ཡེ་ཤེས་ཀྱི་གཟུགས་སྣ་ཚོགས་ངོ་སྤྲད་པ།
གཉིས་པ་ཡེ་ཤེས་ཀྱི་ཡུལ་དྲུག་སོ་སོར་ངོ་སྤྲད་པ་ལ་དྲུག་སྟེ། ཡེ་ཤེས་ཀྱི་གཟུགས་སྣ་ཚོགས་ངོ་སྤྲད་པ་དང་། ཡེ་ཤེས་ཀྱི་སྒྲ་སྣ་ཚོགས་ངོ་སྤྲད་པ་དང་། ཡེ་ཤེས་ཀྱི་དྲི་སྣ་ཚོགས་ངོ་སྤྲད་པ་དང་། ཡེ་ཤེས་ཀྱི་རོ་སྣ་ཚོགས་ངོ་སྤྲད་པ་དང་། ཡེ་ཤེས་ཀྱི་རེག་བྱ་སྣ་ཚོགས་ངོ་སྤྲད་པ་དང་། ཡེ་ཤེས་ཀྱི་ཆོས་སྣ་ཚོགས་ངོ་སྤྲད་པའོ། །
དང་པོ་ཡེ་ཤེས་ཀྱི་གཟུགས་སྣ་ཚོགས་ངོ་སྤྲད་པ་ནི། གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ་ཞེས་པ་དང་། གཟུགས་རྣམས་ཐམས་ཅད་སྣང་པའི་དཔལ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །གཟུགས་བརྙན་མ་ལུས་འཆང་བ་སོགས། །ཁམས་གསུམ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་ཞེས་པའི་དོན། ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དབུ་མ་ཆེན་པོ་ཐེག་པ་ཆེན་པོ་ཤེས་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིང་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། མཚན་མ་བཅུ་ནས་བཟུང་སྟེ། འཁོར་འདས་ཀྱི་སྣོད་བཅུད་མ་ལུས་པའི་གཟླན་བན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་དང་པོ་མཚན་མ་བཅུ་རུ་འཆར་བ་དྲི་མེད་འོད་ལས། དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་རུ་འགྱུར་ཏེ། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། མར་མེ་དང་། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། ཆ་ཤས་དང་། ཐིག་ལེ་མཐོང་པའི་དབྱེ་བས་མ་རྟགས་པ་ཡེ་ཤེས་ཀྱི་ཕུང་པོའོ། །ཞེས་པ་དེ་ལས་མཚན་མོའི་རྣལ་འབྱོར་གྱི་གཞི་དང་། ཉིན་མོའི་རྣལ་འབྱོར་གྱིས་དྲུག་མཐོང་པའོ། །མཚན་མའི་རྟགས་བཅུ་པོ་འདི་ཆོས་ཀྱི་སྐུ་གདོད་ནས་རང་ལ་ཡོད་པར་ཡིད་ཆེས་པའི་རྒྱུ་མཚན་ཡིན་ཏེ། རང་གི་ཆོས་སྐུ་དེ་ཉིད་བཅུ་པོ་འདིའི་ངོ་བོར་མངོན་སུམ་དུ་ཤར་བའི་ཕྱིར་རོ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། ཉི་མ་གཅིག་ཏུ་ཡོངས་སུ་བརྟག །གལ་ཏེ་ཡིད་ཆེས་མ་བྱུང་ན། དེ་ཚེ་ངའི་བརྫུན་ཚིག་ཡིན། ཞེས་རྩ་རྒྱུད་ནས་གསུངས་པའི་དོན་ཏོ། །བཅུ་པོ་འདི་ཉིད་རྣལ་འབྱོར་པ་ལ་ཉམས་མྱོང་གི་འོད་གསལ་བཅུ་དང་། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཕར་ཕྱིན་བཅུ་དང་། དཀྱིལ་འཁོར་ལ་ལྷ་མོ་བཅུ་དང་། སངས་རྒྱས་ལ་སྟོབས་བཅུ་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཁོ་ན་ཡིན་ནོ། །དང་པོ་རྣལ་འབྱོར་པས་འོད་གསལ་དེ་ཉིད་བུད་ཤིང་སྐམ་པོ་དང་། རློན་པ་དང་། སྤོས་རིང་གི་དུ་བ་ལ་སོགས་པར་མཐོང་པའོ། །ཡང་འོད་གསལ་དེ་ཉིད་ཁ་དོག་སྣ་ཚོགས་པ་འདར་བ་དང་། འཕྲིག་པ་སྨིག་རྒྱུ་བཞིན་དུ་མཐོང་པའོ། །ཡང་འོད་གསལ་དེ་ཉིད་སྐར་མ་དང་། མེ་སྟག་མང་པོ་འཕྲོ་བའི་རྣམ་པ་སྲིན་བུ་མེ་ཁྱེར་བཞིན་དུ་མཐོང་པའོ། །ཡང་འོད་གསལ་དེ་ཉིད་བློ་སྟོང་དང་དཀྱིལ་སྟོང་གི་མར་མེ་གཅིག་དང་གཉིས་ནས་བརྒྱ་སྟོང་ཚད་མེད་པའི་རྣམ་པར་མཐོང་པ་སྟེ། རྒྱུད་ལས། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། ཞེས་པ་དང་། འབུམ་དང་ཉི་ཁྲི་སོགས་ལས། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་མངོར་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །ཡང་འོད་གསལ་དེ་ཉིད་འབར་བར་མཐོང་པ་ནི། ནཱ་རོ་པཎ་ཆེན་གྱིས། རིན