འདུས་པའི་རྩ་རྒྱུད་ཀྱི་གླེང་གཞིའི་ཡི་གེ་བཞི་བཅུའི་བཤད་པ་རྒྱུད་དོན་གསལ་བ་བཀོད་པ།
འདུས་པའི་རྩ་རྒྱུད་ཀྱི་གླེང་གཞིའི་ཡི་གེ་བཞི་བཅུའི་བཤད་པ་རྒྱུད་དོན་གསལ་བ་བཀོད་པ་བཞུགས།
ན་མོ་མཉྫུ་གྷོ་ཥཱ་ཡ། བདེན་གཉིས་ཟུང་དུ་འཇུག་པའི་དམ་ཚིག་གིས། །བགྲང་ཡས་སྤྲུལ་བས་འགྲོ་བའི་དོན་མཛད་པ། ཁྱབ་བདག་རྡོ་རྗེ་འཆང་ལ་གུས་བཏུད་ནས། །འདུས་པའི་རྒྱུད་ཀྱི་གླེང་གཞིའི་དོན་ཙམ་བཤད། །དེ་ལ་འདིར་འདུས་པའི་རྩ་རྒྱུད་ཀྱི་ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་པ་ནས་བཞུགས་སོ་ཞེས་པའི་བར་གྱི་དོན་འཆད་པ་ལ་གཉིས། ཡི་གེ་བཞི་བཅུ་དགོད་པ་དང་། དེའི་དོན་བཤད་རྒྱུད་ལ་བརྟེན་ནས་འཆད་ཚུལ་ལོ། དང་པོ་ནི། སང་སྐྲྀ་ཏའི་སྐད་དུ་ཨེ་ཝཾ་མ་ཡཱ་ཤྲུ་ཏཾ་ཨེ་ཀ་སྨིན་ས་མ་ཡེ་བྷ་ག་ཝཱ་ན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡཱ་ཝ་ཀ་ཙི་ཏ་ཏ་ཧྲི་ད་ཡ་བཛྲ་ཡོ་ཥིད་བྷ་གེ་ཥུ་བི་ཛ་ཧཱ་ར་ཞེས་འབྱུང་ཞིང་། བོད་སྐད་དུ་ཨེ་ཝཾ་འདི་སྐད། མ་ཡཱ་བདག་གིས། །ཤྲུ་ཏཾ་ཐོས་པ། ཨེ་ཀ་སྨིན་ས་མ་ཡེ་དུས་གཅིག་ན། བྷ་ག་ཝཱན་བཅོམ་ལྡན་་འདས། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཀཱ་ཡ་ཝཀ་ཙིཏྟ་སྐུ་དང་གསུང་དང་ཐུགས་ཀྱི། ཧྲི་ད་ཡ་སྙིང་པོ། །བཛྲ་ཡོ་ཥིད་རྡོ་རྗེ་བཙུན་མོའི། །བྷ་གེ་ཥུ་བྷ་ག་ལ། བི་ཛ་ཧཱ་ར་ནི་བཞུགས་སོ་ཞེས་པར་འགྱུར་རོ། །གཉིས་པ་ལ་བཞི། ཡིག་དོན། སྤྱི་དོན། སྦས་དོན། མཐར་་ཐུག་གི་དོན་ནོ། །དང་པོ་སྔོན་བྱུང་ལྟར་ན། རྒྱུད་ཀྱི་ཚིག་དོན་མ་ལུས་པ་འདི་སྐད་སྡུད་པ་པོ་བདག་གིས་ཐོས་པ་ནི་དུས་གཅིག་གི་ཚེ་ན་རྒྱུད་ཀྱི་སྟོན་པ་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་པོའི་བྷ་གའི་མིང་གིས་བསྟན་པའི་ཡུལ་སྟོང་པ་ཉིད་དང་དེ་མཚོན་བྱེད་ཆོས་འབྱུང་གི་ནང་དུ་འཁོར་ལོས་བསྒྱུར་བའི་ལུགས་ཅན་གྱིས་བཞུགས་པའི་གནས་དེར་ཐོས་སོ། །དེ་ཉིད་རྗེས་འཇུག་གི་ཉམས་ལེན་་དང་སྦྱར་ན་ལྷག་མོས་ལུགས་ལ་བསྡུ་བ་ཡན་གྱི་སྒྲུབ་པ་པོ་བདག་གིས་ཐོས་པ་སྟེ་བསྒོམས་པའི་ལྷག་མོས་འོད་གསལ་དུ་བསྡུས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཟླ་བ་དང་གསུང་ས་བོན་དང་་ཐུགས་ཕྱག་མཚན་དང་སྙིང་པོ་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའི་དང་པོའི་མགོན་པོ་དེ་རྡོ་རྗེ་བཙུན་མོའི་བྷ་གའི་དབྱིབས་ཅན་གྱི་ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་གི་དབུས་ཟླ་གདན་ལ་བཞུགས་པར་བསྒོམ་པ་སྟེ་དོན་བསྡུས་པའོ། གཉིས་པ་ལ་གཉིས། འདི་སྐད་ཀྱི་དོན་དང་། བདག་གིས་ཐོས་པ་་སོགས་ཀྱི་དོན་བཤད་པའོ། །དང་པོ་ལ་གཉིས། ཨེ་ཝཾ་དང་པོར་བརྗོད་དགོས་པ་དང་། དོན་དེ་བཤད་རྒྱུད་ཀྱི་ལུང་གིས་བསྒྲུབས་པའོ། །དང་པོ་ལ་གཉིས། དྲི་བ་དང་། ལན་ནོ། །དང་པོ་ལ་ཁོ་ན་རེ། སྡུད་པ་པོས་རྒྱུད་་སོགས་ཀྱི་ཐོག་མར་ཨི་དམ་སོགས་མི་བརྗོད་པར་ཨེ་ཝཾ་ཁོ་ན་བརྗོད་པ་ཅི་ཡིན་ཞེ་ན། གཉིས་པ་ལན་ནི། དེའི་རྒྱུ་མཚན་ཡོད་དེ། ཨེ་ཝཾ་གྱི་ཡི་གེ་གཉིས་ནི་དེ་བཞིན་གཤེགས་པས་ཐབས་ཤེས་ཁྱད་པར་ཅན་མཚོན་བྱེད་ཀྱི་བརྡར་མཛད་པ་ཡིན་པས་ན། དེ་གཉིས་ཀྱིས་ཐབས་ཤེས་ཁྱད་པར་ཅན་མཚོན་པ་འདྲ་བ་ཨི་དཾ་སོགས་ཀྱིས་མཚོན་མི་ནུས་པའི་རྒྱུ་མཚན་གྱི་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཤེས་བྱེད་དྲིས་ཏེ་ཁུངས་དགོད་པ་དང་། ཁུངས་དེ་ལས་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་ནི། ཨེ་ཝཾ་གྱིས་དོན་དེ་ལྟར་མཚོན་པ་གང་ལེགས་གསུངས་ཞེ་ན། འདུས་པའི་བཤད་རྒྱུད་ལྷའི་དབང་པོས་ཞུས་པ་ལས་གསུངས་སོ། །གཉིས་པ་ལ་གཉིས། ཞུ་བ་དང་། ལན་ནོ། །དང་པོ་ནི། བརྒྱ་བྱིན་གྱིས་གསོལ་བ། །ཅི་ཕྱིར་འདི་སྐད་ཅེས་བྱ་འདི། །གང་ཕྱིར་དང་པོར་རབ་ཏུ་སྦྱར། ཅི་འདི་བདེ་གཤེགས་གསུངས་ཡིན་ནམ། ཉན་་ཐོས་ཀྱིས་བཤད་ཡིན་ནམ་ཅི། །བདག་གི་སོམ་ཉི་འ དི་དག་ཀུན། །སྲིད་མཐར་ཕྱིན་པས་བསལ་དུ་གསོལ། །ཞེས་ཞུས་སོ། །དོན་ནི་བརྗོད་བྱ་ཅི་འདྲ་བ་ཞིག་མཚོན་པའི་ཕྱིར་འདི་སྐད་ཅེས་བྱ་བ་སྟེ་ཨེ་ཝཾ་གྱི་ཡི་གེ་འདི་གསུངས་པ་དང་། རྒྱུ་མཚན་གང་གི་ཕྱིར་གསུང་རབ་ཀྱི་དང་པོར་རབ་ཏུ་སྦྱར་བ་དང་། ཨེ་ཝཾ་ཞེས་པའི་ཚིག་འདི་ཅི་བདེ་བར་གཤེགས་པའི་གསུང་ཡིན་ནམ། འོན་ཏེ་་དེ་ལས་ རྒྱུད་ཐ་དད་པའི་ཉན་ཐོས་ཀྱིས་ཏེ་སྡུད་པ་པོས་བཤད་པ་ཡིན་ནམ་ཅི། བདག་གི་སོམ་ཉི་གསུམ ་པོ་འདི་དག་ཀུན་སྲིད་པ་ཟད་པའི་མཐར་ཕྱིན་པ་ཁྱེད་ཀྱིས་བསལ་དུ་གསོལ་ཞེས་པའོ། །གཉིས་པ་ལན་ལ་ལྔ། ཞུ་བ་པོ་སྤྲོ་བ་བསྐྱེད་ནས་ཉན་པར་གདམས་པ། ཡི་གེ་གཉིས་ཐབས་ཤེས་ཁྱད་པར་ཅན་དུ་་འགྱུར་ཚུལ། དེ་གཉིས་ཀྱི་དེ་ཉིད་ཤེས་མ་ཤེས་པའི་ཕན་ཡོན་དང་ཉེས་དམིགས། དེ་རྣམས་ཀྱི་གྲུབ་པའི་དོན། དེས་ན་ཡི་གེ་གཉིས་ཀྱི་དེ་ཉིད་ལ་གུས་པར་བྱ་བའོ། །དང་པོ་ནི། དམ་ཆོས་ཡོན་ཏན་སྨྲ་བ་ཡིས། །ལྷ་ཡི་་དབང་པོའི་ཚིག་གསན་ནས། །དེ་ནས་ལེགས་སོ་ཞེས་བྱིན་ཏེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཞེས་པ་སྟེ། དམ་པའི་ཆོས་ཨེ་ཝཾ་གྱི་་ཡོན་ཏན་ཏེ་ཆེ་བ་སྨྲ་བ་ཡི་སངས་རྒྱས་ཀྱི་ལྷ་ཡི་དབང་པོས་ཞུས་པའི་ཚིག་གསན་ནས། དེ་ནས་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །གང་ན། གང་ཕྱིར་ཐམས་ཅད་གཟིགས་པ་ཡིས། །དང་པོར་འདི་སྐད་ཅེས་གསུངས་པ། །དེ་ནི་གོ་རིམ་ཇི་བཞིན་དུ། །ལྷ་ཡི་དབང་པོ་ཉན་པར་གྱིས། །ཤིག་ཅེས་པ་སྟེ་གོ་སླའོ། །གཉིས་པ་ལ་གསུམ། ཨེ་ཝཾ་གསུང་རབ་ཀུན་གྱི་གཞིའི་ཐབས་ཤེས་ཡིན་ཚུལ། བདེ་ཆེན་འདྲེན་པའི་་ཐབས་ཤེས་ཡིན་ཚུལ། བདེ་སྟོང་དབྱེར་མེད་ཀྱི་ཐབས་ཤེས་ཡིན་ཚུལ་ལོ། །དང་པོ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་དེ་བཞིན་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེར་ནི་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་བའོ། །ཞེས་པ་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་གི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་གསུང་རབ་ཀུན་གྱི་གཞི་ནི་ཡི་གེ་གཉིས་་སུ་བསྟན་ཏེ། དེ་ཡང་ཕ་དང་མ་འདུས་ནས་བུ་བསྐྱེད་བ་ཇི་ལྟ་བ་དེ་བཞིན་དུའོ། །དེ་ལ་ཡི་གེ་ཨེ་ནི་མ་དང་འདྲ་བར་གྱུར་བ་ཡིན་ལ། དེས་ཤེས་རབ་ཀྱི་ཡི་གེ་དབྱངས་བཅུ་དྲུག་མཚོན་ནོ། །ཝ་ནི་ཕ་དང་འདྲ་བར་ཞེས་བྱ་བར་གྲགས་ཏེ། དེས་ཐབས་ཀྱི་ཡི་གེ་གསལ་བྱེད་སོ་གསུམ་མཚོན་ལ། །ཝ་ཡི་་ཐིག་ལེ་ནི་དབྱངས་གསལ་དེར་ནི་སྟེ་དེ་དག་ཐབས་ཤེས་མཉམ་པར་སྦྱོར་བ་མཚོན་བ་སྟེ། སྦྱོར་ཚུལ་དེ་ནི་ཤིན་ཏུ་རྨད་དུ་བྱུང་བ་སྟེ་ངོ་མཚར་ཆེ་བའོ། །དེ་ནི་དཔེར་ན། མས་བུ་རིགས་མི་འདྲ་བ་དུ་མའི་ཐུན་མོང་བའི་རྐྱེན་བྱེད་ལ་ཕས་ནི་བུའི་རིགས་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་ཅིང་། ཕ་མ་གཉིས་སྙོམས་པར་ཞུགས་པས་བུའི་ལུས་འགྲུབ་པར་བྱེད་པ་དེ་བཞིན་དུ། དབྱངས་རྣམས་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་པས་ཐུན་མོང་པའི་རྐྱེན་བྱེད་ཅིང་། གསལ་བྱེད་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་ལ། དབྱངས་གསལ་ཕན་ཚུན་སྦྱར་བ་ལས་རིམ་པ་བཞིན་དུ་མིང་ཚིག་སོགས་ངག་གི་