱི་དོན་ཆེན་པོར་རབ་ཏུ་གྱུར་པ་ཡིན་ལ་ངེས་པར་འབྱུང་བའི་ཚུལ་དུ་ཤེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། ཞི་བ་ཆེན་པོ་ངེས་པའི་ཚུལ་གྱིས་སེམས་ཅན་གང་དང་གང་གི་རྒྱུད་ལ་བརླན་པ་དེ་དང་དེའི་ཡིད་ངེས་པར་མཛད་པ་དང༌། དེ་ལྟར་རྣམ་པར་རྟོག་པའི་ཚོགས་མཐའ་དག་རབ་ཏུ་ནུབ་པར་གྱུར་པ་ལས་དེའི་ཡིད་གོང་ནས་གོང་དུ་ཞེན་ཅིང་མི་འབྲལ་བའི་ཚུལ་དུ་གནས་ན། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོ་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་བདེ་བ་ཆེན་པོའི་མཚན་ཉིད་དུ་རིག་པ་ནི་ཕྱིན་ཅི་ལོག་གི་ཤེས་པས་བསྐྱེད་པ་གཟུགས་སུ་མངོན་པར་ཞེན་པ་ལ་སོགས་པ་སྤངས་ཤིང་ཕྱིན་ཅི་ལོག་རྟོགས་པས་ན། ཕུང་པོ་ལྔ་པོ་དེ་ཉིད་ཤེས། །ཞེས་བྱ་ཞིང༌། དེ་ལྟར་བདེ་བ་ཆེན་པོ་བྱིན་གྱིས་བརླབ་པའི་གནས་སྐབས་ནས་ཀུན་ནས་ཉོན་མོངས་པའི་ཕུང་པོ་ལྔ་རྣམ་པར་དག །རྣམ་པར་དག་པའི་ཕུང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ལ་དེ་ཉིད་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་བདག་ཉིད་དུ་གནས་པས་ན། རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་བྱའོ། །དེ་ལྟ་བུའི་བདེ་བ་ཆེན་པོའི་སྤྲོས་པ་དང་བྲལ་བ་ཉིད་སྣོད་ཀྱི་གནས་སྐབས་ཀྱི་བདག་ཉིད་ནི་བདག་དང་གཞན་གཉིས་ཀ་ན་ངེས་པར་འབྱུང་བ་རྟོག་པ་དང་བྲལ་བའི་མཚན་ཉིད་ཡང་དག་པའི་མཐའ་ལ་རབ་ཏུ་གནས་པ་དང༌། རྒྱུ་ནུས་པ་ཐོགས་པ་མེད་པའི་མཚན་ཉིད་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་ལས་ངེས་པར་འབྱུང་བའི་བདེ་བ་ཆེན་པོ་རབ་ཏུ་རྟོགས་པ་དང༌། དེ་ཉིད་ཆུ་བོ་ཆེན་པོའི་རྒྱུན་ལྟར་ལམ་གྱི་གནས་སྐབས་རྒྱུན་མི་འཆད་པ་བདེ་བ་ཆེན་པོར་རང་དང་གཞན་གྱི་རྣམ་པའི་ཚ་མཐའ་དག་ནུབ་པར་གྱུར་བ་ལ་
རབ་ཏུ་གནས་ནས་ལམ་གྱི་ངེས་པར་འབྱུང་བ་དང༌། ལམ་ལ་ངེས་པར་འབྱུང་བའི་ལས་ཐོབ། འབྲས་བུ་ངེས་པར་འབྱུང་བ་ནི་བདག་ཉིད་ངེས་པར་འབྱུང་བ་ལས་གཞན་གྱི་དོན་ཕུན་སུམ་ཚོགས་པས་འགྲོ་བ་གཞན་ལ་བདག་ཉིད་དང་པོ་ཐབས་ཇི་ལྟ་བུས་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ལྟར་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་སྟོན་པར་མཛད་ཅིང༌། རྒྱུད་བཞིའི་ཚུལ་དུ་གནས་པར་བསྟན་པ་ནི། ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་བྱ་བ་ཉིད་དོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་ནི་དེ་ལ་ཡན་ལག་བཅུ་གཉིས་ནི་མ་རིག་པ་དང་འདུ་བྱེད་ལ་སོགས་པ་ནང་རྟེན་ཅིང་འབྲེལ་པ་བཅུ་གཉིས་ཡིན་ལ་དེ་ཉིད་ཡང་དང་ཡང་དུ་འབྱུང་བས་སྲིད་པའི་རྩ་བ་ཉིད་དོ། །དེ་བདེ་བ་ཆེན་པོ་སྤྲོས་པ་དང་བྲལ་བས་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་བཏོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་རྣམ་པར་དག་པ་ལས་དེ་བཞིན་གཤེགས་པའི་གནས་སྐབས་དང་སྒྱུ་མ་ལྟ་བུའི་མཛད་པ་བཅུ་གཉིས་པར་དུ་འཛིན་པར་མཛད་པས་ན། དག་པ་རྣམ་པ་བཅུ་གཉིས་འཆང༌། །ཞེས་བྱ་བ་ཉིད་དོ། །དེ་ཉིད་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་ལས་ཡོངས་སུ་གྲུབ་པ་བདག་ཉིད་དུ་གནས་པ། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་བྱ་ལ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་དག་པ་ལས་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་དུ་ངེས་པར་ལྡན་པ་ནི། ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །ཞེས་བྱ་ཞིང་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡོངས་སུ་དག་པའི་ལས་མ་རིག་པ་ལ་སོགས་པ་ཉིད་དག་པའི་ཚུལ་གྱི་བདེན་པ་ཡིན་ལ་དེས་གྲོལ་བ་ངེས་པར་སྟོན་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་བ་དང་ལྡན་པས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་བྱ་བ་ཉིད་དོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་ཆོས་ཀྱི་སྐུའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་ལོངས་སྤྱོད་རྫོགས་པའི་སྐུའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་སྦྲུལ་པའི་སྐུའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པར་དག་པ་རིག་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ། རྣམ་པ་ཉི་ཤུས་བྱང་ཆུབ་པ། །ཞེས་པ་ནི་རྒྱུའི་མཚན་ཉིད་ཀྱི་གནས་སྐབས་ན་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱི་སྒོ་
ནས་དེ་དག་ཐམས་ཅད་རྣལ་འབྱོར་གྱི་ལམ་གྱི་གནས་སྐབས་སུ་དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། དགའ་བྲལ་གྱི་དགའ་བའི་ཚུལ་གྱིས་རྣམ་པར་ཕྱེ་བདེ་ལ་དེ་སྐད་ཅེས་བྱའོ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །ཅེས་བྱ་བ་ནི་དེ་ལྟར་རྣམ་པ་ཉི་ཤུ་མངོན་པར་བྱང་ཆུབ་པའི་བདེ་བ་ཆེན་པོ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་གཉིས་སུ་མེད་པར་རྟོགས་ཤིང་རང་རིག་པའི་ཕུང་པོའི་བདེ་བ་ཆེན་པོར་རིག་ཅིང༌། དེ་ཉིད་འཇིག་རྟེན་པའི་བདེ་བ་ལས་ཁྱད་པར་དུ་འཕགས་པས་དེ་སྐད་ཅེས་བྱ་ལ། རང་རིག་པའི་བདེ་བ་ཆེན་པོ་དེ་ཉིད་ཉན་ཐོས་འགོག་པའི་སྙོམས་པར་འཇུག་པ་ལྟར་བདག་ཉིད་འབའ་ཞིག་བདེ་བའི་རྒྱུན་དང་ལྡན་པ་མ་ཡིན་ཞིང་བརྟན་པ་དང་གཡོ་བ་དང་དངོས་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་བ་ཆེན་པོའི་གཟུགས་ཀྱི་སྤྲུལ་པ་དཔག་ཏུ་མེད་པས་ཁྱབ་པར་བྱེད་ཅིང༌། སངས་རྒྱས་ཀྱི་མཛད་པ་དང་འདྲ་བས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་སེལ་བར་མཛད་པ་ནི། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་པ་ཉིད་དོ། །དེ་ལྟ་བུའི་བདེ་བ་ཆེན་པོ་སྐད་ཅིག་ལ་དུས་ཀྱི་མཐའི་སྐད་ཅིག་མ་དཔག་ཏུ་མེད་པ་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོར་རྟོགས་པ་གང་ཡིན་པ་དེ་ནི། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་བྱ་ཞིང༌། བདེ་བ་ཆེན་པོ་ཉིད་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་གྱུར་ཅིང༌། གཉིས་སུ་མེད་པར་གྱུར་པ་ནི་སྐད་ཅིག་མའི་སྒྲར་བརྗོད་ཅིང་སྐད་ཅིག་མ་ནི་ཡེ་ཤེས་དང་གཅིག་ཏུ་བརྗོད་ཅིང་ཀྵ་དང་ན་ནི་མ་ནིང་གི་རྟགས་ཏེ། ཟད་ཅིང་མེད་པ་ཞེས་བྱ་བ་དང༌། འཛག་པ་མེད་པ་ཞེས་བྱ་བ་ཉིད་དོ། །འདིར་ཡང་དུས་ཀྱི་མཐའི་སྐད་ཅིག་མ་ཐམས་ཅད་ཟད་ཅིང་མེད་པར་གྱུར་པ་དང༌། དེ་ཉིད་ཟག་པ་མེད་པའི་བདེ་བ་ཉིད་དུ་གནས་པས་ན་དེ་སྐད་ཅེས་བྱ་སྟེ་གང་དུ་ཡང་འགལ་བ་མེད་ལ། དེ་ཉིད་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དངོས་པོའི་དོན་མཐའ་དག་ལས་རིག་པར་གྱུར་པ་ནི། སེམས་ཀྱི་སྐད་ཅིག་དོན་ཀུན་རིག་པ་ཉིད་དོ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་པ་ནི་དེ་ལ་ཉན་ཐོས་ཀྱི་ཐེག་པ་དང༌། རང་རྒྱལ་གྱི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ལ་རང་རང་གི་ལྷག་པའི་ཤེས་རབ་ཀྱི་ངོ་བོས་དོན་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་ཡིན་ལ། དེ་ལྟ་བུའི་ཐབས་ཀྱིས་
འགྲོ་བ་གང་དང་གང་ལ་དོན་གྱི་མཚན་ཉིད་ངེས་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཇི་ལྟ་བ་བཞིན་དུ་འདིར་ཡང་རྟོག་པའི་བྱེ་བྲག་གི་ཆོས་ཀྱིས་ཉན་ཐོས་དང༌། རང་རྒྱལ་དང༌། བྱང་ཆུབ་སེམས་དཔའ་དང༌། ཐེག་པ་ཆེན་པོ་ལ་སོགས་པ་རྣམས་དང་པོ་ནས་རྣམ་པ་ཉི་ཤུའི་བར་དུ་ངེས་པར་ཚང་པའི་ཕྱིར་ན་དེ་སྐད་བྱ་བ་ཉིད་དོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་བ་གཅིག་གི་འབྲས་བུར་གནས། །ཞེས་བྱ་བ་ནི། དེ་ལ་ཐེག་པ་གསུམ་ནི་ཉན་ཐོས་དང༌། རང་རྒྱལ་དང་བྱང་ཆུབ་སེམས་དཔའི་ཐེག་པ་ཡིན་ལ། དེ་དག་ལས་རིམ་པ་ཇི་ལྟ་བ་བཞིན་དུ་ལུས་དང་ངག་རྣམས་ཡང་དག་པར་སྦྱངས་པ་ནི་ལམ་གྱི་གནས་སྐབས་ཀྱི་མཚན་ཉིད་ལ་གོང་ནས་ངེས་པར་འབྱུང་བ་ཞེས་བྱ་ལ་བདག་ཉིད་ཀྱི་སེམས་ཡང་དག་པར་སྦྱང་བའི་ཕྱིར་ཐེག་པ་རྣམས་ཀྱི་རབ་བམ་མཆོག་ཆེན་པོར་འགྱུར་བའི་རྡོ་རྗེ་ཐེག་པ་ཆེན་པོའི་གནས་ན་བདེ་བ་ཆེན་པོའི་ཚུལ་གྱིས་འབྲས་བུ་ཉིད་ལམ་དུ་བྱས་ནས་མྱུར་བ་ཉིད་དུ་འབྲས་བུ་ལ་གནས་པར་བྱེད་པ་ནི་འབྲས་བུའི་ས་ལ་རབ་ཏུ་གནས་སོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་བུ་འབྲས་བུའི་ཐེག་པའི་ཡོན་ཏན་ཇི་ལྟ་བུ་ཡིན་སྙམ་པ་ལ། ཉོན་མོངས་ཁམས་རྣམས་དག་པའི་བདག །ཅེས་གསུངས་ཏེ། དེ་ལྟར་འབྲས་བུའི་མཚན་ཉིད་རྡོ་རྗེ་ཐེག་པའི་འདོད་ཆགས་ལ་སོགས་ཉོན་མོངས་པའི་དྲི་མ་རྣམས་རྗེས་སུ་མཐུན་པའི་སྟོབས་ཀྱིས་དག་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་ལ། དེ་ཉིད་ཀྱི་ལས་ཀྱི་རྒྱུ་དང་ལས་ཀྱི་འབྲས་བུ་ཐམས་ཅད་ཟད་པར་བྱེད་པ་ནི། ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཞེས་བྱའོ། །དེ་ཉིད་ལས་དང་ཉོན་མོངས་པ་དཔག་ཏུ་མེད་པ་ཡང་དང་ཡང་དུ་འབྱུང་བར་གྱུར་པའི་རྒྱུར་གྱུར་པས་ན་ཁམས་ཞེས་བྱ་སྟེ། དེ་ཡང་གསང་འདུས་རྒྱུད་ཕྱི་མ་ལས། ཉོན་མོངས་རྡོ་རྗེ་བདུད་རྩི་དག །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ལས་རྣམས་ཐམས་ཅད་དག་པ་ལས། །ལས་ལས་སྐྱེས་པའི་འབྲས་བུ་དག །ཅེས་གསུངས་པའི་ཕྱིར་རོ། །ཆུ་བོ་རྒྱ་མཚོ་ཀུན་ལས་རྒལ་།ཞེས་བྱ་བ་ནི་ཆུ་བོ་ནི་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡིན་ལ། དེ་ལས་རབ་ཏུ་རྒལ་ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་ཐབས་དེ་དང་ཤེས་རབ་དེ་དང་བདེ་བ་ཆེན་པོར་མཉམ་པར་སྦྱོར་བ་སྤྲོས་པ་དང་བྲལ་བའི་མཚན་མ་ལས་ཡང་དག་པར་བྱུང་བ་ཡིན་ལ། སྦྱོར་བའི་
དགོན་པ་ལས་བྱུང་བ། །ཞེས་བྱ་བ་ཉིད་དོ། །དེ་ལྟར་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ་ལས་བྱུང་བའི་མཚན་ཉིད་ཀྱིས་མཚམས་མེད་པ་རྣམ་པ་ལྔ་དང༌། སྲོག་གཅོད་པ་ལ་སོགས་པའི་བས་ཕམ་པར་གྱུར་བའི་ཆོས་བཞི་དང༌། ཚིག་རྩུབ་མོ་ལ་སོགས་པ་ཕྲ་མོའི་ཉོན་མོངས་བ་མ་ལུས་པ་རྣམས་དང༌། དེ་ལས་བྱུང་བ་བག་ཆགས་ཀྱི་ས་བོན་མ་ལུས་པ་ཐམས་ཅད་ཕྱིས་ས་བོན་མི་འཇོག་པའི་ཚུལ་གྱིས་སྤངས་པ་གང་ཡིན་པ་དེ་ལ། ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་བྱ་བ་ཉིད་དོ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་དང༌། རྣལ་འབྱོར་པའི་མཚན་ཉིད་སྟོང་པ་ཉིད་དང༌། ཡེ་ཤེས་ཀྱི་བདག་ཉིད་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོ་སྟེ། དེ་ཉིད་རོ་མཉམ་པ་ལས་བྱུང་བའི་བདེ་བ་ཆེན་པོ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་སྙིང་རྗེ་ཆེན་པོ་ཞེས་བྱ་ཞིང༌། དེ་ལྟ་བུའི་ཚུལ་གྱིས་འགྲོ་བའི་དོན་འབྲས་བུ་དང་བཅས་པའི་བྱེད་པ་གང་ཡིན་པ་དེ་ནི། དོན་ཡོད་འགྲོ་བའི་དོན་བྱེད་པ། །ཞེས་བྱ་བ་ཉིད་དོ། །དེ་ལྟར་དེ་ལྟ་བུའི་བདེ་བ་ཆེན་པོའི་སྟོབས་ཕྱིན་ཅི་ལོག་གི་ཤེས་པ་སྣ་ཚོགས་པའི་ཡུལ་ལ་མཚན་མའི་དངོས་པོར་འཛིན་པའི་མཚན་མའི་རྣམ་པར་རྟོག་པ་མ་ལུས་པར་སྤངས་བར་གྱུར་པ་གང་ཡིན་པ་དེ་ནི། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང༌། །བྱ་བ་ལ་བག་ཆགས་ཀྱི་རྣམ་པར་སྣང་བའི་དོན་རྟ་དང་གླང་པོ་ལ་སོགས་པའི་གནས་དང༌། ལུས་དང་ལོངས་སྤྱོད་དུ་སྣང་བ་ཐམས་ཅད་འགག་བར་བྱེད་པ་ནི། རྣམ་ཤེས་དོན་ནི་འགོག་བར་བྱེད། །ཅེས་བྱ་སྟེ། གཉིས་སུ་མེད་པའི་བདེ་བ་ཆེན་པོ་སྐྱེས་པ་དང་དུས་མཚུངས་པར་མིག་ལ་སོགས་པའི་དབང་པོ་ཐམས་ཅད་དང་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་འགག་པར་མཛད་ཅིང་རང་རིག་པའི་ཡེ་ཤེས་སད་པར་མཛད་ཅེས་པར་དགོངས་སོ། །དེ་ལྟ་བུའི་རྒྱུ་དྲི་མ་དང་བྲལ་བའི་མཚན་ཉིད་ལས་ཡོངས་སུ་གྲུབ་པའི་འབྲས་བུའི་དྲི་མ་དང་བྲལ་པའི་བདག་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་བཤད་ནས། དེ་ལས་བྱུང་བ་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྟན་པ་ནི། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། སེམས་ཅན་ལ་མོས་པ་རྣམ་པ་སྣ་ཚོགས་ཀྱི་དབང་གིས་འདོད་པའི་