་པོ་ཆེ་འབར་བ་ལྟ་བུར་གསུངས། དྲི་མེད་འོད་ལས། ནག་པོ་འབར་བ་དང་། དམར་པོ་འབར་བ་དང་། དཀར་པོ་འབར་བ་དང་། སེར་པོ་འབར་བ་དང་། ལྗང་ཁུ་འབར་བ་དང་། སྔོན་པོ་འབར་བ་ཞེས་སོགས་དང་། ནག་མོ་འབར་མ་ཞེས་སོགས་དང་། ཡེ་ཤེས་དམར་པོའི་འོད་ཟེར་ཞེས་སོགས་གསུངས་པས། འོད་གསལ་ཁ་དོག་སྣ་ཚོགས་མེ་འབར་བ་ལྟར་མཐོང་བའོ། །ཡང་འོད་གསལ་དེ་ཉིད་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཟླ་བའི་ཆ་ཆེ་ཆུང་དུ་མ་དང་། ཉ་གང་པ་དང་། ཉིན་མཚན་གྱི་དུས་ཀྱི་ཟླ་བར་མཐོང་པ་དེ། རྒྱུད་ལས། རྡོ་རྗེ་ཟླ་བ་དྲི་མེད་འོད། ཅེས་པ་དང་། མྱང་འདས་ཀྱི་མདོ་ལས། ཟླ་བའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ། ཅེས་པ་དང་། འབུམ་དང་ཉི་ཁྲི་སོགས་ལས། ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འདྲེའོ། །ཡང་འོད་གསལ་དེ་ཉིད་སྔ་དགོངས་ཉིན་དགུང་སྤྲིན་ཡོད་མེད་ཀྱི་ཉི་མར་མཐོང་པ་སྟེ། རྒྱུད་ལས། རྡོ་རྗེ་ཉི་མ་སྣང་བ་ཆེ། ཞེས་པ་དང་། མྱང་འདས་ཀྱི་མདོ་ལས། ཉི་མའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ། ཅེས་པ་དང་། འབུམ་དང་ཉི་ཁྲི་སོགས་ལས། ཉི་མའི་སྒྲོལ་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །ཡང་འོད་གསལ་དེ་ཉིད་སྒྲ་གཅན་དུ་མཐོང་པ་ནི། མཐིང་ནག་སྦྲུལ་གྱི་རྣམ་པ་དང་། ཉི་ཟླ་བཟུང་པའི་རྣམ་པ་དང་། ལུས་ཐམས་ཅད་མིག་གིས་གང་པའི་གཟའ་བདུད་དུ་མཐོང་པའོ། །ཡང་འོད་གསལ་དེ་ཉིད་ཆ་ཤས་ཞེས་པ་གློག་སྟེ་གློག་གཅིག་དང་གཉིས་ནས་འཇིག་རྟེན་གྱི་ཁམས་གང་བར་མཐོང་བ་སྟེ། འབུམ་དང་ཉི་ཁྲི་སོགས་ནས། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །ཡང་འོད་གསལ་དེ་ཉིད་ཐིག་ལེ་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །ཞེས་སྟོད་འགྲེལ་དང་། ནཱ་རོ་འགྲེལ་པར་གསུངས་སོ། །དེ་ནས་ཐིག་ལེ་དེའི་དབུས་སུ་རེ་ཁ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བའི་ནང་དུ་བརྟན་པ་དང་གཡོ་བ་ཁམས་གསུམ་པ་མ་ལུས་པའི་གཟུགས་ཅན་མཐོང་པ་ནི་འོད་གསལ་སྣ་ཚོགས་པ་མཐོང་པ་ཡིན་ཏེ། དྲི་མེད་འོད་ལས། ཐིག་ལེའི་དབུས་སུ་རེ་ཁ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ཞེས་པ་ཨ་བ་དྷུ་ཏཱི་ལ་མཐོང་བར་གྱུར་གྱི་བར་དུའོ། །ནང་དུ་འདུས་པ་སྐུན་གཟུགས་ནི་ཁམས་གསུམ་པོ་མ་ལུས་པ་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་པ་ཞེས་པ་དང་། རྗེ་ཤཱ་ཝ་རིས་པ། རྟགས་བཅུ་རྫོགས་པར་གྱུར་པ་ན། ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ལ་ནག་པོའི་རི་མོ་འབྱུང་། །དེ་ནང་འགྲོ་དྲུག་ལ་སོགས་དང་། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་ཅན་འོད་གསལ་ཡིན། །ཞེས་པའོ། །སྔར་གྱི་མཚན་མ་བཅུ་འོད་གསལ་དང་བཅས་པ་ཡང་དབང་མདོར་སྟན་དུ། དུ་བ་སྨིག་རྒྱུ་མེ་ཁྱེར་དང་། །མར་མེ་འབར་དང་ཟླ་ཉི་དང་། །མུན་ཅན་ཆ་ཤས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ཅན་འོད་གསལ་བའོ། །ཞེས་པ་དང་། རྗེ་དུས་ཞབས་པས། དེ་ལྟར་བསྒོམས་པས་ཡུལ་སོགས་འགག །ནང་དུ་ཤའི་མིག་སོགས་ཀྱིས། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང་། །ཆོས་ལ་ཕར་ཕྱིན་བཅུ་གནས་པ། །ལྷ་ལ་ལྷ་མོ་བཅུར་ཤིས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་སྣང་དང་། །མར་མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ཤེས་རབ་ཕ་རོལ་ཕྱིན། །འབར་བ་ཟླ་ཉི་གློག་སྒྲ་གཅན། །ཐིག་ལེ་དྲུག་སྟེ་ཐ་མ་ནི། །ཐམས་ཅད་རྡུར་མཐོང་རྟགས་ཅན་ཏེ། །འབྱུང་ལྔ་ཡེ་ཤེས་ཕུང་པོ་དྲུག །གསང་འདུས་མཚན་བརྗོད་ནས་ཕྱེད་ཕྱེད། ཅེས་པ་དང་། དུས་འཁོར་ལྟ་བུ་མ་སྦས་པའི་རྒྱུད་དང་། །སེམས་འགྲེལ་ཁྱད་འཕགས་ལས། །མཚན་མ་བཅུ་འོད་གསལ་དང་བཅས་པ་རྫོགས་པར་གསུངས་ཤིང་། སྦས་པའི་རྒྱུད་ལས་མཚན་རྟགས་བཞི་ཙམ་དང་། ཉིན་རྟགས་དྲུག་ཙམ་ལས་མ་གསུངས་སོ། །ཉིན་མཚན་གྱི་རྟགས་དྲུག་དང་བཞི་ཡང་དྲི་མེད་འོད་ལས། མཚན་མོའི་རྣལ་འབྱོར་གྱིས་རྣམ་པ་བཞི་དང་། ཉིན་མོའི་རྣལ་འབྱོར་གྱི་རྣམ་པ་དྲུག་སྟེ། དེ་ནས་གཟུགས་སོ། །ཞེས་པ་དང་། མཚན་མོའི་རྟགས་ལས་འདུས་ཀྱི་རྒྱུད་ཕྱི་མ་ལས། གསུམ་པ་མཁའ་སྣང་མེ་ཁྱེར་བཞིན། བཞི་པ་མར་མེ་ལྟ་བུ་ཉིད། ལྔ་པ་རྟག་ཏུ་སྣང་བ་ནི། སྤྲིན་མེད་ནམ་མཁའ་ལྟ་བུ་ཉིད། ཞེས་པ་དང་། རྡོ་རྗེ་གུར་ལས་ཀྱང་། དང་པོ་སྤྲིན་གྱི་རྣམ་པ་སྟེ། གཉིས་པ་དུ་བ་ལྟ་བུ་དང་། གསུམ་པ་མེ་ཁྱེར་རྣམ་པ་འདྲ། སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། ཞེས་པ་དང་། ཉིན་མོའི་རྟགས་། མཚན་བརྗོད་ཀྱི་ལུང་དྲངས་ནས་བཤད་པ་བྱས་པ་ནི། སྟོད་འགྲེལ་ལས། བཅོམ་ལྡན་འདས་ཀྱི་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་དྲ་བའི་ལེའུར་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་པ། །ཤེས་རབ་ཡེ་ཤེས་མེའོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། ཅེས་ཚིགས་སུ་བཅད་པ་གཉིས་ཀྱིས་སྒྱུ་འཕྲུལ་དྲ་བར་མཚན་མ་གཞན། བཅོམ་ལྡན་འདས་ཀྱི་དགོངས་པའི་སྐད་གཞན་གྱིས་གསུངས་སོ། །སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལས་བྱུང་པའི་སྣང་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་སེམས་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བའོ། །འདིར་ཤེས་རབ་ཡེ་ཤེས་མེའོ་ཆེ་ཞེས་པ་འབར་བ་ལྟར་སྣང་པའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། ཅེས་པ་ཟླ་བ་ལྟར་སྣང་པའོ། །དེ་ཉིད་ཡེ་ཤེས་སྣང་བ་ལམ་མེ་བ། ཞེས་པའོ། །འགྲོ་བའི་མར་མེ་ཞེས་པ་ཉི་མ་ལྟར་སྣང་པའོ། །ཡེ་ཤེས་སྒྲོན་ཞེས་པ་སྒྲ་གཅན་ལྟར་སྣང་པའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། ཞེས་པ་གློག་ལྟར་སྣང་པའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། ཞེས་པ། ཐིག་ལེ་ལྟར་སྣང་པ་སྟེ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། ཅེས་པ་ཁམས་གསུམ་པོའི་སྣང་བ་རྣམ་པ་ཐམས་ཅད་པ་སྒྱུ་མ་དང་། རྨི་ལམ་གྱི་སྣང་པ་ལྟ་བུར་སོ་སོར་སྡུད་པའི་རྣལ་འབྱོར་པ་རྣམས་ཀྱི་མིག་གི་དབང་པོའི་བྱེད་པས་མཐོང་པར་འགྱུར་རོ། །ཞེས་གསུངས་པ་དེ་ལྟར་མཚན་མ་བཅུ་དང་། དེ་ནས་ཁམས་གསུམ་པ་མ་ལུས་པའི་ཡེ་ཤེས་ཀྱི་གཟུགས་ཏེ། གུར་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་ལྡན་པར། །ཁམས་གསུམ་རྒྱུ་བཅས་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། ཞེས་པ་དང་། བརྟག་གཉིས་ལས། ང་ལས་འགྲོ་བ་ཐམས་ཅད་བྱུང་། ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། ཞེས་པ་དང་། བརྟན་དང་གཡོ་བའི་དངོས་པོ་གང་། །ཙ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། ཞེས་པ་དང་། འཕགས་པ་ཀུན་ནས་སྒོའི་མདོ་ལས། །བུད་མེད་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྐྱེས་པའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཁྱེའུ་གཟུགས། བུ་མོའི་གཟུགས། ལྷའི་གཟུགས། ཀླུའི་གཟུགས། གནོད་སྦྱིན་གྱི་གཟུགས། དྲི་ཟའི་གཟུགས། ལྷ་མ་ཡིན་གྱི་གཟུགས། མིའམ་ཅིའི་གཟུགས། ལྟོ་འཕྱེ་ཆེན་པོའི་གཟུགས། སེམས་ཅན་དམྱལ་བའི་གཟུགས། དུད་འགྲོ་མངལ་སྐྱེས་ཀྱི་གཟུགས། དུད་འགྲོ་སྒོང་སྐྱེས་ཀྱི། དུད་འགྲོ་རྫུས་སྐྱེས་ཀྱི་གཟུགས། དུད་འགྲོ་དྲོད་གཤེར་སྐྱེས་ཀྱི་གཟུགས། གཤིན་རྗེའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པ་དང་། དེ་བཞིན་དུ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ཀུན་གཞི་ཡེ་ཤེས་ལྔའི་ངོ་བོ་དོན་དམ་གྱི་ཆོས་ཉིད་ཀྱི་ཁམས་གསུམ་པོ་ཐམས་ཅད་འོད་གསལ་གྱི་སྣང་པ་དང་། ཡེ་ཤེས་ཀྱི་ལྷར་གསུངས་པ་འདི་ལྟ་སྟེ། ཡང་སོས་མ་དང་། ཐིག་ནག་མ་དང་། སྡུལ་འཇོམས་མ་དང་། ངུ་འབོད་མ་དང་། ངུ་འབོད་ཆེན་པོ་མ་དང་། ཚ་བ་མ་དང་། རབ་ཏུ་ཚ་བ་མ་དང་། བཏུང་པ་མོ་དང་། བར་མེ་མ་དང་། བུམ་མོ་དང་། གཤིན་རྗེ་མོ་དང་། མེ་འདག་མོ་དང་། མར་ནག་ཏུ་འཚོད་མ་དང་། རི་གཉིས་ཀྱི་བར་དུ་འཚིར་མ་དང་། སྡང་མ་དང་། རྨོངས་མ་དང་། ཕྲག་དོག་མ་དང་། ཆགས་མྱོས་མ་དང་། སེར་སྣ་མ་དང་། རྐུད་བ་མ་དང་། གྲང་བ་མ་དང་། རལ་གྲིའི་ནགས་མ་དང་། དུ་བ་མ་དང་། མུ་གེ་མ་དང་། ནད་དགོན་མ་དང་། མཚོན་དགོན་མ་དང་། ཆུའི་དགོན་མ་དང་། སེམས་ཅན་མོམ་དང་། རབ་མེད་མ་དང་། སྤུ་གྲིའི་སོ་མ་དང་། འཁོར་ལོ་མ་དང་། གྲུལ་བུམ་མ་དང་། ལྷ་མོ་ཆེ་དང་། མཆོད་མ་དང་། ཟ་མ་དང་། གཉིད་མ་དང་། ལེ་ལོ་མ་དང་། ཆོས་སེམས་མ་དང་། སྒོམ་པ་མོ་དང་། ཁྱིམ་སེམས་མ་དང་། བུད་མེད་སེམས་མ་དང་། དོན་སེམས་མ་དང་། སྦྱོར་བྲལ་མ་དང་། བུ་སེམས་མ་དང་། མྱ་ངན་མ་དང་། བསམ་གཏན་མ་དང་། སྔགས་ཟློས་མ་དང་། ངོ་ཚ་མ་དང་། ང་རྒྱལ་མ་དང་། གདུང་པ་མོ་དང་། སེམས་ཅན་དོན་བྱེད་མ་དང་། བརྩོན་པ་མོ་དང་། རྒྱལ་པོ་སེམས་མ་དང་། གཞན་གནོད་མ་དང་། ཡེ་ཤེས་ཐོབ་མ་དང་། དཀའ་ཐུབ་མ་དང་། རྒས་མ་དང་། འཆི་བའི་བསམ་ཅན་མ་དང་། བདེ་མ་དང་། སྡུག་མ་དང་། མི་དགེ་མ་དང་། ཡོད་པ་མ་དང་། མེད་པ་མ་དང་། བླ་མ་སེམས་མ་དང་། འགྲོ་བ་མོ་དང་། བཟོད་མ་དང་། མི་བཟོད་མ་དང་། ངལ་མ་དང་། ངལ་སོས་མ་དང་། བཀྲེས་མ་དང་། མཆོག་མ་དང་། ལས་ཐམས་ཅད་བྱེད་པ་མ་དང་། རྒྱལ་ཆེན་བཞིའི་རིས་མ་དང་། སུམ་བཅུ་རྩ་གསུམ་མ་དང་། འཐབ་བྲལ་མ་དང་། དགའ་ལྡན་མ་དང་། འཕྲུལ་དགའ་མ་དང་། གཞན་འཕྲུལ་དབང་བྱེད་མ་དང་། ཚངས་རིས་མ་དང་། ཚངས་པ་འདུན་ན་འདོན་མ་དང་། ཚངས་ཆེན་མ་དང་། འོད་ཆུང་མ་དང་། ཚད་མེད་འོད་མ་དང་། འོད་གསལ་མ་དང་། དགེ་ཆུང་མ་དང་། ཚད་མེད་དགེ་མ་དང་། དགེ་རྒྱས་མ་དང་། སྤྲིན་མེད་མ་དང་། བསོད་ནམས་སྐྱེས་མ་དང་། འབྲས་བུ་ཆེ་མ་དང་། མི་ཆེ་མ་དང་། མི་གདུང་མ་དང་། ཤིན་ཏུ་མཐོང་མ་དང་། བཟང་སྣང་མ་དང་། འོག་མིན་མ་དང་། ནམ་མཁའ་མཐའ་ཡས་སྐྱེད་མཆེད་མ་དང་། རྣམ་ཤེས་མཐའ་ཡས་སྐྱེད་མཆེད་མ་དང་། ཅི་ཡང་མེད་པའི་སྐྱེད་མཆེད་མ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་མ་དང་། དམྱལ་མོ་དང་། ཡི་དྭགས་མོ་དང་། དུད་འགྲོ་མ་དང་། མི་མོ་དང་། ལྷ་མོ་དང་། གཞལ་མེད་ཁང་སྤྱོད་མ་དང་། ཟླ་བ་མ་དང་། ཉི་མ་མ་དང་། གཤིན་རྗེ་མོ་དང་། དབང་མོ་དང་། འཁོར་ལོས་སྒྱུར་མ་དང་། ངང་མོ་དང་། བྱ་དཀར་མོ་དང་། སྲེག་མོ་དང་། རྨ་བྱ་མོ་དང་། ཕུ་རོན་མོ་དང་། བྱ་རོག་མོ་ཆེན་མོ་དང་། ཁྲ་མོ་དང་། ཧོར་པ་མོ་དང་། བྱི་ལ་མོ་དང་། སེངྒེ་མོ་དང་། སྟག་མོ་དང་། དོམ་མོ་དང་། རི་བོང་མ་དང་། གླང་ཆེན་མོ་དང་། རི་དྭགས་མོ་དང་། ལྕེ་སྤྱང་མོ་དང་། བསེ་མོ་དང་། འབྲི་མོ་དང་། རྔ་མོ་དང་། སྲེ་མོ་དང་། རྩངས་པ་མོ་དང་། བྱི་བ་མོ་དང་། བོང་མོ་དང་། རུ་སྦལ་མོ་དང་། ཆུ་སྲམ་མོ་དང་། སྡིག་ནག་མོ་དང་། སྲིན་པོའི་གདོང་མ་དང་། ཆ་ག་མོ་དང་། ཆུ་བྱི་མོ་དང་། གྲོག་མོའི་གདོང་མ་དང་། ཆུ་སྦྲུལ་མ་དང་། དུང་མོ་དང་། མགྲོན་བུ་མོ་དང་། ཉ་ཕྱིས་མོ་དང་། ཤ་སྦྲང་མོ་དང་། ཉ་བ་མོ་དང་། སྡིག་དཀར་མོ་དང་། དུང་མཁན་མོ་དང་། ཐགས་མཁན་མོ་དང་། ཁུར་མཁན་མོ་དང་། ཤིང་གཟོ་མ་དང་། ཕྲེང་བ་མཁན་མོ་དང་། ཚོས་མཁན་མོ་དང་། སྲིན་བལ་བྱེད་མ་དང་། ཕོ་ཉ་མོ་དང་། གཤང་བ་འཕྱག་མ་དང་། རྩིས་མཁན་མ་དང་། ལྡུམ་རའི་གཉེར་པ་མོ་དང་། རྒྱལ་པོས་བཀྲབས་མ་དང་། ཤན་པ་མོ་དང་། སོ་རྩི་འཚོང་བར་བྱེད་མ་དང་། གསེར་མགར་མ་དང་། ནོར་བུ་རྒྱུད་མ་དང་། ནགས་པ་མོ་དང་། ཀླ་ཀློ་མ་དང་། ཚོང་པ་མོ་དང་། རྡོ་བཟོ་མ་དང་། ཞིང་ལས་མ་དང་། ཀོ་ལྤགས་མཁན་མ་དང་ཞེས་པ་ལ་སོགས་པ་མཁའ་འགྲོ་རྒྱ་མཚོའི་རྒྱུད་དུ་ཀུན་གཞི་ཡེ་ཤེས་འོད་གསལ་གྱི་སྣང་པ་ཁམས་གསུམ་པོའི་རྣམ་པ་ཐམས་ཅད་ཡེ་ཤེས་ཀྱི་ལྷར་གསུངས་ཤིང་། དེ་ཡང་རང་འདྲའི་ཐབས་དང་བཅས་པར་གསུངས་པ་ནི་རྣལ་འབྱོར་ཡན་ལག་དྲུག་བསྒོམས་པའི་ཉམས་མྱོང་། ཁམས་གསུམ་པོ་ནི་མ་ལུས་པའི། སངས་རྒྱས་གཟུགས་ནི་བསྒོམས་པར་བྱ། ཞེས་ཡང་དང་ཡང་དུ་གསུངས་པ་དེ་ཉིད་ཡིན་ནོ། །རྗེ་མི་ལ་རས་པའི་གསུང་ནས། དབྱར་ཁའི་ས་ལ་ཅི་ཡང་སྐྱེ། །སྟོན་པའི་ཁ་ནས་ཅི་ཡང་འབྱུང་། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། ཞེས་གསུངས་པའི་དོན་ཏོ། །གཞན་ཡང་དེ་ཉིད་རོ་རྣམ་པར་བམ་པ་དང་། རྣམ་པར་རྔོས་པ་དང་། རུལ་པ་དང་། འབུས་བཞིགས་པ་དང་། དམར་བ་དང་། ཟོས་པ་དང་། ནང་གྲོལ་དང་། ཡན་ལག་དང་། ཉིང་ལག་དང་། རུས་པ་རྣམས་ཕྱོགས་ཕྱོགས་སུ་འཐོར་བ་དང་། ཚིགས་པ་དང་། ཡན་ལག་གི་རུས་པ་རྒྱུ་པས་བྲང་བྲེང་དུ་འབྲེལ་བ་དང་། ཤ་ར་རི་དང་། ཁྲག་ར་རི་ཆགས་པ་དང་། མགོ་བམ་རིལ་དང་། ཡ་ཐོད་མ་ཐོད་བྲལ་ཞིང་འཐོར་བ་དང་། ཞག་དང་ཟླ་བ་དང་། ལོ་དུ་མ་སོང་པའི་ཤ་ཁྲག་དང་རྒྱུས་པ་དང་། རུས་པ་མང་པོས་སྙོགས་པ་དང་། ཁ་ནས་མེ་འབར་བ་ལ་སོགས་པའི་གདོན་དང་རོ་ལངས་གནོད་སྦྱིན་མང་པོ་དང་། ལྕེ་སྤྱང་དང་། བྱ་རྒོད་ལ་སོགས་པ་ཤ་ཟ་མང་པོས་གཟིངས་ཤིང་གང་བ་དང་། རོ་རིལ་པོ་དང་། ཕྱེད་མ་དང་། དུམ་བུ་དང་། ནང་གྲོལ་དང་། ཡན་ལག་དང་རུས་པ་འཐོར་བ་དང་། རོ་བམ་རུལ་དང་། ཡ་ཐོད་མ་ཐོད་བྱེ་བ་ལ་སོགས་པ་ཐམས་ཅད་རྒྱུག་པ་དང་། འཆོང་པ་དང་། གར་བྱེད་པ་དང་། བྲོ་བརྡུང་བ་དང་། རྒོད་པ་དང་། ངུ་བ་དང་། གླུ་ལེན་པ་ལ་སོགས་པ་འཇིགས་ཤིང་བག་ཚ་བ་བཟོད་པར་དཀའ་བའི་དུར་ཁྲོད་ཀྱི་རྣམ་པ་ཚད་མེད་པའི་འོད་གསལ་མཐའ་ཡས་པ་སྟེ། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། མགོ་མེད་རྒྱུག་དང་གཞན་ཡང་ནི། མགོ་བོ་མེད་པ་གར་བྱེད་པ། ཉལ་བ་དང་ནི་རྐང་མེད་དང་། མགོ་དང་ལག་སོགས་སྟུབས་པ་སྟེ། ཏིང་འཛིན་ཆེན་པོའི་རྒྱུ་ཡིས་ནི། དེ་རྣམས་དགའ་བཅས་གར་བྱེད་དོ། །ཞེས་གསུངས་པའི་དོན་ཏོ། །ཏིང་ངེ་འཛིན་ཆེན་པོ་ནི་སྤྲོས་པ་དང་བྲལ་བའི་ཡན་ལག་དྲུག་གི་རྫོགས་རིམ་བསྒོམས་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