འབྱུང་འཁྲུགས་འཆི་ཁའི་བར་དོའི་ངོ་སྤྲོད།
དེ་ལ་དང་པོ་འབྱུང་ཁྲུགས་འཆི་ཁའི་བར་དོ་གསལ་འདེབས་པ་འདི་ལ་སྤྱི་དང་བྱེ་བྲག་གི་ཚུལ་གཉིས་ཡོད་པའི་དང་པོ་སྤྱིར་ནི། ཞི་ཁྲོའི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་དེར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་འཆི་བ་ཡིན་པར་ཤེས་པར་བྱ༔ ཞེས་གསུངས་པ་ལྟར་རོ༔ གཉིས་པ་བྱེ་བྲག་ཏུ་ཕྱེས་ན། འོ་སྐོལ་སེམས་ཅན་འདིའི་འཆི་ལུགས་ལ་རྣམ་གྲངས་མང་དུ་ཡོད་ཀྱང་། མདོར་བསྡུས་ན་གཉིས་ཏེ་དུས་མ་ཡིན་པར་འཆི་བ་དང་། དུས་ལ་བབས་ཏེ་འཆི་བའོ། །དང་པོ་དུས་མ་ཡིན་པར་འཆི་བའི་རྐྱེན་གློ་བུར་དུ་བྱུང་བ་འགའ་ལ་ཐིམ་རིམ་སོགས་ངེས་པ་ཅན་ཞིག་ཡོང་མ་ཁོམ་པར་བཤད་པ་དང་། གཉིས་པ་དུས་ལ་བབས་ཏེ་འཆི་བ་ཚེ་དང་ལས་དང་བསོད་ནམས་གསུམ་ག་ཟད་པ་རྣམས་ལ་འབྱུང་བ་ལྔ་དང་། ཡུལ་ལྔའི་ཐིམ་ཚུལ། རླུང་ལྔའི་བྲོས་ཚུལ། སྣང་བའི་སྡུད་ཚུལ་སོགས་གོ་རིམ་ངེས་པ་ཅན་དུ་འབྱུང་ཞིང་། སྣང་མཆེད་ཐོབ་གསུམ་ཉེར་ཐོབ་དང་གཞིའི་འོད་གསལ་རྣམས་ཀྱང་རིམ་པར་འཆར་བར་གསུངས་པའི་ཚུལ་དེ་དག་གི་དོན་ཤེས་པར་བྱས་ནས་དང་པོ་དུས་མིན་གློ་བུར་དུ་འཆི་བ་དང་། ལམ་ལ་གོམས་འདྲིས་མེད་པའི་སོ་སོའི་སྐྱེ་བོ་རྣམས་ལ་བཙན་ཐབས་སུ་འཕོ་བ་གདབ་པ་གལ་ཆེ་སྟེ། ཨོ་རྒྱན་ཆེན་པོས། གང་ཞིག་རྟོག་པའི་ཡེ་ཤེས་ཆེ༔ ཚེ་འདིར་ཉམས་འོག་མ་ཆུད་ན༔ བཙན་ཐབས་འཕོ་བས་མཚམས་སྦྱོར་བྱ༔ དེས་ནི་འགྲུབ་འགྱུར་གདོན་མི་ཟ༔ ཞེས་གསུངས་པ་ལྟར་འཕོ་བ་ཐེབས་ངེས་པ་བྱས་ན་ཡུལ་དེ་ཉིད་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གསུངས་སོ། །གཉིས་པ་དུས་བབས་ཀྱིས་འཆི་བ་དང་། ལམ་བསྒོམས་ནས་གོམས་འདྲིས་ཡོད་པ་རྣམས་ལ་གདམས་པའི་གསལ་འདེབས་དང་ངོ་སྤྲོད་གལ་ཆེ་བ་ནི། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད་ལས། སྐྱེ་ཤི་གཉིས་ཀྱི་བར་དོ་རུ༔ ཆོས་སྐུའི་ངོ་སྤྲོད་མ་ཤེས་ན༔ མ་རིག་མུན་པ་སངས་སུ་མེད༔ སྒྲོན་མེ་མེད་པའི་མུན་ཁུང་འདྲ༔ ཞེས་གསུངས་པ་དེའི་དོན་ཞིབ་ཏུ་བཀྲོལ་ན། ཡེ་ཤེས་རོལ་བ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་མ་ཐག །རླུང་ནི་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་འདི་ཉིད་ནི། །འོད་གསལ་བར་དུ་འཇུག་པར་འགྱུར། །ཞེས་གསུངས་པ་འདི་ལ་ཚིག་གི་བརྗོད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། འོད་གསལ་རྫོགས་པ་ཆེན་པོའི་ལུགས་ཐུན་མོང་མ་ཡིན་པའི་ཚུལ་མདོར་བསྡུས་ཏེ་བཤད་ན། འབྱུང་བ་ལྔ་དང་ཡུལ་ལྔའི་ཐིམ་ཚུལ། རྟོག་པའི་འགགས་ལུགས། མི་རྟོག་ཡེ་ཤེས་ཀྱི་འཆར་ཚུལ། དེ་ངོས་ཟིན་ནས་གྲོལ་ཚུལ་དང་བཞི་ཡོད་པ་ལས། དང་པོ་འབྱུང་བ་ལྔ་དང་ཡུལ་ལྔའི་ཐིམ་ཚུལ་ནི། ཤའི་ཁམས་ས་ལ་༼ལྟེ་བ་ས་ཡི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཐིམ་པས་ལུས་ཀྱི་འགུལ་བསྐྱོད་དཀའ་ཞིང་ལྡང་མི་ནུས། གཟུགས་ཀྱི་ཁམས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