Nitartha Digital Library
Tibetan
དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་རྣམ་ཐར་ཆོས་འབྱུང་མདོར་བསྡུས།

1 occurrence of དེའི་འོག་ཏུ་
[Clear Hits]


  
  
  
  
  
 
༈ དྲུག་པ་མཉམ་མེད་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ནི།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of དེའི་འོག་ཏུ་
[Clear Hits]

 
previous༈ དྲུག་པ་མཉམ་མེད་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ནི། next

༈ དྲུག་པ་མཉམ་མེད་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ནི།

དེ་ཡང་སྐུ་འཁྲུངས་ཡུལ་གཉལ་གྱི་སེ་བ་ལུང༌། གདུང་སྙི་བ། ཡབ་དབུ་གཙོ་རྒྱ་འབར། ཡུམ་ཤོ་རོམ་བཟའ་ཚེ་ལྕམ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བ་བླ་མ་རིན་པོ་ཆེ། དེ་འོག་རྒྱ་པ་གསེར་རེ། ཆུང་བ་གྲགས་པ་སེང་གེ །རྒྱལ་པ་གསེར་རེ་ལ་སྲས་གསུམ་ཡོད་པའི་ཆེ་བ་སློབ་དཔོན་སྒོམ་པ། དེ་འོག་སྒོམ་ཆུང་ ཆུང་བ་གྲགས་མཛེས་སོ། གྲགས་པ་སེང་གེའི་སྲས་སློབ་དཔོན་ཇོ་སྲས་མཆེད་གཉིས་ཡིན་ལ། ཆེ་བ་བླ་མ་རིན་པོ་ཆེ་ངོ་མཚར་བའི་ལྟས་བཅས་མེ་ལུག་ལ་སྐུ་བལྟམས། སྐུ་གཟུགས་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ཞི་བ་དུལ་བ། ཤེས་རབ་ཤིན་ཏུ་ཆེ་བར་བཞུགས་པས་མཚན་སྙི་བ་ཀུན་དགའ་བྱ་བར་གསོལ། དགུང་ལོ་བཅུ་གཅིག་ལོན་ནས་གསོ་རིག་ལ་མཁས་པར་སྦྱངས། ཉེར་གཅིག་དུས་འཆིམ་ཇོ་སྲས་ཀྱི་བུ་མོ་ཁབ་ཏུ་བཞེས། སྲས་མིང་སྲིང་གཉིས་བྱུང་ཞིང་དར་རྒྱས་ལེགས་པོར་ཡོད་དུས་དེར། དགུང་ལོ་ཉེར་དྲུག་ལ་སྲས་ཤི་བའི་རོ་རིར་བསྐྱལ་ནས་ཚུར་ཕྱིན་པ་དང༌། སྲས་མོ་ཡང་དེར་ཤི། དེ་དང་མ་འགྱང་པར་ཇོ་མོ་ཡང་ལོ་ནད་སྟན་འབྱར་བྱུང་ནས་ཤི་བར་ཐག་ཆོད་རུང༌། ལྷ་རྗེ་གཟུགས་མཛེས་པར་ཆགས་ནས་ད་ཁྱེད་ཁྱིམ་བཟུང་ངམ་ཟེར་མཆི་མ་ཕྱུང༌། དེར་ལྷ་རྗེ་ཁྱིམ་མི་བཟུང་བར་རབ་ཏུ་བྱུང་ནས་ཆོས་བསྒྲུབ་པའི་ཁས་བླངས་པས་ཡིད་བདེ་ནས་ཤི། རྒྱུ་ནོར་རྣམས་དགེ་རྩར་བཏང་ནས་དགེ་བཤེས་ཤ་བ་གླིང་པར་རབ་བྱུང་བསྙེན་པར་རྫོགས་པར་མཛད། མཚན་བསོད་ནམས་རིན་ཆེན་དུ་བཏགས། བྱ་འདུལ་བ་འཛིན་པ་ལས་འདུལ་བ་ལ་སོགས་གསན། མང་ཡུལ་གྱི་བློ་ལྡན་ལས་ཕ་རྒྱུད་མ་རྒྱུད་ཀྱི་སྐོར་དང༌། ཟངས་དཀར་བ་ལས་བདེ་མཆོག་སྐོར་གསན། དྭགས་པོ་འདུལ་འཛིན་དང༌། དགེ་བཤེས་སྒྲེ་པ་སོགས་བརྟེན་ཅིང་མདོ་ཕྱོགས་དང༌། དབུ་རུ་སྟོད་ནས་དགེ་བཤེས་སྙུག་རུམ་པ་དང་རྒྱ་ལྕགས་རི་གོང་ཀ་བ་མང་ར་སྒོམ་བརྩོན་བྱ་ཡུལ་སོགས་ལས། སྐྱེས་བུ་གསུམ་གྱི་ལམ་རིམ་བྱང་ཆུབ་སེམས་ཀྱི་གདམས་པ་སོགས་བཀའ་གདམས་པའི་ཆོས་རྣམས་རྫོགས་པར་གསན། སྒྲོ་འདོགས་ཆོད་པར་མཛད་ནས་ད་ནི་སྒྲུབ་པ་ལ་བརྩོན་དགོས་སྙམ་ནས་ཕ་མེས་ཀྱི་བཞེངས་པའི་སེར་ཀ་བྱ་བའི་གཙུག་ལག་ཏུ་སྒྲུབ་པ་མཛད། ཏིང་ངེ་འཛིན་བཟང་པོ་སྐྱེས། ས་བཅུ་པའི་སྔ་ལྟས་རྨི་ལམ་དུ་ཤེས། སྐུ་ལ་ཤིག་སྲོ་མེད། དེ་ནས་ནམ་ཟླ་དཔྱིད་ཀར་ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་བསངས་ལ་བྱོན་ནས། ཐུགས་ཏིང་ངེ་འཛིན་དང་ཕྱག་གིས་ཡི་དྭགས་ཆུ་སྦྱིན་མཛད་ནས་བཞུགས་པར། སྤྲང་པོ་གསུམ་གྱིས་ཤིག་སྲོ་འཐུ་བཞིན་ཡོད་པ་ལས། སྤྲང་པོ་གཅིག་ན་རེ། འོ་སྐོལ་བསོད་ནམས་ཆུང་བ་ལ་རྩོལ་བ་མི་དགོས་པར་ཟན་རྡོག་ཆེ་བ་རེ་དང་ལོ་ཚོད་ཕོར་པ་རེ་འཐུང་རྒྱུ་ཡོད་ན་ལྟ་ཅི་ཟེར། གཅིག་ན་རེ། དེ་འདྲ་ལ་ཡིད་སྨོན་མ་བྱེད་མངའ་བདག་རྩེ་ལྡེ་བ་འདྲ་བ་རེ་ཡིན་ན་དགའ་མོད་ཟེར། གཅིག་ན་རེ། མངའ་བདག་རྩེ་ལྡེ་་བ་ལ་འཆི་བ་ཡོད། མི་ལ་རས་པ་འདྲ་བའི་གྲུབ་ཐོབ་ལུས་ལ་གོས་མི་དགོས་ཤིང་ཁ་ལ་ཟས་མི་དགོས་པ། ཟས་མེད་ན་མཁའ་འགྲོས་བདུད་རྩི་འདྲེན། སེང་གེ་ལ་ཆིབས་ནས་ནམ་མཁའ་ལ་འཕུར་འགྲོ་བ་དེ་ལྟརཡིན་ན་དགའ་མོད་ཟེར། དེར་བླ་མ་རིན་པོ་ཆེའི་མཚན་ཐོས་པ་ཙམ་གྱིས་ལུས་བ་སྤུ་ཟིང༌། མིག་མཆི་མ་འཁྲུགས་ཏེ་འགྲོ་རྒྱུ་མ་བྱུང༌། དེ་ནས་བྲང་ཁང་དུ་ཡན་ལག་བདུན་པ་འབུལ་བ་ལ་འཕྲོ་སྟོར་བཞིན་སོང༌། །ང་ཅི་རེད་འདུག་སྙམ། འཇིག་རྟེན་ཁམས་ཐམས་ཅད་ཡིད་ཡུལ་དུ་ཤར་བའམ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་སྙམས་བྱེད་དེ། དགོངས་ཐུན་ཁར་སྤྲང་པོ་དེར་འདྲི་བར་ཕྱིན་པས་སྤྲང་པོ་རྣམས་མགྲོན་ཁང་ཞིག་ཏུ་ཉལ་འདུག །ད་ནང་ཁྱོད་ཀྱི་གླེང་བའི་བླ་མ་དེ་གར་བཞུགས། དེའི་བླ་མ་དེ་གང་ཡིན། གདམས་ངག་ཅི་གནང༌། ས་ཆ་གར་ཡོད་ཅེས་དྲིས་པར༌། བླ་མ་གུང་ཐང་མི་ལ་རས་པ་ཡིན། གོང་མ་མར་པ་ལོ་ཙཱ། དེའི་བླ་མ་ནཱ་རོ་པ་ཡིན་ཟེར། གདམས་ངག་ནཱ་རོའི་ཆོས་དྲུག་དང་དགྱེས་རྡོར་གྱི་གདམས་པ་གནང་ཟེར། མི་རྣམས་ཀྱིས་མཇལ་སྐབས་མཐོང་སྣང་སྣ་ཚོགས་སུ་མཐོང་ཟེར། ཁོང་གྲགས་པ་ཆེ་བས་དྲིས་ནས་སོང་དང་ཤེས་ནི་འོང་ཟེར། དེ་ནས་དཀོན་མཆོག་ལ་མཆོད་པ་བྱས། གསོལ་བ་བཏབ་ནས་ཉལ་བའི་རྨི་ལམ་ལ་རག་དུང་ཞིག་བུས་པས་འཛམ་བུའི་གླིང་དུ་ཐོས་པ་རྨིས། དེང་སང་རག་དུང་འདི་འདྲ་བ་དབུས་གཙང་གཉིས་ན་མེད་བྱས་རྨིས། གཞན་ཡང་རྔ་བོ་ཆེ་སོགས་ལྟས་མི་འདྲ་བ་བཟང་བར་རྨིས། དེ་ནས་ཞིང་བཟང་པོ་ཞིག་ཡོད་པ་གསེར་སྲང་དོ་ལ་བཙོང༌། ལྕགས་རི་བ་སོགས་དགེ་བའི་བཤེས་གཉེན་རྣམས་མཇལ་ནས་ཞུས་པས་བཀས་གནང༌། འོན་ཀྱང་རྟགས་མ་བྲལ་བར་ཤོག་ཟངས་ངས་བརྡུང་ཟངས་སྐད་མིས་འདོན་པ་ཞིག་འདུག་སྟེ་ཐབས་མེད་གསུངས། དེ་ནས་ས་མོ་གླང་གི་ལོ་ལ་བོང་ཚུགས་ཀྱི་ཟླ་བ་ཕྱེད་གཉིས་ཀྱི་ས་བཅད་ནས་ཞག་བཞི་བཅུས་ཚོང་དུས་མགུར་མོར་ཕྱིན། དེ་ནས་མགོ་ཡམས་བྱ་བའི་སྙུན་དྲག་པོ་གཅིག་བྱུང་ནས་ཉིན་ཞག་བདུན་དུ་ལུས་པ་ལས། རྗེ་བཙུན་བཞུགས་པའི་གངས་དེ་ལ་བལྟ་ཞིང་གསོལ་བ་བཏབ་པས་བསྙུང་དེ་ལས་གྲོལ་བར་གྱུར། དེ་ནས་སྤྲོ་བདེ་བཀྲ་ཤིས་སྒང་དུ་བྱོན་ནས་དེར་བཞུགས། ཕྱི་དེའི་ནང་པར་བུད་མེད་རྒན་མོས་ལོ་རྒྱུས་བཤད་པས་ཐུགས་རྒྱལ་ཅུང་བཞེས་པས་མཇལ་ཁ་མ་བྱུང༌། བླ་མར་གསོལབ་བཏབ་ནས་བཞུགས་པས་ཉིན་གཅིག་བླ་མའི་མདུན་དུ་ཤོག་གསུངས། དེར་བླ་མ་ཕ་བོང་ཞིག་གི་སྟེང་དུ་བཞུགས་ཤིང་རས་པ་རྣམས་ཀྱི་བསྐོར་ནས་འདུག །དེར་ཕྱག་འཚལ་ཞིང་གསེར་སྲང་གང་དང་ཇ་ཟི་བོལ་གཅིག་ཕྱག་རྟེན་བྱས་པ་ལ། གསེར་དང་བན་རྒན་བློ་མི་མཐུན། ཇ་ལ་བསྐོལ་བའི་ཐབ་ཁ་མེད། ཁྱེད་རང་བསྒྲུབ་པའི་ཆ་རྐྱེན་གྱིས་གསུངས་ནས་མ་བཞེས། ཆང་ཐོད་ཕོར་གང་གསོལ་འཕྲོ་གདའ་བ་གནང་བས། རྟེན་དགེ་སློང་ཡིན་པ་དང་སྐུ་འཁོར་མང་བས་ལེན་མ་ནུས་པ་ལ། རྣམ་རྟོག་མ་མང་འཐུང་གསུངས། དེར་ལྷག་མ་མ་ལུས་པར་འཐུང་བས། བརྒྱུད་པ་ཟིན་ཅིང་གདམས་ངག་མ་ལུས་པའི་སྣོད་དུ་གྱུར་པར་མཁྱེན་ཏེ། དེ་ནས་ཕ་བོང་གཅིག་གི་འོག་དེར་འཁན་པ་དང༌། རི་ཤོ་ཁོག་མོ་དང༌། ཤང་ཤིང་རྣམས་བསྡུས་ནས་ཕྱེད་སྤྱིལ་བ་བྱས། ཡོན་བདག་མོ་དཀོན་འབར་དང༌། འབར་སེང་གཉིས་ལ་གསེར་ཞོ་རེ་གཙོང་བའི་རིན་ཕྱེ་བླང་ནས་ཁྲིད་ཞུས། བླ་མའི་ཞལ་ནས། ཁྱེད་ལ་དབང་བསྐུར་གྱི་བཀའ་ཡོད་དམ་གསུངས། དགེ་བཤེས་མང་ཡུལ་བློ་ལྡན་ཤེས་རབ་ལས་གསང་འདུས་ཀྱི་དབང་བཞི་རྫོགས་པར་ཞུས། དགྱེས་རྡོར་གྱི་དབང་ལན་གཉིས། བདག་མེད་མའི་བྱིན་རླབས་དང་གསུམ། ཇོ་བོ་ལུ་ཧི་པའི་བཀའ་བབས་རིན་ཆེན་རྒྱན་དྲུག་མའི་བྱིན་རླབས་དང༌། གཞན་ཡང་བླ་མ་མང་པོ་ལས་དབང་བསྐུར་མང་དུ་ཐོབ། ང་ལ་ཞག་བཅུ་གསུམ་དུ་མི་འཆོར་བའི་ཏིང་ངེ་འཛིན་བཟང་པོ་ཡོད་ཞུས་པས། ཧ་ཧ་གསུང་ཞིང་གད་མོ་ཆེན་པོ་གཅིག་མཛད་ནས༌། བྱེ་མ་བཙེར་བ་ལ་མར་ཁུ་མི་འོང༌། ཡུངས་ཀར་བཙེར་བ་ལ་མར་ཁུ་འོང་བ་ཡིན། དེ་འདྲ་ལ་དགོས་པ་མེད། ང་ཡི་གཏུམ་མོ་ཨ་ཐུང་གི་སྲོག་རྩོལ་འདི་སྒོམ་དང༌། སང་ད་བཟོད་སེམས་ཀྱི་ངོ་བོ་མཐོང་ནས་འོང་གི་ཐབས་ལམ་སྒོམས་ཤིག་གསུངས། དེ་ནས་བླ་མ་ལྷ་རྗེ་ལ་རྨི་ལམ་གྱི་ལྟས་བྱུང་བའི་དོན་མགུར་དུ་ཞུས་པ། །མདངས་སུམ་གཉིད་ཀྱི་རྨི་ལམ་ན། །ཡ་ཀི་སྤྱི་བོའི་གཙུག་རུམ་ན། །གཡུ་འབྲུག་སྔོན་མོ་འཁྱིལ་བ་རྨིས། །གཡུ་ཡི་ན་བུན་འཐིབས་པ་རྨིས། །དུང་གི་ཁུ་འཕང་བབས་པ་རྨིས། །གཡས་སུ་ཁྱུང་ཞིག་ལྡིང་བ་རྨིས། །གཡོན་དུ་རྒོད་ཅིག་འཁོར་བ་རྨིས། །དཔྲལ་བར་ཉི་མ་ཤར་བ་རྨིས། །གལ་ཏ་འཕྲག་ལ་བཀལ་བ་རྨིས། །གླང་དཀར་ཕྱག་ན་བསྣམས་པ་རྨིས། །རྒྱབ་ཏུ་དགྲ་ལྔ་བསད་པ་རྨིས། །མདུན་དུ་ཆུ་མིག་བརྡོལ་བ་རྨིས། །འོག་ན་སེང་གེ་ཞོན་པ་རྨིས། ཞེས་ཞུས་པས། བླ་མའི་ཞལ་ནས། ཨེ་མ་སྐལ་ལྡན་ལས་འཕྲོ་ཅན། །རྨི་ལམ་མི་ངན་རྨི་ལམ་བཟང༌། །སྐྱེས་བུ་ལས་དང་སྐལ་པར་ལྡན། །ཡ་ཀི་སྤྱི་བོའི་གཙུག་རུམ་ནས། །གཡུ་འབྲུག་སྔོན་མོ་འཁྱིལ་བ་དེ། །བླ་མ་རྗེ་བཙུན་བཞུགས་པ་ཡིན། །གཡུ་ཡི་ན་བུན་འཐིབ་པ་དེ། །སངས་རྒྱས་ཞིང་ཁམས་སླེབས་པ་ཡིན། །དུང་གི་ཁུ་འཕང་འབབ་པ་དེ༌། །ཉོན་མོངས་ཐ་བ་སྤང་པ་ཡིན། །གཡས་ན་ཁྱུང་ཅིག་ལྡིང་བ་དེ། །དཔའ་བོ་དཔའ་མོ་འཁོར་བ་ཡིན། །གཡོན་ན་རྒོད་ཅིག་ལྡིང་བ་དེ། །རིག་འཛིན་ཕོ་མོ་འཁོར་བ་ཡིན། །དཔྲལ་བར་ཉི་མ་ཤར་བ་དེ། །འཕགས་པའི་སྤྱན་གྱིསགཟིགས་པ་ཡིན། །གལ་ཏ་ཕྲག་ལ་བཀལ་བ་དེ། །ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན། །གླང་དཀར་ཕྱག་ན་བསྣམས་པ་དེ། །བག་ཆགས་དབྱུགས་པས་དེད་པ་ཡིན། །རྒྱབ་ཏུ་དགྲ་ལྔ་བསད་པ་དེ། །དུག་ལྔ་རྩད་ནས་བཅད་པ་ཡིན། །མདུན་དུ་ཆུ་མིག་བརྡོལ་བ་དེ། །རྣལ་འབྱོརབསོད་ནམས་སྐྱེས་པ་ཡིན། །འོག་ན་སེང་གེ་ཞོན་པ་དེ། །བདུད་བཞི་ཟིལ་གྱིས་མནན་པ་ཡིན། །ཅེས་གསུངས་སོ། །དེ་ནས་རྗེ་བཙུན་བལ་ཡུལ་དུ་འབྱོན་གསུངས་པས། འཁོར་རྣམས་བལ་ཡུལ་དུ་ཚད་པ་ཡོད་ཟེར་ནས་སེམས་ནད་བྱེད་ཅིང་འདུག །ཁོ་བོ་ནི་ཚད་པས་ཤི་ཡང་ཆགས་ཕྱིར་འགྲོ་དགོས་སྙམས་པ་ལ། བྲིན་ནས་བླ་མ་འབྱོན་པར་ཐོས་ནས་ཕྱར་བ་ཆེན་པོ་བཏང་ཞིང་ཕྱག་རྟེན་གསེར་ཞོ་གསུམ་དང་འབྲས་མང་པོ་སྤུངས་ཡང་མ་བཞེས་ཏེ། དེའི་ནང་པར་བྱོན་ཏེ་བྲག་རྩ་གཅིག་ཏུ་བཞུགས་པས། བུད་མེད་གོས་ནག་པོ་གྱོན་ཞིང་བོང་རིང་བ་ངམ་ནག་པ་མིག་རྩ་དམར་བ་གཅིག་བླ་མའི་ཞལ་ལ་འབྲུ་ཚུགས་སུ་བལྟས་ཏེ། འགྲོ་བ་གར་འགྲོ་གཏོང་མཁན་སུ་ཡིན་ཟེར། དེའི་ནུབ་མོ་ནས་ཐུགས་འགྱུར་ཞིང་མ་བྱོན། བུད་མེད་དེ་ཡང་མཁའ་འགྲོ་མར་འདུག་གསུངས། དེ་ནས་སྨན་ལུང་དུ་བཞུགས་ཏེ་ཆོས་ཞུས་པ་ལ། སྔར་དབང་བསྐུར་རྣམས་ཀྱིས་གོ་མི་ཆོད་པ་མིན་ཏེ། རྟེན་འབྲེལ་ཡིན་པས་ང་རང་གི་ལུགས་ཀྱི་བྱིན་རླབས་ཆུང་ངུ་གཅིག་བྱ་དགོས་གསུངས་ནས། སིན་དྷུ་རའི་དལ་ལ་བརྟེན་ནས་བསྙན་རྒྱུད་ཀྱི་བྱིན་རླབས་མཛད་དོ། །དེ་ནས་རྗེ་བཙུན་གྱི་སྤྱན་སྔར་གསུང་གླེང་ཁོ་ཐག་ཆོད་པ་གཅིག་བྱ་དགོས་བསམ་ནས་སྤྱན་སྔར་བྱོན། དེར་བླ་མ་ལ་ཚོགས་བསགས་པའི་སྟོབས་གང་ཆེ་ཞུས་པར་བླ་མས་བདག་གིས་དགེ་བཤེས་རྒྱ་ལ་ཞུས་པས་ཁོ་ན་རེ། གསང་འདུས་དང་རྡོ་རྗེ་གདན་བཞི་རྣམས་ལས། དུས་གསུམ་སངས་རྒྱས་མཆོད་པ་ལས། སློབ་དཔོན་བ་སྤུ་ཁུང་བུ་མཆོད། ཅེས་གསུང་པ་བཞིན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་ཕུལ་བ་བས། བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེ་གསུངས། དེ་ལས་ལྷག་པའི་ཚོགས་བསོགས་ཐབས་ཡོད་དམ་ཞུས་པས་ཡོད་གསུངས། དེ་གང་ལགས་ཞུས་པས། བླ་མས་བསྟན་པའི་གདམས་ངག་དེ་ཆུད་ཟོས་མེད་པར་ཉམས་སུ་བླང་ན་དེ་ཀ་ཡིན་གསུངས། བདག་གི་དགེ་བཤེས་སྙུག་རུམ་པ་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྲིད་དམ་ཞུས་པས། ཚེ་འདི་ལ་ལྟོས་པ་སྤུ་ཙམ་མེད་པ་ཞིག་དགོས་གསུངས། དགེ་བཤེས་ཡར་ལུང་པ་ལ་ཞུས་པས་གསུངས་དེ་ངེས་པ་ཅན་མིན། དགོངས་པ་ཅན་ཡིན། སྨན་རིལ་བུ་འགྲུབ་པ། ཚེ་ཉི་ཟླ་དང་མཉམ་པ། སྐྱེ་བ་བདུན་པ། ཡི་དམ་ལྷ་ཡི་ཞལ་མཐོང་བ། མཁའ་སྤྱོད་དུ་འགྲོ་ནུས་པ་ཞིག་དགོས་གསུངས། དེ་ལྟར་ལགས་སམ་ཞུས་པས། གསུངས་དེ་དགོངས་པ་ཅན་མིན། ངེས་པ་ཅན་ཡིན། ཚེ་འདི་ལ་ལྟོས་པ་མེད་པ་གཅིག་གིས། བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་སློབ་མ་སྣོད་དང་ལྡན་པ་གཅིག་གིས། གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་རྫོགས་པར་ཞུས་ནས། བསྐྱེད་རྫོགས་ཀྱི་གདམས་ངག་བར་མ་ཆད་པར་བསྒོམས་པས། རབ་ཚེ་འདིར་སངས་རྒྱས། འབྲིང་འཆི་ཀའམ་བར་དོར། ཐ་མ་ཡང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་འགྲུབ། དེས་མ་གྲུབ་ན་དམ་ཚིག་ལ་སེལ་ཡོད་པ་ཡིན་ཏེ་རེ་ཤིག་ངན་སོང་དུ་སྐྱེ་དོགས་ཡོད། ལར་ལྷ་རྗེ་སྟོན་པ་ཁྱེད་ལྟ་བ་ཁ་ལྟ་ལ་བསྐུར་བའི་མི་དང་བློ་མ་བསྟུན། དེའི་ངག་ལ་མ་ཉན། རྗེས་སུ་མ་འབྲང༌། བསྒོམ་པ་ཉམས་སུ་ལེན་པའི་མི་དང་བློ་བསྟུན། དེའི་ངག་ལ་ཉོན། རྗེས་སུ་འབྲངས་དགོས་པ་ཡིན། གྲོས་ཕུག་ཐམས་ཅད་ཚེ་འདི་བློས་བཏང་བའི་སྐྱེས་བུ་དམ་པ་རྣམས་ལ་བྱེད་དགོས། ཚེ་འདིས་མིག་ཁྲིད་པའི་གང་ཟག་འགའ་ཞིག་གིས་ཆོས་བརྒྱད་སློབ་དུ་འོང་བ་ཡིན། ལར་སྟོང་པ་ཉིད་ལ་ཤོར་ས་ཡོད་པ་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང༌། ཤེས་བྱའི་གཤིས་ལ་ཤོར་བ་དང༌། གཉེན་པོར་ཤོར་བ་དང། ཆགས་པར་ཤོར་བ་དང༌། བཞི་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་ནི་འདི་ལྟར་བཟུང་བ་དང༌། འཛིན་པ་བློ་ཡུལ་དུ་བྱུང་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ཟེར་བ་ཡིན། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྟོང་པ་ཡིན་ཟེར་བ་ཡོད། སྟོང་ཉིད་གཉེན་པོར་ཤོར་བ་བྱ་བ་ཉོན་མོངས་པ་སྣ་ཚོགས་གང་སྐྱེས་ལ་བལྟས་པས་དེ་ཀ་སྟོང་པ་ཡིན་མོད་ཟེར་བ་ཡིན། སྟོང་ཉིད་ཆགས་པར་ཤོར་བ་བྱ་བ་ལ་སྒོམ་རྒྱུ་མེད་ཅིང་སྒོམ་ཐམས་ཅད་སྟོང་པ་ཡིན་མོད་ཟེར་བ་ཡོད། དེ་རྣམས་ཡང་དག་པ་མ་ཡིན། འོན་ཀྱང་ལས་དང་པོ་པ་བློའི་བདེན་ཞེན་བཟློག་པ་ལ་ཕན་དུ་རུང་ཙམ་ཡིན། ལར་སེམས་ཀྱི་གཞི་རྩ་མ་ཆོད་ན། བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཡོད་ཀྱང་སྲིད་པ་གསུམ་ལས་མ་འདས། རྩ་བ་མ་ཆོད་པའི་ཉམས་བྱ་བ་ཡིན། འོ་ན་ཡང་དག་པའི་ཉམས་གང་ཡིན་ན། བླ་མ་མཚན་ཉིད་དང་ལྡན་པ་གཅིག་གིས། སློབ་མ་སྣོད་དང་ལྡན་པ་གཅིག་ལ་ངོ་སྤྲོད་དེ་ཁྲིད་པས། གཉུག་མའི་ཤེས་པ་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས། སངས་རྒྱས་ཐམས་ཅད་ལ་ཆོས་སྐུའི་སྣང་བ་གསལ། རྣལ་འབྱོར་པས་ཐབས་དཔག་ཏུ་མེད་པའི་སྒོ་ནས་བསྒོམས་པས། ལྟ་བ་ཤུགས་ཀྱི་རྟོགས། ཉོན་མོངས་པ་ངང་གིས་འགགས་རྣམ་རྟོག་རང་ཤུགས་ཀྱིས་ཆོད། ཡེ་ཤེས་ཤུགས་ལ་འཆར། དེའི་དུས་ཉམས་སུ་མྱོང་བའི་རྟོགས་པ་དེ་ངག་ཏུ་སྨྲར་མི་བཏུབ། དཔེར་ན་གཞོན་ནུའི་བདེ་བའམ། ལྐུགས་པའི་རྨི་ལམ་བཞིན་ཏེ་གཞི་དེ་ནིསེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། དེས་ན་བརྒྱུད་ལྡན་གྱི་བླ་མ་བསྟེན་པ་གལ་ཆེ། དེ་བས་གཉུག་མའི་ཤེས་པ་དེ་ཕུག་གར་ཡང་མ་གཏད་སྒོ་གར་ཡང་མ་འགགས་དཔེ་གང་གིས་ཀྱང་མཚོན་པར་མི་ནུས། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབ། ཐ་སྙད་གང་གིས་ཀྱང་མཚོན་པར་མི་ནུས། དེས་ན་བཅས་བཅོས་མི་བྱ། རང་གར་མ་བཅོས་པའི་ངང་ལ་ལྷོད་དེ་ཞོག་དང༌། གསུངས་ནས་མགུརའདི་གསུངས་པ། ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། ཞེས་སོགས་གསུངས་སོ། །ཕྱི་དེའི་ནང་པར་སེ་བན་སྟོན་ཆུང་འབོད་དུ་བྱུང་བས། དབུས་པ་སྟོན་པ་ཁྱེད་རྗེ་བཙུན་གྱི་སྤྱན་སྔར་ཤོག་གསུངས་ཟེར་བས། རྗེ་བཙུན་གྱི་སྤྱན་སྔར་བྱོན་ནས་ཕྱག་འཚལ་ཞིང་ཡོད་པ་ལ། རྗེ་བཙུན་ཞལ་འཛུམ་པ་མཛད་ནས། དབུས་པ་སྟོན་པ་ཁྱོད་ཆོས་གཤའ་མ་གཅིག་བྱེད་བསམ་ན། ཡོན་ཏན་འཚོང་བ་དང་དགེ་སྦྱོར་བྱེད་པ་གཉིས་རྒྱབ་བསྣོལ་ཡིན་པས། སྟོན་བྲིན་དང་སྙེ་ནམ་དུ་བསོད་སྙོམས་གྱིས་ལ་ནུབ་མོ་གྲོང་གསེབ་ཏུ་མ་བསྡད་པར་སྤྲོ་བདེ་ཕུག་ཏུ་དགེ་སྦྱོར་ལ་བསྙེགས་གསུངས། རྗེ་བཙུན་མད་དགོངས་ནས་བསོད་སྙོམས་མཛད་དོ། །དེ་ནས་གཏུམ་མོའི་ཁྲིད་ཞུས་ནས་བསྒོམ་པས་བདེ་དྲོད་རང་འབར་ལ་སོང༌། ཞག་བདུན་གྱི་ནང་པར་རྒྱལ་བ་རིགས་ལྔའི་ཞལ་མཐོང༌། བླ་མར་ཞུས་པས་འབྱུང་ལྔའི་རླུང་ཟིན་པ་ཡིན་གསུངས། ཡང་བསྒོམས་པས་སྟོང་གསུམ་འདི་འཁོར་ལོ་བཞིན་འཁོར་ནས་འདུག་པས་སྟོང་སྐྱུག་བྱས་ནས་བརྒྱལ་ཞུས་པས། རོ་རྐྱང་གཉིས་རླུང་དྷུ་ཏིར་འཇུག་པ་ཡིན་གསུངས། ཡང་བསྒོམས་པས་ཉིན་གཅིག་ཐུགས་རྗེ་ཆེན་པོས་ཐེམ་མེར་གང་བ་ལ་དབུ་ཡི་སྟེང་ན་ཟླ་དཀྱིལ་རེ་འདུག་པ་མཐོང་ཞུས་པས། སྤྱི་བོ་བདེ་ཆེན་འཁོར་ལོ་ཐིག་ལེའི་གང་བ་ཡིན་གསུངས། ཡང་བསྒོམས་པས་དམྱལ་བ་ཐིག་ནག་མཐོང་བས་སྙིང་འཚང་ཞུས་པས་གྱེན་རྒྱུའི་རླུང་ཟིན་པ་ཡིན་གསུངས། ཡང་བསྒོམས་པས་འདོད་ལྷ་རྣམས་རིགས་དྲུག་གི་ལྷ་རྣམས་རིམ་པར་བདུད་རྩི་འབེབས་པ་མཐོང་ཞུས་པས་མགྲིན་པ་ལོངས་སྤྱོད་འཁོར་ལོ་ཐིག་ལེས་གང་བ་ཡིན་གསུངས། ཡང་བསྒོམས་པས་ལུས་འཕར་འདར་གཡོ་བ་དང་ངག་རྒོད་པ་དང་ཀུ་འདེབས་འདོད་པ་བྱུང་བ་ཞུས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་ཐིག་ལེས་གང་བ་ཡིན་གསུངས། ཡང་བསྒོམས་པས་ཉིན་གཅིག་ཉི་ཟླ་གཉིས་གཟས་ཟིན་པ་མཐོང་ཞུས་པས། དྷུ་ཏིར་རོ་རྐྱང་གཉིས་ཀྱི་རླུང་ཚུད་པ་ཡིན། ལར་དེ་རྣམས་སྐྱོན་དང་ཡོན་ཏན་གང་ཡང་མིན། ཕོ་རྒོད་རབ་ཏུ་འདུག །ད་ནི་ད་ནི་བྱ་བ་ལན་གསུམ་གསུངས་པས། དྲག་ཏུ་བསྒོམས་པས་ཟླ་བ་གཅིག་ནས། དགྱེས་རྡོར་དམར་པོའི་དཀྱིལ་འཁོར་ཞིག་མཐོང་བས། ད་ནི་གསུངས་པས་ཡི་དམ་གྱི་ལྷ་ཡིན་བསམ་ཞུས་པས། སྙིང་ག་ཆོས་ཀྱི་འཁོརལོ་མ་ལས་ཐོབ་པའི་རཀྟ་བརྟན་པ་ཡིན་གསུངས། ཡང་བསྒོམས་པས་བདེ་མཆོག་ལུ་ཧི་པའི་ཀེང་རུས་ཀྱི་དཀྱིལ་འཁོར་ཞིག་མཐོང་ཞུས་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་ཐིག་ལེས་གང་བ་ཡིན་གསུངས། ཡང་བསྒོམས་པས་འཆར་སྒོ་སྣ་ཚོགས་ལ་གེགས་སེལ་བོག་འདོན་གྱི་རིམ་པ་འགའ་ཞིག་མཛད། དེ་ནས་སྲོད་ལ་ཡི་དམ་གྱི་ལྷ་བསྒོམས་བཟླས་པ་བྱས། གུང་ལ་བླ་མའི་རྣལ་འབྱོར་བསྒོམས། ཐོ་རངས་སྲོག་རྩོལ་གྱི་རླུང་ལ་འབད། ནངས་པར་སྐྱ་རེངས་ཤར་བ་ན་གཉིད་ཐུན་ཕྲན་ཙམ་སོང་བར་སྔར་འདྲིས་བག་ཆགས་མེད་པའི་རྨི་ལམ་གྱི་མཚན་ལྟས་ཉེར་བཞི་བྱུང་བས་ལྟས་དགེ་མི་དགེ་སྙམས་ནས་རྟོག་པ་ཞིག་སྐྱེས། ཡང་བླ་མ་སངས་རྒྱས་མངོན་སུམ་དུ་བཞུགས་པ་ལ་ཞུས་པས་ཆོག་དགོངས་ནས་ཚ་བ་མ་བསྐོལ་བར་དེ་གར་བཞེངས་ནས་བྱོན། རྗེ་བཙུན་ཆུ་བར་བྲག་རྩ་ན་བཞུགས་པ་དང་མཇལ། ཕྱག་འཚལ་མཎྜལ་ཕུལ་ནས་ཞུས་པ༌། བདག་ལ་སྔར་འདྲིས་བག་ཆགས་མེད་པའི་རྨི་ལྟས་ཉེར་བཞི་བྱུང་བ་དེ་རྣམས་དགེ་མི་དགེ་ཇི་ལྟར་ལགས་ཞུས་པའི་མགུར་ཕུལ་བ། རྗེ་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། ཞེས་སོགས་ཕུལ་བས། བུ་ལྷ་རྗེ་སྟོན་པ་ཐུགས་མི་བདེ་མི་འཚལ། ཤེས་པ་གློད་ལ་ཞོག །ང་རྨི་ལམ་གྱི་ཆོས་ཉིད་ཁུང་དུ་ཆོད་པ་ཡིན། ད་རེས་བུ་ཁྱོད་ཀྱི་རྨི་ལྟས་དེ་རྣམས་དོན་ངོ་སྤྲོད་པས་ཐུགས་མ་ཡེངས་པར་གསན་འཚལ། གླུ་དྲིན་ལན་འཇལ་ལོ་ལྷ་རྗེ་བ། སོགས་ཀྱི་མགུར་གསུངས། ལར་རྨི་ལམ་དང་རྟགས་མཚན་ལ་མངོན་ཞེན་མ་ཆེ། བདུད་འཇུག་པའི་ཆོས་ཡིན་ཞེས་གསུངས། ཚོགས་པ་སྐྱོང་བའི་དུས་ནམ་ཡིན་ཞུས་པས། ཅི་ཞིག་ན་ད་ལྟ་དང་མི་འདྲ་བའི་རྟོགས་པ་ཞིག་སྐྱེ་ལ། ཕ་རྒན་ང་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བ་ཞིག་ཡོངས་བས་དེ་དུས་ཚོགས་པ་སྐྱོངས་ཤིག །ད་ནི་འདི་ནས་ཤར་གྱི་ཕྱོགས་ན། སྒམ་པོ་གདར་གྱི་རི་བོ་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། རྩེ་མོ་རིན་ཆེན་པྲོག་ཞུ་ལྟ་བུ། རྩེ་མོ་ལྔ་རུ་ཡོད་པ། ང་ཡི་ཞྭ་འདི་ལྟ་བུ། སྤང་ཐང་གསེར་གྱི་མཎྜལ་བཀོད་པ་ལྟ་བུ་མདུན་རི་རིན་ཆེན་སྤུང་པ་འདྲ་བ། རྒྱབ་རི་དར་དཀར་ཕྱར་བ་ལྟ་བུ། རི་བདུན་བློན་པོ་ཕྱག་འཚལ་བ་ལྟ་བུ། དེའི་མགུལ་ན་ཁྱོད་ཀྱི་གདུལ་བྱ་ཡོད་པས་དེར་སོང་འགྲོ་བ་སེམས་ཅན་གྱི་དོན་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། །བུ་སྟོན་པ་དབུས་སུ་བཞུད་མི་བཞུད། ཅེས་པ་ལ་སོགས་མགུར་མང་དུ་གསུངས་ནས། ཁྱོད་ཀྱི་མིང་ལ་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་བྱ་བ་ཡིན་ནོ་གསུངས། དེ་ནས་དབང་དང་བྱིན་རླབས་མཛད་ནས་ཆོས་ཐམས་ཅད་རྫོགས་པར་གནང་ཞིང༌། ད་ཡུལ་དུ་སོང་དང་ང་བས་ཀྱང་འགྲོ་དོན་ཆེ་བ་གཅིག་འབྱུང་བར་འདུག་གསུངས་སོ། །དེ་ནས་ཕྱག་དཔེ་ཐམས་ཅད་གཉེར་མཛད་པའི་ལྕམ་ལྷན་ཅིག་སྐྱེས་པའི་སྒྲོན་མ་ལ་ཞུསཏེ། ལེགས་སེའི་རྩ་ནས་ཕྱག་དཔེ་ཐམས་ཅད་ལྷག་ལུས་མེད་པར་ཞལ་བཤུས་ནས་བཅད་དོ། །དེ་ལྟར་རྗེ་བཙུན་གྱི་དྲུང་དུ་ཟླ་བ་བཅུ་གསུམ་བཞུགས་ནས། ལྕགས་ཕོ་སྟག་གི་ལོ་ལ་དབུས་སུ་འབྱོན་པར་བརྩམ་སྟེ། ཤིང་སྟག་པའི་ནགས་ཡོད་པ་གཅིག་གི་ཆུ་ལ་རྡོ་ཟམ་ཡོད་པའི་བར་ལ་སྐྱེལ་ཐུང་མཛད་དོ། །དབུས་པ་སྟོན་པ་རྟེན་འབྲེལ་གྱི་གནད་ཞིག་གིས། ཆུ་འདི་ཡི་ཕར་ཀར་ཁོ་བོ་བགྲོད་མི་བཏུབ་པར་འདུག་པས། འོ་སྐོལ་ཕ་སྤད་ཀྱི་ཕྲིན་སྒོས་འདིར་བྱ། ཁྱོད་ཁྲེས་པོ་ཕོག་ལ་སྡོད་ཅིག་གསུངས་ནས། ཨ་རུ་ར་གསེར་མདོག་གཅིག་དང་མེ་ཆ་གཅིག་གནང་སྟེ། དབུས་པ་སྟོན་པ་ཕ་ཚན་གྱི་ཁེ་གྲགས་སྤོང༌། གཉེན་འདུན་གྱི་ཐག་པ་ཆོད། ཚེ་འདིའི་གདོས་ཐག་མེད་པར་གྱིས། རི་ཡི་བུ་གྱིས། ཆོས་ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་སུ་ལོངས། མི་རྒན་ང་ལ་གསོལ་བ་ཐོབ། སྤྱིར་ཡང་རི་དྭགས་རྨས་མའམ། བྱ་བཞིན་བྱོན་བག་ཆེ་བར་བྱ། ཞི་བ་དུལ་བ་རྩེ་རག་ཆུང་བར་བྱ། ཐམས་ཅད་དང་མཐུན་པར་བྱ་ གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རྟོག་པ་ཤིན་ཏུ་ཆུང་བར་བྱ། རི་མཚམས་དང་སྨྲ་བཅད་འདག་ཆར་གསུམ་གྱི་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤང་བ་བསླབ། བསགས་སྦྱངས་གཉིས་པོ་རང་སར་དག་ཀྱང་ཚོགས་ཆུང་ངུ་ཆུང་ངུ་ནས་བསགས། ལས་རྒྱུ་འབྲས་ནམ་མཁའ་ལྟར་གོ་ཡང༌། སྡིག་པ་ཆུང་ངུ་ཆུང་ངུ་ལ་འཛེམ། མཉམ་བཞག་དང་རྗེས་ཐོབ་མེད་པའི་ཉམས་ལེན་ཡོད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་ལོངས། བདག་གཞན་མཉམ་པ་ཉིད་དུ་གོ་ཡང༌། ཆོས་དང་གང་ཟག་ལ་སྐུར་པ་མ་འདེབས་གསུངས་ནས། བུ་ཁྱོད་སང་ཕོད་ཡོས་བུ་ལོའི་རྟའིི་ཟླ་བའི་ཚེས་བཅུ་བཞི་ལ་བྲིན་སྙེ་ནམ་གྱི་རི་ལ་སླེབས་པར་གྱིས་ཤིག་གསུངས་ནས། བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། ཞེས་སོགས་དྭགས་པོའི་སྐྱེལ་མགུར་མཛད་དོ། །དེ་ནས་རྗེབཙུན་ཡར་བྱོན་ཏེ། སློབ་མ་ཐམས་ཅད་བསགས་ནས། ལྷ་རྗེ་སྟོན་པ་དེེས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག །མདང་ང་ཡི་རྨི་ལམ་དུ། བྱ་རྒོད་པོ་སེར་པོ་གཅིག་དབུས་སུ་འཕུར་ནས་སོང༌། དེ་རི་ཆེན་པོ་གཅིག་གི་རྩེ་ལ་བབས་ཏེ། ཕྱོགས་ཕྱོགས་ནས་ངང་པའི་འཁོར་མང་པོ་འདུས་ནས། དར་གཅིག་ན་སོ་སོར་གྱེས་ཏེ། ངང་པ་རེ་རེ་ལ་གཡོག་ལྔ་བརྒྱ་ལྔ་བརྒྱས་བསྐོར་ནས་ལུང་པའི་གཤིས་ཐམས་ཅད་ངང་པས་སེར་ཉོག་གིས་གང་ནས་སོང་བ་རྨིས། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ། ཁོ་བོའི་རྗེས་སུ་རབ་ཏུ་བྱུང་བ་མང་པོ་ཡོང་བར་འདུག །ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག །ཁོ་བོས་ཀྱང་སངས་རྒྱས་ཀྱིི་བསྟན་པ་ལ་བྱ་བ་བྱས་པར་འདུག་གསུངས། དེ་ནས་དྭགས་པོ་དབུས་སུ་བྱོན་ཏེ། བཀའ་གདམསཀྱི་ཆས་རྣམས་མ་བོར་བར་དགེ་བཤེས་སྙུག་རུམ་པའི་རྩར་ཕྱིན་པས། ཁྱོད་ལ་ཡོན་ཏན་ཅི་བྱུང་གསུངས་པ་ལ། རླུང་ཕྱི་ནང་དུ་མི་རྒྱུ་རྟོགས་པ་ནམ་མཁའ་དང་མཉམ་ཞུས་པས། ངོ་མཚར་ཆེ་གསུང་ནས་ཚེ་བསྲིང་བའི་ཆོ་ག་ཡང་གནང་ངོ༌། དེ་ནས་གཉལ་དུ་བྱོན་ནས་བཞུགས་ཙམ་ན། བླ་མའི་གསུང་དྲན་ནས། རྒྱ་པ་གསེར་རེ་ལས་གསེར་ཞོ་བཅུ་གཉིས་ནས་ཀྱིས་ཉོས་ནས། རས་སྒོམ་རས་པ་ཁྲིད་དེ་བྱོན་པས་ཡར་ལུང་གི་མདར་སླེབ་ཙ་ན། གཙང་གི་བོང་ཚོང་བ་དང་འཕྲད་ནས། དེ་རྣམས་ན་རེ། རྗེ་བཙུན་རྟའི་ཟླ་བའི་ཚེས་བཅུ་བཞི་ལ་གཤེགས་ཟེར་ནས། ཕྱག་འཁར་དང་ན་བཟའི་རས་དུམ་གཅིག་མཆོད་པའི་རྟེན་དུ་བསྐུར་བ་ཡང་གཏད། དེའི་མོད་ལ་སྤྱན་ཆབ་མང་པོ་ཤོར་ནས་དྲན་མེད་དུ་བརྒྱལ་སོང་སྐད། དེར་རྩ་ན་ཡོད་པ་རྣམས་ཀྱིས་ཕྱག་ཞབས་ལ་སྐུ་མཉེ་ཕུལ། ཞལ་ལ་ཆུ་མང་དུ་བཏབ་པས་དར་ཅིག་ལ་དྲན་པ་རྙེད་ནས་གསེར་རྣམས་བྲིན་གྱི་ཕྱོགས་སུ་གཏོར་ནས་བླ་མ་ལ་གསོལ་བ་འདེབས་པའི་མགུར་གསུངས་སོ། །དེ་ནས་ཁོ་རང་གི་ཕྱོགས་ལ་ཕྱིར་བྱོན་ཏེ། ཉི་མ་དྲོས་རན་དུ་སོང་འདུག་པས་སེའུ་ལྕོག་གཅིག་གི་རྩ་ན་བུད་མེད་གཅིག་འདུག་པ་ལ་གྲོ་གཅིག་འདོད་གསུངས་པས། དེ་ན་རེ་གྲོ་དྲངས་པས་ཆོག་སྟེང་ཁང་དུ་བྱོན་ཟེར་ནས། དེར་བུད་མེད་དེས་ནས་སྤར་གང་ཁྱེར་ནས་ས་གཅིག་ལ་ཞིང་རྨོ་བའི་ཚུལ་བྱས་ནས་དེ་ལ་བཏབ་པས་ལྗང་བུ་སྐྱེས་ནས་ནས་སུ་སྨིན་ཏེ། དེ་ལ་རྩས་མ་བྱས། དབྱུག་པས་བརྡུངས་ནས་བརྔོས་ཏེ་བཏགས་ཤིང་ཟན་དུ་བརྫིས་ཆབ་བསྐོལ་ཞིང་བླ་མ་ལ་གྲོ་དྲངས་ཏེ་ཆབ་གཅིག་བཏང་བས་དེའི་ཞལ་བཤལ་ནས་བཞེངས་པ་སྙམ་བྱེད་ཙ་ན་སེའུ་ལྕོག་དང་བུད་མེད་གང་ཡང་མི་འདུག་པས་ང་འཁྲུལ་བ་ཡིན་བསམ་ཙ་ན། མ་འཁྲུལ་བར་ཟན་གྱི་སྒྲེག་པ་ཆིལ་ཆིལ་འདུག། ལར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཞིང་བདེན་པའམ་རྫུན་པའི་མཐའ་དང་བྲལ་བ་འདི་ལྟ་བུ་གཅིག་ཨང་སྙམ་སྟེ། ཉམས་སུ་མྱོང་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་སོ། །དེ་ནས་འཁོར་ལ་སྔ་བ་རས་སྒོམ་རས་པ་བྱ་བ་ཉེ་གནས་བྱས། གཉལ་ཕྱེ་བ་ལུང་དུ་ལོ་དྲུག་བསྒོམས་པས། དེའི་དུས་བཀའ་གདམས་པའི་ཆོས་སྤྱོད་ཀྱི་རམ་འདེགས་བྱས་པས་སྔར་གྱི་ཉམས་མྱོང་ཁྱད་པར་ཅན་རྣམས་ཡལ་ནས་སོང༌། དེར་ཐུགས་མ་བདེ་ནས་སྔར་གྱི་བཀའ་གདམས་པའི་བླ་མའི་སར་འགྲོའོ་སྙམ། ང་ཡི་བླ་མ་རྗེ་བཙུན་ཞལ་ནས། ཕྱག་རྒྱ་ཆེན་པོ་བསྒོམ་དུས་སུ། ལུས་ངག་གི་དགེ་སྦྱོར་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉན་ཡོད། ཅེས་གསུངས་པ་བཞིན། ད་བླ་མར་ལྟོས་པ་འཆའ་བ་ཡིན། གསུངས་ནས་བློ་ཁེལ་ངེས་སུ་གསོལ་བ་བཏབ་པས་རིང་པོར་མ་ལོན་པར་མཆོག་གི་རྟོགས་པ་སྐྱེས། བོ་དྷི་ཙི་ཡི་ཐུགས་དམ་བརྒྱ་རྩ་གཅིག་ཡོད་པ་ལྕང་མའི་སྡོང་པོ་ལ་བཀལ་ནས། དུས་གསུམ་སངས་རྒྱས་ཀྱིས་ང་ལུང་བསྟན་ན་ཤིང་འདི་ལ་སྐྱེ་བར་ཤོག་ཅིག། གལ་ཏེ་མ་བསྟན་ན་མི་སྐྱེ་བར་ཤོག་ཅིག །ཅེས་བདེན་པ་བརྗོད་པས་སྐྱེས་སོ། །དེ་ནས་འོལ་ཁར་བྱོན་ནས་དགེ་ལུང་དུ་ལོ་གསུམ་བསྒོམས་པས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་ནས་གཉུག་མའི་ཡེ་ཤེས་རང་ལ་དབུལ་མོའི་འོག་གི་གཏེར་ལྟ་བུ་སོགས་དཔེ་བཅུ་གཉིས་ཀྱི་མགུར་གསུངས། ཡང་ང་སྐྱེ་བ་གཅིག་གི་ཐོགས་པའི་སྲིད་པ་མཐའ་མ་ཡིན། བླ་མ་དྲིན་ཆེ་ཨང་གསུངས། ནུབ་གཅིག་རང་གི་བུ་གཅིག་ཡོད་པ་སྐེ་བཅད་ནས་སྐྱེ་རྒྱུད་བཅད་དོ་བྱས། རོ་རྦབ་ལ་བཏང་བ་རྨིས། དེ་ཕྱིན་ཆད་འོད་གསལ་དུ་འགྲོ་བར་འདུག་གསུངས་ནས་ཉང་སྒོམ་རས་པ་དང༌། ཟངས་རི་རས་པ་ལ་སོགས་ལ་བདེ་ཆེན་ཆོས་དབྱིངས་ཀྱི་མགུར་གསུངས། དེ་ལྟར་འོར་ཁར་ལོ་བདུན་སོང་ནས་དབྱར་འོ་དེ་གུང་རྒྱལ་ལ་བསྒོམ་ཙ་ན་ཐོ་རངས་ལ་དངོས་ཀྱི་གདུལ་བྱ་ཡལ་བར་དོར་ན་བྱང་ཆུབ་སེམས་དཔའི་ལྟུང་བ་ཡིན་ཟེར་བའི་སྒྲ་ནམ་མཁའ་ནས་གྲགས་བྱུང༌། དགུན་འགྲོ་སྙམས་པར་ཡུལ་བདག་བཙད་པོའི་ཚུལ་གྱིས་འདིར་བཞུགས་ན་ཡོན་བདག་དང༌། སྒམ་པོར་ཕེབས་ནའང་བཞེད་དོན་བསྒྲུབ་ཟེར། སྐྱབས་འགྲོ་སེམས་བསྐྱེད་དང་སྡིག་བཤགས་ཞིག་ཞུ་ཟེར་བས། དེར་སྐྱབས་སེམས་དང་སྟོབས་བཞིའི་སྒོ་ནས་སྡིག་སྦྱངས་གསུངས། ཕྱག་རྒྱ་ཆེན་པོའི་སྒོམ་ཞིག་བཏབ་སྙམ་པར་འཇའ་ཡལ་བ་བཞིན་སོང༌། དེ་ནས་སྒམ་པོར་བྱོན་ནས་ལོ་བཅུ་གཉིས་འདག་སྦྱར་བྱ་དགོས་སྙམ་ནས་ཟངས་ལུང་དུ་འདག་ཆར་གྱི་ཁང་པ་ལེགས་པོ་ཞིག་བྱས་ནས་ཐོག་མར་ཆུ་ཡི་བཅུད་ལེན་བྱ་དགོས་སྙམ་ཙ་ན། བུད་མེད་ལུས་ལ་ཐལ་བ་བྱུགས་པ་ལག་ན་རྨ་བྱའི་སྒྲོ་ཆུན་བཟུང་བ་ཞིག་ན་རེ། བཅུ་གཉིས་འདག་ཆར་བྱས་པ་བས། བཅུ་གཉིས་བསྟན་པ་སྤེལ་ན་དགའ། ཟེར་ནས་མི་སྣང་བར་སོང༌། དེར་ཞག་འགའ་ནས་གཙང་གི་ཀློག་སྐྱ་སྟོན་པ་ཟེར་བ་བྱུང་ནས་གདམས་ངག་ཞུས་པར་གནང་ནས་སྒོམ་ཆེན་གཤའ་མར་བྱུང༌། དེ་ནས་དགེ་བཤེས་རྒྱལ་བ་ཁྱུང་ཚང་བ་དང༌། གཉག་ནག་པོ་དང༌། གཉག་དམར་པོ་བྱུང༌། ཡང་དཔོན་སློབ་དྲུག་ཅུ་ཙམ་བྱུང༌། དེ་རྣམས་ཀྱི་ཁྲིད་ཚར་ནས་མཚམས་བྱ་དགོས་སྙམ་ཙ་ན། དབུས་གཙང་ཁམས་གསུམ་གྱི་སྣོད་ལྡན་རྣམས་འདུས་ཏེ། དེ་དག་རིང་པོར་མ་ལོན་པར་ཉམས་རྟོགས་དང་རྩ་རླུང་གི་ཡོན་ཏན་བཅུ་གཉིས་ལ་སོགས་མངོན་ཤེས་དང་ལྡན་པ་ཤ་སྟག་བྱུང་ཞིང༌། དེ་ཡང་མ་དག་པའི་དངོས་པོ་བརྒྱད་མི་འཆང་ཞིང་ཙོག་པུའི་རྣལ་འབྱོར་ལ་བརྩོན་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ། གསང་སྤྱོད་དང་སྨྲ་བཅད་རི་མཚམས་ཁོ་ནས་དུས་འདའ་བ་བྱུང་ངོ༌། གཞན་ཡང་དྲང་སྲོང་ཆེན་པོ་དེས་སྐུ་ཡི་བཀོད་པ་རྫུ་འཕྲུལ་བསམ་མི་ཁྱབ་པ་མཛད་དོ། སློབ་དཔོན་ཁམས་པའི་ཞལ་ནས། རེས་ཤིག་སྐུ་ཡི་སྤྲུལ་པ་རྣམ་བཞིར་བསྟན། །་རབ་ཏུ་གནས་དང་གཞན་ལ་ཆོས་སྟོན་དང༌། །མཁའ་ལ་འཕུར་དང་གཅིག་ནི་འདག་སྦྱར་བཞུགས། །ཟད་པར་ཟིལ་གནོན་ཏིང་འཛིན་ཅིར་ཡང་བསྒྱུར། །སྐུ་ལ་སྒྲིབ་མེད་འཇིག་རྟེན་དབང་པོར་སྤྲུལ། ཅེས་དང༌། ཡང་སློབ་མ་རྣམས་ཀྱིས་མཐོང་སྣང་སྣ་ཚོགས་པར་བསྟན་པའི་ཚུལ་ཡང༌། དད་ལྡན་རྣམས་ཀྱི་འཁོར་ལོ་སྡོམ་པར་མཐོང༌། །རབ་གནས་མཛད་ཚེ་བྱང་ཆུབ་ཆེན་པོར་སྤྲུལ། །ཡེ་ཤེས་སེམས་དཔའ་རྟེན་ལ་དངོས་སུ་ཐིམ། ཞེས་གསུངས་པ་ལྟར་རོ། །ཡང་རྒྱལ་བ་ཁྱུང་ཚང་ཅན་གྱི་བསམ་པ་ལ། བླ་མ་རིན་པོ་ཆེའི་བཙུན་ཆུང་འདི་རྣམས་ལ་ཐོས་པ་བག་རེ་བྱེད་མི་འཇུག་པར། སྒོམ་ཉི་ཚེ་བ་ལ་བཅུག་པས་ཡོན་ཏན་ཅང་སྐྱེའམ་སྙམ་ཙ་ན། དེའི་ནུབ་མོ་རྨི་ལམ་ན་སྒམ་པོའི་རི་ཐམས་ཅད་ཕུག་གིས་གང་ནས་འདུག །དེ་རྣམས་ཀྱི་ནང་ནས་རིན་པོ་ཆེའི་མཆོད་རྟེན་མང་པོ་འདུག །ཕལ་ཆེར་བཟོ་ཤིན་ཏུ་ལེགས་པ་འོད་ནམ་མཁའ་ལ་འགྲོ་བ་ཁོ་ན་འདུག །ལ་ལ་ནི་བཟོ་ཕྱེད་ཙམ་ཚར་ནས་འདུག །ལ་ལ་ནི་གཟུགས་དོད་པ་ཙམ་དཀར་ཆབ་གསོལ་ཏེ། མི་མང་པོའི་ཕྱག་འཚལ་ཞིང་འདི་རྣམས་འཇིག་རྟེན་ལྷ་དང་བཅས་པའི་མཆོད་གནས་ཡིན་ཟེར་བ་རྨིས། དེའི་ནངས་པར་བླ་མ་ལ་ཞུར་སོང་བས། ཕྱག་འཚལ་ནས་དེ་ཚོ་ཞུ་མ་ཁོམ་པར་བླ་མའི་ཞལ་ནས། སྤྱིར་མཚན་ཉིད་པ་རྣམས་ཀྱིས་ང་ལ་སྡང༌། སྒོས་སུ་ཁྱོད་ཀྱིས་ང་ལ་བརྙས་ཏེ་ང་ཡི་བཙུན་ཆུང་འདི་ཚོ་ལ། ཁྱེད་ཀྱི་རྨིས་པ་ཁོ་ན་བཞིན་ཡོད་པ་ཡིན། སྤྲང་ཕྲུག་འདི་ཚོ་ཡང་འཇིག་རྟེན་ལྷ་དང་བཅས་པའི་མཆོད་གནས་སུ་ཡོང་བ་ཡིན། ཁོ་བོ་ལ་ནི་ཆེ་རིག་ཆེ་འཚིངས་ཆུང་རིག་ཆུང་འཚིངས་བ་ཡིན་ཏེ། མི་ལ་ལས་ཁོ་བོས་བསྟན་པ་སྣུབ་ཟེར་བ་དེ། བསྟན་པའི་བདག་པོ་སུ་ཡིན། བསྟན་པ་ལ་སུས་ཕན། སེམས་ཅན་གྱི་དོན་སུ་ཡིས་བྱས་ཉི་འོག་གི་རྒྱལ་ཁམས་འདི་ན་བསྟན་པ་སུས་བསྲུང༌། རང་རེ་ཚོ་ལ་འགའ་ནས་གསལ་ཏེ་འོང་གསུངས་སོ། །གཞན་ཡང་ར་རྫི་སྒོམ་སྐྱེས་ཀྱིས་བླ་མའི་མཚན་ཐོས་པས་སྒོམ་བྱུང་བ་དང༌། རྒྱ་སྒོམ་རྡོར་སེང་གིས་ཡེ་མ་མཐོང་བར་མོས་གུས་མཎྜལ་ཕུལ་བས་སྒོམ་བྱུང༌། གཞན་ཡང་ཉང་སྟོན་དང་ཤེལ་སྒོམ་གཉིས་ཀྱིས་སྒོམ་ཞུར་བྱོན་པས་སྒམ་པོའི་རི་རྩར་ཉལ་བ་དང་སྲོད་ལ་ཉང་སྟོན་དང༌། ནམ་ལངས་ཁར་ཤེས་སྒོམ་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས། འོལ་ཁའི་མཛེ་མོ་ཞིག་གིས་བླ་མ་བཞུགས་པའི་གངས་དཀར་རམ་མེ་བ་ལ་བལྟས་ནས་གསོལ་འདེབས་བྱས་པས་ནད་ལས་གྲོལ། རྗེ་ཡི་སློབ་མ་འབྲོམ་དམར་ཡུ་བྱ་བ་ཕྱིས་ཁྱིམ་པར་གྱུར་ཀྱང་ཤི་དུས་རོ་བསྲེགས་པས་རིང་བསྲེལ་ཕོན་ཆེ་བར་མཆིས། སྒལ་ཚིག་ལ་དེ་བཞིན་གཤེགས་པའི་སྐུ་བྱོན་པ་སོགས་ངོ་མཚར་བ་བྱུང༌། ཡང་སློབ་དཔོན་སྒོམ་པས་རོ་གཅིག་སྐྱེས་པའི་ཚད་གང་ལ་བྱེད་ཞུས་པས། མདུན་ན་ཀ་བ་ཞིག་ཡོད་པ་ལ་ཕྱག་གཡུག་པ་མཛད་པས་ཐོགས་མེད་དུ་སོང་བ་དེ་ཡིན་གསུངས། གཞན་ཡང་གདུལ་བྱ་མང་པོའི་སྣང་ངོར་སྐུ་ལུས་ཀྱི་བཀོད་པ་དང༌། རྫུ་འཕྲུལ་དཔག་མེད་བསྟན་པ་སོགས་ནི་བརྗོད་ཀྱིས་མི་ལང་ངོ། ཡང་གྲུབ་ཐོབ་ཤངས་པའི་ཐུགས་སྲས་རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་བྱ་བ་མཇལ་དུ་བྱོན། གསེར་ཞོ་བཅུ་གཉིས་བུར་བཏང་གསུམ་རྣམས་ཕུལ། ཆོས་དྲུག་དང་རྨི་ལམ་གྱི་གདམས་པ་ཟབ་མོ་ཞུས་པས་ཉམས་མྱོང་གི་བོགས་ཁྱད་པར་དུ་ཐོན། དེ་ནས་ཡར་བྱོན་རྨོག་ཅོག་གི་བྲག་ལ་བསྒོམས་པས་གྲུབ་པ་ཐོབ། ཞི་བྱེད་པའི་གྲུབ་ཐོབ་རྒྱལ་བ་རྟན་ནེ་ཞེས་པ་ལོ་བདུན་ནས་བླ་མ་ལྷ་རྗེ་མཇལ། ཕྱག་ཆེན་གྱི་སྒོམ་བཏབ། ཕྱིས་གྲུབ་ཐོབ་རྩོད་མེད་ཡོང་བའི་ལུང་བསྟན། གཞན་ཡང་སྐྱེས་བུ་ཆེན་པོ་དེ་ཉིད་གང་དུ་བྱོན་ཡང་འཇའ་འོད་ཀྱིས་ལམ་སྣ་འདྲེན་ཅིང༌། མི་ནད་ཕྱུགས་ནད་ཡམས་ནད་ཐམས་ཅད་རྒྱུན་ཆད་ནས་བཀྲ་ཤིས་བདེ་ལེགས་དང་ལྡན་པར་མཛད་པ་ཡིན་ཏེ། དགེ་བཤེས་ཁམས་པས། ཁྱེད་ནི་མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང༌། སྡུག་བསྔལ་ཟུག་རྔུ་མ་ལུས་སེལ་མཛད་པའི། སྨན་གྱི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། གསུངས། དེ་ནས་རེ་ཞིག་བྱར་ལྐོག་ན་བཞུགས་པའི་ཚེ། བྱང་ཡེ་ལ་སོགས་འཁོར་རྣམས་ལ་ད་ནི་ཁོ་བོ་ཡང་འཇིག་རྟེན་འདིར་ཡུན་རིང་པོར་མི་སྡོད་པས། ཆོས་ཀྱི་ལྷག་མ་དྲི་རྒྱུ་ཡོད་ན་མྱུར་དུ་དྲིས་ཤིག །འོན་ཀྱང་ཉམས་སུ་ལེན་པ་ལ་ཚིག་མང་མི་དགོས་འདི་རྣམས་ཡིད་ལ་ཞོག་གསུངས་ཏེ། དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྐུ། ཞེས་སོགས་གསུངས་སོ། །དེ་ནས་ཉིན་གཅིག་རིན་པོ་ཆེའི་ཞལ་ནས། བླ་མ་འབའ་རོམ་པ་འོ་སྐོལ་ཕ་སྤད་འགྲོགས་ཡུན་རིང་བས་ཁྱོད་ཀྱི་ལུས་སྲོག་ལ་ལྟོས་པ་མེད་པའི་ཞབས་ཏོག་བྱས་ཤིང༌། གདམས་ངག་ཐམས་ཅད་ཚར་བ་ཡིན་གསུངས་ནས། གསེར་སྲང་གང་གནང་སྟེ། ད་ཁྱོད་ཀྱང་འབའ་རོམ་བྱ་བ་ལྷོ་བྲག་མར་པ་ཡབ་སྲས་ལ་སོགས་ཀྱི་སྒྲུབ་གནས་ཡིན་པས། དེར་སོང་ལ་དང་པོ་གསེར་འདིས་སྒྲུབ་རྒྱགས་གྱིས་ལ་སྒྲུབས་དང༌། དེ་ནས་སྟེར་མི་འོང་གསུངས། བླ་མ་འབའ་རོམ་པས་གསེར་མཎྜལ་བྱས་ནས་ཡར་ཕུལ་ཞིང་ཕྱག་འཚལ་ཏེ། སྤྱན་ཆབ་མང་པོ་ཕྱུངས་ནས་བླ་མ་རིན་པོ་ཆེ་སྐུ་ཚེ་མཐར་མ་ཕྱིན་གྱི་བར་དུ་སེམས་ཅན་གྱི་དོན་ལ་བཞུགས་པར་ཞུ། བདག་ཀྱང་གཞན་དུ་མི་འགྲོ་ནས་དེ་བཞིན་དུ་ཞབས་ཏོག་བྱེད་ལགས་ཞུས་པས། ཁོ་བོས་གསེར་བློས་བཏང་ཡང༌། ལན་གཅིག་ཚུར་ཕུལ་བའི་རྟེན་འབྲེལ་གྱིས་གསེར་ལ་སོགས་འབུལ་བ་མང་དུ་འོང༌། ཁྱོད་ཀྱིས་ང་ཡི་ངག་གཅོག་མ་མྱོང་ཞིང༌། ནན་ཞུས་བྱེད་པའི་ངོར་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་འོ་སྐོལ་ཕ་སྤད་ལྷན་ཅིག་འདུག་གོ །དེ་ནས་ཅིས་ཀྱང་འབའ་རོམ་དུ་སོང་སྟེ། རེ་དོགས་མེད་པའི་གདེངས་དང་ལྡན་པར་བྱོས། རྣམ་གཡེང་གི་ནོར་ལ་ཞེན་མེད་འབྲོས་པར་འགྱུར། གཞན་ཡང་སེམས་ཅན་གྱི་དོན་མཛད་ནས་སླར་ཡང་གངས་ལ་འཆི། དེ་དུས་ཙམ་ན་ཁོ་བོ་རྗེས་སུ་དྲན་པ་ཡིན་ཏེ་གསུངས་ཞིང༌། དེ་ནས་ཞག་སུམ་ཅུ་རྩ་གསུམ་ནས་སྐུ་ཡོལ་བ་ཡིན་ནོ། །དེ་ནས་བསྙུང་བ་ཆེར་མེད་ཀྱང་སྐུ་ཤེད་ཆུང་དུ་སོང་བས། ལེགས་མཛེས་ཀྱི་སྐུ་ཁམས་ཅི་འདྲ་ཞུས་པས། བླ་མ་དམ་པའི་མཚན་ཐོས་ནས་ཞེས་སོགས་གསུངས་སོ། དེ་ནས་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་ཟླ་བ་ཕྱེད་ཙམ་གྱི་གོང་ནས༌། ཁོ་བོ་སྐྱས་ཆེན་པོ་གཅིག་འདེགས་པས། གདམས་ངག་གི་ལྷག་མ་རྣམས་དང་དྲི་རྒྱུ་ཡོད་པའི་ཚིག་དྲིས་ཤིག་གསུངས༌། དེའི་ཚེ་སློབ་དཔོན་སྒོམ་པས་བླ་མ་རིན་པོ་ཆེ་ཕྱི་རབས་གདུལ་བྱ་རྣམས་ལ་ཞལ་ཏ་གདམས་ངག་དང་བཅས་པ་རྣམས་གནང་བར་ཞུ་ཞུས་པས། ཁོ་བོས་དེ་སྔ་ཚོགས་དབེན་དུ་བཤད་པ་དེ་ཚོ་ཡིན་མོད། འོན་ཀྱང་འདི་བཞིན་དུ་ཐུགས་ལ་ཐོགས་མཛོད་གསུང་སྟེ། འཆི་བ་ཞེས་བྱ་རྣམ་རྟོག་ཡིན། དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། ཅེས་སོགས་གསུངས་མགུར་མཛད་ཅིང༌། ཡང་འདི་སྐད་ཀྱང་གསུངས། བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རྣམས་དང༌། ང་ཡི་སེམས་དབྱེར་མི་ཕྱེད་པར་བརྟན་གཡོ་ཐམས་ཅད་ཁྱབ་པར་གནས་པ་ཡིན་པས་དེ་བཞིན་དུ་གོ་ཞིང་རྟོགས་པར་མཛད་པར་ཞུ། ཆོས་ཐམས་ཅད་ཀྱི་མཐར་ཐུག་པའི་དོན་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་བསྒོམ་པར་ཞུ། ལམ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཟབ་མོ་ནཱ་རོའི་ཆོས་དྲུག་བསྒོམ་པར་ཞུ། ཡོན་ཏན་སྐྱེས་ཚད་མཆོག་ཏུ་མི་འཛིན་པར་གོང་ནས་གོང་དུ་བརྩེགས་པར་ཞུ། སྒོམ་སྐྱོན་དང་ཐེ་ཚོམ་བྱུང་ན་གེགས་སེལ་གྱི་དཔེ་རྣམས་ལ་གཟིགས་པར་ཞུ། ཞི་བདེ་འདོད་ན་འདོད་ཆུང་ཆོག་ཤེས་ལ་བརྟེན་པར་ཞུ། རྫོགས་པའི་སངས་རྒྱས་བཞེད་ན་རི་ཁྲོད་དགོན་པ་འགྲིམ་པར་ཞུ། འཁོར་བའི་སྡུག་བསྔལ་དྲན་པར་གྱིས་ལ་ཚེ་འདི་བློ་ཡིས་གཏོང་བར་ཞུ། བླ་མ་རང་སེམས་ཡིན་པས་གཞན་ནས་མི་ཚོལ་བར་ཞུ། རྣམ་རྟོག་མི་མངའ་ས་ལེར་མཁྱེན་པའི་ཆོས་རྣམས་རྟེན་འབྲེལ་དུ་རྟོགས་པར་ཞུ། སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པ་ཡིན་པས་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་འདེབས་པར་ཞུ། གཞི་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། ལམ་འགགས་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ། འབྲས་བུ་གང་ལ་གང་འདུལ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དུ་ཆོས་ཐམས་ཅད་མ་ལུས་པ་མེད་པས། དེ་བཞིན་དུ་གོ་ཞིང་རྟོགས་པར་ཞུ། སེམས་ཅན་ལ་གནོད་པ་ནི་འོང༌། ཕན་པ་ནི་དཀའ་བས་གདན་ས་དང་སྐུ་ལྡེར་དང་འབུམ་པ་ལ་སོགས་པ་ནི་མི་མཛད་པར་ཞུ། བླ་མའི་གདན་ས་གང་ཡིན་ཆོས་དང་མཐུན་པ་དེ་ཡིན་པས། རྒྱལ་བའི་བཀའ་དང་མི་འགལ་བ་མཛད་པར་ཞུ། མ་འོངས་པའམ་གང་ཟག་ང་དང་མ་མཇལ་སྙམས་པ་རྣམས་ཀྱང༌། ཁོ་བོས་བརྩམ་པའི་བསྟན་བཅོས་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་དང༌། རྣམ་པར་ཐར་པའི་རྒྱན་ལ་གཟིགས་དང་ང་དང་མངོན་སུམ་དུ་མཇལ་བ་དང་ཁྱད་མེད། ད་ལྟ་ང་ཡི་འཁོར་སྙིང་མེད་པོ་འགའ་ཞིག །བླ་མ་དུས་གསུམ་གྱི་སངས་རྒྱས་འདི་དང་མ་མཇལ་ནས་ང་ལ་མེད་སྙམས་པ་ཡང་འབད་དེ་གུས་པས་གསོལ་བ་ཐོབ་དང༌། བྱིན་རླབས་ཀྱི་ཡོན་ཏན་རང་འབར་དུ་འབྱུང་བས། དེ་ལྟར་དུ་དགོངས་པར་ཞུ། ལར་བླ་མར་སྣང་བ་རྨི་ལམ་ཙམ་འདི་ནུབ་ཀྱང་ཐུགས་རྗེ་དང་བྱིན་རླབས་ཆུང་དུ་མི་འགྲོ་ཞིང༌། སྡུག་བསྔལ་ལས་སྐྱོབས་པ་དང༌། འཁོར་བར་མི་ལྟུང་བར་ང་རང་ཤེས་ཀྱིས་མོས་པ་དང་གུས་པའི་གདུང་བ་མི་གཅོད་པར་ཞུའོ་གསུངས་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྐྱེ་བ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་སྙོམས་པར་ཞུགས་སོ། །དེ་ནས་འདུས་བྱས་ཐམས་ཅད་མི་རྟག་པར་སྟོན་པ་དང༌། གདུལ་བྱ་ལེ་ལོ་ཅན་རྣམས་ལ་མི་རྟག་པར་བསྐུལ་བར་བྱ་བའི་ཕྱིར། དགུང་ལོ་བདུན་ཅུ་རྩ་ལྔ་བཞེས་པའི་དུས་སུ་ཆུ་མོ་བྱའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་སྔ་དྲོ་སྐར་མ་ཁྲུམས་སྟོད་ལ་བབས་པའི་ཚེ། སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། ནམ་མཁའ་ལ་འཇའ་འོད་དང་མེ་ཏོག་གིས་ཁྱབ་པར་གྱུར། དེར་ལྷ་རྗེ་སྙི་སྒོམ་འདས་ཟེར་བའི་སྒྲ་ཐོས། དེའི་ནུབ་མོ་སྒོམ་ཆེན་པ་ཐམས་ཅད་མཚམས་ཐོན་ལ་ཤོག་ཟེར་བ་ཐོས་ནས། ཕྱིན་ཙ་ན་བླ་མ་འདས་ནས་གདུང་ལྷ་ཁང་ཆེན་མོར་སྤྱན་དྲངས་ཤིང༌། དར་ཟབ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ལ་བཞུགས་འདུག་པ་ལ། བཙུན་ཆུང་གཉིས་ཀྱི་ལྷ་བཤོས་ཕུལ་ཏེ། མཆོད་གཉེར་བྱས་པས་ཕྱག་རྒྱ་ཆེན་པོའི་སྒོམ་སྐྱེས་ཏེ། དེར་འཚོགས་པའི་ཡོན་བདག་ཐམས་ཅད་ཀྱིས་མོས་པའི་མཆོད་པ་ཕུལ་ཞིང་གསོལ་བ་བཏབ་པས། ཕལ་ཆེར་ཏིང་ངེ་འཛིན་གྱི་ཉམས་མྱོང་ཁྱད་པར་ཅན་དང་ལྡན་པར་གྱུར་ཏོ། །དེ་ནས་ཞག་གསུམ་གྱི་ནང་པར་གདུང་བཞུ་བའི་ཕྱིར་དར་གྱི་ཁྲི་ལ་གདན་དྲངས་ཏེ། དགེ་སློང་རྣམས་ཀྱིས་སྣ་དྲངས་པའི་དགེ་འདུན་རྣམས་ཀྱིས་སེར་ཕྲེང་བྱས་ནས། མཆོད་རྫས་སྣ་ཚོགས་དང༌། རོལ་མོ་ཆ་བྱེད་དཔག་ཏུ་མེད་པ་ཐོགས་ཏེ། ཚེས་བཅོ་བརྒྱད་ཀྱི་ཉིན་པར་གདུང་སྦྱངས་པས། ས་གཡོ་བ་དང་འོད་དང་རོལ་མོའི་སྒྲ་དང༌། དུད་པ་འཇའ་ཁ་དོག་སྣ་ལྔ་ལྟར་གྱུར་ཏེ། དྭགས་པོའི་ལུང་པ་ཐམས་ཅད་ཁེངས་ནས། ཐམས་ཅད་ཀྱི་མཐོང་སྣང་ལ་མེ་ཏོག་སྔོན་པོའི་ཆར་བབས་ཤིང༌། ཐུགས་ལྗགས་དང་རིང་བསྲེལ་དཔག་ཏུ་པ་མེད་བྱོན་ནོ། །དེ་ལྟ་བུའི་བླ་མ་བདེ་བར་གཤེགས་པ་དྭགས་པོ་རིན་པོ་ཆེ་དེ་ཉིད་མདོ་སྡེ་ལས་ཇི་ལྟར་བྱུང་བའི་ཚུལ་ནི། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། ཆུ་བོ་མ་ཧཱ་ལོ་ཧི་ཏའི་འགྲམ། རི་བྲག་ཚང་ཚིང་ཅན་ན། དགེ་སློང་འཚོ་བྱེད་ཅེས་གྲགས་པ་དག་པའི་འཁོར་མ་དག་པའི་འཁོར་དྭངས་བ་འདྲེན་པ། ལྔ་བརྒྱ་ལས་མི་ཉུང་བ་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ལོངས་སྤྱོད་དོ། །ཞེས་དང༌། འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ཆོས་རྗེ་དྭགས་པོ་རིན་པོ་ཆེ་ལ། སློབ་མ་ངོ་མཚར་ཅན་མང་དུ་བྱུང་བའི་བུ་ཆེན་བཞིར་ཡོངས་སུ་གྲགས་པ་ནི། བླ་མ་ཤོ་རོམ་འཕགས་པ། གསེར་སྒོམ་ཡེ་ཤེས་སྙིང་པོ། འོལ་ཀ་རམ་ཉེ་ཆོས་གཡུང༌། ཟེམ་ཤིང་ཡེ་ཤེས་སྙིང་པོ་དང་བཞིའོ། །རྒྱུད་པ་འཛིན་པའི་སྲས་བཞི་ནི། སློབ་དཔོན་དྭགས་པོ་སྒོམ་ཚུལ། བདེ་གཤེགས་ཕག་མོ་གྲུབ་པ། ཆོས་རྗེ་དུས་གསུམ་མཁྱེན་པ། བླ་མ་དཔལ་ཆེན་འབའ་རོམ་པ་དང་བཞིའོ། །ཐུགས་ཀྱི་སྲས་བཞི་ནི། དབོན་པོ་དྭགས་པོ་སྒོམ་ཆུང༌། བླ་མ་རྨོག་ཅོག་པ། གྲུབ་ཐོབ་གསལ་སྟོང་ཤོ་སྒོམ། བླ་མ་ཆེན་པོ་འོལ་ཀ་བ་དང་བཞིའོ། །ཉེ་བའི་སྲས་བཞི་ནི། དྭགས་པོ་འདུལ་འཛིན། ཇོ་སྲས་ལྷོ་ལ་ཡག །ཀྱེ་པོ་ཡེ་རྡོར། མགར་སྒོམ་དཀར་པོ་དང་བཞིའོ། །སྐལ་ལྡན་གྱི་སློབ་མ་དྲུག་ནི། ཁམས་སྒོམ་ཆོས་ཀྱི་བླ་མ། ཤེལ་སྒོམ་འཕགས་པ། སྐྱེ་སྒོམ་ཡེ་རྡོར། ཐང་ལ་མོན་སྒོམ། ཏི་སྒྲོ་ཉང་སྒོམ། གནམ་མཚོ་དེ་སྒོམ་དང་དྲུག་གོ། ལས་ཅན་གྱི་བུ་བཞི་ནི། སྐེ་རོང་རྩ་སྤྱིལ་བ། རྒྱལ་བ་ཁྱུང་ཚང་བ། བླ་མ་ཟངས་རི་བ། ཞིག་པོ་འཇའ་ཐུལ་དང་བཞིའོ། །ཞབས་ཏོག་བྱེད་པའི་གནས་བཞི་ནི། ཇོ་གདན། ལེགས་མཛེས་བྱང་ཡེ། གསལ་བྱང་དང་བཞིའོ། །གཞན་ཡང་ས་ཐོབ་ཀྱི་སློབ་མ་ལྔ་བརྒྱ་ཕྲག་གཅིག །གདུགས་ཐོགས་ཀྱི་སློབ་མ་སྟོང་ཕྲག་གཅིག་བྱུང་བ་ཡིན་ནོ།

༈ སྤྱི་དོན་གཉིས་པ་སྒྲུབ་བརྒྱུད་རང་དང་མཐུན་པའི་ཆོས་འབྱུང་གིས་གཞུང་བསྲང་བ་ལ་གཉིས། །རྩ་བའི་རྒྱུད་འཛིན་གྱི་ཡ་གྱལ་དཔལ་ལྡན་འབའ་རོམ་རིན་པོ་ཆེའི་རྣམ་ཐར་ནས་བརྩམ་ཆོས་རྗེ་གོང་མ་རྣམས་ཀྱི་རྣམ་ཐར་རགས་རིམ་བརྗོད་པས་མདོར་བསྟན། ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་ཇི་ལྟར་བྱུང་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ་ལྔ་ལས་ཐོག་མར་མཉམ་མེད་དྭགས་པོ་རིན་པོ་ཆེའི་སྲས་ཀྱི་ཐུ་བོར་གྱུར་པ་དཔལ་ལྡན་འབའ་རོམ་པ་ཆེན་པོ་དར་མ་དབང་ཕྱུག་གི་རྣམ་པར་ཐར་པ་ནི། དེའང་སྐུ་འཁྲུངས་ཡུལ་འཕན་ཡུལ་ལུང་པ་བྱ་བ། རིགས་བྲན་ཀ་ཡབ་གནས་བརྟན་སྟོན་པ། ཡུམ་ལོ་ཆུང་མ་གཉིས་ལས་སྲས་གསུམ་ཡོད་པའི་ཆེ་བ་འབུམ་སྐྱབས་བྱ་བ་མེ་ལུག་ལ་སྐུ་འཁྲུངས། འདི་ནི་སྤྱི་ལོ།༡༡༢༧ རབ་བྱུང་གཉིས་པའི་མེ་ལུག་ཡིན། མཆན། ལོ་བདུན་ལོན་ནས་བུད་མེད་མཁའ་འགྲོ་མའི་གཟུགས་སུ་བྱས་པ་གོས་རེའུ་ཕྲུག་གཉིས་སྦྲག་པ་འཁོར་བཅུ་གསུམ་ཙམ་གྱིས་བསྐོར་བ། ལག་ན་ཆགས་ཤིང་ཐོགས་པ་གཅིག་བྱུང་བ་ལ། བླ་མས་ཁྱོད་སུ་ཡི་སློབ་མ་ཡིན་བྱས་པ་ལ། ང་དྭགས་པོ་སྙི་སྒོམ་གྱི་སློབ་མ་ཡིན་ཟེར། བླ་མ་རིན་པོ་ཆེ་ལ་བུད་མེད་ཀྱི་གྲྭ་པ་མེད། ཁྱེད་ཀྱི་རྫུན་ཟློ་ཨང་བྱས་པས། མོ་ན་རེ། བླ་མ་དྭགས་པོ་སྙི་སྒོམ་ལས་གལ་ཏེ་ང་བཟང་ངམ་ཅི་ཆ་ཟེར། དེ་སྐད་ཟེར་བས་མ་དགའ་བས། ཁྱོད་རིན་པོ་ཆེ་བས་བཟང་བྱས་ནས་བྱིས་པ་རྩེ་རོག་མང་པོ་ཡོད་པ་ལ་སྦྲན་ནས་བུད་མེད་དེའི་ཕྱོགས་སུ་ས་རྡོ་མང་པོ་གཏོར་བས། ཁྱོད་དྭགས་པོའི་ཁ་འཛིན་བྱེད་ལུགས་ལ་དད་པ་ཨན་ཙམ་ཡོད་པའི་རྟགས་ཡིན་པས་ཁྱོད་ལ་ང་མི་འཐབ་ཟེར་ནས་སོང་སྐད། དེའི་ནུབ་མོ་གཉིད་ལོག་ཏུ་མ་ཉན་པས། སྒམ་པོར་ཐོན་ན་སྙམ་པའི་བསམ་པ་མང་པོ་བྱུང་བས། བླ་མ་རིན་པོ་ཆེའི་ཐུགས་རྗེས་གཟིགས་བྱས་ནས་གསོལ་བ་དྲག་ཏུ་བཏབ་པས། ཐོ་རངས་མནལ་ཅུང་ཟད་འཐུམ་པས་ཤར་ཕྱོགས་ནས་འོད་དཀར་པོ་ཉི་མའི་སྲབ་མདའ་ལྟ་བུ་གཅིག་བྱུང་ནས་ཐུགས་ཀར་ཕོག་པ་རྨིས་ཙམ་ན། འདི་འདྲེ་ཡིན་ནམ་ཅི་ཡིན་སྙམ་པའི་ཐེ་ཚོམ་གཅིག་ཟོས་པ་དང༌། དགེ་བའི་བཤེས་གཉེན་དབང་གཞོན་ལ་དྲིས་པས་འདྲེ་མིན། ཁྱོད་ཀྱིས་བླ་མ་ལ་གསོལ་བ་བཏབ་པས། བླ་མ་དེ་ཡི་བྱིན་རླབས་ཞུགས་པ་ཡིན་ཡང་སྲིད་གསུངས་སྐད། དེ་ནས་དགུང་ལོ་བརྒྱད་ལ་མཁན་པོ་སྐ་བ་པ་དང་སློབ་དཔོན་དབང་ཕྱུག་གཞོན་ནུ་ལས་རབ་ཏུ་བྱུང༌། མཚན་ཡང་དར་མ་དབང་ཕྱུག་བྱ་བར་བཏགས། ཡབ་མེས་ཀྱིས་བཞེངས་པའི་སྐ་བ་ཡུལ་སྣ་བྱ་བའི་གནས་གཞི་གཅིག་གི་དཔོན་དུ་མངའ་གསོལ། དེ་ནས་སློབ་དཔོན་དབང་ཕྱུག་གཞོན་ནུས་གཏོར་ཆེན་མཛད་ནས་གཏོར་དབང་བསྐུར། ཆོས་སྐྱོང་བ་ཆེན་པོ་ཁྱོད་ཀྱིས་ང་ལ་སྡོང་གྲོགས་མཛད་པ་དེ་བས་ཀྱང་ལྷག་པར་ངའི་བཙུན་ཆུང་འདི་ལ་ལུས་དང་གྲིབ་མ་བཞིན་གྱིས་ལ་ཐུགས་ཡེངས་བ་མེད་པར་སྡོང་གྲོགས་མཛོད་ཅིག །སྐུ་མ་གཡེལ་གསུང་མ་གཡེལ་ཐུགས་མ་གཡེལ་གསུངས་ནས་དབུ་ཐོག་ཏུ་གཏོར་མ་བཞག །ཁྱོད་དོ་ནུབ་ང་ཡི་རྩལ་ཉོལ་དང༌། རྨི་ལམ་བརྟགས་པ་གཅིག་ཀྱང་བྱ་གསུངས་ནས་དབུ་སྤྲད་དེ་གཟིམས་པ་དང་ནང་པར་ཁྱོད་ཀྱི་འགྲོ་བ་མང་པོ་ལ་ཕན་ཐོགས་པ་གཅིག་འོང་བར་འདུག །ཆོས་སྐྱོང་ཡང་ཁྱོད་ལ་དགའ་བར་འདུག །ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ནས་དགོས་པའི་དུས་སུ་དྲན་པས་ཆོག་པ་གཅིག་འོང་བར་འདུག །ང་ཡིས་ད་ནང་ཐོ་རངས་ཁར་དུང་ཤིན་ཏུ་ཆེ་བ་གཅིག་སྣང་བ་ལ། དུང་མཁན་པ་གཉིས་ཀྱིས་དཀོན་མཆོག་གི་སྤྱན་སྔར་དུང་རུང་ཞིག་གྱིས་ལ་ཕུལ་བྱས་པ་ལ། དེར་དུང་རུང་བྱས་པས་དུང་སྐད་ཇེ་ཆེར་སོང་ནས་དུང་དེ་ཤིན་ཏུ་སྐད་ཆེ་བས་མདོ་སྨད་ཁམས་སུ་ཡང་ཐོས་ངེས་པ་གཅིག་བྱུང་བ་དང༌། དུང་འདི་འདྲ་བ་དཀའ་བས་འདི་བཙུན་ཆུང་འདིས་བྱེད་དགོས་བྱས་ཙ། མི་ནག་པོ་བོང་རིང་བ་སྨ་ར་ཆགས་པ་གཅིག་འོང་ནས། ངས་དུང་འདིར་ལེགས་པར་ཉར་ཆོག་བྱེད་ཟེར་ནས། དགའ་སྤྲོ་དྭངས་བས་དུང་ལག་ཏུ་བླངས་པ་ལ། འོ་ན་བཙུན་ཆུང་འདིའི་ཉེ་གནས་ཀྱང་ཁོང་ལ་བཅོལ་དགོས་སྙམ་པ་བྱུང་ཙ་ན་འོ་དེ་ཙུག་མཛོད་ཟེར་བ་རྨིས་གསུངས། ཡང་གཏོར་མ་གཅིག་བཤམས་ནས། བཙུན་ཆུང་འདིའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་སྲུངས་ཤིག་བྱས་ནས་བཀའ་བསྒོ་ནན་ཏན་དུ་མཛད་དོ། །དེ་ནས་དགུང་ལོ་བཅུ་གཅིག་ལོན་ཙ་ན། དགེ་བའི་བཤེས་གཉེན་བྱ་ཡུལ་པ་བྱ་མཁར་བུ་དགོན་དུ་རབ་གནས་ལ་གདན་དྲངས་པ་དང་མཇལ་བས་ལམ་རིམ་གྱི་ཁྲིད་དང་གདམས་པ་ཞུས། ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་བཟླས་ལུང་དང༌། ཇོ་བོ་ཐུགས་རྗེ་ཆེན་པོ་དང་ཇོ་མོ་སྒྲོལ་མ་ལ་སོགས་པའི་ལུང་གནང་བ་ཡང་ཐོབ། ཆོས་ཀྱང་མང་དུ་གསན་གསུངས། དེ་ནས་དགེ་བཤེས་བླ་མ་གྲུམ་བུ་ལུང་པའི་སྤྱན་སྔར་ཕྱིན་པས་ཁོང་ལས་བྱམས་ཆོས་སྡེ་ལྔ་དང༌། བསླབ་པ་ཀུན་ལས་བཏུས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལ་སོགས་པ་མཚན་ཉིད་ཀྱི་ཆོས་མང་དུ་གསན། དེར་ནས་ཡང་སྐྱེས་བུ་གསུམ་གྱི་ཁྲིད་ཀྱང་བྱ་གསུངས་ནས་མཛད། དེ་ནས་དགེ་བཤེས་གྲུམ་བུ་ལུང་པ་འདས་ནས། ཁོང་རང་གི་མཁན་པོ་དགེ་བཤེས་སྐ་བ་པའི་སྤྱན་སྔར་བྱོན་ནས། ཁོང་ལས་འདུལ་བ་མདོ་རྩ་ཡན་ཆད་ཀྱི་ཆོས་ལ་སློབ་གཉེར་བྱེད་ཀྱིན་ཡོད་ཙ་ན། བླ་མ་རིན་པོ་ཆེ་སྒམ་པོ་པའི་སྐུ་ཡི་སྙན་པ་ཐོས་ནས་དད་པ་བྱུང་ངོ། དེ་ནས་འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཐུགས་དགོངས་བཏང་བས། ཆོས་ཐམས་ཅད་བུ་རམ་གྱི་གཟུགས་བརྙན་དང་འདྲ་ཞིང༌། གསང་སྔགས་ཐབས་ཀྱི་ལམ་ཉེ། དེ་ཡང་ཁ་ན་མ་ཐོ་བ་གསུམ་ལ། ཤའུ་ལ་ཐུག་པ་བས་ཀྱང་འཛེམ། འོན་ཀྱང་འཆི་ཁར་ཞེ་སྡང་ངམ་ལོག་ལྟར་སྐྱེས་ན་ངན་སོང་དུ་འགྲོ་ངེས། འཆི་བ་མི་རྟག་པ་སྒོམ་པ་ཆོས་ཀྱི་རྩ་བ་ཡིན་རུང༌། དུས་རྒྱུན་དུ་སྒོམ་ཀྱང་འཁོར་བ་ལ་ཞེན་པ་གཏིང་ནས་ལོག་པའི་གཏད་མེད། ཐོས་བསམ་གྱི་སྒྲོ་འདོགས་གཅོད་ཟེར་བ་འདི་ཡང་སློབ་མ་ལེགས་ན་གཉེན་པོར་མི་འགྲོ་བར་ང་རྒྱལ་གྱི་སྣོན་པར་འགྲོ་བ་ལ་ཚིགས་མེད། བྱམས་པ་དང་སྙིང་རྗེ་གཞན་དོན་འབྱུང་བའི་གཞི་ཆེན་པོ་ཡིན་ཀྱང༌། དམིགས་པ་མེད་པའི་སྟོང་ཉིད་ངེས་ཤེས་དང་བཅས་པ་དབྱེར་མེད་དུ་མ་འདྲེས་ན། ཉི་ཚེ་བའི་སྙིང་རྗེས་གཞན་དོན་འབྱུང་བའི་ངེས་པ་མེད། བླ་མ་དཀོན་མཆོག་གསུམ་གྱི་རྩ་བ་ཡིན་ཏེ། ཆོས་རྗེ་འགྲོ་བའི་མགོན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ། འཇིག་རྟེན་དུ་བྱོན་ངེས་པས་གཞན་དང་མཉམ་པ་མ་ཡིན། སྒོམ་པས་དོན་རྟོགས་ཟེར་ཏེ། བླ་མ་བརྒྱུད་པ་དང་ལྡན་པ། དམ་ཚིག་དང་ལྡན་པ་གཅིག་དགོས་པ་ཡིན། དེ་རྣམས་མ་འཛོམས་ན་ཞི་གནས་ཕྱི་བ་ཉལ་བ་དང་འདྲ་བས་ལམ་མགོ་བཏུམ། བླ་མ་ལ་ཡོན་ཏན་མེད་པར་སློབ་མས་ཡོན་ཏན་འདོད་པ་ནི་ཆུ་བཤིག་ནས་མར་འདོད་པ་དང་འདྲ། བླ་མ་ཕལ་ལ་མོས་གུས་མི་སྐྱེ། དེ་ནས་ཡོན་ཏན་གོང་མ་རྒྱུད་ལ་མི་སྐྱེ། སྐྱེས་ཀྱང་ངོ་སྤྲོད་མི་ཤེས་པས། ཐེ་ཚོམ་བྱས་པའི་ཡོན་ཏན་སྐྱོན་དུ་འགྱུར། སྐྱོན་དུ་བྱུང་ན་ཡོན་ཏན་དུ་བསྒྱུར་མི་ཤེས། ཉམས་སྣང་འདྲེར་བཟུང་བའི་རེ་བས་འགོག །དོགས་པས་བསུས་པར་བདུད་འཇུག །དངོས་གྲུབ་ཐོབ་པས་བར་གཅོད་བྱུང་ཟེར་ནས་ལོག་ལྟ་སྐྱེ། དེའི་གནང་ཀས་བསྒྲུབ་པ་དང། དཀའ་ལས་དཔག་ཏུ་མེད་པ་བྱས་པ་ཐམས་ཅད་ཆུར་ཕོ། སློབ་དཔོན་དང་གྲོགས་པོ་དམ་པ་རྣམས་ལ་སྡིག་གསོག་ཁྱད་གསོད་ཀྱི་ཚིག་རྒྱག །ཆོས་མི་བདེན། བདེན་ན་ད་ལྟ་ངས་འབད་རྩོལ་ལམ། ཞབས་ཏོག་གམ། བསྒྲུབ་པ་ཡུན་རིང་པོ་བྱས་པ་ལ་ནད་འདི་འདྲ་ཡོང་མི་ཐང་ཟེར་ནས། སྣང་བ་ལོག་པ་ཡང་མཐོང་ཐོས་ཡོད། དེ་བླ་མ་མཚན་ཉིད་དང་ལྡན་པ་མ་མཇལ་བའི་སྐྱོན་ཡིན། ཆོས་སྡེ་སྣོད་གསུམ་ནས་བླ་མ་གལ་ཆེ་བར་གསུངས་པ་ཡོད། བླ་མ་མ་བརྟེན་ན་སངས་རྒྱས་མི་སྲིད་གསུངས། ལུས་ཀྱི་འབད་རྩོལ་གྱིས་བསྒྲུབ་ཏུ་ཉན་པའི་ཆོས་ཅིག་རྙེད་པར་སོང་ན་ཡོན་ཏན་ཨི་སྐྱེ་རང་ལ་རག་སྙམས་ནས་དེ་ནུབ་ཉལ་བ་ལ་གཉིད་མ་བྱུང༌། ཕྱི་ཉིན་འགོལ་ས་ཞིག་ཏུ་ཕྱིན་ནས་གཟིམས་སྙམ་སྟེ་ཡར་ལ་སོང་ཙམ་ན། གད་ཕུག་ཅིག་ན་རྣལ་འབྱོར་པ་སྐྲ་ཕོད་དཀར་ཡོད་པ་གཞོན་ནུ་ཤིན་ཏུ་མཛེས་པ་ཞིག་ཙོག་པུར་ལུས་གནད་བཅས་ནས་གདའ་བ་ལ། ཁྱོད་གང་ནས་འོང་གར་བཞུད་བྱས་པ་ལ། ང་སྒམ་པོ་ནས་བླ་མ་རིན་པོ་ཆེའི་ཞབས་དྲུང་ནས་འོང་བ་ཡིན། ད་གར་འགྲོ་ངེས་པ་མེད་ཟེར། དེ་ལ་དགའ་བ་དང་མོས་གུས་ཐུན་མོང་མ་ཡིན་པ་གཅིག་སྐྱེས་ཏེ། བླ་མ་སྒམ་པོ་པ་དེ་སྐུ་སྙན་པ་ཤིན་ཏུ་ཆེ་བས་སྐུ་ཁམས་བདེའམ། སྐུ་འཁོར་ཅི་ཙམ་བདོག །ཆོས་ཇི་ལྟ་བུ་ལ་གཙོ་བོར་མཛད། ལེགས་པར་ཁྱོད་ཀྱིས་གསུངས་བར་ཞུ་ཞུས་པ་ལ། རྣལ་འབྱོར་པ་དེས་ཐལ་མོ་སྦྱར་ནས། ཡོངས་ཀྱི་བླ་མ་རིན་པོ་ཆེ་དེ་སྐུ་སྙན་པ་ཤིན་ཏུ་ཆེ་ནའང་ཐང༌། ཡང་དག་པར་རྫོགས་པའི་སངས་རྒྱས་གདུལ་བྱའི་དོན་ལ་འཇིག་རྟེན་དུ་བྱོན་པ་ལགས་མོད། སྐུ་ཁམས་ནི་དེང་སང་ཤིན་ཏུ་བདེ། སྐུ་འཁོར་ནི་མང་བར་བཞུགས། ཆོས་ནི་ངེས་དོན་ཕྱིན་ཅི་མ་ལོག་པ། ཐེག་པ་ཆེན་པོའི་གསང་སྔགས་ཀྱི་གདམས་པ་ཁྱད་པར་ཅན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་ངག་འབའ་ཞིག་གསུངས། དེ་མ་ཡིན་པ་ཉིན་གཅིག་ལ་རབ་གནས་གཉིས་མཛད་པ་དང། དུས་དེར་ཟངས་ཟླུམ་ན་བཞུགས་པ་དང༌། ངོ་མཚར་ཁྱད་པར་ཅན་གྱི་མཛད་པ་ཡང་ཡོད། ཉི་ཟེར་ལ་ཆོས་གོས་བཀལ་བ་དང༌། ཤིང་སྐམ་པོ་ཐབ་ཁུང་དུ་བཙུག་ནས་ང་ཡི་བསྟན་པ་འདི་དར་ཞིང་རྒྱས་པར་འགྲོ་ན་ཤིང་འདིའང་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས་ཤིང་ཕུང་པོ་སྐྱེས་པ་དང༌། ཟད་པར་གྱི་ཏིང་ངེ་འཛིན་ཐམས་ཅད་ལ་བཞུགས་པ་དང༌། བག་ལ་ཉལ་བ་མཁྱེན་པས་གང་ལ་གང་འདུལ་ཚུལ་གྱིས་ཆོས་གསུང་པས། ཡོན་ཏན་གོང་མ་མི་སྐྱེ་མི་སྲིད་པ་དང༌། འཁོར་རྣམས་ཀྱང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན། འཛམ་བུའི་གླིང་ན་སེམས་ཅན་རེ་རེའི་རྩར་ཐུགས་དགོངས་རེ་རེ་བཀྱེ་བས། ང་འདྲ་བ་རེ་ཁྱོད་འདྲ་བ་རེའི་རྩར་འོང་བ་ཡང་ཁོང་གིས་ཐུགས་དགོངས་པ་བཀྱེ་བ་ཡིན། བྱ་བ་ལ་སོགས་པའི་རྣམ་པར་ཐར་པ་དཔག་ཏུ་མེད་པ་ཞིག་གསུངས། སྟོན་ཆུང་ཁྱོད་རྗེ་རིན་པོ་ཆེ་ལ་ཤིན་ཏུ་དད་པར་འདུག་པ་ལ་ཕན་པ་རྐྱེན་ངན་གྱི་བར་ཆད་བྱས་པ་ཡིན། ཁྱོད་རྗེ་རིན་པོ་ཆེའི་རིགས་ཅན་འདུག་པས་ངས་དྲངས་ཚད་དུ་བཟླས་པ་ཡིན་གསུངས། སློབ་དཔོན་པས་ཆུང་ནས་བླ་མ་རིན་པོ་ཆེའི་སྐུ་ཡི་སྙན་པ་ཐོས་ནས་ཤིན་ཏུ་དད་པ་ལ། དེ་སྔ་ཆོས་ཉན་དུ་གཟས་ཏེ་སྤྱིར་བཏང་ཆོས་བརྒྱག་ཀྱང་བཟང་པོར་བསྐུར་བ་ལ། ཁོང་གིས་སློབ་གཉེར་མ་བྱུང་ཟེར་གྱིས་དོགས་པའི་རྒྱུ་མཚན་གྱིས་སྒོ་ནས་མ་ཐོན། དེ་རིང་ཁྱོད་དང་མཇལ་ནས་རྣམ་ཐར་གསུངས་པ་དེ་ཤིན་ཏུ་དགའ་བས་ད་ཅིས་ཀྱང་འགྲོ། བདག་ཀྱང་འཁོར་བ་ལས་གྲོལ་བར་འདོད་ནས། རིན་པོ་ཆེའི་སྤྱན་སྔར་མ་ཕྱིན་ན་ཅིས་ཀྱང་མི་ཕན་པའི་་དགོངས་པ་བྱུང་བ་ལ་སོགས་པ་རྣམས་བཤད་དེ། ད་ཇི་ལྟར་བགྱི་བྱ་བ་གྲོས་བྱས་པ་ཁྱོད་མིན་པ་མེད། ཁྱེད་ལ་ཙམ་པ་གཅིག་ཀྱང་འབུལ་བགྱིས་པས། རྣལ་འབྱོར་པ་དེ་ན་རེ། སྤྱིར་གསང་སྔགས་ཐབས་ཀྱི་ལམ་ཉེ་ཟེར་ཡང་འོ་ཅག་གི་བླ་མ་རིན་པོ་ཆེས་ནི་བར་ཆད་མེད་པར་ཁྱད་པར་གྱི་ལམ། མོས་གུས་གཅིག་ལ་བཞེད་པ་ལགས་པས་ཁྱེད་མོས་གུས་ཆེ་བས་ཡོན་ཏན་སྐྱེས་པ་དེ་རང་ཡིན་མོད། སྐད་ཅིག་ཙམ་ཡང་དད་པ་སྐྱེས་པ་ནི། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གསུངས་པས་ད་ལྟ་དུས་ལ་བབ་སློབ་གཉེར་བྱེད་མ་ནུས་པ་སྒོམ་གྲྭར་ཕྱིན་པས་སྒོམ་ཡང་མ་བྱུང་ཟེར་བའི་དོགས་པ་མེད་ཀྱི། ཁྱོད་ལ་གྲུབ་ཐོབ་ཅིག་འོང་བ་རང་གིས་ཁས་བླང་གི །ཡོན་ཏན་གོང་མ་བྱུང་ན་ངས་ཁྱོད་བསླུས་པ་ཡིན། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། གསུངས་པས། རིན་ཆེན་ཆོས་ཀྱི་དོན་ནི་ཕྱིན་ཅི་མ་ལོག་པ་ཚེ་གཅིག་གིས་སངས་རྒྱས་པ། སྣང་སེམས་ངོ་སྤྲོད་ཀྱི་གདམས་པ་ཕྱག་རྒྱ་ཆེན་པོ་དང༌། སྒོམ་པའི་བརྩོན་འགྲུས་ཀྱི་སངས་རྒྱས་པ་གཏུམ་མོ། མ་སྒོམ་པ་བཙན་ཐབས་ཀྱི་སངས་རྒྱས་པ་འཕོ་བ། གཏི་མུག་ཅན་གཉིད་དང་རྨི་ལམ་གྱིས་སངས་རྒྱས་པ་འོད་གསལ། མོས་གུས་ཅན་བླ་མ་ལ་ཅི་མཉེས་བསྒྲུབ་ཅིང་དམ་ཚིག་ལ་ནན་ཏན་བྱས་ན། ཅིས་ཀྱང་སངས་མི་རྒྱ་མི་སྲིད་པ་ཡིན་པས་ཐེ་ཚོམ་བྱ་མི་དགོས། དགེ་བཤེས་ཆེན་པོ་དང་གནས་གཞི་བཙན་པོའི་དགོས་པ་མེད། ཚེ་འདིར་སྡུག་བསྔལ་ལ་ཕྱི་མ་ཡང་དམྱལ་བར་འགྲོ་ངེས་པས་ཆོས་བརྒྱད་ཀྱི་སློབ་གཉེར་ཞོག །ང་རྒྱལ་གྱི་དཔེ་སྤོང༌། ཁེ་གྲགས་ཀྱི་གནས་གཞི་བོར། ཆགས་སྡང་གི་འཁོར་བ་སྐྱུར། ཕྲག་དོག་གི་བྱ་བྱེད་ཐོངས། གཏི་མུག་གི་རྒྱ་ཐག་ཆོད། ང་ལ་ཕྱེ་སྦྱིན་ཟེར་བ་དེ་གྲོ་ཕྱེ་གྱིས་ལ་སང་ནས་སོངས། སྙིང་གཏམ་དང་གཏད་གཉེར་མ་བྱེད་ཕྱིས་ཡི་གེ་བསྐུར་བས་ཆོག །བྱ་བྱེད་མང་ན་ཆོས་ཀྱི་བར་ཆད་ཡིན་གསུངས་པས། བྱ་བ་ཅོག་གིས་ཞོག་ལ་བཞུད་པར་ཞུ་གསུངས་སྐད། རོག་ངའི་ཁ་ལ་ཉན་པ་ཞིག་ཡོད་པ་དེ་ཡང་ཁྲིད་ན་བྱས་པ་ལ་ཉོན་ན་ཁྲིད། དགེ་བ་བསྐུལ་ན་གྲོགས་ཀྱི་མཆོག་ཟེར་བས། དགེ་བ་ཁྱད་པར་དུ་འཕགས་པ་ནི། རྗེ་རིན་པོ་ཆེའི་ཞལ་མཐོང་ན་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡིན། འདིར་ཐ་སྙད་ཀྱི་བསམ་ཁྲལ་དང༌། ཁེ་གྲགས་ཀྱི་རྩོད་པ་བྱས་པ་ནི་མི་ཚེ་སྟོང་ཟད་རང་ཡིན་མོད། བླ་མ་སངས་རྒྱས་དང་ཞལ་འཕྲད་རྐྱེན་བྱས་པས་ཁོ་བོའི་འདྲེན་པའི་བླ་མ་དྲིན་ཅན་དུ་ཁྱོད་ཡོང་བ་ཡིན། ཁྱེད་བཞུད་ན་དགའ་བ་ལ། ད་སྒམ་པོར་འབྱོན་བྱས་པས། ཁྱོད་དགའ་ན་ང་བྲན་གྱིས་འགྲོགས་པ་ཡིན་མོད། ང་རྣལ་འབྱོར་པ་ཡིན་པས་འགྲོ་འོང་གི་གཏད་སོ་མེད། རྗེ་རིན་པོ་ཆེ་ལ་གསོལ་བ་ཐོབ་ཅིང་སོང་དང་ཅིས་ཀྱང་བར་ཆད་མི་འོང༌། མོས་གུས་ཆེ་བས་ཡོན་ཏན་སྐྱེ་བ་ལ་ཚེགས་མེད། དེའི་དུས་སུ་ང་ལ་ཡང་དགའ་བར་ཡོང༌། སང་ནས་བཞུད་གསུངས་ནས་རྣལ་འབྱོར་པ་དེ་བཞུད་སྐད། དེ་ནས་བླ་མ་འབའ་རོམ་པ་དེ་ཚུར་རང་ཡུལ་དུ་བྱོན་ནས་འགྲོ་བའི་ཆས་བྱས། གྲོགས་པོ་བླ་མ་སྤོས་ཀ་བ་སངས་རྒྱས་སྒོམ་པ་བྱ་བ་དེའི་དུས་ན་བཙུན་ཆུང་ཞིག་ཡིན་པ་ལ། ཁྱོད་དྭགས་པོར་བླ་མ་རིན་པོ་ཆེའི་སྤྱན་སྔར་ཨི་འགྲོ། བླ་མ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཁྱད་པར་མེད་པ་ཡིན། འཁོར་བ་འདི་ན་སྐྱིད་མེད་ཆོས་ཞིག་བྱེད་དགོས། ཆོས་བྱེད་པ་ལ་དང་པོ་བླ་མ་ཞིག་འཚོལ་དགོས་ཏེ། བླ་མ་དེ་འདྲ་བ་དེང་སང་འཛམ་བུ་གླིང་དུ་བཙལ་ཡང་མི་རྙེད་བྱས་ནས། བླ་མའི་ཡོན་ཏན་དཔག་ཏུ་མེད་པ་བརྗོད་པ་དང༌། དེར་ཁོང་ཡང་དད་ནས་འགྲོ་གསུངས་སྐད་བླ་མ་འབའ་རོམ་པས་ད་མྱུར་བརའགྲོ། མི་ཡི་ཚོར་མ་འཇུག་ཟེར་ནས། དེ་རྣམ་པ་གཉིས་ཀྱིས་ཕྱག་རྟེན་ལ་ཇ་དང་གསེར་ཡོད་པ་ཁྱེར་ནས། བླ་མ་དྭགས་པོ་རིན་པོ་ཆེའི་སྤྱན་སྔར་ཕྱིན། ཇ་དང་གསེར་ཕྱག་ཏུ་བཏང༌། ངེད་ཡང་བླ་མ་རིན་པོ་ཆེའི་སྐུའི་སྙན་པ་ཆེ་བར་ཐོས་པས་དད་པ་སྐྱེས་ནས་ཆོས་བྱེད་དུ་འོང་བ་ཡིན། ཐུགས་ལ་འདོགས་པར་ཞུ་ཞུས་པས། བླ་མ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ་ངེས་པར་ཆོས་བྱེད་པ་ལ། ཁམས་གསུམ་འཁོར་བ་འདི་ལས་ཡིད་དབྱུང་ནས། ཚུལ་ཁྲིམས་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་སྲུང་བ་དང༌། བླ་མ་དམ་པ་ལ་མོས་གུས་བྱེད་ཅིང༌། ལས་རྒྱུ་དང་འབྲས་བུ་ལ་ནན་ཏན་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་ཡོན་ཏན་སྐྱེ་གསུངས། དེ་ནས་ཚེས་བཅུའི་ནངས་པར་ཚོགས་མཆོད་ཅིག་མཛད་པའི་དུས་སུ། བླ་མ་དྭགས་པོ་རིན་པོ་ཆེ་ལ། ཁོང་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་དངོས་ཡིིན་སྙམ་པའི་མཐོང་སྣང་ངེས་ཤེས་དང་བཅས་པ་སྐྱེས་ཏེ། བླ་མ་རིན་པོ་ཆེའི་ཞལ་ནས་ཁྱོད་མོས་གུས་ཆེ་བར་འདུག །ཁྲིད་ཆེན་པོ་རང་མེད་ཀྱིས་འགྲོ་བ་མང་པོ་ལ་ཕན་ཐོགས་པ་གཅིག་འོང་བ་ཡིན། ཁྱོད་རང་ནང་དུ་སྡོད་གསུངས་ནས་དེ་ལྟར་ཞུ་བྱས་ཏེ་ནང་དུ་བསྡད་ཐུགས་ལ་བཏགས། དེ་ནས་དྭགས་ལ་སྒམ་པོར་བྱོན་ནསདགུན་ཟླ་གཅིག་ཙམ་ལོན་པའི་དུས་སུ་འབའ་རོམ་པ་ཉིད་སྐུ་ཁམས་ཤིན་ཏུ་མ་བདེ་བས། གློ་བུར་དུ་ཆུ་བུར་མང་པོ་བྱུང་ནས་ནད་ཀྱི་ཟུག་གཟེར་བཟོད་སྲན་མེད་པ་གཅིག་བྱུང༌། སྡུག་བསྔལ་བས་ད་ཅི་ཕན་སྙམ་པའི་རྟོག་པ་གཅིག་སྐྱེས་པ་ལ། ད་རེས་བླ་མ་རིན་པོ་ཆེ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཞལ་ཐ་དད་མེད་པ་འཇིག་རྟེན་དུ་བྱོན་པའི་ཞབས་དྲུང་དུ་ཕྱིན་པ་ལས། ཐབས་གཞན་དུ་འཚོལ་ན་ང་རང་ལན། ཡུལ་གཞན་གྱི་ནད་པས་གྲུབ་མཐའ་བློ་མ་བསྒྱུར་ནས་འདིར་སྙེགས་པ་དང༌། མོས་གུས་བྱེད་གསོལ་བ་བཏབ་ནས་ནད་སོས་པ་དང་ཕན་དུ་རེ་བ་ལ་ངས་ཐོས་བསམ་ཡང་མང་དུ་བྱས། དཔེ་དང་ནོར་རྫས་གནས་གཞི་ལ་མ་ཆགས་པར་སློབ་དཔོན་སྐ་བ་པའི་ས་ནས་ཀྱང་དམ་བཅའ་བྱས་ནས་ཡོད་པ་ལ། ད་ནད་དང་བར་ཆད་བྱུང་ན་ང་རང་གི་སྐྱོན་ཡིན་སྙམ་ནས། ཐུགས་ཡེངས་པ་མེད་པར་དམིགས་པ་རྩེ་གཅིག་ཏུ་བསམ་གཏན་དང༌། མོས་གུས་དྲག་པོའི་སྒོ་ནས་གསོལ་བ་བཏབ་པས། རྨི་ལམ་དུ་ལྷ་ཁང་གི་དབུ་རྩེ་འདྲ་བའི་མཐོང་ཁུང་ཡོད་པ་གཅིག་ཏུ་ཕར་བལྟས་པས། མཚོ་ནག་པོ་ཆེ་བ་གཅིག་གི་ནང་ནས། ཉ་དང་ལྕོང་མོ་ལ་སོགས་པ་མང་པོ་གཅིག་འདུག་པ་སྣང་བ་ལ། འཇིགས་བཞིན་དུ་དེས་ནང་འགྲོ་སྙིང་འདོད་པ་གཅིག་བྱུང་དུས་དེར་རྗེ་རིན་པོ་ཆེ་དང་ཐང་ཅིག་མཇལ་ན་དགའ་བ་དང༌། ཁོང་ལ་ཞུ་ནས་འགྲོ་དགོས་སྙམ་པ་གཅིག་བྱུང་བ་ནི། སྐད་ཅིག་མ་ལ་བླ་མ་རིན་པོ་ཆེ་ཞལ་གཏུམ་པའི་ཉམས་དང་ལྡན་པ་གཅིག་སྣང་བ་ལ་བྱུང་ནས་སློབ་དཔོན་གྱིས་འབའ་རོམ་པའི་ཕྱག་གཡོན་པའི་སྲིན་ལག་དམ་དུ་བཟུང་སྟེ། བསམ་ངན་ཞེ་སྡང་གིས་སྦྱོར་བ་ཡིས། །རིགས་ངན་དུད་འགྲོའི་གནས་དག་ཏུ། །རྐྱེན་ངན་རྣམ་རྟོག་གི་ཡིད་འཇུག་ཀྱང༌། །ལས་ངན་གྱི་གནས་སུ་འཆར་དོགས་ཡོད། །སྣང་སྲིད་འཁོར་འདས་རང་གི་སེམས། །མོས་གུས་དྲག་པོ་རྟེན་འབྲེལ་གྱི་གནད། །ཐུགས་རྗེས་ལྕགས་ཀྱུས་རྒྱུན་དུ་འཛིན། །འགྱུར་མེད་བདེ་ཆེན་གནས་སུ་འདེང། །གསུངས་ནས་ཕྱག་གི་ཡར་འཐེན་ནས། ཡབ་སྲས་ནམ་མཁའ་ལ་གཤེགས་པ་རྨིས་གསུངས། རྣལ་སད་པ་དང༌། ཁམས་ཀྱང་དྭངས་སང་གིས་སོང༌། ཆུ་བུར་རྣམས་ཀྱང་རྡོར་སྔར་བས་ཀྱང་ལུས་ཡང་ཞིང་ཤེས་པ་ཡང་བདེ་བ་གསལ་བ། མི་རྟོག་པའི་ཉམས་ཁྱད་པར་ཅན་སྐྱེས་སྐད། ཡང་མཛོ་དཀར་ཨ་ཡུ་གཅིག་ཡོད་པ་ལ་རྗེ་རིན་པོ་ཆེའི་ཆིབས་པ་མཛད་ནས་རྐེ་འཕྲང་བྱ་བ་ལ་འགྲོ་ཙ་ན། མཛོ་ཡི་ལག་པ་འདྲེད་ནས་རིན་པོ་ཆེ་མཛོ་གོང་ནས་ལྷུང་བ་དང༌། བླ་མ་འབའ་རོམ་པས་སྐུ་ས་ལ་མ་ལྷུང་བར་རིན་པོ་ཆེ་སྤང་དུ་ཏོག་གིས་བླངས་པས་ཤིན་ཏུ་མཉེས་ནས། ཁྱོད་ཀྱིས་དེ་རིང་གོ་བཅད་གསུངས་ནས། སྐུ་ཚེའི་བར་ཆད་བསལ་བ་ལ། ཡང་བླ་མ་རིན་པོ་ཆེ་ལྷ་ལུང་དུ་བྱོན་པའི་དུས་སུ་རྟ་དཀར་པོ་ལུག་གུ་བྱ་བ་ཆིབས་ནས་བཞུད་པ་ལ། གློ་བུར་དུ་རྟ་འདྲོགས་ནས་འུར་སྒྲ་བྱུང་བ་དང༌། ཆིབས་པ་ཡང་འགྲོགས་ནས་རིན་པོ་ཆེ་རྟའི་གོང་ནས་ལྷུང་བ་ན། ཡང་ས་ལ་མ་ལྷུང་བར་བླ་མ་འབའ་རོམ་པས་ཕྱག་གཉིས་ཀྱིས་སྐུ་བླངས་པས་རིན་པོ་ཆེ་ཡང་མཉེས་ཏེ། སྐུ་ཚེའི་བར་ཆད་བསལ་བ་དང༌། ཡང་དྭགས་པོ་རོང་ཁ་བས་བླ་མ་རིན་པོ་ཆེ་རབ་གནས་ལ་སྤྱན་དྲངས་པའི་དུས་སུ་དྭགས་པོའི་ཡུལ་གྱི་མི་ཡོད་ཚད་འདུས། གྲྭ་པ་ཤིན་ཏུ་མང་བར་ཚོགས་པའི་དུས་སུ། བུམ་ཆུ་དང་ལྷ་བཤོས་དང་མེ་ཏོག་དང་རྡུལ་ཚོན་ལ་སོགས་པ་རྣམས་ཀུན་གྱི་ཧབ་ཐོབ་བྱས་པས་རིན་པོ་ཆེས་ཁྱེད་ཚོས་དེ་ཙུག་མ་བྱེད་བྱས་ཀྱང་མ་ཉན་པར་འཕུལ་འདེད་བྱས་པས། རིན་པོ་ཆེ་ཉིད་མིའི་འོག་ཏུ་གླེབ་མ་ཐུབ་པ་དང། བླ་མ་རིན་པོ་ཆེ་འབའ་རོམ་པ་ཕར་ལ་རྒྱུག་སྟེ་རིན་པོ་ཆེའི་སྐུ་ཁུར་ནས་མིའི་ནང་ནས་ཚུར་བྲོས་ཏེ་ཡོངས་པས། རིན་པོ་ཆེ་ཉིད་ཀྱིས་ཞལ་ནས་ད་རེས་ཀྱི་རབ་གནས་འདི་ཤིན་ཏུ་གཉན་པར་འདུག །དེ་རིང་ཁྱོད་མིན་ན་གྱོད་ཅན་དེ་རྣམས་ཀྱིས་ཁོ་བོ་གསོད་ངེས་པར་འདུག་གསུངས་ནས་ཤིན་ཏུ་མཉེས་སྐད། གྲོགས་པོ་རྣམས་ཀྱིས་ངེད་ཀྱིས་རྡུལ་ཚོན་འདི་འདྲ་རྣམས་ཐོབ་ནས་ཡོད། ཁྱོད་ཀྱིས་ཅི་ཐོབ་ནས་ཡོད། བླ་མ་འབའ་རོམ་པས་ངས་ཆོས་སྐུ་གཅིག་ཐོབ་གསུངས་པ་དང༌། ཁོང་རྣམས་ན་རེ་ཁྱེད་བདེན་དེ་ཆོས་སྐུ་ཡིན། ཁྱེད་མིན་ན་རིན་པོ་ཆེ་སྐུ་མི་བཞུགས་པ་ལ་ཐེ་ཚོམ་མེད་གསུངས་ནས་ཐམས་ཅད་དགའ་བ་དང་མོས་པ་བཅས་དེརསྐུ་ཚེའི་བར་ཆད་བསལ། དེའི་དུས་བླ་མ་འབའ་རོམ་པ་དེ་མོས་གུས་ལ་འགྱུར་བ་མེད། གཅིག་ཆར་དུ་བྱིན་རླབས་ཞུགས། འཇིགས་དང་ཉམ་ང་མེད། རྐྱེན་ངན་གྲོགས་སུ་ཤར། སྣང་སེམས་གཉིས་སུ་མེད། དབྱེར་མེད་ཆོས་སྐུར་གསལ། རྣམ་རྟོག་ངོས་བཟུང་མེད། བསྒོམ་བྱ་སྒོམ་བྱེད་སྟོར། ཉམས་ཀྱི་ཆགས་ཞེན་མེད། རྟོགས་པའི་གདིངས་དང་ལྡན། རིག་པ་དྲི་མ་མེད་ཡིད་བྱེད་རྣམ་པར་དག །སྐྱེ་འགགས་གནས་པ་མེད། གཉུག་མ་ལྷན་ཅིག་སྐྱེས། ཐུགས་རྗེ་དམིགས་པ་མེད། གཞན་དོན་ལྷུན་གྱིས་གྲུབ། རྣམ་རྟོག་རང་སར་གྲོལ་ནས། ཐམས་ཅད་སེམས་སུ་ཤེས་པས། དང་པོའི་ཤེས་པ་མ་བཅོས་པ་དེ་མ་འགགས་པ། འཇིན་ཆགས་ཐམས་ཅད་དང་བྲལ་བ། བློས་མ་བྱས་པ་ངེས་ཤེས་དང་བཅས་པ། ཐེ་ཚོམ་མི་བྱ་བར་བརྗོད་པར་དཀའ་བ། བརྡས་མཚོན་དུ་མེད་པའི་རྟོགས་པ་གཤའ་མ་གཅིག་ཤར། རྟོགས་པ་འདི་ལྟ་བུ་ཤར་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་དག་ཡིན་གསུངས་ཤིང་ངོ་སྤྲོད་རྒྱས་པ་གཅིག་གནང༌། འདི་དག་གི་སྐབས་སུ་རྗེ་མི་ལ་དང་མཁའ་འགྲོ་མས་ལུང་བསྟན་པ་བཞིན་མགུར་དཔག་ཏུ་མེད་པ་མཛད། དེ་ནས་ཚོགས་འཁོར་ཞིག་མཛད་པའི་དུས་ཆོས་རྗེ་རིན་པོ་ཆེའི་ཞལ་ནས་སྒོམ་ཆེན་པ་བྱ་བ་ལ་མྱོང་བ་ནང་ནས་ཤར་བའི་མགུར་དགོས་པས། ཁྱོད་ཀྱི་གྲེ་བ་འདི་རྫོགས་པའི་སངས་རྒྱས་མི་ལའི་དབྱངས་དང་འདྲ་བར་འདུག་པས། རྟོགས་པ་དོན་གྱི་མགུར་གྱིས་གསུངས་ནས་མཛད་པས། ཆོས་རྗེ་རིན་པོ་ཆེ་རྫོགས་པའི་སངས་རྒྱས་མིའི་གཟུགས་ཅན་དེའི་མགུར་དང་འདྲ་བ་འདུག་གསུངས་ཤིང་ཕྱག་ཐལ་མོ་སྦྱར་དབུ་དུད་པ་དང་སྤྱན་ཆབ་ཀྱང་འབྱོན། ཡང་བླ་མ་དྭགས་པོ་རིན་པོ་ཆེས་བླ་མ་འབའ་རོམ་པ་ལ་བྱིན་རླབས་གཅིག་མཛད་པས་དེའི་དུས་སུ། ཁྱོད་ལ་བྱིན་རླབས་བྱས་པས་ང་ལ་ཕན་པ་བྱུང་གསུངས། སྔོན་ཁོ་བོའི་སློབ་དཔོན་ལྕགས་རི་གོང་ཀ་བ་ལས་དབང་བསྐུར་ཅིག་ཞུས་པ་ལས་ཁོང་གི་ཞལ་ནས། མདངས་ངས་ཁྱོད་ལ་དབང་བསྐུར་བྱས་པས། སྒྲིབ་པ་ང་རང་བས་ཁྱོད་དག་པ་གཅིག་བྱུང་གསུངས། ཁྱོད་ལ་ཡང་དེ་འདྲ་གཅིག་བྱུང་བས་ཁྱོད་ཀྱིས་འགྲོ་བ་ལ་བརྡ་བྱས་པས་ཀྱང་ཕན་པ་ཞིག་འོངས་བ་ཡིན། ཡང་རིན་པོ་ཆེ་ཞལ་ནས། འཚོགས་པ་བདུན་བརྒྱའི་ནང་ནས། གནས་བརྟན་ཡུལ་སྣ་བ་དར་མ་དབང་ཕྱུག་དང༌། མགར་སྒོམ་དཀར་པོ་གཉིས་ལས་ཉམས་རྟོགས་ཆེ་བ་སུ་ཡང་མེད་གསུངས། ཡང་ཉིན་གཅིག་བླ་མ་འབའ་རོམ་པས་མོས་གུས་བྱེད་ཀྱིན་བཞུགས་ཙ་ན། སྒོམ་པ་ཡེ་ཤེས་གཡུང་དྲུང་བྱ་བས་རིན་པོ་ཆེའི་སྤྱན་སྔར་ཁྱོད་མྱུར་བར་འབྱོན་ཟེར་བའི་སྐད་བྱུང་བ་དང༌། བླ་མ་འབའ་རོམ་པ་མྱུར་བར་རྒྱུག་ཙམ་ན་བྲག་རོམ་ཟབ་མོ་འཇིགས་སུ་རུང་བ་གཅིག་ཡོད་པ་ལ། བྲག་དེའི་མགོ་བསྐོར་ན་ནི་ཡུན་རིང་འགོར་བས། སྔ་ནས་ཁོ་རང་མཆོང་པས་ཐར་ས་ཡོད་པས་མཆོང་བ་དང་ཞབས་འདྲེད་ནས་ཕྱམས་གྱིས་སོང་བ་དང༌། ད་ནི་ངེས་པར་འཆི་སྙམ་ནས་བླ་མ་རིན་པོ་ཆེ་སྤྱི་བོར་བཞུགས་པ་དྲན་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ་ཡང་བྱས། རྐང་པ་བཙུག་པ་ཨེ་འོང་སྙམ་ནས་རླུང་བཙན་ཐབས་སུ་བཟུང་བ་དང༌། མདུན་གྱི་བྲག་དཀྱིལ་ཙམ་ན་ཞབས་འཐོག་ས་ཡོད་མེད་གཅིག་ལ་བརྟེན་ནས་བོས་པས་ཕྱུགས་རྫིས་ཐོས་པས་དེས་གཞན་ལ་སྦྲན་ནས། ཐག་པ་རིང་པོ་མང་དུ་མཐུད་ནས་བྱུང་བས། ཐག་པ་ལ་འཇུས་ནས་ཡར་ཕྱིན། སྣད་པ་དང་ལུས་ལ་ན་བ་ཡེ་མི་འདུག །རིན་པོ་ཆེ་ལ་ཞུས་པས་འཆི་ལྟས་བཟློག་ཤིན་ཏུ་དཀའ་བ་གཞན་གྱིས་མི་བཟློག་པ་གཅིག་བྱུང་བ་ལ། ང་ལ་ཁྱོད་ཀྱིས་མོས་གུས་ཀྱིས་གདུང་སེམས་ཤིན་ཏུ་ཆེ་བས་འཆི་ལྟས་བཟློག་པ་ཡིན་གསུངས། ང་མཐའ་ལ་ལྷུང་བའི་དུས་སུ་ཡང་རིན་པོ་ཆེ་དྲན་ནས་མོས་གུས་བགྱིས་ཞུས་པ་ལ། ཁོ་བོ་དུས་དེར་ཁྱོད་ཀྱི་དྲུང་ནས་ཡོད་པ་ཡིན་གསུངས། ད་ནི་ཚེ་རིང་བར་ཡོངས་གསུངས་སྐད། དེ་ཕྱིན་ཆད་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པ་ཞིག་དུས་རྒྱུན་ཆད་མེད་པར་བྱུང་སྐད། ཡང་སྡོམ་ལུང་ནས་བྱ་རྐོང་དུ་འགྲོ་བའི་དུས་སུ། རྟ་དཀར་པོ་ལུ་གུ་བྱ་བ་ཆིབས་པ་མཛད་ལམ་མི་བདེ་བ་གཅིག་ལ་རྟའི་ལག་སྦུབ་བརྒྱབ་པས། སྐུ་བསྐྱོད་པ་ཡང་བླ་མ་འབའ་རོམ་པས་སྐུ་ཏོག་གིས་བླངས་གསུངས། རྟ་འདིའི་གོང་ནས་ང་ནི་འཇིགས། ཁྱོད་ཀྱིས་ཡང་དག་གོ་བཅད་གསུངས། དེར་ཡང་སྐུ་ཚེའི་བར་ཆད་བསལ། དེ་ནས་ཕྱག་གཉིས་ལ་ཁྲི་མཛད་པ་ལྟར་བྱས་ཡོར་སྣམ་འཇམ་པོའི་ཕྱམས་ཕྱེ་གཅིག་ཡོད་པ་ལ། ཕྱག་གི་སྟེང་ན་ཕར་བཀབ་གདན་བྱས། དེའི་སྟེང་དུ་བཞུགས་པར་ཞུས་པས། བཞུགས་ནས་ཐག་རིང་པོ་གཅིག་ལ་གདན་དྲངས། རིན་པོ་ཆེའི་ཞལ་ནས། རྒྱ་གར་འདོ་ལི་དང་འདྲ་བར་སྣང་བ་ཤིན་ཏུ་ཆེ་བར་བྱུང༌། ཁྱོད་ཀྱིས་གོ་བཅད་གསུངས་ནས་མཉེས་པར་བྱུང་སྐད། ལར་དྭགས་པོའི་ལུང་པ་དེ་ས་གཟུགས་ཆེ་བ་དང༌། ལམ་མི་བདེ་བ་དང༌། རིན་པོ་ཆེ་སྐུ་ན་བྱོན་པས་བླ་མ་འབའ་རོམ་པས་ཡར་གཤེགས་མར་གཤེགས་ལ། རིན་པོ་ཆེ་སྐུ་རྒྱབ་ལ་ཁུར་བ་ཡིན་པ་ལ་ཞབས་ཏོག་མཛད་པས་ཤིན་ཏུ་མཉེས་པ་ཡིན་གསུངས། དེ་ལ་སོགས་པ་ལུས་ཀྱི་ཞབས་ཏོག་གཞན་གྱིས་བསྒྲུབ་པར་དཀའ་བ་ཡང་ནས་ཡང་དུ་བགྱིས་པས། བླ་མ་རིན་པོ་ཆེ་དྭགས་པོ་ལྷ་རྗེ་ཤིན་ཏུ་མཉེས། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེས་ནས། དུས་རྒྱུན་མཉམ་བཞག་རྗེས་ཐོབ་རྒྱུན་ཆད་མེད་པར་འོད་གསལ་ཆེན་པོའི་ངང་ལ་བཞུགས་པ་ཡིན་གསུངས། དེ་ནས་ཉིན་གཅིག་བླ་མ་རིན་པོ་ཆེའི་ཞལ་ནས། ངས་ཁྱོད་ལ་གདམས་པ་འདོད་ཆོས་སོ་སོའི་ཁྲིད་ལ་སོགས་པ་ཐམས་ཅད་ནི་ཚང་བར་བྱས་པ་ཡིན་པས། ད་ཁྱོད་བྱང་འབའ་རོམ་བྱ་བའི་རི་ཁྲོད་རྣམ་པར་དག་པ། གངས་ཏི་སེ་ནས་གངས་བརྒྱུད་མ་ཆད་པར་རྗེ་བཙུན་མར་པ་ལྷོ་བྲག་པ་ཡབ་སྲས་ལ་སོགས་པ་གྲུབ་ཐོབ་དཔག་ཏུ་མེད་པ་བཞུགས་པའི་སྒྲུབ་གནས་ཡིན་པས། དེར་སོང་ལ་བསྒྲུབས་པ་གྱིས་གསུངས་ནས་གསེར་སྲང་གང་གནང༌། ངས་གཞན་ལ་སྦྱིན་པ་མ་ཡིན་ཏེ། འོ་ཅག་ཕ་སྤད་འགྲོགས་ཡུན་རིང་བ་ཡིན། ཁྱེད་ཀྱིས་ལུས་སྲོག་ལ་མ་ལྟོས་པར་ང་ཡི་ཞབས་ཏོག་ཡང་དང་ཡང་དུ་བྱས་ཤིང་ངའི་ངག་གཅོག་མ་མྱོང༌། དང་པོ་གསེར་འདིས་འཚོ་བ་སྒྲུབས་ལ་དེ་ལ་བརྟེན་དང༌། དེ་ནས་ཁྱོད་ལ་འཚོ་བ་མི་ཡིས་སྟེར་ནས་འོང་གསུངས། དེ་ནས་བླ་མ་འབའ་རོམ་པའི་ཐུགས་དགོངས་ལ། ཡོངས་ཀྱི་བླ་མ་རིན་པོ་ཆེ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་ཞལ་མཇལ་ནས་ཀྱང༌། ཡང་དགོན་དུ་སྡོད་བཅུག །རྒྱུད་རྣམ་པར་དག་པར་བྱིན་གྱིས་བརླབས་ལོ་གྲངས་མང་པོར་ཞབས་ཏོག་ཡང་བྱས། གདམས་ངག་དང་རྗེས་སུ་བསྟན་པ་ཡང་མཛད། ཚོགས་པ་མང་པོའི་ནང་ནས་ཀྱང་གཞན་དང་མི་འདྲ་བར་ཐུགས་ལ་བཏགས། བླ་མ་རིན་པོ་ཆེ་ལས་འཇིག་རྟེན་གྱི་ཁམས་ན་ང་ལ་དྲིན་ཆེ་བ་མེད། རྨི་ལམ་དུ་ཆོས་རྗེ་རིན་པོ་ཆེ་གཞན་དོན་ལ་དགོངས་ནས། སྤྲུལ་སྐུའི་དཀྱིལ་འཁོར་བདེ་བ་ཅན་དུ་བཞུད་པ་རྨིས། ཁོང་སྤྲུལ་པའི་སྐུ་ལ་ཉོན་མོངས་མི་མངའ་ནའང༌། གདུལ་བྱའི་རྟག་འཛིན་ཤས་ཆེ་བ་རྣམས་དྲངས་པར་བྱ་བའི་ཆེད་དུ། འཕགས་པ་སྡུད་པ་ནས་གསུངས་པའི་དོན། རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། བྱ་བའི་དོན་ཚུལ་གྱིས། གདུལ་བྱའི་དོན་དུ་སྤྲུལ་སྐུ་བདེ་བར་གཤེགས་པ་ཡང་སྲིད། དེང་སང་སྐུ་ན་བྱོན། སྐུ་འབོར་ལྕི་བ་དང༌། ཞལ་ཏ་ཡང་སྔར་དང་མི་འདྲ་བ་མང་དུ་གསུངས། ངས་ཀྱང་ལུས་སྲོག་ལ་ལྟོས་མེད་པར་སྐུ་ཚེའི་བར་ཆད་ལན་གྲངས་མང་དུ་བསལ། མི་མཉེས་པ་སྐད་ཅིག་ཙམ་ཡང་བྱེད་མ་མྱོང༌། ཁོང་གི་རྩ་ན་ང་ཡོད་པ་དེ་བཞེད་པ་ལ། རི་ཁྲོད་གཞན་དུ་སོང་ཟེར་བ་དེ་དགོངས་པ་ཅན་ཡིན་སྲིད། དེ་ལྟར་མིན་ཀྱང་ང་རང་སོང་བའི་ཤུལ་དུ་རིན་པོ་ཆེ་སྐུ་ཡལ་ན། ངས་ཀྱང་རིན་པོ་ཆེའི་སྐུ་ཡུན་རིང་དུ་བསྟེན་པ་ཡིན་པ་ལ། འདའ་ཁར་ཁོ་བོ་ཡང་མེད་ཟེར་ནས་མིས་ཀྱང་འཕྱ། དེའི་སྟབས་ཀྱིས་ང་རང་ཡང་ཕྱིས་འགྱོད་པ་ཡིན་པས་ད་དུང་ལུས་ཀྱི་ཞབས་ཏོག་ཅི་ནུས་སུ་བྱ་དགོས་པ་ལ། མི་འགའ་ཞིག་གིས་ཞབས་ཏོག་བྱེད་འདོད་ཀྱང་ཐུགས་ཀྱིས་མི་བཞེད། ངས་ཀྱང་འདས་བྲལ་མིན་པ་རྩ་ནས་བྲལ་མི་ཕོད། ད་རུང་སྐུ་བཞུགས་རིང་ལ་གར་ཡང་མི་འགྲོ་བྱས་ནས་ཕྱག་འཚལ་ནས་ཞུས། དེ་ནས་སྔ་ཕྱི་ཇི་ལྟར་བཀའ་དྲིན་ཆེན་པོས་ཡང་དང་ཡང་དུ་བསྐྱངས་ཞིང་བྱིན་གྱིས་བརླབས་པ་ཐམས་ཅད་དྲན་ནས་སྤྱན་ཆབ་མང་པོ་ཡང་བྱུང༌། གསེར་གནང་བ་ཡང་ང་ལ་མི་འཚལ་བྱས་ནས་ཞུས་པ་ལ། བླ་མ་དྭགས་པོ་རིན་པོ་ཆེའི་ཞལ་ནས། རྒྱ་ལ་ཆགས་ཀྱང་ཤིན་ཏུ་ཕྲ། །གང་ལ་ཆགས་པ་དེས་འཆིང་བས། །རྩ་བྲལ་ནམ་མཁའི་འདུད་པ་ཁྲོལ། །རྨི་ལམ་རི་ཁྲོད་རོ་སྙོམས་གྱིས། །གསུངས་ནས་གསེར་ཁོ་བོས་ཁྱོད་ལ་བྱིན་པས་ངས་བློས་བཏང་ནས་ཡོད། ཁྱོད་ཀྱིས་ང་ལ་ལན་གཅིག་ཚུར་ཕུལ་བས། དེའི་རྟེན་འབྲེལ་གྱིས་ཁྱོད་ལ་གསེར་ལ་སོགས་པའི་འབུལ་བ་འོང་གསུངས། དེ་ནས་སློབ་དཔོན་འཕགས་པ་ཁྱོད་ཀྱིས་ཆོས་ཁུག་ཁྱེར་ལ་ཤོག །ཁོ་བོས་དཔེ་ཡོད་ཚད་ཁོང་ལ་སྟེར་དགོས་གསུངས་པས། བླ་མ་འབའ་རོམ་པས་ང་ལ་དཔེ་མི་འཚལ། ང་ཡིས་སློབ་དཔོན་བྱ་བསམ་མེད། བླ་མ་རིན་པོ་ཆེའི་དྲིན་གྱིས་ཉམས་སུ་ལེན་རྒྱུ་ནི་ང་རང་གི་ཤེས་ཞུས་པ་ལ། ཁྱོད་ལ་གཞན་གྱི་སློབ་དཔོན་བྱ་བསམ་མེད་པ་དང༌། དཔེ་མི་དགོས་སྙམ་པ་དེ་རང་གི་དཔེ་ཡོད་ཚད་དགོས་པ་ལགས་གསུངས་ནས། དཔེ་བྲི་འོས་ཐམས་ཅད་གནང་ནས་ཀུན་གྱི་ལུང་གནང་བ་དང༌། ཁྲིད་ནི་ངས་བྱས་ཟིན་པ་ཡིན། དཔེ་དགོས་ཟེར་བ་ལ་ཁོ་བོས་ཀྱང་མི་སྟེར་གསུངས་ནས། ཞེ་འདོད་མེད་པའི་སྒྲུབ་སེམས་ཅན། །དམིགས་པ་མེད་པའི་ཐུགས་རྗེ་ཆེ། །གསོལ་བ་བཏབ་ན་དགོས་འདོད་འབྱུང༌། །ཅི་འདུལ་སྣ་ཚོགས་ཕྲིན་ལས་འཚལ། །གསུངས། ཡང་ཁྱོད་ལ་ནོར་སྐལ་དུ་ཕོར་སྡེར་གཉིས་དང༌། རྒྱབ་ཡོལ་གཅིག་དང༌། དེ་གསུམ་སྦྱིན། མི་འདོད་མ་ཟེར། ཁྱོད་ནི་སེན་མོའི་སྟེང་དུ་ཞིང་རྨོ་བའི་ཡུལ་སོང་ན་ཡང་ལྟོ་རྒྱབ་གཉིས་ཕྱེད། ཡི་དྭགས་ཀྱི་ཡུལ་དུ་བསླང་ཀྱང་གྲོ་རྙེད། ཁྱེད་ཀྱི་སྒྲུབ་པའི་ཆ་རྐྱེན་འཚོ་བ་ལ་སོགས་རྙེད་མི་རྙེད་ཁོ་བོས་རང་ཤེས་གསུངས། རེ་དོགས་མེད་པའི་གདེངས་དང་ལྡན་པར་བྱོས། རྣམ་གཡེང་གི་ནོར་ལ་ཞེན་མེད་འབྲོས་པར་འགྱུར། གཞན་དོན་མཛད་ནས་སླར་ཡང་གང་ལ་འཆི། དེ་དུས་ཙམ་ཁོ་བོས་རྗེས་སུ་དྲན་པ་ཡིན་གསུངས། ངས་བླ་མ་ལ་ཟང་ཟིང་གི་ཞབས་ཏོག་མ་བྱས་མ་བསམ། ང་ནི་སྒྲུབ་པའི་ཞབས་ཏོག་གིས་མཉེས་པ་ཡིན་གྱི། ཟང་ཟིང་གིས་ཁོ་བོ་མཉེས་པ་མ་ཡིན་ནོ། གནས་རི་ཁྲོད་དགོན་པར་ཕྱིན་ནས་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུན་ཆད་མེད་པར་ཉམས་སུ་བླངས། རྗེས་སྤྱོད་ལམ་གྱིས་རོ་སྙོམས་ནས་འགྲོ་བ་སྐྱབས་མེད་པ་མང་པོ་ལ་ཕན་འདོག་པར་ཡོངས་བས། ཐ་མ་བྱང་འབའ་རོམ་བྱ་བ་སྒྲུབ་གནས་ཁྱད་པར་ཅན་ཡིན་པས། རི་ཁྲོད་རྣམ་པར་དག་པ་དེར་སོང་ལ་སྒྲུབ་པ་གྱིས་གསུངས་ནས་ལུང་བསྟན་ད་ཁྱོད་ཀྱི་ཞུ་བའི་ངོ་མི་གཅོག །ཁྱོད་ཅི་དགའ་བ་བྱ་གསུངས། ཞག་སུམ་ཅུ་རྩ་བདུན་བར་འོ་སྐོལ་ཕ་སྤད་ལྷན་ཅིག་ཏུ་བསྡད་གསུངས། དེར་བླ་མ་འབའ་རོམ་པ་བཞེངས་ནས། བླ་མ་རིན་པོ་ཆེ་ལ་མཎྜལ་ཕུལ་ནས་ཕྱག་འཚལ། བླ་མ་རིན་པོ་ཆེ་ལ་རླུང་སེམས་དབང་ཐོབ་པས་ཅི་ཡང་ཉན་པས་ཅིས་ཀྱང་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བྱས་ནས་ཞུ་བ་ཕུལ་བས། བླ་རིན་པོ་ཆེའི་ཞལ་ནས། ང་ད་ལྟ་འདི་བས་གཞན་ན་འགྲོ་དོན་ཆེ་བར་ཡོད་པས། ཅིས་ཀྱང་མི་ཕན་པར་འགྲོ་དགོས་གསུངས་པ་དང༌། དེ་ནས་བླ་མ་འབའ་རོམ་པ་དེ་ཐུགས་ཤིན་ཏུ་སྐྱོ་བས། བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་ལ་གསོལ་བ་འདེབས་པ་དང༌། བླ་མ་རིན་པོ་ཆེ་སྒམ་པོ་པ་ལ་སངས་རྒྱས་སུ་འདུ་ཤེས་པའི་མོས་གུས་ཡང་བྱས་ཤིང་བཞུགས་པས། རང་གི་སེམས་རྟོགས་པའི་དོན་ཉམས་མྱོང་དབྱེར་མེད། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས། སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པར་རྟོགས་པས། སྒོམ་མ་ཡིན་པའི་ཡུལ་མེད། སྣང་བ་མ་ཡིན་པའི་ཐབས་གཞན་ནས་བཙལ་མི་དགོས། དེ་ཉིད་མ་ཡིན་པའི་ཤེས་རབ་སྟོང་པ་ཉིད་ལོགས་སུ་བསྒོམ་མི་དགོས། གཉིས་སུ་མེད་པའི་དོན་ལ་བཏང་བཞག་མེད་པའི་ཚུལ་གྱིས་ཡེངས་པ་མེད་པར་བྱས་ནས། རྩོལ་སྒྲུབ་མེད་པར་ངང་གིས། འགྲོ་འོང་མེད་པར་བཞུགས་ནས། བདུད་དང་མཚན་མ་དང་བར་ཆད་ཐམས་ཅད་རང་སར་གྲོལ། ཐུན་མོང་གི་ཡོན་ཏན་དང་དྲོད་རྟགས་ཅི་བྱུང་ཡང་བླ་མ་ལ་ཞུ་བ་མ་ཡིན་པ་གསང་སྤྱོད་མཛད། བླ་མ་ལ་མོས་གུས་བྱས་པས་ཡོན་ཏན་ཐམས་ཅད་བླ་མའི་བྱིན་རླབས་ཀྱི་རྫོགས་པར་བྱས་ནས་བཞུགས་ཙ་ན། ཉིན་གཅིག་རིན་པོ་ཆེའི་ཞལ་ནས། ཆོས་ཤིག་བཤའ་མར་བྱེད་ན། གཞི་དད་པ་དང་མོས་གུས་ཁྱད་པར་ཅན་གྱིས་ཀུན་ནས་བསླང༌། ལམ་བརྩོན་འགྲུས་ཡེངས་པ་མེད་པའི་སྒོ་ནས་ཉམས་སུ་བླངས་ན། འབྲས་བུ་སངས་རྒྱས་ཟེར་བ་དེ་མངོན་དུ་བྱེད་པ་ལ་དཀའ་ཚེགས་མེད་པ་ཡིན་པས། འཁོར་བ་བློ་ནས་སྤོང། གཉེན་བཤེས་ཤུལ་དུ་ཞོག །ཆོས་བརྒྱད་རྒྱབ་ཏུ་སྐྱུར། འདུ་འཛིའི་གཡེང་བ་སྤོང༌། ཚུལ་ཁྲིམས་རྒྱན་དུ་གྱིས། དད་པ་གཏིང་ནས་སྐྱེས། སེམས་ཀྱི་གཞི་རྩ་ཆོད། འཁྲུལ་པ་ནང་ནས་ཞིག། སྣང་སེམས་གཉིས་སུ་མེད། རྣམ་རྟོག་ཆོས་སྐུར་གསལ། ཐ་མལ་ཤེས་པ་དེ་འོད་གསལ་ངང་དུ་འབྲལ་བ་མེད་པས་ཆོས་ཐམས་ཅད་ལམ་དུ་འགྲོ། རྐྱེན་ངན་གྲོགས་སུ་འཆར། དེའི་དུས་ན་མོས་གུས་ཁྱད་པར་ཅན་སྐྱེ་བས། དངོས་གྲུབ་འཇུག །བར་ཆད་ཞི། གཞན་ཕན་ཆེ། གྲུབ་ཐག་ཉེ། མཁའ་འགྲོ་འདུ། བླ་མ་མཉེས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན། དེའི་དུས་སུ་རི་ཁྲོད་རྣམ་པར་དག་པ་ན། བག་ཚ་དང་ཉམ་ང་མེད་པར་རྡོ་རྗེའི་མགུར་ཤུགས་ལས་འབྱུང་བ་བླངས་ན་མཁའ་འགྲོ་མཉེས་པ་ཡིན་པས། རྟོགས་པ་དོན་གྱི་མགུར་ཡང་ལོངས་གསུངས། ཁོ་བོའི་འདས་མཆོད་ལ་ཁྱོད་རི་ཁྲོད་རྣམ་པར་དག་པ་ན། སྒྲུབ་པ་རྩེ་གཅིག་ཏུ་བྱེད་ངེས་པ་ཞིག་གྱིས། མེ་ཏོག་སྤར་གང་དང་ཆུ་ཕོར་གང་ཕུལ་ནས། མོས་གུས་བྱེད་ཅིང་གསོལ་བ་བཏབ་ན་རབ་ཡིན་གསུངས། དེ་ནས་ཞབས་ཏོག་བྱེད་ཀྱིན་བཞུགས་ཙམ་ན། ཞག་སུམ་ཅུ་རྩ་གཉིས་ནས་རིན་པོ་ཆེ་སྐུ་ཡལ། དེ་ནས་ས་འབུམ་མ་ཚར་གྱི་བར་དུ་ཡོན་བདག་ཅིག་གིས་ཁོང་བཞི་སྡེ་གཅིག་ལ་བསྙེན་བཀུར་བྱེད་པ་ཞིག་བྱུང་བ་དེའི་བར་ལ་བཞུགས། དེར་ས་འབུམ་ཚར་ནས་ཡུལ་དུ་ཕྱིན་ཏེ་རྟ་གཅིག་ལ་ཕྱེ་ཡ་བཞི་བཀལ་ནས་འདམ་ཀོ་སྐྱེམ་གསེར་གྱི་ལྷ་ཁང་དུ་བྱོན་ནས། རྟ་དེ་ཡང་དེར་བཙོང་སྟོན་པ་ཚུལ་ཁྲིམས་གྲགས་ཀྱིས་འཚོ་བ་དང༌། ཆ་རྐྱེན་སྦྱར་བ་ཁྱེར་ནས་བླ་མས་ལུང་བསྟན་པའི་བྱང་འབའ་རོམ་བྱ་བ། ཡུལ་ཆེན་ཏི་སེའི་གངས་རྒྱུད་ཆུ་ཆེན་གངྒཱའི་མགོ་བོ། སྡེ་ཆེན་པ་ཚབ་ཀྱིས་ཡུལ། རི་ཆེན་རྫ་མོ་སྤུངས་པ། རྫོང་ཆེན་བྲག་དམར་བསམ་ཡས། ཐང་ཆེན་ཕྱུག་མོའི་གོང་བ། རུ་ཆེན་བཞིའི་རྒྱུད་ལམ། བྱང་ཆེན་རི་ཁྲོད་རྣམ་དག །མཚོ་ཆེན་ཕྱུག་མོའི་ལྟག་པ། །ལོ་ཆེན་སྒྲ་བསྒྱུར་མར་པས། །སྟོན་ཆེན་བཤད་གྲྭ་འཛུགས་ས། །སྒོམ་ཆེན་སེང་ཁྱུའི་གྲུབ་གནས། །མཐུ་ཆེན་ནུས་པ་ལྟ་ས། །རྩམ་ཆེན་ལྷ་སྒོའི་གངས་དཀར། འཛམ་བུ་གླིང་གི་རིའི་རྒྱལ་པོ་ཡིན་པས། ཁྱད་པར་དུ་མཐོ་ལ་བརྗིད་ཆེ་བ། བྱ་རྒོད་ཀྱི་རྒྱལ་མཚན་ཕྱར་བ་དགུང་གི་ཀ་བ་འདྲ་བའི་དབྱིབས་ལེགས་པ། རྩེ་ལ་ལྷོ་སྤྲིན་འཁྲིགས་ནས། མགུལ་པར་གཡུ་ཡི་ན་བུན་འཐིབ་པ། ཡིད་འཇུག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་སློབ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོའི་ཕོ་བྲང་གནས་བཅས་པའི་རི་ལྷུན་ཆགས་པའི་དྲུང༌། བྱིན་ཆགས་པའི་ས། ཉམས་དགའ་བའི་ཡུལ། རྩམ་ཆེན་ལྷ་སྒོའི་ཞོལ། སྒྲུབ་གནས་འབའ་རོམ་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་རྫ་རིན་ཆེན་སྤུངས་པ་ལ་གཤེགས་ནས། བརྒྱག་བསྐྱེལ་ཞང་བཙུན་འབྱུང་གནས་འོང་བ་མིན་པ། སུས་ཀྱང་མ་མཐོང་བར་དྲང་སྲོང་ཆེན་པོ་ལྟར་གཅིག་པུར་སྒྲུབ་པ་ནན་ཏན་དུ་མཛད་སྐད། ཡང་དུས་རེ་ཞིག་ན་རྫ་དེའུ་བཞུགས་པའི་དུས་སུ་ཉིན་གཅིག་མི་གོས་དཀར་ཅན་ཞིག་ཡོངས་ནས་ཕྱག་འཚལ་བསྐོར་བ་བྱེད་ཀྱིན་སྣང་བས། བླ་མས་དེ་ལ་ཁམས་བདེའམ་བྱས་པས་ངེད་བདེ། ཆོས་གཅིག་ཞུར་མཆིས་པ་ལ་ཞུ་མ་ཕོད་ཟེར། དེར་བླ་མས་སྐྱབས་འགྲོ་དང༌། ལས་རྒྱུ་འབྲས་ཀྱི་ཆོས་ཞིབ་ཏུ་གསུངས། དགེ་བསྙེན་གྱི་སྡོམ་པ་ཕོག་པས་ཆོས་ཉན་བར་ལ་ཡར་ལྟ་་མར་ལྟ་མང་དུ་བྱེད་ཀྱིན་འདུག །དེ་ནས་ཡང་ཉིན་གཅིག་བྱུང་བས་ངའི་ཉེ་འབྲེལ་དང༌། གྲོགས་པོ་འགའ་ཡང་ཆོས་ཞུ་ཟེར་བ་ལ་བླ་མ་འབའ་རོམ་པས། ཁྱོད་རང་ཆོས་ཉན་པའི་བར་ལ་མི་ཟུག་པར་སྣང་བ་ལ། ཁོང་གི་ཆོས་ཞུར་ཅི་འོང་བྱས་པ་ལ། ངེད་མི་མ་ཡིན་བྱ་བ་ཡིན་པས་བག་གིས་སློབ་པ་ལགས། ཁོང་ལ་ཡང་ཆོས་གནང་བར་ཞུ་ཟེར་བ་དང༌། འོ་ན་རུང་བྱས་པས་གནོད་སྦྱིན་ཕོ་མོ་མང་པོ་རྩར་བྱུང་ནས་ཕྱག་འཚལ་བ་ལ། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་ཆོས་སྔར་ལྟར་གསུངས་པས། མི་མ་ཡིན་པ་ཐམས་ཅད་དགའ་བ་དང༌། ངེད་ཀྱི་འབུལ་བ་ཡང་བྱེད་པ་ལགས་ཟེར་བ་ལ། ལན་ཅི་ཡང་མ་གསུངས། དེར་ཕྱག་རྒྱ་ཆེན་པོའི་སྒོམ་ཞིག་བསྟན་སྙམ་པ་དང་ཆར་སྤྲིན་དེང་པ་ལྟར་ཡལ་ནས་སོང༌། དེ་ནས་ཞག་འགའ་ལོན་པ་ན། ཕུ་ཕྱོགས་སུ་སོང་དང་འབྲི་རོ་གཅིག་ཡོད་ཟེར་བའི་སྐད་ལྷང་ལྷང་བ་གཅིག་གཟུགས་མེད་པ་རྣ་ལམ་དུ་བྱུང༌། དེ་ཅི་ཡིན་སྙམ་ནས་ཕུ་ན་ཡར་གཤེགས་པ་ལ། འབྲི་གཅིག་སྤྱང་ཀུའི་བསད་མ་འཕྲལ་གྱི་རོ་གཅིག་སྣང་བས་ཡུལ་འབྲི་ཨི་ཡིན་ནམ། ཡིན་ན་གཞན་གྱི་འབྲི་རྐུས་ཟིན་ཟེར་ཞིང་སྐུར་པ་འདེབས་སྙམ་ནས་ལེགས་པར་གཟིགས་པ་ལ། དེར་བྱང་འབྲིར་སྣང་བས་ཁོང་པའི་གློ་བ་བོར་ནས། རྐང་ལག་རྣམས་ཚུར་རྒྱབ་ལ་གཏད་ནས་ཁུར་ཡོང༌། བཤུ་བ་དང་ཤ་ཚིལ་ཉ་ར་ཡང་གཤའ་མར་མ་ཤེས་གསུངས། དེར་བསམ་པ་ལ་འདི་ཁོང་གིས་གནོད་སྦྱིན་དེ་ཙམ་ཀུན་ལ་ཆོས་བསྟན་དུས་འབུལ་བ་བྱེད། ཟེར་བ་དེའི་རྣམ་འཕྲུལ་ཡིན་ཏེ་འོང༌། དེ་ཀུན་གྱི་མ་ལེགས་པ་བྱས་སྙམས་ནས། ཏིང་ངེ་འཛིན་གྱི་འགུག་གཞུག་བྱས་ནས༌། དགེ་བསྙེན་དཀར་པོ་བྱས་ནས་བོས་པ་དང༌། ཁོ་བྱུང་བས་ཁྱོད་ལ་ངས་དགེ་བསྙེན་གྱི་སྡོམ་པ་ཕོག །ལས་རྒྱུ་འབྲས་ཀྱི་ཆོས་དེ་ཙམ་བསྟན་པ་ལ། འདི་འདྲ་བའི་སྡིག་པ་བྱེད་པ་བྱས་ནས་བཀའ་བཀྱོན་པ་དང༌། འབྲི་དེ་ངེད་ཀྱི་བསད་པ་མ་ཡིན། འདིར་བཙན་བདུད་གཤིན་རྗེ་དྲི་ཟའི་ཚོགས་དཔག་ཏུ་མེད་པ་ཡོད་པས་དེ་རྣམས་ལ་འཁོར་ལྕེ་སྤྱང་གི་གཟུགས་ཅན་ཡོད་པ་ཡིན་པས་དེ་ཀུན་གྱིས་བསད་པ་ཡིན། ངེད་ཀྱི་སློབ་དཔོན་ལ་སྐད་བཏང་བ་ཡིན་ཟེར། དེར་བླ་མ་འབའ་རོམ་པས་ང་ལ་བླ་མ་རིན་པོ་ཆེས་འབའ་རོམ་བྱ་བ་སྒྲུབ་གནས་ཁྱད་པར་ཅན་ཡིན་པས་དེར་སོང་ལ་སྒྲུབ་པ་གྱིས་ལས་རྒྱུ་འབྲས་ལ་འཛེམས་གསུངས། བླ་མའི་གསུང་སྒྲུབ་པའི་ཆེད་དུ་འདིར་བསྡད་པ་ཡིན་པ་ལ། ཁྱོད་ཡུལ་བདག་གིས་སྡིག་ལ་སྦྱོར་བར་འདུག །ཁྱོད་རང་དམ་ཚིག་མི་བསྲུང་བར་འདུག །ད་ང་འགྲོ་དགོས་པར་སྣང་གསུངས་པ་དང༌། དེར་ཁོང་རྣམས་དང་མི་མ་ཡིན་མང་པོ་འཚོགས་ནས་ངེད་མི་མ་ཡིན་བྱ་བ་ཤིན་ཏུ་ཆད་བཙན་པ་ཡིན་པས། དམ་ཚིག་ཀྱང་བསྲུང་བ་ཡིན། ཁྱད་པར་ངེད་རྣམས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་བྱོན་དུས་ནས། ལས་རྒྱུ་འབྲས་ཀྱི་ཆོས་མང་དུ་ཞུས་པའི་སློབ་མ་དམ་ཚིག་ཅན་ཡིན། སུ་ཡིན་ཡིན་ལ་ངེད་མི་མ་ཡིན་རོ་གྱོང་བས་ཆོས་མི་ཞུ། བླ་མ་ཁྱོད་མི་མེད་ལུང་སྟོང་དུ་བརྩོན་འགྲུས་དྲག་པོའི་སྒོ་ནས་གྲོགས་མེད་པར་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། ཁྱེད་ལ་དད་པར་བྱུང་ནས་ཆོས་ཞུས་པ་ལགས། ད་ཕྱིན་ཆད་སྡིག་བྱེད་རེ་ཟེར་ནས་ཐམས་ཅད་ཀྱིས་མནའ་བསྐྱལ། སློབ་དཔོན་ཆེན་པོ་དེ་སྐད་མི་གསུངས་བར་ཅིས་ཀྱང་མི་བཞུད་པར་ཞུ། ཇི་ལྟར་གསུངས་པ་བཞིན་དུས་ད་ལྟ་ནས་བཟུང་སྟེ་མ་ཤིའི་བར་དུ་ཨ་ཀྱང་ཡང་ཆེ་སྟེ། སངས་མ་རྒྱས་ཀྱི་བར་དུ་བཀའ་ལས་ཡང་མི་འདའ་བར་གསུངས་བཞིན་དུ་བཀའ་བསྒྲུབ་པ་ལགས་ཟེར་ནས། ཀུན་གྱིས་ཕྱག་འཚལ་ནས་ཞུ་དོན་ནན་ཏན་དུ་ཕུལ་བ་ལ། དེར་བླ་མས་སློབ་དཔོན་གྱི་སློབ་མ་ཡིན་པས་དེ་ལྟ་ལེགས་ཏེ། འོ་ན་ང་ཡི་བཀའ་ལས་མི་འདའ་བར་སྡོམ་པ་སྲུངས། ཁྱེད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས། ཁྱད་པར་དུ་བཀའ་འཁོར་རིགས་བརྒྱུད་དུ་གྱུར་པའི་བུ་སློབ་རྣམས་ལ། བསྲུང་ཞིང་སྐྱོབས་པ་དང་སྡོང་གྲོགས་གྱིས། དམ་ཚིག་ལས་མི་འདའ་བར་ཆོས་དང་མཐུན་པར་གྱིས་དང་ང་བསྡད་གསུངས་པས། དེར་མི་མ་ཡིན་ཐམས་ཅད་དགའ་ནས་གསུངས་པ་ལྟར་བགྱི་ཐུགས་ལ་བཏགས་ཟེར་ནས་ཐམས་ཅད་འཇའ་ཚོན་ཡལ་བ་ལྟར་ནམ་མཁར་དེངས་ནས་སོང་གསུངས། ཡང་དུས་རེས་ཤིག་ཙམ་ན་སློབ་དཔོན་རྫ་ཕུག་གཅིག་ལ་ཐུགས་དམ་མཛད་པར་བཞུགས་ནས་ཡོད་ཙམ་ན། ཕྱི་སྒོ་ན་ཀུ་དི་རེ་བ་གཅིག་གྲགས། ཕྱིར་ལངས་ནས་སྒོ་ན་ཕ་བོང་ཆེན་པོ་གཅིག་ཡོད་པའི་སྟེང་དུ་བཞེངས་ནས་གཟིགས་པས། རྟ་པ་མང་པོ་གཅིག་གིས་རྨས་མ་གཅིག་དཔང་ཁྱེར་བྱས་ནས་བྲོས་ཏེ་བྱུང༌། དེ་ཅི་ཡིན་སྙམ་ཙ་ན། དེ་རྣམས་ན་རེ་ད་མཇུག་ན་སླེབ་ནས་བྱུང༌། རྨས་མ་སློབ་དཔོན་ལ་བཅོལ་ལ་རང་རེ་རྣམས་ལ་འུར་བྲོས་ཟེར་ཞིང༌། རྨས་མ་སློབ་དཔོན་མདུན་དུ་སྐྱུར་ནས་ཁོང་རྣམས་བྲོས་ནས་ཐལ། མར་གཟིགས་ཙམ་ན་ཕྱི་ན་རྟ་པ་མང་པོ་གོ་གྱོན་མཚོན་ཐོགས་ནས། མདའ་འགེངས་ཀྱིན་ཡར་རྒྱུག་ནས་བྱུང་བ་དང༌། འཆོར་མི་འཆོར་ལྟ་ཡི་ཟེར་བ་དང༌། རྟ་མ་རྒྱུགས་ཁྱེད་རྣམས་ཀྱི་བར་ང་ཡི་བྱེད་དང་ང་ཡི་ཁ་ལ་ཉོན་གསུངས་་པ་དང༌། ཀུན་གྱིས་རྒྱུག་འཕྲོ་བཅད་ནས་ཚོམ་བསྡད། དེ་ནས་ཕྱིར་ལོག་ནས་འགབ་ཏུ་དལ་གཅིག་བསྡད། དེ་ནས་འབྲོས་མིི་རྣམས་བྱུང་ནས་རྨས་མ་ཁུར། ཁོང་གིས་སློབ་དཔོན་ལ་ཅང་མི་ནུས་པ་འདུག །དེ་རིང་སློབ་དཔོན་བས་གོ་བཅད་ཟེར་ཞིང་ཕྱག་འཚལ་ཞིང་ཕུ་ཕྱོགས་སུ་སོང་སྐད། ཁོང་རྣམས་ཡར་སོང་བ་དང༌། རྟ་པ་ཕྱི་ཏ་རྣམས་ཡར་བྱུང་ནས་དེ་རིང་འཁྲུགས་པ་དེ་སློབ་དཔོན་ལ་འབུལ་ཟེར་ཕྱག་འཚལ་བ་དང༌། ཡོན་ཡག་པོ་ཕུལ་ཆེ་གོ་བཅད་གསུངས། ལྷ་འདྲེ་ཡིན་པར་མཁྱེན་ཀྱང་མི་མཁྱེན་པ་ལྟར་མཛད་ནས་ཁྱེད་མི་སྡེ་གང་ཡིན་གསུངས་པས། ངེད་མི་མ་ཡིན་ཡུལ་འདིའི་ལྷ་འདྲེ་འཁྲུགས་པ་ཡིན་ཟེར་ནས་ཁོང་རྣམས་ཕྱིར་ལོག་ནས་སོང་སྐད། ཕྱིས་ཡང་ནུབ་གཅིག་ནས་སྔར་གྱི་རྟ་པ་རྨས་མ་ཁྱེར་བ་རྣམས་བཅོལ་ཟེར་བ་དེ་རྣམས་ཀྱི་འཁོར་བུ་ཚ་བུད་མེད་ལ་སོགས་པ་མང་པོ་ཁྲིད་ནས་བྱུང༌། དེར་མར་དང་ཐུད་ལ་སོགས་པའི་འབུལ་བ་ཆེན་པོ་ཡང་བྱས། དེ་རྣམས་ཀྱི་དཔོན་པོ་དྲག་ཤོས་གཅིག་གིས་ཞོ་སྙན་གྱི་རུ་ཅོ་གང་སློབ་དཔོན་ལ་དྲངས་ནས་སློབ་དཔོན་བས་ངོས་བཀའ་དྲིན་ཆེན་པོས་སྐྱབས། དེ་ཉིན་རྨས་མ་བཅོལ་ནས་མ་བྲོས་ན་བསད་ཤི་མང་དུ་འོང་བར་སྣང༌། ད་ཆོས་ཀྱང་ཞུ་ཅི་གསུངས་བསྒྲུབ་པ་ཡིན། སློབ་མ་བྱེད་ཟེར་བ་ལ། བླ་མ་འབའ་རོམ་པས་དེ་དུས་ཁྱེད་ཀྱི་ང་ཡོད་པ་ཅི་ཙུག་མཐོང་གསུངས་པ་དང་ངེད་རྣམས་ཞེད་པས་ཡར་བྲོས་ཙ་ན་རྡོ་ཕ་བོང་དེའི་ཁ་ལ་མེ་དཔུང་ཆེན་པོ་གཅིག་ནམ་མཁའ་ལ་རེག་རེག་འབར་བའི་ནང་ནས། སློབ་དཔོན་བཞེངས་ནས་བཞུགས་པར་མཐོང་བས། ད་འདི་ལ་བཅོལ་ལ་བྲོས་བྱས་པ་ལགས། ཁོང་རྣམས་ཀྱིས་ཀྱང་དེ་ལྟར་དུ་མཐོང་བས་ཡར་མི་བདའ་བར་ཡིན་པ་ལགས་ཟེར་སྐད། དེར་སློབ་དཔོན་གྱིས་ཆོས་བསྟན་པ་དང༌། བཀའ་དྲིན་རེ་ཆེ་ཟེར་ནས་ཀུན་ཡལ་ནས་སོང་གསུངས། སྤྱིར་རྫ་རིན་ཆེན་སྤུངས་པ་ལ་ལོ་བཞི་བཞུགས། མདོའི་བྲག་ལ་དགོན་བཟུང་ནས་ལོ་གསུམ་ཕན་ཚུན་གཉིས་ཆར་ལོ་བདུན་བཅས་འབའ་རོམ་དུ་བཞུགས། དེ་ནས་རྩི་ཀླུང་མཁའ་བས་གདན་དྲངས་ནས་ཁམས་སུ་ཕེབས། ལམ་ཧ་རི་སྣར་མགུར་དང་གར་མཛད་པས་ཞབས་རྗེས་བྱོན། རྩི་རྒྱུད་ཀོ་མཛོའི་བྲག་ལ་ལོ་མང་དུ་བཞུགས། དེར་དགོན་བཏབས། གྲུབ་ཆེན་བརྒྱད་ཞལ་གཟིགས་ཐུགས་དམ་ལ་བོགས་ཆེ། འགྲོ་རྣམས་སྨིན་གྲོལ་ལ་བཀོད། དེ་ནས་དབུས་སུ་ཡར་བྱོན་ནས་འབའ་རོམ་དགོན་དུ་ལོ་བཅུ་གསུམ་དུ་གྲྭ་པ་བསྐྱངས་ཞིང་བཞུགས་པ་ལ། ཉིན་གཅིག་འབའ་རོམ་གྱི་བྲག་དམར་རྫོང་ཆེན་དུ་ཡང་ཐོག་གོང་མ་དང༌། འོག་མའི་བར་གྱི་བྲག་སྣའི་ཐད་ཀྱི་ནམ་མཁའ་ལ། རྨ་བྱའི་གདུགས་ཆེན་པོ་ཤིན་ཏུ་ངོ་མཚར་ཅན་གཅིག་ནམ་མཁའ་ལ་ཀྱི་ལི་ལི་འདུག་པ་ལ། འདི་འདྲ་སྔོན་མེད་པ་ཅི་ཡིན་སྙམ་ཙ་ན། བླ་མ་འབའ་རོམ་པ་གདུགས་ དེའིའོགཏུ ་ནམ་མཁའ་ལ་ཞལ་ཤར་དུ་གཟིགས་ནས། ས་གནོན་གྱི་ཕྱག་རྒྱ་མཛད་ནས་བཞུགས་པ་འཁོར་འགས་མཐོང་སྐད། ཡང་གསེར་འབུམ་གཉིས་དང་ཐང་སྐུ་འགའ་ལ་རབ་གནས་མཛད་པ་གཅིག་ཏུ། བཀའ་གདམས་པའི་དགེ་བཤེས་ཞིག་གིས་བླ་མའི་སྐུ་སངས་རྒྱས་ཤཱཀྱ་ཐུབ་པར་མཐོང་བ་ལ། བླ་མས་ཁྱེད་དེ་འདྲ་མཐོང་ཟེར་བ་མི་ལ་མ་ཟློ་གསུངས་སྐད། ཡང་སློབ་དཔོན་ལ་མི་འགས་བྱིན་རླབས་གཅིག་ཞུས་པའི་དུས་སུ། ཚོགས་བྱིན་རླབས་སྐབས་སྟོན་པ་རིན་ཆེན་བླ་མ་བྱ་བས། སློབ་དཔོན་འབའ་རོམ་པ་དྲུག་པ་རྡོ་རྗེ་འཆང་རྒྱན་ཆ་ལ་སོགས་པས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པར་གཟིགས་པས། ངས་རིན་པོ་ཆེ་འདི་ལྟར་བཞུགས་པ་མཐོང་བྱས་པ་ལ། དེ་ཡང་མཐོང་དུ་རུང་ད་ཁྱོད་ཀྱི་མི་ལ་མ་ཟློ་གསུངས་སྐད། ཡང་སློབ་དཔོན་པ་གཟིམས་མལ་ན་བཞུགས་དུས་གཅིག་ལ། ཤེས་རབ་རྒྱལ་མཚན་བྱ་བ་ཡོང་ནས་བལྟས་ཙམ་ན་གཟིམས་མལ་ན་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུར་བཞུགས་པར་འདུག། ཡང་ཡང་མིག་ཕྱིས་ཀྱིན་བལྟས་པས། རྒྱན་དང་ཆ་ལུགས་ཤིན་ཏུ་གསལ་བ་སྨྲ་ལ་ཁད་དུ་བཞུགས་ནས་འདུག། དེའི་ཕྱིར་ག་ལེ་ཕྱིན་ཙ་ན་སུ་ཡོད་གསུངས། དེར་ང་ཡོད་ཞུས་པ་ལ་ཅི་སྣང་གསུངས། སློབ་དཔོན་མིན་པ་གཅིག་གཟིམ་མལ་ན་བཞུགས་ནས་སྣང་བ་ལ། དེ་ཅི་ཡིན་ནམ་སྙམས་པ་ཅིག་བྱུང་ནས་ཕྱིར་ཕྱིན་པ་ལགས་ཞུས་པ་ལ། དམ་པའི་ཆོས་འདུལ་བ་ནས། བླ་མ་གནས་པའི་སྒོ་ལོག་ན། ལག་པས་དལ་གྱིས་བརྡུང་བར་བྱ། ཟེར་བ་ཁྱོད་ཀྱིས་མ་ཐོས་སམ། རྐང་རྗེན་དུ་འཇབ་ཀྱིན་ཡོང་བ། མི་ལྟ་རེ་ཡང་སྒོམ་དུ་མ་སྟེར་ང་མིན་པ་མལ་ས་ན་སུ་ཡོད། ཁྱོད་རང་མིག་འཁྲུལ་པ་ཡིན་པས། འཁྲུལ་གཏམ་མི་ལ་མ་ཟློ་བར་སོང་གསུངས་སྐད། ཡང་ནུབ་གཅིག་མེ་ཏོག་ར་བ་འགེབ་པ་བརྗེད་པ་ལ་ནམ་སྲོད་འཁོར་ཙམ་ན། རྗེ་བཙུན་མའི་སྐུ་གསལ་ཞིང་རྒྱན་དང་ལྡན་པ་གཟིམ་མལ་ནས་བཞེངས་ཏེ། མེ་ཏོག་ར་བར་བྱོན་ནས་མེ་ཏོག་འགེབ་ཀྱིན་སྣང༌། ལེགས་པར་བལྟས་པ་ལ། རྗེ་བཙུན་མ་དངོས་སུ་རང་འདུག །ཁྱོད་ནམ་ལ་མི་ཉལ་བར་དུས་མ་ཡིན་པར་ཅི་ལྟ་གསུངས། ངས་སློབ་དཔོན་པ་བཞེངས་ཏེ་འདུག་པས་ཡོད་པ་ལགས་བྱས་པ་དང༌། སློབ་དཔོན་གང་ན་སྣང་གསུངས། འདི་རང་མིན་ནམ་ཞུས་པ་ལ། ཉིན་མོ་དཔལ་ལྡན་ཧེ་རུ་ཀ། མཚན་མོ་རྒྱན་ལྡན་རྣལ་འབྱོར་མ། ཞེས་གསུངས་པ་དེ་ཐོས་སམ་གསུངས། ཐོས་ལགས་བྱས་པ་ལ་འོ་དེ་ཡིན་གསུངས། ལར་རྣལ་འབྱོར་པའི་ཉམས་ལཅི་ཡང་འབྱུང། བདེན་འཛིན་དང་དགའ་སྤྲོ་མ་བྱེད་བདུད་འཇུག་པའི་རྒྱུ་ཡིན། བླ་མ་རིན་པོ་ཆེའི་བཞེད་པ་སྟེ། ཡོན་ཏན་གོང་མ་རྒྱུད་ལ་སྐྱེ་བ་ལ། བླ་མའི་ཞབས་ཏོག་ལ་འབད་པ་དང༌། བྱང་ཆུབ་ཀྱི་སེམས་རྣམ་གཉིས་སྦྱང་བ་དང༌། ལས་རྒྱུ་འབྲས་ལ་ནན་ཏན་བྱེད་པ་དང༌། རྩ་བའི་བླ་མ་ལ་མོས་གུས་འགྱུར་བ་མེད་པ་གནད་དུ་ཆེ། དེ་ལྟར་བྱས་པས་ཡོན་ཏན་སྐྱེས་པ་དང་མ་སྐྱེས་ན། རྟེན་ཅིང་འབྲེལ་བར་འབྱུང་བས་བསླུས་པ་ཡིན་པས་དེ་ལྟར་མི་འབྱུང་མི་སྲིད། ཕྱག་རྒྱ་ཆེན་པོ་ནི་རང་གི་སེམས་འདི་ལས་གཞན་པ་གཅིག་ལ་མི་ཟེརབླ་མ་བརྟེན་པའི་ཐབས་དང་རང་གི་བསོད་ནམས་བསགས་པས་རྟོགས་པ་ཡིན། དེ་གང་གིས་ཤེས་ན། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། གང་དུ་ཡང་ནི་མི་གནས་ཏེ། བླ་མའི་དུས་ཐབས་བསྟེན་པ་དང༌། རང་གི་བསོད་ནམས་ལས་རེག་བྱ། གསུངས་པས་སེམས་འགྱུར་བ་མེད་པ་རྟེན་འབྲེལ་དུ་ཆེ་བས། རང་གིས་རང་ཤེས་ནས་ཡོང་བ་ཡིན་གསུངས་སྙེམས་བྱེད་མང་པོས་ཡིད་འགྱུར་བ་ལ་མངོན་ཞེན་མ་ཆེ། ཤིན་ཏུ་གསང་དགོས་པ་ཡིན། སྒྲོ་སྐུར་འོང༌། རང་ལ་ཡོན་ཏན་ཡོད་ཀྱང་མ་གསང་བར་བཟླས་པས་དུང་ཕྱིས་པ་བཞིན་དུ་འགྱུར་བ་ཡིན། ཇོ་བོས་ཀྱང་ས་དང་པོའི་བདེན་པ་མ་མཐོང་བར་རྨི་ལམ་གཞན་ལ་བཤད་པ་ན། དྲོད་རྟགས་ཕྲ་མོ་ཡལ་བར་འགྱུར་བ་དང༌། གསང་སྔགས་གསང་ན་འགྲུབ་པས་ཐམས་ཅད་གསང་དགོས་པར་བསྟན་པ་ཡིན་གསུངས་ནས་ཕྱིར་གཟིམ་མལ་དུ་བཞུད་སྐད། ཡང་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས། རིགས་ལྔ་དང༌། དྲུག་པ་རྡོ་རྗེ་འཆང༌། ཞལ་གཟིགས་པའི་དུས་སུ། དཔལ་ལྷ་ལས་བབས་པ་ཚངས་པའི་དབྱངས་བྱ་བའི་བསྟོད་པ་ཡོད་གསུངས། ཡང་སློབ་དཔོན་པས་འགའི་ཆོས་སྒོ་འགྱེད་པའི་དུས་སུ། བྱིན་རླབས་བྱས་ནས་སྤོག་ཆོག་མཛད་དུས་སུ། ཡང་འགས་རྣལ་འབྱོར་མར་ཞལ་གཟིགས་ནས་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་སྐད། བསོད་ནམས་རྒྱལ་མཚན་བྱ་བས། གཟིམ་མལ་ན་འོད་དམར་པོའི་ཕུང་པོ་གཅིག་འཁོར་བ་ཡིན་འདུག་པར་མཐོང༌། ཕྱིར་ལོག་ནས་སྒོར་སོང༌། ཡར་ནང་དུ་འོང་ནས་བལྟས་ཙ་ན། སློབ་དཔོན་པས་མགུར་ལྷང་ལྷང་མཛད་ཀྱིན་གདའ། ཡང་དགེ་བསྙེན་གཅིག་གིས་སློབ་དཔོན་བླ་དབྱེ་ན་བཞུགས་པའི་དུས་སུ། ཇོ་བོ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་མའི་སྐུར་བཞུགས་ནས་ཆོས་གསུངས་པར་མཐོང་སྐད། ཡང་ཞང་བཙུན་ཏོག་གཞིར་བྱ་བ་གཅིག་གིས་རྗེ་བཙུན་མའི་སྒྲུབ་ཐབས་གཅིག་ཞུ་དགོས་ཏེ། ཁོང་གིས་ཆང་འཐུང་ཟེར་ན་རྐེ་རྦད་ཀྱིས་བཅད་ཀྱང་ཆང་མི་འཐུང་བྱ་དགོས་སྙམས་པ་ལ། ཞུ་དགོས་སྙམས་བྱུང་ནས་ཕྱིན། སློབ་དཔོན་པ་ལ་རྗེ་བཙུན་མའི་སྒྲུབ་ཐབས་གཅིག་ཞུར་མཆིས་པ་ལགས་པས། གནང་བར་ཞུ་བགྱིས་ཙམ་ན། ཆང་ནི་རྣལ་འབྱོར་མ་ཉིད་དེ། རྣལ་འབྱོར་མ་ནི་ཆང་གི་གཟུགས། གལ་ཏེ་གོ་འཕང་མཆོག་འདོད་པས། དེ་དག་ཐ་དད་མི་བརྟག་གོ། གསུངས་སྐད་པ་ལ་མ་གསན་ནམ། རྐེ་བཅད་ཀྱང་ཆང་མི་བཏུང་སེམས་པའི་མི་རྟོག་ངན་ལ་རྣལ་འབྱོར་མའི་སྒྲུབ་ཐབས་ཀྱིས་ཅི་བྱེད། གསེར་སྤང་བས་སེར་པོ་གང་ལ་ཡོང༌། གཅན་གཟན་ཕྲ་མོ་བཟའ་འདོད་ཟས་ཀྱིས་འཇིགས་པ་བྱ་བ་ཡིན། སྡུག་པ་སྒྲུབ་ཐབས་ཀྱང་མི་འཚལ་རྟོག་ངན་མ་བསམ་གསུངས་སྐད། ཡང་ཡོན་བདག་དབང་སེང་གི་བུ་ཆུང་བ་ལ་ཐུགས་དམ་འཕྲེང་རྡོག་གཅིག་བཏགས་པ་ལ། དུས་རེ་ཞིག་ཙམ་ན་དེ་ཤི་བའི་རོ་བསྲེགས་པས་འཕྲེང་རྡོག་མདོག་མ་ཉམས་པར་ཐལ་བའི་གསེབ་ན་རྙེད་པ་དབང་སེང་གི་མགུལ་དུ་བཏགས་སྐད། ཡང་ཡོན་མགོན་གྱི་བུ་ཆུང་ལ་སྔགས་མདུད་གཅིག་བཏགས་པ་ལ། དུས་རེས་གཅིག་ན་དེ་ཤི་སྟེ་རོ་བསྲེགས་དུས་སུ་སྔགས་མདུད་མ་ཚིག་པར་ཕ་མས་ཕྱིར་ཉིན་ཐལ་བའི་གོ་གསེབ་ཏུ་སྔགས་མདུད་རྙེད་པས། མེ་ཉིན་གཉིས་འབར་བས་སྐུད་པ་ཕྲ་མོ་འདི་མི་ཚིགས་པ་མཚར་ཆེ། བྱིས་པ་ཤི་བ་ནི་ལས་ཀྱིས་ཤི་བ་ཡིན། མདོ་སྡེ་ན་བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ་གསུང༌། དེ་འདྲ་ལ་དགོངས་པ་ཡིན་ཏེ་འོང་གསུངས་ནས་ཀུན་གྱིས་མྱ་ངན་མི་བྱེད་པར་འདུག་སྐད། ཡང་ཉེ་གནས་གཅིག་གིས་གཟིམས་མལ་ནང་དུ་བལྟས་པས་མི་བཞུགས་པར་འདུག །ད་བཟོད་འདི་ན་བཞུགས་པ་ཡིན་པ་ལ་བྱས་ནས། སྒོ་ཕྱིར་ལོག་ནས་ཡོང་ཙ་ན་མཇུག་ནས་འབོད་ཀྱིན་འདུག །ནང་དུ་ཕྱིན་ཙ་ན་ཁྱོད་ཕྱིར་ལོག་པ་ཅི་ཡིན་གསུངས། སློབ་དཔོན་མི་བཞུགས་པར་འདུག་གདན་མིན་པ་ངས་མ་མཐོང་ཞུས་ཙམ་ན་ངས་འདི་ཙུག་བྱས་པ་ཡིན་གསུངས་ནས། ཁྲུས་རས་གཅིག་གིས་ཞལ་བཀབས་པ་ལྟར་མཛད། དེ་ཙུག་མཛད་ཀྱང་ད་ཅི་མི་འདུག། ད་ལྟར་འདུག་ཀྱིན་གདའ་བ་ལ་ཞུས་པ་ལ། གླེན་པ་དབྱར་ཀའི་ས་ལ་ཅི་ཡང་སྐྱེ། །རྣལ་འབྱོར་ཉམས་ལ་ཅི་ཡང་འོང༌། །ཟེར་བ་མ་ཐོས་སམ། ཐམས་ཅད་ཉམས་སྣང་ཡིན་པས་བདེན་འཛིན་མ་བྱེད། རང་སྣང་བཟླས་ན་སྒྲོ་སྐུར་འོང༌། དུས་ད་ལྟ་ཅི་བྱས་ཀྱང་ཡིད་ཆེས་དཀའ་བས་ཁྱེད་ཀྱི་དེ་ཚུག་ཡིན་ན་ད་ལྟའང་འདི་ལྟར་དུ་འབྱུང་དགོས་ཟེར་ནས་ལུང་འདྲེན་ཤད་ཤད་བྱེད། ལས་དང་པོ་པ་ལ་འདི་ཚུག་བཤད་ཟེར་བ་ལ། ཐོས་པ་ཆེན་པོ་མ་བྱས་པའི་མི་ལ་སྐྱོན་ཟེར་ནས་སྡིག་རྩར་འགྲོ་བས། ད་ལྟའི་དུས་ན་ཅིས་ཀྱང་གསང་དགོས་པ་ཡིན་གསུངས། ལར་ས་ལམ་གྱི་རྟགས་མི་དགོས་བླ་མ་དམ་པ་ཞིག་ལ་མོས་གུས་ཁྱད་པར་ཅན་གཅིག་གི་སྒོ་ནས། དམ་ཚིག་མ་ཉམས་པར་བསྟེན་ན་དངོས་གྲུབ་རྣམ་གཉིས་ཚེ་འདི་ཉིད་ལ་ཐོབ་པ་ཡོང་གསུངས། ལུང་ལས༌། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། བྱ་བ་ཡང་བཤད། དེ་བློ་ཆུང་བ་ཚོགས་མ་བསགས་པའི་གང་ཟག་གི་བློར་མི་ཤོང་གསུངས་སྐད། ཡང་དགོན་དུ་བརྒྱག་བསྐྱེལ་བ་འགའ་ཡོང་བའི་དུས་རྟ་ཇག་པས་ཁྱེར་བ་ལ། ཕྱག་རྒྱ་གཅིག་བཅས་ནས་ལྟ་སྟངས་གཅིག་མཛད་པ་དང༌། ཇག་པ་རྣམས་རྟ་རྒྱུག་བདོ་ལ་འདམ་ལ་ཟུག་པ་བཞིན་དུ་སོང་ནས་རེངས་པར་གདའ། སློབ་དཔོན་པས་ད་ཁྱོད་ཀུན་སོང་ལ་རྟ་ལོང་ཁོང་ལ་ཅང་མ་ཟློ་སྙིང་རྗེ་གསུངས་སྐད། ཡང་སྐྱོ་དུ་སྐམ་བྲག་ཟེར་བ་ལ་ཉིན་ས་པ་སྐམ་པོ་ཆུ་ཡེ་ནས་མི་འདུག་པ་གཅིག་གི་སར། འདིར་གཏོར་མ་གཅིག་ཁྱེར་ལ་ཤོག་གསུངས་ནས། གཏོར་མ་གཅིག་བསྔོས་ཏེ། ཕྱག་འཁར་གྱིས་ས་ལ་རྗེས་གཅིག་ཕྱུང་ནས་འདིའི་ཤུལ་དུ་ལུགས་གསུངས་ནས། གཏོར་མ་འདིར་བླུག་པ་དང༌། འཽ་སྔགས་ཀྱི་བདག་པོ་འཇིག་རྟེན་ན་མཐུ་ཆེ་བ་ཁྱེད་རྣམས། ངེད་ལ་ཆུ་མེད་པས་མྱུར་བར་ཆུ་གཅིག་ཞུ་གསུངས། ཕྱིར་ཉིན་དེར་བལྟས་ཙམ་ན། རླན་བག་ཙམ་ཞིག་བྱུང་ནས་སྣང་ཞུས་ཙམ་ན། ཡང་གཏོར་མ་གཅིག་ཁྱེར་ལ་སྐྱེལ་དང་སང་ནངས་པར་ལས་མི་འཕྱི་བར་ཆུ་གཅིག་འདོད་པ་ཡིན་གྱིས་ལ་གཏོར་ཆུ་དེར་ལུགས་ལ་ཤོག་གསུངས། དེར་དེ་ཙུག་བྱས་པས་ཕྱིར་ཉིན་ད་སོང་དང་ཆུ་ཡོད་གསུངས། ཕྱིན་ནས་བལྟས་ཙམ་ན། ཆུ་མིག་སྔོ་སི་ལི་ལི་འབབ་པ་ཡིན་སྣང༌། དེར་ཆུ་བླང་ནས་ལོངས་སྤྱོད་གསུངས། ཕྱིས་ཡུལ་མི་རྣམས་ཀྱིས་ཆུ་དེ་ལས་བླངས་ནས། ནད་པ་རྣམས་དང་བར་ཆད་ཅན་རྣམས་ལ་བླུད་པས། སང་སང་འགྲོ་བ་ཡིན་འདུག་སྐད། རང་རེ་ཡང་སྣང་བ་དག་པ་ཁོ་ན་མ་ཡིན་ཏེ། འོ་ན་ཡང་བླ་མ་རིན་པོ་ཆེ་སྟག་ལུང་ཐང་པ་ཅན་དུ་བྱོན་པ་དང༌། བླ་མ་འབའ་རོམ་པ་མཇལ་བ་དང༌། བསྙེན་བཀུར་བྱེད་པ་གྲོ་ལམ་གཅིག་ཏུ་གཤེགས་ཏེ། འཇའ་ཁ་དོག་སྣ་ཚོགས་ཀྱིས་བླ་མ་འབའ་རོམ་པ་ཆེན་པོའི་དབུ་ཐོག་ཏུ་ཕུབ་ནས་བཞུད་པ་མཐོང་བ་ལགས་དེ་ལ་སོགས་པའི་མཐོང་སྣང་ཁྱད་པར་ཅན་དཔག་ཏུ་མེད་པ་ཡོད་དེ་འདིར་ཡི་གེ་མང་བས་ནས་མ་བཀོད་པ་ཡིན། བླ་མ་རིན་པོ་ཆེ་དཔལ་ལྡན་འབའ་རོམ་པ་ཆེན་པོ་དེས། འཛིན་པ་དང་རེ་དོགས་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་ངང་ལས། བླ་མ་དྭགས་པོ་རིན་པོ་ཆེའི་སྐུའི་ཞབས་ཏོག་ཁྱད་པར་ཅན་མཛད་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོར་བློ་ངེས་པར་མཛད་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་དྲུག་པ་རྡོ་རྗེ་འཆང་དུ་གཟིགས་པས། རང་དང་གཞན་སྣང་བ་དག་པ་རྣམས་ཀྱིས། ཡི་དམ་གྱི་ལྷར་གསལ་བ་ལ་སོགས་པ་སྐུ་ཡི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཡིན། བླ་མ་དེ་ཉིད་ཀྱི་གསུངས་ཇི་ལྟར་བཀའ་སྩལ་བ་བཞིན་དུ་སྒྲུབ་ཅིང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་དུ་ངེས་པའི་ཤེས་པ་སྐྱེས་པས། ངག་ནུས་པ་དང་ལྡན་ཞིང་གསོལ་བ་བཏབ་པ་ཙམ་གྱིས་ཀྱང་མངོན་སུམ་དུ་འགྲུབ་པ་དང༌། འགྲོ་བ་ཐམས་ཅད་དད་པ་དང་འདུན་པ་ཡིན། བླ་མ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཟུང་འཇུག་ཆོས་ཀྱི་སྐུར་བློར་ངེས་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་མཁྱེན་པ་དེ་ཉིད་ཀྱི་ངང་ལ། དུས་སྐད་ཅིག་ཆད་པ་མེད་པར་བཞུགས་པ་ཡིན། བླ་མ་རིན་པོ་ཆེ་དེ་ཉིད་ལ་རབ་བསྒྲུབ་པའི་ཞབས་ཏོག་རང་ཉིད་ཀྱི་ལུས་དང་སྲོག་ལ་མ་ལྟོས་པར་རྩམ་ཆེན་ལྷ་སྒོའི་གངས་ཀྱི་ར་བ། རི་ཁྲོད་རྣམ་པར་དག་པ་དེར་འཁོར་བ་བློས་སྤངས་ནས། གང་ལ་ཡང་ཉམ་ང་མེད་པར་སེང་གེའི་རྒྱལ་པོ་ལྟར། མཉམ་རྗེས་མེད་པར་ཕྱག་རྒྱ་ཆེན་པོའི་ངང་དུ་རྒྱུན་ཆད་མེད་པར་བཞུགས་པས། སེམས་སྙིང་པོ་མེད་པ་ལ་སྙིང་པོ་བླངས་པ་ཡིན། འབྲིང་ལུས་ཀྱི་ཞབས་ཏོག་ལ་དཀའ་བ་དཔག་ཏུ་མེད་པའི་སྒོ་ནས་ལུས་དང་སྲོག་ལ་མ་ལྟོས་པར་བླ་མ་དེ་ཉིད་ཀྱི་སྐུ་ཚེའི་བར་ཆད་ལན་གྲངས་ཀྱིས་བསལ་ནས། ལུས་སྙིང་པོ་མེད་པ་ལ་སྙིང་པོ་བླངས་པ་ཡིན། མཐའ་མར་དངོས་རྫས་ཟང་ཟིང་གི་ཞབས་ཏོག་ལ། མདོ་རྒྱས་པ་ལ་སོགས་པོ་ཏི་མང་པོས་སྣ་དྲངས་པའི་ཇ་དང་གསེར་དངུལ་དང༌། སྟག་གཟིག་དང་ཁྲབ་རྨོག་དང༌། གཡུ་དང་བྱི་རུ་དང༌། གནག་རྟ་ལ་སོགས་པ་ཤིན་ཏུ་ངོ་མཚར་ཆེ་བའི་ནོར་རྫས་ཕུལ་ཏེ། ལོངས་སྤྱོད་སྙིང་པོ་མེད་པ་ལ་སྙིང་པོ་བླངས་པ་ཡིན། ཞབས་ཏོག་གསུམ་གྱི་སྒོ་ནས་བླ་མ་རིན་པོ་ཆེ་དེ་ཤིན་ཏུ་མཉེས་པར་བྱས་པ་ལགས། ཡང་འགྲོ་བའི་མགོན་པོ་བླ་མ་རིན་པོ་ཆེ་དེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འབྱུང་བས་སྐུ་ལ་རིང་བསྲེལ་ཁ་དོག་སྣ་ཚོགས་བྱོན་པ་ཡིན། བླ་མའི་ཞབས་ཏོག་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས། ཕྱག་དང་ཞབས་ལ་འཁོར་ལོ་དང་པདྨས་ལེགས་པར་བརྒྱན་པ་ཡིན། ཐུགས་ཀར་དཔལ་བེའུ་རི་མོ་ཤིན་ཏུ་གསལ་བ་ཡོད་པ་ཡིན། ཕྱག་གི་ཨུད་པ་ལ་ཁ་གྱེན་དུ་ལྟ་ཞིང་རིང་བ་ཡིན། ཕྱག་གཡོན་པའི་སྲིན་ལག་གི་རྩ་བར་ཧཱུྃ་སྤུ་ཤད་ལྟ་བུ་གསལ་བར་ཡོད་པ་ཡིན། སྐུ་གཟི་བརྗིད་ཆེ་ཞིང་མདངས་དང་ལྡན་པས་ཐམས་ཅད་ཟིལ་གྱིས་གནོན་པར་བཞུགས་པ་ཡིན། ཆོས་ཐམས་ཅད་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་དུ་ཤར་བས། དམིགས་པ་མེད་པའི་ཐུགས་རྗེས་ཕྱོགས་རིས་མེད་པའི་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་ནོ། རྟེན་འབྲེལ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་མང་པོའི་དོན་མཛད་པཡིན། བཞུད་པ་ན་ཐུགས་རྗེཆེན་པོའི་འགྲོ་བ་ལ་ཕན་བདེ་བསྒྲུབ་ཅིང་བཞུད་པ་ཡིན། བཞུགས་པ་ན་ལུས་གནད་བཅས་པས་སྐུ་སྐྱིལ་མོ་ཀྲུང་གིས་ལེགས་པར་བཞུགས་པ་ཡིན། གཟིམས་ཙམ་ན་འོད་གསལ་འགྲོ་འོང་མེད་པའི་ངང་ལ་གཟིམས་པ་ཡིན། ་སྤྱོད་ལམ་རྣམ་བཞིར་མཉམ་བཞག་ཆེན་པོའི་ངང་ལ་བཞུགས་པ་ཡིན། མངོན་པར་ཤེས་པ་དྲུག་དང་ལྡན་པའི་སྒོ་ནས་གསང་སྤྱོད་མཛད་པ་ཡིན། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གང་ལ་གང་འདུལ་གྱིས་གདུལ་བྱའི་ཁམས་དང་བག་ལ་ཉལ་བ་དང་བསྟུན་ནས་དེ་ལ་དེ་ལྟར་སྟོན་པ་ཡིན། སྐུ་གསུང་ཐུགས་བྱམས་པའི་ལས་དང་ལྡན་པའི་གཟིམས་པར་རི་དྭགས་རྣམས་ཀྱི་ས་མནལ་ལོག་པ་སྲུང་བ་ཡིན། བྱ་དང་བྱིའུ་རྣམས་ཀྱིས་མནལ་བསྲུང་ཞིང་ཕྱག་མཐིལ་དུ་སྡོད་པ་དང། ཤངས་ཀྱི་རྩེ་ལ་བབས་ནས་སྤྱན་རྣག་སེལ་བ་ཡིན། མནལ་སད་ཙ་ན་དཔའ་བོ་དང་མཁའ་འགྲོ་མས་ཌཱ་མ་རུའི་སྒྲ་དང༌། ཕྱག་གི་བརྡས་ཐུགས་དམ་དང་གཤེགས་བཞུད་ཀྱི་དུས་ཚོད་མ་ཡེལ་བར་བསྐུལ་བ་ཡིན། གཞན་ཡང་བླ་མ་རིན་པོ་ཆེ་དེས་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་གཟིགས་པ་དང༌། ནམ་མཁའ་ལ་འགྲོ་བ་དང༌། ཆུ་ལ་མི་བྱིང་བ་དང༌། སྐུའི་བཀོད་པ་དུ་མ་མཛད་པ་དང༌། ཟད་པར་གྱི་ཏིང་ངེ་འཛིན་ཐམས་ཅད་སྙོམས་པར་འཇུག་པ་དང༌། རྩིག་པ་དང་བྲག་ལ་ཐོགས་པ་མེད་པར་གཤེགས་པ་དང༌། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཅིང༌། ཐུན་མོང་གི་ཡོན་ཏན་མ་ལུས་པ་མངོན་སུམ་དུ་གྱུར་པའི་འགྲན་གྱི་དོ་ཟླ་མེད་ཅིང༌། རྩོད་པ་དང་བྲལ་བའི་གྲུབ་ཐོབ་ཆེན་པོར་གྱུར་པ་ཡིན། འགྲོ་བ་ཀུན་གྱི་མགོན་དང་སྐྱབས་སུ་གྱུར་པའི་བླ་མ་རིན་པོ་ཆེ་དེ་ལ་སྐྱེ་རྒ་ན་འཆི་ལ་སོགས་པ་མི་མངའ་ཡང་དགུང་ལོ་བདུན་ཅུ་རྩ་གཉིས་ལ་གདུལ་བྱ་འགའ་ཞིག་ལ་གཟིགས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལྟར་བླ་ན་མེད་པའི་མཛད་པ་དང་མཐུན་པར་དགོངས་ནས། ཉིན་གཅིག་ལ་མདངས་རྨི་ལམ་ན་སང་ཕོད་ང་འཆི་བ་གཅིག་རྨིས། ཅི་བྱས་ཀྱང་མི་ཟློག་པར་འགྲོ་དགོས་པར་སྣང་བས། མི་གསར་དུ་ཡོངས་ནས་ཆོས་ཞུ་བ་རྣམས་ང་རྩར་མ་འཇོག་གོ་བ་ལོང་ཅིས་ཀྱང་མ་བཞག་གསུངས། ཁྱེད་ལ་མི་དགའ་སྟེ་ཡིད་གདུངས་ནས་འགྲོ་བ་ཡིན། བླ་མ་གཞན་གྱི་གན་དུ་ཐོང་ཡུན་རིང་བས་གཙོ་མི་ཆེ་སྟེ། མོས་གུས་ཆུང་བ་གྱོང་ཆེ་བས། མི་འགའ་རེས་ཆོས་བྱ་རྒྱུ་མ་རྙེད་ཟེར་ཏེ་མི་བདེན། རྩོད་པ་མེད་པའི་བླ་མ་མཚན་ཉིད་དང་ལྡན་པ་མཇལ་ནས། མོས་གུས་རྩེ་གཅིག་ཏུ་བྱས་ཤིང་བསླུ་བ་མེད་པའི་ལས་རྒྱུ་འབྲས་ལ་ནན་ཏན་ཏུ་མཛོད། གཡེང་བ་མེད་པར་བྱང་ཆུབ་ཀྱི་སེམསས་རིན་པོ་ཆེ་སྦྱངས་ནས་རེ་དོགས་མེད་པར་ཕྱག་རྒྱ་ཆེན་པོ་རང་ལ་ཡོད་པ་དེ། ལྷུན་གྱིས་གྲུབ་པར་རྒྱུན་ཆད་མེད་པར་གོ་ཞིང་རྟོགས་ན། ཐེ་ཚོམ་མེད་པར་ཚེ་འདི་ཉིད་ལ་དངོས་གྲུབ་རྣམ་གཉིས་ཐོབ་པར་ངེས་ཤིང༌། ཐོགས་པ་མེད་པར་སེམས་ཅན་བསམ་གྱིས་མི་ཁྱབ་པའི་དོན་རླབས་པོ་ཆེ་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆེ་བ་ཡིན་པས། གང་གིས་ཀྱང་འགགས་པར་ནུས་པ་མ་ཡིན་ནོ། །སང་ཕོད་དཔྱིད་ནི་ང་འགྲོ་བ་ཡིན་གསུངས་པ་ལ། རིམ་གྲོ་བྱས་ན་བཟློག་ཏེ་འོང་བས་རིམ་གྲོ་བྱེད་པར་ཞུ་བྱས་པ་ལ། གླེན་པ་ཀུན་གོང་དུ་བཟླས་པ་དེ་མ་གོའམ། བླ་མའི་གསུང་ལ་ཚད་མར་མི་འཛིན་པའི་མིས་བླ་མས་བྱིན་རླབས་འདོད་པ་དེ་རེ་བླུན། །ཁྱོད་ཚོ་ལ་དབང་མེད། སྙིང་སྟོང་སང་ཀྱི་སོང་ཙམ་ན། ད་གཟོད་བདེན་སྙམ་པ་གཅིག་འོང་བ་ཡིན། ཅི་བྱས་ཀྱང་སང་ཕོད་མི་བཟློག་གསུངས། ཕྱིས་ལོ་ནུབ་གཅིག་རྨི་ལམ་ན། འབུལ་བ་གཅིག་འོང་ཟེར་བ་ལ། ང་ད་ལྟ་འདས་ན་གདུང་བཞུ་བདེ་བ་འདི་ཡིན་བྱས་པ་རྨིས་གསུངས། དེ་ནས་སོག་རུ་ཇ་པ་མང་པོ་སླེབས་པའི་ནང་ནས། འབའ་རོམ་པའི་འབུལ་སྐྱེལ་འོང་ཟེར་བའི་སྐད་བྱུང་བ་ལ། བླ་མས་དེ་ཀུན་དང་རེས་གཅིག་འཕྲད་ན་ཁོ་ཡིད་ཚིམས་པ་ཡིན་ཏེ། ང་མེད་པ་གཅིག་དང་ཐུག་དོགས་ཡོད་གསུངས་པ་ལ། ཁོང་འགའ་རེས་ཤི་རྨིས་བཟང་བ་ཡིན་ཟེར་བ་མི་བཟང་ངམ་ཞུས་པ་ལ། དེ་དང་མི་འདྲ་ང་བླ་མ་མཉེས་པར་བྱས་པ་ཡིན། གདམས་ངག་གི་གནད་ལ་མཁས་པ་ཡིན། སྒྲུབ་པ་རྩེ་གཅིག་ཏུ་ནན་ཏན་བྱས་པ་ཡིན། ཉམས་མྱོང་དང་རྟོགས་པ་ངེས་ཤེས་དང་བཅས་ཐེ་ཚོམ་མི་ཟ་བར་ཡོད་པ་ཡིན། འཆི་ལྟས་ལ་ཤིན་ཏུ་མཁས་པ་ཡིན་པས། དེས་ཕན་པ་མེད། ད་གསོལ་བ་བཏབ་ནས་ཁོང་ལ་ལན་གཅིག་སྡོད་དགོས། མགྲོན་པོ་ཡར་ཚེས་ལ་འོང་བར་སྣང་གསུངས། དེ་ནས་ཞག་དྲུག་བདུན་ནས་སྐུ་བསྙུང༌། ཚེས་གཅིག་དང་གཉིས་ལ་ཇ་པ་སྔ་ཕྱི་ཡང་སླེབས། དེར་བླ་མ་རིན་པོ་ཆེའི་མགྲོན་པོ་ཐག་རིང་ནས་ཡོང་བ་ཡིན་པས་སྤྱན་སྔར་ཐོངས་གསུངས་པ་ལ། མགྲོན་པོས་ཡར་ཞུས་པ། བླ་མ་རིན་པོ་ཆེའི་སྐུ་ཁམས་ཀྱི་བཅའ་རྩི་བགྱིད་པ་གལ་ཆེ་བས། དེ་རེས་ངེད་དང་མི་མཇལ་བས་ཚུར་ལམ་མཇལ་བ་ཞུ་ཟེར་བ་ལ། ཚུར་ལམ་ང་ནི་གར་ཡོད་ཁྱོད་ནི་གར་ཡོད། ཐག་རིང་ནས་འོང་བའི་མི་དཀའ་ལས་མང་པོ་བྱས་པ་ཡིན། མ་འགོག་པར་ཤོག་མཇལ་དགོས་པ་ཡིན། ངས་འབུལ་བའི་ངོ་ལ་བལྟས་པ་མ་ཡིན། ཁོང་རྣམས་དང་འཕྲད་ནས་ད་རེས་ཕྱིས་ལྟ་ཡིན། གཞི་བྱེས་ལ་སོགས་པ་འཛོམས་པ་ཡིན་པས། ད་ཐོངས་དང་ཆོས་ཀྱང་བྱ་དགོས་པ་ཡིན་གསུངས། དེར་མགྲོན་པོ་རྣམས་ལ་སྐྱབས་འགྲོ་དང༌། སེམས་བསྐྱེད་ལ་སོགས་པ་ལེགས་པར་མཛད། དེ་ནས་དགོན་པའི་གྲྭ་པ་རྣམས་དང་མཇལ་ཁ་ལེགས་པར་མཛད་ནས། ཞལ་ཏ་ཡང་ཞིབ་ཏུ་གསུངས། དེ་ནས་ས་ག་ཟླ་བའི་ཡར་ངོའི་ཚེས་གཉིས་ཀྱི་ནུབ་མོའི་ནམ་གུང་ཡོལ་ཙམ་ན་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན། དེ་དུས་མཐོང་སྣང་ལ་འོད་དམར་པོ་ནམ་མཁའ་ལ་འཁོར་བཞིན་འདུག་པ་དང༌། མེ་ཏོག་སྣ་ཚོགས་ཀྱི་ཆར་དང་རོལ་མོའི་སྒྲ་དཔག་ཏུ་མེད་པ་དང༌། ཁྱད་པར་དུ་ཌཱ་མ་རུ་དང། ཅང་ཏེའུའི་སྒྲ་འཁྲོལ་བ་དང༌། ས་གཡོ་བ་དང་ འུར་ཆེན་པོ་དང༌། འོད་དང༌། འཇའ་དང༌། ལྟས་ཆེན་པོ་དཔག་ཏུ་མེད་པ་དང་ངོ་མཚར་ཆེ་བ་མང་པོ་བྱུང༌། དེ་ནས་ཡར་གྱི་ཚེས་བཅུ་ལ་གདུང་བཞུས། དེའི་དུས་སུ་དུད་པ་ཐད་ཀའི་ནམ་མཁའ་ལ་ཡར་སོང་ནས་འཁྲིགས་པ་ན། འཇའ་ཡི་གདུགས་ཁ་དོག་སྣ་ཚོགས་པར་སོང༌། ནམ་མཁའི་འཇའ་ཚོན་ཀུན། པདྨ་དང༌། ཤིང་ལྗོན་པ་དང༌། རྒྱལ་མཚན་དང༌། བ་དན་ལྟ་བུ་དཔག་ཏུ་མེད་པ་གང་བ་བྱུང༌། འགྲོ་བ་ཀུན་ལ་དང་བ་ཁྱད་པར་ཅན་འདྲེན་པ་དང༌། མོས་གུས་བྱེད་པའི་རྟེན་ལ། རིང་བསྲེལ་ཁ་དོག་སྣ་ཚོགས་པ་མང་པོ་རིན་པོ་ཆེ་འབར་བ་ལྷ་བཟོས་ཇི་ལྟར་བཟོས་པ་དང་ཚོན་རྩིས་བྲིས་པ་ལྟར་ཤིན་ཏུ་གསལ་བ་ངོ་མཚར་ཅན་དང༌། བཀྲ་ཤིས་ཀྱི་རྟགས་རྣམ་པ་བརྒྱད། རྗེ་བཙུན་མའི་སྐུ་ལ་སོགས་པ་རྟེན་མང་པོ་བྱོན་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཀྱི་རྒྱལ་པོ་འགྲོ་བའི་མགོན་པོ་རིན་པོ་ཆེ་དེ་ལ། སློབ་མ་ངོ་མཚར་ཅན་མང་དུ་བཞུགས་ན་ཡང༌། བུ་ཆེན་བཞི་ནི། རྩེ་རོམ་དབང་ཕྱུག་སེང་གེ། བྲན་ཀ་ཇོ་བཙུན་ནམ་མཁའ། བླ་མ་ཆེན་པོ་ལྷོ་པ། སྟོན་པ་རིན་ཆེན་བླ་མ་དང་བཞི་ཡིན། དེ་ལ་ཉེ་བའི་སྲས་བཞི་ནི། བྲན་ཀ་ལྷ་སྟོན། སྟོན་པ་གཞོན་ནུ་གྲགས། ཁྱིམ་མཉེས་ཨཱརྻ་དེ་བ། ལྷ་རྗེ་བློ་གྲོས་མཆོག་དང་བཞི་ཡིན། བརྒྱུད་པ་འཛིན་པའི་སྲས་བཞི་ནི། བླ་མ་རིན་པོ་ཆེ་འབྲི་གུང་པ། བླ་མ་ཉིན་དགོན་པ། བླ་མ་དཔལ་རྒྱལ། བླ་མ་སེང་གེ་རྒྱལ་མཚན་དང་བཞི་ཡིན། ཐུགས་སྲས་གཉིས་ནི། དབོན་སྒོམ་རྒྱལ་བ་གྲགས་པ། དབོན་པོ་ཤེས་རབ་དབང་ཕྱུག་དང་གཉིས་ཡིན་ནོ། །མཆོག་ཏུ་གྱུར་པ་ནི། རྗེ་འགྲོ་བའི་མགོན་པོ་ཏི་ཤྲཱི་ཤེས་རབ་སེང་གེའོ།


previous༈ དྲུག་པ་མཉམ་མེད་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ནི། next