Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

2 occurrences of འཕེན་
[Clear Hits]


  
  
  
  
  
  
  
  
  
  
 
རྗེའི་འཇམ་དབྱངས་ལ་ཞུས་ཏེ་རེད་མདའ་བར་གནང་བའི་དྲིས་ལན་གྱི་འགྲེལ་པ།
  
  
  
 
  
  
  
  


2 occurrences of འཕེན་
[Clear Hits]

 
previousརྗེའི་འཇམ་དབྱངས་ལ་ཞུས་ཏེ་རེད་མདའ་བར་གནང་བའི་དྲིས་ལན་གྱི་འགྲེལ་པ།next

རྗེའི་འཇམ་དབྱངས་ལ་ཞུས་ཏེ་རེད་མདའ་བར་གནང་བའི་དྲིས་ལན་གྱི་འགྲེལ་པ།

རྗེའི་འཇམ་དབྱངས་ལ་ཞུས་ཏེ་རེད་མདའ་བར་གནང་བའི་དྲིས་ལན་གྱི་འགྲེལ་པ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྟེན་འབྲེལ་ཟབ་མོ་ཇི་བཞིན་མངོན་གཟིགས་ནས། །ཚུལ་བཞིན་གཞན་ལ་སྟོན་ཕྱིར་མཁྱེན་པ་དང་། །སྨྲ་བ་བླ་ན་མེད་ཅེས་རབ་གྲགས་པ། །སྟོན་པ་མཆོག་དེའི་ཞབས་པད་སྤྱི་བོས་བསྟེན། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །ཟབ་དོན་འགྲེལ་མཛད་ཀླུ་སྒྲུབ་འཕགས་པ་ལྷ། །ཞི་བ་ལྷ་དང་གྲུབ་མཆོག་སངས་རྒྱས་བསྐྱངས། །ཟླ་བའི་ཞབས་སོགས་བརྒྱུད་པར་བཅས་ལ་འདུད། །གང་གི་རྣམ་དཔྱོད་གསལ་བའི་ཉི་འོད་ཀྱིས། །ཟབ་དོན་མཁའ་ལ་རྨོངས་པའི་མུན་བཅོམ་ནས། །སྟོང་ཉིད་འདབ་སྟོང་རྒྱས་མཛད་སྨྲ་བའི་ཉི། །རྗེ་བཙུན་རྒྱལ་བ་གཉིས་པར་གྲགས་ལ་འདུད། །མགོན་དེའི་བཤད་སྲོལ་གདུགས་དཀར་ཐུབ་བསྟན་གྱི། །ཁང་བཟང་རྩེ་མོར་རྣམ་དཔྱོད་དཔུང་པ་ཡིས། །བཏེགས་ནས་འཛིན་མཛད་རྒྱལ་ཚབ་མཁས་གྲུབ་རྗེ། །པཎ་ཆེན་རྒྱལ་དབང་སྔ་ཕྱིར་བྱོན་རྣམ་བསྔགས། །གང་དག་ཡབ་རྗེ་བླ་མའི་ལེགས་བཤད་ལ། །དད་པ་ཐོབ་ནས་ཟབ་དོན་མཁྱེན་བཞེད་དེ། །ཐུགས་བསམ་དག་པའི་གསུང་གིས་བསྐུལ་བ་ལས། །ཚུལ་འདི་འཆད་ལ་ཅུང་ཟད་སྤྲོ་བར་གྱུར། །དེ་ཡང་ཉིད་ཀྱི་གསུང་ཤོག་ཏུ་རྗེ་རིན་པོ་མེས་འཇམ་དབྱངས་ལ་ཞུས་ནས་རེད་མདའ་བར་གནང་བའི་དྲི་ལན་གྱི་རྣམ་བཤད་རྒྱས་པ་དོན་གསལ་བ་ཞིག་བགྱིས་ནས་བསྐུར་ཞིག་ཅེས་འབྱུང་བའི་དྲི་ལན་འདི། རྗེའི་གསུང་འབུམ་ཐོར་བུ་ནས་འབྱུང་བའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྐོར་ལ་དོགས་གཅོད་ཞུས་པ་དང་། དེའི་མཇུག་ཏུའང་ཉམས་སུ་ལེན་ཚུལ་ཞིག་གནང་འདུག་པ་འདི་གཉིས་གང་ཡིན་མི་གསལ་ཡང་གཙོ་བོ་སྔ་མ་ཉིད་ཡིན་པ་གཞིར་བཅས་ནས་ལན་འབུལ་བར་བྱ་སྟེ། འདི་ཉིད་དུ་ངེས་འབྱུང་སེམས་བསྐྱེད་ལྟ་བའི་ཉམས་ལེན་ལ་དོགས་གཅོད་ཞུས་པ་གཙོ་བོར་སྣང་བ་འདི་ལ་ཚིག་འགྲེལ་དང་། འགའ་ཞིག་ནི་འཕྲོས་དོན་ནམ་ཞར་བྱུང་ལྟ་བུ་འདུག་པ་དང་། གོ་སླ་བས་ཚིག་འགྲེལ་རྫོགས་པར་མི་དགོས་པར་མཐོང་ནས་བསྡུས་དོན་གྱི་ཚུལ་དུ་བཤད་པར་བྱའོ། །གཞུང་འདི་ནི་རྗེས་རྗེ་བཙུན་ལ་དོགས་གཅོད་མང་པོ་ཞིག་ཞུས་པའི་ནང་ནས་དོན་བསྡུས་ནས་ཡི་གེར་བཀོད་པ་ཞིག་སྟེ། རྗེ་བཙུན་དང་རྗེའི་གསུང་གཉིས་འདྲེས་མར་སྣང་ལ། འདིའི་འགོ་ཤོག་ནི་བླ་མཐར་བཟང་གི་དཔེ་ནས་གཞན་དུ་འཁྱེར་ནས་མི་འདུག་ཅེས་མཇུག་ཏུ་འབྱུང་བ་ལྟར་རོ། །དེའི་འཕྲོ་ལ། སྤྱིར་སྟོང་པས་ཡོད་མཐའ་དང་སྣང་བས་མེད་མཐའ་སེལ་བ་འདི་རྒྱང་པན་གྱི་བར་ལ་ཐུན་མོང་བ་ཡིན་པས་ཞེས་འབྱུང་བ་འདི་ལ་གཉིས། མཐའ་མདོར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ལ་སྤྱིར་མཐའི་སྒྲ་ནི། རྣམ་བཤད་རིག་པ་ལས། མཐའ་ནི་ཟད་དང་མཇུག་ཆད་དང་། ཉེ་དང་ཕྱོགས་ལ་སྨད་པའོ། །ཞེས་དང་། འདུས་པའི་རྒྱུད་ཊིཀ་ནས་མཐའི་སྒྲ་ཀོ་ཊི་ནི་སྒོ་དང་རྩེ་མོ་ལའང་འཇུག་པར་བཤད་པ་བཞིན་དོན་མང་པོ་ཞིག་ལ་འཇུག་ལ། མཐའ་བྲལ་གྱི་མཐའ་ནི། རྩ་ཤེའི་ཊིཀྐ་ལས་འབྱུང་བ་ལྟར་འཇུག་པའི་རྣམ་བཤད་ལས་ཀྱང་། དེས་ན་འདིའི་མཐའ་ནི་ལྟུང་བའི་གནས་ཏེ། འཇིག་རྟེན་ན་བྲག་གཡང་ལ་མཐའ་དང་། དེ་ལས་ལྷུང་བ་ལ་མཐའ་ལས་ལྷུང་ཞེས་སྨྲ་བ་ལྟར་གང་དུ་བཟུང་ནས་འཛིན་པ་པོ་ཕུང་བར་འགྱུར་བ་ལ་མཐར་ལྷུང་ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། དེ་ལྟར་མཐའ་ཞེས་པའི་མིང་འདྲ་ཡང་དོན་མི་འདྲ་བ་མང་བས་གཞན་སྡེ་དང་རང་སྡེ་གྲུབ་མཐའ་བཞི་ཀས་མཐའ་འདོད་ཚུལ་ལ་མི་འདྲ་བ་འབྱུང་སྟེ། འདི་ལྟར་གཞན་སྡེས་རང་སྡེའི་ཐུན་མོང་མ་ཡིན་པའི་འདོད་ཚུལ་རྣམས་འགོག་ཅིང་། རང་སྡེས་ཀྱང་གཞན་སྡེའི་ཐུན་མོང་མ་ཡིན་པའི་འདོད་པ་རྣམས་འགོག་པའི་ཕྱིར་ཏེ། གཞན་སྡེས་རང་སྡེ་རྣམས་ཀྱིས་གང་ཟག་གི་བདག་མེད་ཁས་ལེན་པ་དེ་འགོག །བྱེ་བྲག་སྨྲ་བས་གཞན་སྡེས་འདོད་པའི་རྟག་པའི་བདག་འགོག །བྱེ་སྨྲས་རྟག་རྫས་འདོད་པ་དེ་མདོ་སྡེ་པས་འགོག །དེས་རགས་པའི་ཕྱི་དོན་འདོད་པ་དེ་སེམས་ཙམ་པས་འགོག །དེས་ཤེས་པ་བདེན་གྲུབ་འདོད་པ་དེ་དབུ་མ་པས་འགོག རང་རྒྱུད་པ་མན་ཆད་རང་གི་མཚན་ཉིད་ཀྱིས་གྲུབ་པ་འདོད་པ་དེ་ཐལ་འགྱུར་བས་འགོག་པ་ལྟ་བུ་ཡིན་པའི་ཕྱིར། དེ་ལྟར་ན་སྣང་སྟོང་གཉིས་ཀྱི་འདོད་ཚུལ་དང་མཐའ་སེལ་བའི་འདོད་ཚུལ་ཡང་མི་འདྲའོ། །འོན་ཀྱང་ཐུན་མོང་དུ་གྲགས་པ་ཙམ་མཚོན་ན། རྩོད་གཞི་གང་ཡིན་པ་ཞིག་གཞིར་བཟུང་ནས་སྣང་བ་ཡོད་པ་དང་། ཚད་མས་གྲུབ་པ་དང་། རྟག་མི་རྟག་དང་། མཐོང་ཐོས་སོགས་ཀྱི་རྟགས་ལས། དེའི་ཟློག་ཟླ་མེད་པ་དང་། མ་གྲུབ་པ་ལ་སོགས་པའི་མེད་པའི་ཕྱོགས་སམ་མཐའ་སེལ་ཞིང་། དེ་བཞིན་དུ་སྟོང་པ་མེད་པ་དང་། མ་གྲུབ་པ་ལ་སོགས་པའི་རྟགས་ཀྱིས་བཟློག་ཟླ་ཡོད་པ་དང་། ཚད་མས་གྲུབ་པ་ལ་སོགས་པ་ཡོད་པའི་ཕྱོགས་སམ་མཐའ་སེལ་ལོ། །རྒྱང་པན་པས་ནི་ཁོ་རང་གི་གཞུང་ལས། ཅི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཁོ་ན་ཟད། །ཅེས་འབྱུང་བ་ལྟར་ཚེ་འདིའི་ཕུང་པོ་ཙམ་ལས་གཞན་འཇིག་རྟེན་ཕ་རོལ་མེད་པར་འདོད་པས་ཁོ་རང་ལྟར་ན་ཤི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དབང་པོའི་མངོན་སུམ་གྱིས་མ་མཐོང་བའི་རྒྱུ་མཚན་གྱིས། འཇིག་རྟེན་ཕ་རོལ་མེད་ཅེས་འདོད་ཅིང་དེ་ཁོ་རང་གི་ལུགས་ཀྱི་སྟོང་པས་ཡོད་མཐའ་སེལ་ཚུལ་ཡིན་ཡང་། སྤྱིར་སྟོང་པས་ཡོད་མཐའ་སེལ་ཚུལ་དུ་མི་རུང་སྟེ། འཇིག་རྟེན་ཕ་རོལ་རྒྱང་པན་པའི་མངོན་སུམ་གྱིས་མ་མཐོང་ཡང་ཡོད་པའི་ཕྱིར་ཏེ། རྒྱང་པན་པ་ནི་རྒྱུ་྄འབྲས་ཀྱི་ཤེས་བྱ་ལ་བློ་ཕྱིན་ཅི་ལོག་ཏུ་སོང་ནས་འཇིག་རྟེན་ཕ་རོལ་མེད་པར་ཁས་བླངས་པའི་ཕྱིར་ཏེ། དབུ་མ་འཇུག་པ་ལས། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་བལྟ་བར་རྟོགས་བྱ་སྟེ། །ཞེས་གསུངས་པའི་ཕྱིར། འཁོར་འདས་ཀྱི་མཐའ་གཉིས་ལྟ་བུ་ཡོད་ཀྱང་། རྟག་ཆད་ཀྱི་མཐའ་གཉིས་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པས་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཕྱིར། མཐར་ལྷུང་བ་ཡོད་པ་དང་མི་འགལ་ཏེ། དེ་ནི་བློས་མཐའ་གཉིས་སུ་འཛིན་ཚུལ་གྱི་དབང་དུ་མཛད་པའི་ཕྱིར་རོ། །བདེན་འཛིན་གྱི་ཞེན་ཡུལ་ལ་རྟག་མཐའ་ཞེས་པ་ནི་བརྟག་པ་མཐའ་བཟུང་ཙམ་ཞིག་སྟེ། དེའི་ཞེན་ཡུལ་ལ་བདེན་གྲུབ་བམ་བདག་དང་རང་བཞིན་ཞེས་ཟེར་ཡང་བདེན་གྲུབ་ཡིན་པ་མེད་པ་བཞིན་ནོ། །དེ་ལྟར་ཡང་ལམ་རིམ་ཆེན་མོ་ལས། དེས་ཇི་ལྟར་བཟུང་བའི་ཞེན་ཡུལ་ཆོས་རྣམས་ཀྱི་རང་རང་གི་སྡོད་ལུགས་དེ་ལ་ནི་བདག་གམ་རང་བཞིན་ཞེས་བརྟག་པ་མཐའ་བཟུང་གི་སྒོ་ནས་ངོས་བཟུང་བར་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །དེས་ན། ཡོད་ཅེས་བྱ་བ་རྟག་པར་ལྟ། མེད་ཅེས་བྱ་བ་ཆད་པར་ལྟར། ཞེས་འབྱུང་བ་ནི་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་རྟག་པའི་མཐར་འཛིན་པ་དང་། ལས་འབྲས་སོགས་མེད་པར་འཛིན་པ་ནི་འཆད་པའི་མཐར་འཛིན་དུ་འགྱུར་བའི་དོན་ཡིན་གྱི་སྤྱིར་ཡོད་མེད་དུ་འཛིན་པ་ཙམ་མིན་ནོ། །༧ དེ་ནས། ཐལ་འགྱུར་པའི་ཁྱད་ཆོས་ལ་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཞིང་། ཞེས་སོགས་ཀྱི་དོན་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སྐབས་འདི་དང་ལམ་གྱི་གཙོ་བོ་རྣམས་གསུམ་ལས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འགྱུར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་པ་གཉིས་དོན་འདྲ་བར་སྣང་སྟེ། ཚུལ་འདི་ལ་མཁས་པ་ཁ་ཅིག་འདི་སྐད་ཅེས་གསུངས་ཏེ། འདི་དག་ནི་ཐལ་འགྱུར་བའི་ལུགས་ཀྱི་དབང་དུ་མཛད་པ་ཡིན་གྱི། སྤྱིར་གྲུབ་མཐའ་སྨྲ་བ་བཞི་ཀས་སྟོང་པས་ཡོད་མཐའ་དང་མེད་མཐའ་གཉིས་ཀ་སེལ་ཞིང་། སྣང་བས་ཀྱང་ཡོད་མེད་ཀྱི་མཐའ་དེ་གཉིས་ཀ་སེལ་བའི་ཚུལ་ཡང་ཡོད་དེ། འདི་ལྟར་གྲུབ་མཐའ་བཞི་སོ་སོ་ནས་རང་རང་གིས་ངོས་བཟུང་བའི་དགག་བྱ་དེ་དང་དེས་སྟོང་པ་ལ་བྱ་བྱེད་འཐད་པར་འདོད་ཅིང་། བྱ་བྱེད་འཐད་པའི་རྒྱུ་མཚན་གྱིས་དགག་བྱ་དེ་དང་སྟོང་པ་ལ་ངེས་པ་འདྲེན་ཐུབ་པར་བཞེད་པའི་ཕྱིར་ཏེ། དོན་སྨྲ་སྡེ་གཉིས་ཀྱི་ཕུང་པོ་ལས་དོན་གཞན་པའི་བདག་གིས་སྟོང་པའི་བདག་མེད་ལ་བདག་དང་ལས་འབྲས་སོགས་ཀྱི་བྱ་བྱེད་འཐད་པར་བཞེད། སེམས་ཙམ་པས་གཟུང་བ་ཕྱི་རོལ་དོན་གྱིས་སྟོང་པ་ལ་བྱ་བྱེད་འཐད་པར་བཞེད་ལ་དེ་དང་རང་རྒྱུད་པ་གཉིས་ཀས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དང་། ཆོས་ཀྱི་བདག་མེད་ལའང་རྒྱུ་འབྲས་ཀྱི་བྱ་བྱེད་འཐད་པར་བཞེད་ཅིང་། སྣང་སྟོང་རེ་རེས་ཀྱང་མཐའ་གཉིས་སེལ་ནུས་པར་བཞེད་པའི་ཕྱིར་ཏེ། དོན་སྨྲ་སྡེ་གཉིས་ཀྱིས་གང་ཟག་གི་བདག་གིས་སྟོང་པ་ལ་གང་ཟག་སོགས་ཀྱི་བྱ་བྱེད་འཐད་པར་བཞེད་པ་སྟོང་པས་མེད་མཐའ་སེལ། གང་ཟག་གི་བདག་ཏུ་གྲུབ་པ་མེད་ཀྱང་ཕུང་པོའི་ཚོགས་རྒྱུན་ལ་བདག་འཇོག་པའི་ཚུལ་ལ་ངེས་པ་རྙེད་པས་སྣང་བས་ཡོད་མཐའ་སེལ། སེམས་ཙམ་པས་གཟུགས་སོགས་ཕྱི་རོལ་དོན་གྱིས་སྟོང་པ་ལ་བྱ་བྱེད་འཐད་པས་སྟོང་པས་མེད་མཐའ་དང་། ཕྱི་རོལ་དོན་དུ་སྣང་བ་ཙམ་མ་གཏོགས་གཟུང་འཛིན་རྒྱངས་ཆད་དུ་སྣང་བ་ལྟར་སྟོང་པས་སྣང་བས་ཡོད་མཐའ་སེལ། དབུ་མ་པ་གཉིས་ཀས་ཀྱང་བདེན་པས་སྟོང་པ་ལ་གཟུགས་སོགས་དང་བྱ་བྱེད་འཐད་པས་སྟོང་པས་མེད་མཐའ་དང་། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་བདེན་གྲུབ་ཁེགས་པས་སྣང་བས་ཡོད་མཐའ་སེལ་ནུས་ཤིང་། དེ་ལས་བཟློག་སྟེ་ཡང་སེལ་ནུས་པའི་ཕྱིར་ཞེས་འདོད་དེ་རེ་ཞིག་དེ་ལྟར་རོ། །ཐལ་འགྱུར་བ་ལྟར་ན་རང་རྒྱུད་པ་མན་ཆད་མཐའ་གཉིས་སུ་ལྷུང་བར་འདོད་ཀྱང་། དེ་དག་རང་རང་སོ་སོ་ནས་མཐའ་གཉིས་སུ་ལྷུང་བར་མི་འདོད་དེ། རང་རང་སོ་སོ་ནས་རང་ལ་མཐའ་གཉིས་དང་བྲལ་བའི་ལྟ་བ་རེ་ཡོད་པར་འདོད་པའི་ཕྱིར་ཏེ། དེ་ཐམས་ཅད་ཀྱིས་ཀྱང་ལྟ་བ་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ཕྱིར་རོ། །ཐལ་འགྱུར་ཐུན་མོང་མིན་པའི་སྣང་བས་ཆད་མཐའ་དང་། སྟོང་པས་ཡོད་མཐའ་འགོག་ཚུལ་ནི། རྗེའི་གསུང་འབུམ་ལས། རྟེན་འབྱུང་མི་བསླུ་བའི་ངེས་པ་བརྙེད་པས་ཆད་མཐའ་འགོག་ཅིང་། མཚན་མར་འཛིན་པའི་དམིགས་གཏད་རྡུལ་ཙམ་ཡང་མ་གྲུབ་པའི་རང་བཞིན་མེད་པའི་སྟོང་ཉིད་ལ་ངེས་པ་བརྙེད་པས་རྟག་མཐའ་ལས་གྲོལ་ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། འོ་ན་སྔར་བཤད་པ་ལྟར་གྲུབ་མཐའ་བཞི་ཀ་ལ་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་འགོག་ཚུལ་ཡོད་ན། དེ་འདིར་ཐལ་འགྱུར་བའི་ཁྱད་ཆོས་སུ་བཤད་པ་ཇི་ལྟར་ཡིན་ཞེ་ན། མཁས་པ་ཁ་ཅིག་སྒྲས་ཟིན་ལྟར་བཞེད་ཀྱང་། སྔ་མའི་ལུགས་དེ་རེ་ཞིག་ཁས་བླངས་ནས་འདི་ལྟར་བྱ་སྟེ། ཆོས་རྣམས་རང་བཞིན་གྱིས་སྟོང་བར་བཞེད་པའི་ཐལ་འགྱུར་བའི་ལུགས་འདིར་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཚུལ་ཁྱད་པར་ཅན་ཞིག་ཡོད་པ་དེ། རང་རྒྱུད་པ་མན་ཆད་ཀྱི་ལུགས་ལ་མི་འབྱུང་བས་ལུགས་འདིའི་ཁྱད་ཆོས་སུ་འགྱུར་རོ། །ཇི་ལྟར་ཞེ་ན། རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་མེད་པར་སྒྲུབ་པའི་སྦྱོར་བ་གཅིག་ལ་བརྟེན་པའི་མཐའ་གཉིས་སེལ་ཚུལ་ནི། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ལས། འདིར་ནི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་བའི་དོན་ཅུང་ཟད་བརྗོད་ན། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་པའི་ཚེ་ན། མྱུ་གུ་ཆོས་ཅན་མེད་དེ་ཞེས་མ་བརྗོད་པར་རང་བཞིན་གྱིས་མེད་དེ་ཞེས་དགག་བྱའི་ཁྱད་པར་སྦྱར་བས་ནི། མྱུ་གུ་རང་བཞིན་གྱིས་མེད་པ་ཡིན་གྱི། གཏན་མེད་པ་མིན་པར་རྟོགས་ནུས་པས་སྟོང་པས་མེད་མཐའ་སེལ་བའི་དོན་ཡིན་ལ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་རྟགས་ཀྱིས་མྱུ་གུ་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སམ་ལྟོས་ནས་གྲུབ་པར་གོ་ནུས་པས། རང་བཞིན་གྱིས་གྲུབ་ན་རྒྱུ་རྐྱེན་ལ་ལྟོས་མི་དགོས་པའི་དོན་གྱིས་རང་བཞིན་གྱིས་མེད་པར་ཤེས་ལ། དེ་ནི་སྣང་བས་ཡོད་མཐའ་སེལ་བའི་དོན་ནོ། །དེའི་ཕྱིར་རྟེན་འབྲེལ་གྱི་རྟགས་ཀྱི་བྱེད་པས་རྟག་ཆད་ཀྱི་མཐའ་གཉིས་དུས་གཅིག་ཏུ་འགོག་ནུས་པས་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཞེས་ཀྱང་གསུངས་སོ། །ཞེས་དང་། རྗེ་དེ་ཉིད་ཀྱིས་མཛད་པའི་དབུ་མ་སྟོང་ཉིད་བདུན་ཅུ་པའི་འགྲེལ་པར་ཡང་། དེ་ཡང་མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་པའི་ཚེ། བསྒྲུབ་བྱ་བློ་ཡུལ་དུ་སོང་བས་རང་བཞིན་གྱིས་ཡོད་པར་འཛིན་པའི་རྟག་མཐའ་སེལ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་བློ་ཡུལ་དུ་སོང་བས་མྱུ་གུ་མིང་ཙམ་གྱི་རྟེན་འབྲེལ་དུ་རྟོགས་པས། དེ་གཏན་མེད་པའི་ཆད་མཐའ་སེལ་པས་རྟག་དཔྱད་གཉིས་དུས་གཅིག་ཏུ་སེལ་བ་དང་། ཡང་མྱུ་གུ་ལྟོས་གྲུབ་པའི་མིང་ཙམ་གྱི་རྟེན་འབྲེལ་དུ་ངེས་པས་ངེས་ཤེས་ཀྱིས་དེ་རང་བཞིན་མེད་པ་ལ་ངེས་ཤེས་འདྲེན་པས་སྣང་བས་ཡོད་མཐའ་སེལ་ཞིང་། མྱུ་གུ་རང་བཞིན་གྱིས་མེད་པར་ངེས་པ་ཉིད་ཀྱི་ཐ་སྙད་དུ་རང་གི་ས་བོན་ལས་སྐྱེ་བ་དང་། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་མི་སྐྱེ་བ་སོགས་ཀྱི་ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་འཐད་པའི་སྣང་ཕྱོགས་ལ་ངེས་ཤེས་འདྲེན་པས་སྟོང་པས་མེད་མཐའ་སེལ་བས་རིགས་པའི་རྒྱལ་པོ་ཞེས་བྱའོ། །ཞེས་ཚུལ་གཉིས་གསུངས་པ་དང་། ཡང་དེས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཊིཀྐ་ལས། དེ་ཡང་སྤྱིར་སྟོང་པས་ཡོད་མཐའ་དང་སྣང་བས་མེད་མཐའ་སེལ་བ་ཙམ་རྒྱང་ འཕེན next hit་གྱི་བར་གྱི་གྲུབ་མཐའ་གོང་འོག་ཐམས་ཅད་ཐུན་མོང་བ་ཡིན་པས། ཐལ་འགྱུར་བའི་ལུགས་ལ་དེ་ལས་ལྡོག་སྟེ་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཞིང་། ཞེས་པ་ནས། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་སྟོང་པ་ལ་ངེས་ཤེས་འདྲེན་དགོས་པ་དེ་བཞིན་དུ། རང་བཞིན་གྱིས་སྟོང་བའི་རྒྱུ་མཚན་གྱིས་རྟེན་འབྲེལ་ལ་ངེས་ཤེས་འདྲེན་པ་ཅིག་དགོས་ཏེ། ཞེས་པའི་བར་གསུངས་པ་ལྟར་རོ། །བསྡུ་ཞིང་གོ་བདེ་བ་ལ་ནི་དེ་ཙམ་གྱིས་མཆོག་མོད། རྒྱས་པ་ཞིག་ཅེས་གསུངས་པས་གོ་དོན་དང་སྦྱར་ནས་ཅུང་ཟད་སྒྲོས་ཏེ་བཤད་ན། མཐའ་དེ་ལྟར་སེལ་ཚུལ་སྟོན་པའི་གཞུང་ནི། རྩ་ཤེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་སོགས་དང་། གང་ལ་སྟོང་པ་ཉིད་རུང་བ། དེ་ལ་ཐམས་ཅད་རུང་བ་འགྱུར། ཞེས་སོགས་དང་། རྟེན་འབྲེལ་བསྟོད་པར། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། ཞེས་དང་། དེ་ཕྱིར་བརྟེན་ནས་འབྱུང་བ་ལ། །མ་གཏོགས་ཆོས་འགལ་ཡོད་ཡིན་པས། །རང་བཞིན་གྱིས་ནི་སྟོང་པ་ལ། །མ་གཏོགས་ཆོས་འགའ་མེད་པར་གསུངས། །ཞེས་པ་ལྟ་བུ་སོགས་མང་ལ། མཁས་གྲུབ་ནོར་བཟང་རྒྱ་མཚོས་མཐའ་གཉིས་སེལ་ཚུལ་ལ་གཉིས་བཤད་དེ། ཐལ་འགྱུར་བའི་ལྟ་བའི་གོ་བ་མཐར་སོན་པའི་སྐབས་དང་། མྱོང་བ་རྣམ་དག་སྐྱེས་པའི་སྐབས་སོ། །དང་པོ་ནི། དེའི་གསུངས་ལས་ཆོས་ཐམས་ཅད་རང་གི་རྒྱུའམ་གདགས་གཞི་ལ་རྣམ་པ་ལྔས་བཅལ་ན་མི་དམིགས་པས་ཡུལ་སྟེང་ནས་ངོ་བོས་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པར་རང་གི་རྒྱུ་རྐྱེན་ནམ་གདགས་གཞི་ལ་བརྟེན་ནས་བཏགས་པའི་བཏགས་ཆོས་ཕར་བཞག་པ་ཙམ་དེ་ཐལ་འགྱུར་བའི་ལུགས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཡིན་པས། དེ་ལྟ་བུའི་རྟེན་འབྱུང་གི་དོན་ལེགས་པར་གོ་བའི་གང་ཟག་གིས་མྱུ་གུ་སོགས་ཀྱི་ཆོས་གང་དང་གང་དེ་ལྟ་བུའི་རྟེན་འབྱུང་དུ་ནམ་བློ་ལ་ཤར་བའི་ཚེ་ཆོས་དེ་དང་དེ་རང་བཞིན་གྱིས་སྟོང་པ་ལ་ངེས་པ་འདྲེན་ཅིང་། གཅིག་ཏུ་བྲལ་ལྟ་བུའི་རིགས་པས་དཔྱད་དེ་ཆོས་གང་དང་གང་རང་བཞིན་མེད་པར་རྟོགས་པ་དེའི་ཚེ། ཆོས་དེ་དང་དེ་ཐ་སྙད་དུ་ཡོད་ཚུལ་རྟོག་པས་བཏགས་པ་ཙམ་གྱི་རྟེན་འབྱུང་དུ་འབད་མེད་འཆར་བ་རྣམས་ནི། སྣང་བས་ཡོད་མཐའ་སེལ་བ་དང་སྟོང་པས་མེད་མཐའ་སེལ་བའི་ཚུལ་གཅིག་གོ །ཞེས་དང་། གཉིས་པ་ཉམས་མྱོང་རྣམ་དག་སྐྱེས་པའི་གནས་སྐབས་ཀྱི་སྣང་བས་ཡོད་མཐའ་སེལ་ཚུལ་སོགས་ནི། མཉམ་གཞག་སྟོང་ཉིད་ལ་མྱོང་བ་ཐོན་པའི་རྣལ་འབྱོར་པ་དེས་མཉམ་གཞག་ལས་ལངས་པའི་དུས་སུ་རི་རབ་ཁང་ཁྱིམ་ལ་སོགས་པ་སྣང་བའི་ཚེ། རི་ལ་སོགས་པ་དེ་དང་དེ་རང་བཞིན་གྱིས་མེད་པ་ལྷང་ལྷང་འཆར་བ་ནི་སྣང་བས་ཡོད་མཐའ་སེལ་ཚུལ་དང་། རང་བཞིན་གྱིས་སྟོང་བར་ཤར་བ་དེ་ཉིད་ཀྱིས་གང་སྣང་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་འཆར་བ་ནི་སྟོང་པས་མིང་མཐའ་སེལ་བའི་ཚུལ་ཡིན་ལ། དབུ་མ་རང་རྒྱུད་པ་རྣམས་ནི། ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པས་བདེན་པས་སྟོང་བར་བཞེད་ཀྱང་རྟེན་འབྱུང་གི་དོན་ལ་ཁྱད་ཤིན་ཏུ་ཆེ་བས། གོང་དུ་བཤད་མ་ཐག་པའི་སྣང་བས་ཡོད་མཐའ་སེལ་བ་སོགས་ཐལ་འགྱུར་བའི་ཁྱད་ཆོས་ཡིན་ཏེ། ཞེས་གསུངས་པ་ལྟར་ཏེ་གནད་ཤིན་ཏུ་ཆེའོ། །རྒྱལ་དབང་ལྔ་བས་ཀྱང་ལམ་གཙོའི་ཚིག་འགྲེལ་ལས། གཞན་ཡང་བློ་ལྡན་གང་གིས་མཐའ་གཉིས་དང་བྲལ་བའི་དབུ་མའི་ལྟ་བ་ལ་ངེས་པ་འདྲེན་ཚུལ་ནི། སྣང་བ་རྟེན་འབྲེལ་མི་བསླུ་བའི་རྒྱུ་མཚན་གྱིས་རང་བཞིན་གྱིས་ཡོད་པའི་རྟག་པའི་མཐའ་སེལ་བ་སྟེ་འགོག་པ་དང་། རང་བཞིན་གྱིས་སྟོང་པས་ཐ་སྙད་དུ་མེད་པའི་ཆད་མཐའ་སེལ་བ་སྟེ་འགོག་ནུས་ཤིང་། ཞེས་གསུངས་ཏེ་སྔ་མ་དེ་དག་དང་དོན་འདྲའོ། ༈ །སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ། འཁོར་འདས་ཀྱི་ཆོས་རྣམས་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་ཞིང་མི་བསླུ་བའི་ཚུལ་རང་ལུགས་སུ་ཁས་ལེན་ལ། དེ་ཉིད་ཀྱིས་མཐའ་ཐམས་ཅད་སྤོང་བའི་སྟོང་པ་ཉིད་དུ་འགྱུར་ཚུལ་སོགས་དཔག་ཏུ་མེད་པ་ཡོད་ལ། ཞེས་གསུངས་པའི་དོན་ཕལ་ཆེར་སྔ་མ་དེ་དག་ཏུ་འདུས་ཤིང་། སྟོང་ཉིད་རྒྱུ་འབྲས་སུ་འགྱུར་བ་ནི། ལམ་གཙོར་སྟོང་པ་ཉིད། རྒྱུ་དང་འབྲས་བུར་འགྱུར་བའི་ཚུལ་ཤེས་ན། ཞེས་གསུངས་པ་དང་དོན་གཅིག་ཅིང་། དེ་ཡང་རང་བཞིན་གྱིས་སྟོང་པའི་རྒྱུ་ལས་འབྲས་བུ་འབྱུང་བ་ནི་ཤིན་ཏུ་འཐད་པའི་དོན་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །རྒྱུ་དང་འབྲས་བུ་བརྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། །རྗེས་རྟེན་འབྲེལ་བསྟོད་པར། །འདི་ཀུན་ངོ་བོས་སྟོང་པ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ཞེས་སོགས་ཀྱིས་བསྟན་ཅིང་། དཔལ་ལྡན་ཟླ་བས་ཀྱང་། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་བལྟོས་རྣམས་མ་གྲགས་པར་ཡང་མིན། །ཇི་ལྟར་དེ་ཡི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་ཤིང་། དེའི་འགྲེལ་པར་རྗེས། དངོས་པོ་སྟོང་བ་སྟེ་གཟུགས་བརྙན་དང་ལ་སོགས་པ། ཞེས་པ་ནས། བརྫུན་པའི་གཟུགས་བརྙན་ལས་བརྫུན་པའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་ན་ཡང་། དེས་སྟོང་པའི་རྒྱུ་དག་ལས་དེས་སྟོང་པའི་འབྲས་བུ་དག་རབ་ཏུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །གཟུགས་བརྙན་བྱ་བྱད་བཞིན་དུ་སྣང་ཡང་དེར་མ་གྲུབ་པ་ལྟར་རྒྱུ་འབྲས་ཀྱི་དངོས་པོ་རང་བཞིན་གྱིས་གྲུབ་པར་སྣང་ཡང་དེར་མ་གྲུབ་པ་གཉིས་འདྲ་བ་ནི། རྣམ་བཤད་དེ་ཉིད་ལས། བྱད་བཞིན་དུ་སྟོང་པའི་གཟུགས་བརྙན་ལྟ་བུ་དེ་ལ་སྣང་བའི་ཆ་འདི་ཙམ་ཞིག་བྱེད་བཞིན་དུ་སྣང་ལ། འདི་ཙམ་ཞིག་བྱད་བཞིན་དུ་མི་སྣང་ངོ་ཞེས་རྣམ་པ་ཐམས་ཅད་དུ་དབྱེར་མི་ནུས་ལ། བྱད་བཞིན་དུ་གང་སྣང་གི་ཆ་ཐམས་ཅད་ནས་སྣང་བ་ལྟར་དུ་ཡོད་པས་སྟོང་ཡང་། རང་གི་རྒྱུ་ལ་བརྟེན་ནས་འབྲས་བུ་སྐྱེ་བ་མི་འགལ་བ་དཔེར་བྱས་ནས། དཔེ་དེ་བཞིན་དུ་སྔོན་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་བ་ན་ཡང་སྔོན་པོའི་སྟེང་ནས་རང་བཞིན་གྱིས་གྲུབ་པར་སྣང་མི་སྣང་གི་ཆ་གཉིས་དབྱེར་མེད་པར་སྣང་ལ། དེ་ལྟར་སྣང་བ་ཡང་གང་སྣང་གི་ཆ་ཐམས་ཅད་ནས་སྣང་བ་ལྟར་དུ་སྟོང་ཡང་། རང་གི་རྒྱུས་རང་གི་འབྲས་བུ་བསྐྱེད་པ་མི་འགལ་པར་སྒྲུབ་པ་ཡིན་ཏེ། དེས་ན་རང་གི་ངོ་བོས་མེད་པས་ཡོད་མཐའ་ཐམས་ཅད་དང་། དེ་ཉིད་ལ་རང་བཞིན་མེད་པའི་རྒྱུ་འབྲས་འཇོག་ནུས་པས་མེད་མཐའ་ཐམས་ཅད་ལས་གྲོལ་བ་སློབ་དཔོན་སངས་རྒྱས་བསྐྱངས་དང་སློབ་དཔོན་ཟླ་བའི་ཞབས་ཀྱིས་འཕགས་པའི་དགོངས་པ་བཀྲལ་བའི་ཁྱད་ཆོས་སུ་སྣང་ཞེས་གསུངས་པ་ལྟར་རོ། །བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་གང་སྣང་གི་ཆ་ནས་བྱད་བཞིན་གྱིས་སྟོང་པ་ལྟར། སོ་སྐྱེའི་ཤེས་པ་ལ་རྒྱུ་འབྲས་སོགས་གང་སྣང་ཐམས་ཅད་རང་བཞིན་གྱིས་གྲུབ་པར་སྣང་ཞིང་། གང་སྣང་གི་ཆ་ཐམས་ཅད་ནས་རང་བཞིན་གྱིས་གྲུབ་པས་སྟོང་པར་གསུངས་པ་ནི་དགག་བྱ་ཕྲ་མོ་ནས་འགོག་ཚུལ་ཡིན་ཏེ། རང་རྒྱུད་པས་སོ་སྐྱེའི་དབང་ཤེས་ལ་གཟུགས་སོགས་ཡུལ་ལྔ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཞིང་སྣང་བ་ལྟར་ཡུལ་ལྔའི་རང་མཚན་ལ་ཚད་མར་སོང་བས། གཟུགས་བརྙན་ལྟ་བུ་མ་ཡིན་པའི་གཟུགས་སྒྲ་སོགས་སྣང་བ་སྣང་བ་ལྟར་གྲུབ་པའི་ཀུན་རྫོབ་ཏུ་བཞེད། ཐལ་འགྱུར་ལས་སོ་སྐྱེའི་དབང་པོའི་མངོན་སུམ་རྣམས་ཀྱང་ཡུལ་ལྔའི་རང་མཚན་ལ་འཁྲུལ་པས་དེ་ལ་ཚད་མར་མ་སོང་ཞིང་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་བཞེད་པའི་ཕྱིར་ཏེ། དེ་ལྟར་ལམ་རིམ་ལས་བཤད་ཅིང་གཞན་ཡང་ལམ་རིམ་ཆེན་མོར། དེ་ལ་རང་བཞིན་མེད་པའི་ལྟ་བ་མ་རྙེད་གོང་དུ་གང་ཟག་དེ་དག་གི་ཡོད་པ་ཙམ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཡོད་པ་གཉིས་སོ་སོར་ཕྱེད་པ་མི་སྲིད་དེ། ཞེས་གསུངས་པས་ཀྱང་ཤེས་པའི་ཕྱིར་རོ། །དེས་ན་པཎ་ཆེན་གོང་མས་ཕྱག་ཆེན་འགྲེལ་བར། རང་ཅག་སོ་སྐྱེའི་བློ་ལ་ཇི་ལྟར་སྣང་བ་འདི་རྟགས་ཀྱི་དགག་བྱར་བཤད་ཅིང་། མཁས་པ་གཞན་འགའ་ཞིག་ཀྱང་དེ་ལྟར་འདོད་པ་ནི་འཐད་པར་མཐོང་ངོ་། །འོན་ཀྱང་སྣང་བ་ཙམ་རྟགས་ཀྱི་དགག་བྱ་མིན་གྱི། སྣང་བ་ལྟར་གྲུབ་པ་ནི་རྟགས་ཡང་དག་གི་དགག་བྱར་འདོད་དོ། །གཞན་ཡང་སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ལེགས་པར་ཤེས་པ་ནི་སྟོང་པ་བརྟེན་འབྱུང་གི་དོན་དུ་འགྲོ་ཚུལ་གོ་བ་ལ་རག་ལས་ཤིང་། དེ་ཡང་གོང་དུ་བཤད་པ་དེ་དག་ཡིན་མེད། རང་བཞིན་གྱིས་སྟོང་པ་བརྟེན་འབྱུང་གི་དོན་དུ་སྟོན་པའི་གཞུང་གཞན་ནི། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ཞེས་དང་། དེའི་དོན་རྗེས། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །ཞེས་པས་འཆད་ཅིང་། མགོན་པོས་རྩ་ཤེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བར་གང་། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །ཞེས་དང་། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དང་། དབུ་མའི་ལམ་དུ་དོན་གཅིག་པར། ཞེས་དང་། འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང་། རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ཉིད་ཁྱོད་ཀྱིས་སྟོང་པར་བཞེད། །ཞེས་དང་། བཞི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རེ། །ཞེས་དང་། དེའི་འགྲེལ་པར། རྟེན་ཅིང་འབྲེལ་པར་འབྱུང་བ་རང་དབང་བའི་ངོ་བོ་དང་བྲལ་བའི་ཕྱིར་རང་དབང་པའི་ངོ་བོ་དང་བྲལ་བའི་དོན་སྟོང་པ་ཉིད་ཀྱི་དོན་ཡིན་གྱི། ཞེས་དང་། ལམ་རིན་ཆེན་མོར། ཤེས་ལྡན་དག