ཁྲོ་བ་བསལ་བ།
འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ལྟེ་དབུས་ལས་སྐྱེས་བྱི་རུ་པདྨ་རཱ་གའི་མདོག་ཅན་རཾ། །སྙིང་གནས་འོངས་ཁ་བ་དུང་ལྟར་དཀར་བའི་བདུད་རྩི་ཧྲཱིཿ། །སྨིན་མཚམས་ལས་བརྒྱུད་ཨིནྡྲ་མཁའ་འདྲའི་ཐིག་ལེའི་རྒྱལ་པོ་ཨ། །གཏུམ་མོ་རྣམས་ཀྱིས་ཀཾ་བསྲེག་ནྲྀ་སྦྱོང་ཐིག་ལེ་མཆོག་གསོ་རྒྱལ། །རེ་ཞིག་བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག་ལ་རབ་གཞོལ་བས།། སེམས་ནི་གཅིག་ཏུ་རྣམ་པར་ངེས་གི་ང་གཡེངས་པར་མ་གྱུར་པ། །འགྲོ་བ་ལྔ་པོ་རྣམས་ལ་བྱམས་དང་སྙིང་རྗེ་དགའ་བ་དང༌། །བཏང་སྙོམས་བྱང་ཆུབ་ཀྱི་སེམས་ཡང་དག་པར་བསྒོམས་པ་དག་གིས་སྐྱེ་བོ་གདུལ་བར་དཀའ་བ་མ་རུངས་པ་ཐ་དད་པ་དམུ་རྒོད་དུ་གྱུར་པས། །རྒྱུད་མ་རུངས་པར་བྱས་པ་རྣམས་ཀྱི་ཁྲོ་བ་བསལ་བར་བྱའོ། །གང་ཕྱིར་སྲིད་པའི་སྡུག་བསྔལ་རྩ། །ཉོན་མོངས་དེ་ཡེ་རྩེ་ཕྱིར་དང༌། །བསོད་ནམས་མང་པོ་གཞིག་ཕྱིར་དང༌། །བདག་ལ་བརྟེན་ནས་གཞན་བརླག་ཕྱིར། །དེ་ལ་བདག་ཉིད་བསྒོམ་པར་བྱ་བའི་གནས་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྣམ་
པར་དཀར་བ་ཞེས་བྱའོ། །དེའི་ཞལ་ནི་བརྒྱ་པའོ། །ཕྱག་ནི་སྟོང་ངོ༌། །སྤྱན་ནི་རབ་ཏུ་མང་པའོ། །སྤུ་རེ་རེ་ཞིང་ཡང་འོད་ཀྱི་ཟེར་གློག་གི་མེ་ལྟ་བུ་རྣམ་པར་འཕྲོ་བའོ། །སྒྲོན་ཤིང་དང་ཚིལ་ཆེན་པོའི་མར་མེ་ལ་དབྱེས་པའོ། །ཨ་ཀུ་རུ་དང་ཏུ་རུ་སྐ་དང༌། གླ་རྩིའི་བདུག་པས་ཡང་དག་པར་བདུག་པའོ། །ཚེས་གཅིག་དང་གསུམ་དང་བདུན་ལ་སོགས་པའི་སྦྱོར་བ་ལ་ཞུགས་པའོ། །ཚེས་བརྒྱད་དང་བཞི་དང་བཅོ་ལྔ་ལ་རྒྱུན་གྱི་སྦྱོར་བ་ལ་གནས་པའོ། །བཅུ་དྲུག་དང་བཅོ་བརྒྱད་དང་གནམ་སྟོང་ལ་སྲེག་པའི་སྦྱོར་བ་མཛད་པའོ། །གཅིག་དང་གསུམ་དང་བདུན་དང་ནི། །བརྒྱད་དང་བཅུ་བཞི་བཅོ་ལྔ་དང༌། །བཅུ་དྲུག་བཅོ་བརྒྱད་གནམ་སྟོང་ལ། །བྱིས་པའི་སྟོན་མོ་གྲངས་རིམ་བཞིན། །འདི་ནི་ཟླ་བ་དང་པོ་ལའོ། །དེ་ནས་རིམ་བཞིན་ཡང་ཕྱི་མར། །མས་བཟློག་གྲངས་ཀྱི་བུད་མེད་སྟོན། །དེ་བཞིན་དེ་ཕྱིར་ཅི་འབྱོར་མཆོད། །ཚུལ་འདིས་སྤྲུལ་གདུག་ནག་པོ་ཡང༌། །ལྕགས་བསྲེགས་སྣོད་དུ་མར་གསར་བཞིན། །རིང་པོར་མི་ཐོགས་སྙིང་བརྩེ་ཅན། །ཞུ་བར་འགྱུར་བར་གདོན་མི་ཟ། །ཁྲོ་བ་བསལ་བ་རྫོགས་སོ།།