དོན་གང་དང་གང་བསམས་པ་དེ་དང་དེ་ཐམས་ཅད་ཀྱི་རེ་བ་ཕུན་སུམ་ཚོགས་པར་མཛད་པ་དང༌། དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཆེན་པོ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དང་རེ་བ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་བླ་ན་མེད་པ་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་རྣམ་པ་སྣ་ཚོགས་པ་རྣམས་ཡང་དག་པར་མཁྱེན་པ་གང་ཡིན་པ། སེམས་ཅན་ཀུན་གྱི་ཡིད་རིག་པ། །ཞེས་བྱ་བ་ལ། སེམས་ཅན་ཀུན་གྱི་ཡིད་ལ་གནས་པ་ནི་ཡེ་ཤེས་ཆེན་པོ་ཡིན་ལ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡིན་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་དང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཞེས་པ་ཉིད་དོ། །དེ་ལྟ་བུའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་ང་གནས་ཞེས་བྱ་བ་སྟེ། དེ་ཡང་ལེའུ་དང་པོ་ལས། ང་ནི་དེ་བཞིན་གཤེགས་ཀུན་དང༌། །འབྱུང་བ་ཀུན་གྱི་སྙིང་ལ་གནས། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །དངོས་ཀུན་ངོ་བོར་རྟག་ཏུ་བཞུགས། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་སེམས་དང་མཐུན་པར་འཇུག །ཅེས་པ་ནི་དེ་ལྟར་གདུལ་བྱའི་སྐྱེ་བོ་ཐམས་ཅད་ཀྱི་སེམས་གདུག་པ་དང་བཅས་པ་དེ་ཐམས་ཅད་ཀྱང་རྗེས་སུ་མཐུན་པའི་ཚུལ་གྱིས་འདུལ་བར་མཛད་པ་སྟེ། དཔེར་ན། སྨད་འཚང་མའི་དབང་ཕྱུག་ཆེན་མོ་ཨུཏྤལའི་གཟུགས་འཁྲིག་པའི་ཆོས་ལ་རྟག་ཏུ་ཉེ་བར་ཆགས་ཤིང་སྐྱེས་བུའི་མཚན་མ་རྟག་ཏུ་ཆེ་བ་འདོད་ལ། དྲན་པའི་ཚུལ་གྱིས་ཚིམ་པར་བྱས་པ་ལས། ངན་འགྲོའི་ལམ་ལས་གྲོལ་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་བཞིན་དེ་ཉིད་འབྲས་བུ་ཕུན་སུམ་ཚོགས་པའི་བདག་ཉིད་ཡུལ་ལ་མངོན་པར་དགའ་བ་དང༌། དེ་ཡིན་པ་ལ་ཡིད་ཆེས་པར་གྱུར་པ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡི་རངས་པར་གྱུར་པ་དང༌། དེ་ཉིད་ལས་ད་ལྟར་བྱུང་བ་དང༌། མ་འོངས་པའི་འབྲས་བུ་ལ་ཡིད་མངོན་པར་དགའ་བར་གྱུར་པ་
ནི། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་བྱ་ལ། དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བཅུ་གསུམ་གྱི་མངའ་བདག་ཏུ་གྱུར་པ་དང༌། སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་ནི་ཤེལ་དག་པ་ལྟར་ཉེས་པའི་སྐྱོན་མཐའ་དག་སྤངས་པ་ནི། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ཅེས་བྱ་ཞིང༌། འཁྲུལ་པའི་ཆོས་མཐའ་དག་སྤངས་པ་ཉིད་དོ། །ནོར་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ཉིད་དོ། །དེ་ལྟར་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་འདས་པ་དང༌། མ་འོངས་བ་དང༌། ད་ལྟར་བྱུང་བ་རྣམས་ཀྱི་སྣོད་དང༌། རྒྱུ་དང་འབྲས་བུའི་ངོ་བོ་ཕྱིན་ཅི་མ་ལོག་པར་ཤེས་ཤིང་སོམ་ཉི་དང་རྣམ་པར་བྲལ་བར་གྱུར་ཅིང༌། མཐའ་གཅིག་གི་ངེས་པར་གནས་པ་ནི། དོན་གསུམ་ཐེ་ཚོམ་མེད་པའི་བློ། ཞེས་བྱ་ཞིང༌། དེ་ཉིད་ལས་བདག་གི་དོན་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པའི་བདག་ཉིད་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའི་རང་བཞིན་དུ་གནས། ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཅེས་བྱའོ། །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པ་ནི། དེ་ཉིད་དུས་མེད་པའི་བདེ་བ་ཆེན་པོ་སྤྲོས་པ་དང་བྲལ་བ་ནི། སྒྲུབ་པར་བྱེད་པའི་བྱ་བ་ཐམས་ཅད་ཀྱི་སྐད་ཅིག་མ་ཡོངས་སུ་རྫོགས་པ་ཞེས་བྱ་ཞིང༌། དེ་ཉིད་བྱ་བ་རྫོགས་པའི་སྐད་ཅིག་མ་ཞེས་བྱ་སྟེ། དེ་བྱ་བ་རྫོགས་པའི་སྐད་ཅིག་མ་དེ་ལ་དུས་ཀྱི་མཐའི་སྐད་ཅིག་མ་ཐམས་ཅད་བྱེ་བྲག་མེད་ཅིང་དེའི་ཕུང་པོ་ལྔ་ལས་ཉེ་བར་མཚོན་ནས། ཕུང་པོ་ཁམས་དང༌། སྐྱེ་མཆེད་དང༌། སྣོད་ཀྱི་འཇིག་རྟེན་ལ་སོགས་པ་ཐམས་ཅད་གཉིས་སུ་མེད་པའི་བདེ་བ་ཆེན་པོར་དུས་གསུམ་དུ་རབ་ཏུ་རྟོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། བདེ་བ་ཆེན་པོ་དེ་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རང་བཞིན་འཛིན་པའི་ཕྱིར་ནི། སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ཞེས་བྱ་བ་ཉིད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་
ཀྱི་སྐུ་གསུམ་གྱི་མཚན་ཉིད་དུ་བསྟན་པ་ནི། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་གསུངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་རྡུལ་ཕྲ་རབ་ཀྱིས་བསྒྲུབས་པ་ཁ་དོག་དང་དབྱིབས་ཀྱི་རྣམ་པ་མེད་ཅིང་སྐུ་གཉིས་ཀྱི་རྟེན་དུ་གྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། ལུས་ཀྱི་མཐའ་ནི་རྟོག་པ་པོ། །ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་གཟུགས་ཅན་མཐའ་དག་གི་རབ་ཀྱི་མཐར་ཐུག་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པ་དག་པ་རྣམ་པ་གསུམ་ལས་ལོངས་སྤྱོད་པར་གྱུར་པ། ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །གཟུགས་རྣམས་ཐམས་ཅད་ཀུན་དུ་སྟོན། །ཞེས་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་སྟེ་སྤྲུལ་པའི་སྐུ་བྱེ་བ་དཔག་ཏུ་མེད་པ་གང་དང་གང་དུ་འདུལ་བ་དེ་དང་དེའི་གཟུགས་ཀྱིས་ཀུན་དུ་སྟོན་ཞེས་བྱའོ། །དེ་ལྟར་སྐུ་གསུམ་གྱི་མཚན་ཉིད་ནི་འགྲོ་བ་རྣམས་ཀྱི་ཡིད་བཞིན་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་དབང་དུ་གྱུར་པ་ནི། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དཔག་བསམ་གྱི་ཤིང་ལྟར་འགྲོ་བ་ཐམས་ཅད་ཀྱི་རེ་བ་སྐོང་བར་མཛད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ངེས་པ་ལྔའི་ཚུལ་དུ་བཤད་པ་སྟེ་ལྔ་པའོ།། །།དེ་ལྟར་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུ་དང་ཡོན་ཏན་གྱི་བདག་ཉིད་དུ་བཤད་ནས། ད་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་སྒོ་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་པ་ནི། སངས་རྒྱས་ཀུན་གྱིས་རྟོག་བྱ་བ། །ཞེས་གསུངས་ཏེ་དེ་ལ་རྟོག་བྱ་བ་ཞེས་པ་ནི་རྟགས་ཅན་ཡིན་པས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་དུ་མ་རྣམས་སུ་གདུལ་བྱ་རྣམས་ཀྱི་དོན་དུ་སྙོམས་པར་འགྲོ་བར་ཤེས་པར་བྱ་ཞིང་བྱ་བ་འདིས་ནི། བྱ་བ་གྲུབ་པའི་ཡེ་ཤེས་ཉིད་ངེས་པར་གཟུང་བའོ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་པ་ནི་ཉན་ཐོས་ཀྱི་བྱང་ཆུབ་ལྟར་བདག་ཉིད་འབའ་ཞིག་གི་དོན་མ་ཡིན་ཞིང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་མ་ལུས་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང་དེ་ཉིད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་ལས་བྱུང་ཞིང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པར་གྱུར་པས་
ན། གསང་སྔགས་ལས་བྱུང་ཡི་གེ་མེད། །ཅེས་བྱ་སྟེ། དེ་ཉིད་གདུལ་བྱ་རྣམས་ཀྱི་དོན་བྱ་བ་དང་སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད་གསུམ་གྱི་ཚུལ་གྱིས་དུས་ངེས་པར་སྟོན་ཅིང༌། བསྒྲུབ་བར་བྱ་བ་དོན་གྱི་མཚན་ཉིད་ནི་གསང་སྔགས་ཐམས་ཅད་ཀྱི་དོན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམ་པ་སྣ་ཚོགས་སྐྱེད་པར་བྱེད་པའི་དོན་དམ་པར་བྱང་ཆུབ་ཀྱི་སེམས་ཆེན་པོ་གང་ཡིན་པ་དེ། གསང་སྔགས་ཆེན་པོའི་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཞེས་བྱ་བ་ཉིད་དོ། །དེ་ལྟར་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྟོང་པ་ཉིད་ཀྱི་བརྡར་གྱུར་ཅིང༌། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་གང་ཡིན་པ་དེ་ལ། ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་བྱ་ཞིང༌། དེ་ལས་རིགས་ལྔ་དང་རིགས་དྲུག་དང་རིགས་བརྒྱ་ལ་སོགས་པ་དཔག་ཏུ་མེད་པར་འགྱུར་བར་བསྟན་པ་ནི། སྟོང་པ་ཆེན་པོ་ཡི་གེ་ལྔ། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་བྱ་སྟེ། ཐིག་ལེ་ནི་ནམ་མཁའ་དང་འདྲ་བ་ཡིན་ལ། ནམ་མཁའ་ལྟར་སྟོང་པ་ཞེས་བྱ་བར་དགོངས་སོ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱ་བ་ལ་དེ་རྣམ་པ་ཀུན་ཞེས་པ་ནི་རིགས་ལྔ་དང་རིགས་བརྒྱའི་བར་དུ་ཡིན་ནོ། །རྣམ་པ་ནི་སྟོང་པ་ཞེས་བྱ་བ་ཉིད་དེ་སྔར་གྱི་ངེས་པར་བཤད་པའོ། །དེ་ལྟ་བུའི་རྣམ་པ་དང་བཅས་ཞིང་རྣམ་པ་མེད་པ་དག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བདག་ཉིད་གང་ལས་ཐོབ་ཅེ་ན། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་དབང་རྣམས་ཀྱི་མཆོག་ཏུ་གྱུར་པ་བཞི་པ་ངེས་པར་བསྟན་པ་ཉིད་ལ། དེ་ལ་བཅུ་དྲུག་གི་ཕྱེད་ནི་བརྒྱད་ཡིན་ལ། བརྒྱད་ཀྱི་ཕྱེད་ནི་བཞི་ཡིན། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་དགའ་བ་བཞིའི་བདག་ཉིད་ཅན་ཞེས་བྱ་བར་དགོངས་ཤིང༌། སྐབས་འདིར་ཐིག་ལེའི་སྒྲས་ནི་གཉིས་རྣམ་པར་སྤངས་པ་ཞེས་བརྗོད་ལ། གཉིས་ནི་ཆར་བྱེད་པ་ཡིན་ཏེ། གཟུང་བ་དང། འཛིན་པ་དང༌། ཐབས་དང་ཤེས་རབ་ལ་སོགས་པ་གཉིས་སུ་འཛིན་པ་མཐའ་དག་སྤངས་པ་བདེ་བ་ཆེན་པོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་རང་གི་ངོ་བོ་བསྟན་པ་ནི། ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་གསུངས་ཏེ། དེ་ལ་ཡན་ལག་གི་དངོས་པོའི་རྣམ་
པར་རྟོག་པ་དང༌། མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་ཡིད་ལ་མེད་པར་གྱུར་ཅིང་ངག་གིས་བརྗོད་པའི་ཚད་ལས་འདས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་བྱ་བ་ནི། དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། དགའ་བྲལ་གྱི་དགའ་བ་རྣམས་ཀྱི་བླ་མར་གྱུར་ཅིང་གོང་ན་མེད་པ་ནི་རྩེ་གཅིག་པའི་བསམ་གཏན་ཡིན་ལ། བརྗོད་པ་དང་བྲལ་བ་ཀུན་གྱི་མཚན་ཉིད་དམ། ཀུན་གྱི་རྣམ་པ་སྤངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ལམ་ཆེན་པོའི་རིམ་པའམ། ནམ་མཁའི་རྡོ་རྗེ་ལ་སོགས་པའི་ཐབས་ཀྱི་ཡན་ལག་དཔག་ཏུ་མེད་པ་ཐམས་ཅད་འབྲས་ཆེན་སྣོད་དུ་སྡུད་པ་ལྟར་དངོས་པོ་ཀུན་བསྡུས་པའི་ངོ་བོ་ཡིན་པ་དང༌། དེ་ཤེས་པ་ལས་དངོས་པོ་མཐའ་དག་ཤེས་པར་གྱུར་པ་ཉིད་དང༌། དེ་ཉིད་ལ་མཉམ་པར་བརྟན་པའི་ཚུལ་གྱིས་མཉམ་པར་གཞག་ན་བདག་ཉིད་ཀྱི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་རྣམ་པར་དབྱེ་བ་རིགས་ཀྱི་མཚན་ཉིད་དང༌། སེམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་རིག་པར་གྱུར་པ་གང་ཡིན་པ་དེ་ལ། བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་བདེ་བ་ཆེན་པོ་ཡོངས་སུ་རྫོགས་པའི་མཚན་ཉིད་ལས་འབྲས་བུ་སྐུ་གསུམ་ཕུན་སུམ་ཚོགས་པར་བསྟན་པ་ནི། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་ཀྱི་སྐུ་ནི་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་བདེ་བ་ཆེན་པོ་ནི་རྩེ་གཅིག་པའི་ཚུལ་གྱི་ཏིང་ངེ་འཛིན་ཡིན་ལ། དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱལ་པོར་གྱུར་པས་ན། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་བྱ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ནི་ཁམས་གསུམ་གྱི་འགྲོ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པར་མཛད་པ་ནི། གདུལ་བྱའི་ཞིང་རྒྱ་ཆེན་པོ་ལ་མཛད་