པའི་རྒྱུ་མཚན་གྱིས་དེ་ལྟར་སྣང་ཞེས་པའོ། །བརྟག་གཉིས་ལས་ཀྱང་། དང་པོར་རོ་ནི་རྣམ་བསྒོམས་པ། ཆོས་ཀྱི་དབྱིངས་ཀྱི་བདགིད་བརྗོད། ཞེས་པ་དང་། རྣལ་འབྱོར་མ་བརྒྱད་ཡོངས་སྐོར་ནས། །དུར་ཁྲོད་དུ་ནི་མགོན་པོ་རོལ། །དབུགས་སོང་ཞེས་བྱའི་རིག་པ་འདིས། །དུར་ཁྲོད་ཞེས་ནི་མངོན་པར་བརྗོད། ཞེས་པ་འོད་གསལ་གྱི་རོ་དང་དུར་ཁྲོད་ཀྱི་རྣམ་འགྱུར་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཡིན་ནོ། །དེ་བཞིན་དུ་ཀུན་གཞི་ཡེ་ཤེས་ཀྱི་སྣང་པ་ལྷ་དང་ལྷ་མིན་མི་ལ་སོགས་པའི་དམག་དཔུང་གི་རྣམ་འགྱུར་འཇིགས་སུ་རུང་པ་དུ་མ་བཤས་པ་དང་། གཡུལ་འགྱེད་པ་དང་། འཁྲུགས་ཅིང་ཤི་གསད་ཀྱི་རྣམ་པ་ལྟ་བུར་མི་བཟོད་ཅིང་ཀྱི་ཡ་ང་བ་དུ་མ་དང་། ཁྲིམས་ར་ཆེན་པོ་བཙོན་དང་ཁྲིམས་གཅོད་པ་དུ་མས་གང་པ་ཆད་པ་གཅོད་ལུགས་སྣ་ཚོགས་པ་བཅིངས་པ་ལྔས་བཅིངས། མགོ་གཅོད་པ་སྣ་གཅོད་པ་རྣ་བ་གཅོད་པ་ལག་པ་གཅོད་པ་རྐང་པ་གཅོད་པ། མིག་འབྲུ་བ་སྙིང་འབྱིན་པ་ནང་གྲོལ་འདོན་པ་པགས་པ་བཤུ་བ་སོག་ལེས་འདྲ་བ་ལྕགས་སྲེག་གིས་བརྡར་བ། ཟངས་ཞུན་ལུས་ལ་སྟུགས་པ། ཆུ་ཚན་དང་མེ་ཚན་དུ་སྐྱུར་བ་དོང་དུ་འཇུག་པ་ཁྲིམས་ཤིང་ལ་བཏགས་པ། གསལ་ཤིང་ལ་བཙུགས་པ་ལ་སོགས་པ་ཉམ་ང་ཞིང་ཡིད་འབྱུང་བ། བགྱིད་ལུག་ཅིང་སེམས་སྐྱོ་བ་སྙིང་ཀློང་ཀློང་བོར་བྱེད་ཅིང་། མིག་བསྒྱུར་བའི་རྣམ་འགྱུར་སྣ་ཚོགས་ཚད་མེད་པ་མགོའི་ཕུང་པོ་མིག་གི་ཕུང་པོ་རྣ་བ་དང་སྣ་དང་རྐང་ལག་དང་སྙིང་གི་ཕུང་པོ་སྟེ་ཡན་ལག་གི་ཕུང་པོ་དུ་མ་དང་། ཁྲག་གི་མཚོ་ལ་སོགས་པ་དཔའ་གོང་ཞིང་བག་འཁུམས་པར་བྱེད་པའི་རྣམ་པ་སྟེ། བསྡུད་པ་ལས། དཔེར་ན་སྒྱུ་མ་མཁན་གྱིས་གཞི་མདོར་སྤྲུལ་བྱས་ཏེ། སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་པའི། བསད་བྱ་དེ་དག་ཅི་འདྲར་དེ་འདྲར་བྱང་ཆུབ་སེམས། འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། ཞེས་གསུངས་པའི་དོན་ཏོ། །མདོར་ན་ཡེ་ཤེས་ཀྱི་སྣང་པ་འཁོར་བ་དང་མྱང་འདས་ཀྱི་གཟུགས་སྣ་ཚོགས་པ་ལས་འཁོར་བའི་སྣོད་བཅུད་དུ་མ་ནི་དམྱལ་བའི་སྣོད་ཀྱི་རྣམ་འགྱུར་དུ་མ་དང་། དེའི་བཅུད་ཀྱི་རྣམ་འགྱུར་དུ་མ་དང་། ཡི་དྭགས་སྣོད་ཀྱི་རྣམ་འགྱུར་དུ་མ་དང་། དེའི་བཅུད་ཀྱི་རྣམ་འགྱུར་དུ་མ་དང་། དུད་འགྲོའི་སྣོད་ཀྱི་རྣམ་འགྱུར་དུ་མ་དང་། དེའི་བཅུད་ཀྱི་རྣམ་འགྱུར་དུ་མ་དང་། ལྷ་དང་ལྷ་མིན་གྱི་སྣོད་ཀྱི་རྣམ་འགྱུར་དུ་མ་དང་། དེའི་བཅུད་ཀྱི་རྣམ་འགྱུར་དུ་མ་དང་། མིའི་སྣོད་ཀྱི་རྣམ་འགྱུར་དུ་མ་དང་། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་སྤྲིན་དང་ཉི་ཟླ་གཟའ་སྐར་དང་། ཉིན་མཚན་དང་། ནམ་ཟླ་དུས་བཞི་དང་། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་མེ་ཏོག་ཡུལ་ཁམས་གྲོང་ཁྱེར་ཁང་པ་སྦྲ་ཁྱིམ་ལ་སོགས་པ་དང་། དེའི་བཅུད་ཀྱི་རྣམ་པ་དུ་མ་ནི། རྒྱལ་པོ་བཙུན་མོ་བློན་པོ་རྒྱལ་ཕྲན་སྐྱེས་པ་བུད་མེད་ཁྱེའུ་བུ་མོ་མ་ནིང་། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དམང་རིགས་གདོལ་པའི་རིགས་ལ་སོགས་པ་དང་། མིས་བདག་ཏུ་བཟུང་པའི་རྟ་ནོར་ར་ལུག་བོང་བུ་དྲེའུ་མ་ཧེ་ལ་སོགས་པའོ། །མྱང་འདས་ཀྱི་སྣོད་བཅུད་ཀྱི་དུ་མ་ནི། ཆོས་སྐུའི་སྲིད་གསུམ་ཀུན་ནས་དང་བ་འོག་མིན་གྱི་གནས་ཉམས་དགའ་བ་དེར་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཚེ་དང་སེམས་དང་ཡོ་བྱད་ལ་དབང་བ་ལ་སོགས་ པ་རྒྱལ་བའི་ཤིན་ཏུ་ལོངས་སྤྱོད་རྫོགས ་པའི་འཁོར་ལོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། དར་བ་ཆེན་པོ་ཆོས་ཀྱི་ཏོག །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །སྐུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པ། །དགའ་ཆེན་རོལ་མོ་ཆེན་པོ་འཆང་བ་བརྒྱན། །སྟུག་པོ་བཀོད་པའི་ཞིང་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་ནམ་མཁའ་གང་བ་དང་། ཆོས་སྐུའི་བཅུད་ཀྱི་རྣམ་འགྱུར་དོན་དམ་གྱི་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །རྡུལ་གཅིག་གི་སྟེང་ན་རྒྱལ་བ་སྲས་བཅས་ཐམས་ཅད་བཞུགས་པ་དེ་ལྟར་རྡུལ་ཐམས་ཅད་ཀྱི་སྟེང་ན་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར་རྒྱལ་བ་སྲས་བཅས་ཀྱིས་བཀང་བའོ། །དྲི་མེད་འོད་ལས། སྟོབས་བཅུ་དང་ནི་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་པར་གྱུར་པ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་སྐྱེ་བའི་གནས་སོ། །ཞེས་པ་དང་། བརྟག་གཉིས་ལས་ཀྱང་། ཨེ་ཝཾ་རྣམ་པའི་རང་བཞིན་དུ། བདེ་བ་བསྲུང་པ་ཉིད་ཀྱི་ཕྱིར། །བདེ་བ་ཅན་ཞེས་རབ་ཏུ་སྒྲགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། ཞེས་པའོ། །དེ་འདྲའི་གནས་དེར་སྣོད་བཅུད་ཐམས་ཅད་ཆོས་སྐུའི་རོལ་པ་མིན་པ་མཻད་༼དབྱེར་མེད༽། བརྟག་གཉིས་ལས། སྟོན་པ་པོ་ང་ཆོས་ཀྱང་ང་། རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང་། །ཞེས་གསུངས་པའི་དོན་ནོ། །གཟུགས་སྐུའི་སྣོད་ཀྱི་སྣང་བ་བདེ་བ་ཅན་དང་མངོན་དགའ་ལྟ་བུ་དག་པའི་ཞིང་ཁམས་རིན་པོ་ཆེ་ལས་གྲུབ་པ་དང་། གཞལ་ཡས་ཁང་དང་། འབྱོར་པ་ཕུན་སུམ་ཚོགས་པ་དང་། གཟུགས་སྐུའི་བཅུད་ཀྱི་རྣམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་སློབ་པ་དང་མི་སློབ་པ་དང་། གྲུབ་ཐོབ་དང་། དཔའ་བོ་དང་། རྣལ་འབྱོར་མ་དང་། མཁའ་འགྲོ་དང་ཆོས་སྐྱོང་ལ་སོགས་པའོ། །དེ་ལྟར་ཀུན་གཞི་ཡེ་ཤེས་ཆོས་ཀྱི་སྐུ་འཁོར་འདས་གཉིས་ཀའི་སྣོད་བཅུད་ཀྱི་གཟུགས་ཅན། མུ་སྟེགས་པ་ཐམས་ཅད་དང་། དེའི་གྲུབ་མཐའ་ཐམས་ཅད་ཀྱི་རྣམ་པར་སྒྱུ་མ་མཁན་དུ་སྣང་བ་ནི། བརྟག་གཉིས་ལས། སྐྱེས་བུ་མངོན་རབས་དབང་ཕྱུག་དང་། བདག་དང་གསོ་བ་སེམས་ཅན་དང་། དུས་དང་གང་ཟག་ཉིད་ནི། དངོས་པོ་ཀུན་གྱི་རང་བཞིན་འདི། སྒྱུ་མའི་གཟུགས་ཀྱི་རྣམ་པར་གནས། ཞེས་གསུངས་པའི་དོན་ཏོ། །འདི་དག་ཐམས་ཅད་ལ་སྡོས་བཅས་ཀྱི་དངོས་པོར་ཞེན་དུ་མི་རུང་སྟེ། །བརྒྱན་སྟུག་པོར། ཉི་མ་དང་ནི་ཟླ་བའི་དབྱིབས། པད་མོ་དང་ནི་འོད་འདྲ་ཞིང་། ནམ་མཁའ་རི་མོ་མེ་འདྲ་བ། །རྣལ་འབྱོར་ཞུགས་པས་རབ་ཏུ་མཐོང་། །འདི་དག་ཐམས་ཅད་སྤངས་ནས་སུ། །སྣང་པ་མེད་པར་རབ་ཏུ་གནས། །གང་ཚེ་མཚན་མེད་རྣལ་འབྱོར་ཅན། །རྣམ་པར་མི་རྟོག་ཆགས་མེད་ན། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང་། །ཞིང་དང་ཞིང་གཞན་མཉམ་བཞག་པ། །དེ་དག་ཕྱག་གིས་དབང་བསྐུར་པ། །དེའི་སྤྱི་བོར་དབང་བསྐུར་ཏེ། །སངས་རྒྱས་ས་ལ་བཞུགས་པ་དང་། །སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང་། །སྣ་ཚོགས་ཚུལ་གྱི་དངོས་ཐོབ་ནས། །ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར། ཞེས་གསུངས་པའི་དོན་ནོ། །ལང་ཀར་གཤེགས་པའི་མདོར་ཡང་འདི་བཞིན་གསུངས་པ་འདི་དང་དོན་ཅིག་གོ །འཕགས་པ་མ་ཐོབ་ཀྱི་གོང་དུ་ཡན་ལག་བསྒོམས་པས་མངོན་དུ་གྱུར་པའི་འོད་གསལ་དེ་ཉིད་ཀུན་གཞི་ཡེ་ཤེས་དོན་དམ་གྱི་དགེ་བའི་རྣམ་འགྱུར་རམ་མཚན་མ་ཡིན་པ་ནི། གཙུག་ཏོར་ཆེན་པོའི་མདོ་ལས། དེའི་སེམས་སྐད་ཅིག་ཙམ་ཞིག་ཕྱོགས་བཅུའི་ནམ་མཁའ་ལ་རིན་པོ་ཆེ་སྣ་བདུན་གྱི་ཁ་དོག་ཏུ་འགྱུར་རོ། །བར་བར་ནི་ཁ་དོག་སྣ་བརྒྱར་ཡང་འགྱུར་རོ། །ཡང་ཁྱབ་པར་གང་པ་ནི་སྔོན་པོ་སེར་པོ་དམར་པོ་དཀར་པོ་རྣམས་སོ་སོར་མ་འདྲེས་པ་ལྟ་བུར་སྣང་སྟེ། དེ་ཡང་ཐངས་གཅིག་ཏུ་ཟད་པས་འཕགས་པར་གྱུར་པ་ནི་མ་ཡིན་ནོ། །དེ་རྣམས་དགེ་བའི་མཚན་མར་ནི་རུང་གི །དེ་ལ་འཕགས་པའོ་སྙམ་དུ་བསམས་ན་ལམ་ལོག་པའི་ཁམས་སུ་ལྷུང་ངོ་། །ཡང་སེམས་དེ་སྐད་ཅིག་ཙམ་ཞིག་མཚན་མོ་མུན་ནག་གི་ནང་ནས་རྫས་སྣ་ཚོགས་མཐོང་སྟེ་ཉིན་མོ་མཐོང་པ་དང་མཚུངས་སོ། །ཡང་སེམས་དེ་ཉིད་ལུས་ཀྱི་ནང་དང་ཞིང་གསལ་བ་དེ་ཡུད་ཙམ་ཞིག་གསལ་བ་ལས་རང་གི་ལུས་ཀྱི་ནང་ནས་སྲིན་གྲོལ་མ་བློ་བུར་དུ་བྱུང་ཡང་། ལུས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་སྨས་ཤིང་ཉམས་པ་མེད་པར་ཡང་མཐོང་ངོ་། །ཡང་སེམས་དེ་གསལ་ཞིང་སལ་ལེ་བའི་ངང་ནས་སྐད་ཅིག་ཙམ་ཞིག་འོད་བྱུང་སྟེ་ཕྱོགས་བཅུ་ཁྱབ་པ་འཛམ་བུ་གསེར་གྱི་ཁ་དོག་ཏུ་གྱུར་ཏེ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྐུར་གྱུར་ནས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ལྷའི་འོད་བརྩེགས་པའི་ཁང་པ་ན་བཞུགས་ཏེ་སངས་རྒྱས་བཅུའི་འཁོར་གྱིས་བསྐོར་ཞིང་། ས་ཡ་ཕྲག་རྒྱའི་ཞིང་དང་པད་མོར་བཅས་པ་ལྟ་བུར་བྱུང་པ་སྣང་ངོ་། །ཡང་བསྒོམས་པ་ལས་སེམས་སྐད་ཅིག་ཙམ་ཞིག་ཁམས་བཞི་ཡང་རྩྭ་ཞིང་དང་འདྲ་བར་མཐོང་སྟེ། མེས་བསྲེགས་མཚོན་ཆས་སྟུབས་ཀྱང་མི་ཚོར་ཞིང་མེའི་འོད་ཀྱིས་མཆེད་ཀྱང་ཚིག་པར་མི་འགྱུར་ལ། ཤ་བཅད་ན་ཡང་ཤིང་བཞོགས་པ་དང་མཚུངས་སོ། །ཡང་སེམས་དེ་སྐད་ཅིག་ཙམ་ཞིག་ཕྱོགས་བཅུའི་ས་ཆེན་པོ་དང་རི་དང་ཆུ་ཀླུང་མཐོང་སྟེ་དེ་ཉིད་སངས་རྒྱས་ཀྱི་ཞིང་དུ་གྱུར་ནས་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་འོད་སྣང་པས་ཁྱབ་ཅིང་གང་པ་དང་། ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པའི་སངས་རྒྱས་ཐམས་ཅད་ཁང་པ་བརྩེགས་པ་བརྒྱན་པ་ན་བཞུགས་ཏེ་ནམ་མཁའ་གང་བར་མཐོང་ངོ་། །ཡང་འོག་གི་ཕྱོགས་སུ་སེམས་ཅན་དམྱལ་བ་མཐོང་། སྟེང་གི་ཕྱོགས་སུ་ཡང་ལྷའི་གནས་གཞལ་མེད་ཁང་རྣམས་སྒྲིབས་པ་མེད་པ་ལྟ་བུར་མཐོང་ངོ་། །ཡང་སེམས་དེ་ཡུན་རིང་སུ་བསྒོམས་པ་ལས་སྐད་ཅིག་ཙམ་ཞིག་ནམ་གྱི་གུང་ལ་རྒྱང་རིང་པོ་ནས་ཚོང་འདུས་དང་གྲོང་ཁྱེར་དང་གཉེན་བཤེས་ཀྱང་མཐོང་ངོ་། །བར་བར་ནི་གཏམ་ཟེར་བའི་སྒྲ་ཡང་ཐོས་ཤིང་བར་ཆོད་ཀྱིས་ཕྱི་རོལ་ན་འདུག་པ་ལྟ་བུར་ཡང་མཐོང་ངོ་། །དེ་རྣམས་དགེ་བའི་ལྟས་ནི་ཡིན་གྱི་འཕགས་པར་གྱུར་པ་ནི་མ་ཡིན་ནོ། །དེ་ལ་འཕགས་པའོ་སྙམ་དུ་བསམས་ན་ལམ་ལོག་པའི་ཁམས་སུ་ལྷུང་ངོ་། །ཞེས་གསུངས་སོ། །སྐབས་འདི་ནས་ལུས་གནད་ལྟ་སྟངས་དང་རྟགས་བཅུ་དང་འོད་གསལ་འདི་ལྟ་བུ་དང་གཞན་ལ་ཤར་ཅེས་གཞན་ལ་ཤིན་ཏུ་གསང་བར་གདམས་པའི་བཀའ་རྒྱས་འདེབས་པ་གལ་ཆེའོ། །དེ་ལྟར་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར་ཕྱག་རྒྱ་ཆེན་པོའི་རང་སྣང་། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང་། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་གཟུགས་སྣ་ཚོགས་པ་རྣམས་དོན་དམ་པའི་སེམས་སུ་ངོ་སྤྲད་པར་བྱའོ།། །།