་གསལ། ཁྲག་གི་ཁམས་ཆུ་ལ་༼སྙིང་ཁ་ཆུའི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཐིམ་པས་ཁ་ཆུ་དང་སྣ་ཆུ་རྣམས་ལུད་ཅིང་སྐམ། སྒྲའི་ཁམས་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཐོས་སྐད་འགགས། དྲོད་ཀྱི་ཁམས་མེ་ལ་༼མགྲིན་པ་མེའི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་དབུས་སུ་སྡུད། དྲིའི་ཁམས་རོ་ལ་ཐིམ་པས་སྣས་དྲི་མི་ཚོར་དྲིའི་ཚོར་བ་འགགས། དབུགས་ཀྱི་ཁམས་རླུང་ལ་༼རྒྱང་གནས་རླུང་གི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཐིམ་པས་དབུགས་ཁུག་པ་བཞི་དང་རྐྱང་བ་གཅིག་གིས་ཧ་འདོན། རོ་ཡི་ཁམས་རེག་ལ་ཐིམ་པས་ལྕེས་རོ་མྱོང་བའི་ཚོར་བ་འགགས། རླུང་གི་ཁམས་རྣམ་པར་ཤེས་པ་ལ་༼སྤྱི་བོར་ནམ་མཁའི་འཁོར་ལོ་ཞིག་དུས་༽ཐིམ་པས་རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩར་འདུས་ཏེ་ཁྲག་ཐིག་དང་པོར་བརྒྱབ་པས་མིག་སྐྱ་ལོག་གེ་འགྲོ། ཁྲག་ཐིག་གཉིས་བརྒྱབ་དུས་མགོ་ཁུག་པ་དང་ཧ་ཞེས་དབུགས་མདའ་གང་ཕྱིར་འགྲོ། ཁྲག་ཐིག་གསུམ་བརྒྱབ་དུས་ཨིག་ཅེས་ཟེར་ཞིང་དབུགས་ཁྲུ་གང་ཕྱིར་སོང་ནས་ཕྱི་དབུགས་ཆད་ཀྱང་ནང་དབུགས་མ་ཆད་པའི་བར་དེར་རིག་པ་སྙིང་གི་དཀྱིལ་དུ་ཁྲག་ཐིག་གིས་བརྒྱལ་ནས་དྲན་རྟོག་གང་ཡང་མེད་པར་འགྲོ། རེག་བྱའི་ཁམས་རྟོག་མེད་ཀྱི་ཆོས་ལ་ཐིམ་པས་ལུས་ཀྱིས་རེག་བྱ་མི་ཚོར་མདངས་ཉམས། བཟང་རྟོག་དང་ངན་རྟོག་གི་ཚོར་བ་དང་བྲལ། དེ་ནས་རྩ་མདུད་རྣམས་གྲོལ་བས་རྣམ་པར་ཤེས་པའི་ཁམས་ནམ་མཁའ་ལ་ཐིམ་པའི་སྐབས་འདིར། སྐད་ཅིག་བཞི་ལ་སྟོང་གཞིའམ། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེར་ཐོབ་བཞིའི་འོད་གསལ་རྣམ་པ་བཞི་འཆར་ཏེ། འདི་ལ་བླ་མ་འགའ་ཞིག་གིས་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པ་དང་། སྣང་བ་མཆེད་པ། མཆེད་པ་ཐོབ་པ། ཐོབ་པ་ཉེར་ཐོབ་ལ་ཐིམ་པར་བཤད་པས། རྩ་དབུ་མའི་སྤྱི་བོར་ཕ་ལས་ཐོབ་པའི་སྲོག་འཛིན་གྱི་བྱང་སེམས་དཀར་ཆ་ཧཾ་ཡིག་གི་དབྱིབས་ཅན། རྐྱང་མའི་ནུས་པས་བཟུང་བ་དེ་ཐུར་དུ་བབ་པས་སྟོང་མའི་སྣང་བའི་འོད་གསལ་ཞེས་དཀར་ལམ་གྱི་སྣང་བ་ཤར་བའི་ཚེ་ཞེ་སྡང་ལས་གྱུར་བའི་རྟོག་པ་སུམ་ཅུ་སོ་གསུམ་འགགས། དབུ་མའི་མར་སྣར་མ་ལས་ཐོབ་པའི་མཉམ་གནས་ཀྱི་དྭངས་མ་རཀྟ་ཨ་ཐུང་གི་དབྱིབས་ཅན་རོ་མའི་ནུས་པ་བཟུང་བ་གྱེན་དུ་ལོག་པའི་སྟོང་ཆེན་མ་མཆེད་པའི་འོད་གསལ་ཞེས་དམར་ལམ་གྱི་སྣང་བ་ཤར་བའི་ཚེ། འདོད་ཆགས་ལས་གྱུར་བའི་རྟོག་པ་བཞི་བཅུ་འགགས། དེ་གཉིས་ཀྱི་བར་དུ་རྣམ་པར་ཤེས་པ་གྱད་སྟོབས་ཅན་གྱིས་སེ་གོལ་ལན་བདུན་གཏོགས་པའི་ཡུད་ཙམ་ཞིག་འཐུམ་ནས་ཤིན་ཏུ་སྟོང་པའམ། ཐོབ་པའི་འོད་གསལ་ཞེས་ནག་ལམ་པའི་སྣང་བ་ཤར་བའི་ཚེ། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། དེའི་མཐར་ཀུན་རྟོག་བརྒྱད་ཅུའི་དྲི་མ་དང་བྲལ་བས་ཐམས་ཅད་སྟོང་པའམ། ཉེ་བར་ཐོབ་པའི་འོད་གསལ་ཞེས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