རང་བཞིན་སྟོང་པ་ཉིད་ཀྱིི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡིན་གྱི། ཞེས་དང་། ཚིག་གསལ་ལས་ཀྱང་དེ་ལྟར་བཤད་དོ། །རྗེ་ནོར་བཟང་རྒྱ་མཚོས་ཀྱང་། ཆོས་རྣམས་རང་བཞིན་གྱིས་སྟོང་པའི་དོན་ནི། ཆོས་རྣམས་ཡུལ་སྟེང་ནས་རྡུལ་ཙམ་ཡང་མེད་པར་མིང་ངམ་རྟོག་པས་ཕར་བཏགས་ནས་བཞག་པ་ཙམ་ཡིན་པའི་དོན་གཉིས་གཅིག་པ་འདི། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་རྟེན་འབྱུང་དང་སྟོང་པ་དོན་གཅིག་ཏུ་བཤད་པའི་དོན་ཡིན་ནོ། །རྒྱུ་མཚན་དེས་ན་མྱུ་གུ་བརྟེན་ནས་བཏགས་པ་ཙམ་གྱི་བཏགས་ཡོད་མིང་རྐྱང་དུ་རྟོགས་པའི་གང་ཟག་དེས་མྱུ་གུ་རང་བཞིན་གྱི་མ་གྲུབ་པ་ཅིའི་ཕྱིར་མི་རྟོགས། དེ་ཡང་གང་ཟག་དེའི་རྒྱུད་ཀྱི་མྱུ་གུ་རང་བཞིན་གྱིས་མ་གྲུབ་སྙམ་དུ་འཛིན་པའི་བློ་དེ་ལ་མྱུ་གུ་བཏགས་པ་ཙམ་དུ་འཛིན་པའི་འཛིན་སྟངས་མེད་ཅིང་། བཏགས་པ་ཙམ་དུ་འཛིན་པའི་བློ་དེ་ལ་རང་བཞིན་གྱིས་མ་གྲུབ་པར་འཛིན་པའི་འཛིན་སྟངས་མེད་ཀྱང་། གང་ཟག་དེས་མྱུ་གུ་བཏགས་ཡོད་མི་རྐྱང་དུ་རྟོགས་པ་ཉིད་ཀྱིས་མྱུ་གུ་རང་བཞིན་གྱིས་མེད་པར་རྟོགས་པ་ཡིན་ཏེ། ཞེས་སོགས་དཔེ་དང་བཅས་ནས་གསུངས་ཏེ་གནད་ཆེའོ། །ཡང་རྗེས་རྩ་ཤེའི་ཊིཀ་ཆེན་ལས། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་སོགས་ཀྱི་རྐྱེན་ལ་རག་ལས་པའི་དོན་གང་ཡིན་པ་དེ་ཉིད་རང་ལ་ཚུགས་ཐུབ་ཀྱི་རང་བཞིན་མེད་པ་སྟོང་པའི་དོན་དུ་བཤད་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲའི་དོན་གང་ཡིན་པ་དེ་ཉིད་རང་བཞིན་གྱིས་སྟོང་པའི་དོན་ཡིན་གྱི། ཞེས་དང་གལ་ཏེ་རང་བཞིན་གྱིས་གྲུབ་པས་སྟོང་པའིི་དོན་ནི་རྟེན་འབྱུང་གི་དོན་ཡིན་ནོ་ཞེས་མང་དུ་གསུངས་ན། འདིའི་དོན་གང་ཡིན་ཞེས་དྲི་བ་བཀོད་ནས་ལན་དུ། སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་རང་བཞིན་གྱིས་གྲུབ་པ་ཚད་མས་ཁེགས་པས་དབུ་མ་པ་རྣམས་ལ་ཡིན་གྱི་གཞན་ལ་མིན་ནོ། །དེ་འདྲ་བའི་དབུ་མ་པ་ལ་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་ལ་རག་ལས་པའི་རྟེན་འབྱུང་དུ་དངོས་སུ་ངེས་པ་ན། བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་པས་སྟོང་བའི་དོན་དུ་ངེས་པར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པ་གཞན་ལ་ལྟོས་པ་མེད་པར་ཚད་མས་རྟོགས་ཤིང་དེ་དང་རྟེན་འབྱུང་གཉིས་འགལ་བར་ཚད་མས་རྟོགས་པའི་ཕྱིར་རོ། །དེས་ན། རྟེན་འབྱུང་ཉིད་ཀྱིས་རང་བཞིན་གྱིས་ཡོད་པ་ཁེགས་པའི་སྟོང་ཉིད་ལ་ངེས་པ་རྙེད་པ་ནི་ནམ་མྱུ་གུ་ལ་སོགས་པ་རྒྱུ་རྐྱེན་ལ་ལྟོས་པར་མཐོང་བ་དང་ཐོས་པ་དང་། དྲན་པའི་མོད་ལ། རྒྱུ་མཚན་དེ་ཉིད་ཀྱིས་རང་བཞིན་མེད་པ་ཡིན་པའི་ཚུལ་བསམ་པ་ལ་གོམས་པར་བྱའོ། །ཞེས་དང་། རྗེ་དགེ་འདུན་རྒྱ་མཚོས་སྟོང་ཉིད་བདུན་ཅུའི་འགྲེལ་བར་ཡང་། རྟེན་འབྲེལ་གྱི་དོན་རང་བཞིན་སྟོང་པ་ཉིད་དུ་རྟོགས་པ་ན། ལས་འབྲས་དང་འཁོར་འདས་སོགས་མིང་རྐྱང་བཏགས་ཡོད་ཙམ་གྱི་སྣང་ཕྱོགས་རྟེན་འབྲེལ་གྱི་ངེས་པ་ལ་མི་གནོད་པའི་སྟེང་དུ་ཕན་འདོགས་པ་ཞིག་དང་། ཆོས་རྣམས་རང་རང་གི་གདགས་གཞི་ལ་རྟོག་པས་ཕར་བཞག་ཙམ་རྐྱང་བ་མ་གཏོགས། ཡུལ་སྟེང་ནས་གྲུབ་པའི་ངོ་བོ་ཉིད་རྡུལ་ཙམ་ཡང་མེད་པའི་ངེས་པ་རྙེད་པ་ན། རྒྱུ་འབྲས་སོགས་རྟེན་འབྲེལ་གྱི་སྣང་བ་བློ་ལ་ཤར་ཙམ་ནས་དེ་དག་རང་བཞིན་མེད་པར་ཆམ་གྱིས་ངེས་ནུས་པ་ཞིག་འབྱུང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །རང་བཞིན་གྱིས་མེད་ཅིང་རྟོག་པས་བཏགས་ཙམ་གྱི་ཆོས་ལ་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་འཐད་པར་གཏིང་ནས་འཇོག་ཤེས་པའི་དབུ་མའི་ལྟ་བ་འདི་རྙེད་དཀའ་བ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། དེས་ན་རིགས་པས་རྣམ་པར་དཔྱད་པ་ན་གང་ཟག་ལ་སོགས་པ་རང་གི་ངོ་བོས་གྲུབ་པའི་ཡུལ་སྟེང་དུ་སྡོད་ཚུལ་ཅུང་ཟད་ཀྱང་མི་འདུག་གོ་སྙམ་པ་དང་། དེ་ལ་བརྟེན་ནས་སྣང་བ་འདི་རྣམས་བན་བུན་དུ་འཆར་བ་ཙམ་དཀའ་བ་མིན་གྱི། དེ་འདྲ་བ་དེ་དབུ་མའི་གྲུབ་མཐའ་ལ་མོས་ཤིང་རང་བཞིན་མེད་པའི་ཚུལ་སྟོན་པའི་ཆོས་ཐན་ཐུན་ཐོས་པ་ཐམས་ཅད་ལ་འོང་ཡང་། དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་། རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ལ་སོགས་པ་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་ཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་བརྙེད་པ་དཀའ་བ་ཡིན་ནོ། །ཞེས་དང་། གསུང་འབུམ་ཐོར་བུ་ལས་ཀྱང་དེ་ལྟར་འབྱུང་ཞིང་། དགོངས་པ་རབ་གསལ་ལས། རྟོག་པས་བཞག་པ་དེ་ལ་རང་རང་གི་བྱ་བྱེད་འཐད་པ་ནི། ཞེས་པ་ནས། དབུ་མའི་ལྟ་བ་མཐར་ཐུག་པའི་དཀའ་ས་ཡང་དེ་ཉིད་དོ། །ཞེས་དང་། རྗེ་དགེ་འདུན་རྒྱ་མཚོའི་རྟེན་འབྲེལ་སྟོད་བའི་ཊིཀྐར་ཡང་། དེས་ན་ཐལ་འགྱུར་བའི་ལུགས་ཀྱི་ཆོས་དང་གང་ཟག་གི་སྟེང་དུའང་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཅད་ཙམ་གྱི་མེད་དགག་ཉིད་ཤེས་དཀའ་བ་མིན་གྱི། རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་ཐ་སྙད་དུ་རྒྱུ་འབྲས་འཁོར་འདས་སོགས་གཞན་ངོ་ཙམ་མ་ཡིན་པར་རང་ལུགས་ལ་འཇོག་ཤེས་ཤིང་། བསྙོན་མེད་དུ་ཁས་བླངས་ཆོག་པ་ཅིག་མི་ཤེས་ཁ་མིང་དང་དེ་འདྲའི་གཉིས་ཚོགས་དེ་འཇོག་པ་ཤིན་ཏུ་དཀའ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཆོས་རྣམས་རྟོག་པས་བཞག་ཚུལ་དང་བཏགས་ཡོད་ཙམ་དུ་འཇོག་ཚུལ་གཞུང་ཆེ་བ་ནས་བཤད་པ་རྣམས་དྲངས་ན་མང་དུ་དོགས་པས་མཚོན་ཙམ་ཞིག་བརྗོད་ན། ས་རྡོ་ཤིང་སོགས་ལས་ཐོ་ཡོར་བྱས་པའི་ཚེ། ས་རྡོ་སོགས་ལ་དང་པོ་ནས་ཐོ་ཡོར་མེད་ཀྱང་དེ་དག་ཚོགས་པ་ལ་གློ་བུར་དུ་མིང་དང་རྟོག་པས་ཐོ་ཡོར་ཞེས་བརྡ་བྱས་པ་ཙམ་གྱིས་ཐོ་ཡོར་དུ་འགྱུར་བ་བཞིན་ཏེ། དཔྱད་པའི་ཚེ་ས་རྡོ་སོགས་རེ་རེའམ་ཚོགས་པ་དང་དབྱིབས་དང་ཁ་དོག་གང་ཡང་ཐོ་ཡོར་མིན་ཞིང་། དེ་ལས་ངོ་བོ་ཐ་དད་པའི་ཐོ་ཡོར་ཞིག་ཀྱང་མེད་དེ་རྟོག་པས་བཏགས་པ་ཙམ་མོ། །དེ་བཞིན་དུ་གཞན་དུ་སྦྱར་བར་བྱ་སྟེ། ས་རྡོ་སོགས་ལས་གྲུབ་པའི་རི་རབ་སོགས་དང་། ཁང་བ་སོགས་དང་། ཚོན་སྣ་ཚོགས་ལས་གྲུབ་པའི་སྐུ་འདྲའམ་གང་ཟག་གཞན་གྱི་གཟུགས་བརྙན་དང་། འཇིམ་པ་དང་གསེར་དངུལ་སོགས་ལས་སྐུ་བརྙན་དང་ཀ་བུམ་སོགས་དང་། སྣམ་བུ་སོགས་ལས་གྲུབ་པའི་ཞྭ་གོས་སོགས་དང་། ཕྲེང་བ་དང་། ནགས་ཚལ་དང་། དམག་དང་། དགེ་འདུན་ཚོགས་པ་སོགས་དང་། ཆ་ཤས་སམ་རྒྱུ་རྐྱེན་ཚོགས་པ་ཀུན་ལའང་སྦྱོར། གང་ཟག་རྣམས་ཀྱང་དེ་ལྟར་ཡིན་ཏེ། རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །ཞེས་སོགས་དང་། སྤྱོད་འཇུག་ལས་ཀྱང་། སོ་དང་སྐྲ་སེན་བདག་མ་ཡིན། །ཞེས་གསུངས་པ་ལྟར་ཏེ། སྐྱེས་བུ་གང་ཟག་རྣམས་ནི། རང་གི་གདགས་གཞི་ཕུང་ཁམས་སྐྱེ་མཆེད་སོགས་ལ་བཏགས་པ་ཙམ་ཡིན་གྱི། གདགས་གཞི་ཕུང་ཁམས་སོགས་ཀྱི་ཡ་གྱལ་དང་ཚོགས་པ་དང་དབྱིབས་སོགས་གང་ཡང་སྐྱེས་བུ་མིན་ལ། དེ་དག་ལས་དོན་གཞན་ན་ཡན་གར་བའི་སྐྱེས་བུ་མེད་དེ་རྟོག་པས་བཏགས་པ་ཙམ་མོ། །སྤྱིར་མཚན་ཉིད་པ་ལ་གྲགས་པའི་སྤྱི་ཞེས་པ་རྣམས་མིང་རྐྱང་བཏགས་ཡོད་ཙམ་དུ་འཇོག་པ་ནི་སླ་སྟེ། ཤེས་བྱ། དངོས་པོ། བུམ་པ་སོགས་ཀྱང་སྤྱི་ཙམ་ནས་བརྗོད་པ་ཡིན་ལ། དེར་མ་ཟད་ཁང་པ་གཅིག་གི་ནང་དུ་ཀ་བ་ཅི་ཙམ་ཡོད་ཀྱང་དེ་ཐམས་ཅད་ལ་རྗེས་སུ་འགྲོ་བའི་ཀ་བ་སྤྱི་ཙམ་ཞིག་ཀྱང་ཡོད་ཅིང་། མི་བྱེ་བྲག་པ་དུ་ཡོད་ཀྱང་བྱེ་བྲག་པ་དེ་རྣམས་ལ་རྗེས་སུ་འགྲོ་བའི་མི་ཞེས་སྤྱི་ཙམ་ཞེས་ཀྱང་ཡོད་དེ་བཏགས་པ་ཙམ་མོ། །ལས་ཀྱིས་བྱས་པའི་ལྷ་མི་སོགས་དང་། རྩོལ་བས་བྱས་པའི་ཀ་བུམ་སོགས་ལྟ་བུ་སེམས་ཡོད་མེད་ཀྱི་ཁྱད་པར་ཙམ་མ་གཏོགས་གདགས་གཞི་ཚོགས་པ་ལ་བརྟེན་ནས་བཏགས་པ་འདྲ་སྟེ། ལྷ་མི་སོགས་གང་ཟག་ཐམས་ཅད་གཟུགས་སེམས་གཉིས་སམ་ཕུང་པོ་ལྔ་ཚོགས་པ་ལ་བརྟེན་ནས་བཏགས། ཀ་བུམ་སོགས་འབྱུང་བ་དང་འབྱུང་འགྱུར་གྱི་གཟུགས་ཙམ་ཚོགས་པ་ལ་བརྟེན་ནས་བཏགས་ཏེ། མདོར་ན། མི་ལྟ་བུ་ཕུང་པོའི་ཆ་ཤས་ཚོགས་པ་ལ་བརྟེན་ནས་བཏགས་ལ། གཟུགས་ལྟ་བུ་ཡན་ལག་གམ་ཆ་ཤས་ཚོགས་པ་ལ་བཏགས་པ་དེ་བཞིན་དུ་ཆ་ཤས་རྣམས་ཀྱང་རང་རང་གི་ཆ་ཤས་ལ་བལྟོས་ནས་ཆ་ཅན་ཡིན་པས་དེ་ལ་བརྟེན་ནས་བཏགས་པའི་ཚུལ། རིགས་པས་དེད་ནས་ཆོས་གཞན་ཐམས་ཅད་ལ་སྦྱར་ནས་རང་བཞིན་མེད་པར་ཤེས་པར་བྱ་སྟེ། སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། ཞེས་དང་། ཏིང་ངེ་འཛིན་རྒྱལ་པོར། ཇི་ལྟར་ཁྱོད་ཀྱིས་བདག་གིས་འདུ་ཤེས་ནི། ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། ཞེས་དང་། འཕགས་པ་ལྷས། གཅིག་གི་ལྟ་བོ་གང་ཡིན་པ། དེ་ནི་ཀུན་གྱི་ལྟ་བོ་ཡིན། གཅིག་གི་སྟོང་ཉིད་གང་ཡིན་པ། དེ་ནི་ཀུན་གྱི་སྟོང་ཉིད་ཡིན། ཞེས་དང་། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། དེ་ཡི་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་གསུངས་པའི་ཕྱིར་རོ། ༈ །འཁོར་འདས་ཀྱི་ཆོས་རྣམས་ཀྱི་རྒྱུ་འབྲས་མི་བསླུ་བར་གསུངས་པའི་དོན་ལ་གཉིས་ཏེ། ཕྱིའི་རྒྱུ་འབྲས་དང་། ནང་གི་རྒྱུ་འབྲས་མི་སླུ་བའི་ཚུལ་ལོ། དང་པོ་ནི། གྲོ་ནས་སོགས་ས་བོན་སྣ་ཚོགས་དང་། རྩ་ཤིང་སོགས་ལས་ཀྱང་རང་རང་གི་རིགས་ཀྱི་འབྲས་བུ་གང་ཡིན་རྣམས་མ་ནོར་བར་འབྱུང་ཞིང་ནོར་ནས་འབྱུང་མི་སྲིད་པའི་མི་སླུ་བ་དང་། གཉིས་པ་ནི། རིན་ཆེན་འཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དང་། །ཅེས་དང་། མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་དང་། འཇུག་པ་ལས་ཀྱང་། འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །ཞེས་གསུངས་པ་ལྟར་ནང་གི་རྒྱུ་དགེ་མི་དགེ་བྱས་པ་ལས་འབྲས་བུ་བདེ་འགྲོ་ངན་འགྲོ་གཉིས་དང་དེའི་བདེ་སྡུག་མ་ནོར་བར་འབྱུང་བའི་ཚུལ་སྤྱི་དང་། ཁྱད་པར་དུ་སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། ཞེས་འབྱུང་བ་ལྟར། མ་རིག་པའི་འཁོར་བ་འགྲུབ་པའི་རྒྱུའི་གཙོ་བོ་བྱེད་པ་དང་། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། ཞེས་གསུངས་པ་ལྟར། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཐར་བ་འགྲུབ་པའི་རྒྱུའི་གཙོ་བོ་བྱེད་ཅིང་། མདོར་ན་ཀུན་བྱང་ངམ་འཁོར་འདས་ཀྱི་ཆོས་རྣམས་ཀྱི་རྒྱུ་འབྲས་མི་སླུ་བ་ལ་ངེས་པ་རྙེད་པར་བྱའོ། །དེ་ཡང་རྩ་ཤེ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་དང་། རྗེས་ཀྱང་། རང་བཞིན་གྱིས་ནི་སྟོང་པ་དང་། །བྱ་བྱེད་འཐད་པ་མི་འགལ་ཞིང་། །ཞེས་སོགས་དང་། རང་བཞིན་འགའ་ཡང་མེད་པ་དང་། །འདི་ལ་བརྟེན་ནས་འདི་འབྱུང་བའི། །ཞེས་སོགས་དང་། གོང་དུ་བཤད་པ་ལྟར་སྟོང་པ་རྟེན་འབྲེལ་གྱི་དོན་དུ་ཤེས་ན་ཁྱད་ཆེ་བ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། སྟོང་ཉིད་ཀྱི་དོན་གོ་ན་ནི་དེ་ཉིད་རྟེན་འབྲེལ་གྱི་དོན་དུ་མཐོང་ནས་ལས་འབྲས་ལ་ངེས་པ་སྐྱེ་བའི་གྲོགས་སུ་འགྱུར་ཏེ། མདོ་དེ་ཉིད་ལས། །སྐྱུ་མ་ཆུ་བུར་རྨི་ལམ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་འདྲ། །ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང་། །ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱིས་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྒྱུ་འབྲས་མི་སླུ་བའི་ཚུལ་རང་ལུགས་སུ་ཁས་ལེན་པ་ཡིན་ལ། དེ་ཉིད་ཀྱིས་མཐའ་ཐམས་ཅད་སྤོང་བའི་སྟོང་ཉིད་དུ་འགྱུར་ཚུལ་ལ་སོགས་དཔག་ཏུ་མེད་པ་ཡོད་ཅེས་པའི་དོན་གོང་དུ་བརྗོད་པ་ལྟར་རོ། ༈ །རྒྱུ་འབྲས་དེ་ཡང་སྔོན་གྱི་དབུ་མ་པ་ཁ་ཅིག་གཞན་ངོར་མི་སླུ་ཞིང་། རང་ལུགས་ལ་སླུ་མི་སླུའི་རྣམ་གཞག་གང་ཡང་ཁས་མི་ལེན་ཟེར་བ་ལྟར་ཡང་མིན་གྱི་རྒྱུ་འབྲས་ཀྱི་རྣམ་གཞག་རང་ལུགས་སུ་ཁས་ལེན་པ་ཡིན་ལ། རྟེན་འབྲེལ་སྟོང་པ་དབྱེར་མེད་དུ་སྦྱོར་བའི་ཚེ། ལམ་གཙོ་ལས། སྣང་བ་རྟེན་འབྲེལ་སླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ཅེས་གསུངས་པ་ལྟར་སྣང་སྟོང་གཉིས་བློ་ངོར་གཅིག་ཏུ་འདུ་མི་ནུས་པའི་རེས་འཇོག་མིན་ཞིང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་མ་དཔྱད་ན་རྒྱུ་འབྲས་མི་སླུ་བར་མཐོང་ཞིང་དཔྱད་ནས་རྒྱུ་འབྲས་འདི་ཡིན་མ་རྙེད་པའི་རྗེས་ནས་བསམ། ཕྱིས་ད་གཟོད་རྒྱུ་འབྲས་མཐོང་ཙམ་ནས། དཔྱད་ནས་མ་རྙེད་པ་དང་མ་དཔྱད་ན་རྙེད་པ་དེ་གཉིས་གཞི་གཅིག་གི་སྟེང་དུ་འགལ་མེད་དུ་སྦྱོར་ནུས་པ་ལ་བསམས་ནས་རྟེན་འབྲེལ་དང་སྟོང་པ་དབྱེར་མེད་དུ་བྱེད་པ་ཙམ་ཡང་མིན་གྱི། ཇི་ལྟར་ཞེ་ན། དེ་ནི་ལམ་གཙོ་ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཆར་དུ། །རྟེན་འབྲེལ་མི་སླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་པའི་དོན་ལྟར་སྣང་སྟོང་ཟུང་འཇུག་ཏུ་ཤེས་དགོས་སོ། །ཤེས་ཚུལ་ལ་ཇི་ལྟར་ཡིན་ཞེ་ན། དེ་ནི་བློ་སོ་སོ་མ་ཡིན་པར་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བར་མི་སླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས། བློ་གཞན་ལ་ལྟོས་མེད་དུ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པའི་འཛིན་སྟངས་ཀྱི་དམིགས་པའི་གཏད་སོ་ཞིག་པའི་སྟོང་པ་ཡང་ཤེས་ཡོང་བའི་ཚུལ་དང་། རྒྱུ་འབྲས་མི་སླུ་བའི་གཏན་ཚིགས་སམ་རྒྱུ་མཚན་དེ་ཉིད་ཀྱིས་རྟགས་གཞན་ལ་ལྟོས་མེད་དུ་ཡོད་མེད་ཀྱི་མཐའ་སོགས་དང་བྲལ་བའི་སྟོང་པ་གྲུབ་པའི་ཚུལ་ཤེས་པ་ལས། བཏགས་ཡོད་མིང་རྐྱང་ཙམ་ལ་རྒྱུ་འབྲས་མི་སླུ་བའི་འཇོག་ཚུལ་ལ་སྔར་ལྟར་གཏིང་ནས་ངེས་ཤེས་འདྲོངས་པ་འོང་ཞིང་། དེ་ལྟར་ཤེས་པའི་ཚུལ་དེ་ཀ་ནས་བདེན་འཛིན་གྱིས་བཟུང་བ་ལྟར་མེད་པའི་དམིགས་གཏད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཡིན་ནོ། །དེ་ནི་ལམ་གཙོར། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་སླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། ། ཞེས་གསུངས་པ་དང་དོན་གཅིག་གོ །སྐབས་འདི་གནང་བ་ལ་བརྟེན་ནས་རྗེ་བཙུན་རེད་མདའ་བས་ཀྱང་རྗེའི་དགོངས་པ་ལྟར་རྟོགས་པ་ཡིན་ཏེ། རེད་མདའ་བའི་གསུང་ལས། ལས་འབྲས་བསླུ་བ་མེད་པའི་ཡིད་ཆེས་དང་། །རྟེན་འབྲེལ་སྟོང་པ་རྟོགས་པའི་ཤེས་རབ་གཉིས། །འབྲལ་མེད་ཟུང་དུ་འཇུག་པ་ནམ་ཆུད་པ། །དེ་ཚེ་མཐའ་འབྲས་དབུ་མའི་ལམ་ལ་ཞུགས། ཞེས་དང་། སྣང་དུས་ཉིད་ནས་སྟོང་པར་རྟོགས་པ་དང་། །སྟོང་པར་རྟོགས་ཚེ་སྣང་བ་མིི་འགོག་པའི། །ཟུང་འཇུག་ལམ་ལ་ངེས་པ་ནམ་སྐྱེས་པ། །དེ་ཚེ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན། །ཞེས་དང་། ཡང་། རྟེན་འབྲེལ་བཏགས་པ་ཙམ་དུ་གོ་ན་དོན་དམ་བརྗོད་བྲལ་ནམ་མཁའ་ལྟར་གོ་བའི་ངེས་པ་སྐྱེས་པས། བློ་གཞན་ལ་ལྟོས་མི་དགོས་པར་བློ་དེ་ཉིད་ཀྱིས་སྒྲོ་འདོགས་ཆོད་པའོ། །དཔེར་ན། ས་ཕྱོགས་དག་པར་རྟོགས་པའི་བློ་དེ་ཉིད་ཀྱིས་བུམ་མེད་ལ་སྒྲོ་འདོགས་ཆོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེ་དང་མཐུན་པར་རྗེ་དགེ་འདུན་རྒྱ་མཚོའི་རྟེན་འབྲེལ་སྟོད་པའི་ཊིཀྐར་ཡང་། སྣང་བ་ལ་ངེས་ཤེས་དྲངས་པ་ཙམ་གྱིས་སྟོང་པ་ལ་ངེས་ཤེས་ཇེ་ཆེར་འདྲོངས་པ་ཅིག་དང་། སྟོང་པ་ལ་ངེས་ཤེས་དྲངས་པ་ཙམ་གྱིས་སྣང་བ་ལ་ངེས་ཤེས་ཇེ་ཆེར་འགྲོ་བ་ཅིག་དགོས་ཏེ། དེ་འདྲ་ཞིག་བྱུང་ན་སྟོང་པ་རྟེན་འབྲེལ་གྱི་གྲོགས་སམ་དོན་དུ་ཤར་བ་ཞེས་བྱ་ཞིང་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་བླ་ན་མེད་པ་འཕགས་པ་ཀླུ་སྒྲུབ་ཡང་སྲས་ཀྱིས་བཀྲལ་བའི་གནད་མཐར་ཐུག་པ་ཡིན་མོད། རྗེ་བཙོང་ཁ་པ་འབའ་ཞིག་གི་དགོངས་པར་སྣང་ངོ་། །ཞེས་གསུངས་པ་ལྟར་རོ། །༈ དེ་ནས། སྤྱིར་ཆོས་ཀྱི་རྣམ་གྲངས་མང་ཡང་ཐར་པའི་རྒྱུར་འགྲོ་བ་ནི་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྟ་བ་རྣམ་དག་གོ །ད་ལྟ་འདི་གསུམ་ལ་མྱོང་བ་ཐོན་པ་ལྟ་ཞོག གོ་བ་རྣམ་དག་ཡོད་པ་ཡང་དཀོན་ཞིང་། དེ་ལ་གསུམ་གྱི་དང་པོ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་གཉིས་ལ་གོ་བ་རྣམ་དག་ཡོད་པ་ཙམ་གྱིས་ཐར་པའི་ས་བོན་འཇོག་མི་ནུས་ཀྱང་། ཕྱི་མ་སྟོང་ཉིང་རྟོགས་པའི་ལྟ་བ་ལ་གོ་བ་རྣམ་དག་ཡོད་ན་དེ་སྟོབས་ཆེ་བས་ས་བོནའཇོག་ནུས། གོ་བ་རྣམ་དག་ལྟ་ཅི་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་ཙམ་གྱིས་ཀྱང་ཐར་པའི་ས་བོན་འཇོག་ནུས་པ་ཡིན་ཏེ། འཕགས་པ་ལྷས་བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བ་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དང་པོ་ངེས་འབྱུང་སེམས་བསྐྱེད་གཉིས་གོ་བ་ཙམ་ལས་༼མཚམས་འདི་ནས་ཡི་གེ་འགའ་ཆད་པའམ་ཡིག་ལྷག་གང་རུང་འདུག་སྙམ༽མ་ལས་བར་ཡིད་འགྱུར་བའི་མྱོང་བ་ཐོན་པས་ཐར་པའི་ས་བོན་འཇོག །དེ་ཡང་འབད་པ་དྲག་པོས་འཁོར་བའི་ཕུན་ཚོགས་ཀྱིས་བསྡུས་པའི་སྡུག་བདེན་ལ་དམིགས་ནས་རྣམ་པ་དེ་དང་འབྲལ་འདོད་ཡིད་ལ་བྱེད་པའི་བྱེད་སྒོམ་ཡང་ཡང་བྱས་པས་གོམས་པའི་མཐུས་ཡིད་འགྱུར་པ་ན། རྩོལ་བཅས་ཀྱི་མྱོང་བ་ཐོན་པ་འོང་ཞིང་ངེས་འབྱུང་ཡིན་པས། དེས་ཐར་པའི་ས་བོན་འཇོག་ནུས་ཀྱང་ལམ་གྱི་སྣར་མ་སླེབ་པོ། །ལམ་གཙོ་ལས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་སླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་སྲིད་པའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་པ་ལྟར། སྲིད་པའི་བདེ་འབྱོར་དྲན་ཙམ་གྱིས་ངེས་འབྱུང་རྩོལ་མེད་དུ་སྐྱེ་ན་ཉན་རང་གི་རིགས་ཅན་ཡིན་ནའང་ལམ་གྱི་སྣེ་ཟིན་ཀྱང་། ཐེག་ཆེན་གྱི་རིགས་ཅན་ཡིན་ན་སེམས་ཅན་གྱི་སྡུག་བསྔལ་དྲན་ཙམ་གྱིས་བྱང་སེམས་རྒྱུན་ལྡན་དུ་འཇུག་པའི་མྱོང་བ་ཐོན་ན་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུར་འཇོག །དེ་ཡང་འཁོར་བའི་ཉེས་དམིགས་སྡུག་བསྔལ་དང་ཐར་བའི་ཕན་ཡོན་མཐོང་བའི་དྲན་ཤེས་སྣ་རེ་རྒྱུན་ལྡན་དུ་བསྟེན་ནས་སྣང་ཤས་ལ་བློ་འགྲོར་མི་སྟེར་བར་སྲིད་པའི་སྐྱོན་མཚང་བཅར་བ་སྟེ་རིག་ཅིང་འགོག་པ་དང་། ཐར་བའི་ཕན་ཡོན་ལ་སེམས་འཛིན་པའི་དམིགས་རྣམ་གོམས་ནས་ངེས་འབྱུང་ལ་མྱོང་བ་འདོན་དགོས་ཤིང་། དེ་ལ་མྱོང་བ་མ་བཏོན་པར་སྦྱིན་པ་ནས་བསམ་གཏན་གྱི་བར་དགེ་རྩ་གང་གོམས་ཀྱང་ཐར་བའི་རྒྱུར་གཏན་ནས་མི་འགྲོ་བས་ཐར་འདོད་ཀྱི་གདུལ་བྱས། ཉམས་ལེན་གྱི་ཐོག་མར་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་གཞན་ཐམས་ཅད་རེ་ཞིག་བཞག་ནས་ངེས་འབྱུང་ལ་རྟོག་བསྒོམ་སྟེ། དཔྱད་བསྒོམ་བྱ་དགོས་སོ་ཞེས་གསུངས་པ་ལྟར་རོ། །འདིར་ངེས་འབྱུང་གི་རྣམ་གཞག་ཅུང་ཟད་བཤད་པ་གཉིས། དངོས་དང་། དོགས་གཅོད་དོ། །དང་པོ་ལ། འདིར་ངེས་འབྱུང་ཞེས་པ་ནི་ངེས་འབྱུང་གི་བློ་ཡིན་ལ། ངེས་པར་འབྱུང་བ་ནི་ཐར་པ་ཡིན་ཏེ། མདོ་རྩར། ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་པའི་རྩ་འགྲེལ་ལས་དེ་ལྟར་དུ་བཤད་པའི་ཕྱིར་རོ། །དེ་ལ་ཁྱད་པར་ཅན་དང་། ཕལ་པ་གཉིས་ཡོད་པའི་གཉིས་ཀའང་སྡུག་བདེན་ལ་དམིགས་ནས་སྐྱེ་བ་ཡིན་ཏེ། ཉམས་མགུར་ལས། སྡུག་བདེན་ཉེས་དམིགས་བསམས་ལ་མ་འབད་ན། །ཐར་བ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་། །ཞེས་དང་། ལམ་རིམ་ཆེ་ཆུང་དུའང་དེ་བཞིན་དུ་བཤད་པའི་ཕྱིར་རོ། །དེ་ཡང་ཚེ་འདིའི་སྣང་ཤས་མངོན་འགྱུར་བ་དང་ཕྱི་མའི་སྣང་ཤས་གཉིས་ཀ་འགོག་པའི་ཚུལ་གྱིས་འཁོར་བ་སྤྱི་ལས་ཐར་འདོད་ཀྱི་བློ་བསྐྱེད་དགོས་ཏེ། བྱེ་བྲག་པ་ངན་སོང་གི་སྡུག་བསྔལ་ལས་ཐར་འདོད་ཙམ་ནི་ངེས་འབྱུང་སྐྱེ་བའི་རྒྱུ་ཡིན་ཡང་ངེས་འབྱུང་གི་བློ་མཚན་ཉིད་ཚང་བ་མ་ཡིན་པའི་ཕྱིར་ཏེ། བདེ་འགྲོ་ཙམ་གྱི་བདེ་བ་ལ་གཙོ་བོར་སྲེད་པ་ཡང་འཁོར་བ་འཆིང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། ལམ་གཙོར། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར། ཞེས་གསུངས་པས་སོ། །དེས་ན་སྐྱེས་བུ་འབྲིང་གི་སྐབས་སུ་བཤད་པའི་བདེ་འགྲོའི་སྡུག་བསྔལ་བསམ་ཚུལ་དེ་ངེས་འབྱུང་སྐྱེ་བའི་ཐབས་ཁྱད་པར་ཅན་ཡིན་ཏེ། དེ་ཡང་ལམ་རིམ་ཆེན་པོ་ལས། ཐར་བ་ཞེས་པ་ནི་བཅིངས་པ་ལས་གྲོལ་བ་སྟེ། དེ་ཡང་ལས་དང་ཉོན་མོངས་པ་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ། དེ་གཉིས་ཀྱི་དབང་གིས་ཁམས་ཀྱི་དབང་གིས་འདོད་ཁམས་སོགས་གསུམ་དང་། འགྲོ་བས་ཕྱེ་ན་ལྷ་ལ་སོགས་པ་ལྔའམ་དྲུག་དང་། སྐྱེས་གནས་ཀྱི་སྒོ་ནས་མངལ་ལ་སོགས་པ་བཞིར་ཕུང་པོ་ཉིད་མཚམས་སྦྱར་བ་ནི་བཅིངས་པའི་ངོ་བོ་ཡིན་པས། དེ་ལས་འགྲོལ་བ་ནི་ཐར་བའོ། །དེ་ཐོབ་པར་འདོད་པ་ནི་ཐར་བ་དོན་གཉེར་གྱི་བློའོ། །ཞེས་པ་ནས། ཐར་བ་དོན་གཉེར་བསྐྱེད་པའི་ཐབས་ལ་གཉིས། སྡུག་བསྔལ་དང་ཀུན་འབྱུང་གི་སྒོ་ནས་བསམས་པ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པའོ་ཞེས་མདོར་བསྟན་ནས་རྒྱས་པར་འཆད་པ་ན། དང་པོ་ལ་སྡུག་བསྔལ་ལ་བརྒྱད་དང་། དྲུག་དང་། གསུམ་བསྒོམ་ཚུལ་དང་། ཀུན་འབྱུང་ལ་མི་དགེ་བ་བཅུ་དང་རྩ་ཉོན་གྱི་རྣམ་གཞག་རྒྱས་པར་འཆད་ཅིང་། དེ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག་ཀྱང་རྒྱས་པར་བཤད་པར་ལྟར་རོ། །རྟེན་འབྲེལ་གྱི་ཉམས་ལེན་ཀྱང་སྡུག་ཀུན་གྱི་ཉམས་ལེན་དུ་འདུ་བ་ཡིན་ཏེ། ཇི་སྐད་དུ། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་རྣམ་གཞག་མཛད་པ་ནི་འཁོར་བ་ལས་ཐར་བའི་ཐབས་ཀྱི་སྙིང་པོ་བསྡུས་ནས་བསྟན་པར་གོ་བར་བྱའོ། །འཁོར་བ་ལས་ཐར་འདོད་དང་། ཐར་བ་དོན་གཉེར་གྱི་བློ་དང་། ངེས་འབྱུང་གི་བློ་རྣམས་མིང་གི་རྣམ་གྲངས་ཡིན་ལ། དེ་སྐྱེས་པའི་ཚད་ནི། ལམ་རིམ་ཆེན་མོར། བསམ་པ་དེ་སྐྱེས་པའི་ཚད་ནི། དེ་ལྟར་སྡུག་བསྔལ་དང་ཀུན་འབྱུང་གཉིས་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད་ཞིབ་ཏུ་ཤེས་པར་བྱས་ནས། དེ་དག་འདོར་བར་འདོད་པ་དང་དེ་རྣམས་ཉེ་བར་ཞི་བ་ལ་ཐོབ་འདོད་བྱུང་བ་ཙམ་ནས་ངེས་འབྱུང་གི་བསམ་པ་ཡིན་མོད། ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། འོ་ན་ལམ་གཙོར། ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ། ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། དེ་ནི་ལམ་གྱི་སྣེར་སླེབ་པའི་ངེས་འབྱུང་ཁྱད་པར་ཅན་ལ་དགོངས་ཤིང་། དེ་དང་འདིར་བཤད་པའི་རྩོལ་མེད་ཀྱི་མྱོང་བ་ཐོན་པའི་ངེས་འབྱུང་ཡང་དེ་ལ་དགོངས་པར་འདྲ་བའི་ཕྱིར་རོ། །ཉིན་མཚན་ཀུན་ཏུ་ཞེས། གསུངས་ཀྱང་མཚན་མོ་གཉིད་ལོག་པའི་དུས་ལྟ་བུ་ལ་བློ་དེ་མངོན་འགྱུར་བ་ཡོད་མི་དགོས་ཏེ། རང་ཅག་ལྟོ་གོས་དོན་གཉེར་ཅན་དག་ལའང་གཉིད་དུས་སོགས་འགའ་ཞིག་ལ་དེ་དོན་གཉེར་མངོན་འགྱུར་དུ་འོང་བའི་ངེས་པ་མེད་པ་བཞིན་ནོ། །སྤྱིར་མདོ་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་རྒྱུད་སྨིན་པའི་དབང་དུ་མཛད་ནས་གསུངས་པས། འདུལ་བའི་གཞུང་གི་གདུལ་བྱའི་གཙོ་བོ་ཡང་དེ་ལྟ་བུ་ཞིག་དགོས་པ་ཡིན་པས་ངེས་འབྱུང་ཁྱད་པར་ཅན་གྱི་དབང་དུ་མཛད་པ་ཡིན་མོད། ད་ལྟའི་གདུལ་བྱའི་དབང་དུ་བྱས་ན་ངེས་འབྱུང་ལ་གཙོ་ཕལ་གཉིས་ཡོད་ཅེས་འདོད་རིགས་ཏེ། དེ་ཡང་གཞན་ལ་སྡོམ་པ་འབོག་པ་ལྟ་བུའི་སྐབས་སུ་མཁན་སློབ་སོགས་ཀྱིས་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན་ལེགས་པར་བརྡ་སྤྲད་པའི་ཚེ་གོ་བ་རགས་ཞིབ་གང་རུང་ཞིག་ལ་བརྟེན་ནས་འཁོར་བ་ལས་ཐར་འདོད་དང་ཐར་བ་ཐོབ་འདོད་ཁྱད་པར་ཅན་ནམ། མིན་ཡང་སྤམ་ཡེ་བ་ལེགས་པ་ཞིག་སྐྱེས་པས་ཀྱང་ངེས་འབྱུང་གི་གོ་ཆོད་ཅིང་། སྡོམ་པ་སྐྱེ་བའི་རྟེན་དུ་ཡང་འགྱུར་བར་སེམས་ཏེ། ཚུལ་འདི་ནི་རྒྱལ་དབང་ལྔ་པ་ཆེན་པོ་སོགས་འགའ་ཞིག་ཀྱང་བཞེད་དེ་འཐད་པར་མངོན་ནོ། །ངེས་འབྱུང་ཁྱད་པར་ཅན་དང་ཕལ་པ་གཉིས་ལས་སྡོམ་པ་ཐོབ་འོང་བ་འདྲ་ཡང་མཆོག་དམན་ཡོད་པར་ཁས་བླངས་པ་ལ་འགལ་བ་མེད་དེ། དཔེར་ན་དབང་བསྐུར་བའི་ཚེ་དབང་ཐོབ་པ་ཙམ་ལ་འདྲ་ཡང་། བསྐུར་མཁན་དང་ཞུ་མཁན་མཆོག་དམན་གྱིས་དབང་ཐོབ་ཚུལ་ལ་མཆོག་དམན་འོང་བར་སྔགས་རིམ་ལས་བཤད་པ་བཞིན་ནོ། །གཞན་དུ་ན་ད་ལྟའི་རབ་བྱུང་སོགས་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེ་བར་ཐལ་ཞིང་མཐར་ཅི་ཡང་མ་ཡིན་པར་ཁས་ལེན་དགོས་པར་འགྱུར་རོ། །སྔོན་དང་ད་ལྟའི་དུས་གཉིས་ཇི་ལྟ་བ་བཞིན་འདྲ་མི་དགོས་ཏེ། སྔོན་འབྲས་བུ་བཞི་ཐོབ་པ་དང་། གྲུབ་ཆེན་དཔག་ཏུ་མེད་པ་བྱུང་ལ། ད་ལྟ་ནི་དེ་འདྲ་དཀོན་པ་བཞིན་ནོ། ༈ །ཐེག་ཆེན་གྱི་དབང་དུ་བྱས་ན་ཐེག་ཆེན་སྒྲུབ་པ་པོས་རང་དོན་ཁོ་ན་ཡིད་བྱེད་ཀྱི་སྐྱོན་དང་། གཞན་དོན་བྱེད་པའི་ཕན་ཡོན་ལ་དྲན་ཤེས་ཐུ་རེ་བསྟེན་ནས་ཐེག་ཆེན་སེམས་བསྐྱེད་ལ་མྱོང་བ་འདོན་པའི་དམིགས་རྣམ་གོམས་པར་མ་བྱས་ན། དགེ་བ་གཞན་གང་བྱས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྱུར་ཏེ། དེ་ལས་གཞན་དུ་ན་དགེ་རྩ་རྣམས་རང་དོན་ཁོ་ན་ཡིད་བྱེད་ཀྱི་དབང་བྱས་ནས་དམན་པའི་རྒྱུ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། དཔེར་ན་ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་རྣམ་གོམས་པར་མ་བྱས་ན། དགེ་བ་ཐམས་ཅད་སྣང་ཤས་ཀྱི་དབང་བྱས་ནས་འཁོར་བ་འབའ་ཞིག་གི་རྒྱུ་བྱེད་པ་བཞིན་ནོ། །རྒྱུ་མཚན་དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་རྣམས་རེ་ཞིག་བཞག་ནས་ཐོག་མར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་མྱོང་བ་ཐོན་པ་རེ་ངེས་པར་བྱ་དགོས་ཏེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དེ་སྐྱེས་པ་དང་། དེ་ནས་དགེ་བ་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་དབང་མེད་དུ་འགྲོ་བའི་ཕྱིར་རོ། །དེས་ན་འདི་གཉིས་ཀའམ་གང་རུང་གཙོ་བོར་བསྒོམ་དགོས་པས་འདི་གཉིས་ལ་སྒོམ་རིན་མི་ཆོག་པར་བྱེད་པ་ནི་ལམ་གྱི་གནད་གཏན་ནས་མ་ཤེས་པ་ཡིན་ཞེས་རྗེ་བཙུན་གསུང་ངོ་། །དེས་ན་འདི་གཉིས་དངོས་གནས་སམ་རྗེས་འཐུན་ཙམ་ཞིག་ཡིན་ཡང་སྐྱེ་བ་ལ་འབད་དགོས་པར་རྗེ་ཉིད་ཀྱིས་བཤད་པ་ལྟར་བྱའོ། །འདིར་སེམས་བསྐྱེད་ཀྱི་རྣམ་གཞག་ཅུང་ཟད་བཤད་པ་ལ་གཉིས། དངོས་དང་། དོགས་གཅོད་དོ། །དང་པོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། ཐེག་ཆེན་སེམས་བསྐྱེད་ནི། སེམས་ཅན་གཞན་སྡུག་བསྔལ་ལས་སྒྲོལ་བར་དམ་བཅས་པའི་སྒོ་ནས་རང་ཉིད་ཀྱི་རྫོགས་བྱང་ཐོབ་འདོད་ཀྱི་སེམས་ཁྱད་པར་ཅན་ཞིག་སྟེ། སྐྱེ་བའི་རྒྱུ་རྐྱེན་ལ་གཞན་དུ་མ་ཡོད་ཀྱང་། སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པ་ཞིག་ངེས་པར་དགོས་སོ། །སྦྱོང་ཚུལ་ལ་སེམས་ཅན་ཐམས་ཅད་མར་ཤེས་པ་དྲིན་དྲན་པ་དྲིན་བཟོ་བ་བྱམས་པ་སྙིང་རྗེ་ལྷག་བསམ་སེམས་བསྐྱེད་དེ་རྒྱུ་འབྲས་བདུན་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་སྦྱོང་ཚུལ་གཉིས་དང་། དབྱེ་ན་སྨོན་འཇུག་གི་སེམས་གཉིས་སོ། །སྐྱེས་པའི་ཚད་ནི། གཞན་དོན་དོན་གཉེར་གྱི་བློ་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་རྗེས་སུ་བྱང་ཆུབ་དོན་གཉེར་གྱི་བློ་ལ་བཅོས་མིན་གྱི་མྱོང་བ་ནམ་ཐོན་པའི་ཚེ་དེ་སྐྱེས་པར་འཇོག་སྟེ། རྣམ་བཤད་སོགས་ལས་གཞན་དོན་དོན་གཉེར་གྱི་འདུན་པ་རྒྱུ་དང་། བྱང་ཆུབ་དོན་གཉེར་གྱི་འདུན་པ་གྲོགས་སུ་དགོས་པར་གསུངས་པའི་དགོངས་པའོ། །སེམས་བསྐྱེད་ཡིན་པ་ཙམ་གྱིས་ཐེག་ཆེན་སེམས་བསྐྱེད་ཡིན་མི་དགོས་ཏེ། རྣམ་བཤད་སྙིང་པོའི་རྒྱན་ལས། སངས་རྒྱས་ཀྱི་སྐུ་མཐོང་ནས་འདི་ལྟ་བུ་ཐོབ་ན་སྙམ་པ་དང་། སངས་རྒྱས་བྱང་སེམས་ཀྱི་ཆོ་འཕྲུལ་དང་མཐུ་བསམ་གྱིས་མི་ཁྱབ་པ་མཐོང་ཐོས་སོགས་དང་། ཐེག་ཆེན་གྱི་བསྟན་པ་ནུབ་པ་མ་བཟོད་ནས་སེམས་བསྐྱེད་པ་གསུམ་ནི་སེམས་བསྐྱེད་ཙམ་ཡིན་པར་བཤད་དེ། དེ་ཉིད་ལས། གཞན་གསུམ་ཡང་སངས་རྒྱས་དོན་གཉེར་གྱི་སེམས་བསྐྱེད་ཙམ་ཞིག་ཡིན་མོད། ཞེས་དང་། ལམ་རིམ་ལས་སྔ་མ་གཉིས་ཀྱི་དབང་དུ་མཛད་ནས། དེ་གཉིས་རེ་རེ་ལའང་སེམས་བསྐྱེད་པ་ཙམ་གྱི་གྲངས་སུ་བགྲང་དགོས་ལ། ཞེས་གསུངས་པ་ལྟར་སེམས་བསྐྱེད་ཕལ་པ་ཞིག་ཡོད་དེ། འདིས་འཇུག་སྡོམ་དང་སྔགས་སྡོམ་གྱི་རྟེན་བྱེད་མི་བྱེད་འོག་ཏུ་འཆད་དོ། །གཉིས་པ་ནི། ལམ་རིམ་ཆེན་མོར། ངེས་འབྱུང་དང་སེམས་བསྐྱེད་དང་བདག་མེད་རྟོགས་པའི་ལྟ་བ་གསུམ་པོ་གང་རུང་གིས་མ་ཟིན་པའི་དགེ་བ་རྣམས་ལས་དམིགས་བསལ་རེ་གཉིས་མ་གཏོགས་ཐམས་ཅད་འཁོར་བའི་རྒྱུར་འགྲོ་བར་བཤད་དེ། དམིགས་བསལ་ནི་ཞིང་གི་མཐུ་ལ་བརྟེན་པ་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་བསམ་པ་ཐག་པ་ནས་བསྔོས་པའི་དགེ་རྩ་ལྟ་བུ་ལ་དགོངས་སོ། །ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་ཚིག་ཙམ་གྱིས་བསྔོས་པ་ལ་ངེས་པ་མེད་ཀྱང་། བསམ་པ་ཐག་པས་བསྔོ་བ་ལ་ངེས་འབྱུང་ཡོད་པར་གསལ་ཏེ། དེ་ལ་ཐར་བ་ཐོབ་འདོད་དང་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་ཞིག་འབྱུང་བའི་ཕྱིར་རོ། །འོ་ན་ཐེག་ཆེན་སེམས་བསྐྱེད་ལ་ངེས་འབྱུང་ངེས་པར་ཡོད་པར་འགྱུར་རོ་ཞེ་ན། བདེན་ཏེ། ཐེག་ཆེན་སེམས་བསྐྱེད་ཀྱི་སྔོན་དུ་ངེས་འབྱུང་གི་བསམ་པ་ཞིག་ངེས་པར་འོང་བའི་ཕྱིིར་ཏེ། ཐེག་ཆེན་སེམས་བསྐྱེད་ལ་ནི་སེམས་ཅན་གཞན་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱས་ནས་རྫོགས་བྱང་ལ་འགོད་འདོད་ཀྱི་བསམ་པ་ཞིག་སྔོན་དུ་འགྲོ་དགོས་ཤིང་། དེ་ལ་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཞིག་ངེས་པར་འོང་བའི་ཕྱིར་ཏེ། རང་ཉིད་སྡུག་བསྔལ་ལས་ཐར་འདོད་མེད་ན་གཞན་སྡུག་བསྔལ་ལས་སྐྱོབ་འདོད་འོངས་མེད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་དང་། འཁོར་བ་ལ་ཡང་སྐྱོ་བ་མེད་ན་ཐར་འདོད་ཀྱི་བློ་ཡང་མི་སྐྱེ་སྟེ། བཞི་བརྒྱ་པར། གང་ལ་འདི་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཞེས་གསུངས་པའི་ཕྱིིིར། ཁ་ཅིག ཁྱེད་སྔར་ངེས་འབྱུང་ཕལ་པ་དེ་སོ་ཐར་གྱི་སྡོམ་པའི་རྟེན་དུ་རུང་བར་ཁས་བླངས་པ་ལྟར། གོང་གི་སེམས་བསྐྱེད་ཕལ་པ་དེ་ཉིད་འཇུག་སྡོམ་གྱི་རྟེན་དུ་རུང་ངམ་ཞེ་ན། འདི་དཀའ་མོད་ཀྱང་ལམ་རིམ་ཆེན་མོ་ལས། སྔོན་ལ་སེམས་བསྐྱེད་པ་དང་སྡོམ་པ་ཆོ་གས་བཟུང་ནས་དེ་ནས་བྱང་ཆུབ་ཀྱི་སེམས་སྦྱོར་བའང་ཡོད་དེ། ཞེས་ཐེག་ཆེན་ལམ་མ་ཞུགས་ན་མྱོང་བ་ཅུང་ཟད་སྐྱེས་པའི་སེམས་བསྐྱེད་ཕལ་པ་ཙམ་ལ་བརྟེན་ནས་འཇུག་སྡོམ་ལེན་པའི་སྐབས་ཞིག་བཤད་པས། དེ་ལྟར་ན་ད་ལྟའི་གང་ཟག་ཕལ་ཆེར་དེ་ལྟ་བུའི་སེམས་བསྐྱེད་ལ་བརྟེན་ནས་འཇུག་སྡོམ་ལེན་པ་དང་། དེ་ལ་བརྟེན་ནས་སྔགས་སྡོམ་ཀྱང་སྐྱེ་བར་ཤེས་ཏེ་དཔྱོད་པའི་སྒོ་ཙམ་དུ་སྨོས་པ་ཡིན་པས་དཔྱད་པར་འཚལ་ལོ། །ལམ་རིམ་སོགས་ལས་སྔགས་དང་ཕར་ཕྱིན་ཐེག་པ་གཉིས་གང་དུ་འཇུག་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པར་བཤད་པ་ནི་ལམ་དངོས་ཀྱི་དབང་དུ་མཛད་ལ། སྔགས་དང་ཕར་ཕྱིན་གྱི་ཐེག་པའི་རིགས་ཅན་དུ་འགྱུར་བ་ནི་ལམ་མ་ཞུགས་ནའང་ཡོད་པར་ལུང་རིགས་ཀྱིས་བསྒྲུབ་ནུས་པར་སེམས་ཏེ། གཞན་དུ་ན་ད་ལྟའི་གསང་སྔགས་པ་ཐམས་ཅད་ཀྱང་ལམ་ཞུགས་སུ་ཐལ་བའམ། ཡང་ན་ཅི་ཡང་མ་ཡིན་པར་འགྱུར་རོ། །འོ་ན། སྔར་ངེས་འབྱུང་སོགས་གསུམ་པོ་གང་རུང་གིས་མ་ཟིན་ན། ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་མིི་འགྲོ་བ་བཤད་པ་ལྟར་ཁས་ལེན་ཅིང་འཐད་ན། ཉན་རང་གི་ལམ་རྣམས་སངས་རྒྱས་ཀྱི་རིགས་ཡིན་པས་སངས་རྒྱས་སུ་འགྱུར་རུང་ཡིན་པ་དང་། སེམས་ཅན་ཐམས་ཅད་འཚང་རྒྱ་བར་བཤད་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། རིང་རྒྱུའི་དབང་དུ་བྱས་པའི་རྒྱུ་ཙམ་ཡིན་ཡང་། ཉེ་རྒྱུའམ་རྒྱུ་ཁྱད་པར་བ་བྱང་ཆུབ་ལ་མངོན་དུ་ཕྱོགས་པའི་རྒྱུ་མ་ཡིན་པས་དེ་དག་གི་རྒྱུར་མི་འགྱུར་ཞེས་གསུངས་པ་ཡིན་པའི་ཕྱིར། དཔེར་ན། ས་བོན་གྱི་སྟ་གོན་ལ་གནས་པ་དང་ས་བོན་དུ་བཏབ་པ་མ་ཡིན་པའི་དེ་དག་གི་སྔོན་གྱི་རྒྱུད་རྒྱུ་རྣམས་ལ་དེ་དང་དེའི་ས་བོན་ཞེས་མི་བརྗོད་པ་བཞིན་ནོ། །ངེས་འབྱུང་བསྒོམ་པའི་ཚེ་སྲིད་པའི་ཕུན་ཚོགས་ལ་སྲེད་པ་སྤང་དགོས་པར་གསུངས་ཀྱང་ཡོ་བྱེད་འགའ་ཞིག་དང་ཟས་གོས་དོན་དུ་གཉེར་བ་ཙམ་སྤོང་དགོས་པ་མིན་ཏེ། དགྲ་བཅོམ་པ་དག་ལ་ཡང་སྲིད་པའི་ཕུན་ཚོགས་ལ་སྲེད་ཞེན་མེད་ཀྱང་ཟས་གོས་སོགས་དོན་དུ་གཉེར་བ་ཡོད་པ་མི་འགལ་བའི་ཕྱིར་ཏེ། དགྲ་བཅོམ་པ་པས་གནས་མལ་ཟས་གོས་ལ་ཡང་བསྟེན་དགོས་པའི་ཕྱིར་ཏེ། ལུས་རྟེན་འཚོ་དགོས་ཤིང་ཚ་གྲང་དང་ངོ་ཚའི་གནས་ལས་ཀྱང་སྲུང་དགོས་པའི་ཕྱིར། ཚངས་པ་དང་རྒྱ་སྦྱིན་དང་འཁོར་བསྒྱུར་དང་རྒྱལ་ཕྲན་སོགས་ཀྱི་སྟོབས་འབྱོར་དོན་དུ་གཉེར་མི་རུང་ཡང་། རྣམ་མཁྱེན་སྒྲུབ་པའི་ལྷ་མིའི་རྟེན་དོན་དུ་གཉེར་མི་རུང་བ་མ་ཡིན་ཏེ། ལམ་རིམ་བསྡུས་དོན་ལས། །ལམ་མཆོག་སྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །མ་རྙེད་བར་དུ་ས་ཆོད་མི་འོང་བས། །དེ་ཡི་མ་ཚང་མེད་པའི་རྒྱུ་ལ་བསླབ། ཅེས་གསུངས་པ་ལྟར་ལམ་རིམ་ཆེ་ཆུང་སོགས་ལས་ཀྱང་འབྱུང་བའི་ཕྱིར་རོ། ༈ །དེ་ལྟར་ངེས་འབྱུང་སེམས་བསྐྱེད་གཉིས་ཀྱིས་ཐོག་མར་རྒྱུད་སྨིན་པར་བྱས་ནས་གྲོལ་བར་བྱེད་པའི་ལམ་ལ་ནི་བདག་མེད་རྟོགས་པའི་ལྟ་བ་བཙལ་དགོས་ཏེ། ལྟ་བ་དེ་ནི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་མེད་དུ་མི་རུང་བ་ཡིན་པའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །ཅེས་སོགས་དང་། སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་གང་ཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། ཞེས་གསུངས་པའི་ཕྱིར། ཞི་བར་བགྲོད་པའི་སྒོ་གཉིས་པ་གཞན་མེད་པ་ལྟ་བུ་ཡིན་ཏེ། དེ་ལྟར་དུ་འཕགས་པ་ལྷས། ཞི་སྒོ་གཉིས་པ་མེད་པ་དང་། ཞེས་དང་། རྗེས། ཞི་སྒོ་གཉིས་སུ་མེད་པ་རྟེན་འབྲེལ་ལམ། ཞེས་དང་། ལམ་གཙོར། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། ཅེས་གསུངས་པའི་ཕྱིར། དེས་ན་ཐོག་མར་བདག་མེད་རྟོགས་པའི་མི་རྟོགས་ཡེ་ཤེས་སམ་ཞི་གནས་སྤྱི་ཙམ་ཞིག་བཙལ་ཏེ། དེ་ལ་དྲན་ཤེས་བསྟེན་ནས། གནས་པ་བརྟན་པོ་འོང་བའི་ཞི་གནས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་རྣམ་བཞི་དང་བསྲེ་ཐུབ་པའི་གནས་པ་བརྟན་པོ་ཞིག་བཙལ་བར་བྱ་ལ། དེ་རྙེད་པ་ན་དེ་ནས་ལྷག་མཐོང་སྒོམ་དགོས་ཏེ། དེ་ཡང་སེམས་ཀྱི་གནས་ཆ་ཞིག་མ་རྙེད་པའི་གོང་དུ་ལྷག་མཐོང་བསྒོམས་ཀྱང་རྗེས་འཐུན་པ་ཙམ་མ་གཏོགས་སེམས་འཕྲོ་དྲགས་པས་ལྷག་མཐོང་དངོས་ཀྱི་མྱོང་བ་མི་ཐོན། སྤྱིར་གནས་ཆ་ཙམ་རྙེད་ཀྱང་ཐོས་པ་རྣམ་དག་གི་སྟོབས་ཀྱིས་བདག་མེད་ཀྱི་དོན་ལ་ངེས་ཤེས་འདྲོངས་ངེས་ཞིག་མེད་ན། བདག་མེད་རྟོགས་པའི་ལྷག་མཐོང་གི་མྱོང་བ་རྣམ་དག་སྐྱེ་བའི་སྐབས་མེད། དེས་ན་བདག་མེད་ཀྱི་དོན་ལ་གནས་ཆ་རྙེད་པ་དང་དེ་ནས་དེ་ལ་བརྟེན་ནས་ལྟ་བ་ལ་མྱོང་བ་འདོན་དགོས་ཏེ། དེ་ཡང་འདི་ལྟར་གཟུགས་སྒྲ་སོགས་ཡུལ་སྣང་གཞན་ལའང་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམས་ན་ཡང་མྱོང་བ་ཐོན་པ་འོང་མོད། འོན་ཀྱང་རྟོགས་སླ་བ་སོགས་ཀྱི་གནད་དུ་ཆེ་བ་ནི་དང་པོར་གང་ཟག་གི་བདག་མིང་རྣམ་བདུན་གྱི་རིགས་པས་བཙལ་ན་མི་རྙེད་པའི་བདག་མེད་དེ་ལྟ་བུ་ལེགས་པར་རིགས་པས་གཏན་ལ་ཕབ་ནས་དཔྱད་དོན་མ་རྙེད་པ་དང་དེ་ཀའི་ངང་ལ་སེམས་མ་གཡེང་བའི་དྲན་ཤེས་བསྟེན་ནས་བཞག །སེམས་ནམ་འཕྲོ་བ་དང་ཡང་སྔར་བཞིན་རིགས་པས་ཅུང་ཟད་རེ་དཔྱད་ཅིང་བཙལ་ནས་མ་རྙེད་པ་དེ་ཀའི་ངང་ལ་བཞག་སྟེ། དཔྱོད་པ་འདི་བར་བར་དུ་ཇི་ལྟར་འཚམས་པ་ཞིག་བྱའི་ཧ་ཅང་དཔྱད་པ་མང་དྲགས་ན་འཕྲོ་ཤས་ཆེ་བར་སོང་ནས་ལྷག་མཐོང་ལ་མྱོང་བ་མི་ཐོན། རྣམ་པ་བདུན་གྱིས་འཚོལ་ཚུལ་ཇི་ལྟར་ཡིན་ཞེ་ན། རྒྱས་པར་ནི་བདག་གིས་དབུ་མ་འཇུག་པའི་འགྲེལ་བ་དང་། ལྟ་བའི་རྣམ་གཞག་ཏུ་བཤད་ཟིན་པས་འདིར་མཚོན་ཙམ་ཞིག་བརྗོད་ན། དེ་ནི་འཇུག་པ་ལས། ཤིང་རྟ་རང་ཡན་ལག་ལ་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར། ཤིང་རྟ་དེ་རང་གི་ཡན་ལག་རྣམས་དང་གཅིག་དང་ཐ་དད་དང་ལྡན་པ་དང་ཕན་ཚུན་བརྟེན་པ་གཉིས་དང་ཚོགས་པ་དང་དབྱིབས་ཏེ་བདུན་དུ་རིགས་པས་བཙལ་ན་མི་རྙེད་པ་ལྟར། བདག་ཀྱང་རང་གི་ཕུང་པོ་རྣམས་དང་དབྱེར་མེད་ཀྱི་གཅིག་དང་། འབྲེལ་མེད་ཀྱི་ཐ་དད་དང་། ཕུང་པོ་རྣམས་དང་ངོ་བོ་ཉིད་ཀྱིས་ལྡན་པ་མིན་ལ། བདག་ཕུང་པོ་ལ་ངོ་བོ་ཉིད་ཀྱིས་བརྟེན་པ་དང་། ཕུང་པོ་རྣམས་བདག་དེ་ལ་ངོ་བོ་ཉིད་ཀྱིས་བརྟེན་པ་མ་ཡིན་ཞིང་། ཕུང་པོ་རྣམས་ཀྱི་ཚོགས་པ་དང་། དབྱིབས་ཀྱང་བདག་མིན་པ་སྟེ་རྣམ་པ་བདུན་དུ་བཙལ་ན་བདག་མི་རྙེད་དོ། །དེ་ལྟར་ཤིང་རྟ་རང་གི་ཡན་ལག་ལ་བཏགས་དོན་རྣམ་པ་བདུན་དུ་བཏགས་དོན་བཙལ་ནས་མི་རྙེད་པའི་དཔེ་ལྟར། བདག་ཀྱང་རང་གི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ལས་བཏགས་དོན་བདུན་པོ་དེར་བཙལ་ནས་མ་རྙེད་པའི་ཚེ་བདག་རང་བཞིན་མེད་པ་རྙེད་པར་འགྱུར་བ་ཡིན་ཏེ། དྲང་ངེས་རྣམ་འབྱེད་ལས། ཤིང་རྟ་རང་གི་ཡན་ལག་དང་གཅིག་དང་ཐ་དང་། ཅེས་པ་ནས། འདི་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པ་ཉིད་ཀྱིས་བདུན་པོ་དེར་གང་ཟག་མི་རྙེད་པ་ནི་གང་ཟག་གི་བདག་མེད་པའི་དོན་ཡིན་ལ། ཞེས་དང་། འཇུག་པ་ལས། རྣམ་པ་བདུན་གྱི་མེད་གང་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་བས་འདིའི་ཡོད་མི་རྙེད། །ཅེས་པའི་དོན་འཆད་པ་ན་རྗེ་ནོར་བཟང་རྒྱ་མཚོས། ཤིང་རྟ་རང་བཞིན་གྱི་ཡོད་ན་བཏགས་དོན་རྣམ་པ་བདུན་དུ་བཙལ་ནས་རྙེད་དགོས་པའི་ཁྱབ་པ་ངེས་པ་བྱས་པས་རྗེས་སུ་རྣམ་པ་བདུན་དུ་བཙལ་བས་མ་རྙེད་པ་དེའི་ཚེ། ཤིང་རྟ་རང་བཞིན་མེད་པར་ངེས་པ་ཡིན་ཏེ། རིགས་པས་དཔྱད་ནས་མ་རྙེད་པ་དེ་ཅི་ཡང་མ་མཐོང་བའི་ཚུལ་གྱིས་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ། །ཞེས་དང་། དགོངས་པ་རབ་གསལ་དང་ལམ་རིམ་ལས་ཀྱང་། སྔར་བཤད་པའི་རིམ་པ་འདི་ཉིད་ཀྱིས་བདག་དང་ཤིང་རྟ་འདི་ལ་སྔར་ལྟར་རྣམ་པར་དཔྱོད་པ་ན་ཆེས་མྱུར་བ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གཏིང་དཔོགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན། ཤིང་རྟ་དང་བདག་ཇི་ལྟར་འཇོག་ཅེ་ན། བཏགས་དོན་