པ་རྒྱ་ཆེན་པོར་མཛད་པའི་ཕྱིར་ན། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ཅེས་བྱ་བ་ཉིད་དོ། །དེ་ལྟར་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་དེ་ལྟ་བུ་སྐུ་གསུམ་གྱི་བདག་ཉིད་དུ་གནས་ཤིང༌། སྤྲུལ་པ་དཔག་ཏུ་མེད་པ་འབྱུང་བའི་རྒྱུར་གྱུར་པ་ནི། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཞེས་བྱ་ཞིང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་གྱི་སྤྲོས་པ་མཛད་ཅིང་ཞི་བ་ལ་སོགས་པའི་ཚུལ་གྱིས་འགྲོ་བ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་མཛད་པ་ནི། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་བྱ་བ་ཉིད་དོ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ཞེས་པ་ནི་དེ་ལ་ལྷ་ནི་བདེ་བྱེད་ལ་སོགས་པ་ཡིན་ལ་དེའི་ལྷ་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན་ཏེ། དེའི་ལྷ་ནི་དབང་ཕྱུག་ཆེན་པོ་ཡིན་ལ། དབང་ཕྱུག་ཆེན་པོའི་ལྷ་ནི་དེ་བཞིན་གཤེགས་པ་ཉིད་དོ། །དེ་ལྟར་བདེ་བ་ཆེན་པོ་འདིས་ཀྱང་འཇིག་རྟེན་པའི་དངོས་གྲུབ་ཕུན་སུམ་ཚོགས་པ་སྟེར་བར་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་སྟེར་བར་བྱེད་ཅེས་བྱ་བར་དགོངས་སོ། །དེ་ལྟ་བུའི་དངོས་གྲུབ་ཕུན་སུམ་ཚོགས་པ་སྟེར་བར་བྱེད་པའི་བདག་པོར་གྱུར་པ་དང༌། ལྷ་མ་ཡིན་གྱི་སྒྲས་ནི་མི་སྐྱོ་བ་ཞེས་བྱ་ལ། དེ་ལ་སྐྱོ་བ་ནི་སེམས་རང་གི་ངོ་བོ་ལས་ཕྱི་རོལ་གྱི་མི་མ་ཡིན་པ་ལ་སོགས་པས་སེམས་བསྒྱུར་ཏེ་རྣམ་པ་གཞན་དུ་འགྱུར་བ་བྱེད་པ་ལྟར་ཐ་མལ་པའི་གནས་སྐབས་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུ་ཕྱིན་ཅི་ལོག་གི་མངོན་པར་ཞེན་པའི་སྟོབས་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་འགོག་པར་གྱུར་པའི་བདག་པོར་གྱུར་པ་གང་ཡིན་པ་དེ་ལ། ལྷ་ཡི་དབང་པོ་ལྷ་མིན་བདག །ཅེས་པ་ཉིད་དེ། །འཆི་མེད་དབང་པོ་ལྷ་ཡི་བླ། །ཞེས་པ་ནི་བདེ་བ་ཆེན་པོའི་སྤྲོས་པ་དང་བྲལ་བའི་མཚན་ཉིད་ཀྱིས་རྣམ་པར་རྟོག་པའི་རྐྱེན་ལས་བྱུང་བ་འཆི་འགོག་ལྟར་བྱེད་པ་དང༌། མི་འཆི་བ་ལ་དབང་བ་སྟེར་བར་བྱེད་པ་བླ་མར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེའི་སྟོབས་ཀྱིས་བདུད་དང་དབང་ཕྱུག་ལ་སོགས་བ་རབ་ཏུ་འཇོམས་ཤིང་ཉོན་མོངས་པ་མཐའ་དག་འཇོམས་པར་མཛད་པ་ནི། འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །ཞེས་བྱ་ལ་དེ་ཉིད་ཀྱི་སྲིད་པའི་འཇོམས་པ་ཆེན་པོ་རབ་ཏུ་རྒལ་བར་གྱུར་པ་ནི། །སྲིད་པའི་དགོན་པ་ལས་བརྒལ་བ། །ཞེས་བྱ་བ་ཉིད་དོ། །དེ་ལྟར་
ལྷན་ཅིག་སྐྱེས་པའི་ཞི་བ་གང་ཡིན་པ་དེ་ལ་བདག་ཉིད་གཅིག་པུའི་བླ་མ་ཞེས་བྱ་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེར་བར་བྱེད་བའི་བླ་མར་གྱུར་བ་གང་ཡིན་བ་དེ་ལ། སྟོན་པ་གཅིག་བུ་འགྲོ་བའི་བླ། །ཞེས་བྱ་བ་ལ་དེ་ཉིད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡེ་ཤེས་ཆེན་པོར་རབ་ཏུ་གནས་པར་གྱུར་པ་དང༌། སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་བ་ཐམས་ཅད་སྟེར་བར་བྱེད་པའི་ཕྱིར་བདག་བོར་གྱུར་པ་དེ་ལ། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །ཞེས་བྱའོ། །བདེ་བ་ཆེན་པོ་བཞི་པ་འདི་ཉིད་དཔའ་བོ་གོ་ཆ་དང་ལྡན་པས་རབ་ཏུ་མི་ཟད་པའི་མཚོན་ཐོགས་ཏེ། ཕ་རོལ་གྱི་དཔུང་ཐམས་ཅད་འདུལ་བར་བསྟན་པ་ནི། བྱམས་པའི་གོ་ཆ་ཆས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་རབ་ཏུ་ཕན་པར་འདོད་པ་བདག་ཉིད་དུ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་ཉེ་བར་དམིགས་བ་ལ་མཎྜལ་གྱི་ཚུལ་དུ་བགོས་བས་ཐམས་ཅད་ཤེས་རབ་རལ་གྲི་དང་མདའ་གཞུའི་ཚུལ་ཐོགས་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ནི་རྣམ་པར་གཡེང་བའི་ཚུལ་གྱི་གཡུལ་ངོ་ཡིན་ལ་རབ་ཏུ་སེལ་བར་མཛད་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་བདེ་བ་ཆེན་པོ་དེ་ཉིད་གཞོམ་པའི་རྣམ་པར་རྟོག་པ་མཐའ་དག་རྟོག་པ་མེད་པར་འཇོམས་པ་པོར་གྱུར་ཅིང༌། བདག་ལ་གནོད་པར་བྱེད་པའི་བདུད་ཀྱི་དགྲ་ཐམས་ཅད་ཐུལ་བར་གྱུར་པ་དང༌། ད་ལྟར་དང་མ་འོངས་པའི་དུས་སུ་བདུད་བཞིའི་འཇིགས་པ་སེལ་བར་བྱེད་པ་དང༌། བདུད་ཀྱི་དཔུང་ཐམས་ཅད་ཕམ་པར་བྱེད་པས་ན། དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་བྱ་བ་ཉིད་དོ། །དེ་ལྟ་བུའི་སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོས་མི་མཐུན་པའི་ཚོགས་མཐའ་དག་རབ་ཏུ་བཅིལ་ནས་དེའི་སྐད་ཅིག་མའི་ཡོན་ཏན་ཆེན་པོའི་གནས་སུ་བསྟན་པ་ནི། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་པ་ལ་སོགས་
བ་གསུངས་ཏེ། གཉིས་སུ་མེད་པར་མངོན་པར་རྟོགས་པའི་མཚན་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་འཇིག་རྟེན་པ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འདྲེན་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་ལ་དྲིན་ཆེན་པོའི་ཚུལ་གྱིས་སྤོས་དང༌། མེ་ཏོག་ལ་སོགས་པའི་མཆོད་པ་དང༌། ཡོན་ཏན་བསྔགས་པའི་ཚུལ་གྱིས་བསྟོད་པ་དང༌། ཡན་ལག་ལྔས་ཕྱག་འཚལ་བའི་གནས་སུ་གྱུར་པས་ན། མཆོད་འོས་བསྟོད་འོས་ཕྱག་གི་གནས། །ཞེས་བྱ་བ་ཉིད་དོ། །དེ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་གང་ཡིན་པ་དེ་དུས་རྟག་ཏུ་ཡིད་ལ་གུས་པར་རབ་ཏུ་བྱ་བ་དང༌། རྗེས་སུ་བསྔགས་པའི་ཚུལ་གྱིས་ཡོན་ཏན་གྱི་ཚོགས་བརྗོད་པར་བྱ་བ་དང༌། ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བའི་གནས་བླ་མའི་རབ་ཏུ་གྱུར་པ་གང་ཡིན་པ་དེ་ལ། རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་མཆོད་པར་བྱ་བའི་མཆོག ། ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་བྱ་བ་ཉིད་དོ། །དེ་ལྟར་བཀུར་སྟི་དང་རིམ་གྲོ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དེ་ལ་ཡོན་ཏན་ཇི་ལྟ་བུ་ཞེ་ན། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་འཇིག་རྟེན་གསུམ་ནི་འདོད་པ་དང༌། གཟུགས་དང། གཟུགས་མེད་པ་གསུམ་དང༌། ས་འོག་དང་ས་སྟེང་དང་ས་བླ་གསུམ་ཡིན། དེ་ཐམས་ཅད་བདེ་བ་ཆེན་པོའི་སྐད་ཅིག་མ་ལས་སྤྲོས་པ་དང་བྲལ་བའི་དངོས་པོ་འདོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་ནམ་མཁའ་ལྟར་མཐའ་ཡས་ཤིང་དཔག་ཏུ་མེད་པ་རྣམ་པར་རྟོག་པའི་ཚོགས་མཐའ་དག་གནོན་པར་མཛད་པས་ན། མཁའ་ལྟར་མཐའ་མེད་རྣམ་པར་གནོན། །ཞེས་བྱ་བ་ལ། དེ་ཉིད་ལ་ལྷའི་མིག་གི་མངོན་པར་ཤེས་པ་དྲུག་གིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་གསུམ་ཡང་དག་པར་རིག་བར་གྱུར་ཅིང༌། སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་རྗེས་སུ་དྲན་པ་དག་གི་བདག་ཉིད་དུ་གནས་པ་ཡིན་པ་དེ་ལ། གསུམ་རིག་གཙང་མ་དག་པ་སྟ། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ཅེས་བྱ་བ་ཉིད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ན། དེ་ལ་སེམས་དཔའི་སྒྲས་ནི་རྟག་ཏུ་འཇུག་
ཕ་དང་གནས་པ་ཞེས་བྱ་བ་ལ། ཡེ་ཤེས་ཆེན་པོའི་མཚན་ཉིད་དེ་ཡང་རྟག་ཏུ་མི་འགྱུར་བར་གནས་ཤིང་འགྲོ་བའི་དོན་ལ་རྟག་ཏུ་འཇུག་པ་སྟེ། ཆོས་ཀྱི་དབྱིངས་མངོན་པར་རྟོགས་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། མྱུར་བ་ཉིད་དུ་སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་འཇིག་རྟེན་པའི་ཆོས་ལས་ཡང་དག་པར་འདས་པ་དེ་ལ། རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཞེས་བྱའོ། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་པ་ནི། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ལ། ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་ཆོས་ཀྱི་དབྱིངས་ནི་ཡང་དང་པའི་མཐའ་ཞེས་བྱ་སྟེ། དེ་ལྟ་བུ་ཉིད་ཤེས་པར་གྱུར་བ་གཉིས་སུ་མེད་པའི་ཡེ་ཤེས་ནི་རྣམ་པར་རྟོག་པ་དང་བྲལ་བའི་ཚུལ་གྱིས་མ་ནོར་པ་ཉིད་ཐོབ་པ་གང་ཡིན་པ་དེ་ལ། ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །ཅེས་བྱའོ། །དེ་ལྟར་ཤེས་པ་དང་ཤེས་བྱ་གཅིག་པར་གྱུར་པ་དེས་བདག་དང་གཞན་རིག་པར་གྱུར་བ་དེ་ལ། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་བྱ་ཞིང་དེ་ལྟ་བུ་ནུས་བ་ཆེན་པོ་དང་ལྡན་པའི་མཚན་ཉིད་ཀྱི་ཁམས་གསུམ་པ་ཐམས་ཅད་ལ་སྡུག་བསྔལ་ཉེ་བར་སྤོང་བའི་ལེགས་པའི་ལམ་བདེ་བའི་འབྲས་བུ་ཕུན་སུམ་ཚོགས་བ་འགྲོ་བ་གཞན་ལ་ཕན་འདོགས་པའི་གཙོ་བོར་གྱུར་ལ། དེ་ལྟ་བུ་ཉིད་ཁ་ཟས་ལ་སོགས་པ་ཕན་འདོགས་པའི་མཚན་ཉིད་ཀུན་གྱིས་མཚུངས་པ་མེད་ཅིང་བརྗོད་པ་དང་བྲལ་བའི་ངོ་བོར་གནས་པ་གང་ཡིན་པ་དེ་ལ། ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཞེས་བྱ་བ་ཉིད་དོ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་བྱ་བ་ནི་དེ་ལ་ཤེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམ་པ་སྣ་ཚོགས་པ་ཡིན་ལ་ཤེས་བྱ་ནི་སྟོང་པ་ཉིད་ལ་སོགས་པ་དངོས་པོ་མེད་པ་དང༌། དངོས་པོའི་མཆོག་མཐའ་དག་ཡིན་ཏེ་དེ་ལྟ་བུ་ཡུལ་དང་ཡུལ་ཅན་གྱི་བདག་པོ་གཙོ་བོར་གྱུར་པ་ནི་འབྲེལ་པ་བརྒྱུད་པའི་སྒོ་ནས་དེ་ལ་དེ་སྐད་ཅེས་བྱ་ལ། དེ་ལྟ་བུ་དེས་སངས་རྒྱས་ཆོས་ཀྱི་མཚན་དང་དཔེ་བྱད་དང་སྟོབས་དང༌། མི་འཇིགས་པ་རྣམས་སྟེར་བར་བྱེད་པའི་གཙོ་བོར་གྱུར་པས་ན། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་བྱ་བ་ཉིད་དོ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །ཞེས་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་མཚན་ཉིད་ལས་ཀྱི་ཕྱག་རྒྱ་དང༌། དམ་ཚིག་གི་ཕྱག་རྒྱ་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཚན་ཉིད་ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་རྣམ་པ་བཞིའི་ངེས་པ་དང་ལྡན་པའི་དོན་ཕྱིན་ཅི་ལོག་པར་སྟོན་པས་ན་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་གང་
དུ་བསྟན་པ་ལྟར་བཀུར་སྟི་དང་རིམ་གྲོ་ཐམས་ཅད་ཀྱི་གནས་སམ་འོས་སུ་གྱུར་པ་གང་ཡིན་པ་དེ་ལ། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ཅེས་བྱ་ལ། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱིས། །ཞེས་པ་ནི་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་རྣམ་པ་གསུམ་གྱིས་ངེས་པར་འབྱུང་བ་ཉིད་བགྲོད་པས་ན་ཐེག་པ་ཡིན་ལ་དེ་རྣམས་དོན་གྱི་དོན་ཆེན་པོ་མཆོག་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་འབྲས་བུ་གང་ཡིན་པ་དེ་ལ། དོན་གྱི་དམ་པ་རྣམ་དག་དཔལ། །ཞེས་བྱའོ། །ཡེ་ཤེས་ཆེན་པོ་དེ་ཉིད་འདོད་པ་དང་གཟུགས་དང་གཟུགས་མེད་བའི་ཁམས་གསུམ་དུ་དངོས་གྲུབ་ཆེན་པོ་ཡོངས་སུ་རྫོགས་པའི་སྣོད་བཟང་པོར་གྱུར་ཅིང༌། དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་བདེ་བ་དང་ལྡན་བར་བྱེད་པས་ན་འབྱོར་པ་ཡིན་ལ་དེ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་གང་ཡིན་པ་དེ་ལ། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །ཞེས་བྱ་བ་ཉིད་དོ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བ་འདིས་ནི་འཇམ་དཔལ་ཉིད་ངེས་པར་གཟུང་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་འདི་ཉིད་ཀྱང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་མཚན་ཉིད་བདེ་བ་ཆེན་པོའི་སྐུ་འཇམ་དཔལ་ཞེས་བསྟན་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ངེས་པའི་ཚུལ་དུ་བཤད་པ་སྟེ་དྲུག་པའོ།། །།ད་ནི་ཡེ་ཤེས་རྣམ་པ་ལྔ་ངོ་བོ་ལས་བྱུང་བའི་འགྲོ་བ་རྣམས་འདུལ་བའི་སྐུར་གྱུར་པ་དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་མེ་མོང་ལྟ་བུའི་ཡེ་ཤེས་ལས་བྱུང་བ་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་མི་བསྐྱོད་བ་ནི་རྡོ་རྗེའི་རིགས་ཀྱི་གཙོ་བོ་གྱུར་ཅིང་རྣམ་པར་དག་པའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་དེ་ཁོ་ན་ཉིད་སྟེར་བར་མཛད་པས་མཆོག་ཁྱོད་ཅེས་བྱ་ལ། དེ་ལ་ཡང་དག་བར་བསྟོད་ཅེས་བྱ་བའི་ཐ་ཆིག་གོ །དེ་ལྟ་བུའི་དེ་ཉིད་ཡང་དག་པའི་མཐར་འགྱུར་བའི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་ཞིང་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་རྣམ་པ་ཉི་ཤུས་མངོན་