ཚོགས་དང་གསུང་རབ་རྣམས་ཀྱང་འགྲུབ་བོ། །དེ་དོན་དང་སྦྱར་ན་ཨེས་ཤེས་རབ་དོན་དམ་དང་། ཝས་་ཐབས་ཀུན་རྫོབ་བདེན་པ་དང་། ཐིག་ལེས་དེ་གཉིས་དབྱེར་མེད་དུ་སྦྱོར་བ་མཚོན་པ་སྟེ། དེ་དག་ནི་མདོ་སྔགས་གཉིས་ཀའི་སྤྱིི་དོན་ནོ། །གཉིས་པ་བདེ་ཆེན་འདྲེན་པའི་ཐབས་ཤེས་ཡིན་ཚུལ་ནི། །ཨེ་ནི་པདྨ་ཞེས་བཤད་ལ། ཝ་ནི་རྡོ་རྗེ་ཉིད་ཡིན་ནོ། །ཐིག་ལེ་དེར་ནི་ས་བོན་ཏེ། དེ་ལས་འགྲོ་བ་གསུམ་རྣམས་སྐྱེ། །ཞེས་པ་སྟེ། ཡང་ཨེ་ཡིག་གྲུ་གསུམ་ནི་དེ་དང་དབྱིབས་མཐུན་པའི་རིག་མའི་པདྨ་ཞེས་བཤད་ལ། ཝ་ཡིག་ཟླུམ་པོ་ནི་དེ་དང་དབྱིབས་མཐུན་པ་གཙོ་བོའི་ང་རྒྱལ་འཛིན་པའི་ཡབ་ཀྱི་རྡོ་རྗེའི་ནོར་བུ་ཉིད་ཡིན་ནོ། །ཝ་ཡི་ཐིག་ལེ་ནི་རྡོ་རྗེ་དང་པདྨ་སྦྱར་བ་དེར་ནི་བྱུང་བའི་ས་བོན་ཏེ། གཞི་ལ་སྦྱར་ན་ས་བོན་དེ་ལས་འགྲོ་བ་རབ་འབྲིང་ཐ་གསུམ་པོ་རྣམས་སྐྱེ་ལ། བསྐྱེད་རིམ་ལ་སྦྱར་ན་གཤེགས་པ་དང་སེམས་དཔའ་དང་ཁྲོ་བོ་རྣམ་པ་གསུམ་སྐྱེའོ། །གསུམ་པ་བདེ་སྟོང་དབྱེར་མེད་ཀྱི་ཐབས་ཤེས་ཡིན་ཚུལ་ནི། །ཨེ་ནི་ཤེས་རབ་ཉིད་གྱུར་ལ། ཝ་ནི་རབ་དགའི་བདག་པོའོ། །ཐིག་ལེ་མི་ཤིགས་དེ་ཉིད་དེ། །དེ་ལས་ཡི་གེ་ཉིད་ཀྱང་སྐྱེ། །ཞེས་པ་སྟེ། ཡང་ཨེ་ཡིག་གྲུ་གསུམ་གྱིས་ནི་རྣམ་ཐར་སྒོ་གསུམ་གྱི་ངོ་བོར་གྱུར་པའི་དེ་བཞིན་ཉིད་རྟོགས་པའི་ཤེས་རབ་ཉིད་་དུ་གྱུར་བ་མཚོན་ལ། ཝས་ནི་རབ་ཏུ་སྟེ་མཆོག་ཏུ་དཀའ་བའི་བདག་པོ་སྟེ་གཙོ་བོ་ལྷན་སྐྱེས་ཀྱི་དགའ་བ་མཚོན་ཞིང་། ཐིག་ལེས་ནི་བདེ་སྟོང་དེ་གཉིས་མི་ཤིགས་པ་སྟེ་མི་ཕྱེད་པར་སྦྱོར་བའི་དེ་ཉིད་དེ། ལམ་དེ་གོམས་པ་ལས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཡི་གེ་རྣམས་ཉིད་ཀྱང་སྐྱེ་བ་སྟེ་དེ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་མཚོན་ནོ། །དེ་དག་ནི་རིམ་པ་གཉིས་ཐུན་མོང་བའི་སྤྱི་དོན་ནོ། །གསུམ་པ་ཡི་གེ་གཉིས་ཀྱི་དེ་ཉིད་ཤེས་མ་ཤེས་པའི་ཕན་ཡོན་དང་ཉེས་དམིགས་ནི། ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དེ་ཉིད་བཤད་པ་གང་གིས་ཤེས། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བྱེད་འགྱུར། །འགྲོ་བ་གང་གིས་ཡི་གེ་གཉིས། །མི་ཤེས་རྟག་ཏུ་འདོན་པ་དག །དེ་ནི་སངས་རྒྱས་ཆོས་རྣམས་ལས། །ཕྱི་རོལ་སྦྱོར་སྤངས་་ཐུབ་པ་བཞིན། ཞེས་པ་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་དོན་ལ་རྒྱས་འདེབས་པའི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས་པོའི་དེ་ཁོ་ན་ཉིད་སྔར་བཤད་པ་ལྟར་གང་གིས་ཤེས་པ་དེ་ནི་རིང་བོར་མི་ཐོགས་པར་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའི་སངས་རྒྱས་སུ་འགྱུར་ལ། འགྲོ་བ་གང་གིས་ཡི་གེ་གཉིས་ཀྱི་དེ་ཉིད་མི་ཤེས་པར་རྟག་ཏུ་འདོན་པ་དེ་དག་ནི་སངས་རྒྱས་ཀྱིས་གསུངས་པའི་བླ་མེད་ཀྱི་ཆོས་རྣམས་ལས་ཕྱི་རོལ་ཏུ་གྱུར་པ་སྟེ་ཐབས་ཤེས་་དབྱེར་མེད་དུ་སྦྱོར་བ་སྤངས་པའི་དཀའ་ཐུབ་པ་ཕྱི་རོལ་བའི་དྲང་སྲོང་བཞིན་ནོ། །བཞི་པ་དེ་རྣམས་ཀྱི་གྲུབ་པའི་དོན་ནི། ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །ཅེས་པ་སྟེ། སྡུད་པ་པོས་དམ་པའི་ཆོས་བསྟན་པའི་ཐོག་མར་ཨེ་ཝཾ་ཁོ་ན་རབ་ཏུ་བཤད་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ཨེ་ཝཾ་གྱི་ཡི་གེ་གཉིས་ཀྱི་དོན་དག་པ་སྒྱུ་མའི་སྐུ་དང་དོན་གྱི་འོད་གསལ་དངོས་པོ་གཅིག་པའི་ཟུང་འཇུག་ལ་རྒྱུད་ཀྱི་སྟོན་པ་ཐམས་ཅད་མཁྱེན་པ་འབྲས་བུའི་སྐབས་འདིར་བཞུགས་པས་སོ། །དེ་རྣམ་ཀྱི་དོན་བསྡུ་ན་ཆོས་ཀྱི་ཕུང་པོ་ཞེས་པ་ནས་རྨད་དུ་བྱུང་བའོ་ཞེས་པས་གསུང་རབ་ཀུན་ཡི་གེ་གཉིས་ལས་འགྲུབ་པ་དང་། དེ་ཀུན་གྱི་བརྗོད་བྱ་ཡང་ཡི་གེ་གཉིས་ཀྱི་དོན་དུ་འདུ་བར་བསྟན་པས། ཡི་གེ་གཉིས་ཀྱི་གསུང་རབ་ཀྱི་ཚིག་དོན་ཐམས་ཅད་ལ་རྒྱས་འདེབས་པ་བསྟན་ཏེ་ཐུན་མོང་བའོ། །དེ་ནས་ཨེ་ནི་པདྨ་ཞེས་པ་ནས་ཡི་གེ་ཉིད་ཀྱང་སྐྱེ་ཞེས་པའི་བར་གྱི་ཚིགས་བཅད་དང་པོས་འདྲེན་བྱེད་རྟག་ཀྱི་ཨེ་ཝཾ་དང་། དེ་ལས་བདེ་ཆེན་འདྲེན་ཚུལ་བསྟན་ཏོ། །ཚིགས་བཅད་གཉིས་པས་རྟགས་ཀྱི་ཨེ་ཝཾ་སྦྱར་ནས་དྲངས་པའི་ལམ་གྱི་ཨེ་ཝཾ་བདེ་སྟོང་སྦྱོར་བ་བསྟན་ལ། དེ་ནས་ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། ཞེས་པ་གཉིས་ཀྱི་འབྲས་བུའི་ཨེ་ཝཾ་སྟོན་ཏེ། གང་ལ་བརྟེན་ནས་དེ་ཁོ་ན་ཉིད་འཚོལ་བའི་གསུང་རབ་ཀྱང་ཨེ་ཝཾ་དེའི་དོན་གོ་རྒྱུ་ཡང་ཨེ་ཝཾ། གོ་བ་ལ་བརྟེན་ནས་བསྐྱེད་པར་བྱ་བའི་ལམ་ཡང་ཨེ་ཝཾ། དེས་ཐོབ་པར་བྱ་བའི་འབྲས་བུ་ཡང་ཨེ་ཝཾ་དུ་འདུ་བས་ན་ཨེ་ཝཾ་གསུང་རབ་རྣམས་ཀྱི་ཐོག་མར་སྨོས་པའོ། །དེ་ལྟར་ན་ཨེ་ཝཾ་ལ་དབྱེ་ན་ལྔ་སྟེ། རྗོད་བྱེད་སྒྲའི་ཨེ་ཝཾ། བརྗོད་བྱ་དོན་གྱི་ཨེ་ཝཾ། འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ། ཐོབ་བྱེད་ལམ་གྱི་ཨེ་ཝཾ། ཐོབ་བྱ་འབྲས་བུའི་ཨེ་ཝཾ་མོ། །དེ་དག་བསྡུས་ཏེ་བསྟན་ན། །ཨེས་ཤེས་རབ་དབྱངས་དང་ཝས་ཐབས་གསལ་བྱེད་དང་ཐིག་ལེས་དེ་གཉིས་སྦྱར་བ་ལས་གསུང་རབ་འགྲུབ་པ་ནི་དང་པོ། །ཨེས་དོན་དམ་དང་ཝས་ཀུན་རྫོབ་དང་་ཐིག་ལེས་དེ་གཉིས་ཟུང་དུ་སྦྱོར་བ་ནི་གཉིས་པ། ཨེ་ཕྱག་རྒྱའི་པདྨ་དང་ཝས་་ཡབ་ཀྱི་རྡོ་རྗེ་ནོར་བུ་དང་ཐིག་ལེས་དེ་གཉིས་སྦྱོར་བ་ནི་ཕྱིའི་འདྲེན་བྱེད་རྟག་ཀྱི་ཨེ་ཝཾ་ཡིན་ལ། ཨེས་རྩ་འཁོར་རྣམས་དང་ཝས་དེར་བསྒོམ་རྒྱུའི་ཐིག་ལེ་དང་་ཡིག་འབྲུ་ཐིག་ལེས་དེ་དག་ལ་དམིགས་པ་གཏོད་པ་ན ི་ནང་གི་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་སྟེ་དེ་གཉིས་ནི་གསུམ་པ། ཨེས་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཝས་ལྷན་སྐྱེས་ཀྱི་བདེ་བ་དང་ཐིག་ལེ་དེ་གཉིས་དབྱེར་མེད་དུ་སྦྱོར་བ་ནི་བདེ་སྟོང་དབྱེར་མེད་ཀྱི་ཨེ་ཝཾ་ཡིན་ལ། ཨེས་རིམ་པ་གསུམ་པའི་སྒྱུ་ལུས་པའི་ཡེ་ཤེས་དང་ཝས་དེའི་སྒྱུ་མའི་སྐུ་དང་ཐིག་ལེས་དེ་གཉིས་དབྱེར་མེད་དུ་སྦྱོར་བ་མཚོན་ཏེ་སྦས་དོན་གྱི་བདེན་གཉིས་དབྱེར་མེད་དང་། ཨེས་དོན་དམ་འོད་གསལ་དང་ཝས་ཀུན་རྫོབ་སྒྱུ་ལུས་དང་ཐིག་ལེས་དེ་གཉིས་དབྱེར་མེད་དུ་སྦྱོར་བ་མཚོན་ཏེ་མཐར་ཐུག་གི་བདེན་གཉིས་དབྱེར་མེད་དེ་བཞི་པའོ། །སྒྲིབ་པ་སྤངས་པའི་བདེ་སྟོང་དབྱེར་མེད་དང་བདེན་གཉིས་དབྱེར་མེད་གཉིས་ནི་ལྔ་པ་འབྲས་བུའི་ཨེ་ཝཾ་སྟེ་སྔ་མའི་འགྲོས་ཀྱིས་གོ་བར་བྱའོ། །ལྔ་པ་ཡི་གེ་གཉིས་ཀྱི་་དེ་ཉིད་ལ་གུས་པར་བྱ་བ་ནི། དེ་བས་བརྒྱ་བྱིན་ལྷ་ཡི་བདག །གལ་ཏེ་རྟག་པའི་གནས་འདོད་ན། །ཡི་གེ་སྒྱུ་མ་དྲན་བྱ་ཞིང་། །དམ་པའི་ཆོས་ལ་བླ་མར་གྱིས། །ཞེས་པ་སྟེ། སྔར་བཤད་པའི་དོན་དེ་བས་ན་བརྒྱ་བྱིན་ལ་ལྷ་ཡི་བདག་པོ་ཞེས་བོས་ནས་ཁྱེད་གལ་ཏེ་རྟག་པའ ི་གནས་ཕྱིར་མི་ལྡོག་པའི་གོ་འཕང་་ཐོབ་པར་འདོད་ན་ཡི་གེ་གཉིས་གྱིས་མཚོན་པའི་འོད་གསལ་ཀྱི་ཡེ་ཤེས་དང་དག་པའི་སྒྱུ་མའི་སྐུ་གཉིས་དབྱེར་མི་བྱེད་པར་སྦྱོར་བ་དྲན་པར་བྱ་ཞིང་། །དམ་པའི་ཆོས་ཀྱི་གནད་མཐར་ཐུག་པ་ཨེ་ཝཾ་གྱི་དོན་ལ་བླ་མར་ཏེ་མཆོག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག་ཅེས་པའོ། །གཉིས་པ་བདག་གིས་ཐོས་པ་སོགས་ཀྱི་་དོན་བཤད་པ་ལ་གཉིས། །དངོས་དང་ཐིག་ལེ་ཡིག་འབྲུར་འགྱུར་ཚུལ་ལོ། །དང་པོ་ནི། འཁོར་ལོ་བསྒྱུར་བའི་ངོ་བོ་ལ། །བདག་གིས་ཐོས་པ་ཞེས་གསུངས་ཏེ། ས་བོན་ངོ་བོས་གང་སྤྲུལ་བ། །ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག །མཆོག་ཏུ་དགའ་བའི་དུས་གང་ཡིན། །དུས་གཅིག་ན་ཞེས་བཤད་པ་ཡིན། །དབང་ཕྱུག་བརྒྱད་ཀྱི་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་ལ་བཞུགས། །འདི་ཡི་ཕུང་པོ་ལྔ་རྒྱལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །དེ་ཡི་བདག་ཉིད་སྐུ་གསུང་ཐུགས། །རྡོ་རྗེ་ཐུགས་འདིར་བདེ་ཆེན་པོ། །བཙུན་མོ་ལེགས་སྦྱངས་ཕྱག་རྒྱ་སྟེ། །ལེགས་སྦྱངས་པདྨ་བྷ་ག་ཡིན། །བཞུགས་པ་རྡོ་རྗེ་འཛིན་པ་དེར། །ཐིག་ལེའི་གཟུགས་ཀྱིས་གནས་པའོ། །ཞེས་པ་སྟེ། ལྷའི་འཁོར་ལོ་བསྒྱུར་བའི་ངོ་བོ་གཙོ་བོའི་ང་རྒྱལ་འཛིན་པའི་སྒྲུབ་པ་པོ་ལ་བདག་གིས་ཞེས་གསུངས་སོ། །ཐོས་པ་ཞེས་གསུངས་པ་ནི་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་ཀྱི་ས་བོན་འཛག་པ་་དེ་ཡི་ངོ་བོས་གང་སྤྲུལ་བ་སྟེ། དེ་ནི་ཡུམ་གྱི་པདྨར་བསྐྱེད་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག་ཡིན་ལ། དེ་ལྟར་སྤྲུལ་པའི་དུས་ནི་ཡབ་ཡུམ་མཉམ་པར་སྦྱར་བ་ལས་མཆོག་ཏུ་དགའ་བ་བསྐྱེད་ནས་བྱང་སེམས་ཡུམ་གྱི་པདྨར་ཞུགས་པའི་དུས་གང་ཡིན་པ་དེ་ལ་ནི་དུས་གཅིག་ན་ཞེས་རྩ་རྒྱུད་ལས་བཤད་པ་ཡིན་ནོ། །དེ་ནི་དབང་ཕྱུག་བརྒྱད་ཀྱི་བདག་ཉིད་བཅོམ་ལྡན་འདས་བདེ་བ་ཆེན་པོའི་གནས་བྷ་ག་ལ་བཞུགས་སོ་སྟེ་བཞུགས་པ་དེར་རོ། །འདུས་པ་འདིར་ནི་སྒྲུབ་པ་པོ་འདི་ཡི་ཕུང་པོ་ལྔ་ནི་རྒྱལ་བ་དེ་བཞིན་གཤེགས་པ་་ཐམས་ཅད་ཡིན་ཞེས་གསུངས་ལ། དེས་ན་སྒྲུབ་པ་པོའི་ཕུང་པོ་ལྔ་པོ་དེ་ཡི་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ནི་སྐུ་དང་གསུང་དང་ཐུགས་སོ། །ཐུགས་ཏེ་སྙིང་པོ་རྡོ་རྗེ་ནི་འདིར་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་སྐྱེས་པའི་བདེ་བ་ཆེན་པོའོ། །བཙུན་མོ་ནི་ལེགས་པར་སྦྱངས་པ་སྟེ་ལྷ་མོར་བསྐྱེད་ནས་ལུས་ལ་ལྷ་བཀོད་པའི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་སྟེ། ལེག་པར་སྦྱངས་པ་་སྟེ་ཨཱ་ལས་པདྨར་བསྐྱེད་པའི་ཡུམ་གྱི་པདྨ་ནི་བྷ་ག་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་བཞུགས་ཞེས་པའི་བཅོམ་ལྡན་འདས་ནི་པདྨ་དེར་རྡོ་རྗེ་འཛིན་པའི་ངོ་བོར་མོས་པའི་ཐིག་ལེའི་གཟུགས་ཡིན་ལ། དེའི་གཟུགས་ཀྱིས་གནས་པ་ན་བཞུགས་པའོ། །གཉིས་པ་ཐིག་ལེ་ཡིག་འབྲུར་འགྱུར་ཚུལ་ནི། །ཆ་གཉིས་པ་ནི་དགུ་པ་ཉིད་ཀྱིས་བཤད། །སུམ་ཅུ་བཅུ་པ་ལྔ་པའི་ས་བོན་ཉིད། །ཆ་གཉིས་ལྔ་པ་དྲུག་པས་ཕྱེ་བ་ལས། །བྱུང་བ་འདི་ནི་ཐིག་ལེ་ཡིན་ཞེས་བཤད། ཅེས་པ་སྟེ། ལྷ་མོ་བཞིས་ཞུས་པ་ལས། ཆ་ནི་དབྱངས་ཏེ་དེའི་གཉིས་པ་ནི་ཨཱའོ། །དགུ་པ་ནི་མ་ནིང་བཞི་དོར་བའི་ཨ་ནས་བགྲང་བའི་དགུ་པ་ཨོ་ཉིད་ཀྱིས་བཤད་པ་ནི་ཨོ་ཉིད་དུ་བྱ་ནའོ། །མ་ནིང་རྀ་ལྀ་བཞི་དོར་བའི་ཨ་ནས་བགྲངས་པའི་དབྱངས་བཅུ་གཉིས་དང་། ཀ་ཙ་ཊའི་སྡེ་པའི་ཡི་གེ་བཅོ་ལྔ་སྟེ་ཉེར་བདུན་དང་ཏ་སྡེའི་དང་པོ་གསུམ་བསྣན་པས་སུམ་ཅུ་སྟེ་དེའི་ཐ་མ་སུམ་ཅུ་བ་་དའོ། །དེའི་འོག་མ་དྷ་ནས་བགྲངས་ན་བཅུ་པ་ལའོ། །དེའི་འོག་མ་ཝ་ནས་བགྲངས་ན་ལྔ་པའི་ས་བོན་ཧ་ཉིད་དེ། དོན་ལ་ཧ་ཉིད་ཐུ་བ་ཡིན་གྱི་ད་དང་ལ་་ཐུ་བ་མིན་ནོ། །དེ་ལྟར་ཨཱ་དང་ༀ་དང་ཧ་གསུམ་པོ་གཞིར་བཞག་པའི་དང་པོའི་ཡ་ཆ་གཉིས་ཏེ་རྣམ་བཅད་ཀྱིས་བརྒྱན་བས་ཨཱཿ འོ། །ༀ་ལ་ས་སྡེའི་ལྔ་པ་མ་ཡིག་ཐིག་ལེར་བྱིན་པས་ༀ་མོ། །ཧ་ལ་དབྱངས་དྲུག་པ་ཨཱུ་ཡིས་ཕྱེ་བ་ལས་ཧཱུའོ། །དེ་ལ་ཡང་མ་ཡིག་བྱིན་པས་ཧཱུཾ་མོ། །དེ་ལྟ་བུ་ལས་བྱུང་བའི་འབྲུ་གསུམ་པོ་འདི་ནི་ཡུམ་གྱི་པད་མར་བྱུང་བའི་ཐིག་ལེ་ཡིན་ཞེས་བཤད་དོ། །དེ་གསུམ་ལྷ་རང་རང་གི་ས་བོན་དང་བཅས་པ་སོ་གཉིས་ལས་ལྷ་སོ་གཉིས་བསྐྱེད་པའི་དོན་ཏེ། །དེ་དག་ནི་བསྐྱེད་རིམ་དང་ཐུན་མོང་བའི་སྤྱི་དོན་ནོ། །གསུམ་པ་གླེང་གཞི་སྦས་དོན་དུ་བཤད་པ་ལ་གསུམ། ཡི་གེ་རེ་རེའི་དོན་བཤད་པ་དང་། དོན་བསྡུ་བ་དང་། ཨེ་ཝཾ་གྱི་དོན་དུ་འདུ་ལུགས་སོ། །དང་པོ་ལ་བཞི། ཨེ་ཝཾ་སོགས་ཡི་གེ་བཅུ་གསུམ་གྱི་དོན། ག་ཝན་སོགས་ཡི་གེ་བརྒྱད་ཀྱི་དོན། ཀ་སོགས་ཡི་གེ་བཅུ་གཅིག་གི་དོན། ཥད་བྷ་སོགས་ཡི་གེ་བརྒྱད་ཀྱི་དོན་བཤད་པའོ། །དང་པོ་ལ་བཞི། གཞི་ལམ་ཐུན་མོང་གི་སྟོང་བ་གསུམ་གྱི་ངོ་བོ་དང་གོ་རིམ། སྣང་བ་དང་ལུང་གི་རང་བཞིན་དང་ཤེས་པ་གཞན་སྐྱེ་ཚུལ། ཉིང་མཚམས་སྦྱར་ནས་ཁམས་དང་ཕུང་པོ་སོགས་འབྱུང་ཚུལ། དོན་བསྡུས་ཏེ་འཁོར་བར་འཁོར་ཚུལ་ལོ། །དང་པོ་ནི། རྒྱུད་རྡོ་རྗེ་འཕྲེང་བ་ལས། ཨེ་ནི་ཤེས་རབ་དམ་པ་སྟེ། །འདོད་ཆགས་བྲལ་སོགས་སྐད་ཅིག་བདག །སྲིད་པ་གསུམ་ན་ཡོངས་ཤེས་པའི། །འདི་ནི་རྩ་བར་རྣམ་པར་བསྟན། །ཅེས་པ་སྟེ། འདིར་ཨེ་ཞེས་པའི་ཨེ་ནི་ཤེས་རབ་དམ་པ་སྣང་བ་མཚོན་པར་བྱེད་པ་སྟེ། དེ་ཡང་འདོད་ཆགས་དང་བྲལ་བ་དང་ལ་སོགས་པས་ཆགས་བྲལ་བར་མ་ནས་ཕྲག་དོག་གི་བར་གྱི་རང་བཞིན་སོ་ གསུམ་གྱི་རྩ་བར་རྩ་རྒྱུད ་ལས་སེམས་སྣང་བ་འདི་ནི་རྣམ་པར་བསྟན་ནོ། །སྐད་ཅིག་བདག་སྟེ་རང་བཞིན་གྱི་རྟོག་པ་སོ་གསུམ་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་སོགས་པའི་ཚད་དུ་འདོད་ཁམས་ལ་སོགས་པའི་སྲིད་པ་གསུམ་ན་ཉམས་སུ་མྱོང་བའི་སྒོ་ནས་་ཡོངས་སུ་ཤེས་པའི་ཚུལ་གྱིས་སྐྱེ་བའི་དོན་ནོ། ཝཾ། འོད་མ་འགྲེང་བ་ལྟར་མཛེས་ཤིང་། །ཆགས་ལ་སོགས་པ་རབ་བསྐྱེད་ལྡན། །སྣང་བ་མཆེད་པ་རྣམ་པར་ཤེས། །མིང་ནི་ཐབས་ཞེས་བྱ་བ་ཡིན། །ཞེས་པ་སྟེ། ཝཾ་ལ་ཤ་་སྟཾ་བསྣན་པས་འོད་མ་འགྲེང་བ་སྟེ་དེ་ལྟ་བུར་མཛེས་ཤིང་འདོད་ཆགས་དང་ལ་སོགས་པས་ཞེན་པ་ནས་གྱ་གྱུའི་བར་གྱི་རང་བཞིན་གྱི་རྟོག་པ་བཞི་བཅུ་རབ་ཏུ་བསྐྱེད་པའི་ནུས་པ་དང་ལྡན་པ་སྟེ། དེ་ལྟ་བུའི་སྣང་བ་མཆེད་བའི་རྣམ་པར་ཤེས་པ་ཞེས་པའི་མིང་ཅན་ནི་ཐབས་ཞེས་བྱ་བ་ཡིན་ནོ། །བ། རིག་ཆེན་རང་ཉིད་རྩ་བ་སྟེ། ཞེས་པ་ནི། མ་ལ་ཧཱ་བིཪྱ་བསྣན་པ་ནི་རིག་པ་ཆེན་པོ་་འོད་གསལ་ལོ། །ལུགས་མཐུན་ལ་འོད་གསལ་རང་ཉིད་གྱི་རྩ་བ་ནི་མ་རིག་པའོ་ཞེས་སྦྲེལ་བས་ཉེར་ཐོབ་བསྟན་ཏེ། །སྔ་མ་གཉིས་ཀྱི་ཤུགས་ལས་ཉེར་ཐོབ་དེ་རང་བཞིན་གྱི་རྟོག་པ་བདུན་གྱི་རྩ་བ་ཡིན་པ་དང་། མིང་ཐབས་ཤེས་་འདྲེས་མར་ཡང་གོ་བར་འགྱུར་རོ། །ཡང་སྣང་བ་གསུམ་གྱི་སྐྱེ་བའི་གོ་རིམ་ལ་གཉིས། །སྐྱེ་བ་ལུགས་ལྡོག་གི་རིམ་པ་དང་། ཐིམ་པ་ལུགས་འབྱུང་གི་རིམ་པའོ། །དང་པོ་ནི་ལུགས་ལས་ལྡོག་པའི་མ་རིག་པའོ། །མ་རིག་པ་ལས་ཀྱང་འདི་འབྱུང་། །དེ་ལས་སྣང་བ་འབྱུང་བའོ། །ཞེས་པ་སྟེ། སྣང་བ་གསུམ་སྐྱེ་བ་ན་ལུགས་ལས་ལྡོག་པའི་ཚུལ་གྱིས་འོད་གསལ་ལས་མ་རིག་པ་འབྱུང་བའོ། །དེ་བཞིན་དུ་མ་རིག་པ་ལས་ཀྱང་སྣང་བ་མཆེད་པ་འདི་འབྱུང་ཞིང་། སྣང་བ་མཆེད་པ་དེ་ལས་སྣང་བ་འབྱུང་བའོ། །གཉིས་པ་ཐིམ་པ་ལུགས་འབྱུང་ནི། ཡཱ། རྣམ་ཤེས་དང་པོར་འཇུག་པ་ནི། །སྣང་བ་མཆེད་པའི་མིང་དུ་སྟེ། །དེ་ནི་སྟོང་བ་ཆེར་འཇུག་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་པ་སྟེ། ཡཱ་ལ་ཏི་བསྣན་པའི་ལ་ཏི་ནི་འགྲོ་བའོ། །འགྲོ་ཚུལ་ནི་རྣམ་ཤེས་དང་པོ་སྣང་བ་གང་དུ་འཇུག་ཅིང་འགྲོ་བ་ནི་སྣང་བ་གཉིས་པ་མཆེད་པའི་མིག་ཅན་དུ་ཐིམ་ནས་འགྲོ་བ་སྟེ། མཆེད་པ་དེ་ནི་གསུམ་པ་སྟོང་བ་ཆེན་པོར་འཇུག་ལ། སྟོང་ཆེན་ཉེར་ཐོབ་དེ་ཡང་འོད་གསལ་བར་ཐིམ་ནས་འགྲོ་བར་འགྱུར་བའོ། །གཉིས་པ་སྣང་བ་དང་རླུང་གི་རང་བཞིན་སོགས་ནི། ཤྲུ། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདིར་རྣམ་ཤེས་གསུམ་ཐོས་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཏཾ། དེ་ནི་རེ་རེའི་དོན་སྣང་བ། །རླུང་གིས་བླངས་ནས་འཛིན་བྱེད་ལ། །རླུང་དང་ལྡན་པའི་རྣམ་ཤེས་ནི། །རྟག་ཏུ་འགྲོ་ལ་གནས་པར་འགྱུར། །ཨེ། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །དེ་ཡིས་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། །ཞེས་པ་སྟེ། ཤྲུ་ལ་ཏཾ་བསྣན་པའི་ཤྲུ་ཏཾ་ནི་ཐོས་ཞེས་པའོ། །གང་ཐོས་ན་སྣང་བ་གསུམ་གྱི་མཚན་ཉིད་ཅན་རྣམ་ཤེས་གསུམ་པོ་ཐོས་པའོ། །གང་དུ་ན་འདུས་པའི་སྐོར་འདིར་ཐོས་སོ། །ཅི་ལྟར་ན་སེམས་ཅན་གྱི་ཁམས་ནི་མ་ལུས་པའི་རང་བཞིན་བརྒྱད་ཅུའི་རྩ་བ་ནི་སྣང་བ་གསུམ་པོ་འདི་ཡིན་པར་ཐོས། ཏཾ་ནི་དེ་ནི་ཞེས་པ་སྟེ། དབང་པོའི་ཤེས་པ་ལྔ་རེ་རེ་སྟེ་སོ་སོ་ལ་དོན་ཡུལ་ལྔ་སོ་་སོར་སྣང་བ་དེ་ནི་དབང་ཤེས་ཀྱི་བཞོན་པའི་ལུང་གིས་བླངས་པ་སྟེ་བསྐྱོད་ནས་རྣམ་ཤེས་ཀྱིས་ཡུལ་འཛིན་པར་བྱེད། རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ནི་དུས་རྟག་ཏུ་འགྲོ་བ་ལ་གནས་པར་འགྱུར་རོ། །འདིས་ནི་རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་རླུང་གྲོགས་སུ་ངེས་པར་སྟོན་ནོ། །ཨེ་ལ་ཥ་བསྣན་པའི་ཨེ་ཥ་ནི་འདི་ཞེས་པའོ། །ལས་ཀྱི་རླུང་འདི་ནི་བྱེད་ལས་ཀྱི་སྒོ་ནས་རླུང་ཁམས་ཆེན་པོ་སྟེ་རྣམ་ཤེས་གསུམ་གྱི་བཞོན་པ་ཡིན་ནོ། །བཞོན་པ་དེ་ཡིས་རྣམ་ཤེས་་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས་རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ནི་ཇི་ལྟ་ཇི་ལྟར་བསྐྱོད་པ་དེ་བཞིན་དུ་འགྲོ་བ་སྟེ་འབྱུང་བར་འགྱུར་རོ། །དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྣམ་པར་ཤེས་པ་དེའི་བཞོན་པ་ནི་རླུང་ངོ་། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ཕུང་པོ་ལྔ་དང་སྐྱེ་མཆེད་དྲུག་དང་ཡུལ་ལྔ་སྟེ་ཞེས་པ་དང་། སྣང་བའི་རྒྱུ་རང་བཞིན་རྣམས་ཡང་་དག་པར་འབྱུང་ངོ་ཞེས་གསུངས་པ་བཞིན་དུའོ། གསུམ་པ་ཉིང་མཚམས་སྦྱར་ནས་ཁམས་དང་ཕུང་པོ་འགྲུབ་ཚུལ་ལ་ལྔ། ཁམས་བཞི་སྐྱེ་ཚུལ། ཕུང་པོ་ལྔ་འབྱུང་ཚུལ། གཞི་དུས་ཀྱི་ཡེ་ཤེས་ལྔ་འབྱུང་ཚུལ། སྐྱེ་མཆེད་དྲུག་འབྱུང་ཚུལ། གཞི་དུས་ཀྱི་རྡོར་བཟླས་འབྱུང་ཚུལ་ལོ། །དང་པོ་ནི། ཀ། སྲ་བའི་ཁམས་དང་ཆུ་ཉིད་དང་། དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་སུ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། །ཞེས་པ་་སྟེ། ཀ་ལ་ཀ་ནྱ་ཊ་བསྣན་པ་ནི་སྲ་བའོ། །ཉིང་མཚམས་སྦྱོར་བའི་ཚེ་སྲ་བའི་ས་ཁམས་དང་ཆུའི་ཁམས་ཉིད་དང་དེ་བཞིན་དུ་མེ་དང་རླུང་གི་ཁམས་དག་ནི་ཡིད་ཀྱི་རྣམ་པར་ཤེས་པས་བླངས་པ་སྟེ་བཟུང་ནས་སུ། འགྲོ་བ་མཆོག་འབྲིང་དམན་གསུམ་གྱི་སྲིད་པ་གསུམ་གྱི་གནས་སུ་སྐྱེ་བར་འགྱུར་རོ། །རྒྱུ་ལས་རླུང་མེ་ཆུ་ས་བཞི་རིམ་པར་སྐྱེ་བར་གསུངས་བ་ནི་ཤེས་པའི་རྟེན་བྱེད་པའི་ནུས་པ་ཇེ་རགས་སུ་སོང་བ་ལ་དགོངས་ཀྱི། གཞན་དུ་ན་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ཏེ་ཉིང་མཚམས་སྦྱར་བའི་དུས་སུ་ཡང་འབྱ྄ུང་བ་བཞི་ཙམ་ནི་ཡོད་དེ། དེའི་ཚེ་ཁུ་ཁྲག་གཉིས་ཀྱི་སྲ་གཤེར་ཡོད་པས་ས་ཆུའི་ཁམས་གཉིས་་ཡོད་ལ། དྲོད་དང་རྣམ་ཤེས་ཀྱི་བཞོན་པའི་རླུང་ཡོད་པས་མེ་རླུང་གཉིས་ཀྱང་་ཡོད་པའི་ཕྱིར་རོ། །གཉིས་པ་ཕུང་པོ་ལྔ་འབྱུང་ཚུལ་ནི། སྨིན། འདི་ནི་ཕུང་པོ་ལྔ་རྣམས་སུ། །འབྱུང་བ་འདུས་བྱས་མཚན་ཉིད་ནི། །གཟུགས་ཚོར་་འདུ་ཤེས་འདུ་བྱེད་དང་། རྣམ་ཤེས་ཉིད་ནི་ལྔ་བའོ། །ཞེས་པ་སྟེ། སྨིན་ལ་ཨ་བསྣན་པ་ནི་འདིའོ། །སྔར་བཤད་པའི་འབྱུང་བ་བཞི་འདི་ཡོད་ན་ནི་འདུས་བྱས་ཀྱི་མཚན་ཉིད་ཅན་གྱི་ནི་ཕུང་པོ་ལྔ་པོ་རྣམས་འབྱུང་བ་སྟེ། ཕུང་པོ་ལྔ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་ཀྱི་ཕུང་པོ་ཉིད་ནི་ཕུང་པོ་ལྔ་པའོ། །གསུམ་པ་གཞི་དུས་ཀྱི་ཡེ་ཤེས་ལྔ་ནི། ས། མཉམ་ཉིད་སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པ་ཉིད་དང་ནི། མེ་ལོང་དང་ནི་ཆོས་ཀྱི་དབྱིངས། །འདི་ནི་རྣམ་ཤེས་ལྔ་བོ་ཡིན། ཞེས་པ་སྟེ། ས་ལ་མ་ཏཱ་བསྣན་པའི་ས་མ་ཏཱ་ནི་མཉམ་པ་ཉིད་དོ། །དེ་ཡང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པ་ཉིད་དང་མེ་ལོང་ལྟ་བུ་དང་ནི་ཆོས་ཀྱི་དབྱིངས་ཀྱིས་རྣམ་ཤེས་འདི་ནི་ལྔ་པོ་ཡིན་ནོ། །བཞི་པ་སྐྱེ་མཆེད་དྲུག་ནི། མ། ཡིད་ཀྱི་སྐྱེ་མཆེད་ཉིད་དང་ནི། མིག་དང་དེ་བཞིན་རྣ་བ་དང་། སྣ་དང་ལྕེ་དང་ལུས་རྣམས་ཏེ། །འདི་ནི་སྐྱེ་མཆེད་རྣམས་འབྱུང་བའོ། །ཞེས་པ་སྟེ། མ་ནི་མཱ་ན་ཞེས་པ་སྟེ་ཡིད་དོ། །མངལ་དུ་མིང་གཟུགས་འགྲུབ་པའི་རྐྱེན་གྱིས་ཡིད་ཀྱི་སྐྱེ་མཆེད་དང་ནི་མིག་དང་དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་སྐྱེ་མཆེད་རྣམས་སྐྱེ་སྟེ། འདི་ནི་མངལ་དུ་སྐྱེ་མཆེད་རྣམས་འབྱུང་བའོ། །ལུས་དང་ཡིད་ཀྱི་སྐྱེ་མཆེད་ནི་སྔར་ནས་གྲུབ་སྟེ། མེར་མེར་པོ་དང་རྣམ་ཤེས་ནི་དང་པོ་ནས་གྲུབ་པའི་ཕྱིར་རོ། །དེས་ན་འདིར་རིམ་གྱིས་རྫོགས་པའི་དབང་དུ་མཛད་པའོ། །དེས་ན་སྔར་མ་ཐོབ་པ་གསར་དུ་ཐོབ་པ་དང་ཐོབ་ཟིན་རྫོགས་པའི་དབང་དུ་བྱས་པ་གཉིས་ཡོད་དོ། །ལྔ་པ་གཞི་དུས་ཀྱི་རྡོར་བཟླས་ནི། ཡེ། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །སྲོག་གི་རྩོལ་བ་ལ་བརྟེན་པའི། །གསང་སྔགས་རྒྱལ་པོ་ཟློས་བཞིན་དུ། །མི་ཤེས་བསམ་གཏན་ཀློག་པ་སྤངས། །ཞེས་པ་སྟེ། ཡེ་ལ་ཝེ་བསྣན་པ་ནི་གང་ཡང་ངོ་། །གང་ཡང་ས་འོག་ས་སྟེང་་ས་བླའི་ཁམས་ གསུམ་པའི་སེམས་ཅན་རྣམས་སྲོག་གི་རྩོལ་བ་རྒྱུད ་འབྱུང་འཇུག་ལ་བརྟན་པའི་སྔགས་ཉིན་མཚན་ཀུན་དུ་རླུང་གི་གདངས་ཀྱི་ༀ་ལ་སོགས་པའི་གསང་སྔགས་ཀྱི་རྒྱལ་བོ་ཟློས་བཞིན་དུ། །དེ་ལྟར་ཡིན་པར་མི་ཤེས་པས་དེའི་་དོན་ལ་སེམས་པའི་བསམ་གཏན་དང་ངེས་དོན་གྱི་སྔགས་ཀློག་པ་སྟེ་ཟློ་བའི་རྡོར་བཟླས་ལ་བརྩོན་པ་སྤངས་སོ། །དེས་ན་རྡོར་བཟླས་ལ་འབད་པར་བྱ་སྟེ་འདིས་ནི་ངག་དབེན་བསྟན་ནོ། །བཞི་བ་དོན་བསྡུས་ཏེ་འཁོར་བ་ཁོར་ཚུལ་ནི། བྷ། འབྱུང་བ་འདི་ལས་རང་བཞིན་ཡང་། །ཆགས་དང་ཆགས་མེད་ལ་སོགས་པ། དེ་ལས་དགེ་དང་མི་དགེའི་ལས། དེ་ལས་སྐྱེ་བ་འབྱུང་བ་ཡིན། །ཞེས་པ་སྟེ། བྷ་ལ་བནྟི་བསྣན་པའི་བྷ་བནྟི་ནི་འབྱུང་ངོ་ཞེས་པའོ། །འབྱུང་བ་སྣང་བ་གསུམ་པོ་འདི་ལས་ཆགས་པ་དང་ཆགས་མེད་ལ་སོགས་པའི་རང་བཞིན་གྱི་རྟོག་པ་རྣམས་སླར་ཡང་འབྱུང་བ་ནི་སྔར་ལྟར་རོ། །རང་བཞིན་གྱི་རྟོག་པ་དེ་ལས་ཉོན་མོངས་པ་རྣམས་དང་དེ་ལས་དགེ་བ་དང་མི་དགེ་བའི་ལས་གསོག་གོ །ལས་དེ་ལས་སླར་ཡང་འཆི་བའི་འོད་གསལ་ལས་བར་དོ་གྲུབ་ནས་མངལ་ལ་སོགས་བར་སྐྱེ་བ་འབྱུང་བ་ཡིན་པས་སྐྱེ་འཆིའི་འཁོར་ལོ་བསྐོར་བར་འབྱུང་རོ། །ལུགས་་འབྱུང་ཚེ་ནི་རླུང་ཇེ་ཞེན་ཇེ་ཞེན་དུ་འགྲོ་བའི་ཚུལ་གྱིས་འཆི་ལ། ལུགས་ལྡོག་གི་ཚེ་རླུང་ཇེ་རགས་ཇེ་རགས་སུ་འགྲོ་བའི་ཚུལ་གྱིས་སྐྱེེ་སྟེ། དེ་དག་གི་རྩ་བ་ནི་འོད་གསལ་ལས་འདའ་བ་མེད་དོ། །དེ་རྣམས་ཀྱི་དོན་བསྡུ་ན། ཡས་ནི་བར་དོ་འཆི་བའི་ཚེ་སྣང་མཆེད་ཐོ་བ་གསུམ་རིམ་གྱིས་འོད་གསལ་དུ་ཐིམ་ཚུལ་དེ་བསྟན། མས་ནི་ལུགས་ཟློག་༼ལྡོག༽ གི་ཚེ་འོད་གསལ་ལས་སྣང་བ་གསུམ་་འབྱུང་ཚུལ་དེ་བསྟན། ཨེ་ཐེམ་གསུམ་གྱིས་ནི་རང་བཞིན་ལས་རྟོག་པ་ཚན་པ་གསུམ་སྐྱེ་བར་བསྟན། ཤུས་ནི་སྣང་བ་གསུམ་རང་བཞིན་བརྒྱད་ཅུའི་རྩ་བ་ཡིན་པར་བསྟན། །ཨེས་ནི་སྣང་བ་གསུམ་པ་ལས་རང་བཞིན་རྣམས་སྐྱེེ་ཚུལ་བསྟན། ཀ་སྨིན་མ་གསུམ་གྱིས་ནི་མངལ་དུ་ཁམས་ཕུང་སྐྱེ་མཆེད་རྣམས་འཁྲུང་ཚུལ་བསྟན། སས་ནི་བཞི་དུས་ཀྱི་ཡེ་ཤེས་ལྔ་བསྟན། ཏཾ་གྱིས་ནི་ཕྱིར་བཙས་པ་ནི་དབང་ཤེས་ཡུལ་ལ་འཇུག་ཚུལ་བསྟན། ཡེས་ནི་བཙས་པའི་ཚེ་སྣ་སྒོ་ནས་རླུང་འབྱུང་འཇུག་བྱེད་ཚུལ་བསྟན། བྷས་ནི་འཁོར་བར་འཁོར་ཚུལ་དེ་བསྟན་ནོ། །གཉིས་པ་ག་ཝ་ན་སོགས་ཡི་གེ་བརྒྱད་ཀྱི་དོན་བཤད་པ་ལ་གཉིས། ལུས་དབེན་བསྒོམ་ཚུལ་དང་། སྟོང་བ་གསུམ་མཉམ་གཞག་ཏུ་བསྒོམས་ནས་རྗེས་ཐོབ་ཏུ་རྒྱས་འདེབས་ཚུལ་ལོ། །དང་པོ་ལ་ལྔ། ཕུང་པོ་ལྔ་རིགས་ལྔར་སྒོམ་པ་དང་། ཁམས་བཞི་ཡུམ་བཞིར་སྒོམ་པ་དང་། མིག་སོགས་ས་སྙིང་་སོགས་སུ་སྒོམ་པ་དང་། ཡན་ལག་ཁྲོ་བོར་སྒོམ་པ་དང་། གསང་ཆེན་རིགས་གཅིག་པའི་ལུས་དབེན་ནོ། །དང་པོ་ནི། འགྲོ་བར་འབྱུང་བའི་ཕུང་པོ་ཡང་། །སངས་རྒྱས་ལྔ་ཡི་བདག་ཉིད་དེ། །མངོན་པར་བྱང་ཆུབ་རྣམ་ལྔ་ཞེས། །མིང་གིས་རབ་ཏུ་བསྐུལ་བ་ཡིན། །ཞེས་པ་སྟེ། ག་ལ་ཏི་བསྣན་པའི་ག་ཏི་ནི་འགྲོ་བའོ། །རིགས་དྲུག་གི་འགྲོ་བར་རང་རང་གི་སྐྱེ་གནས་སུ་འབྱུང་བའི་ཕུང་པོ་ལྔ་ཡང་གཟུགས་ཕུང་རྣམ་སྣང་སོགས་སངས་རྒྱས་ལྔ་ཡི་བདག་ཉིད་དེ། དེ་ལྔ་རེ་རེ་ལ་ཡང་སླར་རིགས་ལྔའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཞེས་པའི་མིང་གིས་རབ་ཏུ་བསྐུལ་བ་སྟེ་གསུངས་པ་ཡིན་ནོ། །གཉིས་པ་ཁམས་བཞི་ཡུམ་བཞིར་སྒོམ་པ་ནི། ཝཱ་ན། རླུང་དང་མེ་དང་ཆུ་དང་ས། སྤྱན་ལ་སོགས་པ་བཞི་བོ་སྟེ། ཡེ་ཤེས་བདག་ཉིད་ཅན་གསུམ་དུ། །ཤེས་བྱ་་སངས་རྒྱས་བྱང་ཆུབ་སྟེར། །ཞེས་པ་སྟེ། ཝཱན་གྱི་ཝ་ལ་མུ་བསྣན་པའི་ཝ་ཡུ་ནི་རླུང་ངོ་། །རླུང་དང་མེ་དང་ཆུ་དང་སའི་ཁམས་བཞི་ནི་སྤྱན་དང་ལ་སོགས་པས་མཱ་མ་ཀི་དང་གོས་དཀར་དང་སྒྲོལ་མ་བཞིའི་ངོ་བོར་བསྒོམས་པ་སྟེ། བསྒོམ་ཚུལ་ནི་མཉམ་གཞགས་ཏུ་ཕྲ་མོ་བསྒོམས་ནས་སྣང་མཆེད་ཐོབ་གསུམ་གྱི་་ཡེ་ཤེས་གསུམ་གྱི་བདེ་སྟོང་སྦྱར་བའི་མཐར་རྗེས་ཐོབ་ཏུ་མཉམ་གཞག་གི་ཉམས་མྱོང་དྲན་ནས་ཡུལ་དུ་སྣང་བ་ཀུན་ཡེ་ཤེས་གསུམ་གྱི་དག་ཉིད་ཅན་དུ་ཤེས་པར་བྱས་ནས་ལྷ་མོ་བཞིི་ངོ་བོར་བསྒོམས་པས་སངས་རྒྱས་ཀྱི་བྱང་ཆུབ་ཚེ་འདི་ལ་སྟེར་བར་འགྱུར་རོ། །གསུམ་པ་མིག་སོགས་ས་སྙིང་སོགས་སུ་སྒོམ་པ་ནི། ས། ཐམས་ཅད་དེ་བཞིན་གཤེགས་པའི་ལུས། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང་། །མིག་ལ་སོགས་པའི་བདག་ཉིད་དེར། །ས་སྙིང་ལ་སོགས་རྒྱས་པའི་སྲས། །ཞེས་པ་སྟེ། ས་ལ་རྦ བསྣན་པའི་སརྦ་ནི་ཐམས་ཅད་དམ་ཀུན་ནོ། །རང་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་ཏེ་སྐུར་བསྒོམ་མོ། །ཇི་ལྟར་ན་རང་ལྷར་བསྒོམས་པའི་སྐུ་ཕྱག་ཆེན་གསུང་ཆོས་རྒྱ་ཐུགས་དམ་རྒྱ་འཕྲིན་ལས་ལས་རྒྱ་སྟེ་ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང་བསྒོམ་མོ། །དེ་ཡང་རང་ལྷར་བསྒོམ་པ་དེར་རྒྱས་པའི་སྲས་པོས་སྙིང་ལ་སོགས་པས་ཕྱག་རྡོར་དང་ནམ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིལ་སེལ་འཇམ་དབྱངས་རྣམས་རིམ་པ་བཞིན་དུ། མིག་དང་ལ་སོགས་པས་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་དབང་པོའི་བདག་ཉིད་དུ་བསྒོམ་པར་བྱའོ། །བཞི་པ་ནི། རོལ་བས་དགའ་བ་གང་ཡིན་པའི། ཁྲོ་བོ་རྒྱལ་བོ་སྟོབས་ཆེན་རྣམས། །དེ་ནི་ཕྱོགས་མཚམས་ངོ་བོ་རུ། །དཔུང་པ་ཡན་ལག་རྣམས་སུ་བརྟག །ཞེས་པ་སྟེ། ཨརྦནྟ་ནི་འདུལ་བའོ། །རོལ་བའམ་་འདུལ་བ་ནི་གདུག་པ་འདུལ་བས་དགའ་བ་གང་ཡིན་པའི་ཁྲོ་བོ་རྒྱལ་བོ་སྟོབས་ཆེན་པོ་ཕྱོགས་དང་མཚམས་སྲུང་བའི་ངོ་བོ་རུ་གནས་པ་དེ་རྣམས་ནི་དཔུང་བ་ལ་་སོགས་པའི་ཡན་ལག་བཅུ་པོ་རྣམས་ཀྱི་ངོ་བོར་བརྟག་པ་སྟེ་བསྒོམ་མོ། །འདིར་དཔུང་བ་ཞེས་པས་གཤིན་རྗེ་གཤེད་དཔུང་པར་དགོང་བར་བསྟན་ཅེས་ཁ་ཅིག་གསུང་ཡང་བརྟག་པར་བྱ་བའི་གནས་ཏེ། འདིར་དཔུང་པ་ཞེས་དང་པོར་་འབྱུང་ཡང་གཤི ན་རྗེ་གཤེད་དང་སྦྱོར་དགོས་པའི་ངེས་པ་མེད་པ་འདྲ་སྟེ། གོང་དུ་ཡུམ་བཞིའི་ལུས་དབེན་གྱི་སྐབས་སུ་རླུང་དང་མེ་དང་ཆུ་དང་ས། །སྤྱན་ལ་སོགས་པ་བཞི་བོ་སྟེ། །ཞེས་འབྱུང་ཡང་རླུང་དང་སྤྱན་མ་སྦྱོར་དགོས་པ་མ་ཡིན་པའི་ཕྱིར་རོ། །འདིར་བྱམས་པ་དང་ཀུན་བཟང་གཉིས་ཀྱི་ལུས་དབེན་དངོས་སུ་མ་བསྟན་ཀྱང་རྡོ་རྗེ་འཕྲེང་བར་གསུངས་པས་དེ་གཉིས་ལུས་དབེན་མེད་པ་མིན་ནོ། །རྒྱུད་ཕྱི་མ་དང་ཟླ་གསང་ཐིག་ལེ་ལས་དམ་པའི་རིགས་ནི་རྣམ་པ་བརྒྱ་ཞེས་གསུངས་ན ས་ཁྲོ་བོ་བཅུ་དང་བྱམས་པ་དང་ཀུན་བཟང་གི་ལུས་དབེན་མ་གསུངས་པ་ལྟ་བུ་ཡང་ཡོད་དེ་རྒྱས་བསྡུས་སོ། །ལྔ་པ་གསང་ཆེན་རིགས་གཅིག་པའི་ལུས་དབེན་ནི། ཏ །དེ་དང་དེ་ཡི་རིགས་བྱུང་བའོ། །ལྷ་དང་ལྷ་མོ་ཐ་དད་པ། །དེ་ནི་ཡོད་མིན་དེ་མེད་ཀྱང་། །འགྲོ་བའི་དོན་ཕྱིར་རབ་ཏུ་་སྟོན། །ཞེས་པ་སྟེ། ཏ་ནི་ཏཏྟ ཞེས་པ་སྟེ་དེ་དང་དེའོ། །རིགས་ལྔ་བོ་དེ་་དང་དེ་ཡི་རིགས་ལས་བྱུང་བའི་སྔར་བཤད་པའི་ལུས་དབེན་གྱི་ལྷ་ཕོོ་དང་ལྷ་མོ་རྣམས་ལ་ངོ་བོ་ཐ་དད་པ་དེ་ནི་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཀྱང་སྐབས་འདིར་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་ཏུ་འདུ་བའི་ཕྱིར་རོ། །དེ་ཡང་ངོ་བོ་ཐ་དད་པ་དེ་མེད་ཀྱང་གཞི་སོ་སོ་ལ་མོས་པའི་འགྲོ་བའི་དོན་གྱི་ཕྱིར་དུ་ཐ་་དད་པ་དེ་རྣམས་རབ་ཏུ་སྟོན་པར་མཛད་དོ། །གཉིས་པ་སྟོང་པ་གསུམ་མཉམ་གཞག་ཏུ་བསྒོམས་ནས་རྗེས་ཐོབ་ཏུ་རྒྱས་འདེབས་ཚུལ་ནི། ཐཱ། དེ་བས་གཉིས་མེད་མཐོང་བ་ཡི། །རྣལ་འབྱོར་པས་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང་། དམ་པའི་ཡུལ་ལ་གཞག་པར་བྱ། །ཞེས་པ་་སྟེ། ཐཱ་ལ་སྠ་ཏ་བྱཾ་ཞེས་བྱས་པ་ནི་བཞག་པར་བྱ་ཞེས་པ་སྟེ། ཁ་ཅིག་འདིར་ཐཱ་ལ་ཡི་གེ་དེ་དག་བསྣན་པར་འདོད་བ་ནི་དོན་མིན་ནོ། །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཐོང་བ་སྟེ་མངོན་དུ་བྱས་པའི་རྣལ་འབྱོར་བས་ནི་མཉམ་གཞག་ཏུ་སྣང་མེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ་མཐོང་བ་དེ་ལས་ལངས་པའི་དུས་སུ་ནི། གཟུགས་དམན་པ་དང་བར་མ་དང་དམ་པ་སྟེ་མཆོག་གི་ཡུལ་གསུམ་པོ་གང་ཤར་བ་ལ་མཉམ་གཞག་གི་བདེ་སྟོང་དབྱེར་མེད་ཀྱི་རྣལ་རོལ་ཏུ་བཞག་བ་སྟེ་ལྟ་ཞིང་རྒྱས་གདབ་པར་བྱའོ། །དེ་ཉིད་གསལ་བར་སྟོན་པ་ནི། ག །དབང་བོ་རང་ཉིད་རང་ཡུལ་ལ། །འགྲོ་བར་གྱུར་བ་དེ་དང་དེ། །དབང་བོ་གང་དང་གང་སྦྱོང་ཡུལ། །དེ་དེ་སྣང་བ་ཙམ་ཉིད་དོ། །ཞེས་པ་སྟེ། གཙྪ་ཏི་ནི་འགྲོ་བར་འགྱུར་བའོ། །མིག་སོགས་དབང་བོ་རང་ཉིིད་རང་གི་ཡུལ་གཟུགས་སོགས་ལ་འགྲོ་བ་སྟེ་འཇུག་པར་གྱུར་པའི་ཡུལ་དེ་དང་དེ་དབང་པོ་གང་་དང་གང་གི་སྤྱོད་ཡུལ་དུ་ལོངས་སྤྱོད་པ་དེ་དང་དེ་ནི་སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་བདེ་སྟོང་དབྱེར་མེད་པ་ཙམ་ཉིད་དོ་ཞེས་ཡང་དང་ཡང་དུ་བལྟ་བར་བྱ་སྟེ། བདེ་ཆེན་འབར་བའི་གྲོགས་སུ་འགྱུར་བའི་ཕྱིར་རོ། །ཏ། དབང་བོ་དེ་དེའི་ལམ་ནས་ནི། །སྒྲུབ་པ་པོས་ནི་ཡུལ་ཐོབ་པ། །དེ་བཞིན་དེ་རྣམས་མ་ལུས་པར། །ཚིམ་པར་བྱ་ཕྱིར་དབུལ་བར་བྱ། །ཞེས་པ་སྟེ། ཏ་ལ་ཏྟ་ཏྟ་བསྣན་པ་ནི་དེ་དང་དེའོ། །མིག་སོགས་དབང་བོ་དེ་དང་དེའི་ལམ་ནས་ནི་སྒྲུབ་པ་པོས་ཡུལ་གང་དང་གང་ལོངས་སྤྱོད་པ་ཐོབ་པ་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པར་བསྒོམས་ཏེ། རང་རྣམ་སྣང་སོགས་དེ་བཞིན་གཤེགས་པ་རྣམས་སུ་བསྒོམས་པ་ལ། །ཡུལ་དེ་རྣམས་དེ་དག་གི་དབང་བོ་རྣམས་ཚིམ་པར་བྱ་བའི་ཕྱིར་དུ་དབུལ་བར་བྱའོ། །གསུམ་པ་ཀ་སོགས་ཡི་གེ་བཅུ་གཅིག་གི་དོན་བཤད་པ་ལ་ལྔ། །སྒྱུ་མའི་ལུས་དངོས་དང་ཡེ་ཤེས་གསུམ་གྱི་ཐུན་མོང་མ་ཡིན་པའི་རྣམ་གྲངས། སྤྱོད་པ་བྱེད་ཚུལ། ཐབས་གང་གིས་ཡེ་ཤེས་གསུམ་སྐྱེད་པ། སྒྱུ་མའི་ཏིང་ངེ་འཛིན་གྱི་ཁྱབ་པར་བྱེད་ཚུལ་ལོ། །དང་པོ་ནི། ཀཱ། སྐུ་གསུམ་དག་ནི་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བསྟན། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཡཱ། གང་ཞིག་སངས་རྒྱས་སྐུའི་མཚན་ཉིད། །ཀུན་རྫོབ་བདེན་པ་གསུམ་པ་ནི། །དེ་ཉིད་རྫོགས་པའི་སྦྱོར་འགྱུར་བས། །འོད་གསལ་བར་ནི་རྣམ་པར་དག །བཱ་ཀ། ཚིག་གི་ལམ་གྱི་ཡུལ་འདི་ཉིད། །གཙོ་བོ་ཡེ་ཤེས་སྐུའི་རང་བཞིན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇའ་ཚོན་བཞིན་དུ་སྣང་བ་ཡིན། །ཞེས་པ་སྟེ། ཀཱ་ཡ་ནི་སྐུའོ། །ལྷག་མོས་འོད་གསལ་དུ་བསྡུས་པའི་ཆོས་སྐུ་་དང་། །དང་པོའི་མགོན་བོར་བསྐྱེད་པའི་ལོངས་སྐུ་དང་། དེ་སྦྲུལ་སྐུར་བསྒྱུར་བའི་སྐུ་གསུམ་དག་ནི་ངོ་བོ་ཐ་དད་པར་སྐྱོབ་པ་ཡིས་ནི་བསྐྱེད་རིམ་དུ་ཡང་དག་པར་བསྟན་པས། རིམ་པ་དང་པོར་མོས་པ་ཡིད་བྱེད་ཙམ་ལས་ལམ་གྱི་སྐུ་གསུམ་ཁྱད་པར་ཅན་སྦྱོར་བ་མེད་དོ། །གང་གི་སྐབས་སུ་ཡོད་ན། རྫོགས་པའི་རིམ་པའི་སྦྱོར་བ་ཡིས་ཏེ་རྣལ་འབྱོར་གྱིས་བློས་མོས པ་ཙམ་མིན་པའི་སྐུ་གསུམ་ངོ་བོ་གཅིག་ཏུ་ཡང་ནི་སྦྱོར་བར་འགྱུར་བ་ཡོད་པ་ཡིན་ནོ། །ཐབས་གང་གིས་ན། ཡཱ་ད་ནི་གང་ཞིག་གོ །གང་ཞིག་སངས་རྒྱས་རྡོ་རྗེ་འཆང་གི་མཚན་དཔེས་བརྒྱན་པའི་སྐུའི་མཚན་ཉིད་དམ་ངོ་བོ་ཀུན་རྫོབ་བདེན་པ་སྒྱུ་མའི་ལུས་སུ་གསུངས་པ་དེ་ཉིད་ནི། འོད་གསལ་བར་ནི་རྣམ་པར་དག་པར་བྱས་པ་ལས་རྫོགས་པའི་རིམ་པའི་སྐུ་གསུམ་ངོ་བོ་གཅིག་ཏུ་སྦྱོར་བ་དག་པའི་ཟུང་འཇུག་གི་སྐུ་འགྲུབ་བར་འགྱུར་བའོ། །བཱ་ཀ་ས་ཐ་ནི་ཚིག་གི་ལམ་མོ། །བླ་མའི་ཚིག་གི་ལམ་ནས་སློབ་མ་ལ་སྒྱུ་མ་ལ་སོགས་པ་དང་དཔེ་དོན་དུ་སྦྱར་ནས་བསྟན་པར་བྱ་བའི་ཡུལ་སྒྱུ་ལུས་འདི་ཉིད་གཙོ་བོ་སྟེ་ཁྱབ་བདག་གི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཡིན་པས་ཡེ་ཤེས་ཀྱི་སྐུ་ཡིན་ལ། དེ་ཡང་སེམས་ཅན་ཀུན་ལ་ཕན་པའི་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་སྒྲུབ་པའི་ཕྱིར་དུ་འཇའ་ཚོན་བཞིན་དུ་སྣང་བའི་སྐུར་སྐྱེད་པ་ཡིན་ནོ། །གཉིས་པ་ཡེ་ཤེས་གསུམ་གྱི་ཐུན་མོང་མ་ཡིན་པའི་མིང་གི་རྣམ་གྲངས་ནི། ཙི་ཏ། སེམས་དང་སེམས་བྱུང་མ་རིག་པ། །ཐབས་དང་ཤེས་རབ་ཉེར་ཐོས་དང་། སྟོང་བ་ཤིན་ཏུ་སྟོང་བ་དང་། །སྟོང་ཆེན་ཞེས་ཀྱང་རབ་ཏུ་བརྗོད། །ཅེས་པ་སྟེ། །ཙིཏ་ཏ་ནི་སེམས་སོ། །སྣང་བ་གསུམ་གྱི་མིང་གི་རྣམ་གྲངས་ལ། སྣང་བ་ལ་སེམས་དང་མཆེད་པ་ལ་སེམས་བྱུང་དང་ཉེར་ཐོབ་ལ་མ་རིག་པ་དང་། ཡང་དེ་གསུམ་ལ་རིམ་པ་བཞིན་་དུ་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་དང་། སྟོང་བ་དང་ཤིན་ཏུ་སྟོང་བ་་དང་སྟོང་བ་ཆེན་པོ་ཞེས་ཀྱང་རབ་ཏུ་བརྗོད་དོ། །གསུམ་པ་སྤྱོད་པ་བྱེད་ཚུལ་ལ་གསུམ། །སྤྱོད་པ་བྱེད་པའི་དུས་དང་བྱེད་ཚུལ། །སྤྱོད་པའི་ཕན་ཡོན། །དེས་ཏིང་ངེ་འཛིན་འཕེལ་ཚུལ་ལོ། །དང་པོ་ནི། ཏ །རང་བཞིན་སྣང་བའི་་དབྱེ་ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེའི་སྐུ་ཉིད་ཐོབ་པར་འགྱུར། །ཧྲི། ཐུགས་ལ་འཇིག་རྟེན་པ་རྣམས་ཀྱི། །དོན་སྤྱོར་བཞག་ནས་དེ་བཞིན་གཤེགས། །ཀུན་རྫོབ་ཏུ་ནི་སྐུར་སྤྲུལ་ནས། །ཇི་ལྟ་ཇི་ལྟར་འདོད་པ་སྤྱོད། །ཅེས་པ་སྟེ། ཏ་ཏ་ནི་དེ་ནས་སོ། །རང་བཞིན་གྱི་རྟོག་པ་དང་སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་དབྱེ་བ་སྟེ་ཁྱད་པར་ཉམས་མྱོང་གིས་ཤེས་པར་བྱས་ནས་ནི། དེ་ནས་དེའི་འོག་ཏུ་རྫོགས་རིམ་པའི་སྤྱོད་པ་རབ་ཏུ་བྱའོ། །དེ་ལྟར་སྤྱོད་པ་བྱས་པས་སྔོན་གྱི་ལས་ཀྱིས་་འཕངས་བའི་རང་གི་རྣམ་སྨིན་གྱི་ལུས་ནི་ཡོངས་སུ་སྤངས་སྟེ་དེ་ལས་ལོག་སུ་བྱེ་ནས་རྡོ་རྗེའི་སྐུ་སྒྱུ་མའི་ལུས་ཉིད་ནི་ཐོབ་བར་འགྱུར་རོ། །རིམ་པ་གསུམ་པའི་སྒྱུ་ལུས་འདི་ཡེ་ཤེས་ཀྱི་སྐུ་མཚན་ཉིད་པ་དང་རྡོ་རྗེའི་སྐུ་ག༼བ༽ཏགས་པ་བར་བཤད་ལ། །དག་པའི་སྒྱུ་ལུས་ནི་རྡོ་རྗེ་སྐུ་མཚན་ཉིད་པའོ། །ཧྲི་ད་ནི་ཐུགས་་སོ། །སྒྲུབ་པོའི་ཐུགས་ཏེ་སེམས་ལ་འཇིག་རྟེན་པ་སེམས་ཅན་ཡིན་ནོ་ཅོག་རྣམས་ཀྱི་དོན་དུ་སྤྱོད་པ་བྱའོ་ཞེས་བཞག་ནས། དེ་བཞིན་གཤེགས་པ་རྣམ་སྣང་ལ་སོགས་པའི་ཀུན་རྫོབ་པ་སྟེ་བཅོས་མའི་འབག་གོས་ལ་སོགས་པའི་སྐུར་སྦྲུལ་པ་སྟེ་ཆ་ལུགས་སུ་འགྱུར་ནས་རང་འདོད་ཡོན་གང་ལ་ཇི་ལྟ་ཇི་ལྟར་སྤྱོད་འདོད་པ་དེ་ལྟ་དེ་ལྟར་འདོད་ཡོན་ལ་སྤྱོད་པར་བྱེད་དོ་ཞེས་པའི་ས་འདིས་སྤྱོད་པའི་དུས་ཀྱི་ཆས་འཇུག་སྟོན་ནོ། །གཉིས་པ་སྤྱོད་པའི་ཕན་ཡོན་ནི། ད། ཡིད་བཞིན་ནོར་བུ་མཆོག་བཞིན་དུ་འདོད་པ་ཐམས་ཅད་སྟེར་བར་འགྱུར། །སངས་རྒྱས་རྣམས་ཀྱི་ཕུན་ཚོགས་ཀྱང་། །སྟོབས་ཀྱིས་བླངས་ནས་སྤྱོད་པར་་འགྱུར། །ཞེས་པ་སྟེ། ད་ཏི་ནི་སྟེར་བར་བྱེད་པའོ། །སྤྱོད་པ་བྱས་པ་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་མཆོག་ལ་འཕྲལ་གྱི་འདོད་དོན་ཐམས་ཅད་འབྱུང་བ་དེ་བཞིན་དུ་འདོད་པའི་དོན་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་ལ། དེར་མ་ཟད་མཆོག་གི་དངོས་གྲུབ་སངས་རྒྱས་རྣམས་ཀྱི་ཕུང་ཚོགས་ཐམས་ཅད་ཀྱང་སྤྱོད་པའི་སྟོབས་ཀྱིས་བླངས་ནས་དེ་ལ་ལོངས་སྤྱོད་པར་འགྱུར་རོ། །གསུམ་པ་དེས་ཏིང་ངེ་འཛིན་འཕེལ་ཚུལ་ནི། ཡ། རྣལ་འབྱོར་དབང་བོ་གང་གང་འདོད། །དེ་དེ་ཐོགས་པ་མེད་པར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་གྱི། །རྟག་ཏུ་མཉམ་པར་འཇོག་པར་འགྱུར། །ཞེས་པ་སྟེ། ཡང་ཡང་ནི་གང་གང་ངོ་། །རྫོགས་རིམ་པའི་སྤྱོད་པ་བྱེད་པའི་རྣལ་འབྱོར་དབང་བོས་ནི་རང་འདོད་ཡོན་གང་དང་གང་ལ་སྤྱོད་པར་འདོད་པ་དེ་་དང་དེ་ནི་ཐོགས་པ་སྟེ་དགག་པ་མེད་པར་ལོངས་སྤྱོད་པར་བྱའོ། །མཉམ་པར་མ་བཞག་པ་རྗེས་ཐོབ་ཀྱི་ཚེ་འདོད་ཡོན་ལ་རོལ་བ་དེ་ལྟ་བུའི་རྣལ་འབྱོར་གྱིས་ནི་བུས་རྟག་ཏུ་བདེ་སྟོང་དབྱེར་མེད་ཀྱི་དོན་ལ་མཉམ་པར་འཇོག་པར་འགྱུར་རོ། །བཞི་པ་ཐབས་གང་ལ་རྟེན་ནས་ཡེ་ཤེས་སྐྱེད་ཚུལ་ནི། བ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཡེ་ཤེས་གསུམ་གྱི་ཆ་རིག་པ། །གོས་དང་མ་གོས་བློ་ཅན་གྱིས། །དེར་ནི་བདེ་བས་རྟག་ཏུ་གནས། །ཞེས་པ་སྟེ། བ་ལ་ཛྲ་བསྣན་པའི་བཛྲ་ནི་རྡོ་རྗེའོ། །སྒྲུབ་པོའི་རྡོ་རྗེ་དང་ཕྱག་རྒྱའི་པདྨ་མཉམ་པར་སྦྱོར་བ་ལ་བརྟེན་ནས་རླུང་ཐིམ་པའི་རིམ་པས་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་ གསུམ་གྱི་ཆ་སྟེ་དབྱེ་བ་རྣམས་རིག་པར་བྱས་པ་དེར་ཉོན་མོངས་པའི་ཉེས་དམིགས་ཀྱིས་རྒྱུད ་གོས་པ་དང་དེས་རྒྱུད་མ་གོས་པའི་རྣམ་དབྱེ་ཤེས་པའི་བློ་གྲོས་ཅན་གྱིས་བདེ་སྟོང་སྦྱོར་བས་རྟག་ཏུ་སྟེ་དུས་རིང་པོར་མཉམ་པར་བཞག་པ་ལ་གནས་པར་བྱའོ། །ལྔ་བ་སྒྱུ་མའི་ཏིང་ངེ་འཛིན་གྱི་ཁྱབ་པར་བྱེད་ཚུལ་ནི། ཛྲ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །དངོས་བདག་ཀུན་ལ་རྣམ་པར་རོལ། །སངས་རྒྱས་མཛད་པ་བྱེད་བཞིན་དུ། །གཏན་ལ་ཕབ་པའི་གཞི་ལ་གནས། ཡོ། རྣལ་འབྱོར་ལྷག་པ་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོར་རང་ཉིད་་འགྱུར། །རྡོ་རྗེ་ཅན་དང་མཁའ་འགྲོ་དང་། །གང་ཡང་རྣལ་འབྱོར་དེ་རང་ཉིད། །ཅེས་པ་སྟེ། ཛྲ་ལ་ཛིམྦྷ་ཞེས་བྱས་ན་རོལ་བའོ། །རང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གནས་པ་ཉིད་ཀྱིས་ཕྱི་ནང་གི་དངོས་པོའི་བདག་ཉིད་ཀུན་ལ་རྣམ་པར་རོལ་པ་སྟེ་རང་སྒྱུ་ལུས་སུ་སྣང་བ་དེ་དང་འདྲ་བར་བལྟ་བར་བྱའོ། །སངས་རྒྱས་ཀྱི་མཛད་པ་ནི་ཐབས་སྣ་ཚོགས་ཀྱི་སེམས་ཅན་གྱི་དོན་མཛད་པ་ཡིན་ལ། སྒྱུ་ལུས་པ་འདིས་ཀྱང་དེ་ལྟར་བྱེད་བཞིན་དུ་མཐར་ཐུག་གི་དོན་གཏན་ལ་བབ་པའི་གཞི་འོད་གསལ་གྱི་རྒྱུ་ལ་གནས་མཛད་དོ། །ཡོ་ག་ནི་རྣལ་འབྱོར་རོ། །རྣལ་འབྱོར་དང་དེས་མཚོན་པའི་རྗེས་སུ་རྣལ་འབྱོར་དང་ལྷག་པ་སྟེ་ཤིན་ཏུ་རྣལ་་འབྱོར་དང་། རྣལ་འབྱོར་ཆེན་པོར་ཏེ་དེ་བཞིའི་དང་པོ་སྦྱོར་བའི་གཙོ་བོར་ཡང་སྒྱུ་ལུས་པ་རང་ཉིད་འགྱུར་ལ། རྡོ་རྗེ་ཅན་ཏེ་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་དང་། འཁོར་ཀྱི་མཁའ་འགྲོ་སྟེ་ལྷ་ཕོ་མོ་གང་ཡིན་པ་དེར་ཡང་རྣལ་འབྱོར་སྒྱུ་ལུས་པ་དེ་རང་ཉིད་གྱུར་པས། ལས་རྒྱལ་མཆོག་ཀྱང་མཚོན་ཏེ་ཁྱབ་ཚུལ་ལོ། །བཞི་པ་ཥི་བྷ་སོགས་ཡི་གེ་བརྒྱད་ཀྱི་དོན་བཤད་པ་ལ་དྲུག །སྤྱོད་པ་ལ་རྩོད་པ་སྤོང་བ། ཡེ་ཤེས་ཀྱི་སྐུས་གནས་གང་དུ་སྤྱོད་ཚུལ། ཡེ་ཤེས་གསུམ་གྱི་ཐུན་མོང་བའི་མིང་གི་རྣམ་གྲངས། སྒྱུ་མའི་སྐུ་གང་ལས་བསྒྲུབ་པའི་གྲུབ་བྱར། སྤྱོད་པའི་དུས་ཀྱི་ཀུན་སྤྱོད་རྣམས་རྡོ་རྗེ་སེམས་དཔའི་སྤྱོད་པར་བསྟན་པ། རིམ་པ་གསུམ་པ་དང་ལྔ་པའི་སྒྱུ་མའི་སྐུའི་ཁྱད་པར་བསྟན་པའོ། །དང་པོ་ནི། ཥིད། བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམ་སྤངས་ཏེ། པདྨ་ལ་ནི་འདམ་གྱིས་བཞིན། ངོ་བོ་ཉིད་ཤེས་གོས་མ་འགྱུར། ཞེས་པ་སྟེ། ཥིད་ལ་ནི་ཥ་དྷཱི་ཞེས་བྱས་ན་བཀག་པའོ། །ཐེག་པ་གཞན་དུ་འདོད་ཡོན་ལ་ཆགས་པ་བཀག་པ་དག་ཀྱང་ཐེག་པ་འདིར་ཐབས་མཁས་ཀྱིས་ལམ་དུ་བྱེད་པས་ན། འདི་འདྲ་བ་འདི་བྱར་རུང་བ་དང་བྱར་རུང་བ་མིན་པ་གང་ཡིན་ནམ་སྙམ་པའི་རྣམ་རྟོག་སྤངས་ཏེ་བྱས་ཀྱང་ཆག༼ས༽་སོགས་ཀྱི་ཉེས་་དམིགས་ངན་འགྲོར་འཁྲིད་པ་སོགས་ཀྱིས་རྒྱུད་ལ་གོས་པར་མི་འགྱུར་ཏེ། མི་གོས་པའི་རྒྱུ་མཚན་ནི་ཆོས་རྣམ་ཀྱི་ངོ་བོ་ཉིད་དེ། དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་བདེ་སྟོང་སྦྱོར་བ་དང་ལྷའི་རྣལ་འབྱོར་བརྟན་པ་སོགས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། མི་གོས་པའི་དཔེ་ནི་འདམ་གྱི་དབུས་སུ་སྐྱེས་པའི་པདྨ་ལ་ནི་འདམ་གྱིས་མ་གོས་པ་བཞིན་ནོ། །གཉིས་པ་ཡེ་ཤེས་ཀྱི་སྐུས་གནས་གང་དུ་སྤྱོད་ཚུལ་ནི། བྷ། ཡོན་ཏན་བརྒྱད་དང་ཉེར་ལྡན་པས། །སེམས་ཅན་ཐམས་ཅད་རིག་འགྱུར་ཞིང་། འཇིག་རྟེན་ཁམས་ནི་མ་ལུས་པར། །བདག་ཉིད་ཡེ་ཤེས་ལུས་ཀྱིས་སྤྱོད། །གེ །གཙོ་བོ་གང་དུ་སྤྱོད་པ་ཡི། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །དེ་ཉིད་དུ་ནི་རྟག་པར་དགྱེ། ཞེས་པ་སྟེ། བྷ་བ་ཏི་ནི་འགྱུར་རོ་ཞེས་པའོ། །དབང་ཕྱུག་གི་ཡོན་ཏན་གཟུགས་ཕྲ་བ་ལ་སོགས་པ་བརྒྱད་དང་ཉེ་བར་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རིག་མར་འགྱུར་ཞིང་། འཇིག་རྟེན་ཁམས་ཀྱི་ཞིང་ནི་མ་ལུས་པར་རྣལ་འབྱོར་བ་བདག་ཉིད་ཡེ་ཤེས་ཀྱི་ལུས་ཀྱིས་སྤྱོད་པར་བྱེད་དོ། །གེ་ཧ་ནི་ཁྱི མ་མོ། །གཙོ་བོ་གནས་གང་དུ་སྤྱོད་པ་ཡི་དེ་ཡི་ཁྱིམ་ནི་ནམ་མཁའ་ལྟ་བུའི་རང་བཞིན་གྱིས་སྟོང་བ་ཉིད་དེ། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་་འཛིན་གྱིས་ནམ་མཁའ་དེ་ཉིད་དུ་རྟག་ཏུ་དགྱེས་པར་མཛད་དོ། །གསུམ་པ་སྣང་བ་གསུམ་གྱི་ཐུན་མོང་བའི་མིང་གི་རྣམ་གྲངས་ནི། ཥུ། འདི་ལ་སྣང་བ་་དབྱེ་བ་ལ། ཐུན་མཚམས་ཉིན་མོ་མཚན་མོ་ཡི། །འཇིག་རྟེན་ཐ་སྙད་བྱས་པ་ཡིས། །ཡེ་ཤེས་གསུམ་ནི་མཐོང་ཕྱིར་རོ། ལི། སྣ་ཚོགས་པ་ཡི་ཐ་སྙད་དག །འཇིག་རྟེན་པས་ནི་ཡོངས་བརྟགས་པ། །ལམ་གསུམ་གྱི་ནི་དབྱེ་བ་ཡིས། །རྣམ་ཤེས་རྣམ་པ་གསུམ་འབྱུང་ངོ་། །ཞེས་པ་སྟེ། ཨེ་ཥུ་ནི་འདི་ལའོ། །སྣང་བ་གསུམ་གྱི་དབྱེ་བ་འདི་ལ་ཐུན་མཚམས་དང་ཉིན་མོ་དང་། མཚན་མོ་ཡི་འ ཇིག་རྟེན་གྱི་ཐ་སྙད་བྱས་པ་སྟེ། སྣང་བ་སོགས་ཀྱི་ཡེ་ཤེས་གསུམ་པ་ཐ་སྙད་དེ་ལྟར་འདོད་པའི་རྒྱུ་མཚན་ནི་ཁྱད་པར་ཅན་མཐོང་བའི་ཕྱིར་རོ། །བི་ཙི་ཏྲ་ནི་སྣ་ཚོགས་སོ། །འཇིག་རྟེན་པས་ནི་ཡོངས་སུ་བརྟགས་པའི་སྐྱེས་པ་བུད་མེད་མ་ནིང་གསུམ་དང་། གཡས་གཡོན་དབུས་མ་གསུམ་དང་། འཇམ་རྩུབ་བར་མ་གསུམ་ལ་སོགས་པ་སྣ་ཚོགས་པ་ཡི་ཐ་སྙད་དང་འོད་གསལ་་དུ་བགྲོད་པའི་ལམ་གསུམ་གྱི་འམ། དེ་ལས་སྐྱེ་བའི་རིམ་པའི་དུས་གསུམ་གྱི་ནི་དབྱེ་བ་ཡིས་རྣམ་ཤེས་རྣམ་པ་གསུམ་འབྱུང་བའི་མིང་གི་རྣམ་གྲངས་སོ། །བཞི་པ་སྒྱུ་མའི་སྐུ་གང་ལས་འགྲུབ་པའི་སྒྲུབ་གཞི་ནི། ཛ། སྐྱེ་དང་གནས་་དང་འཇིག་པ་དང་། སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བརྟག་པ། །སེམས་དང་ལུང་གི་རྣམ་འཕྲུལ་ལོ། །ཞེས་པ་སྟེ། ཛ་ན་མ་ནི་སྐྱེ་བའོ། །སེམས་ཅན་གྱི་སྐྱེ་བ་དང་སྐྱེས་ནས་མ་ཤིའི་བར་དུ་གནས་པ་་དང་འཇིག་པ་སྟེ་འཆི་བ་དང་། སྐྱེ་འཆིའི་བར་ན་གནས་པའི་སྲིད་པ་བར་མར་གནས་པ་སྟེ་སྐྱེ་བ་ལ་སོགས་པ་ཇི་སྙེད་པ་འཇིག་རྟེན་གྱིས་བརྟགས་པ་རྣམས་ཀྱི་མཐར་གཏུགས་པའི་རྩ་བ་ནི་ཤིན་ཏུ་ཕྲ་བའི་རླུང་དང་དེའི་བཞོན་པ་ཅན་གྱི་སེམས་སུ་ཟད་པས་དེ་རྣམས་ནི་སེམས་དང་དེའི་བཞོན་པའི་རླུང་གི་རྣམ་འཕྲུལ་ལོ། །ལྔ་པ་སྤྱོད་པའི་དུས་ཀྱི་ཀུན་སྤྱོད་རྣམས་རྡོར་སེམས་ཀྱི་ཀུན་སྤྱོད་དུ་བསྟན་པ་ནི། ཧཱ། རྒོད་དང་རྩེད་མོ་བྱད་པ་དང་། གར་གྱི་རོ་དགུར་ལྡན་པ་དང་། །ལྡགས་དང་ཕྱག་རྒྱ་རྣམ་རྟོག་པ། རྡོ་རྗེ་སེམས་དཔའི་སྤྱོད་པའོ། །ཞེས་པ་སྟེ། ཧཱ་ས་ནི་རྒོད་པའོ། །སྤྱོད་པའི་དུས་སུ་ཕན་ཚུན་བལྟས་ཏེ་རྒོད་པ་དང་གླུ་དང་གར་གྱི་རྩེད་མོ་བྱེད་པ་དང་། སྒེག་པ་ལ་སོགས་པའི་གར་གྱི་རོ་་སྟེ་ཉམས་དགུ་དང་ལྡན་པ་དང་། ངག་ཏུ་སྔགས་སྨྲ་བ་དང་ལུས་ཀྱི་ཕྱག་རྒྱ་འཆིང་བའི་རྣམ་པར་རྟོག་པ་ཐམས་ཅད་དང་ཉིད་རྡོ་རྗེ་སེམས་དཔར་གནས་པའི་་ཀུན་ཏུ་སྤྱོད་པ་ཡིན་ནོ། །དྲུག་པ་རིམ་པ་གསུམ་པ་དང་ལྔ་པའི་སྒྱུ་མའི་སྐུའི་ཁྱད་པར་བསྟན་པ་ནི། ར། བདག་བྱིན་བརླབ་ཆེན་མ་གཏོགས་པར། །རིན་ཆེན་གཞན་དག་འདི་ན་མེད། །མེ་ཡིས་སྦྱང་བའི་ནོར་བུ་བཞིན། །རང