མ་བཙལ་བར་ཐ་སྙད་ཙམ་དུ་འཇོག་པ་ཡིན་ཏེ། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་རྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་དང་། འཇུག་པ་ལས། དེ་ནི་དེ་ཉིད་དུའང་འཇིག་རྟེན་དུ། རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། རྣམ་དཔྱོད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །ཤིང་རྟ་དང་གང་ཟག་ལ་བཤད་པ་བཞིན་དུ། ཆ་ཤས་དང་ཆ་ཅན། ཚོགས་པ་དང་ཚོགས་པ་ཅན། ཡན་ལག་དང་ཡན་ལག་ཅན། ཡོན་ཏན་དང་ཡོན་ཏན་ཅན་སོགས་གཞན་དག་ལ་ཡང་སྦྱར་བར་བྱའོ། །གཅིག་ཏུ་བྲལ་གྱི་རྟགས་ལ་བརྟེན་ནས་བདག་རང་གཞིན་མེད་པར་རྟོགས་པའི་དུས་ནི་རྗེས་ཙ་ཤིའི་ཊིཀ་ཆེན་ལས། དེ་ལྟར་རང་གི་ངོ་བོས་གྲུབ་ན་བདག་དང་ཕུང་པོ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་པ་དང་། དེ་གཉིས་ཀ་ལ་རིགས་པས་གནོད་པ་མཐོང་བ་ན་བདག་ནི་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ངེས་པ་རྙེད་པ་ནི། འཇིག་ལྟ་ལྷན་སྐྱེས་ཀྱི་ཡུལ་རང་བཞིན་མེད་པར་རྟོགས་པའི་ལྟ་བ་རྙེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཚུལ་འདི་ལ། གོང་རུ་རྒྱལ་མཚན་པས། ཕྱོགས་ཆོས་བདེན་གྲུབ་ཀྱི་གཅིག་དང་ཐ་དད་གང་རུང་དུ་མ་གྲུབ་པར་རྟོགས་པ་ཙམ་གྱིས་བདེན་མེད་རྟོགས་པར་བཞེད་ཅིང་། མཁས་གྲུབ་རྗེས། དེ་བདེན་མེད་སྒྲུབ་པའི་རྟགས་ཡིན་པས་དེ་ཙམ་གྱིས་བདེན་མེད་རྟོགས་པར་མི་བཞེད། རྗེ་ནོར་བཟང་པས། གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱད་ཅིང་དེ་ལྟར་དཔྱད་པ་ལས་དཔྱད་དོན་ལ་ངེས་ཤེས་ཚད་མ་སྐྱེས་པ་དེའི་ཚེ། མྱུ་གུ་སོགས་རྟེན་འབྱུང་བའི་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་ཡིན། ཞེས་གསུང་། ལྟ་བ་རྙེད་ནས་སྐྱོང་བའི་ཚེ་དགག་བྱ་བཀག་ཙམ་གྱི་མེད་དགག་ལ་བློ་ཅི་ནུས་སུ་མཉམ་པར་འཇོག་ཅིང་། བློའི་ཤུགས་ཞན་དུ་སོང་ན་སླར་ཡང་དགག་བྱའི་སྣང་ཚུལ་གསལ་བཏབ་ནས་ཚུལ་དེ་ལྟར་དུ་གྲུབ་པ་མེད་སྙམ་པ་ནི་ལྟ་བ་སྐྱོང་ཚུལ་དངོས་ཡིན་རྗེ་ཤེས་རབ་སེདྒེ་དང་། དགེ་འདུན་རྒྱ་མཚོའི་སོགས་མང་པོསབཞེད་པ་ལྟར་རོ། །གཟུགས་སོགས་ཀྱི་ཆོས་གང་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་ཅིང་བཙལ་བའི་ཚེ་དཔྱད་དོན་མི་རྙེད་ལ། མ་རྙེད་པ་ནི་གཟུགས་སོགས་བདེན་གྲུབ་ཏུ་མ་རྙེད་པ་ཡིན་ཞིང་། དེར་མ་ཟད་གཟུགས་སོགས་ཀྱང་མ་རྙེད་ལ། འོན་ཀྱང་གཟུགས་སོགས་མེད་པར་རྙེད་པ་ནི་མིན་ནོ། །མེ་ལོང་ནང་གི་གཟུགས་བརྙན་དེ་ཆ་ཐམས་ཅད་ནས་བྱད་བཞིན་གྱིས་སྟོང་བ་ལྟར། གཟུགས་སོགས་ཀྱང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་གང་སྣང་གི་ཆ་ཐམས་ཅད་ནས་སྣང་བ་ལྟར་རང་བཞིན་གྱིས་སྟོང་པར་ངེས་པར་འོང་བས་སྟོང་ཆམ་གྱིས་འགྲོ་ལ། དེའི་ཚེ་ད་ནི་ཅི་ཡང་མི་འདུག་གོ་སྙམ་པ་འབྱུང་བས་སྐྲག་པ་ཆེན་པོ་སྐྱེ་བའི་གནས་ཡོད་དོ། །དེ་ནི་མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ལོ། །དེ་ནས་ལྷག་མར་ཅི་ཞིག་ལུས་འདུག་སྙམ་ནས་བལྟས་པས་རྗེས་ཐོབ་ཏུ་གཟུགས་སོགས་རྣམས་སྒྱུ་མ་ཙམ་མམ། མིང་དུ་བཏགས་པ་ཙམ་དང་། བརྡ་དང་ཐ་སྙད་དུ་བཏགས་པ་ཙམ་ཞིག་ལྷག་མར་ལུས་པར་མཐོང་ངོ་། །དེ་ལྟར་ཡང་བཞི་བརྒྱ་པའི་འགྲེལ་པ་ལས། དེའི་ཕྱིར་དེ་ལྟར་ཡོངས་སུ་དཔྱད་པ་ན། དངོས་པོ་རྣམས་ཀྱི་རང་བཞིན་འགྲུབ་པར་མི་འགྱུར་བས་སོ་སོ་ནས་དངོས་པོ་རྣམས་ལ་སྒྱུ་མ་ལྟ་བུ་དེ་ཉིད་ལྷག་མར་ལུས་པར་འགྱུར་རོ། །ཞེས་གསུངས་སོ། །སྒྱུ་མ་དཔེར་བྱེད་པ་ནི། ལམ་རིམ་ལས། དཔེར་ན་སྒྱུ་མའི་རྟ་གླང་སྣང་བ་མིག་གིས་ཤེས་པས་མཐོང་བ་དང་། སྣང་བ་ལྟར་གྱི་རྟ་གླང་མེད་པར་ཡིད་ཀྱི་ཤེས་པས་ངེས་པ་ལ་བརྟེན་ནས་རྟ་གླང་དུ་སྣང་བ་དེ་སྒྱུ་མ་ལྟ་བུ་བརྫུན་པའི་སྣང་བར་ངེས་པ་སྐྱེ་བ་དེ་བཞིན་དུ། གང་ཟག་ལ་སོགས་པ་ཐ་སྙད་པའི་ཤེས་པ་ལ་བསྙོན་དུ་མེད་པར་སྣང་བ་དང་། དེ་ཉིད་རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་སྟོང་བར་རིགས་ཤེས་ཀྱིས་ངེས་པ་གཉིས་ལ་བརྟེན་ནས་གང་ཟག་དེ་སྒྱུ་མའམ་བརྫུན་པའི་སྣང་བ་སྐྱེ་བ་ཡིན་ནོ། །ཞེས་དང་། དེ་བཞིན་དུ་ཆོས་གཞན་ཀུན་ལའང་སྦྱོར་ཏེ། བསྟོད་པར། རང་བཞིན་གྱིས་ནི་གདོད་མ་ནས། ། རྣམ་པར་དབེན་ཡང་དེར་སྣང་བས། །འདི་ཀུན་སྒྱུ་མ་བཞིན་དུ་གསུངས། །ཞེས་གསུངས་པའི་ཕྱིར། དེ་ནི་རིགས་སྟོབས་ཀྱིས་སྒྱུ་མ་ལྟ་བུར་འཆར་ཚུལ་ཡིན་ལ། རང་བཞིན་མེད་པ་ལ་ངེས་པ་དྲངས་རྗེས་དབང་ཤེས་དང་ཡིད་ཤེས་ལ་ཡུལ་སྣང་ཐམས་ཅད་ལམ་ལམ། ཧྲིལ་ཧྲིལ། ལིང་ལིང་ངེ་བས་སྣང་བ་ཤར་ཙམ་ནས་དྲན་ཤེས་གྱིས་དེ་ལྟར་དུ་གྲུབ་པ་མེད་སྙམ་པ་ནི། དྲན་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་འཆར་ཚུལ་དང་། དྲན་ཚུལ་སྔོན་མ་གཉིས་ལ་མྱོང་བ་ཐོན་པ་ན་ཕྱིས་ཡུལ་སྣང་གང་ཤར་ཡང་སྣང་བ་ལྟར་གྲུབ་པ་མེད་སྙམ་དུ་འབྱུང་བ་ནི་མྱོང་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་འཆར་ཚུལ་ལོ། །དེ་ལྟར་མཉམ་གཞག་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཉམས་ལེན་དང་འབྲེལ་བའི་སྒོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་བགྲོད་དགོས་ཏེ། ལམ་རིམ་བསྡུས་དོན་ལས། མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་པ་གཉིས། །བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །ཞེས་གསུངས་པའི་ཕྱིར། །༈ དེ་ནས་ད་ལྟའི་གདམས་ངག་པ་རྣམས་ལས་ཁ་ཅིག་འདོད་པ་ལྟར་སེམས་ཅིར་ཡང་མི་རྟོག་པར་བཞག་ནས་ལྟ་བས་གནས་ལུགས་ཅིར་ཡང་ཐ་སྙད་གདགས་ས་མེད་པར་གཏན་ལ་ཕབ་པ་དང་གཉིས་བསྲེས་ནས་སྐྱོང་ལུགས་ཅི་ཡང་ཡིད་ལ་མི་བྱེད་པར་སེམས་ཧང་ངེར་འཇོག་པ་འདིས་སེམས་གནས་ཙམ་མ་གཏོགས་ལྷག་མཐོང་ལ་མྱོང་བ་ཐོན་པ་མི་སྲིད་ཅེས་རྗེ་བཙུན་གསུངས་པས། གནས་པ་རྙེད་ནས་བསྒོམས་པ་ཙམ་གྱིས་མི་མཆོག་གི མཚན་ཉིད་ཐེག་པ་ནས་གསུངས་པའི་དཔྱད་སྒོམ་མ་བྱས་ན་སྟོང་ཉིད་རྟོགས་པའི་ལྟ་བ་ལ་མྱོང་བ་མི་ཐོན་པས་དཔྱད་སྒོམ་བྱ་དགོས་སོ། །དཔྱད་སྒོམ་ཡང་སྔར་བཤད་པ་ལྟར་བར་བར་དུ་དཔྱད་ནས་སྒོམ་པ་ཡིན་གྱི། འགའ་ཞིག་ལྟར་རྒྱུན་པར་བསམ་བློ་འབའ་ཞིག་གཏོང་བ་ཡང་མ་ཡིན། གནས་ཆ་མ་བཙལ་བར་ལྟ་བ་སྐྱོང་བ་ཡང་མིན། དེས་ན་ད་ལྟའི་སྒོམ་ཆེན་གྱི་གནས་པ་སྐྱོང་ལུགས་སྔར་བཤད་པ་ཅི་ཡང་མི་སེམས་པ་འདི་གཏན་ནས་ལྟ་བའི་ལམ་གྱི་ངོ་བོ་དངོས་མིན་ཞེས་རྗེ་བཙུན་གསུང་། དེ་ལྟར་བརྗོད་པའི་འདི་རྣམས་རྗེ་བཙུན་པ་རང་རེ་དང་མཐུན་ཤས་ཆེ་བས་ཟུར་ཙམ་སྨོས་དང་ངེས་ཤེས་རྔམ་ཅན་འདྲོངས་པའི་གནས་མཆི། ངེད་ཀྱི་ཡིད་ལ་ཐལ་འགྱུར་ལུགས་ཀྱིས་གནས་ལུགས་སྒོམ་པ་དང་ལྟ་བ་སྒོམ་པ་ཁྱད་མི་སྣང་བས་རུང་ལ། རང་རྒྱུད་པ་ཕྱིན་ལ་སྟོང་ཉིད་ཀྱི་ལྟ་བ་སྒོམ་ལུགས་འདི་ལ་ངོ་བོའི་སྒོམ་ལུགས་འོང་ས་ཡེ་མི་འདུག་སྙམ་ནས་རྗེ་བཙུན་ལ་ཞུས་པས། ཕྱི་མ་རང་རྒྱུད་པ་མན་ལ་སྟོང་ཉིད་ཀྱི་ལྟ་བ་དངོས་གནས་ངོ་བོའི་སྒོམ་ལུགས་མེད་པ་དེ་ག་ཡིན་པར་འདུག་སྟེ། ཐལ་འགྱུར་བ་ལྟར་ན་རང་རྒྱུད་པ་མན་ཆད་ལ་སྟོང་ཉིད་རྟོགས་པ་མེད་པའི་ཕྱིར་ཏེ། དེ་མན་ཆད་དངོས་པོར་རང་བཞིན་གྱིས་གྲུབ་པར་འདོད་ཅིང་། དེ་འདོད་པའི་གྲུབ་མཐའ་མ་དོར་བ་དེ་སྲིད་དུ་དངོས་པོ་རང་བཞིན་མེད་པར་རྟོགས་པའི་གནས་མེད་པའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་ལུགས་ཀྱི་དངོས་པོ་རང་བཞིན་མེད་པར་རྟོགས་པའི་ལྟ་བ་མ་རྙེད་བར་དུ་ཞི་བ་མྱང་འདས་ཐོབ་པའི་ཐབས་ཀྱི་གཙོ་བོར་གྱུར་པའི་ལྟ་བ་མེད་པའི་ཕྱིར་ཏེ། དབུ་མ་འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་དེ་དག་གིས་བདག་མེད་རྟོགས་པའི་ལྟ་བ་ཁས་ལེན་ཀྱང་། བདག་མེད་ཕྲ་མོ་རྟོགས་པར་ཁས་ལེན་མི་དགོས་སོ། །ཐལ་འགྱུར་བའི་ལུགས་ཀྱིས་ཀྱང་སྟོང་ཉིད་སྒོམ་པའི་འཇུག་སྒོམ་ཁོ་ན་དེ་ལྟར་དུ་བྱས་ནས་བསྒོམས་ན་སྟོང་ཉིད་ལ་དམིགས་པའི་ཞི་གནས་སམ་སེམས་གནས་སྐྱོང་བ་རྐྱང་བར་འགྱུར་གྱི། ལྷག་མཐོང་ལ་ནི་ངེས་པར་དཔྱད་སྒོམ་བྱ་དགོས་ཞེས་རྗེ་བཙུན་གསུང་། སྐབས་འདི་དག་ཏུ་སེམས་གནས་ཞེས་ཡང་ཡང་འབྱུང་བ་ནི་ཞི་གནས་ལ་དགོངས་ཤིང་། དེ་ཡང་སྤྱིར་ཇི་སྙེད་པ་ལ་དམིགས་པའི་ཞི་ལྷག་སོ་སོ་དང་ཟུང་འབྲེལ་གཉིས་ཚོགས་ལམ་དུ་མ་ཟད། ལམ་མ་ཞུགས་དང་ཕྱི་རོལ་བ་ལའང་ཡོད་ཅིང་། ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་ནི་སྦྱོར་ལམ་ནས་ཐོབ་ཀྱི། དེ་མ་ཐོབ་པ་ལ་མེད་ཅེས་རྣམ་བཤད་སྙིང་པོའི་རྒྱན་ལས་བཤད་དོ། །ཞི་གནས་སྒྲུབ་ཚུལ་ལ། སེམས་གནས་དགུ། སྟོབས་དྲུག །ཡིད་བྱེད་བཞི་ཡོད་དེ། དང་པོ་དགུ་ནི་འཇོག་པ་དང་ཡང་དག་པར་འཇོག་པ་དང་བསྡུས་ཏེ་འཇོག་པ་དང་ཉེ་བར་འཇོག་པ་དང་དུལ་བར་བྱེད་པ་དང་ཞི་བར་བྱེད་པ་དང་ཉེ་བར་ཞི་བར་བྱེད་པ་དང་རྒྱུད་གཅིག་ཏུ་བྱེད་པ་དང་ཏིང་ངེ་འཛིན་དུ་བྱེད་པའོ། །གཉིས་པ་དྲུག་ནི། ཐོས་པའི་སྟོབས་དང་དེ་བཞིན་དུ་བསམ་པ་དང་དྲན་པ་དང་ཤེས་བཞིན་དང་བརྩོན་འགྲུས་དང་ཡོངས་སུ་འདྲིས་པའོ། །གསུམ་པ་བཞི་ནི་བསྒྲིམས་ཏེ་འཇུག་པ་དང་འཆད་ཅིང་འཇུག་པ་དང་འཆད་མེད་དུ་འཇུག་པ་དང་རྩོལ་མེད་དུ་འཇུག་པའི་ཡིད་བྱེད་དོ། །ཞི་ལྷག་གི་བཤད་པ་རྒྱས་པར་ནི་ལམ་རིམ་དུ་གསལ་བ་ལྟར་ཏེ་འདིར་མང་དུ་དོགས་སོ། །མདོར་ན་ཅི་ཡང་ཡིད་ལ་མི་བྱེད་པར་སྒོམ་པ་དེ་དག་གིས་བསམ་ཚོད་ནི། དངོས་པོའི་གནས་ལུགས་ཅི་ཡང་མིན་པའི་སྟོང་བ་དང་བློས་ཅི་ཡང་མི་འཛིན་པ་གཉིས་མཐུན་པར་འདུག་སྙམ་དུ་བསམ་པ་དང་། མདོ་རྒྱུད་རྣམས་སུ་ཅི་ཡང་མི་སྒོམ་པ་གནས་ལུགས་བསྒོམ་པར་གསུངས་ལྟ་བུ་མང་དུ་བྱུང་བ་རྣམས་ཀྱིས་འཁྲུལ་གཞི་བྱས་ནས། ཅི་ཡང་ཡིད་ལ་མི་བྱེད་པ་སྒྲ་རྟོག་བཀག་པའི་སྒོམ་ཙམ་ལ་གནས་ལུགས་སྒོམ་པར་འཁྲུལ་འདུག་གོ །དེ་ལྟར་འདོད་པ་འདི་གཏན་ནས་མི་རིགས་ཏེ། མདོ་རྒྱུད་རྣམས་སུ་ཅི་ཡང་མི་སྒོམ་པ་གནས་ལུགས་བསྒོམ་པར་གསུངས་ཤིང་། དེའི་ཕན་ཡོན་ནམ་བསྔགས་པ་དཔག་ཏུ་མེད་པ་ཞིག་ཀྱང་གསུངས་པའི་དགོངས་པ་ནི། ཡིད་བྱེད་བཀག་པའི་སྒོམ་དེ་ལྟ་བུ་ལ་མིན་གྱི། སྒྲ་རྟོག་ཙམ་མ་ཡིན་པར་གཟུང་འཛིན་གྱི་རྟོགས་པའི་གཉིས་སྣང་མཐའ་དག་དག་པ་སྟེ་ནུབ་ནས་རྣམས་གྲངས་མ་ཡིན་པའི་དོན་དམ་བདེན་པ་དང་དེ་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་གི་བློ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་དུ་སོང་བའི་མཉམ་བཞག་གི་སྐབས་ལ་དགོངས་པའི་ཕྱིར་ཏེ། སོ་སྐྱེ་ལ་རྣམ་གྲངས་མ་ཡིན་པའི་དོན་དམ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཡོད་ཀྱང་། དོན་དམ་དེ་དང་བློ་གཉིས་ཆུ་ལ་ཆུ་ཞུགས་པ་ལྟར་རོ་གཅིག་ཏུ་སོང་བའི་དོན་མཐུན་པ་གཏན་ནས་མེད་པའི་ཕྱིར་ཏེ། སོ་སྐྱེ་གནས་ལུགས་ལ་སྐོག་ཏུ་གྱུར་པའི་ཕྱིར་དང་། སྒྲ་རྟོག་བཀག་པའི་སྒོམ་ཙམ་གྱི་གནས་ལུགས་དེ་ཡུལ་དུ་བྱར་མི་ནུས་པའི་ཕྱིར་དང་། སོ་སྐྱེའི་ཤེས་པ་རྟོག་མེད་ཀྱིས་གནས་ལུགས་ཡུལ་དུ་བྱར་མི་ནུས་ཤིང་། གལ་ཏེ་མངོན་དུ་བྱས་ན་མངོན་གྱུར་དུ་མངོན་དུ་བྱེད་དགོས་པས་འཕགས་པར་ཐལ་བའི་ཕྱིར་རོ། །གནས་ལུགས་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་ནི་མེད་དེ། བྱམས་མགོན་གྱི་རྒྱུད་བླ་མ་ལས། གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །ཞེས་གསུངས་པའི་ཕྱིར། རྣམས་གྲངས་མ་ཡིན་པའི་དོན་དམ་ལ་གཉིས་ཡོད་ཀྱང་འདིར་དོན་དམ་བདེན་པ་དངོས་གནས་ལ་དེ་སྐད་ཅེས་བརྗོད་པ་སྟེ། རྣམ་གྲངས་ཀྱི་དོན་དམ་ནི་ཡུལ་བདེན་སྟོང་སྒྱུ་མ་ལྟ་བུ་དང་། ཡུལ་ཅན་བདེ་མེད་རྟོགས་པའི་རྗེས་དཔག་ལྟ་བུའོ། །རྒྱུ་མཚན་གོང་དུ་བརྗོད་པ་དེས་ན། རྣམ་གྲངས་མ་ཡིན་པའི་དོན་དམ་ལ་སོ་སྐྱེའི་མངོན་སུམ་རྟོག་མེད་ཀྱི་ཤེས་པས་ཉམས་ལེན་བྱ་མི་ནུས་པས། རྟོག་མེད་མངོན་སུམ་གྱིས་རྣམ་གྲངས་མ་ཡིན་པའི་དོན་དམ་ལ་ཉམས་ལེན་བྱ་ཚུལ་གསུངས་པ་དེ་འཕགས་པ་ལ་དགོངས་པ་ཡིན་ལ། ཉམས་ལེན་དེ་ལ་འཇུག་པའི་ཐབས་སུ་ད་ལྟ་ནས་རྟེན་འབྲེལ་རང་བཞིན་མེད་པ་དང་བདེན་པས་སྟོང་པ་སོགས་ལ་གནས་ལུགས་སུ་རྟོག་པས་དོན་སྤྱིའི་ཚུལ་དུ་ཞེན་ནས་དཔྱད་སྒོམ་གྱིས་ཞུགས་པས། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་དང་ཆུ་ལ་ཆུ་བཞག་བཞིན་རོ་གཅིག་ཏུ་སོང་བའི་འཕགས་པའི་རྟོག་མེད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་ཞེས་རྗེ་བཙུན་གསུང་། དེས་ན་འཇོག་སྒོམ་དུ་མ་ཟད་ལྟ་བས་གནས་ལུགས་གཏན་ལ་འབེབས་ན་ཡང་། རྣམ་གྲངས་ཡིན་པའི་དོན་དམ་མངོན་སུམ་དུ་གཟིགས་པར་གྱུར་བའི་གཟིགས་ངོ་ལྟར་བྱེད་ན། མདོ་ལས། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད་ཅེས་སོགས་དང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །ཞེས་སོགས་དང་། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་གཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །ཞེས་སོགས་དང་། མགོན་པོས། སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་དང་། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བས། །དམིགས་པ་མེད་པས་རབ་ཏུ་ཞི། །ཞེས་གསུངས་པ་ལྟར། གཟིགས་ངོ་དེར་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་གཉིས་སྣང་ནུབ་པ་ལྟར་གང་གིས་བཤད་ནས་གང་གིས་ཉན་སུས་གོ །དཔེར་ན། བྱ་ནམ་མཁའ་ལ་བགྲོད་པའི་རྗེས་ནི་འཇིག་རྟེན་པའི་རྒན་པོ་བརྡ་ལ་བྱང་བས་ཀྱང་ཇི་ལྟ་བ་བཞིན་སྟོན་མི་ནུས་པ་ལྟར་ཏེ། ས་བཅུ་བའི་མདོ་ལས། ཇི་ལྟར་བར་སྣང་བྱ་རྗེས་མཁན་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མ་མཐོང་ལྟར། །དེ་བཞིན་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང་། བརྗོད་མི་ནུས་ནི་ཉན་པར་ག་ལ་ནུས། །ཞེས་གསུངས་པ་བཞིན་དང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པའི་དོན་ཡང་དེ་ལྟ་བུ་ལ་དགོངས་ཀྱི། སྤྱིར་དོན་དམ་བདེན་པ་ནི་སྒྲས་བརྗོད་ནུས་ཤིང་བསམ་ནུས་པ་ཡང་ཡིན་ནོ། །དཔེ་གཞན་ཡང་། བུ་རམ་གྱི་རོ་མྱོང་བ་སྐྱེས་བུ་རང་གིས་རོ་ཇི་ལྟར་མྱང་བའི་ཚུལ་དེ་ཇི་ལྟ་བ་བཞིན་དུ་གཞན་ལ་འཆད་པ་དང་། གཞན་གྱིས་མྱང་བ་ལྟར་གོ་མི་ནུས་པ་དེ་བཞིན་དུ་དོན་དམ་གཟིགས་པ་པོས་ཀྱང་རང་གིས་ཇི་ལྟར་གཟིགས་པའི་གཉིས་སྣང་ནུས་པའི་སྤྲོས་བྲལ་ལྟར་གཞན་ལ་སྟོན་མི་ནུས་པ་ཡིན་ཏེ། འཆད་ཉན་ཀུན་ལ་སྤྲོས་བཅས་ངེས་པར་འཇུག་པའི་ཕྱིར་རོ། །འོན་ཀྱང་ལྟ་བ་འཚོལ་བའི་ཚེ་རྟོག་པས་ལྟ་བའི་གོ་ཡུལ་བཙལ་དགོས། འཚོལ་བ་དེ་མ་བྱས་ན་ལྟ་བ་ཇི་ལྟ་བ་བཞིན་ངེས་པ་གར་སྲིད་དེ་མི་སྲིད། དེས་མཚོན་ནས་གཞན་བཤད་རྒྱུ་དཔག་ཏུ་མེད་པ་ཡོད་ཀྱང་བཞག རྒྱུ་མཚན་དེའི་ཕྱིར་ཐལ་འགྱུར་བའི་འཕགས་པ་ཆེན་པོ་སྟོང་ཉ ིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་རྣམས་ལ་མཉམ་གཞག་གི་ཚེ་ན་ཀུན་རྫོབ་ཀྱི་རྣམ་གཞག་གམ་ཁས་ལེན་ཐམས་ཅད་ཞིག་པས་དེ་རྣམས་ཀྱི་ངོར་མཉམ་བཞག་དང་ཁྱད་མེད། མཉམ་གཞག་ལས་ལངས་པ་ན་དེ་དག་གི་རྗེས་ཐོབ་ན་ཀུན་རྫོབ་རྟེན་འབྲེལ་གྱི་གཟུགས་བརྙན་ནམ་སྣང་བ་སྒྱུ་མ་ལྟ་བུ་དགག་ཏུ་མེད་པར་འཆར་བ། སོ་སྐྱེ་ཐལ་འགྱུར་བས་ཀྱང་ད་ལྟ་ནས་རང་བཞིན་མེད་པའི་རྟེན་འབྲེལ་སྒྱུ་མའམ་གཟུགས་བརྙན་ལྟ་བུ་ཐ་སྙད་དུ་ངེས་པ་རང་ལུགས་ལ་ཡང་འདོད་ཅིང་ཁས་ལེན་དགོས། དེ་ཁས་བླངས་ཀྱང་རེ་ཞིག་ལ་སྐྱོན་དུ་མི་འགྱུར་ཞིང་། དེ་དགག་ཏུ་ཡང་མི་ནུས་པས་ཁས་བླངས་དགོས་ཏེ། སྣང་སྟོང་གཉིས་ལ་སྤྱིར་ཉེ་རིང་མི་རུང་ཞིང་། སོ་སྐྱེས་སྣང་བ་ལ་ལྷག་པར་རྩིས་སུ་བྱ་དགོས་ཞེས་རྗེ་བཙུན་གསུང་། ཁ་ཅིག་རྒྱུ་འབྲས་སོགས་ཀྱི་ཀུན་རྫོབ་ཀྱི་རྣམ་གཞག་རྣམས་གཞན་དོར་ཁས་ལེན་གྱི། རང་ལུགས་ལ་ཁས་མི་ལེན་ཟེར་བ་ལྟར་ནི་མི་རུང་སྟེ། གཞན་ངོར་ཁས་ལེན་པ་ལ་ནི་ངེས་པ་ཅི་ཡང་མེད་པའི་ཕྱིར་ཏེ། དེ་ལ་ཕྱི་རྒོལ་གྱི་བསྙམ་པ་ལ་བརྟགས་ནས་དེས་ཁས་བླངས་པའི་ཚུལ་ལ་ལྟོས་ནས་ཁོའི་འདོད་པ་ཕྱིན་ཅི་ལོག་སུན་དབྱུང་དགོས་པས། དེ་ལ་ནི་རྒྱང་པན་པར་བཅད་ཀྱི་གྲུབ་མཐའ་ལ་ལྟོས་ནས་རེ་ཞིག་དེའི་ངོར་འདི་ཁས་ལེན་དང་འདི་ཁས་མི་ལེན་མེད་དོ། །དེ་ཡང་ཁོ་བོས་སྒྲ་རྟག་པར་ཁས་ལེན་པ་ན་འོ་ན་ངེད་ཀྱིས་བུམ་པ་ཡང་རྟག་པར་ཁས་ལེན་ནོ་ཞེས་ཁོ་གང་འདོད་པའི་ལོག་ཕྱོགས་སྒྲ་མི་རྟག་པར་རང་ལུགས་དང་། བུམ་པ་རྟག་པར་རེ་ཞིག་བླངས་ནས་མགོ་མཚུངས་སོགས་བྱས་པས། མཐར་ཁོའི་འདོད་པ་ལ་གནོད་བྱེད་མཐོང་བ་དང་། རང་ལུགས་སུ་སྒྲ་མི་རྟག་པར་དམ་བཅའ་བཞག་པ་དེ་ཡང་བུམ་པ་མི་རྟག་པ་དེ་དང་འདྲའོ། །ཞེས་བསྟན་ལ། རང་གི་དགོས་པའི་དབང་གིས་ཁས་བླངས་པར་བསྟན་པས་ཁས་བླངས་གཉིས་ཀ་མཉམ་པའམ་མཚུངས་པར་འགྲོ། །རང་ལུགས་ཀྱི་ཁས་བླངས་དེ་གཞན་ངོར་ཁས་བླངས་པ་ཙམ་ཡིན་གྱི་ངས་ཁས་མ་བླངས་ཟེར་མི་བཏུབ་སྟེ། ཡིན་ནམ་མིན་ཡང་རང་གཞན་གྱི་ཕྱོགས་གཉིས་ཀས་གང་ཁས་བླངས་པ་དེ་ལ་སྐྱོན་གནོད་བྱེད་མ་མཐོང་གི་བར་དུ་རང་རང་གི་ཞེ་འདོད་ཡིན་པ་བཞིན་བྱེད་དགོས་པ་ལྟ་བུ་ཡིན་ཞེས་རྗེ་བཙུན་གསུང་། གོང་དུ་བཤད་པ་ལྟར་གང་ཟག་གི་བདག་མེད་ལ་དཔྱད་སྒོམ་གྱི་མྱོང་བ་ཐོན་པ་དང་། དེ་ནས་ཆོས་ཀྱི་བདག་མེད་ཀྱི་དམིགས་རྣམ་དུ་མ་ལ་བརྩོན་འགྲུས་ཀྱིས་འབད་ཅིང་རྩལ་སྦྱང་ངོ་། །ལུགས་འདིར་བདག་མེད་གཉིས་འཇོག་ཚུལ་ནི། འཇུག་པ་ལས། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་གསུངས་པ་ལྟར། ཁྱད་གཞི་གང་ཟག་གི་སྟེང་དུ་དགག་བྱ་རང་བཞིན་གྱིས་གྲུབ་པ་བཀག་པ་གང་ཟག་གི་བདག་མེད་དང་། ཕུང་སོགས་ཀྱི་སྟེང་དུ་རང་བཞིན་གྱིིས་གྲུབ་པ་བཀག་པ་ཆོས་ཀྱི་བདག་མེད་དུ་འཇོག་པ་ཙམ་ཡིན་གྱི། བདག་མེད་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་དོ། །འོན་ཀྱང་ལམ་རིམ་ཆུང་བ་ལས། ཁྱད་གཞིའི་གནད་ཀྱི་གང་ཟག་གི་སྟེང་དུ་རྟོགས་སླ་བར་བཤད། ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་རིགས་པའི་གཙོ་བོ་ནི་རྟེན་འབྲེལ་གྱི་རིགས་པ་ཡིན་ཏེ། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པ་ལྟར་རྒྱུ་འབྲས་སོགས་ཀྱི་ཆོས་མཐའ་གཉིས་གི་སྟེང་དུ་རྟག་ཆད་ཀྱི་མཐའ་གཉིས་འགོག་ནུས་ཤིང་། བསྟོད་པར་ཡང་། དེ་ཉིད་མཁས་ལ་སྤྲོས་པ་ཡི། །དྲ་བ་མ་ལུས་གཅོད་པའི་སྒོ། །ཞེས་གསུངས་པ་ཡང་རྟེན་འབྲེལ་གྱི་རིགས་པ་ལ་དགོངས་པའི་ཕྱིར་རོ། །ཀླུ་སྒྲུབ་དང་ཟླ་བས་རྩ་ཤེ་དང་འཇུག་པར། མཐའ་བཞི་སྐྱེ་འགོག་གི་རིགས་པ་བཤད་ལ་དེ་ཡང་རྟེན་འབྲེལ་གྱི་རིགས་པ་ལ་ཐུག་སྟེ་རྒྱས་པར་གཞན་དུ་ཤེས་པར་བྱ་ཞིང་འགའ་ཞིག་གོང་དུ་བརྗོད་ཟིན་ཏོ། ༈ །འདུས་པའི་རྩ་རྒྱུད་སོགས་ནས་སྟོང་ཉིད་ཀྱི་ལྟ་བ་བསྟན་པས་སྔགས་ཀྱི་རྫོགས་རིམ་པ་ལྟ་བ་སྒོམ་པའི་ཚུལ་ཡོད་ཀྱང་། དེ་རྣམས་ལ་མཚན་ཉིད་ཀྱི་གཞུང་ནས་བཤད་པའི་ལྟ་བའི་མྱོང་བ་འདོན་ལུགས་འདི་མེད་པས། སྔགས་ཀྱི་དེ་རྐྱང་བ་བྱས་ན་ལྟ་བའི་གོ་ཡུལ་ཙམ་ཡོད་ཀྱང་ལྟ་བའི་ལམ་ཁྱད་པར་ཅན་དུ་གཏན་མི་འགྲོ། །བདེ་གསལ་མི་རྟོག་པའི་ཁྱད་ཆོས་གསུམ་ལྡན་གྱི་ཉམས་མཆོག་ཏུ་འགྱུར་བ་སྐྱེས་ནས་སྐབས་དེར་སྒྲ་རྟོག་གི་སྤྲོས་པ་གཏན་མི་རྒྱུ་བའམ། རྒྱུ་ཡང་ཞི་གནས་ཀྱི་གནས་ཆ་སྟོབས་ཆེས་པས་གཡོ་བའི་རྟོག་པ་གཅིག་ནས་གཅིག་ཏུ་མཚམས་སྦྱོར་མི་ཐུབ་པར་སྤྲོས་པའི་དམིགས་གཏད་ཞིག་པ་ཡིན་ནམ་སྙམ་བྱེད་པ་དང་། ཡང་ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟར་འཆར་བ་ཡང་འོང་མོད། དེའི་ཚེ་སྒྲ་རྟོག་དེ་དག་གནས་ཆ་ཆེས་པའི་ཞི་གནས་ཀྱི་མཐུས་རེ་ཞིག་བཀག་པའི་དམིགས་གཏད་ཞིག་པ་འདྲ་བ་ཞིག་བྱུང་བ་ཡིན་གྱི། མཉམ་གཞག་གི་ངོ་བོ་ནི་གཉིས་སྣང་གི་རྟོག་པ་ལས་མ་འདས་པའི་ཕྱིར་སྒྲ་རྟོག་གི་སྤྲོས་པ་འདི་གཏན་ནས་འཇིག་མི་ཐུབ། སྒྲ་རྟོག་གི་སྤྲོས་པ་རགས་པ་རེ་ཞིག་ལོག་པ་དང་སྣང་བ་སྒྱུ་མ་ལྟར་འཆར་བ་དེ་འདྲ་བསམ་གཏན་བཞི་ཐོབ་ན་ཡང་འོང་ཞིང་། དེ་ཐོབ་ནས་གཟུགས་སོགས་ཡུལ་ལྔའི་སྣང་བ་ཐམས་ཅད་མཉམ་པར་བཞག་པ་ན་ན་བུན་ལྟར་སྣང་བ་ཡང་འོང་། བསམ་གཏན་ཐོབ་པའི་ཚེ་དེ་འོང་བར་མ་ཟད། གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་ནས་མཉམ་གཞག་གི་ཚེ་གཟུགས་ཀྱི་སྣང་བ་རྣམས་འགགས་ནས་ཀྱང་འགྲོ་བ་འོང་སྟེ། དེ་འདྲ་འོང་བ་དེ་ནི་ལྷག་མཐོང་གི་མཐུ་མིན་གྱི་ཞི་གནས་ཀྱི་སྟོབས་ཀྱིས་ཡིན་ནོ། །ཡུལ་གྱི་སྣང་ཚུལ་དེ་ལྟར་སྣང་བ་བྱུང་ཡང་ནང་རང་རྒྱུད་ཀྱི་མྱོང་རིག་ཉམས་རྟོགས་ལ་སྟོང་ཉིད་རྟོགས་སོ་སྙམ་པའི་བྲོད་པ་སྟེ་དགའ་སྤྲོ་འདིར་མི་ནུས་ཤིང་མི་རུང་སྟེ། སྟོང་ཉིད་ཀྱི་ལྟ་བ་ལ་མྱོང་བ་མ་ཐོན་པས་སོ། །གསང་སྔགས་ཀྱི་ལམ་མྱུར་བར་བཤད་པ་ནི་ཞི་གནས་ཁྱད་པར་ཅན་ཡོད་པས་མྱུར་བ་དང་། དེ་ཡང་ཞི་གནས་སྟོབས་ལྡན་སྒྲུབ་ལུགས་ལྷ་དང་རྩ་རླུང་ཐིག་ལེ་སོགས་ལ་དམིགས་རྟེན་བྱེད་པ་མཚན་ཉིད་ཐེག་པ་ལ་མེད་པ་རྣམས་ཡོད་ལ། དེའི་ཚེ་ཞི་གནས་ཅི་ཙམ་སྟོབས་ཆེ་བ་བཞིན་ལྟ་བས་ཟིན་པ་ན་ལྟ་བ་ལ་མྱོང་བ་སྟོབས་ལྡན་འགྲུབ་ས་ཡོད་པས་སྔགས་ལམ་མྱུར་བར་བཤད་པ་ཡིན་ནོ། ། ཇི་སྐད་བཤད་པའི་རྒྱུ་མཚན་དེས་ན་མཚན་ཉིད་ཐེག་པའི་ལམ་གྱི་གནད་ལམ་གྱི་གཙོ་བོ་རྣམ་གསུམ་གོང་དུ་བསྟན་པ་རྣམས་ཀྱང་ཤེས། དེའི་སྟེང་དུ་སྔགས་ཀྱི་ཐབས་ལམ་གྱི་གདམས་ངག་བྱང་ཡོད་པ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་འདྲ་བ་དེ་མཚན་ཉིད་ཀྱི་ཐེག་པ་རྐྱང་བའི་གདུལ་བྱ་ལས་ལམ་ཆེས་མྱུར་བ་དང་ཆེས་ཁྱད་པར་དུ་འཕགས་པ་ཡིན་གྱི། མཚན་ཉིད་ཀྱི་ལམ་གྱི་གནད་ཁྱད་པར་ཅན་མེད་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱ་དེ་མཚན་ཉིད་ཀྱི་གདུལ་བྱ་ལས་དམན་ཏེ། གང་ཟག་དེས་སྔགས་ལམ་དེ་ཁོ་ན་ལ་བརྟེན་ནས་འཚང་རྒྱ་བར་མི་ནུས་ཤིང་། མཚན་ཉིད་ཀྱི་དེ་དེ་ཁོ་ན་ལ་བརྟེན་ནས་འཚང་རྒྱ་ནུས་པས་སོ། །དེ་ལྟར་ཐུན་མོང་མ་ཡིན་པའི་ལམ་གྱི་དབང་དུ་བྱས་ནས་མཚན་ཉིད་ཀྱི་ཐེག་པ་མཆོག་དང་། སྔགས་འདོད་ཡོན་ལ་སྤྱོད་པའི་ཉོན་མོངས་ཀྱི་དབང་དུ་སོང་དྲགས་ནས་རྒྱུད་མ་དག་པའི་གདུལ་བྱ་ལ་མངོན་མཐོའི་ཐབས་ཙམ་དང་། ཞི་གནས་སོགས་ཙམ་བསྟན་པས་དམན་པ་ཡིན་ཞེས་རྗེ་བཙུན་གསུང་། མཚན་ཉིད་ཐེག་པ་ཁོ་ན་ལ་བརྟེན་ནས་འཚང་རྒྱ་ནུས་མི་ནུས་ལ་དཔྱད་པར་བྱ་བ་མང་དུ་ཡོད་ཀྱང་བཞག འདི་དག་ནི་གང་ལ་དགོངས་ནས་གསུངས་པའི་དགོངས་གཞི་ད་དུང་བཙལ་དགོས་པ་ལྟར་སྣང་ཡང་། འདི་རྣམས་ཐམས་ཅད་ལ་རྗེས་རྗེ་བཙུན་ལ་དགག་སྒྲུབ་དཔག་མེད་བྱས་ནས་ཞུ་གཏུགས་བྱས་ཤིང་གཞན་དུ་མ་ཡོད་ཀྱང་བྲིར་མ་ལང་ཞེས་གསུངས་པ་འདི་ལྟར་ན། འདི་སྐོར་རྣམས་སྒྲས་ཟིན་ལྟར་ཁས་བླངས་དགོས་རྒྱུར་སྣང་ངོ་། །འདི་ཐམས་ཅད་རེད་མདའ་བ་རང་རེ་ལ་ངེས་ཤེས་འདྲེན་པའི་རྒྱུ་འགྲོ་ངོ་ཤེས་སྙམ་ནས་རྗེས་བྲིས་པ་ཡིན། འདི་སྐོར་ལ་རྗེ་ང་ལ་ནི་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་གྱི་དྲི་ཙམ་ཡང་མེད་དེ། ཐེ་ཚོམ་ཀུན་ཆོད་པའི་ཕྱིར་རོ་ཞེས་གསུང་། དེ་ཡན་ནི་དངོས་གཞིའོ། །༈ དེ་ནས་ཞལ་ཏ་ཞུས་པས་ཞེས་པ་མན་ཆད་ནི་འཕྲོས་སམ་ཞར་བྱུང་དུ་སྣང་བས་ཚིག་འགྲེལ་རྒྱས་མི་དགོས་པར་མཐོང་བས་བསྡུས་ཏེ་བཤད་ན། འདི་དག་རྗེ་བཙུན་ལ་ཞུས་ནས་བསྐུར་ཞིག་ཅེས་རེ་མདའ་བས་ཞུས་པ་དང་། རྗེས་ཀྱང་རང་རེ་མཇལ་འཛོམ་བགྱིད་བ་མ་བྱུང་བ་ཁྱད་ཆེ་སྙམ་ནས་བྲིས་པ་ལགས་ཞེས་ཕུལ་བའི་རྒྱུ་མཚན་ནམ་དགོས་པ་དང་། དེ་ནས་ལམ་གྱི་གཙོ་བོ་རྣམ་གསུམ་ལ་མྱོང་བ་འདོན་ཚུལ་ཁྱད་པར་ཅན་འདི་འདྲ་ད་ལྟ་གཞན་སུ་ལའང་འཆད་རྒྱུ་མི་འདུག་པས། བྲིས་ནས་བསྐུར་བ་འདི་དག་ཁྱད་པར་ཅན་ཡིན་ནོ། ཤེས་ཤིང་ཉམས་སུ་ལེན་པ་གལ་ཆེ་ཚུལ་དང་། ཐལ་འགྱུར་བའི་ལུགས་ཀྱི་ལམ་གྱི་གཙོ་བོ་རྣམ་གསུམ་ལ་འཁྲིད་ཚུལ་རྒྱས་པར་གནང་བ་ཡོད་པ་དག་འདིར་མ་བྲིས་ཤིང་། ཡི་གེ་བྲིས་ནས་བསྐུར་བ་འདི་དག་ཀྱང་མི་སླུ་བ་ཡིན་ཞིང་། མི་སླུ་བ་ཡིན་ངེས་པའི་རྒྱུ་མཚན་བསླུས་ན་ངའི་མིག་ཏུ་སྒོག་ཆུ་བརྡུངས་ཆོག་ཅེས་གསུངས་པ་དང་། དེ་ནས་རེད་མདའ་བ་སྒྲུབ་པ་ལ་བསྐུལ་བའི་སྐོར་དེ་རྣམས་དང་། རེད་མདའ་བ་ཉིད་རྗེ་བཙུན་གྱིས་སྒྲུབ་པ་ལ་བསྐུལ་ཞིང་བསྒྲུབས་པས་འགྲུབ་ན་འདི་སྐོར་གྱི་ཉམས་སུ་ལེན་ཚུལ་ཞུས་ནས་ང་ལ་བསྐུར་ཞིག་དང་ངེད་ཀྱང་དེ་དང་མཐུན་མི་མཐུན་བལྟ་གསུངས་བ་དང་། འཆད་ཉན་བྱེད་པ་དག་ལ་འདི་དག་གི་བཤད་པ་སྣང་ཡང་། ཞེ་ཐག་པ་ནས་འཁྲིད་དུ་བཅུག་ན་ཡིད་གཏན་དཀའ་བར་སྣང་བ་དང་། ཉམས་ལེན་པ་དག་ལ་ལམ་གྱི་གཙོ་བོ་གསུམ་པོ་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུའི་གཙོ་བོའམ་རྩ་བར་འདུག་པ་ལ། དེ་རང་རྒྱུད་ལ་ཉམས་སུ་ལེན་པའི་མྱོང་བ་མི་འདོན་པར་ངེས་འབྱུང་དང་སེམས་བསྐྱེད་གཉིས་ཀྱི་གོ་བ་ཙམ་ལ་མྱོང་བ་ཐོན་པར་འཁྲུལ་བ་དང་། ཁ་ཅིག་སྔོན་དུ་འདི་གཉིས་ལ་མྱོང་བ་མི་འདོན་པར་རྩ་རླུང་ཐིག་ལེ་སོགས་ཀྱི་དམིགས་པ་ལ་ཟབ་པར་འཁྲུལ་ནས་འཇུག འགའ་ཞིག་རྒྱུད་ལ་ཉམས་སུ་ལེན་ཀྱང་འདི་གཉིས་ཀྱི་གོ་བ་རྣམ་དག་མ་རྙེད་པར་འདི་དག་ལྟར་སྣང་རེ་ལ་མཚན་ཉིད་ཚང་བར་འཁྲུལ་ནས་འབད། ཡང་། ལ་ལ་སྔར་བཤད་པ་ལྟར་ལྟ་བའི་གོ་བ་མི་འཚོལ་བར་སེམས་ཅིར་ཡང་མི་རྟོག་པའི་སྒྲ་རྟོག་བཀག་པ་ཙམ་གྱི་སྒོམ་ལ་ལྟ་བ་རྣམ་དག་སྒོམ་པར་འཛིན། ཁ་ཅིག་གོང་མའི་སས་བསྡུས་ཀྱི་ཞི་གནས་ལྟ་ཞོག །འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཞི་གནས་རྗེས་འཐུན་པ་ཙམ་ལའང་གནས་ལུགས་བསྒོམ་པར་འཁྲུལ་སྣང་སྟེ། འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནི་ཞི་གནས་མ་ཐོབ་གོང་གི་སེམས་གནས་དགུ་པ་མན་ཆད་ཀྱི་ཏིང་ངེ་འཛིན་རྣམས་ཡིན་ལ། ཞི་གནས་ཐོབ་ཕྱིན་གོང་མའི་སས་བསྡུས་ཀྱི་ཏིང་ངེ་འཛིན་དུ་འགྱུར་རོ། །མཁས་པ་དྲག་ཤོས་ཁ་ཅིག་དེ་ཙམ་མི་འདོད་ཀྱང་ལྟ་བའི་གོ་ཡུལ་སྐམ་པོ་ཕྱོགས་མཐུན་ཙམ་ཞིག་སྔར་གྱི་ཏིང་ངེ་འཛིན་དེ་ལ་བསྐོན་པ་སྟེ་བསྲེས་ནས་བསྒོམས་པས་དེ་ལ་མི་ཞེན་པར་འདོད་པ་དང་། སྒོམ་དེའི་ཐོག་མཐར་སེམས་བསྐྱེད་སྨོན་ལམ་ཡིད་འཁུལ་ངེས་མིན་པའི་ཚིག་ཙམ་ཁ་ཡར་བྱས་པས་ལམ་དངོས་གནས་པར་འགྲོ་སྙམ་པ་འདུག་ཀྱང་། ངེས་འབྱུང་སེམས་བསྐྱེད་གཉིས་ལ་མྱོང་བ་མ་ཐོན་པར་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ་བ་སྔར་བཞིན་དང་། སེམས་ཙམ་པ་དང་དབུ་མ་པ་གཉིས་པོ་གང་རུང་གི་ལྟ་བ་རྙེད་ནས་ཞི་གནས་བཙལ་ཏེ་དེ་ནས་དཔྱད་སྒོམ་གྱིས་ལྷག་མཐོང་ལ་མྱོང་བ་མཐོན་ན་ཞི་ལྷག་གཟུང་འབྲེལ་གྱི་ལམ་དུ་མི་འགྲོ་བ་དང་། ཉན་བཤད་ཀྱི་དུས་སུ་གོ་བ་ཐར་བའི་རྒྱུར་འགྲོ་བ་ཡོད་ཚུལ་དང་། འོན་ཀྱང་ཉན་བཤད་ལ་ནི་བསྟན་པའི་སྙིང་པོ་བདག་མེད་རྟོགས་པའི་ལྟ་བ་མཚན་ཉིད་ཐེག་པ་ནས་གསུངས་པ་ལྟར་ཤེས་པར་བྱ་དགོས། དེ་མི་བྱེད་པར་གཞན་གྱི་ཟེར་སྒྲོས་ཉག་ཉོག་མང་པོ་སྤྱི་དང་། ཁྱད་པར་དུ་རྩིས་སོགས་ཐ་སྙད་ཀྱི་སྐོར་དང་ཆོ་གའི་སྤྲས་སྤྲོས་དང་རྩ་རླུང་སོགས་ཀྱི་གཏམ་མང་པོ་ལ་འབད་པ་ནི་དོན་ཆུང་བ་དང་། ཡང་། གལ་ཆེན་བདག་མེད་ཀྱི་དོན་ལ་ངེས་ཤེས་འདྲོངས་པའི་སྒྲུབ་པ་བྱེད་དགོས་ཤིང་ལྟ་བ་འདིའི་གོ་བ་ཐར་བའི་རྒྱུར་འགྲོ་ཡང་འདིས་སྣང་ཤས་ཟིལ་གྱིས་གནོན་མི་ནུས་པས་དེས་སྐྱོན་དུ་འགྱུར། སྣང་ཤེས་ཟིལ་གྱིས་གནོན་པ་ལ་ངེས་འབྱུང་གལ་ཆེ་བ་དང་། འདི་ཕྱིའི་སྣང་ཤས་ཀྱི་དབང་བྱས་པའི་དགེ་རྩ་རྣམས་འཁོར་བའི་རྒྱུར་འགྲོ་བ་དང་། བསྟན་པ་དང་སེམས་ཅན་ཕྱོགས་འདི་ཙམ་དུ་མ་ཟད། ཕྱོགས་མཐའ་ཡས་པ་དང་། ཡུལ་དུས་མཐའ་ཡས་པའི་རྩིས་བཏང་དགོས་པ་དང་། དེ་ལྟར་བཏང་ན་བསམ་པ་རྒྱ་ཆེ་རུ་འགྲོ་ཞིང་འགྲོ་དོན་ཡང་རྒྱ་ཆེ་བ་དང་། འདི་རྣམས་རྗེ་བཙུན་གྱི་མན་ངག་ཡིད་ཆེས་པའི་གནས་ཡིན་ཞིང་ཁྱེད་ལ་ནི་སངས་རྒྱས་ཀྱི་འཕྲིན་བསྐྱལ་བ་ཡིན་པས་དོན་འདི་བཞིན་ཉམས་སུ་བླངས་ན། རེད་མདའ་བ་ཉིད་སྐུ་ཚེ་འདི་དང་ཕྱི་མ་ལ་གཞན་དོན་ཁྱད་པར་ཅན་འགྲུབ་པའི་ཡོན་ཏན་སོགས་འཐོབ་པར་རྗེ་བཙུན་གྱིས་ལུང་བསྟན་པ་རྣམས་སོ། །དེ་ནས་མཐའི་བསྔོ་སྨོན་ནི། དགེ་འདིའི་མཚོན་ནས་དུས་གསུམ་དང་འབྲེལ་བའི། །ཞེས་པ་ནས། རྣམ་དག་སྨིན་པའི་གནས་འདི་འགྲུབ་པར་ཤོག །ཅེས་པའི་བར་ཚིགས་བཅད་བཞི་སྟེ་གོ་སླའོ། །ཞེས་པ་འདི་ནི། རྗེ་བཙོང་ཁ་པ་ཆེན་པོས་རྗེ་བཙུན་རེ་མདའ་བ་ཆེན་པོ་ས་སྐྱ་ན་བཞུགས་པའི་དྲུང་དུ་འབུལ་བ་ལ་རྟོག་ལྡན་བྱང་སེང་པ་གྲོགས་མཆེད་བཏང་བའི་དུས་ཀྱི་ཞུ་ཡིག་ངོ་བོ་ལས་སློབ་དཔོན་ཀྲེ་བོ་ཐར་བཟང་གིས་ཇི་ལྟར་བཤུས་པ་ལས་ཕྱི་མོ་བགྱིས་པའོ། །ཞེས་དང་། འདིའི་མཇུག་ཏུ་བསྔོ་སྨོན་གྱི་ཚིགས་བཅད་ཡོད་པ་འདི་ལྟར་ན་དབུ་ན་མཆོད་བརྗོད་ཀྱང་ཡོད་པར་མངོན་ཏེ། འདིར་མི་འབྱུང་བ་ནི་གོང་དུ་བརྗོད་པ་ལྟར་རོ། །༈ ཡང་གསུང་འབུམ་ཐོར་བུའི་མཇུག་ཏུ་རྗེས་རྗེ་བཙུན་འཇམ་དབྱངས་ལ་ཞུས་ཏེ་རེད་མདའ་པར་གནང་བ་ཞིག་བཞུགས་པ་འདིའི་དོན་གོ་བདེ་བས་ཡོངས་སུ་འཆད་དགོས་པ་མི་འདུག་ཀྱང་། སྔར་མའི་ཞར་བྱུང་དུ་འདིའི་དོན་བསྡུས་ཏེ་བརྗོད་ན། བཅོམ་ལྡན་འདས་ཀྱིས་གདུལ་བྱ་འཁོར་བ་ལས་ཐར་བའི་ཐབས་སུ་མདོ་སྔགས་གཉིས་གསུང་བའི་ནང་ནས་སྔགས་ལམ་ལ་འཇུག་དགོས་ཏེ། ལམ་དེ་ནི་ཚེ་གཅིག་གམ། བདུན་ནམ། སྐྱེ་བ་བཅུ་དྲུག་ལྟ་བུ་ལ་འཚང་རྒྱ་ནུས་པའི་ལམ་ཡིན་པའི་ཕྱིར་རོ། །ཁ་ཅིག་སྔགས་ལམ་འདི་ལྟ་བུ་རང་དགར་མཐོང་ནས་དོར་ཏེ་རིགས་ལམ་ཙམ་གཙོ་བོར་དོན་དུ་གཉེར་བ་ནི་མྱུར་དུ་འཚང་རྒྱ་བའི་སྐལ་ཆད་ཅན་ནོ། །དེ་ཡང་སྔོན་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་རྒྱུད་སྦྱངས་དགོས་ཤིང་ཁྱད་པར་དུ་ལམ་གྱི་གཙོ་བོ་རྣམ་གསུམ་སྔར་བཤད་པ་རྣམས་རྒྱུད་ལ་ཅི་སྐྱེ་བྱའོ། །ལྟ་བ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པའི་ལྟ་བ་ཅི་ནུས་སུ་འཚོལ་དགོས། ཚེ་གཅིག་ལ་འཚང་རྒྱ་བ་བླ་མེད་ཀྱི་ཁྱད་ཆོས་ཡིན་པས་བླ་མེད་ལ་ཕ་རྒྱུད་མ་རྒྱུད་གཉིས་ལས་ཕ་རྒྱུད་ཀྱི་གཙོ་བོ་ནི་གསང་བ་འདུས་པ་ཡིན་ལ། འདིས་སྒྱུ་ལུས་དང་འོད་གསལ་གཉིས་ཀ་སྟོན་ཅིང་། ཁྱད་པར་དུ་སྒྱུ་ལུས་རྒྱས་པར་སྟོན་པས་ཤེས་དགོས་སོ། །མ་རྒྱུད་བདེ་དགྱེས་ནས་བདེ་སྟོང་གི་ཡེ་ཤེས་གཙོ་བོར་སྟོན་ཅིང་། དེ་སྐྱེད་པའི་ཐབས་སུ་གཏུམ་མོ་སྦར་དགོས་པས། དེ་ནི་བདེ་དགྱེས་གཉིས་དང་ཀྱེ་རྡོར་ནས་རྒྱས་པར་འཆད། བདེ་མཆོག་ནས་རྩ་གནས་རྣམས་སུ་དཔའ་བོ་དང་དཔའ་མོ་བསྒོམས་པས་རྩ་རླུང་རྣམས་བྱིན་གྱིས་བརླབས་ནས་རླུང་ཐིམ་པས་བདེ་སྟོང་སྐྱེ་ཚུལ་སོགས་འཆད་པས། བདེ་མཆོག་གི་སྐོར་ལ་མཁས་དགོས། དེ་ཡང་ལྷུན་པོའི་རྩེ་ན་ད་ལྟ་ཡང་དངོས་སུ་བཞུགས་པས་བྱིན་རླབས་མྱུར་རོ། །གཟུགས་སྐུའི་རྒྱུའི་གཙོ་བོ་སྒྱུ་ལུས་སྒྲུབ་ཚུལ་གསང་འདུས་ནས་འབྱུང་བས་དེ་ལ་མཁས་དགོས་ཤིང་། ཆོས་སྐུའི་རྒྱུའི་གཙོ་བོ་བདེ་སྟོང་གི་ཡེ་ཤེས་ནི་བདེ་མཆོག་གིས་སྟོན་པས་དེ་ལ་སྦྱངས་དགོས་ལ། དེ་ཡང་ལོ་ནག་དྲིལ་གསུམ་གྱི་གཞུང་ལྟར་ཤེས་དགོས། རྒྱ་བོད་གཉིས་སུ་བདེ་མཆོག་ལ་བརྟེན་པའི་གྲུབ་ཆེན་ཤིན་ཏུ་མང་པོ་བྱོན་ཤིང་ད་ལྟ་ཡང་རྣལ་འབྱོར་བྱེད་པ་མང་། བདེ་གསང་གཉིས་ཀྱི་སྒོ་ནས་ལམ་བགྲོད་པ་ལ་ཡི་དམ་འཇིགས་བྱེད་ལ་བསྟེན་དགོས་ཏེ། འདིས་ལམ་སྒྲུབ་པའི་འགལ་རྐྱེན་སྤྱི་དང་ཁྱད་པར་དུ་གདོན་འགེགས་སོགས་ཀྱི་གནོད་པ་ཞི་ནས་ལམ་མཐར་ཕྱིན་པར་འགྱུར་རོ། །འཇིགས་བྱེད་ཁོ་རང་ལ་ཡང་ཁྱད་ཆོས་ལྔ་ཡོད་དེ། གཅིག་ནི་ཕྱག་མཚན་སྒྱུ་མས་ནི་སྒྱུ་ལུས་དང་མེ་ཐབས་ཀྱིས་འོད་གསལ། གཅིག་ནི་ཁ་ཊཱཾ་གས་ནི་བདེ་སྟོང་གི་རྣམ་གཞག་སྟོན། གཅིག་ནི་མེ་ཐབས་བསྡིགས་མཛུབ་སྐྱེས་བུ་གསལ་ཤིང་ལ་བསྐྱོན་པ་གསུམ་སྟེ། མེ་ཐབས་ཀྱིས་ཤེས་རབ་ཆེ་བ། བསྡིགས་འཛུམ་གྱིས་ཕ་བརྒྱུད་མ་རྒྱུད་ཀྱི་གནད་མཐར་ཐུག་ང་ལ་ཡོད་ཅེས་མཚོན་ཤིང་། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ནི་སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་ནུས་པ་དང་། གཅིག་ནི་སྤྱིར་རྗེ་བཙུན་རྒྱལ་བ་ཀུན་གྱི་ཡབ་ཡིན་པས་རྗེ་བཙུན་ལ་བསྟེན་དགོས་ཤིང་། ཁྱད་པར་དུ་རྒྱུ་འབྲས་གཉིས་དང་ཡེ་ཤེས་སེམས་དཔའི་སྐབས་སུ་རྗེ་བཙུན་གྱི་ཞལ་དངོས་སུ་ཡོད་པས་རྗེ་བཙུན་གྱིས་རྗེས་སུ་འཛིན་པའི་རྟེན་འབྲེལ་ཁྱད་པར་ཅན་དང་ལྡན་པ་དང་། གཅིག་ནི་སྔར་བཤད་པ་ལྟར་བདེ་གསང་གཉིས་ཀྱི་སྒོ་ནས་ལམ་བགྲོད་པ་ལ་ཡིད་ན་འཇིགས་བྱེད་བསྟེན་ན་བར་ཆད་ཐམས་ཅད་ཞི་ནས་ལམ་གྱི་བགྲོད་པ་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །གཞན་ཡང་རྭ་གཉིས་ཀྱིས་ནི་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་གཟུགས་སྐུ་གཉིས་འགྲུབ་ཚུལ་རྣམས་ང་ལ་ཡོད་ཅེས་མཚོན་པ་སོགས་མང་ངོ་། །ཆོས་སྐྱོང་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲོས་དང་མཐུན་པ་ཞིག་དགོས་ཏེ། དེ་ཡང་ལས་ཀྱི་གཤིན་རྗེ་ནི་སྐྱེས་བུ་ཆུང་ངུའི་ཆོས་སྐྱོང་དུ་བསྟེན་པ་དང་། རྣམ་ཐོས་སྲས་ནི་སྐྱེས་བུ་འབྲིང་གི་ལམ་སྒྲུབ་པའི་ཆོས་སྐྱོང་དང་། མགོན་པོ་ཕྱག་དྲུག་པ་ནི་སྐྱེས་བུ་ཆེན་པོའི་ལམ་སྒྲུབ་པའི་ཆོས་སྐྱོང་དུ་བསྟེན་པར་བྱའོ། །དེ་ལྟ་བུའི་ལམ་སྟོན་པའི་བླ་མ་ཡང་ཡོན་ཏན་ཕྱོགས་རེ་བས་མི་ཆོག་གི །སྡོམ་པ་གསུམ་དང་ལྡན་ཞིང་ཉེས་ལྟུང་དང་བྲལ་བ། སྡེ་གནོད་གསུམ་ལ་མཁས་ཤིང་བསླབ་པ་གསུམ་དང་ལྡན་པ། རྒྱུད་སྡེ་བཞི་ལ་མཁས་ཤིང་བསྐྱེད་རྫོགས་ཅི་རིགས་ཀྱི་རྒྱུད་སྨིན་པ་སོགས་ཀྱི་ཡོ་ཏན་དང་ལྡན་པ་ཞིག་བསམ་སྦྱོར་གཉིས་ཀྱིས་བསྟེན་པར་བྱ་ལ། དེ་བཞིན་དུ་གྲོགས་ཀྱང་དད་པ་ཆེ་བ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། ཤེས་རབ་ཆེ་བ་བླ་མ་དང་དེས་བསྟན་པའི་ཆོས་པ་གུས་ཤིང་འཇུག་པ་སོགས་དང་ལྡན་པ་ཞིག་བསྟེན་པར་བྱའོ། །ཚོགས་ཞིང་ནི། རང་གི་སྤྱི་བོར་སེང་ཁྲིའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་སུ་གསལ་བ་ལ་ཡེ་ཤེས་པ་སྤྱན་དྲངས་བསྟིམས་ནས་མཎྜལ་འབུལ་བ་དང་། གསོལ་འདེབས་དབང་བཞི་ལེན་པ་མཐར་རང་གི་སྙིང་གའི་ཐིག་ལེའི་དབུས་སུ་བཞུགས་པའོ། །སྒྲིབ་སྦྱོང་ལ་ལྷུང་བཤགས། ཡིག་བརྒྱ། དམ་ཚིག་རྡོ་རྗེའི་བཟླས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་སྟོབས་བཞི་སོགས་བྱ་དགོས་ཚུལ་བཤད། མདོར་ན་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་འབྲས་བུ་མངོན་དུ་བྱེད་པའི་བར་གྱི་ལམ་མཐུན་མོང་བས་རྒྱུད་སྦྱངས་པ། སྐུ་གསུམ་གྱི་ལམ་ལ་འཁྲིད་ཚུལ། དབང་ཐོབ་ཅིང་། དེའི་དམ་ཚིག་གསུང་དགོས་པ། རིམ་གཉིས་རྒྱུད་ལ་སྐྱེ་བའི་གྲངས་ངེས་གོ་རིམས་སོགས་ལ་གོ་བ་ཆགས་པར་བྱེད་པའོ། །འདི་དག་ལ་བཤར་སྒོམ་བྱེད་པ་ཙམ་ཡང་ཉམས་ལེན་གྱི་གནད་ཚང་ཚུལ་འདི་དག་རྗེ་བཙུན་ལ་ཞུས་ལ་བསྐུར་ཞིག་ཅེས་གསུང་བ་བཞིན། བདག་གིས་རྗེ་བཙུན་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ་གསོལ་འདེབས་ཤུགས་དྲག་དང་བཅས་ཞུས་པས། རྗེ་བཙུན་གྱིས་ཉམས་ལེན་བྱ་ཚུལ་འདི་ལྟར་གྱིས་ཤིག་ཅེས་གསུང་བ་བཞིན་ཡི་གེར་བཏབ་ནས་ཕུལ་བ་ལགས། རྗེ་ཉིད་ཀྱིས་རྗེ་བཙུན་འཇམ་དབྱངས་ལ་ཞུས་ནས་རེད་མདའ་བ་ལ་ཕུལ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་པའི་ཚུལ་ལོ། །ཞེས་པ་ནི་ཚིག་དོན་གྱི་སྙིང་པོ་བསྡུས་ཏེ་བཀོད་པའོ། །འདི་དང་སྔ་མ་གཉིས་ཀ་ཡང་ཉམས་ལེན་ལ་བརྩམས་པའི་དྲི་བར་འདུག་པས་ཐོས་པ་ཕྱིར་བལྟས་སུ་མ་སོང་ཞིང་ཉམས་སུ་ལེན་འདོད་པ་དག་གིས་ཤེས་དགོས་པ་ཡོད་དོ། །བྱང་ཆུབ་སྒྲུབ་པའི་ལམ་གྱི་སྙིང་པོ་ཀུན། །གཅིག་བསྡུས་ལམ་གྱི་གཙོ་བོ་རྣམ་གསུམ་སྟེ། །ཇི་བཞིན་སྟོན་མཛད་རྗེ་བཙུན་རྗེ་བླ་མའི། །མན་ངག་མཐར་ཐུག་འདི་ལས་གཞན་ན་གང་། །འདི་ཡི་དགོངས་དོན་མ་ལུས་པ། །བློ་དམན་བདག་ལྟའི་ཡུལ་མིན་ཡང་། །དམ་པ་གང་གིས་ཐག་རིང་ནས། །གསུང་གིས་བསྐུལ་ཕྱིར་བདག་གིས་བྲིས། །མང་ཐོས་འདུས་སྡེའི་རྒྱ་མཚོ་ཆེར་གནས་པའི། །མཁས་དབང་གདེངས་ཅན་གཙུག་ན་ལེགས་བཤད་ཀྱི། །རིན་ཆེན་མཆིས་བཞིན་ཕྱོགས་ཀྱི་ཁྲོན་པ་ནས། །འདོད་རྒུའི་ཡིད་བཞིན་ལེན་འདོད་ཨེ་མ་མཚར། །འོན་ཀྱང་དྲི་ཞིམ་འབྱུང་སྲིད་ན། །རི་དྭགས་ལྟེ་བར་གླ་རྩི་བཞིན། །ལེགས་བཤད་བྱུང་ན་བྱིས་པ་ལས། །ལེན་ལ་འགལ་བ་ག་ལ་མཆིས། །དེ་ཕྱིར་དམ་པའི་གསུང་བཞིན་རྗེ་བཙུན་རྗེའི། །དགོངས་དོན་འགྲེལ་བའི་ཚུལ་ལ་འབད་པའི་དགེས། །སྐྱེས་ཀུན་ཡབ་སྲས་གཉིས་ཀྱིས་རྗེས་བཟུང་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །ཅེས་པ་འདི་ནི། མཁན་ཨང་དཀར་ཞབས་དྲུང་ཉི་མ་ཐང་བ་ཤེར་སྦྱིན་པའི་སྐྱེ་བར་གྲགས་པ་ཨར་སྨོན་དབྱངས་ཅན་གཞོན་ནུ་ཞེས་བྱ་བ། ༧ རྒྱལ་དབང་བདུན་པ་ཆེན་པོའི་དངོས་སློབ་ཏུ་གྱུར་བ་དེ་ཉིད་ཀྱིས་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་འདི་ལྟ་བུ་ཞིག་གྱིས་ལ་བསྐུར་ཞིག་ཅེས་པའི་གསུང་ཤོག་གིས་བསྐུལ་བ་ལྟར་ཅོ་ནེའི་སློབ་དཔོན་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་བསྐུལ་བ་པོའི་གསུང་བཟློག་མ་ནུས་ཤིང་། གཞན་འགའ་ལའང་ཕན་སྲིད་སྙམ་ནས་ཅུང་ཟད་སྤྲོས་ཏེ་ཅོ་ནེའི་དགོན་ཉིད་དུ་སྦྱར་ནས་ཕུལ་བ་འདིས་ཀྱང་རྗེའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག ཚུལ་འདི་ལེགས་བཤད་ཡིན་མིན་གཟུ་བོར་གནས་པའི་མཁས་པས་དཔྱད་ན་མཁྱེན་མོད། ཡིན་མིན་ཇི་ལྟར་ཡང་འདི་རྩོམ་པའི་ཐོག་ཐ་བར་གསུམ་དུ་རྗེ་ཉིད་དགྱེས་པའི་རྟེན་འབྲེལ་ཡིན་ནམ་སྙམ་པའི་རྨིས་ལྟས་བཟང་པོ་ལན་གསུམ་བྱུང་བས་ལེགས་སམ་སྙམ་པ་ནི་ཡོད་དོ། །བར་གྱི་ཡི་གེ་པ་ནི་སྙན་ངག་སོགས་ཐ་སྙད་རིག་པ་ལ་བརྩོན་པ་ཆེ་ཞིང་དད་དང་རྣམ་དཔྱོད་ལྡན་པའི་ཕྱའོ་ལུང་དཀའ་བཅུ་པ་བློ་བཟང་དབང་ཕྱུག་གོ། །།མདྒ་ལཾ།།


previousརྗེའི་འཇམ་དབྱངས་ལ་ཞུས་ཏེ་རེད་མདའ་བར་གནང་བའི་དྲིས་ལན་གྱི་འགྲེལ་པ།next