པར་རྫོགས་པར་བྱང་ཆུབ་པ་དང༌། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཡང་དག་བར་བྱུང་ཞིང་ཁྱོད་ཅེས་བྱ་བའི་སྒྲ་ནི་དེ་ཁོ་ན་ཉིད་ཀྱི་སྒྲས་བརྗོད་ལ། དེ་ལྟ་བུའི་མཚན་ཉིད་ལ་བསྟོད་པར་གྱུར་པ་ནི། །ཡང་དག་མཐར་གྱུར་ཁྱོད་ལ་བསྟོད། །སྟོང་ཉིང་ལས་བྱུང་ཁྱོད་ལ་བསྟོད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་བསྟོད། །ཅེས་བྱ་བ་ཉིད་དོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ་འོད་དཔག་མེད་ལ་ཡང་དག་པར་བསྟོད་པ་ནི། སངས་རྒྱས་ཆགས་པ་ཁྱོད་ལ་བསྟོད། །ཅེས་གསུངས་ཏེ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དེ་ཉིད་ཆགས་པས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་པདྨ་རིགས་ཀྱི་གཙོ་བོ་ཆགས་པ་ཆེན་པོའི་བདག་ཉིད་དུ་བཞུགས་ལ། དེ་ཉིད་བདེ་བ་ཆེན་པོའི་བདག་ཉིད་ཡིན་པས་ན། སངས་རྒྱས་འདོད་ལ་ཕྱག་འཚལ་བསྟོད་།ཅེས་བྱ་ཞིང༌། དེ་ཉིད་དགྱེས་པ་ཆེན་པོ་ཉིད་དུ་གྱུར་པ་དང༌། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་ཆེན་པོར་གྱུར་པ་གང་ཡིན་པ་དེ་ལ། སངས་རྒྱས་དགྱེས་པ་ཁྱོད་ལ་བསྟོད། །སངས་རྒྱས་རོལ་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བ་ཉིད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཆེན་པོའི་སྐུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་བསྟོད་པ་ནི། སངས་རྒྱས་འཛུམ་པ་ཁྱོད་ལ་བསྟོད། །ཅེས་གསུངས་ཏེ། འཛུམ་པ་ཞེས་པ་ནི་སངས་རྒྱས་ཀྱི་མཛད་པའི་འབྲས་བུ་གདུལ་བྱ་ལ་ངེས་པར་བརྩོན་པར་བྱ་བའི་མིང་བྱེད་པ་ལ་བཏགས་ཏེ། ང་རྒྱལ་ཆེན་པོའི་བདག་ཉིད་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་དཔལ་གྱི་ཁམས་གསུམ་པ་ཐམས་ཅད་ལ་སྦྱིན་པ་ཕུན་སུམ་ཚོགས་པར་མཛད་པས་ཡི་རངས་པའི་མཚན་ཉིད་ཀྱིས་བཞིན་རབ་ཏུ་འཛུམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་ལས་སྒྲ་དང་ལྡན་པའི་མཚན་ཉིད་ཀྱིས་བགད་ཅིང་བསྟོད་པའི་ཚིག་དང་ལྡན་པའི་ངག་གིས་བསྟོད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ལས་གྱུར་པ་ཁམས་གསུམ་པ་ཐམས་ཅད་ཀྱི་ཡི་རང་བར་བྱེད་པ་གང་ཡིན་པ་དེ་ལ། སངས་རྒྱས་བཞད་ལ་ཕྱག་འཚལ་བསྟོད། །སངས་རྒྱས་གསུང་ཉིད་ཁྱོད་ལ་བསྟོད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་པ་ཉིད་དོ། །བྱ་བ་གྲུབ་བའི་ཡེ་
ཤེས་ཀྱི་བདག་ཉིད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་སྐུ་དོན་ཡོད་གྲུབ་པ་ལ་བསྟོད་པ། མེད་པ་ལས་བྱུང་ཁྱོད་ལ་བསྟོད། །ཅེས་གསུངས་ཏེ། ཕྲག་དོག་ཆེན་པོའི་སྐུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱ་བ་ཡོངས་སུ་རྫོགས་པའི་མཚན་ཉིད་གདུལ་བྱ་རྣམས་ལ་ཕྲིན་ལས་རྣམ་པ་སྣ་ཚོགས་པ་མཛད་པའི་སྐུར་སྣང་བ་གང་ཡིན་པ་དེ་ཉིད་བྱ་བ་བྱས་པའི་ཚུལ་གང་ཡིན་བ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་ལ་ཡིད་རབ་ཏུ་མགུ་ཞིང་ཞལ་འཛུམ་པ་དང་ལྡན་པས་དཔྲལ་བར་ཐལ་མོ་སྦྱར་ཏེ་རྒྱུ་དང་ལམ་གྱི་སེམས་ཅན་ཐམས་ཅད་ཀྱི་མགོན་པོར་གྱུར་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་བསྟན་པ་ནི། དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་བྱ་བ་ཉིད་དོ། །དེ་ནི་མགོན་པོ་གསང་བའི་བདག །ཅེས་པ་ནི་ཚིག་དང་པོ་ཉེ་བར་མཚོན་པ་སྟེ། དེ་ལ་ཁམས་གསུམ་པ་ཐམས་ཅད་ཀྱི་མངོན་མཛད་པས་ན་མགོན་པོ་ཡིན་ལ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །ཞེས་པ་ནི། དེ་ལ་ལག་ན་རྡོ་རྗེ་ནི་གསང་བའི་བདག་པོ་ཡིན་ལ། ཁྲོ་བོའི་རྒྱལ་ཞེས་པ་ནི་མ་ནིང་གི་རྟགས་ཏེ། དངོས་གཞི་འདི་ཉིད་ལས་ངེས་པར་སྦྱར་བ་ནི་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་མགོན་པོ་དེ་ནི་ཞེས་བྱ་བ་དམིགས་པ་ཉེ་བར་འཛིན་པའི་ཚིག་གོ །ཅི་གསང་བའི་བདག་པོ་དེ་ཁོ་ནས་སམ་ཤེ་ན་མ་ཡིན་ཏེ། སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ་།།ཞེས་གསུངས་ཏེ། རྡོ་རྗེའི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་གཞན་སྣ་ཚོགས་པ་དང་ལྷན་ཅིག་ཏུ་ཡིད་མངོན་པར་དགའ་བའི་ཚུལ་གྱིས་གཟེངས་བསྟོད་ནས། ངག་ཏུ་ཚིག་འདི་སྐད་ཅེས་བསྟོད་དོ་ཞེས་བྱ་བ་ཉིད་དོ། །ཚིག་གི་དོན་ཇི་ལྟ་བུས་བསྟོད་ཅེ་ན། མགོན་པོ་བདག་ཅག་ཡི་རང་ངོ༌། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་མགོན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་བོད་པའི་ཚིག་ཡིན་ལ། བདག་ཅག་འཁོར་དང་བཅས་པ་ཟབ་མོའི་དོན་ལ་ཡིད་མངོན་པར་དགའོ་ཞེས་བྱ་བ་ཉིད་དོ། །
ལེགས་སོ་ལེགས་སོ་ལེགས་པར་གསུངས། །ཞེས་པ་ནི། མ་ནིང་གི་རྟགས་སྟོན་པ་རྣམས་ཀྱི་གསུམ་ལ་བསྟོད་པ་དང༌། དབང་དང་གྲུབ་བ་དང་འབྲས་བུ་ལ་བསྟོད་བ་སྟེ། དེ་ལ་ཟབ་མོའི་དོན་འདི་ཉིད་དེ་བཞིན་གཤེགས་བ་རྣམས་དང་མ་འོངས་བའི་དེ་བཞིན་གཤེགས་པ་རྣམས་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་བ་དང༌། གསུང་བར་འགྱུར་བ་ཉིད་ལེགས་སོ་ཞེས་པ་དང༌། ཐོག་མར་སྐད་ཅིང་མའི་བདེ་བ་དང་ལེགས་པ་དང༌། བར་དུ་དུས་ཀྱི་བདེ་བ་དང་ལེགས་པ་དང༌། མཐའ་མར་རྒྱུན་གྱི་བདེ་བ་དང་ལེགས་པ་གང་ཡིན་པ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཇི་ལྟ་བུའི་ཚུལ་གྱིས་ལེགས་སྙམ་བ་ལ། རྣམ་གྲོལ་འབྲས་བུའི་ཚུལ་གྱིས་ནི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་གསུངས་ཏེ། དེ་ལ་རྣམ་པར་གྲོལ་བའི་འབྲས་བུ་འདོད་པ་ནི་མ་ནིང་གི་རྟགས་ཅན་ཏེ། དོན་ཆེན་གཉིས་ལ་གོ་བར་བྱ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གཟུགས་རྣམས་པ་སྣ་ཚོགས་པ་འབྱུང་བ་གང་ཡིན་པ་དེའི་དོན་དང་པོའི་ཚིག་སྟེ། སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ཅེས་བྱ་ལ། སྤྲུལ་པའི་སྐུ་དེ་ཉིད་ཆོས་ཀྱི་སྐུ་རྣམ་རྟོག་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟར་མཐའ་ཡས་པའི་མཚན་ཉིད་ལས་བྱུང་བ། ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་ཆེན་པོའི་རོས་ཡོངས་སུ་གང་བའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི་བདག་ཉིད་ལས་བྱུང་བ་གང་ཡིན་བ་དེ་ལ། ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་བསྟོད། །ཅེས་བྱ་བ་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཏི་མུག་ཆེན་པོའི་སྐུ་རྣམ་པར་སྣང་མཛད་ལ་བསྟོད་པ་ནི། སྒྱུ་འཕྲུལ་དྲ་བ་ཁྱོད་ལ་བསྟོད། །ཅེས་བྱ་བ་གསུངས་ཏེ། དེ་ལ་སྒྱུ་འཕྲུལ་ནི་མེད་པའི་དངོས་པོ་ལ་རྣམ་པ་སྣ་ཚོགས་པར་སྣང་བ་ཡིན་ལ། དྲ་བ་ནི་ཕྱོགས་བཞི་ཐག་པ་ལས་མདུད་པའི་ཚུལ་དུ་དཀྱིལ་ན་གནས་པ་ཕྱོགས་ཀུན་ཏུ་སྤྲེལ་བ་ཡིན་ཏེ། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡེ་ཤེས་སྤྲོས་པ་མེད་པའི་མཚན་ཉིད་ལས་ཕྱོགས་ཐམས་ཅད་དུ་རིགས་དང་མཐུན་པའི་སྐུ་ཉེ་བར་སྟོན་པ་གསལ་ཞིང་འབར་བས་རིགས་བཞིའི་གཙོ་བོར་གྱུར་པས་དབུས་ན་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཀྱི་ཚུལ་དུ་བཞུགས་པ་
དང། དེ་བཞིན་གཤེགས་བའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང༌། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱིས་གུས་པ་དང་ལྡན་པའི་ཚུལ་གྱིས་ཀུན་དུ་ཞལ་དུ་མངོན་པར་ཕྱོགས་པར་གྱུར་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ་སྔགས་པ་ཆེན་པོའི་ཚུལ་གྱིས་བསྟོད་པ་གང་ཡིན་པ་དེ་ལ་ནི། སངས་རྒྱས་རོལ་སྟོན་ཁྱོད་ལ་བསྟོད། །ཐམས་ཅད་ཐམས་ཅད་ཁྱོད་ལ་བསྟོད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་བསྟོད། །ཅེས་བྱ་བ་ཉིད་དོ། །དེ་ལྟར་རིག་དྲུག་གི་བདག་ཉིད་ཡིན་པས་བསྡུ་བ་དང་བཅས་པ་བསྟན་ཅིང་ཐབས་དང་ཤེས་རབ་ཀྱི་སྔགས་རྣམ་པ་གཉིས་ཀྱང་སྒྲུབ་པའི་ཐབས་ཀྱི་སྐབས་སུ་རྒྱས་བར་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་ཡང་བཀའ་ཟབ་མོའི་དོན་འདི་ཉིད་ཀྱི་ཞུ་བ་པོ་ས་བཅུའི་དབང་ཕྱུག་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང༌། དེའི་འཁོར་དུ་གྱུར་པ་རྡོ་རྗེ་འཆང་བ་དཔག་ཏུ་མེད་པ་རྣམས་དང་རྗེས་སུ་ཡི་རངས་ཤིང་མངོན་པར་དགའ་བའི་ཚུལ་གྱིས་བསྟོད་བ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ལ་སོགས་བ་གསུངས་ཏེ། དེ་ལ་དེ་ནས་ཞེས་པ་ནི། བཀྲ་ཤིས་པའི་ཚུལ་གྱིས་འདས་པ་ཉེ་བར་རྫོགས་པ་སྟེ། ཤེས་རབ་ཀྱི་སྔགས་བརྗོད་པ་རྫོགས་པའི་རྗེས་ལ་ཞེས་བྱ་བ་ཡིན་ལ། དཔལ་དང་ལྡན་པ་དང༌། རྡོ་རྗེ་འཆང་ནི་གང་དུ་བཤད་ཟིན་ལ། དོན་གྱིས་ན་གསང་བའི་བདག་པོ་ལག་ན་རྡོ་རྗེ། འགྲོ་བ་མགོན་མེད་པ་ནི་མི་ལ་སོགས་པ་ངན་འགྲོའི་རྒྱུད་དང་ལྡན་པ་ཐམས་ཅད་ཡིན་ལ། བདག་ཅག་ཅེས་བ་ནི་གསང་བའི་བདག་པོ་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པའི་འབྲས་བུའི་མཚན་ཉིད་ཡིན་ཡང། གདུལ་བྱའི་དོན་དུ་རྒྱུ་ལ་རག་ལས་པ་ལྟར་བསྟན་པ་ནི་དེ་རྣམ་དང་བདག་ཅག་ཡང་གད་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་བའི་དོན་ཆེན་པོ་མཛད་ཅེས་བྱ་བ་ཉིད་དོ། །དེ་ལ་རྩ་བའི་རྒྱུད་ལས་གང་གསུངས་སྙམ་པ་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །ཞེས་གསུངས་ཏེ། མཚན་ཡང་དག་པར་བརྗོད་པ་འདི་ཉིད་རྒྱུད་ཆེན་པོ་སྟོད་ཕྲག་བཅུ་དྲུག་པ་སྒྱུ་འཕྲུལ་དྲ་བའི་ཚུལ་ཇི་ལྟ་བ་བཞིན་དུ་བསྟན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཞིང༌། དེ་ཉིད་རྣམ་བར་དག་པའི་དྲི་མ་དང་བརླ་བའི་ལམ་དུ་གྱུར་པ་དང་རྟོགས་པར་དགའ་ཞིང་འབྲས་བུའི་དོན་རྒྱ་ཆེན་པོར་གྱུར་པ་དང་ལྡན་པ་དང༌། བདག་གི་དོན་ཕུན་སུམ་ཚོགས་པ་དང༌།
གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་བ་དེ་ཉིད་ཟབ་མོའི་དོན་འདི་སྟེ། འདི་ནི་རྣམ་དག་ལེགས་བའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་བྱེད་བ་ཉིད་དོ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །ཞེས་བྱ་བ་ནི་དེ་ལ་ཡུལ་ནི་འདོད་པའི་ཡུལ་ཡིན་ལ་དེ་བཞིན་དུ་འདོད་པའི་དོན་འདི་ཉིད་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་འདོད་བར་བྱ་བའི་ཡུལ་ཡིན་བས་ན་དེ་སྐད་ཅེས་བྱ་ཞིང༌། འདི་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པས་ན། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་བྱ་བ་ཉིད་དོ། །དེ་ལྟར་ཡོངས་སུ་རྫོགས་པ་ཟབ་མོའི་དོན་དེ་ཆོས་ཀྱི་དབྱིངས་དང༌། ཡེ་ཤེས་གཉིས་སུ་མེད་བ་དོན་དམ་པ་ཉིད་ཡང་དག་པར་གླུར་བླངས་པ་གང་ཡིན་པ་དེ་ནི་མཚན་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་ལ། འདི་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པས་སོ་ཞེས་བྱ་བ་ཉིད་དོ། །རྫོགས་ལྡན་སངས་རྒྱ་ཐམས་ཅད་ཀྱིས། །དོན་དམ་སྙིང་པོ་གཙོར་གྱུར་པ། །སྒྲིབས་གཡོགས་སྐྱེ་བོ་ཐམས་ཅད་ཀྱི། །མུན་པ་བསལ་ཕྱིར་ལེགས་བྱས་བའི། །དགེ་བ་རྒྱ་ཆེན་གང་ཐོབ་དེས། །འགྲོ་བ་སྐྱེ་བའི་ཚོགས་ཀུན་དང༌། །བདག་ཉིད་དྲི་མ་གསུམ་སྤངས་ནས། །བདེ་ཆེན་རྡོ་རྗེ་འཛིན་གྱུར་ཅིག །བསྟན་གཅོས་འདི་ཡི་ཚད་གྱུར་པ། །ཚིགས་སུ་བཅད་པ་སྟོང་དང་ནི། །དྲུག་བརྒྱ་ལྔ་བཅུ་ཐམ་པར་བསྒྱུར། །མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། སློབ་དཔོན་ཆེན་པོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཌོམྦི་ཧེ་རུ་ཀའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་ཁྱུད་གྲགས་ཀྱིས་བསྒྱུར་བར་གྲགས་པའོ། །ས་ཕོ་སྤྲེའུ་དཔྱིད་ཟླ་ཐ་ཆུངས་ཡར་གྱི་ངོ་ཚེས་བཅོ་ལྔ་ལ། གཟའ་མིག་མར་གྱི་ཉིན་པར་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་ཁྲི་དབང་ཕྱུག་རིན་པོ་ཆེ་དོན་ཐམས་ཅད་སྒྲུབ་པའི་བཀའ་ལུང་གིས། རྒྱལ་མོ་སུམ་བུ་བྲ་ལུན་གྱི་འོད་ཟེར་གྱིས་སྐུ་གཉེར་མཛད་ནས། བཀྲ་ཤིས་ཀྱི་གདན་ས་ཆེན་པོ། །ཙོང་ཀ་སེར་ཏོ་བླ་ཁར་གྱི་ནང་དུ་བོད་ཀྱི་ལོ་ཙཱ་བ་ཁྱུད་གྲགས་ཀྱིས་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །།