སྙན་ངག་གི་རྒྱན་གཉིས་སོ་སོའི་དབྱེ་བའི་དཔེར་བརྗོད།
སྙན་ངག་གི་རྒྱན་གཉིས་སོ་སོའི་དབྱེ་བའི་དཔེར་བརྗོད་བཞུགས།
ༀ་སྭ་སྟི། འཇིག་རྟེན་དབང་ཕྱུག་ཚེམས་དཀར་པད་ཚལ་ལས། །ལེགས་འཁྲུངས་ངང་པའི་བུ་མོ་མཚོ་ལྡན་མ། །བདག་ཡིད་པད་མཚོར་དགྱེས་དགུར་རོལ་པ་ཡིས། །རྣམ་དཔྱོད་སྦོབས་པའི་རླབས་འཕྲེང་གཡོ་བར་མཛོད། །འདིར་སྙན་ངག་གི་རྣམ་གཞག་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་མེ་ལོང་མར་ལེའུ་གསུམ་འབྱུང་བའི་ཕྱི་མ་གཉིས་ནས་བཤད་པའི་དོན་རྒྱན་དང་སྒྲ་རྒྱན་ཀྱི་རྩ་བའི་དཔེ་བརྗོད་འགའ་ཞིག་ནི་ལོགས་སུ་བྲིས་པ་ལྟར་ཡིན་ལ། འདིར་རྒྱན་གཉིས་སོ་སོའི་དབྱེ་བ་མཚོན་ཙམ་རེ་བརྗོད་པར་བྱའོ། །དེའི་དང་པོ་དོན་རྒྱན་ལ་སོ་ལྔ་ཡོད་པའི་ཐོག་མ་ནི་རང་བཞིན་གྱི་རྒྱན་ཏེ། འདི་ལ་དབྱེ་ན་བཞིའོ། །དེ་གང་ཞེ་ན། རིགས་དང་། བྱ་བ་དང། ཡོན་ཏན་དང་། རྫས་དང་བཞི་ལས། དང་པོ་ནི། རྩ་བར། ནེ་ཙོ་ནི་མཆུ་མདོག་དམར་ཞིང་། དབྱིབས་གུག་པ་དང་། གཤོགས་པ་ལྗང་ཞིང་མཉེན་པ་དང་། མགྲིན་པར་དཀར་སྔོ་དམར་བའི་ཁ་དོག་གསུམ་ལྡན་དང་། ཚིག་སྙན་པར་སྨྲ་བ་སྟེ་དེ་ལྟ་བུའི་རིགས་སམ་མཚན་ཉིད་ཅན་ཡིན་པས་མཚོན་ནས། གཞན་དག་ལའང་སྦྱོར་བར་བཤད་དེ། རང་བཞིན་གང་ཡིན་པ་དེ་ལ་སྒྲོ་མ་བཏགས་པར་དྲང་པོར་བརྗོད་པའོ། །དཔེར་མཚོན་ན། མཐའ་ཡས་ཚོགས་གཉིས་དཔལ་ལས་འཁྲུངས་པའི་སྐུ། །བརྒྱད་གཉིས་ལང་ཚོའི་ཉམས་ལྡན་གཞོན་ནུའི་ཚུལ། །དམར་སེར་འོད་ཕུང་ཕྱོགས་བཅུར་འཕྲོ་བ་ཅན། །འཇམ་དབྱངས་མཁྱེན་པའི་གཏེར་གྱིས་རྣམ་དཔྱོད་སྩོལ། །ཞེས་པ་ལྟ་བུའོ། །གཉིས་པ་བྱ་བ་ནི། །རྩ་བར་ཕུག་རོན་གྱིས་རང་གི་མོ་ལ་བསྐོར་ནས་འདོད་པས་མཆུ་སྦྱོར་བ་སོགས་ཀྱི་བྱ་བ་དང་སྦྱར་ལ། འདིར་མཚོན་ན། བརྩོན་པས་མི་ཕམ་མགོན་པོ་ལེགས་བསྒྲུབས་པས། །ཞལ་གཟིགས་ཡུམ་དོན་མ་ལུས་ཐུགས་ཆུད་དེ། །སྐལ་ལྡན་གདུལ་བྱའི་རེ་བ་སྐོང་མཛད་པའི། །རྒྱལ་སྲས་ཐོགས་མེད་བློ་གསལ་དགའ་བ་བསྐྱེད། །ཅེས་པ་ལྟ་བུའོ། །གསུམ་པ་ཡོན་ཏན་ནི། རྩ་བར་བུ་མེད་ཀྱི་ལུས་ལ་རེག་པའི་རེག་བྱའི་ཡོན་ཏན་དང་འཁྲིག་པའི་བདེ་བ་ཐོབ་པ་དང་སྦྱར་ལ། འདིར། པད་ཟླའི་གདན་ལ་ཞབས་ཟུང་སྐྱིལ་ཀྲུང་གིས། །རང་རིག་ཕྱག་རྒྱ་མཆོག་དང་མཉམ་སྦྱར་བས། །ཟག་མེད་རེག་བྱའི་བདེ་བས་མྱོས་གྱུར་པ། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ལྟ་བུའོ། །བཞི་པ་རྫས་ནི། རྩ་བར་དབང་ཕྱུག་ལག་ན་རྫས་རྒྱལ་མཚན་དང་ཐོད་པ་འཛིན་ཅིང་མགྲིན་པ་སྔོ་བ་སོགས་དང་སྦྱར་ལ། འདིར། སྐུ་མདོག་སྔོན་པོ་པད་ཉིའི་གདན་སྟེང་དུ། །གཡོན་བརྐྱང་གིས་བཞུགས་སྟག་ཤམ་སྨད་དཀྲིས་ཤིང་། །སྤྱན་གསུམ་གསེར་ཀྱི་རྡོ་རྗེ་འཕྱར་སྟབས་ཀྱིས། །འཛིན་མཛད་གནོད་སྦྱིན་དབང་ཕྱུག་གསང་བའི་བདག །ཅེས་པ་ལྟ་བུའོ། །༈ གཉིས་པ་དཔེ་རྒྱན་ལ་སོ་གཉིས་ཡོད་དེ། ཆོས་དཔེ། དངོས་དཔེ། བཟློག་པའི་དཔེ། ཕན་ཚུན་གྱི་དཔེ། ངེས་པའི་དཔེ། ངེས་མེད་ཀྱི་དཔེ། བསྡུས་པའི་དཔེ། ཕུལ་བྱུང་གི་དཔེ། རབ་བརྟགས་ཀྱི་དཔེ། རྨད་བྱུང་གི་དཔེ། རྨོངས་པའི་དཔེ། ཐེ་ཚོམ་གྱི་དཔེ། གཏན་འབེབས་ཀྱི་དཔེ། སྦྱར་བའི་དཔེ། མཉམ་ཉིད་ཀྱི་དཔེ། སྨད་པའི་དཔེ། བསྔགས་པའི་དཔེ། བརྗོད་འདོད་ཀྱི་དཔེ། འགལ་བའིི་དཔེ། དགག་པའི་དཔེ། ངོ་བསྟོད་ཀྱི་དཔེ། དེ་ཉིད་བརྗོད་པའི་དཔེ། ཐུན་མོང་མ་ཡིན་པའི་དཔེ། འབྱུང་མིན་གྱི་དཔེ། སྲིད་མིན་གྱི་དཔེ། མང་བའི་དཔེ། རྣམ་འགྱུར་གྱི་དཔེ། འཕྲེང་བའི་དཔེ། ངག་དོན་གྱི་དཔེ། ཟླ་བོའི་དངོས་དཔེ། མཚུངས་སྦྱོར་གྱི་དཔེ། རྒྱུའི་དཔེའོ། །འདི་དག་རྒྱས་པར་བཤད་ན་མང་དུ་དོགས་པས། མཚོན་ཙམ་རེ་བརྗོད་ན་དང་པོ་ཆོས་དཔེ་ནི། དཔེ་ཆོས་ཀྱི་ཁྱད་པར་དངོས་སུ་བརྗོད་པ་ཞིག་སྟེ། རྗེ་བཙུན་སྤྱན་རས་གཟིགས་དབང་གི །འཛུམ་པའི་ཞལ་ན་བཞི་བཅུའི་ཚེམས། །ཚར་དུ་དངར་བ་ཉི་འོད་ཀྱིས། །འཁྱུད་པའི་གངས་རི་བཞིན་དུ་དཀར། །ཞེས་པ་ལྟ་བུ་ཆོས་དཔེ་གངས་རི་དཀར་བ་ཉིད་དངོས་སུ་བརྗོད་པའོ། །གཉིས་པ་དངོས་དཔེ་ནི། དཔེ་དང་དཔེ་ཅན་གཉིས་ཀྱི་ངོ་བོ་ཙམ་དངོས་སུ་བརྗོད་ནས་མཚུངས་པར་སྦྱར་ཞིང་མཚུངས་ཆོས་གཞན་གཅོ་བོར་མ་བརྗོད་པ་ཞིག་སྟེ། དབྱངས་ཅན་ལྷ་མོའི་ཞལ་བཟང་འདི། །ཟླ་བའི་དཀྱིལ་འཁོར་ཉིད་དང་མཚུངས། །སྤྱན་གཉིས་ཨུཏྤལ་སྔོན་པོ་ཡི། །འདབ་མ་རངས་པ་ལྟ་བུར་གསལ། །ཞེས་པ་ལྟ་བུའོ། །གསུམ་པ་བཟློག་པའི་དཔེ་ནི། སྤྱིར་དཔེས་དཔེ་ཅན་འཇལ་དགོས་པ་ལ། འདིར་དཔེ་ལས་བཟློག་པ་ཞིག་སྟེ། །ཞི་འཛུམ་ཉམས་ལྡན་སྒྲོལ་མའི་སྐུ། །ལྗང་གསལ་འོད་ཕུང་འཕྲོ་བ་ལྟར། །ཤིན་ཏུ་དག་པའི་མར་གད་ཀྱི། ཁ་དོག་མཛེས་ཤིང་ཡིད་དུ་འོང་། །ཞེས་པ་ལྟ་བུའོ། །བཞི་པ་ཕན་ཚུན་གྱི་དཔེ་ནི། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚོན་པ་ཞིག་སྟེ། དབྱངས་ཅན་མྱོས་བུམ་ཇི་བཞིན་དུ། །སྤྲིན་དཀར་གཞོན་ནུ་གཡོ་ཞིང་མཛེས། །ཆུ་འཛིན་གཞོན་ནུ་བཞིན་དུ་ནི། །དབྱངས་ཅན་ཁྱོད་ཀྱི་ནུ་མ་ཡང་། །ཞེས་པ་ལྟ་བུའོ། །ལྔ་པ་ངེས་པའི་དཔེ་ནི། དཔེ་དང་དཔེ་ཅན་འདྲ་བ་དེ་ལྟ་བུ་གཞན་ལ་མེད་པ་ལྟར་བརྗོད་པ་ཞིག་སྟེ། ཚེ་ཡི་དངོས་གྲུབ་སྩོལ་པ་ལ། །རྣམ་རྒྱལ་མ་ཉིད་སྲིད་འདི་ན། །ཚེ་དཔག་མེད་དང་མཚུངས་མཐོང་གི །རིགས་མཐུན་གཞན་ཞིག་ཡོད་མ་ཡིན། །ཞེས་པ་ལྟ་བུའོ། །དྲུག་པ་ངེས་མེད་ཀྱི་དཔེ་ནི། དཔེ་དེ་འདྲ་གཞན་ལའང་ཡོད་པར་བརྗོད་པ་ཞིག་སྟེ། རྒྱལ་བ་གཉིས་པ་བློ་བཟང་གྲགས། །བརྟན་པའི་འཁོར་ལོ་དང་མཚུངས་ཀྱི། །དེ་འདྲ་གཞན་ཞིག་འབྱུང་སྲིད་ན། །དེ་ཡང་འཇམ་པའི་དབྱངས་ལྟར་བཟུང་། །ཞེས་པ་ལྟ་བུའོ། །བདུན་པ་བསྡུས་པའི་དཔེ་ནི། དཔེ་དང་མཚུངས་པའི་ཡོན་ཏན་གཞན་བརྗོད་རྒྱུ་ཡོད་པ་ཞིག་སྟེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞབས། །རྗེ་བཙུན་རྒྱལ་བ་གཉིས་པ་དང་། །ཟབ་དོན་གཟིགས་པ་ཙམ་གྱིས་ནི། །མཚུངས་མིན་རྒྱུད་དོན་མཁྱེན་པས་ཀྱང་། །ཞེས་པ་ལྟ་བུའོ། །བརྒྱད་པ་ཕུལ་བྱུང་གི་དཔེ་ནི། །དཔེ་དང་དཔེ་ཅན་གཉིས་ཁྱད་པར་ཅུང་ཟད་ཙམ་མ་གཏོགས་ཁྱད་འཕགས་འདྲ་བར་བརྗོད་པ་ཞིག་སྟེ། རྗེ་བཙུན་མཁྱེན་པའི་གཏེར་ཆེན་དང་། །རྒྱལ་བ་གཉིས་པར་གྲགས་པའི་ཞབས། །རལ་པའི་ཟུར་ཕུད་ལྡན་མི་ལྡན། །མ་གཏོགས་ཐ་དད་བརྗོད་དུ་མེད། །ཅེས་པ་ལྟ་བུའོ། །དགུ་པ་རབ་བཏགས་ཀྱི་དཔེ་ནི། དཔེ་ལ་སེམས་མེད་ཀྱང་སེམས་ཡོད་པ་ལྟར་བྱས་ནས་བརྗོད་པ་ཞིག་སྟེ། རབ་དཀར་ཟླ་བའི་དཀྱིལ་འཁོར་གྱི། །མཛེས་པ་དབྱངས་ཅན་ཞལ་ཉིད་ལ། །ཡོད་ཅེས་མི་སྙེམས་ཀུནྡའི་མདོག །དེས་ཀྱང་ཞལ་གྱི་དཔེ་ཟླར་བྱེད། །ཅེས་པ་ལྟ་བུའོ། །བཅུ་པ་རྨད་བྱུང་གི་དཔེ་ནི། དཔེ་ཅན་དེ་ལ་དཔེ་དེ་དཀོན་པ་ལྟར་སྟོན་པ་ཞིག་སྟེ། པད་དཀར་འདབ་མ་རྒྱས་པ་ལ། །འཕྲུལ་གྱི་སྤྱན་དང་ཞལ་ལྡན་ན། །དབྱངས་ཅན་ཞལ་གྱི་དཔལ་འཛིན་གྱི། །གཞན་ན་དེ་ཡི་དཔེར་འོས་དཀོན། །ཞེས་པ་ལྟ་བུའོ། །བཅུ་གཅིག་པ་རྨོངས་དཔེ་ནི། དཔེ་ཅན་དཔེ་དང་འདྲ་བས་ཤན་མ་ཕྱེད་པ་ལྟར་བརྗོད་པ་ཞིག་སྟེ། ཐུབ་དབང་ནམ་མཁར་གཤེགས་པ་ན། ཁ་ཅིག་ངང་པའི་རྒྱལ་པོ་ཞིག །ལྷ་ལམ་ཡངས་པའི་ངོས་ཉིད་དུ། །རྒྱུ་འདྲ་སྙམ་ནས་མཁའ་ལ་ལྟ། །ཞེས་པ་ལྟ་བུའོ། །བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། ཕྱོགས་འདིར་ཐུབ་བསྟན་སྲོལ་འཛིན་པར། །རྗེ་བཙུན་ཟུར་ཕུད་ལྔ་ལྡན་ནམ། །རྒྱལ་བ་གཉིས་པའི་རྗེས་བཟུང་ཞིག །བྱོན་ནམ་སྙམ་པའི་སོམ་ཉིར་གྱུར། །ཞེས་པ་ལྟ་བུའོ། །བཅུ་གསུམ་པ་གཏན་འབེབས་ནི། དཔེ་གཞན་ཞིག་དང་འདྲ་ཡང་དེ་དེ་མིན་པ ར་ངེས་ནས་བརྗོད་པ་ཞིག་སྟེ། སྙན་ཚིག་སྨྲ་བའི་སློབ་དཔོན་འདི། །པཎ་ཆེན་དཎྜི་དང་མཚུངས་ཀྱང་། །ཡུལ་འདིར་སྙན་ངག་གཞུང་སྟོན་ཕྱིར། །ཀིརྟིའི་མཚན་ཅན་ཉིད་དུ་ངེས། །ཞེས་པ་ལྟ་བུའོ། །བཅུ་བཞི་པ་སྦྱར་བ་ནི། སྦྱོར་རྒྱུ་གཉིས་ལས་མི་ཉུང་ཞིང་མཚུངས་པ་སྟོན་པ་ཞིག་སྟེ། ཕུན་ཚོགས་ལེགས་པའི་དཔལ་སྟེར་ཞིང་། །ཕོངས་པ་ཀུན་གྱི་དགྲར་གྱུར་པ། །ཤིན་ཏུ་རྙེད་དཀའ་སྲས་གཙང་སྲས། ཡིད་བཞིན་ནོར་དང་ཡང་དག་མཚུངས། །ཞེས་པ་ལྟ་བུའོ། །བཅོ་ལྔ་པ་མཉམ་པ་ཉིད་ནི། ཚིག་གང་གིས་དཔེ་དང་དཔེ་ཅན་གཉིས་གཞན་ལས་རྒྱལ་ཚུལ་མཉམ་པ་ཉིད་དུ་བརྗོད་པ་ལྟ་བུ་ཞིག་སྟེ། བདུད་བཞིའི་དཔུང་བཅོམ་རྫོགས་སངས་རྒྱས། །ཀུན་ལས་རྒྱལ་བའི་ཁྱབ་འཇུག་དང་། །སྔོན་གྱི་ལྷ་རྣམས་ལས་རྒྱལ་བ། །ལྷ་ཡི་དབང་པོ་བརྒྱ་བྱིན་བཞིན། །ཞེས་པ་ལྟ་བུའོ། །བཅུ་དྲུག་པ་སྨད་པ་ནི། ཆོས་མཚུངས་ཡོད་ཀྱང་དཔེ་དཔེ་ཅན་ལས་ཅུང་ཟད་སྨད་ནས་བརྗོད་པ་ཞིག་སྟེ། ཚངས་པའི་སྒྲ་དབྱངས་ཟབ་དོན་བྲལ། །རྔ་གསང་བརྗོད་བྱའི་དོན་གྱིས་སྟོང་། ཐུབ་པའི་ཡན་ལག་དྲུག་ཅུའི་གསུང་། །ཟབ་རྒྱས་དོན་ལྡན་ཁྱད་པར་འཕགས། །ཞེས་པ་ལྟ་བུའོ། །བཅུ་བདུན་པ་བསྔགས་པ་ནི། ཡོན་ཏན་གྱི་སྒོ་ནས་བརྗོད་པ་ཞིག་སྟེ། ཕས་རྒོལ་དངོས་སྟོབས་རིགས་པ་ཡིས། །ཚར་གཅོད་ཕ་རོལ་ཕྱིན་པའི་གཞུང་། །གསལ་མཛད་རྒྱལ་ཚབ་ཐམས་ཅད་མཁྱེན། །རྒྱལ་བ་གཉིས་པ་ཉིད་དང་མཚུངས། །ཞེས་པ་ལྟ་བུའོ། །བཅོ་བརྒྱད་པ་བརྗོད་འདོད་ནི། སྐྱོན་ཡོན་ཇི་ལྟར་ཡང་དཔེ་དང་དཔེ་ཅན་མཚུངས་པར་སྟོན་པ་ལྟ་བུ་ཞིག་སྟེ། ཡིད་འོང་དགའ་མ་ཁྱོད་ཀྱི་བཞིན། །ར་རིའི་དྲི་མས་མ་གོས་སམ། །གོས་ཀྱང་ཟླ་བ་ཤར་བ་ལྟར། །བདག་གི་ཡིད་ལ་དགའ་བ་འཕེལ། །ཞེས་པ་ལྟ་བུའོ། །བཅུ་དགུ་པ་འགལ་བ་ནི། །མཁས་པ་འདྲ་ཡང་རྟེན་འགལ་བར་སྟོན་པ་ལྟ་བུ་ཞིག་སྟེ། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས། །ངག་དབང་ལྷ་མོ་དབྱངས་ཅན་མ། །ཚངས་སྲས་བཞད་པའི་རྡོ་རྗེའི་ཞབས། །མཁས་པར་མཚུངས་ཀྱང་རྟེན་ཉིད་འགལ། །ཞེས་པ་ལྟ་བུའོ། །ཉི་ཤུ་པ་དགག་པ་ནི། །དགག་བྱ་འགོག་པའི་ཚུལ་གྱིས་བརྗོད་པ་ཞིག་སྟེ། རི་བོང་མཚན་མའི་སྐྱོན་ལྡན་ཞིང་། །འཕེལ་འགྲིབ་ཆ་ཤས་བཅས་པའི་ཟླ། །དཀར་ཡང་རྗེ་བཙུན་མཚོ་བྱུང་མའི། །ཞལ་གྱི་ཁྱིམ་དང་ཅི་ལྟར་མཚུངས། །ཞེས་པ་ལྟ་བུའོ། །ཉེར་གཅིག་པ་ངོ་བསྟོད་ཀྱི་དཔེ་ནི། །དཔེ་ཅན་ལས་དཔེ་ཅུང་ཟད་ལྷག་རྒྱུ་ཡིན་པ་ལ་འདྲ་བར་སྟོན་པ་ཞིག་སྟེ། དབྱངས་ཅན་ཞལ་གྱི་ཟླ་མདངས་འཛིན། །གཉིིས་སྐྱེས་དབང་པོ་ཟླ་བ་དངོས། །འོན་ཏེ་བདག་གི་གཟུགས་འཛིན་ངོས། །དཀར་ཞིང་འཚེར་ལ་ཁྱད་མ་མཆིས། །ཞེས་པ་ལྟ་བུའོ། །ཉེར་གཉིས་པ་དེ་ཉིད་བརྗོད་པ་ནི། །དཔེ་ཅན་དཔེ་རུ་མ་ནོར་བར་བརྗོད་པ་ཞིག་སྟེ། རྣམ་པར་བཀྲ་བའི་དབང་གཞུ་དང་། །འདྲ་ཡང་དེ་མིན་ལྷ་རྫས་དང་། །སྙན་འགྱུར་རྒྱུད་མངས་སྒྲ་འདྲ་ཡང་། །མ་ཡིན་གླིང་བུ་ཉིད་ཀྱི་སྒྲ། །ཞེས་པ་ལྟ་བུའོ། །ཉེར་གསུམ་པ་ཐུན་མོང་མ་ཡིན་པ་ནི། དཔེ་གཞན་དཀོན་པས་རང་ཉིད་དཔེར་བརྗོད་པ་ཞིག་སྟེ། རྒྱལ་བའི་མཁྱེན་རབ་མ་ལུས་པ། །གཅིག་བསྡུས་རྗེ་བཙུན་འཇམ་དབྱངས་ཀྱིས། །ཆོས་ཀུན་གཟིགས་པའི་དཔེ་རུ་གཞན། །མ་རྙེད་རང་ཉིད་དཔེ་རུ་བསྟན། །ཞེས་པ་ལྟ་བུའོ། །ཉེར་བཞི་པ་འབྱུང་མིན་ནི། །རྒྱལ་བའི་མདོ་སྔགས་ཆོས་ཚུལ་ཀུན། །འཛིན་མཛད་བློ་བཟང་གྲགས་པ་དང་། །མཚུངས་པ་འབྱུང་མིན་འབྱུང་སྲིད་ན། །དེ་ཉིད་དེ་ཡི་དཔེ་ཟླར་འོས། །ཞེས་པ་ལྟ་བུའོ། །ཉེར་ལྔ་པ་སྲིད་མིན་ནི། །མེ་ལས་ཆུ་དང་དེ་ལས་མེ། ཙནྡན་ཚལ་ལས་དྲི་ངན་བཞིན། །རྒྱལ་བའི་མཁྱེན་པའི་ཡུལ་འདས་པའི། །ཤེས་བྱ་ནམ་མཁའི་པདྨོ་བཞིན། །ཞེས་པ་ལྟ་བུའོ། །ཉེར་དྲུག་པ་མང་བ་ནི། དཔེ་མང་པོ་ཞིག་གིས་དཔེ་ཅན་གྱི་ཁྱད་པར་གསལ་བ་ཞིག་སྟེ། གངྒཱའི་བྱེ་མའི་གྲངས་ཚད་དང་། །ལྷ་ཡི་ལམ་མཐའ་རྡུལ་གྱི་གྲངས། །ཇི་བཞིན་ཚོགས་གཉིས་བསགས་པ་ལས། །དཔག་ཡས་ཡོན་ཏན་ལྡན་ཐོབ་འགྱུར། །ཞེས་པ་ལྟ་བུའོ། །ཉེར་བདུན་པ་རྣམ་འགྱུར་ནི། །དཔེ་ཅན་དེ་དཔེ་ཞིག་གི་གནས་ནས་བྱུང་བ་ལྟར་སྟོན་པ་ཞིག་སྟེ། མཛེས་མ་ཁྱོད་བཞིན་ཟླ་བ་དང་། །པདྨའི་ནང་ནས་ཕྱུང་བ་བཞིན། །ཡན་ལག་སོར་མོའི་ལྕུགས་ཕྲན་ནི། །ལྗོན་ཤིང་གཞོན་ལས་སྐྱེས་པ་བཞིན། ཞེས་པ་ལྟ་བུའོ། །ཉེར་བརྒྱད་པ་ཕྲེང་བ་ནི། །སྔ་མ་སྔ་མ་དཔེ་དང་ཕྱི་མ་ཕྱི་མ་དཔེ་ཅན་དུ་བཀོད་པ་ཞིག་སྟེ། ཉི་མའི་འོད་ཀྱིས་པད་ཚལ་བཞིན། །པདྨའི་ཚལ་གྱིས་མཚོ་ལ་བཞིན། །དག་པའི་མཁའ་ལ་ཟླ་བ་བཞིན། །དེས་ཀྱང་ཀུནྡའི་ཚལ་ལ་བཞིན། །ཞེས་པ་ལྟ་བུའོ། །ཉེར་དགུ་པ་ངག་དོན་ནི། དཔེས་དཔེ་ཅན་གྱི་ཁྱད་ཆོས་རིམ་པར་གོ་བར་བྱེད་པ་ཞིག་སྟེ། འདི་ལ་བཞིན་སྒྲ་གཅིག་པ་དང་། བཞིན་སྒྲ་དུ་མ་ཡོད་པ་གཉིས་ལས། དང་པོ་ནི། འཇམ་དཀར་གཡས་པའི་ཕྱག་སོར་རྩེར། །ཨུཏྤལ་སྟེང་ན་རལ་གྲི་ནི། །གངས་རིའི་རྩེ་ན་ཉི་འོད་ཀྱིས། །འཁྱུད་པའི་གཡུ་སྡོང་ལྡེམ་བཞིན་གསལ། །ཞེས་པ་ལྟ་བུའོ། །གཉིས་པ་ནི། གསེར་གྱི་ལྷུན་བཞིན་རྒྱལ་བའི་སྐུ། །ཉི་མདངས་གསལ་བཞིན་འབར་བའི་འོད། །རླུང་གིས་མི་བསྐྱོད་རི་བཞིན་དུ། །མི་མཐུན་ཕྱོགས་ཀྱིས་གཡོ་མི་ནུས། །ཞེས་པ་ལྟ་བུའོ། །སུམ་ཅུ་པ་ཟླ་བོའི་དངོས་དཔེ་ནི། དཔེ་དང་དཔེ་ཅན་དཀོན་ཚུལ་དོན་མཉམ་པར་བརྗོད་པ་ཞིག་སྟེ། བོད་དུ་མཁས་གྲུབ་མང་བྱོན་ཡང་། །བློ་བཟང་རྒྱལ་བའི་དོ་ཟླ་མེད། །རི་རབ་རྩེ་ན་ལྷ་མང་དབུས། །མིག་སྟོང་ལྡན་འདྲ་སྲིད་མ་ཡིན། །ཞེས་པ་ལྟ་བུའོ། །སོ་གཅིག་པ་མཚུངས་སྦྱོར་ནི། དཔེ་དང་དཔེ་ཅན་ལ་མཆོག་དམན་ཡོད་ཀྱང་མཚུངས་པར་སྦྱར་ནས་སྟོན་པ་ཞིག་སྟེ། ཐུབ་དབང་སྲིད་གསུམ་སྟོན་པ་དང་། །དབང་ཕྱུག་མུ་སྟེགས་སྟོན་པ་སྟེ། །རྒྱལ་བས་ངེས་ལེགས་ལམ་སྟོན་བཞིན། །མགྲིན་སྔོན་སྒྲ་དང་གཏན་ཚིགས་སྟོན། །ཞེས་པ་ལྟ་བུའོ། །སོ་གཉིས་པ་རྒྱུའི་དཔེ་རྒྱན་ནི། དཔེ་ཅན་མཛེས་པ་སོགས་ཀྱི་ཁྱད་ཆོས་འགས་དཔེ་ཁྱད་པར་ཅན་གྱི་རྗེས་སུ་འགྲོ་བར་སྟོན་པ་ཞིག་སྟེ། དབྱངས་ཅན་ཞལ་དཀར་ཟླ་རྗེས་འགྲོ། །སྤྱན་གཉིས་ཨུཏྤལ་སྔོན་པོ་དང་། །སྨིན་འཁྱོག་དབང་པོའི་གཞུ་ཡི་ཟླ། །ཚེམས་དཀར་དུང་གི་རྗེས་འགྲོ་བྱེད། །ཅེས་པ་ལྟ་བུའོ། །འདིར་སྐྱོན་ཡོན་ངོས་འཛིན་ཚུལ་དང་མཚུངས་པ་གསལ་བྱེད་ཀྱི་དབྱེ་བ་ཞིག་བཤད་པ་ནི་མང་དུ་དོགས་ནས་མ་བྲིས་སོ། །༈ གསུམ་པ་གཟུགས་ཅན་གྱི་རྒྱན་ལ་ཉི་ཤུ་ཡོད་དེ། དེ་ཡང་བསྡུས་པའི་གཟུགས་ཅན། མ་བསྡུས་པའི་གཟུགས་ཅན། དེ་བཞིན་དུ་བསྡུས་ཤིང་མ་བསྡུས་པ། མཐའ་དག་གཟུགས་ཅན། ཆ་ཤས་ཀྱི། ཆ་ཤས་ཅན་གྱི། ཡན་ལག་གཅིག་པའི། ལྡན་པའི། མི་ལྡན་པའི། མི་མཉམ་པའི། ཁྱད་པར་དང་བཅས་པའི། འགལ་བའི། རྒྱུའི། སྦྱར་བའི། དཔེའི། ལྡོག་པའི། འགོག་པའི། མཉམ་འཇོག་གི གཟུགས་ཅན་གྱི། བསྙོན་དོར་ཀྱི་གཟུགས་ཅན་ནོ། །འདི་རྣམས་འགྲེལ་པ་དང་བསྟུན་ནས་ཚིག་བསྡུས་ཏེ་བརྗོད་པར་བྱ་ཞིང་། དང་པོ་བསྡུས་པའི་གཟུགས་ཅན་ནི། དཔེ་དང་དཔེ་ཅན་གཉིས་ཁྱད་གཞི་ཁྱད་ཆོས་སྦྱར་ནས་རྣམ་དབྱེ་དྲུག་པ་རྣམས་བསྡུས་པ་ཞིག་སྟེ། ཁྱེད་སྐུ་ཀུན་གསལ་ཡངས་ངོས་སུ། །ཐགས་བཟང་སྤྲིན་དཀར་འཕྲེང་འཁྲིགས་ཤིང་། །གསུང་དབྱངས་དབྱར་རྔ་སྒྲོགས་མཛད་པས། །སྐལ་ལྡན་མདོངས་ཅན་གར་གྱིས་བྲེལ། །ཞེས་པ་ལྟ་བུའོ། །གཉིས་པ་མ་བསྡུས་པ་ནི། ཁྱད་གཞི་ཁྱད་ཆོས་སྦྱར་ནས་རྣམ་དབྱེ་དྲུག་པ་མ་བསྡུས་པ་ཞིག་སྟེ། འཇམ་དཀར་སྐུ་ཡི་རི་དབང་ལ། །ལང་ཚོའི་ཉི་མའི་འོད་ཀྱིས་འཁྱུད། །མཛེས་སྡུག་འགྱིང་བའི་བང་རིམ་ཅན། །སྤངས་རྟོགས་མི་འགྱུར་བརྟན་པ་ཉིད། །ཅེས་པ་ལྟ་བུའོ། །གསུམ་པ་བསྡུས་ཤིང་མ་བསྡུས་པ་ནི། རྣམ་དབྱེ་དྲུག་པ་བསྡུས་མ་བསྡུས་གཉིས་ཀ་ཡོད་པ་སྟེ། ལང་ཚོའི་དབྱིབས་ཀྱི་དཔལ་མོ་ལས། །ཞལ་ཁྱིམ་པད་མོ་འདབ་གཡོ་ཞིང་། །གསུང་སྙན་བུང་བའི་སྒྲ་ལྡན་པ། །དབྱངས་ཅན་སྐུ་ཡི་པད་སྡོང་ལྡེམ། །ཞེས་པ་ལྟ་བུའོ། །བཞི་པ་མཐའ་དག་གཟུགས་ཅན་ནི། དཔེ་དང་དཔེ་ཅན་རྣམས་གཅིག་ལ་ཡོད་ཅིང་གཅིག་ལ་མེད་པ་མ་ཡིན་པར་མཐའ་དག་གཟུགས་སུ་བཀོད་པ་ཞིག་སྟེ། ཕྱག་ཟུང་ཡལ་འདབ་རྒྱས་པའི་རྩེེར། །སོར་མོའི་ལྕུགས་ཕྲན་ལྡེམ་ཞིང་གཡོ། །པི་ཝང་སྔོན་པོའི་འདབ་མ་ཅན། །གང་སྐུ་དཔག་སམ་ལྗོན་ཤིང་མཛེས། །ཞེས་པ་ལྟ་བུའོ། །ལྔ་པ་ཆ་ཤས་གཟུགས་ཅན་ནི། །ཆ་ཅན་དཔེའི་གཟུགས་སུ་མ་བཀོད་ཅིང་ཆ་ཤས་དེར་བཀོད་པ་ཞིག་སྟེ། མང་ཐོས་རལ་པའི་འཁུར་གྱིས་བརྗིད། །ལུང་དང་རིགས་པའི་ལུས་སྟོབས་རྒྱས། །གཞུང་ལུགས་གངས་རིའི་སྤོར་གནས་པ། །རྒྱལ་ཚབ་ཐམས་ཅད་མཁྱེན་ཞེས་གྲགས། །ཞེས་པ་ལྟ་བུའོ། །དྲུག་པ་ཆ་ཤས་ཅན་ནི། ཆ་ཅན་གཟུགས་སུ་བཀོད་ཅིང་ཆ་ཤས་ཁྱད་པར་བ་རྣམས་དེར་མ་བཀོད་པ་ཞིག་སྟེ། འཇམ་དབྱངས་བཞིན་གྱི་མཁའ་ངོས་སུ། ཁམས་གསུམ་གཟིགས་པའི་སྤྱན་གཡོ་ཤིང་། །ཚེམས་དཀར་མཛེས་པའི་ཞལ་སྒོ་ལས། །དམ་ཆོས་འདོམས་པས་དགའ་བ་བསྐྱེད། །ཅེས་པ་ལྟ་བུའོ། །བདུན་པ་ཡན་ལག་གཅིག་པ་ནི། ཆ་ཤས་སམ་ཡན་ལག་གཅིག་པ་ཞིག་གཟུགས་སུ་བཀོད་ཅིང་ཆ་ཅན་དང་ཆ་ཤས་གཞན་མང་པོ་དེར་མ་བཀོད་པ་ཞིག་སྟེ། སྟོན་པ་མཆོག་དེས་ཞིང་འདི་རུ། །ཚངས་དབྱངས་གསུང་གིས་གདུལ་བྱ་རྣམས། །མངོན་མཐོ་ངེས་ལེགས་ལ་འགོད་པའི། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་པ་ལྟ་བུའོ། །བརྒྱད་པ་ལྡན་པ་ནི། དཔེ་ཅན་ཆ་ཅན་དང་ཆ་ཤས་སུ་ལྡན་པར་མ་ཟད་དཔེ་ཡང་དེ་ལྟར་ལྡན་པར་སྟོན་པ་ཞིག་སྟེ། དབྱངས་ཅན་ཕྱག་ཟུང་ལྗོན་པའི་རྩེར། །པི་ཝང་ཁུ་བྱུག་སྐད་སྙན་སྒྲོག །འདམ་སྐྱེས་པད་ཚལ་འདབ་མའི་དབུས། །བུང་བ་ཕུར་ལྡིང་སྒྲ་སྙན་སྒྲོག །ཅེས་པ་ལྟ་བུའོ། །དགུ་པ་མི་ལྡན་པ་ནི། སྔར་ལྟར་མི་ལྡན་པར་བརྗོད་པ་ཞིག་སྟེ། མཆུ་སྒྲོས་པད་དཀར་འདབ་མའི་དབུས། །ལྗགས་ཀྱི་གློག་འཕྲེང་རྣམ་པར་འཁྱུག །རྣམ་བཀྲའི་དབང་པོའི་གཞུ་ཡི་སྤྱན། །བཞིན་རས་ཟླ་བའི་ངོས་ན་ཟུག །ཅེས་པ་ལྟ་བུའོ། །བཅུ་པ་མི་མཉམ་པ་ནི། ཡན་ལག་ཅན་དང་ཡན་ལག་ངེས་མེད་དུ་འགའ་ཞིག་གཟུགས་སུ་བྱས་ལ་འགའ་ཞིག་དེར་མ་བྱས་པ་ཞིག་སྟེ། གསུང་དབྱངས་རྣ་བར་རབ་སྙན་ཞིང་། །ཚེམས་དཀར་ཟེའུ་འབྲུའི་ཕྲེང་ལྡན་པ། །དབྱངས་ཅན་སྐུ་ཡི་པད་ཚལ་ནི། །ལེགས་བཤད་སྦྲང་རྩི་འབྱུང་བའི་གནས། །ཞེས་པ་ལྟ་བུའོ། །བཅུ་གཅིག་པ་ཁྱད་པར་དང་བཅས་པ་ནི། ཡོན་ཏན་གྱི་ཁྱད་པར་འགས་འགའ་ཞིག་ལ་འཇིགས་པ་མེད་ཅིང་གཞན་ལ་དགའ་བར་བྱེད་པའི་ཁྱད་པར་སྟོན་པ་ཞིག་སྟེ། །རྗེ་བཙུན་བརྟན་པའི་འཁོར་ལོ་ཡིས། །མཁྱེན་པའི་རལ་གྲི་མཁར་འཕྱར་ཚེ། །ཕས་རྒོལ་དགྲ་སྡེའི་འཇིགས་མེད་ཅིང་། །བློ་གྲོས་ཅན་དག་དགའ་བ་རྒྱས། །ཞེས་པ་ལྟ་བུའོ། །བཅུ་གཉིས་པ་འགལ་བའི་གཟུགས་ནི། དཔེ་ཅན་གྱིས་དཔེའི་བྱ་བ་མི་འདྲ་བའི་བྱ་བ་ཞིག་བྱེད་པར་སྟོན་པ་ལྟ་བུ་སྟེ། །དབྱངས་ཅན་སྲེད་ལྡན་གཡོན་མིག་མས། །ཉོན་མོངས་འཕེལ་བར་མི་བྱེད་ཅིང་། །འཁྲིག་པའི་བདེ་བ་མི་སྟེར་བར། །ཆགས་བྲལ་འཕགས་པའི་ལམ་ལ་འཁྲིད། །ཅེས་པ་ལྟ་བུའོ། །བཅུ་གསུམ་པ་རྒྱུའི་གཟུགས་ནི། ཟབ་བརླིང་སོགས་ཀྱི་རྒྱུ་བརྗོད་པ་དང་སྦྱར་བ་ཞིག་སྟེ། འཇམ་དབྱངས་རྨོངས་མུན་སེལ་བས་ཟླ། །ཟབ་དོན་མཁྱེན་པས་ཉི་མ་དང་། །ལེགས་བཤད་འདོད་དགུའི་འབྱུང་གནས་ཏེ། །ཐར་པའི་གྲོང་འཁྲིད་དེད་དཔོན་མཆོག །ཅེས་པ་ལྟ་བུའོ། །བཅུ་བཞི་པ་སྦྱར་བའི་གཟུགས་ནི། དཔེ་བརྗོད་པའི་སྒོ་ནས་དོན་དང་སྦྱར་ནས་བསྡུས་པ་ཞིག་སྟེ། ཐུབ་པའི་གསུང་གི་རྫིང་བུ་ལ། །གཉིས་སྐྱེས་ཚོགས་ཀྱིས་ལོངས་སྤྱོད་ཅིང་། །དྲི་མ་འཁྲུད་ཕྱིར་འབད་པ་ཡིས། །འཇུག་པའི་ངལ་བ་བསྟེན་པར་བྱེད། །ཅེས་པ་ལྟ་བུའོ། །བཅོ་ལྔ་པ་དཔེའི་གཟུགས་ནི། །དཔེ་ཅན་དེ་དཔེ་དང་མཚུངས་པར་བརྗོད་པ་ཞིག་སྟེ། སྐེད་སྐབས་ཕྲ་ལྡེམ་དཔག་བསམ་ཤིང་། །ཡན་ལག་འདབ་མ་རབ་ཏུ་གཡོ། །འདོད་པའི་རེ་སྐོང་དབྱངས་ཅན་ཞབས། །ཡོངས་འདུ་ནོར་བུ་ཉིད་དང་འང་མཚུངས། །ཞེས་པ་ལྟ་བུའོ། །བཅུ་དྲུག་པ་ལྡོག་པ་ཅན་ནི། དཔེ་དང་དཔེ་ཅན་གཉིས་ཆོས་མཚུངས་པ་ལས་ལྡོག་ནས་བརྗོད་པ་ཞིག་སྟེ། རི་དྭགས་དྲ་བའི་རྒྱར་ཆུད་པ། །རྣོ་བའི་མཚོན་གྱིས་གཅོད་ནུས་ཀྱི། །འདོད་སྲེད་འཆིང་བས་བཅིངས་པའི་རྒྱ། །མཚོན་གྱིས་གཅོད་པའི་ནུས་པས་དབེན། །ཞེས་པ་ལྟ་བུའོ། །བཅུ་བདུན་པ་འགོག་པ་ནི། ཁྱོད་བཞིན་ཟླ་བའི་མཛེས་པ་འདིས། །བདག་ཡིད་མཚོ་ལ་བསིལ་བའི་དཔལ། །སྦྱིན་ལས་མ་ཡིན་འདོད་པའི་གདུང་། །སྟེར་འདིས་ཟླ་བ་ག་ལ་ཞིག །ཅེས་པ་ལྟ་བུའོ། །བཅོ་བརྒྱད་པ་མཉམ་འཇོག་ནི། དཔེ་དང་དཔེ་ཅན་གཉིས་ཀ་ལ་སྐྱོན་མཉམ་པར་སྟོན་པ་ཞིག་སྟེ། རྟོགས་དཀའི་གཞུང་ལུགས་རྒྱ་མཚོ་ལ། །བློ་ཆུང་རི་བོང་བརྒལ་དཀའ་བས། །ཧ་ཅང་ཟབ་ཅིང་རྒྱ་ཆེའི་མཚོར། །མི་འོས་འཇུག་པ་འདིས་ཀྱང་ནོངས། །ཞེས་པ་ལྟ་བུའོ། །བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན་ནི། གཟུགས་ཅན་དུ་སྦྱར་ནས་དཔེ་ཅན་ལ་དཔེ་འཕར་མ་བཀོད་པ་ཞིག་སྟེ། གཟུགས་སྐུའི་གངས་རིའི་དགའ་ཚལ་དུ། །མཚན་དཔེའི་ཆུ་ཀླུང་འཁྱིལ་བ་ལས། །ཕན་བདེའི་བསིལ་ངད་དགའ་སྟོན་གྱིས། །ལས་ལྡན་སྡུག་བསྔལ་ཚ་གདུང་སེལ། །ཞེས་པ་ལྟ་བུའོ། །ཉི་ཤུ་པ་བསྙོན་དོར་ཅན་ནི། གཞི་དེ་ལ་དེ་མ་ཡིན་ནོ་ཞེས་བསྙོན་ཏེ་བཟློག་ནས་བརྗོད་པ་ཞིག་སྟེ། མཁའ་ཡི་གོས་དཀར་ཆུ་འཛིན་འདི། །དེ་མིན་ལྷ་རྫས་ཡོལ་བ་སྟེ། །རབ་སྙན་དབྱར་གྱི་རྔ་གསང་ཡང་། །འབྲུག་སྒྲ་མིན་གྱི་ཚངས་པའི་དབྱངས། །ཞེས་པ་ལྟ་བུའོ། །༈ བཞི་པ་གསལ་བྱེད་ཀྱི་རྒྱན་ལ་གནས་གསུམ་གྱི་གསལ་བྱེད། འཕྲེང་བའི་གསལ་བྱེད། འགལ་དོན་གྱི་གསལ་བྱེད། དོན་གཅིག་གི་གསལ་བྱེད། སྦྱར་བའི་གསལ་བྱེད་དང་ལྔའོ། །དང་པོ་ལ་དབྱེ་བའི་སྒོ་ནས་རིགས་སོགས་བཞི་ལ་གནས་ངེས་པའི་སྒོ་ནས་གསུམ་དུ་བསྟན་པ་ལ་དབྱེ་བ་བརྒྱད་ཡོད་པའི་རིགས་བརྗོད་པའི་ཐོག་མའི་གསལ་བྱེད་ནི། ནེ་ཙོས་སྐད་སྙན་སྒྲོག་བྱེད་ཅིང་། །མཆུ་གུག་ལྗང་མདོག་གཤོག་སྒྲོ་ངོམ། ཁ་དོག་གསུམ་ལྡན་མགྲིན་པ་ཡིས། །བྱིས་པ་དག་ལ་དགའ་བ་སྐྱེད། །ཅེས་པ་ལྟ་བུའོ། །གཉིས་པ་བྱ་བ་བརྗོད་པའི་ཐོག་མའི་གསལ་བྱེད་ནི། སྦྱིན་ནོ་རྒྱལ་བས་དམ་པའི་ཆོས། །ཚངས་པའི་བུ་མོས་ངག་གི་དཔལ། །བརྟན་པའི་འཁོར་ལོས་བློ་གྲོས་མཆོག །འཛམ་ལས་ནོར་གྱི་དངོས་གྲུབ་ཀྱང་། །ཞེས་པ་ལྟ་བུའོ། །གསུམ་པ་ཡོན་ཏན་བརྗོད་པའི་ཐོག་མའི་གསལ་བྱེད་ནི། གསལ་ལོ་མཁའ་ལ་ཉི་མ་དང་། །ཆུ་གཏེར་དབུས་ན་རྒྱུ་སྐར་ཟླ། །མེ་ལོང་ངོས་སུ་བྱད་བཞིན་གཟུགས། །མཁས་མང་དབུས་ན་རྗེ་བླ་མ། །ཞེས་པ་ལྟ་བུའོ། །བཞི་པ་རྫས་བརྗོད་པའི་ཐོག་མའི་གསལ་བྱེད་ནི། རི་བོང་རྟགས་མཚན་ཟླ་བ་ཡིས། །འཛིན་མའི་ཁྱོན་ཡངས་གསལ་བྱེད་ཅིང་། །མུན་པའི་ཚོགས་རྣམས་འཇོམས་པ་དང་། །སྐྱེ་བོ་དུ་མ་ཡིད་དགའ་བྱེད། །ཅེས་པ་ལྟ་བུའོ། །ལྔ་པ་རིགས་བརྗོད་པའི་བར་གྱི་གསལ་བྱེད་ནི། །ཚོགས་གཉིས་མཐའ་དག་ཡོངས་རྫོགས་ཤིང་། །སྒྲིབ་གཉིས་སྤངས་པའི་རྫོགས་སངས་རྒྱས། །རིས་མེད་འགྲོ་བ་མཐའ་དག་ལ། །བརྩེ་བའི་ཐུགས་རྗེ་ཆེན་པོ་ལྡན། །ཞེས་པ་ལྟ་བུའོ། །དྲུག་པ་བྱ་བ་བརྗོད་པའི་བར་གྱི་གསལ་བྱེད་ནི། དོན་གཉེར་ཅན་ལ་ལེགས་བཤད་དང་། །ཕོངས་པ་དག་ལ་ཟས་ནོར་གྱིས། །དགའ་བར་བྱེད་དོ་འདོད་ལྡན་ལ། །ལང་ཚོ་དར་བའི་ལུས་ཕྲ་མས། །ཞེས་པ་ལྟ་བུའོ། །བདུན་པ་རིགས་བརྗོད་པ་ཐ་མའི་གསལ་བྱེད་ནི། སྐུ་མདོག་དམར་སེར་གཞོན་ནུའི་ཚུལ། །གཡས་གཡོན་རལ་གྲི་གླེགས་བམ་འཛིན། །ཟུར་ཕུད་ལྔ་ལྡན་བློ་ཡི་མཆོག །ལེགས་པར་སྟེར་མཛད་འཇམ་པའི་དབྱངས། །ཞེས་པ་ལྟ་བུའོ། །བརྒྱད་པ་བྱ་བ་བརྗོད་པའི་ཐ་མའི་གསལ་བྱེད་ནི། ཉི་མའི་འོད་ཀྱིས་པདྨོའི་ཚལ། །རི་བོང་ཅན་གྱིས་ཀུནྡའི་ཁ། །གཏན་ཚིགས་རིགས་པས་བློ་ཡི་སྒོ། །ཚུལ་འདིས་ངག་གི་སྒོ་འཕར་འབྱེད། །ཅེས་པ་ལྟ་བུའོ། །གཉིས་པ་འཕྲེང་བའི་གསལ་བྱེད་ནི། དག་པའི་མཁའ་ལ་ཟླ་བ་དང་། །དེས་ཀྱང་ཀུནྡའི་ཚལ་ཉིད་ལ། །དང་བའི་མཚོ་ལ་འདབ་བརྒྱ་པ། །དེས་ཀྱང་མཛེས་མའི་ཐོད་ལའོ། །ཞེས་པ་ལྟ་བུའོ། །གསུམ་པ་འགལ་དོན་གྱི་གསལ་བྱེད་ནི། ཉི་མའི་འོད་ཀྱིས་གྲང་བ་ཡི། །གདུང་བ་མ་ལུས་སེལ་བ་དང་། །མྱུ་གུ་སྔོན་པོ་སྐེམ་འགྱུར་བའི། །བྱ་བ་མི་འདྲ་རྣམ་གཉིས་བྱེད། །ཅེས་པ་ལྟ་བུའོ། །བཞི་པ་མང་པོ་དོན་གཅིག་གི་གསལ་བྱེད་ནི། །ལང་ཚོ་རྒྱས་པའི་སྨིན་ལེགས་མ། །ནུ་འབུར་གཡོ་ཞིང་སྨིན་མ་འཁྱོག །མཆུ་སྒྲོས་དམར་ཞིང་སོ་ཕྲེང་དཀར། །འདོད་ལྡན་སྙིང་ལ་གདུང་བ་སྟེར། །ཞེས་པ་ལྟ་བུའོ། །ལྔ་པ་སྦྱར་བའི་གསལ་བྱེད་ནི་དོན་གཉིས་འདྲ་བར་སྦྱར་བ་སྟེ། །སྟོང་ཉིད་སྨྲ་བའི་སྤོབས་མཐོ་ཞིང་། །མདོ་སྔགས་གཞུང་ཀུན་འཆད་པ་ལ། །འཇལ་དབྱངས་རྒྱལ་བའི་མདུན་ས་དང་། །རྒྱལ་བ་གཉིས་པ་ཞིང་འདིའི་རྒྱན། །ཞེས་པ་ལྟ་བུའོ། །༈ ལྔ་པ་སྐོར་བའི་རྒྱན་ལ་གསུམ་སྟེ། དོན་དང་ཚིག་དང་དེ་གཉིས་ཀ་ལ་སྐོར་བའོ། །དང་པོ་ནི། རྒྱལ་བའི་གོ་འཕང་ཐོབ་པའི་ཆེད། །ཐུབ་པའི་བསྟན་ལ་རབ་ཞུགས་ནས། །སྟོན་པའི་ལུང་རྟོགས་དམ་པའི་ཆོས། །སྟོབས་བཅུ་མངའ་བའི་དགོངས་བཞིན་བཟུང་། །ཞེས་པ་ལྟ་བུའོ། གཉིས་པ་ནི། ཉི་མས་པདྨོའི་ཚལ་རབ་རྒྱས། །ཟླ་བས་ཨུཏྤལ་འདབ་མ་རྒྱས། །རྒྱལ་བས་འགྲོ་བའི་ཕན་བདེ་རྒྱས། །དབྱངས་ཅན་ལྷ་མོས་སྒྲ་དོན་རྒྱས། །ཞེས་པ་ལྟ་བུའོ། །གསུམ་པ་ནི། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་ཆོས་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །མཆོད་པའི་ཡོོན་ཏན་བསམ་མི་ཁྱབ། །ཅེས་པ་ལྟ་བུའོ། །ཤུགས་བསྟན་ཡི་གེ་ལ་སྐོར་བ་ནི། ང་དང་ང་འདྲ་ང་རྒྱལ་མཐོ། ཁ་ཅིག་ཁ་དོག་ཁ་ན་ངོམས། ལ་ལ་ལ་ལུང་ལ་སོགས་འཁྱམ། །ཟ་སྦྱང་ཟ་མ་ཟ་ལ་སྤྲོ། །ཞེས་པ་ལྟ་བུའོ། །དྲུག་པ་འགོག་པའི་རྒྱན་ལ་ཉེར་གསུམ་ཡོད་པ་ལས། དང་པོ་འདས་པ་འགོག་པ་ནི། ཉི་མའི་གཉེན་གྱིས་བདེན་བཞིའི་ཆོས། །བསྟན་པ་ཙམ་གྱིས་གྲོལ་འདི་ཅི། །འོན་ཀྱང་སྲིད་པ་ཐ་མ་ཡི། །རང་བཞིན་སོ་སྐྱེས་ཚད་ དུ་དཀའ། །ཞེས་པ་ལྟ་བུའོ། །གཉིས་པ་ད་ལྟར་བ་འགོག་པ་ནི། །གཡས་གཡོན ་ཕྱག་ཏུ་གླེགས་རལ་གཉིས། །འཛིན་ལ་དགོས་པ་ཅི་ཞིག་མཆིས། །ཇི་ལྟ་ཇི་སྙེད་ཆོས་ཀུན་ཀྱང་། མངོན་གཟིགས་མཁྱེན་མཆོག་འདིས་ལྷག་གང་། །ཞེས་པ་ལྟ་བུ། །གསུམ་པ་མ་འོངས་པ་འགོག་པ་ནི། མངོན་མཐོའི་རྒྱུ་བཟང་ཚུལ་ཁྲིམས་མཆོག །སྲུང་བའི་ཚུལ་ལས་འདའ་བྱེད་ན། །ཕྱི་མ་ངན་འགྲོའི་གཡང་ས་རུ། །ལྟུང་ཕྱིར་འཇུག་པ་གདོན་མི་ཟ། །ཞེས་པ་ལྟ་བུ། བཞི་པ་ཆོས་འགོག་པ་ནི། ལུས་ཕྲ་ཁྱོད་བཞིན་ཟླ་བ་ནི། །བསིལ་པ་ཉིད་ཅེས་གྲགས་འདི་བརྫུན། །བདེན་ན་གློ་བུར་སྲེད་ལྡན་ལ། །འདོད་པའི་ཚ་གདུང་སྐྱེད་འདི་ཅི། །ཞེས་པ་ལྟ་བུ། ལྔ་པ་ཆོས་ཅན་འགོག་པ་ནི། གང་ཚེ་སྟོན་པས་ཆོ་འཕྲུལ་ཆེ། །ཇི་ལྟར་བསྟན་པའི་ཚུལ་དེ་ཉིད། ཁོ་བོས་ལོ་རྒྱུས་དག་ལས་ནི། །ཐོས་པ་ཙམ་སྟེ་མངོན་མཐོང་མིན། །ཞེས་པ་ལྟ་བུ། དྲུག་པ་རྒྱུ་འགོག་པ་ནི། གཟུ་བོར་མི་གནས་ཕྱོགས་ལྷུང་ཅན། །འགའ་ཡིས་ཐོས་བསམ་བྱེད་པའི་ཚེ། །འཕྱ་སྨོད་བྱེད་ཀྱང་དེ་ཡི་རྒྱུ། །མེད་ཕྱིར་ཚུལ་དེར་ག་ལ་ཞུམ། །ཞེས་པ་ལྟ་བུ། བདུན་པ་འབྲས་བུ་འགོག་པ་ནི། ཡིད་སྲུབ་བུ་མོ་འཛེས་མ་ཡིས། །རྒྱལ་སྲས་དྲུང་དུ་འཇོ་སྒེགས་ཀྱི། །རྣམ་འགྱུར་མང་བསྟན་གླགས་བཙལ་ཀྱང་། །ཉོན་མོངས་བྲལ་ཕྱིར་གླགས་མ་རྙེད། །ཅེས་པ་ལྟ་བུ། བརྒྱད་པ་རྗེས་གནང་གིས་འགོག་པ་ནི། །ཉིན་བྱེད་དབང་ཁྱོད་ནུབ་ཕྱོགས་ཀྱི། །ས་འཛིན་བརྒལ་བར་འདོད་ན་མཛོད། །འོན་ཀྱང་ཆུ་སྐྱེས་འདབ་མ་རྣམས། །ཟུམ་ཞིང་བདག་གིས་གཟུགས་མི་མཐོང་། །ཞེས་པ་ལྟ་བུ། དགུ་པ་དབང་གིས་འགོག་པ་ནི། འོད་དཀར་ཅན་ཁྱོད་གླིང་གཞན་དུ། །གཤེགས་ན་ཕྱོགས་དེའི་མུན་སེལ་ཡང་། །རང་ཅག་གནས་པའི་གླིང་འདི་རུ། །སྣང་བ་གསལ་ཕྱིར་འདུག་པར་རིགས། །ཞེས་པ་ལྟ་བུ། །བཅུ་པ་མ་གུས་པས་འགོག་པ་ནི། རྒྱལ་བ་གཉིས་པའི་རྗེས་འཇུག་ཁྱོད། །མགོན་དེའི་ཆོས་ཚུལ་བཟུང་ན་ལེགས། །རང་མོས་གྲུབ་མཐའ་ཐམས་ཅད་ལ། །འཇུག་ན་རང་གི་གང་མོས་གྱིས། །ཞེས་པ་ལྟ་བུ། །བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ་ནི། །ཚེ་འདིའི་རྙེད་བཀུར་ཆེད་ཙམ་དུ། །འཇུག་ན་དེ་དོན་འགྲུབ་པར་ཤོག །ཕྱི་མ་སྡུག་བསྔལ་འཐོབ་འགྱུར་བ། །ཤེས་ཚེ་འགྱོད་པར་མ་བྱེད་ཅིག །ཅེས་པ་ལྟ་བུ། བཅུ་གཉིས་པ་རྩུབ་ཆོས་འགོག་པ་ནི། གལ་ཏེ་ཁྱོད་ནི་ལོག་གཡེམ་ལ། །འགྲོ་བར་འདོད་ན་དེ་ལྟར་གྱིས། །ཕྱི་མའི་ཚེ་ན་མནར་མེད་དུ། །སོང་ན་དེ་ཚེ་འགྱོད་མི་འཚལ། །ཞེས་པ་ལྟ་བུ། བཅུ་གསུམ་པ་གྲོགས་ཀྱིས་འགོག་པ་ནི། རྗེ་ཁྱོད་ཚོང་ལ་གཤེགས་ན་བཞུད། །རིང་དུ་ཐོགས་ན་ཕྱི་ཤུལ་གྱི། །གྲོགས་དང་ཉེ་དུ་གཞན་པ་རྣམས། །མི་འདོད་སྡུག་བསྔལ་ཐོབ་ཏུ་མཆི། །ཞེས་པ་ལྟ་བུ། བཅུ་བཞི་པ་འབད་པས་འགོག་པ་ནི། སྤང་ལྗོངས་མཛེས་པས་ལེགས་བསྟར་བའི། །གནས་སུ་དགའ་སྟོན་ལ་རོལ་ཚེ། །ཉིན་བྱེད་ཆུ་ལྷའི་རིར་ཉེ་བར། །མཐོང་ཚེ་རིངས་པའི་ཚིག་བརྗོད་ཐལ། །ཞེས་པ་ལྟ་བུ། བཅོ་ལྔ་པ་གཞན་དབང་གིས་འགོག་པ་ནི། ཁྱོད་ཀྱིས་བྱ་བ་དེ་ལྟ་བུ། །བྱེད་ན་ངེད་ལ་དྲིས་པས་ཅི། །རྗེ་བོ་ཉིད་ལ་དྲིས་ཤིག་དང་། །གནང་ན་བདག་ཀྱང་དེ་ལྟར་འདོད། །བཅུ་དྲུག་པ་ཐབས་ཀྱིས་འགོག་པ་ནི། རྗེ་ཁྱོད་རི་ཁྲོད་བསྟེན་བྱེད་ན། །ལེགས་མོད་བདག་ཅག་ཉེ་གྲོགས་ཀུན། །ཟས་གོས་ནོར་གྱིས་མི་ཕོངས་པའི། །འབྱོར་ལྡན་མི་ཟད་ཐབས་ཉིད་མཛོད། །ཅེས་པ་ལྟ་བུ། བཅུ་བདུན་པ་ཁྲོ་བས་འགོག་པ་ནི། ཐོས་པའི་གྲྭར་ཞུགས་མ་འབད་ན། །ཅི་ཡང་མི་ཤེས་མ་བསླབས་པའི། །གྲོང་པའི་སྐྱེ་བོ་གཞན་དག་དང་། །མཚུངས་པ་ཉིད་དུ་ཅིས་མི་འགྱུར། །ཞེས་པ་ལྟ་བུ། །བཅོ་བརྒྱད་པ་མྱ་ངན་གྱིས་འགོག་པ་ནི། །གཞན་དོན་འདོད་ཆུང་བསྟེན་པའི་ཆེད། །བསོད་ནམས་རྒྱུ་བར་རིགས་མོད་ཀྱི། །གཞན་དུ་སྲང་མདོར་སྦྲང་འཁྱམ་དང་། །ལྷན་ཅིག་གནས་ལ་དགོས་པ་ཅི། །ཞེས་པ་ལྟ་བུ། བཅུ་དགུ་འགྱོད་པས་འགོག་པ་ནི། མི་བཟད་ངན་འགྲོའི་སྡུག་བསྔལ་དང་། །འཁོར་བའི་ཉེས་དམིགས་མ་བསམ་ཤིང་། །བྱང་སེམས་ལྟ་བས་མ་ཟིན་པར། །རི་འདབས་མི་ཚེ་ཡོལ་ཀྱང་ཅི། །ཞེས་པ་ལྟ་བུ། ཉི་ཤུ་པ་ཐེ་ཚོམ་གྱིས་འགོག་པ་ནི། གང་འདི་དབུ་ཚད་རིག་གནས་ལ། །སྦྱངས་པའི་བླ་ཆེན་མཁས་པའམ། །ཡང་ན་རང་བཞིན་མཁས་དབང་ཞིག །ཡིན་གྱི་ཐ་མལ་བླུན་པོ་མིན། །ཞེས་པ་ལྟ་བུ། ཉེར་གཅིག་པ་སྦྱར་བས་འགོག་པ་ནི། མཁས་མཆོག་ཀླུ་རྒྱལ་གཙུག་ན་འཛིན། །བདེ་ལེགས་འདོད་དགུ་སྟེར་མཛད་པའི། །ཐུབ་པ་དབང་རྒྱལ་མཆིས་བཞིན་དུ། །ནོར་བུ་ཕལ་པ་གཞན་གྱིས་ཅི། །ཞེས་པ་ལྟ་བུ། ཉེར་གཉིས་པ་དོན་གཞན་འགོག་པ་ནི། རྒྱལ་བས་རིས་བྲལ་འགྲོ་རྣམས་ལ། །དམ་ཆོས་མཉམ་དུ་བསྟན་པས་ཅི། །ལྷ་ཀླུས་རིས་མེད་ཆར་ཕམ་ཀྱང་། །ས་བོན་རུང་སྨིན་མི་རུང་མིན། །ཞེས་པ་ལྟ་བུ། ཉེར་གསུམ་པ་རྒྱུས་འགོག་པ་ནི། འཇམ་པའི་དབྱངས་ལ་བདག་ཅག་གིས། །བློ་གྲོས་འཕེལ་ཕྱིར་གསོལ་བཏབ་སྟེ། །འོན་ཀྱང་ཤེས་རབ་སྩོམ་པའི་ལྷ། །ཡིན་ཕྱིར་གསོལ་འདེབས་ཅི་ལ་བལྟོས། །ཞེས་པ་ལྟ་བུའོ། །༈ བདུན་པ་དོན་གཞན་བཀོད་པ་ལ་བརྒྱད་ལས། དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི། ཚངས་པས་ཐིག་ལེ་མཆོག་མ་ལ། །ཆགས་པས་བལྟས་ཞེས་སུ་ཡིས་སྨད། །སྲེད་ལྡན་འགྲོ་བ་འདི་ཀུན་ཀྱང་། །འདོད་པས་གཟིར་བ་རང་བཞིན་ཉིད། །ཅེས་པ་ལྟ་བུའོ། །གཉིས་པ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི། ཐུབ་པའི་འཕྲིན་ལས་ཐུགས་རྗེ་ཡིས། །ཐེག་གསུམ་གདུལ་བྱའི་ཡོན་ཏན་རྒྱས། །རྟ་བདུན་ཅན་གྱི་འོད་ཟེར་གྱིས། །པདྨོའི་སྨིན་པའི་འདབ་མ་རྒྱས། །ཞེས་པ་ལྟ་བུ། གསུམ་པ་སྦྱར་བའི་དོན་གཞན་ནི། གདུལ་བྱའི་གཙུག་ན་རྒྱལ་བ་ཉིད། །གསལ་རྫོགས་མཚན་དཔེའི་གཟི་བྱིན་འབར། །ལྷ་ཡི་རྒྱལ་པོ་ལྷ་རྣམས་ཀྱི། །གཙུག་གི་རལ་པའི་རྩེ་ན་འགྱིང་། །ཞེས་པ་ལྟ་བུ། བཞི་པ་འགལ་བའི་དོན་གཞན་ནི། མཛེས་སྡུག་དགའ་བསྐྱེད་དབྱངས་ཅན་མ། །ཟག་མེད་ཡེ་ཤེས་བདེ་བ་སྟེར། །ལང་ཚོ་ཡོལ་བའི་མཁས་པ་ཡིས། །བློ་ལྡན་ཡིད་ལ་དགའ་བ་སྐྱེད། །ཅེས་པ་ལྟ་བུ། ལྔ་པ་མི་འོས་པའི་དོན་གཞན་ནི། མཁས་དབང་ལེགས་བཤད་ཉི་འོད་ཀྱིས། །ཕྱོགས་ལྷུང་ཡིད་ལ་ཟུག་རྔུ་སྐྱེད། །དད་ལྡན་གླ་རྩིའི་དྲི་ཚོར་བས། །དུག་སྦྲུལ་དག་ལ་གནོད་པར་འགྱུར། །ཞེས་པ་ལྟ་བུ། དྲུག་པ་འོས་པའིི་དོན་གཞན་ནི། རྒྱལ་བས་འགྲོ་ལ་ཆོས་བསྟན་པས། །ཕན་དང་བདེ་བའི་ལེགས་ཚོགས་རྒྱས། །ཉི་མའི་འོད་ཟེར་ཤར་བ་ན། །པད་དཀར་འདབ་མ་ཅི་ཡང་འཕེལ། །ཞེས་པ་ལྟ་བུ། བདུན་པ་འོས་པ་དང་མི་འོས་པའི་དོན་གཞན་ནི། ལེགས་བཤད་དག་ལ་མཁས་དགའ་ཡི། །བླུན་པོའི་ཚོགས་ནི་དེ་ལྟ་མིན། །རབ་སྙན་སྒྲ་ལ་ཐོས་འཛིན་ལྡན། །ཉན་གྱི་འོན་པ་དག་གིས་མིན། །ཞེས་པ་ལྟ་བུ། བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། སྦྱངས་པས་ཉེས་བཤད་སྟོན་སྲིད་ན། །མ་སྦྱངས་བླུན་གཏམ་ཅིས་མི་ཟེེར། །ལེགས་བཤད་མཁས་ལས་འབྱུང་དགོས་ཀྱི། །ཐོས་མེད་བླུན་གཏམ་ཆོས་ཉིད་ཡིན། །ཞེས་པ་ལྟ་བུའོ། །༈ བརྒྱད་པ་ལྡོག་པའི་རྒྱན་ལ་སྒྲས་ཟིན་མཚུངས་པའི་ལྡོག་པ། རྟོགས་པ་མཚུངས་པའི་ལྡོག་པ། འབྱེད་བྱེད་མཚུངས་པའི་ལྡོག་པ། རིགས་མཐུན་འབྱེད་པའི་ལྡོག་པ་དང་བཞི། དང་པོ་ལ་ལྔ་ལས། དང་པོ་གཅིག་གི་ལྡོག་པ་ཅན་ནི། ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །མཁས་ཤིང་གྲུབ་བརྙེས་ཟླ་གྲགས་དང་། །ཙནྡྲ་གོ་མི་མཚུངས་གྱུར་ཀྱང་། །རབ་བྱུང་ཡིན་མིན་རྟེན་གྱིས་དབྱེ། །ཞེས་པ་ལྟ་བུའོ། །གཉིས་པ་གཉིས་ཀྱི་ལྡོག་པ་ཅན་ནི། ཐུབ་དབང་རྡོ་རྗེ་འཆང་ཆེན་གཉིས། །གཞན་དོན་མཐར་ཕྱིན་མཛད་མཚུངས་ཀྱང་། །ཐུབ་པ་སྤྲུལ་སྐུའི་རྣམ་པ་དང་། །ཅི་ཤོས་ལོངས་སྐུའི་རྣམ་པ་ཅན། །ཞེས་པ་ལྟ་བུ། གསུམ་པ་སྦྱར་བའི་ལྡོག་པ་ཅན་ནི། མཚོ་བྱུང་ཟླ་བའི་གཙུག་རྒྱན་ཅན། །འགྲུབ་ལ་དབྱངས་ཅན་བཞད་པ་དང་། །སངྒ་ཨཱ་ཙརྱ་མཚུངས་ཀྱང་། །སྔ་མ་ནང་པ་གཞན་ནི་ལྡོག །ཅེས་པ་ལྟ་བུ། བཞི་པ་འགོག་པ་ཅན་གྱི་ལྡོག་པ་ནི། སྐྱབས་མཛད་འདོད་པའི་རེ་བ་སྩོལ། །ཡིད་དུ་འོང་ཞིང་བསྔགས་པའི་གནས། །ངག་གི་ཡན་ལག་ཆ་རྫོགས་པས། །དབྱངས་ཅན་ཡོངས་འདུས་འགྲན་དུ་ཅི། །ཞེས་པ་ལྟ་བུ། ལྔ་པ་གཏན་ཚིགས་ཀྱི་ལྡོག་པ་ཅན་ནི། །སྡོང་བུ་ལོ་འདབ་ཟེའུ་འབྲུ་སོགས། །ལྡན་ཡང་སྐེད་མེད་འགྲམ་ཆང་གིས། ཁ་ཉིད་འབྱེད་ཕྱིར་བ་ཀུ་ལ། །པདྨ་གཞན་དང་ཁྱད་པར་ཆེ། །ཞེས་པ་ལྟ་བུའོ། །གཉིས་པ་རྟོགས་པ་མཚུངས་པའི་ལྡོག་པ་ཅན་ནི། འཇམ་པའི་དབྱངས་དང་རྗེ་བླ་མ། །ཟབ་དོན་གཟིགས་པའི་ཡེ་ཤེས་ཅན། །འོན་ཏེ་འཇམ་དབྱངས་ལོངས་སྐུ་དང་། །ཅིག་ཤོས་རབ་བྱུང་ཆ་བྱད་ཅན། །ཞེས་པ་ལྟ་བུ་སྟེ་ཆོས་མཚུངས་ཤུགས་ལ་བསྟན་པའོ། །གསུམ་པ་འཕྱེད་བྱེད་མཚུངས་པའི་ལྡོག་པ་ཅན་ནི། གཞན་ཕན་རྒྱལ་ཚབ་བྱམས་མགོན་དང་། །འཇམ་དབྱངས་བླ་མ་ཙོང་ཁ་པ། །སྔ་མ་དགའ་ལྡན་ལྷ་ཡི་རྒྱན། །གཞན་ནི་གངས་ཅན་མཁས་པའི་དཔལ། །ཞེས་པ་ལྟ་བུ་སྟེ་འདི་ཡང་མཚུངས་པ་ཤུགས་ལ་འཕངས་པའོ། །བཞི་པ་རིགས་མཐུན་ལྡོག་པ་ཅན་ནི། རྨོངས་པའི་མ་རིག་མུན་པ་དང་། །མུན་ཁུང་བྱུང་བའི་མུན་ནག་གཉིས། །རིགས་མཐུན་འོན་ཏེ་སྔ་མ་ཉིད། །མར་མེས་མི་སེལ་ཕྱི་མ་སེལ། །ཞེས་པ་ལྟ་བུའོ། །༈ དགུ་པ་སྲིད་པ་ཅན་གྱི་རྒྱན་ལ་གསུམ་ལས། དང་པོ་ངོ་བོ་ཉིད་སྟོན་པའི་སྲིད་པ་ཅན་ནི། སྨྲ་བྱེད་ལྕེ་བྲལ་ཅ་ཅོ་སྒྲོག །རྐང་བཞོན་མེད་པར་རྒྱུན་དུ་འགྲོ །གནོད་སེམས་མེད་པར་རྒྱུ་ལམ་གཅོད། ཁ་དོག་མ་སྒྱུར་མདོག་སྔོ་ཆུ། །ཞེས་པ་ལྟ་བུ། གཉིས་པ་འབྲས་བུ་རྒྱུ་ཅུང་ཟད་དང་བཅས་པར་བརྗོད་པའི་སྲིད་པ་ཅན་ནི། ཕྲོག་མིན་ཐོས་པའི་ནོར་གྱིས་ཕྱུག །འཚེ་མེད་རྨོངས་པའི་དགྲ་ཚོགས་འཇོམས། །འདོད་བྲལ་ཡོན་ཏན་ཚོགས་ཀྱིས་འཁྱུད། །དབྱུ་གུས་མ་སྐུལ་སྐད་སྙན་ལྡིར། །ཞེས་པ་ལྟ་བུ། གསུམ་པ་གྲགས་མ་གྲགས་ཀྱི་རྒྱུ་བཟློག་ནས་འབྲས་བུ་ངོ་བོ་ཉིད་ཀྱིས་སྲིད་པར་སྟོན་པ་ནི། མ་བྲིས་རི་བོང་མཚན་མ་མཛེས། །གནོད་སེམས་མེད་པར་མུན་ཚོགས་འཇོམས། །འདེད་མཁན་མེད་ཀྱང་ནུབ་ཕྱོགས་འབྲོས། །བཟོ་བཅོས་མ་བྱས་འཕེལ་འགྲིབ་སྟོན། །ཞེས་པ་ལྟ་བུའོ། །༈ བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ལ་སྤྱི་དང་བྱེད་བྲག་གཉིས་ཀྱི་དང་པོ་ནི། དཔག་བསམ་ལྗོན་པའི་གྲིབ་བསིལ་ལ། །སྤྱོད་པའི་དགའ་སྟོན་ཡོངས་བོར་ནས། །ཡལ་ག་འཁྱོག་པོའི་ཤིང་སྐམ་ལ། །སྐྱབས་འཆའ་བླུན་པོ་འདི་དག་རྨོངས། །ཞེས་པ་ལྟ་བུའོ། །གཉིས་པ་ལ་གསུམ་ལས། དང་པོ་ཁྱད་གཞི་ཐ་དད་ཅིང་ཁྱད་ཆོས་མཚུངས་པ་ནི། ཟབ་ཡངས་གཏིང་མཐའ་རྟོགས་དཀའ་ཞིང་། །རེ་སྐོང་ནོར་བུའི་འབྱུང་གནས་མཆོག །དུས་སུ་རབ་གཡོ་གདུང་སེལ་ཅན། །དྲི་མའི་སྐྱོན་རྣམས་འཁྱུད་པར་བྱེད། །ཅེས་པ་ལྟ་བུ། གཉིས་པ་ཁྱད་གཞི་ཐ་དད་ལ་ཁྱད་ཆོས་མཚུངས་ཤིང་མི་མཚུངས་པ་ནི། འཇམ་ཞིང་ཡིད་འོང་མཛེས་སྡུག་ལྡན། །ཡལ་འདབ་ཟེའུ་འབྲུ་གཡོ་ལྡེམ་པ། །ཆུ་སྐྱེས་དཀར་པོའི་ཆུན་པོ་འདི། །རྐང་དྲུག་དག་གི་ཡིད་ཚིམ་བྱེད། །ཅེས་པ་ལྟ་བུ། གསུམ་པ་སྔོན་མེད་བསྡུས་བརྗོད་ནི། ནམ་མཁའི་དབྱིངས་སུ་མི་རྒྱུ་ཞིང་། །འཕེལ་འགྲིབ་ཆ་ཤས་མི་ལྡན་པའི། །སྔོན་མེད་ཟླ་བའི་དཀྱིལ་འཁོར་འདི། །བདག་གི་ཡིད་ལ་ཅི་ཡང་སྨན། །ཞེས་པ་ལྟ་བུ་སྟེ་མཚུངས་ཆོས་བསྡུས་པའོ། །༈ བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་བཞི་ལས། དང་པོ་ཁྱད་འཕགས་ཕུལ་བྱུང་ནི། བཅུ་ཕྲག་རིག་པའི་གནས་རྣམས་ཀུན། །མཐར་ཕྱིན་བློ་བཟང་རྒྱ་མཚོའི་སྡེ། །སྙན་ངག་གཞུང་བརྒྱ་སྨྲ་བ་ལ། །དབྱངས་ཅན་མས་ཀྱང་འགྲན་ནུས་མིན། །ཞེས་པ་ལྟ་བུ། གཉིས་པ་ཐེ་ཚོམ་ཕུལ་བྱུང་ནི། ཉིན་མཚན་ཀུན་དུ་ཐོས་བསམ་ལ། །འབད་པས་འཇུག་ཅིང་སྒྲུབ་བརྩོན་ཁྱོད། །རང་ལུས་འཚོ་བའི་བཟའ་བཏུང་ཡང་། །སྤྱོད་སྐབས་ཡོད་མེད་འཕྱང་མོ་ཉུག །ཅེས་པ་ལྟ་བུ། གསུམ་པ་ངེས་པ་ཕུལ་བྱུང་ནི། རྟག་ཏུ་ཐོས་བསམ་སྒོམ་པ་དང་། ཁ་ཏོན་ཚུལ་ལ་རབ་འབད་པ། །རྒྱུན་ཆད་མེད་ཀྱང་ཉལ་གཉིད་ཚེ། །བར་སྐབས་ཡོད་པའི་ངེས་པ་རྙེད། །ཅེས་པ་ལྟ་བུ། བཞི་པ་ངོ་མཚར་ཕུལ་བྱུང་ནི། འཇམ་མགོན་བླ་མ་ཙོང་ཁ་པའི། །མཁྱེན་པའི་ཕ་མཐའ་ནམ་མཁས་ཀྱང་། །མཚོན་མིན་བོད་ཡུལ་ལྗོངས་ཉིད་དུ། །ཤོང་གྱུར་དེ་ནི་ཨེ་མ་མཚར། །ཞེས་པ་ལྟ་བུ་སྟེ་མཚོན་ཙམ་མོ། །འདི་ལ་སྤྲོ་བར་བྱས་ན་དཔེ་རྒྱན་ལྟར་སོ་གཉིས་འབྱུང་བར་བཤད་དོ། །༈ བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ་གསུམ་ལས། དང་པོ་སེམས་ལྡན་རབ་རྟོག་ནི། དབྱངས་ཅན་རལ་པའི་ཐོར་ཅོག་རྩེར། །ཚེས་པའི་ཟླ་བས་བརྒྱན་པ་ནི། །ཡར་མར་ངོ་ཡི་མུན་པའི་ཚོགས། །སེལ་བར་བྱེད་པའི་ཆེད་དུ་དགོངས། །ཞེས་པ་ལྟ་བུ། གཉིས་པ་སེམས་མེད་རབ་རྟོག་ནི། རབ་མཛེས་ཚེས་པའི་ཟླ་བ་ནི། །སྤྱི་གཙུག་བརྒྱན་པའི་ཕྱིར་འོངས་ཤིང་། །སྙན་གོང་ཨུཏྤལ་སྔོན་པོ་ཡང་། །སྤྱན་དཀྱུས་རིང་ལ་འགྲན་ཕྱིར་འོངས། །ཞེས་པ་ལྟ་བུ། གསུམ་པ་ཏིང་ངེ་འཛིན་གྱི་རབ་རྟོག་ནི། ཟླ་བ་ཤར་ཚེ་ཀུནྡའི་ཚལ། །དགའ་བས་འཛུམ་མུལ་ལྟ་བ་བཞིན། །བུང་བས་བཅུད་རྣམས་འཁྱེར་དོགས་ནས། །གེ་སར་སྐྲག་ནས་འདར་བ་བཞིན། །ཞེས་པ་ལྟ་བུའོ། །སྐབས་འདིའི་བཞིན་ཞེས་པ་ནི་དཔེ་མིན་ནོ། །༈ བཅུ་གསུམ་པ་རྒྱུའི་རྒྱན་ལ་གསུམ་ལས། དང་པོ་དངོས་པོའི་རྒྱུ་ལ་བྱེད་པའི་རྒྱུ་དང་ཤེས་བྱེད་ཀྱི་རྒྱུ་གཉིས། དང་པོ་ལ་སྒྲུབ་བྱེད་དང་ལས་ཀྱི་རྒྱུ་གཉིས། དང་པོ་ལ་འགྲུབ་བྱེད་དང་ཉམས་པའི་རྒྱུ་གཉིས་ལ། །དང་པོ་ནི། རྗེ་བཙུན་བརྟན་པའི་འཁོར་ལོ་ཡི། །བྱིན་རླབས་རྗེས་སུ་བཟུང་བའི་མཐུས། །འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི། །སྣང་བ་ཡར་ངོའི་ཟླ་ལྷར་འཕེལ། །ཞེས་པ་ལྟ་བུ། གཉིས་པ་ཉམས་བྱེད་ཀྱི་རྒྱུ་ནི། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །མཁྱེན་རབ་ཉི་མའི་འོད་ཟེར་གྱིས། །དོན་གཉེར་བློ་གསལ་ཚོགས་རྣམས་ཀྱི། །རྨོངས་པའི་མུན་པ་སེལ་བར་བྱས། །ཞེས་པ་ལྟ་བུ། གཉིས་པ་ལས་ཀྱི་རྒྱུ་ནི། སོར་མོའི་འཁྲུལ་དང་བློ་རྩལ་ལས། །རྒྱལ་བའི་སྐུ་བརྙན་རབ་མཛེས་པ། །དད་ལྡན་སྐྱེ་བོ་མཐའ་དག་གི །བསོད་ནམས་གསོག་པའི་རྟེན་དུ་གྱུར། །ཅེས་པ་ལྟ་བུ། གཉིས་པ་ལ་གཉིས་ཀྱི་དང་པོ་ཕྱིའི་ཤེས་བྱེད་ཀྱི་རྒྱུ་ནི། སྐྱ་རེངས་ཐ་མ་ཤར་གྱུར་ཅིང་། །སྣ་ཚོགས་གཟུགས་ཀྱི་བཀོད་པ་མཐོང་། །འདབ་ཆགས་མང་པོས་སྐད་སྙན་སྒྲོགས། །གཉིད་ཀྱང་སད་པའི་དུས་ལ་བབ། །ཅེས་པ་ལྟ་བུ་སྟེ་ནམ་ལངས་ཤིང་ཉིན་མོ་འབྱུང་བའི་ཤེས་བྱེད་དོ། །གཉིས་པ་ནང་གི་ཤེས་བྱེད་ཀྱི་རྒྱུ་ནི། དཀའ་གནད་གཞུང་དོན་དྲིས་པའི་ཚེ། །འཛུམ་དང་བཅས་ཏེ་ལྷུག་པར་སྨྲ། །མང་ཐོས་མཁས་པ་འདུས་པ་ན། །འཇིགས་མེད་ཆོས་ཀྱི་ཁྲི་ལ་འགྱིང་། །ཞེས་པ་ལྟ་བུ་སྟེ། །ཡོན་ཏན་ཡོད་པའི་རྟགས་སམ་ཤེས་བྱེད་དོ། །དེ་བཞིན་དུ། ཆོས་གཏམ་བྱས་ཚེ་ངོ་འཛུམ་ནག །བཟའ་བཏུང་མཐོང་ཚེ་འཛུམ་མུལ་བྱེད། །ཅེས་སོགས་བླུན་རྟགས་ཀྱང་གོའོ། །གཉིས་པ་དངོས་མེད་ཀྱི་རྒྱུ་ལ་རྒྱུ་མེད་པས་འབྲས་བུ་ཡོད་པ་བསྐྱེད་པ་དང་། འབྲས་བུ་མེད་པ་བསྐྱེད་པ་གཉིས། དང་པོ་ལ་བཞི་ལས་སྔ་ན་མེད་པའི་བྱེད་རྒྱུ་ནི། སྟོབས་ལྡན་དཔོན་ལ་མ་བརྟེན་ཅིང་། །འབྱོར་ཅན་སྦྱིན་བདག་མ་བསྡུས་ཀྱང་། །ཟང་ཟིང་ཡོ་བྱད་ཉེར་མཁོ་ཀུན། །འབད་པ་མེད་པར་ངང་གིས་འདུས། །ཞེས་པ་ལྟ་བུ། གཉིས་པ་ཞིག་ནས་མེད་པའི་རྒྱུ་ནི། །ཆུང་ནས་བཟུང་བའི་འདོན་ཆ་བརྗེད། །ངོ་ཚ་ཁྲེལ་ཡོད་ཚུལ་ཡང་འགྲིབ། །དྲིན་ལྡན་སློབ་དཔོན་ཕ་མ་ཡང་། །མི་དྲན་རང་དགར་སྤྱོད་པ་མཐོང་། །ཞེས་པ་ལྟ་བུ། གསུམ་པ་ཕན་ཚུན་མེད་པའི་བྱེད་རྒྱུ་ནི། ཟླ་འདི་ལུས་ཕྲའི་གདོང་མ་ཡིན། །རི་བོང་རྟགས་མཚན་མིག་སྣ་མིན། །བསིལ་བ་རྡུལ་གྱི་ཐིགས་མིན་པས། །གཉིས་སྐྱེས་རྣམས་ཀྱིས་བཀུར་བའི་གནས། །ཞེས་པ་ལྟ་བུ། བཞི་པ་སྤངས་ནས་མེད་པའི་རྒྱུ་ནི། མ་དད་ལེ་ལོ་སྤངས་བྱས་ཏེ། །དབྱངས་ཅན་སྒོམ་བཟླས་ལ་བརྩོན་པས། །འཆད་རྩོད་རྩོམ་པའི་ཚུལ་ཀུན་དང་། །སྙན་ངག་སྨྲ་བའི་སྤོབས་པ་ཐོབ། །ཅེས་པ་ལྟ་བུ། གཉིས་པ་རྒྱུ་མེད་པས་འབྲས་བུ་མེད་པ་བསྐྱེད་པའི་བྱེད་རྒྱུ་ནི། ལོག་ལྟ་མ་དད་མེད་གྱུར་ན། །རྒྱལ་བས་གསུངས་པའི་མཆོག་ཐུན་གྱི། །དངོས་གྲུབ་དུས་སྐབས་དང་མཚུངས་པ། །ཅི་ལྟར་རིགས་པར་འཐོབ་འགྱུར་ངེས། །ཞེས་པ་ལྟ་བུ། གསུམ་པ་མཚར་བའི་རྒྱུ་ལ་ལྔ་ལས། དང་པོ་རིང་འབྲས་ཀྱི་རྒྱུ་ནི། འཇམ་དབྱངས་རྗེ་བཙུན་ཙོང་ཁ་པས། །ཅི་ཡང་ཡིད་ལ་མི་བྱེད་པའི། །ལྟ་ངན་དམིགས་ཕུག་བཀག་མཛད་པས། །ལྟ་ལོག་གཞན་ཀུན་རིམ་གྱིས་ལྡོག །ཅེས་པ་ལྟ་བུ། གཉིས་པ་རྒྱུ་འབྲས་ལྷན་ཅིག་པ་ནི། །ཉི་མའི་དཀྱིལ་འཁོར་ཤར་བ་དང་། །ལྷན་ཅིག་པད་ཚལ་འཛུམ་བྱས་ཤིང་། །མུན་པ་སེལ་དང་ལྷན་ཅིག་ཏུ། །གཟུགས་རྣམས་གསལ་བར་མཐོང་བར་འགྱུར། །ཞེས་པ་ལྟ་བུ། གསུམ་པ་འབྲས་བུ་སྔ་བའི་རྒྱུ་ནི། འདོད་ལྡན་གཡེལ་བའི་གཞོན་ནུ་འགས། །སྨིན་ལེགས་ལུས་ཕྲ་མར་སྤྱད་དེ། །སླར་ཡང་མཛེས་པའི་རྣམ་འགྱུར་ལ། །སྲེད་པ་དྲག་པོ་ཅི་ཡང་འབྱུང་། །ཞེས་པ་ལྟ་བུ། བཞི་པ་རིགས་མིན་གྱི་རྒྱུ་ནི། ཕྱི་རོལ་གཟུགས་ཀྱི་བཀོད་པ་རྣམས། །མཐོང་བྱེད་ཉི་མ་ཤར་གྱུར་བས། །འབྱུང་པོའི་བྱ་ཚོགས་མིག་ལྡན་ཡང་། །གཟུགས་ཀྱི་བཀོད་པ་མཐོང་མིན་མཚར། །ཞེས་པ་ལྟ་བུ། ལྔ་པ་རིགས་པའི་རྒྱུ་ནི། ངག་གི་དབང་ཕྱུག་གྲུབ་པ་ཡི། །ཚངས་སྲས་ལྷ་མོ་རིང་བསྟེན་པས། །སྙན་ཚིག་གཞུང་བརྒྱ་སྨྲ་ནུས་པའི། །ངག་གི་དངོས་གྲུབ་ཐོབ་པར་འགྱུར། །ཅེས་པ་ལྟ་བུའོ། །༈ བཅུ་བཞི་པ་ཕྲ་མོའི་རྒྱན་ལ་གཉིས་ལས། དང་པོ་ཟུར་གྱི་ཕྲ་མོ་ནི། དབང་ཕྱོགས་ས་འཛིན་རྩེ་མོ་ནས། །ཚེས་པའི་ཟླ་བ་ཤར་མཐོང་ཚེ། །རིག་བྱེད་སྨྲ་བའི་སྐྱེས་བུ་འགའ། །ལག་སོར་པདྨོ་སྙིང་ཁར་སྦྱོར། །ཞེས་པ་ལྟ་བུ། གཉིས་པ་རྣམ་པའི་ཕྲ་མོ་ནི། མུ་སྟེགས་བྱེད་འགས་ཐུབ་དབང་ལ། །གཤེ་ཞིང་སྐྱོན་བརྗོད་ངན་སྨྲས་ཀྱང་། །ཞལ་འཛུམ་ཚེམས་དཀར་ཉེར་བསྟན་པས། །དད་ལྡན་ཡིད་ལ་དགའ་བ་འཕེལ། །ཞེས་པ་ལྟ་བུ་སྟེ་འདིས་སྟོན་པ་ལ་བཟོད་པ་ཆེན་པོ་ལྡན་པར་སྟོན་ནོ། །༈ བཅོ་ལྔ་པ་ཆའི་རྒྱན་ལ་དངོས་པོ་གསལ་པོ་ཟོལ་གྱིས་སྦེད་པའི་ཆ་དང་། ཟོལ་གྱིས་སྨོད་ཅིང་བསྟོད་པའི་ཆ་གཉིས། དང་པོ་ལ་གཉིས་ལས། དང་པོ་འོས་པའི་ཆ་ནི། རང་གི་འབྱོར་པ་རྒྱས་པའི་ཆེད། །རྣམ་སྲས་བསྒོམ་ལ་བརྩོན་པའི་ཚེ། །ཕྱི་མའི་དོན་དུ་སངས་རྒྱས་ཉིད། །ཐོབ་ཕྱིར་ཟབ་དོན་སྒོམ་ཞེས་སྨྲ། །ཞེས་པ་ལྟ་བུ། གཉིས་པ་མི་འོས་པའི་ཆའི་རྒྱན་ནི། ལྟོ་གོས་ཆེད་འབད་ལུས་རྔུལ་ཚེ། །འདི་ཕྱིའི་དོན་དུ་ཕྱག་མཆོད་དང་། །སྐོར་བ་སོགས་ལ་རབ་འབད་པས། །ལུས་ལས་རྔུལ་དག་བྱུང་བ་ཡིན། །ཞེས་པ་ལྟ་བུ། གཉིས་པ་ལ་གཉིས་ལས། དང་པོ་སྨད་པའི་ཆ་ནི། ཟང་ཟིང་འབྱོར་པ་ཐབས་ཀྱིས་སྡུད། །འཁོར་རྣམས་ལྟོ་གོས་ནོར་གྱིས་སྐྱོང་། །མལ་སྟན་འཇམ་ལ་རྟག་བསྟེན་པ། །བླ་ཆེན་འདི་ནི་ཁྱོད་ཀྱི་སྐྱབས། །ཞེས་པ་ལྟ་བུ། གཉིས་པ་བསྟོད་པའི་ཆ་ནི། ཐོས་པའི་ཆེད་དུ་ལུས་སེམས་བྲེལ། །བཟླས་བརྗོད་དཀའ་ཐུབ་དྲག་པོ་སྤྱོད། །བསླབ་བྲལ་ཆད་འབེབས་དཀོར་མི་སྟེར། །བཀའ་བཀྱོན་བླ་མ་འདི་བསྟེན་དཀའ། །ཞེས་པ་ལྟ་བུའོ། །༈ བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་ནི། བྱང་སེམས་འདུལ་བ་འཛིན་ཞབས་ཀྱི། །མཁྱེན་བརྩེ་ནུས་གསུམ་འཕྲིན་ལས་ནི། །འཇམ་དབྱངས་སྤྱན་རས་གཟིགས་དབང་དང་། །ཕྱག་རྡོར་སྒྲོལ་མའི་དེ་རྣམས་བསྡུས། །ཞེས་པ་ལྟ་བུའོ། །༈ བཅུ་བདུན་པ་དགའ་བའི་རྒྱན་ལ་གཉིས་ལས། དང་པོ་དངོས་ཐོབ་ཀྱི་དགའ་བའི་རྒྱན་ནི། དྲི་མེད་ལུང་དང་རིགས་ཚོགས་ཀྱིས། །གཏན་ཕབ་གཞན་དུ་མི་འགྱུར་བ། །རྒྱལ་བ་གཉིས་པའི་ལེགས་བཤད་ཀུན། །མཐོང་ཐོས་སྔོན་མེད་དགའ་བ་སྐྱེས། །ཞེས་པ་ལྟ་བུའོ། །གཉིས་པ་གཟུགས་བརྙན་གྱི་དགའ་བ་ནི། རྒྱལ་བའི་སྐུ་དངོས་རང་ཅག་གི །མིག་གི་ཡུལ་ལས་འདས་གྱུར་ཀྱང་། །དེ་འདྲའི་སྐུ་བརྙན་མཐོང་ཙམ་གྱིས། །ཡིད་ལ་དགའ་བ་ཅི་ཡང་རྒྱས། །ཞེས་པ་ལྟ་བུའོ། །༈ བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ལ་བརྒྱད་ལས། དང་པོ་དགའ་བའི་འགྱུར་བ་སྒེག་པའི་ཉམས་ནི། བུ་སྡུག་གཅིག་པ་ཐག་རིང་པོར། །སོང་ནས་རིང་ལོན་འབྱོར་ལྡན་དུ། །རང་གི་ཁྱིམ་དུ་སླར་འཁོར་བས། །རྨད་བྱུང་དགའ་བས་ལུས་སེམས་བརྟས། །ཞེས་པ་ལྟ་བུ་སྟེ་ལུས་སྒེག་པ་དང་སེམས་དགའ་སྤྲོ་ཆེ་བར་སྟོན་པའོ། །གཉིས་པ་དྲག་ཤུལ་གྱི་ཉམས་ནི། ཕ་རོལ་རྒོལ་ངན་དགྲ་ཡི་དཔུང་། །འཇོམས་ཕྱིར་དམག་དཔུང་གོ་བགོས་ཤིང་། །རྣོ་བའི་མཚོན་ཐོགས་རྒྱོབ་སོད་ཀྱི། །སྒྲ་ཆེན་གནམ་ས་མ་ལུས་ཁྱབ། ཅེས་པ་ལྟ་བུ། གསུམ་པ་དཔའ་བའི་ཉམས་ནི། འཕགས་པའི་ཡུལ་དུ་མ་བྱོན་ཞིང་། །རྒྱ་གར་པཎ་ཆེན་མ་བསྟེན་ཀྱང་། །འཕགས་ཡུལ་མཁས་གྲུབ་མཐའ་དག་གི །གཞུང་དོན་ཀུན་མཁྱེན་རྗེ་བླ་མ། །ཞེས་པ་ལྟ་བུ། བཞི་པ་སྙིང་རྗེའི་ཉམས་ནི། །ཚད་ལྡན་བླ་མ་མི་བསྟེན་ཅིང་། །དབང་བསྐུར་མ་ཐོབ་བསྙེན་པ་མེད། །དམ་ཚིག་མི་སྲུང་ཆོ་ག་ལ། །འཇུག་དང་དབུལ་ཕོངས་སྙིང་རྗེའི་གནས། །ཞེས་པ་ལྟ་བུ། ལྔ་པ་མི་སྡུག་པའི་ཉམས་ནི། མི་གཙང་གང་བའི་ལྗན་ལྗིན་ནང་། །ལུས་ཞུགས་དྲི་ངན་ཚོགས་ཀྱིས་བགོས། །གསང་གནས་གསལ་མཐོང་གོས་ཧྲུལ་གྱོན། །སྐྱུགས་བྲོ་ཡིད་མུག་སྐྱེ་བའི་གནས། །ཞེས་པ་ལྟ་བུ། དྲུག་པ་བཞད་གད་ཀྱི་ཉམས་ནི། འདོད་པའི་ཉོན་མོངས་སྤངས་ཟེར་ཞིང་། །འཁོར་བར་ཡིད་འབྱུང་སྨྲ་བ་ཁྱོད། །སྤྱན་ཟུར་མཛེ་མའི་གདོང་ཉིད་ལ། །ཟུག་པ་འདི་ལ་གད་མོ་འཆོར། །ཞེས་པ་ལྟ་བུ། བདུན་པ་ཕུལ་བྱུང་གི་ཉམས་ནི། འཇལ་དབྱངས་མགྲིན་པར་ཆགས་པ་ལས། །ཟབ་རྒྱས་གསུང་རབ་མཐའ་དག་གི །ཚིག་དོན་མ་ལུས་ཐུགས་ཆུད་པ། །གང་དེ་ཨེ་མའོ་ངོ་མཚར་རྨད། །ཅེས་པ་ལྟ་བུ། བརྒྱད་པ་འཇིགས་རུང་གི་ཉམས་ནི། སྨྲ་བའི་དབང་ཕྱུག་ཆོས་གྲགས་ཀྱིས། །མུ་སྟེགས་སྨྲ་ངན་མཐའ་དག་ཀྱང་། །རིགས་པས་ཚར་བཅད་རྒྱལ་བསྟན་ལ། །བཅུག་པས་འགའ་ཞིག་སྐྲག་ནས་བྲོས། །ཞེས་པ་ལྟ་བུའོ། ཁྲོ་བོའི་ཉམས་དང་ཡང་སྦྱར་ཆོག །༈ བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན་ནི། ཁོ་བོའི་དྲུང་དུ་ཁྱེད་ཅག་རྣམས། །རྒོལ་བར་འདོད་ནས་ལྷག་པ་ལེགས། །ལུང་རིགས་འབྲེལ་བའི་གཏམ་དག་གིས། །དོགས་གནས་མཐའ་དག་བསལ་བར་བྱ། །ཞེས་པ་ལྟ་བུའོ། །༈ ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ལ་མི་འདྲ་བ་ཞིག་ཡོད་ཀྱང་འདིར། དགོས་དོན་སྒྲུབ་པའི་གྲོགས་མཆེད་དག །ཚུལ་དེར་འབད་མཛད་ཁོ་ཅག་ཕྱིར། །བྱ་བ་ཞིག་གི་ཆེད་སོང་སྟེ། །སླར་ཡང་མྱུར་དུ་འོང་པར་བྱ། །ཞེས་པ་ལྟ་བུ་སྟེ་རང་གཞན་གྱི་བྱ་བ་ཆབ་གསང་བྱེད་དགོས་པ་ལྟ་བུ་བསྡུའོ། །༈ ཉེར་གཅིག་པ་ཀུན་ཕན་གྱི་རྒྱན་ནི། དཔྱིད་དུས་ཞིང་པས་ས་བོན་ཚོགས། །བཏབ་པས་མྱུ་གུ་མཐོང་བའི་དུས། །ཐན་པས་གདུང་ནས་ཕོངས་པའི་ཚེ། །ཆར་ཆེན་བབས་པས་དགའ་བ་སྐྱེས། །ཞེས་པ་ལྟ་བུའོ། །༈ ཉེར་གཉིས་པ་རྒྱ་ཆེ་བ་ལ་གཉིས་ལས། དང་པོ་བསམ་པ་རྒྱ་ཆེ་བ་ནི། འཇམ་དཔལ་གཞོན་ནུས་མངོན་སུམ་དུ། །རྒོལ་བ་མཛད་ཀྱང་འགོག་ནུས་པའི། །རྒྱལ་བ་གཉིས་པས་འཁྲུལ་ལྡན་ལུགས། །འགའ་ཞིག་བཏང་སྙོམས་ཉིད་དུ་བཞག །ཅེས་པ་ལྟ་བུ། གཉིས་པ་འབྱོར་པ་རྒྱ་ཆེ་བ་ནི། རིན་ཆེན་ལས་གྲུབ་གཞལ་མེད་དབུས། །གདོང་ལྔས་བཏེགས་པའི་ཁྲིར་འགྱིང་ཞིང་། །ནམ་མཁའ་མཛོད་ལ་དབང་བསྒྱུར་བ། །ངལ་སོའི་བུ་དེ་སྲིད་ན་བརྗིད། །ཅེས་པ་ལྟ་བུའོ། །༈ ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་ལ་གསུམ་ལས། དང་པོ་ཆོས་ལ་བསྙོན་པ་ནི། རྒྱལ་བ་གཉིས་པ་བློ་བཟང་གྲགས། །གངས་ཅན་མཁས་པའི་རྒྱན་མིན་ཏེ། །མཁས་དབང་ཡོངས་ཀྱི་སྤོབས་པ་མཆོག །འཕྲོག་མཛད་ཆོམ་རྐུན་ཉིད་དུ་ངེས། །ཞེས་པ་ལྟ་བུ། གཉིས་པ་ཡུལ་ལ་བསྙོན་པ་ནི། སོས་ཀའི་ཟླ་བའི་འོད་བསིལ་ཡང་། །ལས་བསགས་ཡི་དྭགས་འགའ་ཞིག་གི །ལུས་ལ་རེག་བྱ་ཚ་བའི་དངོས། །བཟོད་དཀའ་སྟེར་བ་ཉིད་དུ་སྣང་། །ཞེས་པ་ལྟ་བུ། གསུམ་པ་རང་བཞིན་ལ་བསྙོན་པ་ནི། གངས་ཀྱི་རི་ཡི་ཁ་དོག་ནི། །རང་བཞིན་དཀར་བ་ཉིད་མིན་གྱི། །རྡོ་ཐལ་ག་བུར་ཁུ་བ་ཡིས། །ལེགས་པར་བྱུགས་པ་ཉིད་དུ་གསལ། །ཞེས་པ་ལྟ་བུའོ། །༈ ཉེར་བཞི་པ་སྦྱར་བའི་རྒྱན་ལ་གཉིས་དང་བདུན། དང་པོ་ལའང་གཉིས་ཀྱི། དང་པོ་ཚིག་ཐ་དད་མིན་པའི་སྦྱར་བ་ནི། མཛེས་ཤིང་དཀར་བ་ཡིད་དུ་འོང་། །གདུང་བ་སེལ་ཞིང་ཡིད་དགའ་བསྐྱེད། །ཚིམ་བྱེད་བདུད་རྩི་ཅི་ཡང་སྦྲོ། །འདོད་པའི་རེ་བ་རྒྱས་པར་བྱེད། །ཅེས་པ་ལྟ་བུ་སྟེ་དབྱངས་ཅན་མ་དང་ཟླ་བ་སྦྱར་བའོ། །གཉིས་པ་ཐ་དད་ཚིག་འདྲ་བའི་སྦྱར་བ་ནི། བྱ་བ་དུས་ལས་ཡོལ་མེད་ཅིང་། །འདོད་དོན་དུ་མ་འབྱུང་བའི་གནས། །གཏིང་མཐའི་ཚད་ཀྱང་གཞལ་དཀའ་བར། །སྐྱེ་བོ་དུ་མའི་གཏམ་ལས་སྒྲོག །ཅེས་པ་ལྟ་བུ་སྟེ་སངས་རྒྱས་ཀྱི་འཕྲིན་ལས་དང་ཡོན་ཏན་མང་དུ་འབྱུང་བ་དང་། མཁྱེན་པའི་ཚད་དང་དེ་མཁས་པའི་གཏམ་ལས་འབྱུང་བ་རྣམས་རྒྱ་མཚོའི་ཁྱད་པར་དང་སྦྱར་བའོ། །གཉིས་པ་ལ་བདུན་ལས། དང་པོ་བྱ་བ་ཐ་དད་མིན་པའི་སྦྱར་བ་ནི། མཐོང་བྱེད་ཡུལ་དུ་མཛེས་པར་སྣང་། །བལྟས་ཚེ་ཡིད་ལ་ཚིམ་པ་མེད། །དཀར་འཇམ་དུང་གི་རེག་བྱ་དང་། ཁ་དོག་གིས་ཀྱང་ཡིད་དགའ་བསྐྱེད། །ཅེས་པ་ལྟ་བུ། གཉིས་པ་བྱ་བ་འགལ་བ་མིན་པའི་སྦྱར་བ་ནི། ཡིད་ལ་དགའ་བའི་དཔལ་སྟེར་ཞིང་། །རབ་དཀར་ལང་ཚོ་རྒྱས་པ་ཅན། །ཟླ་འོད་འཁྱུད་པའི་སྐུ་མངའ་བ། །མཚོ་བྱུང་མ་ལ་གུས་ཕྱག་འཚལ། །ཞེས་པ་ལྟ་བུ། གསུམ་པ་འགལ་བའི་ལས་ཅན་གྱི་སྦྱར་བ་ནི། མགོ་སྐྱེས་ནག་སྣུམ་རྣམ་པར་ལྡེམ། །དཀར་མཛེས་ཟླ་བ་ཚེས་པས་བརྒྱན། །བློ་ལྡན་དྲག་པོས་རྣམ་དཔྱོད་དང་། །དབྱངས་ཅན་ངག་གི་དཔལ་སྟེར་མཛོད། །ཅེས་པ་ལྟ་བུ། བཞི་པ་ངེས་པ་ཅན་གྱི་སྦྱར་བ་ནི། མགོན་ཁྱོད་དགྱེས་དགུར་སྤྱོད་པ་ནི། །ཆོས་ཚུལ་ཡིན་གྱི་འདོད་ཕྱིར་མིན། །ཐབས་ཀྱིས་འཁྲིད་འདི་དགེ་དོན་ལ། །བསྐུལ་ཕྱིར་ཡིན་གྱི་གཞན་དུ་མིན། །ཞེས་པ་ལྟ་བུ། ལྔ་པ་ངེས་པ་འགོག་པའི་སྦྱར་བ་ནི། འོད་དཀར་ཅན་གྱི་དཀྱིལ་འཁོར་འདིས། །ཀུནྡའི་ཚལ་རྣམས་རྒྱས་མོད་དེ། །འོན་ཀྱང་གཉིས་སྐྱེས་དུ་མ་ཞིག །དགའ་བའི་རྣམ་པ་ཅི་ཡང་བྱེད། །ཅེས་པ་ལྟ་བུ། དྲུག་པ་འགལ་མེད་ཀྱི་སྦྱར་བ་ནི། ལྷ་ཡི་བླ་མ་སྤྱན་སྟོང་ལྡན། །སྐྱེས་རྒུའི་བདག་པོས་མཆོད་སྦྱིན་ལེན། །མིག་གསུམ་ལྡན་པས་ཕས་རྒོལ་འཇོམས། །གཉིས་སྐྱེས་དབང་པོས་འོད་དཀར་འགྱེད། །ཅེས་པ་ལྟ་བུ་སྟེ་སྦྱར་ཆོས་སྤྱན་སྟོང་སོགས་རང་རང་ལ་ལྡན་པ་མི་འགལ་བའོ། །བདུན་པ་འགལ་བ་ཅན་གྱི་སྦྱར་བ་ནི། གཞོན་ཡང་རྒྱལ་བའི་ཡབ་ཏུ་གྱུར། །རལ་གྲི་འཕྱར་ཡང་འཇིགས་པ་བྲལ། །གླེགས་བམ་འཛིན་ཡང་མི་མཁྱེན་མེད། །འགྱིང་བག་ལྡན་ཡང་ང་རྒྱལ་བྲལ། །ཞེས་པ་ལྟ་བུའོ། །༈ ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ལ་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་ནི། འགྲོ་ལ་སྐུ་ཡི་རྣམ་འགྱུར་ཏེ། །གསུང་གིས་དམ་པའི་ཆོས་དག་དང་། །ཐུགས་ཀྱིས་མཁྱེན་གཟིགས་མི་ལྡན་ཡང་། །གདུལ་བྱ་རྗེས་འཛིན་སྐུ་བརྙན་རྣམས། །ཞེས་པ་ལྟ་བུ། གཉིས་པ་རིགས་མ་ཚང་བ་ནི། རྐང་འཐུང་རིགས་ལས་མ་སྐྱེས་ཤིང་། །ཡལ་ག་ལོ་འདབ་མི་ལྡན་ཡང་། །མཉེན་ལྕུགས་ཕྲ་ལྡེམ་དྲི་ངད་ལྡང་། །ཨུཏྤལ་མིག་ཅན་ལུས་ཡིད་འོང་། །ཞེས་པ་ལྟ་བུ། གསུམ་པ་བྱ་བ་མ་ཚང་བ་ནི། ཁྲོ་གཉེར་དཔྲལ་བར་མ་བསྡུས་ཤིང་། །ཞལ་གྱི་མཆེ་བ་མ་གཙིགས་པར། །མ་ལུས་བདུད་བཞིའི་དཔུང་ཚོགས་རྣམས། །འཇོམས་མཛད་རྒྱལ་བ་དེ་ལ་འདུད། །ཅེས་པ་ལྟ་བུ། བཞི་པ་རྫས་མ་ཚང་བ་ནི། །བྱང་ཆུབ་ཤིང་དྲུང་བཞུགས་པའི་ཚེ། །མདའ་མཚོན་གོ་ཆ་སོགས་མེད་པར། །བྱེ་བ་ཕྲག་བརྒྱའི་བདུད་ཀྱི་དཔུང་། །ཕམ་མཛད་ཤཱཀྱའི་རྒྱལ་པོ་ཉིད། །ཅེས་པ་ལྟ་བུ། ལྔ་པ་རྒྱུའི་ཁྱད་པར་བརྗོད་པ་ནི། འདོད་དགུའི་ཡོ་བྱད་མ་བསགས་ཤིང་། །གཞན་ལ་ཕན་འདོད་སེམས་མེད་ཀྱང་། །རྒྱལ་མཚན་རྩེར་བཏགས་མཆོད་གསོལ་བས། །ཅི་འདོད་རེ་སྐོང་ཡིད་བཞིན་ནོར། །ཞེས་པ་ལྟ་བུའོ། །༈ ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་ལ་གཉིས་ལས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས། །འཆད་རྩོད་རྩོམ་པས་རྒྱལ་བའི་བསྟན། །འཛིན་ཅིང་ས་སྟེང་ཀུན་ཁྱབ་པར། །སྦེལ་ལ་མཚུངས་པ་ཉིད་ཅེས་གྲགས། །ཞེས་པ་ལྟ་བུ། གཉིས་པ་སྨད་པའི་མཚུངས་སྦྱོར་ནི། མདོག་དཀར་འཛེས་པའི་གླང་རྒན་དང་། །ཐོས་པ་མེད་པའི་བླུན་པོ་མཚུངས། །སྡོང་དུམ་གོས་སེར་གཡོགས་པ་དང་། །ཚུལ་ཁྲིམས་བྲལ་བའི་བཙུན་གཟུགས་མཚུངས། །ཞེས་པ་ལྟ་བུའོ། །༈ ཉེར་བདུན་པ་འགལ་བའི་རྒྱན་ལ་དྲུག་ལས། དང་པོ་གཞི་ཐ་དད་པའི་བྱ་བ་འགལ་བ་ནི། དཔྱིད་མཐར་ཐན་པས་གདུང་བའི་ཚེ། །མཁའ་ལ་ཆར་སྦྲིན་འཁྲིགས་པ་ལ། །ཞིང་པའི་ཚོགས་རྣམས་དགར་འགྱུར་ཞིང་། །ལམ་མགྲོན་དག་ལ་གདུང་བ་སྐྱེད། །ཅེས་པ་ལྟ་བུ། གཉིས་པ་གཞི་གཅིག་གི་བྱེད་པ་འགལ་བ་ནི། སྒྱུ་མ་མཁན་སྤྲུལ་རྟ་གླང་སོགས། །རྩེད་འཇོར་བྱེད་པར་རྒྱུས་ལྡན་དག །དངོས་མིན་སྣང་ལྟར་མེད་ཤེས་ཤིང་། །གཞན་ནི་བདེན་འཛིན་ལ་མཚན་བྱེད། །ཅེས་པ་ལྟ་བུ། གསུམ་པ་གཞི་གཅིག་གི་ཆོས་དུ་མ་འགལ་བ་ནི། བཞིན་རས་དཀར་ལ་སྐྲ་ཚོགས་ནག །ན་ཚོད་གཞོན་ཡང་བློ་གྲོས་རྒན། །ནོར་གྱིས་ཕོངས་ཀྱང་ཐོས་པས་ཕྱུག །ལག་ལེན་མཁས་ཀྱང་འགྲོ་དོན་ཆུང་། །ཞེས་པ་ལྟ་བུ། བཞི་པ་རྫས་འགལ་བ་ནི། ཟླ་བའི་གདོང་ལ་ཨུཏྤལ་མིག །དུང་གི་སོ་ལ་བྱུ་རུའི་མཆུ། །པི་ཝང་འཛིན་ཅིང་གླུ་དབྱངས་ལེན། །རྒྱལ་ཡུམ་གཞོན་ནུ་དབྱངས་ཅན་མ། །ཞེས་པ་ལྟ་བུ། ལྔ་པ་གཞི་གཅིག་གི་ལས་འགལ་བ་ནི། སྐལ་ལྡན་འགྲོ་རྣམས་ཐར་ལམ་ལ། །འཁྲིད་མཛད་རྒྱལ་བ་གཉིས་པ་དེས། །ཕྱོགས་རིས་མེད་ཀྱང་གཞན་ཕྱོགས་ཀྱི། །གྲུབ་མཐའ་བཀག་ནས་མི་འདོད་སྟེར། །ཞེས་པ་ལྟ་བུ། དྲུག་པ་སྦྱར་བའི་འགལ་པ་ནི། དྲི་མ་དང་བྲལ་རབ་ཏུ་དཀར། །རྣམ་པར་བཀྲ་ཞིང་འོད་ཟེར་འཕྲོ། །བདུད་རྩིའི་རྒྱུན་འབབ་ཁ་ཅིག་ལ། །ཕན་འགྱུར་ལ་ལར་གནོད་པ་སྟེར། ཞེས་པ་ལྟ་བུ་སྟེ་ཟླ་བས་ཀུནྡ་ལ་ཕན་ཅིང་པདྨ་ལ་གནོད་པ་དང་སྦྱར་ཞིང་། དབྱངས་ཅན་དང་སྦྱར་ན་སྐལ་ལྡན་དང་སྡང་བ་ལ་ཕན་གནོད་བྱེད་པ་དང་སྦྱར་རོ། །༈ ཉེར་བརྒྱད་པ་སྐབས་མིན་བསྟོད་པ་ནི། །དཔོན་གྱི་བྱ་བ་ཁྲལ་ལ་སོགས། །མི་འབབ་ཞིང་ལས་སོ་ནམ་མེད། །ནོར་ལ་འཚོ་སྐྱོང་མི་དགོས་པའི། །དབུལ་ཕོངས་བྱ་བྲལ་འདི་དག་བདེ། །ཞེས་པ་ལྟ་བུའོ། །༈ ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ་གསུམ་ལས། དང་པོ། མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད་ནི། དམག་དཔུང་མ་བསྒུལ་ལུང་ཙམ་གྱིས། །ཐེ་རོང་མང་པོ་སྐྲག་མཛད་ན། །རྒྱ་ཆེན་གཡུལ་གྱི་དཔུང་གཤོམས་ཚེ། །འཇོམས་ལ་སོམ་ཉི་ཅི་ཞིག་ཡོད། །ཅེས་པ་ལྟ་བུའོ། །གཉིས་པ་དཔའ་བ་ཕུན་ཚོགས་ནི། བསོད་ནམས་སྟོབས་ལྡན་འཁོར་ལོས་བསྒྱུར། །ང་ལས་ནུ་ཁྱོད་ལྷ་དབང་གི །མངའ་ཐང་གླིང་བཞིར་བཅས་པ་ལ། །ཅི་དགར་སྤྱོད་འདི་རིགས་སམ་ཅི། །ཞེས་པ་ལྟ་བུ། གསུམ་པ་སྟོབས་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། རབ་མང་མངའ་འབངས་ཚོགས་ཀུན་ལ། །དབང་བསྒྱུར་དགྲ་སྡེའི་དཔུང་རྣམས་འཇོམས། །དྲེགས་ལྡན་ཀུན་གྱི་གཙུག་རྒྱན་དུ། །གྱུར་འདིས་ས་སྐྱོང་ཁྱོད་ལ་ཅི། །ཞེས་པ་ལྟ་བུའོ། །༈ སུམ་ཅུ་པ་ངེས་བསྟན་ལ་གཉིས་ལས། དང་པོ་མཆོག་གི་ངེས་བསྟན་ནི། རབ་དྭངས་གསལ་བའི་མེ་ལོང་ངོས། །གཟུགས་བརྙན་ཅིག་ཅར་འཆར་བ་འདིས། །ཇི་སྙེད་ཤེས་བྱ་མ་ལུས་པ། །ཅིག་ཅར་ཀུན་མཁྱེན་ཡུལ་གྱུར་སྟོན། །ཞེས་པ་ལྟ་བུ། གཉིས་པ་མཆོག་མིན་གྱི་ངེས་བསྟན་ནི། རྟ་བདུན་ཅན་དེ་ཤར་བའི་ཚེ། །མེ་འཁྱེར་རྒྱུ་སྐར་འོད་ཉམས་པས། །མཁས་དབང་འཇིག་རྟེན་བྱོན་པ་ན། །མི་མཁས་བླུན་ཆོས་འཇོམས་པར་ཤེས། །ཞེས་པ་ལྟ་བུའོ། །༈ སོ་གཅིག་པ་ལྷན་ཅིག་བརྗོད་པ་ལ་གསུམ་ལས། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། །འཇམ་དབྱངས་ཕྱག་མཚན་རལ་གྲི་དང་། །ལྷན་ཅིག་ཁོ་བོའི་ཤེས་རབ་རྣོ། །དབྱངས་ཅན་ཕྱག་གི་རྒྱུད་མང་དང་། །ལྷན་ཅིག་ཁོ་བོའི་གྲགས་སྙན་རྒྱས། །ཞེས་པ་ལྟ་བུ། གཉིས་པ་བྱ་བ་ཐ་དད་པའི་ལྷན་ཅིག་བརྗོད་པ་ནི། སྨིན་ལེགས་དཀར་བའི་བཞིན་རས་ཀྱིས། འདོད་ལྡན་སྲེད་པ་རྒྱས་པ་དང་། །ལྷན་ཅིག་ཁོ་བོའི་འཕྲིན་ལས་ཀྱང་། །དབྱངས་ཅན་ལྷ་མོའི་དྲིན་ལས་རྒྱས། །ཞེས་པ་ལྟ་བུ། གསུམ་པ་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་ནི། །བརྟན་པའི་འཁོར་ལོའི་མཁྱེན་པ་དང་། སྤྱན་རས་གཟིགས་དབང་ཐུགས་རྗེ་བྱིན། །གསང་བདག་མཐུ་དང་ནུས་རྣམས་ཀྱིས། །ལྷན་ཅིག་ཡིད་ལ་དགའ་བ་སྟེར། །ཞེས་པ་ལྟ་བུའོ། །༈ སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ནི། རིགས་པའི་དབང་ཕྱུག་བསྟན་དར་བའི། །ལེགས་བཤད་དཔེ་འཛིན་སྦྱངས་སྐྱོར་མཐུས། །བདག་བློའི་རྨོངས་པའི་ཡིད་འཕྲོག་ནས། །གཞུང་དོན་རྟོགས་པའི་བློ་གྲོས་རྒྱས། །ཞེས་པ་ལྟ་བུའོ། །༈ སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ནི། ཡབ་གཅིག་ཟུར་ཕུད་ལྔ་ལྡན་དང་། །རྒྱལ་ཡུམ་ཚངས་སྲས་ལྷ་མོ་ཡིས། །འཆད་རྩོད་རྩོམ་པའི་ཚུལ་རྣམས་ལ། །རྣམ་དཔྱོད་རྒྱས་པའི་ཤིས་པ་སྩོལ། །ཞེས་པ་ལྟ་བུའོ། །༈ སོ་བཞི་པ་རབ་སྦེལ་གྱི་རྒྱན་ནི། མཚན་དཔེའི་དཔལ་གྱིས་མཛེས་པའི་སྐུ། །ཚངས་པའི་དབྱངས་ལྟར་སྙན་པའི་གསུང་། །ཟབ་ཡངས་རྒྱ་མཚོའི་ཐུགས་མངའ་བ། །ཐུབ་དབང་གོའུ་ཏམ་ལས་གཞན་སུ། །ཞེས་པ་ལྟ་བུའོ། །༈ སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ནི། མེ་ལོང་ལྟ་བུའི་མེ་ལོང་མའི། །དགོངས་པ་འགྲེལ་པའི་དགོངས་གསལ་འདི། །གཞན་ཕན་ཆེད་དུ་གཞན་འདོད་ལྟར། །རང་གིས་ཤེས་ཙམ་རང་གིས་བྲིས། །ཞེས་པ་ལྟ་བུའོ། །དེ་ལྟར་དཔེར་བརྗོད་བགྱིས་པ་རྣམས་ནི་རྩ་བ་ནས་འབྱུང་བའི་གོ་རིམ་ལྟར་ཡིན་ཡང་། །དབྱེ་བ་དང་ས་བཅད་རེ་གཉིས་ལ་དབྱེ་བསྡུ་བྱས་ཤིང་། དཔེ་བརྗོད་རྣམས་འགྲེལ་པ་ནས་འབྱུང་བ་དང་བསྟུན་ནས་ཚིག་སྦྱོར་རང་བློར་གང་ཤར་གྱི་ཚུལ་དུ་གོ་བདེར་བཀོད་དེ། སྐབས་འདིར་རྩ་འགྲེལ་གཉིས་ལས་རང་བཞིན་གྱི་རྒྱན་ལྟ་བུ་མ་གཏོགས་རྒྱན་ཕལ་ཆེར་ལ་འཁྱོག་པོའི་རྒྱན་གྱི་ཐ་སྙད་མཛད་དེ། རབ་རྟོག་གི་རྒྱན་དང་བསྙོན་དོར་ལྟ་བུ་ནི་འཁྱོག་པོའི་རྒྱན་དངོས་སོ། །སྤྱིར་སྔོན་གྱི་སློབ་དཔོན་བྷ་ར་ཏ་དང་། རཱ་མ་ཡ་ན་དང་། གཞོན་ནུ་འབྱུང་བ་དང་། རཱ་མ་ཤ རྨ་སོགས་ཀྱིས་མཛད་པའི་སྙན་དངགས་ཀྱི་བསྟན་བ ཅོས་ཆེ་བ་དུ་མ་ཡོད་ཅིང་། སློབ་དཔོན་དཎྜིས་དེ་དག་ལས་བཏུས་ནས་བསྡུས་ཏེ་མེ་ལོང་མ་མཛད་དོ།། །།