་བཞིན་འོད་གསལ་རྣམ་དག་པའོ། །ཞེས་པ་སྟེ། རཏྣ་ནི་རིན་པོ་ཆེའོ། །བདག་བྱིན་གྱིས་བརླབ་པ་ཆེན་པོའི་སྒྱུ་ལུས་ནི་ཤིན་ཏུ་དཀོན་པ་དང་ཚེ་འདིར་འཚང་རྒྱ་བའི་འདོད་དོན་སྟེར་བས་རིན་ཆེན་མཆོག་ཡིན་གྱི། དེ་མ་གཏོགས་པར་རིན་ཆེན་གཞན་དེ་དང་མཚུངས་པ་སྦས་པའི་སྐབས་འདིར་མེད་དོ། །སྐུ་་དེ་རང་བཞིན་འོད་གསལ་དུ་ཞུགས་པས་རྣམ་པར་དག་པ་སྟེ་སངས་ན་མེ་ཡིས་དྲི་མ་ལེགས་པར་སྦྱངས་པའི་ནོར་བུ་བཞིན་དུ་དག་པའི་སྒྱུ་མའི་སྐུར་འགྱུར་བས་དེ་གཉིས་ཀྱི་ཁྱད་པར་རོ། །གཉིས་པ་དོན་བསྡུ་བ་ནི། དཔལ་ལྡན་འདུས་པ་་ཡོངས་གསལ་བའི། །བཞུགས་པའི་ཚིག་དོན་འདི་དག་ནི། །རྡོ་རྗེ་འཕྲེང་བའི་རྗེས་འབྲང་ནས། །འཇམ་པའི་དབྱངས་ཀྱིས་བཤད་པ་ཡིན། །ཞེས་པ་་སྟེ། དཔལ་ལྡན་འདུས་པའི་རྩ་རྒྱུད་ཀྱི་འདི་སྐད་ནས་ཡོངས་སུ་གསལ་བའི་བཞུགས་སོ་ཞེས་པའི་བར་གྱི་ཚིག་དོན་འདི་དག་ནི་བཤད་རྒྱུད་རྡོ་རྗེ་འཕྲེང་བའི་རྗེས་སུ་འབྲངས་པ་སྟེ་དེའི་དབང་དུ་བྱས་ནས་རྡོ་རྗེ་འཆང་གིས་འཇམ་ཞིང་སྙན་པའི་དབྱངས་ཀྱིས་བཤད་པ་ཡིན་ནོ། །གཞུང་འདི་དག་གིས་སྣང་བ་སེམས་སྦས་དང་འདོད་ཆགས་ཆོས་སྦས་དང་ཀུན་རྫོབ་སྒྱུ་མའི་སྦས་པ་གསུམ་ཀ་སྟོན་པའོ། །གསུམ་པ་ནི་སྔར་བཤད་ཅིང་རྒྱས་པར་མཐའ་གཅོད་དུ་འབྱུང་བ་ལྟར་རོ། །ཡི་གེ་བཞི་བཅུའི་དོན་རྣམས་ལམ་གྱི་རིམ་པར་བསྒྲིགས་ན། ཨེ་ཝཾ་་སོགས་ཡི་གེ་བཅུ་གསུམ་གྱིས་གཞི་དངོས་པོའི་གནས་ཚུལ་གཏན་ལ་འབེབས་ལ། ལྷག་མ་ཉེར་བདུན་གྱི་གནས་ཚུལ་དེ་ལམ་དུ་འཁྱེར་བའི་ལུས་དབེན་དང་སྒྱུ་ལུས་ད༼ང༽ད་སྤྱོད་པ་རྣམས་སྟོན་ནོ། །དེ་ཡང་ག་ཝཱ་ན་སརྦ་ཏ་དང་ཡང་ཏ་ཞེས་པ་དྲུག་གིས་ལུས་དབེན་བསྟན་ཏེ། གས་ནི་ཕུང་པོ་ལྔའི་ལུས་དབེན། ཝན་གྱིས་ཁམས་བཞིའི། སས་སྐྱེ་མཆེད་དྲུག་གི །རྦས་ཡན་ལག་གི། ཏས་་ཡུལ་ལྔའི། ཡང་ཏས་གསང་ཆེན་རིགས་གཅིག་པའི་ལུས་དབེན་རྣམས་བསྟན་ལ། ཙིཏྟ་ཐཱ་ཥུ་བི་ག་སྟེ་དྲུག་གིས་སེམས་དབེན་བསྟན་ཏེ། ཙིཏྟས་སྣང་བ་གསུམ་གྱི་ཐུན་མོང་མ་ཡིན་པའི་མིང་གི་རྣམ་གྲངས་དང་ཥུ་དང་བི་གཉིས་ཀྱིས་དེ་གསུམ་གྱི་ཐུན་མོང་བའི་མིང་གི་རྣམ་གྲངས་དང་། ཐཱ་དང་ག་གཉིས་ཀྱིས་སེམས་དབེན་རྗེས་ཐོབ་ཀྱི་ཉམས་ལེན་དང་། ཀཱ་ཡ་ཝ་ཀ་ཛྲ་ཡོ་ཛ་ར་བདུན་གྱིས་སྒྱུ་ལུས་བསྟན་ཏེ། དེ་ཡང་ཛཱ་ས་སྒྱུ་ལུས་ཀྱི་སྒྲུབ་གཞི། ཝ་ཀ་གིས་སྒྱུ་ལུས་དངོས། ཛ་ཡོ་གཉིས་ཀྱི་སྒྱུ་ལུས་ཀྱི་མཛད་པ། ཀཱ་ཡ་ར་གསུམ་གྱི་སྒྱུ་ལུས་ཀྱི་འཕྲོས་དོན་དང་། ཏ་ཧྲི་ད་ཡ་པ་ཥི་བྷ་ག་ཧ་དགུས་སྤྱོད་པ་དང་། དེ་་ཡང་བས་སྤྱོད་པ་བྱེད་པའི་གང་ཟག །ཏས་དེ་བྱེད་པའི་དུས། ཧྲི་ཡ་གཉིས་ཀྱིས་དེ་བྱེད་ཚུལ། །ད་བྷ་ག་གསུམ་གྱི་དེའི་ཕན་ཡོན། ཥི་ཧ་གཉིས་ཀྱི་དེ་ལ་རྩོད་སྤོང་བསྟན་ཏོ། །འདིར་རྡོར་བཟླས་མི་གསལ་ཡང་ཨེ་ཝཾ་སོགས་བཅུ་གསུམ་གྱི་ནང་གི་ཡེས་གཞིའི་རྡོར་བཟླས་དངོས་སུ་བསྟན་པའི་ཤུགས་ལ་ངག་དབེན་གྱི་རྡོར་བཟླས་ཀྱང་བསྟན་པ་ཡིན་ནོ། །སྦས་པ་གསུམ་སྟོན་ན་གང་དང་གང་གིས་སྟོན་ཞེ་ན། ཨེ་ཝཾ་སོགས་བཅུ་གསུམ་དང་ག་ཝ་སོགས་བརྒྱད་དང་ཅི་ཤུ་བི་གསུམ་སྟེ་ཉེར་བཞིས་སྣང་བ་སེམས་སྦས་དང་། ཀཱ་ཡཱ་ཝ་ཀ་ཛྲ་ཡོ་ཛཱ་ར་བདུན་གྱི་ཀུན་རྫོབ་སྒྱུ་མའི་སྦས་པ་དང་། ཏ་ཧྲི་ད་ལ་བ་ཝི་ཥི་བྷ་ག་ཧ་ཞེས་པའི་ཡི་གེ་དགུས་ནི་འ དོད་ཆགས་ཆོས་སྤས་བསྟན་ཏོ། །བཞི་པ་མཐར་ཐུག་ཏུ་བཤད་པ་ནི། ལུང་སྟོན་ལས། འདི་སྐད་དེ་ཉིད་བདག་གིས་ཐོས། གསལ་བ་འགའ་ཞིག་དུས་ཡིན་ཏེ། །རྡོ་རྗེ་གསང་དབང་བཅོམ་ལྡན་འདས། །རྡོ་རྗེ་དམ་ཚིག་གསུམ་གྱི་མཆོག །ཡེ་ཤེས་དེ་བཞིན་གཤེགས་པ་ཀུན། །ཡེ་ཤེས་ཕུན་ཚོགས་བསམ་མི་ཁྱབ། །ཡོད་མེད་གཉིས་ཀ་ལས་འདས་པའི། །གནས་མེད་གནས་པ་ཞེས་བྱའོ། །ནམ་མཁའི་རང་བཞིན་འདི་ལས་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ། །འགྲོ་སྙིང་རྣམ་དག་ཅེས་བྱ་ལ། །ཐུབ་པ་ཆེན་པོ་བཞུགས་པར་མཛད། ཅེས་པ་སྟེ། འདི་སྐད་ཅེས་ཨེ་ཝཾ་གྱི་་དོན་གྱི་གཙོ་བོ་འོད་གསལ་གྱི་བདེ་སྟོང་དབྱེར་མེད་དང་ཟུང་འཇུག་གི་བདེན་གཉིས་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་བདག་གིས་ཞེས་པ་ནི་རྣལ་འབྱོར་བ་ཡིན་ལ། ཐོས་ཞེས་པ་ནི་དོན་དེ་མངོན་དུ་གྱུར་པའི་སྒོ་ནས་རྟོགས་པའོ། །བྱང་ཆུབ་ཏུ་བགྲོད་པ་ནི་ཤིན་ཏུ་གསལ་བ་སྟེ་མྱུར་བའི་དུས་འགའ་ཞིག་སྟེ་གཅིག་ན་བཅོམ་ལྡན་འདས་ནི་རྡོ་རྗེ་མི་ཕྱེད་པ་སྟེ་ཟུང་འཇུག་དང་། གསང་བ་ནི་སྔགས་ཀྱི་དོན་ཀུན་བསྡུས་པ་དང་དབང་བོ་ནི་གཙོ་བོའོ། །སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་སྙིང་བོ་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་ལས་མི་འདའ་བའི་དམ་ཚིག་མཆོག་རྡོ་རྗེ་འཆང་ངོ་། །དེ་བཞིན་གཤེགས་པ་ཀུན་གྱི་ཆོས་གང་དང་གང་ཡིན་པའི་རང་བཞིན་སྟོང་པ་ཉིད་དེ་ཡུལ་ཇི་ལྟར་གནས་པ་བཞིན་དུ་ཡུལ་ཅན་གྱི་ཡེ་ཤེས་དེར་གཤེགས་ཤིང་གཉིས་པ་མེད་པར་སྦྱོར་བ་དེ་མཐོང་བའི་ཡེ་ཤེས་ཀྱིས་་ཡོན་ཏན་ཕུན་སུམ་ཚོགས་པ་བསམ་གྱི་མི་ཁྱབ་པ་ཀུན་ཚང་བ་སྟེ། དེ་ཡང་མཚན་འཛིན་གྱི་དམིགས་གཏད་ཅུང་ཟད་ཀྱང་མེད་པར་རང་བཞིན་གྱིས་ཡོད་པ་་དང་གཏན་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ངོ་བོ་ཉིད་ཀྱི་གནས་པའི་མཐའ་བཞི་ལས་འདས་པའི་དོན་ལ་གནས་པ་མེད་པའི་ཚུལ་གྱིས གནས་པ་ཞེས་བྱ་བའི་མིང་གིས་གསུངས་པའི་དོན་ནོ། ནམ་མཁའི་རང་བཞིན་ཐམས་ཅད་སྟོང་བ་འོད་གསལ་འདི་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟུང་འཇུག་བསྒོམ་པ་སྟེ་འབྱུང་ངོ་། །འགྲོ་བ་རྣམས་ཀྱི་སྙིང་རྗེ་སེམས་ཀྱི་རང་བཞིན་རྣམ་པར་དག་པ་བྷ་ག་ཞེས་དེ་སྐད་བྱ་བ་ལ་ཐུབ་པ་རྡོ་རྗེ་འཆང་ཆེན་པོ་བཞུགས་པར་མཛད་དེ་བཞུགས་ཚུལ་ནི་གནས་མེད་པའི་ཚུལ་གྱིས་ཏེ་སྔར་ལྟར་རོ། །འདི་ལ་ངེས་དོན་གྱི་རྡོ་རྗེ་འཆང་ཡབ་ཡུམ་དང་དྲང་དོན་གྱི་རྡོ་རྗེ་འཆང་ཡབ་ཡུམ་གཉིས་་ཡོད་དོ། །དེ་ལྟ་བུའི་ཚུལ་བཞིར་བཤད་ཚུལ་དེ་ཉིད་མགོན་པོ་ཀླུ་སྒྲུབ་ལས་དཔལ་ལྡན་ཟླ་བ་དང་དེ་ལས་རྗེ་བཙུན་ཙོང་ཁ་པ་ཆེན་པོས་རྙེད་པ་སྟེ་བཤད་གྲོལ་མཆོག་ཏུ་གྱུར་པ་ཡིན་ནོ། ཁྱབ་བདག་རྒྱུད་ཀྱི་སྟོན་པ་དང་། །དབྱེར་མེད་བླ་མའི་བཤད་སྲོལ་ལྟར། །འདུས་པའི་རྒྱུད་ཀྱི་གླེང་གཞིའི་དོན། །ལེགས་པར་བཤད་ལས་ཐོབ་པའི་དགེས། །རྒྱུད་དོན་ཟབ་མོ་མཐའ་དག་ལ། །ལྟ་བའི་་བློ་མིག་རྒྱས་གྱུར་ཏེ། །དེ་དོན་ཚུལ་བཞིན་སྒྲུབ་པ་ཡིས། །ཉམས་ལེན་མཐའ་རུ་ཕྱིན་པར་ཤོག ཁྱད་པར་འདུས་པའི་རིམ་གཉིས་དོན། །ཇི་བཞིན་རྟོགས་པའི་རྣམ་དཔྱོད་ཀྱིས། །བློ་བཟང་རྒྱལ་བའི་མདོ་སྔགས་བསྟན། །རྫོགས་པར་འཛིན་པའི་སྐལ་ལྡན་ཤོག །དེ་ཡི་མཐུ་ལས་མདོ་སྔགས་ཀྱི། །རྟོགས་པ་མ་ལུས་མངོན་གྱུར་ཏེ། །མྱུར་དུ་ཁྱབ་བདག་རྡོ་རྗེ་འཆང་། །ཟུང་འཇུག་གོ་འཕང་ཐོབ་གྱུར་ཅིག །ཅེས་འདུས་པའི་རྩ་རྒྱུད་ཀྱི་གླིང་གཞི་ཡི་གེ་བཞི་བཅུའི་བཤད་པ་ཟུར་དུ་བཀོད་པ་འདི་ཡང་ཅོ་ནེའི་སློབ་དཔོན་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། རྒྱུད་པ་གྲྭ་ཚང་གི་འདུས་པའི་རྒྱུད་ཀྱི་་འཆད་ཉན་ལ་ཕན་གདགས་པར་འདོད་པའི་བསམ་པས་སྔར་འདུས་པའི་རྒྱུད་ཀྱི་ཊཱིཀྐ་ཞིག་བྲིས་ཡོད་པ་དེའི་ཁ་སྐོང་དུ་བགྱིས་པ་སྟེ། པར་གྱི་ཡི་གེ་པ་ནི་རང་གི་སློབ་མ་རི་ཁྲོད་པ་དགེ་སློང་ཤེས་རབ་བཀྲ་ཤིས་སོ།། །།མངྒལཾ།།