་བྲལ་གྱི་ཏིང་ངེ་འཛིན་འཆར་བར་འགྱུར་རོ། །འདིའི་དུས་སུ་ལམ་ཞུགས་ཀྱི་རྣལ་འབྱོར་བ་དབང་པོ་འབྲིང་གི་རབ་འཆི་ཁ་བར་དོར་གྲོལ་རྒྱུའི་རིགས་ཅན་ཡིན་ན། དབང་པོའི་རིམ་པ་ལྟར་གྲོལ་ཚུལ་རབ་འབྲིང་ཐ་མ་གསུམ་ཡོད་པའི་འབྲིང་གི་རབ་ཀྱི་རབ་རྣམས་ནི་སྙིང་སྡུག་གི་མཛའ་བོ་མཐོང་བ་ལྟར་དགའ་སྤྲོ་དང་བཅས་ཏེ་གྲོལ་བ་དང་། འབྲིང་གི་རབ་ཀྱི་འབྲིང་རྣམས་ནི་མེ་ལོང་ལ་རང་གི་བྱད་གསལ་བ་མཐོང་བ་ངོས་ཟིན་པ་ལྟར་རང་སྣང་དུ་ངོ་ཤེས་ནས་གྲོལ་བར་འགྱུར་བས། དེ་དག་གི་ཚུལ་ཡང་། སྔར་གྱི་དུས་བཞི་ནང་གསལ་ངོ་བོ་ཀ་དག་ཁྲེགས་ཆོད་གནས་ལུགས་ཀྱི་ལྟ་བ་ཟབ་མོ་ཉམས་སུ་བླངས་ནས་གོམས་འདྲིས་སོགས་ཡོད་ན། སྔར་གོམས་པའི་མྱོང་བའི་གཞི་ལ་གནས་པའི་འོད་གསལ་མ་ལྟ་བུ་དང་། ཕྱིས་བར་དོའི་འོད་གསལ་བུ་ལྟ་བུ་གཉིས་འོད་གསལ་མ་བུ་འདྲེས་ནས་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འགྲོ་བར་འགྱུར་ཏེ། དེའི་ཚུལ་ནི་ཆགས་མེད་རིན་པོ་ཆེས། ངོ་བོ་རྗེན་པར་རྟོགས་པ་དེ། །རྒྱུན་དུ་མ་ཡེངས་སྐྱོང་ནུས་ན། །ཕྱི་དབུགས་ཆད་ནས་ནང་དབུགས་གནས། །གཞི་ཡི་འོད་གསལ་ཤར་བའི་ཚེ། །ཆུ་ཉིད་ལ་ནི་ཆུ་བཞག་ལྟར། །ཉམས་ལེན་ཟིན་ན་དེའི་ཐོག་ཏུ། །ཞག་བདུན་ལ་སོགས་གནས་པ་ནི། །འཆི་བ་ཆོས་སྐུར་སངས་རྒྱས་ཏེ། །བར་དོའི་སྣང་བ་དེ་ལས་མེད། །ཡར་གྱི་ཟང་ཐལ་ཡིན་པར་གསུངས། །ཞེས་དང་། གཞན་ཡང་དུས་འཁོར་རྩ་རྒྱུད་ལས། འོད་གསལ་དེ་ལ་སེམས་ཟིན་ན། །ཉོན་མོངས་དགྲ་ཡི་དཔུང་རྣམས་འཇོམས། །འོད་གསལ་བ་ལ་རྒྱུན་དུ་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་གསུངས་པ་ལྟར། འཆི་བ་འོད་གསལ་ཆོས་ཀྱི་སྐུར་འཚང་རྒྱ་བ་ཡིན་ནོ། །འབྲིང་གི་རབ་ཀྱི་ཐ་མ་ལས་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ་ནི། འཆི་ཁའི་དུས་སུ་བླ་མ་འམ། མཆེད་གྲོགས་དམ་ཚིག་དང་ལྡན་པས་འཆི་ཁ་བར་དོ་དང་། ཆོས་ཉིད་བར་དོའི་གདམས་པ་བསྟན་ནས། དེས་གྲོལ་བའམ། ཡང་ན་འཕོ་བའི་གདམས་པ་ཟབ་མོ་བཏབ་པས་གྲོལ་བར་འགྱུར་བ་ཡིན་པས་དེ་དག་གི་དོན་རྣམས་མ་ནོར་བར་ཤེས་པར་གྱིས་ཤིག #div4 ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོའི་ངོ་སྤྲོད།
གཉིས་པ་ཆོས་ཉིད་བར་དོ་ནི། ཀྱེ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ། ཁྱོད་མ་ཡེངས་པར་ལེགས་པར་ཉོན་ཅིག གོང་གི་འཆི་ཁ་བར་དོའི་སྐབས་ཀྱི་འབྱུང་བ་ལྔ་དང་ཡུལ་ལྔའི་ཐིམ་ཚུལ། རྟོག་པའི་འགགས་ལུགས། མི་རྟོག་ཡེ་ཤེས་ཀྱི་འཆར་ཚུལ་རྣམས་ངོས་མ་ཟིན་ན། འོད་གསལ་འོད་གསལ་དུ་ངོ་མ་ཤེས་པའི་སྐྱོན་གྱིས་སླར་ཡང་གཏི་མུག་གི་རྟོག་པ་བདུན་པོ་བསླངས་ནས་ཉེར་ཐོབ་མུན་པ་ལྟ་བུ་འཆར། དེ་བཞིན་དུ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་བསླངས་ནས་མཆེད་པ་ཉི་འོད་ལྟ་བུ་དང་། ཞེ་སྡང་གི་རྟོག་པ་སོ་གསུམ་བསླངས་ནས། སྣང་བ་ཟླ་འོད་ལྟ་བུ་འཆར། དེ་ནས་ཁྱབ་བྱེད་རླུང་གི་རྣམ་པར་ཤེས་པའི་ཕུང་པོ་སྒོ་དགུ་པོ་གང་རུང་ནས་མེ་སྟག་ཡར་བ་ལྟར་ཕྱིར་ཐོན་པ་ཆོས་ཉིད་བར་དོ་ཡིན། དྲན་མེད་དུ་བརྒྱལ་ནས་རླུང་བར་སྣང་ལ་བུན་གྱིས་ཡལ། ལུས་གདོས་བཅས་སུ་ལིང་གིས་སོང་། རྣམ་པར་ཤེས་པ་མེ་སྟག་ཡར་བ་ལྟར་གྱུར་བ་སྒོ་དགུ་གང་རུང་ནས་ཕྱིར་ཐོན་ཏེ་སྒོ་གསུམ་གྱེས་པའི་ཚེ། དུས་མ་འགྱུར་སྣང་བ་འགྱུར་བའི་སྐབས་ཡིན་པས་ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། ཉི་མ་ཟླ་བ་ལ་སོགས་འཇིག་རྟེན་ཚེ་འདིའི་སྣང་བ་ཐམས་ཅད་ནི་ནུབ། དབུགས་ཕྱི་ནང་གི་འགྲུལ་ཐག་ནི་ཆད། རང་གི་དབང་པོ་རྣམས་ཀྱི་ཆ་ལ་དངོས་པོར་སྣང་བ་ནི་མེད། ཡོད་སྙམ་པའི་ཤེས་པ་ཅུང་ཟད་ནི་འབྱུང་། གདོས་བྱས་ཀྱི་ལུས་དངོས་མི་སྣང་བར། རང་ཉིད་འོད་ལུས་སུ་གནས་པའི་མདངས་མིག་གཉིས་ནས་འོད་ཀྱི་ཟེར་དུང་གི་ཐག་པ་བརྐྱང་བ་ལྟ་བུ་ཕྱིར་ཤར་བ་ལ་བརྟེན་ནས་དག་པའི་ཡེ་ཤེས་ལྷུན་གྲུབ་ཆོས་ཉིད་འོད་གསལ་གྱི་བར་དོ་ཞེས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་བ་ཡིན། ཞི་ཁྲོའི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་དངངས་སྐྲག་འཇིགས་སྣང་སྤངས་ བྱས་ནས༔ གང་ཤར་རང་སྣང་རིག་པ ་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུག་པའི་དུས་གཅིག་འོང༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཅེས་གསུངས་པའི་རང་སྣང་ཆོས་ཉིད་ཀྱི་བར་དོ་ནས་འཆར་སྒོ་སྣ་ཚོགས་འོང་བ་འདིའི་སྣང་ལུགས་ལ་རྣམ་པ་བཞི་སྟེ། གཞི་སྣང་འོད་གསལ་གྱི་སྣང་བ་དང་། ཟུང་འཇུག་ཚོམ་བུའི་སྣང་བ་དང་། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་དང་། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་དང་བཞི་ཡོད་པ་ལས། དང་པོ་གཞི་སྣང་འོད་གསལ་གྱི་སྣང་བ་དང་། གཉིས་པ་ཟུང་འཇུག་ཚོམ་བུའི་སྣང་བ་དང་གཉིས་དོན་གཅིག་ཡིན་ཏེ། ཚོམ་བུའི་སྣང་བའི་འཆར་གཞི་ནི་ནང་གསལ་ངོ་བོ་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་འོད་གསལ་ཆོས་སྐུ་དེ་ཡིན་ལ། དེ་འཆར་བའི་ཚོམ་བུ་ནི་ཕྱི་གསལ་རང་བཞིན་ལྷུན་གྲུབ་ཐོད་རྒལ་གྱི་ཡེ་ཤེས་ཡིན་པས། དེ་གཉིས་ཟུང་དུ་འཇུག་དེ་འཆར་བས་ཟུང་འཇུག་ཅེས་པའི་སྒྲ་དོན་ཡང་དེ་ཡིན་ནོ། །ཡང་སེམས་ཉིད་སྟོང་པའི་ཆ་ལས་ངོ་བོ་ཀ་དག་ཆོས་སྐུའི་འོད་གསལ་བཞི་གོང་དུ་སོང་ནས། སྣང་བའི་ཆ་ལས་རང་བཞིན་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ལྔ་པ་སྐབས་འདིར་གཞི་སྣང་འོད་གསལ་གྱི་སྣང་བ་རུ་འཆར་བ་ཡིན། །ཇི་ལྟར་འཆར་བའི་ཚུལ་ནི་ཉེར་ཐོབ་ཀྱི་ཡེ་ཤེས་སྐད་ཅིག་བཞི་བའི་རྗེས་དེ་ཉིད་ལ་འཆར་ཏེ། གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས། ལྔ་པ་སྤྲིན་མེད་ནམ་མཁའ་ལ། །མི་རྟོག་ཡེ་ཤེས་མཐའ་དབུས་མེད། །ཅེས་གསུངས་པའི་དང་པོ། ནམ་མཁའ་འོད་གསལ་ལ་ཐིམ་པའམ། ཉེར་ཐོབ་ཀྱི་ཡེ་ཤེས་འོད་གསལ་ལ་ཐིམ་པའི་ཚེ། གཞི་སྣང་འོད་གསལ་གྱི་སྣང་བའམ་ནང་ཆོས་ཉིད་རང་གསལ་གྱི་ཞིང་ཁམས་རྣམ་པར་དག་པ་ཞེས་བྱ་བ་སྣང་བ་ཐམས་ཅད་འོད་ལྔའི་སྣང་བ་རང་ས་ན་གསལ་བ་ལ་ཟེར་ཕྲོམ་འཕྲོ་བ་དང་བཅས་མེ་རེ་རེ་འཆར་བ། དཔེར་ན་སྟོན་ཁ་ནམ་མཁའ་སྤྲིན་མེད་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་ལྟ་བུ་གསལ་ལ་མི་རྟོག་པའི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་མཐའ་དང་མུ་ལས་འདས་པར་སྣང་བ་དེ་ནི། ཡེ་ཤེས་ཀྱི་འཆར་གཞི་སྔར་གྱི་འོད་གསལ་ཆོས་སྐུ་དེ་ཡིན་ལ། དེ་ཉིད་སྟོང་པའི་ངོ་བོ་ནི་ཡུམ་ཀུན་ཏུ་བཟང་མོ། གསལ་བའི་ཆ་ནི་སྟོན་པ་ཤེས་རིག་གི་རྒྱལ་པོ་འོད་མི་འགྱུར་བ་ཡིན་པས། དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་རང་སྣང་དུ་ངོས་བཟུང་སྟེ། རང་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །ངོ་ཤེས་ན་དེ་མ་ཐག་ཏུ་གྲོལ་ཞིང་འདི་མན་ཆད་ཀྱི་བར་དོའི་འཁྲུལ་སྣང་རྣམས་མི་འཆར། ངོ་མ་ཤེས་ན་རང་སྣང་དགྲར་སྡང་བས་ཡང་ནས་ཡང་དུ་འཁྲུལ་ཏེ་དངངས་སྐྲག་འཇིགས་གསུམ་གྱི་སྣང་བ་ཤར་ནས་བར་དོ་ཕྱི་མ་རྣམས་ཀྱི་སྡུག་བསྔལ་འབྱུང་བ་ཡིན། དེའི་དུས་སུ་སྔར་ཀ་དག་ཁྲེགས་ཆོད་དང་། ཁྱད་པར་ལྷུན་འགྲུབ་ཐོད་རྒལ་གྱི་ལམ་ལ་ཞུགས་པའི་གང་ཟག་དབང་པོ་འབྲིང་གི་འབྲིང་པོ་ཆོས་ཉིད་བར་དོར་གྲོལ་རྒྱུའི་རིགས་ཅན་ཡིན་ན། དེ་ལའང་། དབང་པོའི་རིམ་པ་ལྟར་གྲོལ་ལུགས་རབ་འབྲིང་ཐ་མ་གསུམ་ཡོད་པས། དེ་ཡང་བདག་རྐྱེན་གྱིས་རང་སྣང་དུ་ངོ་ཤེས་པ་དང་། གཞན་སྟོབས་ཀྱིས་གདམས་ངག་གསལ་བཏབ་པས་དེ་ཉིད་ངོ་འཕྲོད་པ་བྱུང་ན། འབྲིང་གི་རབ་རྣམས་སྤྱི་གཞི་སྣང་འོད་གསལ་གྱི་སྣང་བ་ཤར་བ་རང་སྣང་སྟོང་པའི་རང་མདངས་སུ་ངོ་ཤེས་པས་བུམ་པ་ཆག་པའི་ནང་གི་ནམ་མཁའ་དང་དབྱེར་མེད་གཅིག་ཏུ་འདྲེས་པ་ལྟར་དབྱིངས་རིག་མ་བུ་འདྲེས་ནས། གྲོལ་བ་ཐོབ་པར་འགྱུར་བ་ཡིན་པས་དེའི་དོན་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །གྲོལ་བའི་དུས་དེ་ལས་འདས་ན། གཉིས་པ་འོད་གསལ་ཟུང་འཇུག་ལ་ཐིམ་པའི་ཚེ། ཟུང་འཇུག་ཚོམ་བུའི་སྣང་བ་ཞེས་ཞི་ཁྲོའི་ལྷ་ཚོགས་སྒྲ་འོད་ཟེར་གསུམ་དང་བཅས་པ་དབང་པོའི་རིམ་པ་ལྟར་འཆར་ལུགས་གཉིས་སུ་འཆར་བར་གསུངས་པས། དེའི་ཚུལ་ནི། གང་ཟག་དབང་པོ་འབྲིང་གི་འབྲིང་རྣམས་ལ་ཁྲོ་བོ་གཙོ་བོར་གྱུར་བའི་ཞི་ཁྲོའི་ལྷ་ཚོགས་ཡོངས་རྫོགས་སྒྲ་འོད་ཟེར་གསུམ་དང་བཅས་པ་ཅིག་ཆར་དུ་དུས་གཅིག་ལ་འཆར་བའི་ཚེ་རང་སྣང་སྟོང་བའི་རང་གཟུགས་བདེན་མེད་སྒྱུ་མ་ལྟ་བུར་ངོ་ཤེས་པས་སེང་གེའི་གསོབ་མཐོང་བའམ། ལམ་འཕྲང་གི་དགྲ་རང་གི་གྲོགས་སུ་ཤེས་པས་འཇིགས་པ་མེད་པ་ལྟར་རང་སྣང་དུ་ངོ་ཤེས་ན། གྲོལ་བ་ཐོབ་པར་འགྱུར་བ་ཡིན་པས་དེ་དག་གི་དོན་ངེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །འབྲིང་གི་ཐ་མ་རྣམས་ལ། འབྲས་ཀྱི་ལྗང་བུ་ལྟར་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་སོགས་ཞི་ཁྲོའི་ལྷ་ཚོགས་རྣམས་ཞག་རེ་རེ་བཞིན་དུ་རིམ་པ་ལྟར་འཆར་ནས་འོང་བ་རྣམས་ངོས་ཟིན་ན་གྲོལ་བར་གསུངས་པ་དེའི་ཚུལ་ནི། གོང་དུ་བཤད་པའི་གཞི་རིག་པའི་ངོ་བོ་དེ་ཉིད་ཀྱི་རང་རྩལ་ལས། ཕྲ་བ་ཡེ་ཤེས་ཀྱི་རླུང་ལྔའི་བྱེད་ལས་ཀྱི་འོད་ལྔ་བྱུང་སྟེ། དེ་ཡང་ཁྱབ་བྱ་གཉུག་མའི་ཕུང་པོ་ལྔ་ལ། ཁྱབ་བྱེད་སངས་རྒྱས་ཀྱི་རིགས་དང་། སྐུ་དང་ཞིང་ཁམས་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ཡང་ཞག་དང་པོ་ལ། སྟོན་ཁའི་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་འོད་མཐིང་ཁའི་གུར་ཁྱིམ་དུ་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེ་བཞིན་དུ་ཞག་ལྷག་མ་བཞི་ལ་འོད་དཀར་པོའི་གུར་ཁྱིམ་དུ་མི་བསྐྱོད་པ། སེར་པོ་ལ་རིན་ཆེན་འབྱུང་ལྡན། དམར་པོ་ལ་སྣང་བ་མཐའ་ཡས། ལྗང་གུ་ལ་དོན་ཡོད་གྲུབ་པ་རྣམས་དེ་ཐམས་ཅད་རང་རང་གི་སེམས་དཔའ་སེམས་མས་བསྐོར་བ་དང་། དེ་བཞིན་དུ་སྤྲུལ་སྐུ་ཐུབ་པ་དྲུག སྒོ་བ་སྒོ་མ་བྱ་བྱེད་གཉིས་དང་བཅས་པའི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་རིམ་པ་བཞིན་དུ་འཆར་ནས་འོང་ངོ་། །དེ་དག་ཀྱང་སྙིང་ནང་གི་གདངས་ལས་ཕྱིར་ཤར་བའི་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུས་དེར་སྣང་བ་ཡིན་པས་རང་སྣང་དུ་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ནས་ཞི་བའི་ལྷ་དེ་རྣམས་ཀྱི་རང་རྩལ་ཆོ་འཕྲུལ་ལས། མདུན་གྱི་ནམ་མཁར་དག་པ་རིག་འཛིན་གྱི་ལྷ་ཚོགས་དང་ཁྲག་འཐུང་འབར་བའི་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་སྒྲ་འོད་ཟེར་གསུམ་དང་བཅས་པ་ཡང་། རིམ་པ་ལྟར་འཆར་ཏེ་སྒྲ་ནི་འབྱུང་བའི་རང་སྒྲ་ལྡིར་ཆེ་བ་འབྲུག་སྟོང་དུས་གཅིག་ལ་གྲགས་པའམ། རི་རབ་འབུམ་ཉིལ་བ་ལྟ་བུའི་འུར་སྒྲ་དང་ཐུག་ཆོམ། འོད་ནི་རིག་པའི་རང་གདངས་ཁ་དོག་སྣ་ལྔ་གསལ་ལ་འཚེར་བ་དང་། འོད་ཀྱི་གསེབ་ན་ཟེར་ཕྲ་མོ་སོས་ཀའི་ཐང་ལ་སྨིག་རྒྱུ་འགྱུ་བ་ལྟར་ཕྲིག་ཕྲིག་པ་མེ་རེ་རེ་འཆར་རོ། །དེའི་ཀློང་ན་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱང་། སྐུ་ཆེ་བ་ནམ་མཁའ་དང་མཉམ་པ། འབྲིང་བ་རི་རབ་ཙམ་ཆུང་བ་རང་ལུས་བཅོ་བརྒྱད་བརྩེགས་པ་ཙམ་ཡོད་པ་བལྟར་མི་བཟོད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་འཆར་ནས་འོང་བ་དེ་དག་རྣམས་ཀྱང་རང་སེམས་ཀྱི་སྣང་བརྙན་ཕྱི་རོལ་དུ་འཆར་བ་ཡིན་པས་མ་འཇིགས་མ་དངངས་མ་སྐྲག་པར། སྔར་ཁྱོད་སྐྱེ་གནས་བར་དོ་ན་ཡོད་དུས་བླ་མ་རྣམས་ཀྱིས་ཞི་ཁྲོའི་དབང་བསྐུར་བའི་ཚེ་ལྷ་ངོ་སྤྲད་པའི་ཡི་དམ་གྱི་ལྷ་དེ་རྣམས་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག འདི་དག་གི་དུས་སུ་འཇུག་གྲོལ་མཐར་ཕྱིན་གསུམ་གྱི་གདམས་པའི་གནད་དྲན་དགོས་པ་ནི། ཨོ་རྒྱན་པདྨའི་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་ལས། འཇུག་དང་གྲོལ་དང་མཐར་ཕྱིན་ཞེས་བྱ་བས༔ དུས་གསུམ་གནད་ཀྱི་གདམས་པ་དྲན་བྱས་པའི༔ ཆོས་ཉིད་མར་ཐིམ་མ་པང་བུ་རྒྱུག་འདྲ༔ དེ་དག་དབང་འབྲིང་ལོངས་སྐུར་གྲོལ་བྱེད་ལམ༔ ཞེས་གསུངས་པའི་གནད་གསུམ་གྱི་ནང་ནས་འཇུག །ཤེས་པའི་གནད་འདི་ལ་གཉིས་ཏེ། དང་པོ་རང་གི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་སྦྲེལ་མ་ལྟ་བུ་ལྷ་རྣམས་ཀྱི་ཐུགས་ཀར་ཟུག་པ་ནི་རིག་པ་འོད་ལ་ཕར་འཇུག་པའི་གནད་ཅེས་བྱ་བ་ཡིན་པས་འདིའི་དུས་སུ་ཐེ་ཚོམ་མེད་པར་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟར་སྔར་གྱི་དོན་རྣམས་ངོས་ཟིན་པར་གྱིས་ལ་ཤེས་པ་གང་དུའང་མི་འཕྲོ་བར་རང་བཞིན་གྱི་བསམ་གཏན་ལ་གནས་པར་གྱིས་ཤིག །དེར་ལྷ་གང་དུ་ངོ་ཤེས་ཀྱང་དེར་གྲོལ་བ་ཐོབ་པ་ཡིན། གྲོལ་བ་དེ་ཐོབ་ནས་སླར་ཚོམ་བུའི་དཀྱིལ་འཁོར་རྣམས་ཚུར་འདུས་ནས་རང་གི་སྙིང་ཀར་ཐིམ་པར་འགྱུར་བས་དེ་འོད་རིག་པ་ལ་ཚུར་འཇུག་པའི་གནད་ཅེས་བྱ་བ་ཡིན་པས་འདིའི་དུས་སུ་མ་པང་དུ་བུ་འཇུག་ལྟ་བུའི་གདམས་ངག་དྲན་པར་གྱིས་དང་། དེས་སྔར་གོམས་པའི་གདོད་མའི་འོད་གསལ་མ་ལྟ་བུ་དང་། ཕྱིས་ཤར་བའི་རང་བྱུང་གི་འོད་གསལ་བུ་ལྟ་བུ་གཉིས་འོད་གསལ་མ་བུ་འདྲེས་ནས་གྲོལ་བ་ཐོབ་པར་འགྱུར་བ་ཡིན་པས་དེའི་དོན་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག འཇུག་པའི་དུས་འདིར་བསམ་གཏན་གྱི་ཞག་ལྔར་གནས། ཞག་དེ་ཡང་ད་ལྟའི་ཉིན་ཞག་གི་ངེས་པ་འདི་ཉིད་མ་ཡིན། བསམ་གཏན་གྱི་ཞག་ཡིན་པས་དེའི་ཚུལ་ནི་རང་ཉིད་ལ་སྔར་གསོན་པོའི་དུས་སུ་གནས་པ་ཏིང་ངེ་འཛིན་གྱིས་ཡུལ་སྣང་བ་རྟོག་པ་སྔ་མ་འགགས། ཕྱི་མ་མ་ཤར་བའི་བར་ཅི་ཙམ་གནས་པའི་ཐུན་ཚོད་དེ་ལ་བསམ་གཏན་གྱི་ཞག་ཅེས་མིང་བཏགས་པས། སྔར་གསོན་དུས་བསམ་གཏན་ལ་གོམས་འདྲིས་ཆེན་པོ་ཡོད་པ་རྣམས་ལ་ཡུན་རིང་དུ་འཆར་བས་སྐབས་འདིར་རང་ངོ་ཤེས་པ་དང་གྲོལ་བ་ཐོབ་པ། དུས་མཉམ་དུ་འོང་བར་འགྱུར་བ་ཡིན། གོམས་འདྲིས་ཆེར་མེད་ན་ཡུད་ཙམ་རེ་ལས་མི་བརྟན་པས་ངོ་མ་ཤེས་ན་བར་དོ་ཕྱི་མ་རྣམས་འཆར་བར་འགྱུར་བ་ཡིན་པས་དེའི་ཕྱིར་འཇུག་པ་རྣམས་ཤེས་པའི་གནད་གཉིས་པོ་དེ་ཡང་། ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག གྲོལ་བའི་དུས་དེ་ལས་འདས་ན། གསུམ་པ་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་ཚེ། ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་སྟེ། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་སྟེང་དུ་འོད་ཟླུམ་རྨ་བྱའི་གདུགས་ལྟ་བུ་དང་བཅས་པ་འཆར་བ་ནི་རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ཞེས་བྱ་བ་སྟེ། དེ་ཡང་རང་རིག་གི་རྩལ་སྣང་ཕྱི་རོལ་དུ་ཤར་བ་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག འདིའི་དུས་སུ་གནད་གསུམ་ལས་གྲོལ་བ་ལུས་ཀྱི་གནད་ཅེས་བྱ་བ་སྣང་བ་དེ་ཀུན་རང་སྣང་ཡིན་པར་ཐག་ཆོད་ན་ཕུང་པོ་ལྔའི་བདག་ཏུ་འཛིན་པ་རང་སར་དེངས་ཏེ་ལུས་གདོས་བྱས་དང་བྲལ་བའི་འོད་ལུས་སུ་གྲོལ། རིག་པ་དྲི་མ་མེད་པ་ཉོན་མོངས་པ་ལས་གྲོལ། དེ་ལས་ཕྱི་ནང་མེད་པའི་གཟུང་འཛིན་ལས་གྲོལ་བས་དེ་གསུམ་ནི་གྲོལ་བ་གསུམ་ཞེས་བྱ་བ་དེ་ཡིན་པས། སྐབས་འདིར་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དགོས་པས་དེ་དྲན་ནས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ༼དེ་ཡང་སྙིང་ནང་དུ་ཆུ་ཞུགས་པ་གསེར་གྱི་ཐུར་མས་ཡིད་གཞུངས་ཏེ་འདྲེན་པ་ལྟར་འོད་སྣང་གི་སྣམ་བུ་ལ་མ་ཡེངས་པར། རང་སྣང་དུ་ཤེས་ནས་བལྟ་བ་རྒྱུན་གྱི་ཏིང་ངེ་འཛིན་སྐྱེའོ། །༽བཞི་བ་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པའི་ཚེ་ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་ལ་འདུས་ནས་ལྷུན་འགྲུབ་སྐུ་གསུམ་གྱི་རོལ་བར་འཆར་བས་ཆོས་སྐུ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལ་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་ལྟ་བུ་ལ། དག་པ་ལོངས་སྐུ་དང་། སྤྲུལ་སྐུའི་ཞིང་ཁམས་དང་དཀྱིལ་འཁོར། མ་དག་པ་འགྲོ་དྲུག་གི་སྣང་བ་སྣ་ཚོགས་སྐད་ཅིག་ལ་འཆར་བས། འདིའི་དུས་སུ་ཤར་ལུགས་དྲུག་སྒོ་གཉིས་དང་བརྒྱད་ལ། ལྷུན་གྲུབ་ཀྱི་སྣང་བའི་འཆར་ལུགས་བརྒྱད་དུ་གསུངས་པས། སྐབས་འདིར་གནད་ལུགས་གསུམ་ལས་མཐར་ཕྱིན་པ་ངོ་ཤེས་པའི་གནད་འདིར་དགོས་པས་ངོ་ཤེས་ན་དབྱིངས་སུ་གྲོལ། མ་ཤེས་ན་འཁོར་བར་འཁྱམས་པའི་ལམ་ཁ་བྲག་ལྟ་བུ་ཡིན་པས། ཁྱོད་རང་གི་རང་སྣང་གི་འཆར་ཚུལ་འདི་རྣམས་ངོས་ཟིན་པར་གྱིས་ལ། འདི་ནས་གཞན་དུ་མ་ཡེངས་མ་འཁྲུལ་བར་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་༼ཕྱིར་མི་ལྡོག་པ་གྱད་རྩལ་བོ་ཆེས་མདའ་འཕང་བའི་མངལ་ནས་སྐྱེས་པའི་བུ་ལྟར་༽འཕང་བ་ལྟ་བུའི་གདམས་ངག་གི་དོན་དྲན་ནས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །ངོ་ཤེས་ན་འདིའི་དུས་སུ་ཁྱོད་ལ་དབང་པོ་ལ་སོགས་པ་མངོན་པར་ཤེས་པ་དྲུག་གམ་རྒྱས་པར་དབྱེ་ན་རེ་རེ་ལ་དྲུག་ཚན་དྲུག སྐུ་གསུང་ཐུགས་ཀྱི་མངོན་པར་ཤེས་པ་གསུམ་ཚན་གསུམ་རྣམས་རྗེས་སུ་དྲན་པ་གསུམ་ལ་བརྟེན་ནས། ལྷུན་གྲུབ་ཏུ་ངོ་ཤེས་ནས་གདེང་ཐོབ་པའི་ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད། རང་རིག་གི་ཀློང་དུ་ཐིམ་ལུགས་བརྒྱད་དུ་ཐིམ་པའི་མངོན་པར་ཤེས་པ་རྣམས་དང་མི་བརྗེད་པའི་གཟུངས་དང་། ཏིང་ངེ་འཛིན་རྣམས་ཐོབ་པས་སྔར་ཐོབ་པའི་ཆོས་རྣམས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར། དེ་བཞིན་དུ་མ་ཐོས་པའི་ཆོས་རྣམས་ཀྱང་རྒྱུད་ལ་འཆར་བར་འགྱུར་བའི་ཆོས་ཉིད་ཀྱི་བར་དོ་ཞེས་བགྱི་བ་རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་འཆར་བའི་ནང་གསལ་འཕོ་འགྱུར་མེད་པ་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཞེས་ཁྱོད་ཀྱི་མཐར་ཐུག་འབྲས་བུའི་གྲོལ་པ་འདི་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ༼དེ་ལྟར་ཆོས་ཉིད་བར་དོའི་སྣང་བ་བཞི་པོ་དེ་དག་གང་དུ་གྲོལ་ཡང་དེ་མན་ཆད་ཀྱི་སྣང་བ་ནི་མེད་དོ། །དེ་ཡང་དབང་པོ་གསུམ་གྱི་རབ་སྐད་ཅིག་གསུམ་ལ་གྲོལ། འབྲིང་ཞག་ལྔ་ནས་གྲོལ་ཞིང་བརྟན་པ་ཐོབ། ཐ་མ་སྐད་ཅིག་ཉི་ཤུ་རྩ་གཅིག་ལ་བརྟན་པ་ཐོབ་ངེས་པ་ཡིན་ནོ། །