འཇམ་དཔལ་ནཱ་ག་རཀཱའི་དབང་།
འཇམ་དཔལ་ནཱ་ག་རཀཱའི་དབང་ཞེས་བྱ་བ་བཞུགས་སོ༔
ན་མོ་མཉྫ་ཤྲཱི་ཛྙཱ་ན་སཏཱ་ཡེ༔ འཇམ་དཔལ་ནཱ་ག་རཀཱའི་མགྱོགས་དབང་བྲི༔ རྩ་གསུམ་ལྷ་ཡིས་བཀའ་གནང་བྱིན་གྱིས་རློབས༔ ཚོམ་བུ་བཀོད་སྟེང་དབང་གཏོར་དཀར་གཏོར་ལ༔ སྦྲུལ་ནག་མགོ་དགུའི་གཟུགས་ཀྱིས་དཀྲིས་པ་བཤམ༔ དེ་ལ་མེ་ཏོག་ནོར་བུའི་དཀར་རྒྱན་བྱ༔ ཡང་ན་ཙཀླི་འཛུགས་ཀྱང་ཆོག་པ་ཡིན༔ བུམ་རྫ་ས་གླ་རྩི་མ་འདྲེས་བུམ་པ་བཤམ༔ བླ་མ་འཇམ་པའི་དབྱངས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་ཀླུ་གཉན་ནད་ལས་ཐར་བར་བྱ༔ ཨེ༔ བདག་མདུན་གཏོར་མའི་རྩེ་དང་བུམ་པའི་ནང་༔ ཕྱོགས་མདོག་སྦྲུལ་གྱི་གུར་ནང་རྒྱ་མཚོའི་དབུས༔ གཞལ་ཡས་ཁང་དབུས་ཀླུ་འབུམ་གཉན་ཁྲིའི་སྟེང་༔ ཕེ་ཡིག་ཡོངས་གྱུར་ཀླུ་སྲིན་ཧ་ལའི་མདོག༔ རི་
རབ་རྒྱབ་གཏད་རྒྱ་མཚོར་སྦྲུལ་མཇུག་འཁྱིལ༔ རྩ་ཞལ་སྲིན་པོའི་ཞལ་བརྒྱད་སྦྲུལ་མགོའི་གདེངས༔ སྦྲུལ་མགོ་དབུས་མར་སྲོག་ཞུ་རྡོར་འཆང་བརྒྱན༔ གཡས་བརྒྱད་གྲི་གུག་གཡོན་བརྒྱུད་སྦྲུལ་ཞགས་བསྣམསཿ རྩ་ཕྱག་ཐུགས་ཀར་བསྣོལ་ཞིང་ཨིག་ཤ་སྒྲོགས༔ གང་དམིགས་ཟ་བྱེད་ཀླུ་ཡི་གཤེད་མར་གྱུར༔ འབྲུ་གསུམ་འོད་ཀྱིས་ཡེ་བསྟིམ་དབང་རྫོགས་གྱུར༔ ཐུགས་ཀར་མེ་འཁོར་རྩིབས་བཞིའི་དབུས་སུ་ཕེ༔ རྩིབས་བཞིར་འབྲུ་བཞི་མུ་ཁྱུད་སྔགས་རིང་བསྐོར༔ འོད་འཕྲོས་རང་འདྲ་དཔག་མེད་སྤྱན་དྲངས་ནས༔ བདག་མདུན་བུམ་ལྷ་རྣམས་ལ་
སིབ་སིབ་ཐིམ༔ བུམ་ལྷར་བདུད་རྩིའི་རྒྱུན་བབས་བུམ་པ་གང་༔ ཨོ་ཕེ་ལཾ་ཧཱུྃ༔ ཞེས་པ་དེ་ལ་ཅི་འགྲུབ་བཟླ་བར་བྱ༔ གཏོར་མའི་སྨད་ཆ་མཆོད་པར་བསྔོ་བ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ རིག་པའི་རྒྱལ་པོ་འཆི་བདག་མགོ་དགུ་པ༔ ནཱ་ག་རཀྵ་སྦྲུལ་ནག་འཇིགས་པའི་གཟུགས༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་གྲོ་དྷཱ་ནཱ་ག་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཨརྒྷཾ་སོགས། ཧཱུྃ༔ གདུག་པའི་ས་བདག་ཀླུ་གཉན་རྣམས༔ སྐད་ཅིག་ཙམ་གྱིས་བརླག་མཛད་པ༔ འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི༔ ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད༔ བུམ་ལྷ་འོད་ཞུ་བདུད་རྩི་གྱུར༔ སློབ་མ་འདུས་ལ་ཁྲུས་དང་མཎྜལ་དབུལ༔ འོ་ན་ད་ལམ་ཁྱེད་རྣམས་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱབ་བདག་ནཱ་ག་རཀྵའི་དབང་བསྐུར་བ་ཡིན་ཏེ༔ སྔོན་འཇིག་རྟེན་གྱི་ཁམས་འདི་དང་པོ་ཆགས་ནས་འགྲོ་བ་རིགས་དྲུག་ལྷ་ཀླུ་མི་རྣམས་སྲིད་དོ༔ སྐྱེ་འགྲོ་ཀུན་གྱི་གཤེད་མར་དབུ་ནག་གི་མི་འདི་སྲིད་པས་དེའི་ཚེ་མི་རྣམས་ཀྱིས་ཐབས་སྣ་ཚོགས་པས་སྲོག་ཆགས་རྣམས་བསད་
དོ༔ དེའི་ཚེ་མིའི་གཤེད་དུ་ཀླུ་རིགས་ཉི་ཤུ་རྩ་ལྔ་སྲིད་པས་མི་རྣམས་ལ་ནད་སྣ་ཚོགས་བཏང་ངོ་༔ དེའི་ཚེ་བཅོམ་ལྡན་འདས་འཇམ་དཔལ་གྱི་ཐུགས་ཀ་ནས་ཡི་གེ་ཕེ་གཅིག་འཕྲོས༔ འཇིག་རྟེན་འདས་དང་མ་འདས་སོ་མཚམས༔ ཆོས་ཉིད་རང་མདངས་འཁྲུགས་པའི་རྒྱ་མཚོའི་དབུས་སུ༔ ཐུགས་ཀྱི་ངོ་བོ་འཇམ་དཔལ་ཡིན་པ་ལ༔ ཀླུ་བདུད་འཆི་བདག་མགོ་དགུ་པར་སྤྲུལ་ནས༔ འཇིག་རྟེན་པའི་ཀླུ་གཉན་ས་བདག་དང་ཀླུ་བཙན་དང་ཀླུ་བདུད་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན་ནས་དམ་ལ་བཏགས་པས་ཀླུ་ཆེན་བརྒྱད་ཀྱིས་གཙོར་བྱས་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ༔ དམ་ལས་འདའ་རེ་ན་ར་ཀན་ཞེས་ཐ་ཚིག་ཕུལ་ལོ༔ དེའི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྣོན་པོས་ཞུས་པའི་ངོར༔ ཀླུ་རྒྱུད་འབུམ་གྱི་ཊཱིཀ་དང་༔ རྒྱ་མཚོ་དུག་རི་ཀའི་རྒྱུད་དང་༔ ཀླུ་བདུད་ཁྲོ་བོ་ནག་པོའི་རྒྱུད་དང་༔ ཀླུ་བདུད་འཁོར་ལོ་ནག་པོའི་རྒྱུད་རྣམས་གསུངས་ཏེ༔ དེ་ནས་མཁའ་འགྲོ་རྣམས་ཀྱིས་བཀའི་བསྡུ་བ་བྱས་ནས་གཏེར་གནས་རྣམས་སུ་གཏེར་དུ་སྦས་སོ༔ དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རྒྱ་གར་གྱི་ཡུལ་བྷ་ལ་
ཡང་སོང་ཞེས་བྱ་བ་ན༔ རྒྱལ་པོ་རཏྣ་དྷ་གཙུག་གི་ནོར་བུ་ཞེས་བྱ་བ་ལ་རྒྱལ་བུ་མཐའ་ཡས་འོད་ཅེས་བྱ་བ་བཞུགས་སོ༔ རྒྱལ་བུ་དེ་ལོ་བཅུ་གཅིག་ལོན་པའི་དུས་སུ་ས་བདག་དམངས་རིགས་ནད་ཀྱིས་ཟིན་པར་གྱུར་ཏེ༔ རྐང་པ་གཡོན་སྦྲིད་ཅིང་ཤ་རོས་ཐེབཿ སྟན་ཁ་ནས་མགུལ་མ་ནུས་པར་གྱུར་ཏོ༔ དེའི་དུས་སུ་རཱ་ཛ་དེ་ལ་བླ་མཆོད་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་བཞུགས་སོ༔ དེའི་ཚེ་རྒྱལ་པོའི་ཞལ་ནས༔ དགེ་སློང་བདག་གིས་རྒྱལ་བུའི་བསྙུན་ནད་འདི་སོས་པར་མཛོད་ཅིག་ཅེས་གསུངས་སོ༔ དེ་ནས་དགེ་སློང་གིས་ལྷ་ལ་གསོལ་བ་བཏབ་པས༔ རྨི་ལམ་དུ་ཡི་དམ་ལྷའི་ཞལ་ནསཿ རི་བོ་ཆེན་པོ་མགྲིན་བཟུང་ཞེས་བྱ་བའི་རྩེ་ལ་སངས་རྒྱས་འོད་སྲུང་གིས་རབ་གནས་མཛད་པའི་མཆོད་རྟེན་བུམ་པའི་ནང་ན་ཀླུ་ཡི་རྒྱུད་འབུམ་ཊིཀ་ཞེས་བྱ་བ་བཞུགས་སོ༔ དེའི་ནང་ན་ཀླུའི་སྲུང་བ་ནཱ་ག་རཀཱ་ཞེས་བྱ་བ་བཞུགས་སོ༔ དེས་རྒྱལ་པོའི་སྙན་ནད་འཚོ་བར་བྱེད་དོ༔ ཞེས་གསུངས་སོ༔ དེ་ནས་བླ་མཆོད་དེས་མན་ངག་ཇི་ལྟར་གདན་དྲངས་ནས་རྒྱལ་པོའི་སྙན་ནད་ཞག་གསུམ་གྱིས་དྭངས་བར་བྱས་སོ༔ དེ་ནས་ཐུབ་པའི་བསྟན་པ་འདི་ལ་བོད་དུ་རྒྱལ་པོ་
ཁྲི་སྲོང་ལྡེའུ་བཙན་གྱིས་ཨུ་རྒྱན་རིན་པོ་ཆེ་སྤྱན་དྲངས་ཏེ༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས་ནས༔ འོག་ཁང་དུ་འདག་པའི་ལྡེར་པོ་བཞེངས༔ བར་ཁང་དུ་བརྐོས་པའི་ལྷ་བཞེངས༔ སྟེང་ཁང་དུ་ཤོག་འདག་རས་འདག་གིས་ལྷ་བཞེངས་པའི་དུསཿ འབྲུག་གི་ལོ་དཔྱིད་ར་བའི་ཚེས་བརྒྱད་ཀྱི་ཉིན་པར་ཉི་མ་རྩེ་ཤར་བའི་དུས་སུ༔ ཁྱེའུ་ཏོ་གཟུགས་མཛེས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་མཇུག་མ་རྐེད་དུ་དཀྲིས་པ༔ ཕྱག་ན་ཀླུའི་ཐོད་པ་སྔོ་ཏིང་ངེ་བ་གསེར་གྱིས་བཀང་བ་ཞིག་གི་སྟེང་དུ་གསེར་གྱི་པ་ཏྲ་བཞག་པ༔ འོད་ཟེར་སྣ་ཚོགས་སུ་འཕྲོ་བ་ཞིག་རྒྱལ་པོའི་དྲུང་དུ་བྱུང་ནས་གསེར་ཕུལ་ནས་འདི་སྐད་གསུངས་སོ༔ ཀྱེ་རྒྱལ་པོ་ཆེན་པོ་ལགས༔ བདག་ནི་མ་དྲོས་ཀླུའི་དེད་དཔོན་ཏེ༔ ནག་པོ་ཀླུ་གདོལ་ཞེས་བྱའི་གནས་ནས་འོང་༔ བདག་དང་གྲོགས་བྱ་དེ་རིང་མནའ་ཐོ་བཅད༔ བསམ་ཡས་ལྷ་ཡི་གསེར་རྣམས་བདག་གིས་སྦྱིན༔ གསུངས་ནས་རྒྱལ་པོ་ཉིད་དང་མ་དྲོས་ཀླུ་གཉིས་ཀྱིས༔ སློབ་དཔོན་པདྨ་དཔང་དུ་བཞག་སྟེ་སྤྱན་དང་གྲོགས་པོ་བྱ་བར་དམ་བཅས༔ ཚད་དང་མནའ་ཐོ་བཅད་དེ་རྒྱལ་པོས་ཀླུ་ཁང་བཞེངས་པར་ཞལ་
གྱིས་བཞེས༔ མ་དྲོས་ཀླུའི་བསམ་ཡས་ལྷ་ཁང་རྣམས་ཀྱིས་གསེར་དགོས་ཚད་དབུལ་བར་དམ་བཅས་སོ༔ སློབ་དཔོན་གྱིས་མ་དྲོས་ཀླུའི་སྤྱི་བོར་རྡོ་རྗེ་བཞག༔ ལྕེ་ལ་བདུད་རྩི་བཞག༔ གསང་བའི་དམ་ལ་བཏགས་སོ༔ དེ་ནས་དུས་རྟག་ཏུ་ཀླུ་བདུད་དེ་རྒྱལ་པོའི་དྲུང་དུ་ཁྱེའུ་ཏོ་ཞིག་ཏུ་སྤྲུལ་ཞིང་གསེར་འབུལ་དུ་འོང་ངོ༔ དེར་རཱ་ཛའི་ཐུགས་དགོངས་ལ༔ བདག་གི་གྲོགས་པོ་འདི་ལ་གསེར་མི་ཟད་པའི་ནོར་ཡོད་འདུག༔ མ་དྲོས་ཀླུའི་དེད་དཔོན་རང་ཡིན་ཟེར་བ་ལ༔ ཁྱེའུ་ཏོག་གི་གཟུགས་མ་ཡིན་པའི་གཟུགས་བཟང་པོ་སྦྲུལ་མགོ་དང་བཅས་པ༔ ལྷ་སའི་ཀླུ་ཁང་གི་ལྡེར་པོ་འདྲ་བ་ཞིག་ཡོད་ཐང་སྙམ་ནསཿ དེ་ནས་ནང་མ་གཅིག་གསེར་འབུལ་དུ་བྱུང་བའི་དུས་སུ་རྒྱལ་པོས་འདི་སྐད་སྨྲས་སོ༔ ཁྱེད་ཀྱི་གཟུགས་མཐར་ཐུག་པ་ཞིག་སྟོན་དང་ཀླུ་ཁང་བཞེངས་པའི་དུས་སུ་དགོས་པ་ཡོད༔ ཁྱེའུའི་གཟུགས་ལ་གཟི་བརྗིད་མེད༔ ལྡེར་པོ་དེ་ལ་དཔེ་མི་གཏུབ༔ ནངས་པར་འོང་བའི་དུས་སུ་ཁྱེའུ་ཏོ་གི་གཟུགས་སུ་མི་སྤྲུལ་བར་གཟུགས་ཇི་ལྟར་ཡོད་པ་སྟོན་གསུངས་སོ༔ ཀླུའི་ཞལ་ནས་ནངས་པར་འོང་བས་དུག་གིས་ཕོག་ཉན་ཡོད་པསཿ ལྕགས་འབག་ལ་གླ་རྩི་བྱུགས་ལ་
གདོང་དུ་གྱོན༔ ཡཀྵ་ལྟ་འོག་ཏུ་བཞུགས་ལ་ཉི་མ་རྩེ་འཆར་ལ་དབུ་རྩེ་ལ་ལྟོས་གསུངསཿ དེ་ནས་དབུ་རྩེར་རཱ་ཛ་བྱོན་ཏེ༔ ཡཀྵ་ལྟ་འོག་གི་གླིང་དུ་བྱོན་ཏེ་ནུབ་མོ་དེར་གཟིམས་པའི་དུས་སུ་ས་བདག་གི་ཆོ་འཕྲུལ་མང་པོའང་རྨིས་སོ༔ སྙིང་ཡང་མ་དགའ་ཁམས་ཀྱང་མ་བདེ་སྙམ་བྱེད་ཅིང་༔ སྐྱི་གཡའ་ཞིང་བ་སྤུ་ལྡང་༔ འཇིགས་ཆུམ་ཆུམ་བྱེད་ཅིང་སྔོན་དང་མི་འདྲའོ༔ དེ་ནས་ཉི་མ་རྩེ་ཤར་བའི་དུས་སུ་འཇའ་འཁྱིལ་འཁྱིལ༔ སྙིང་རྩ་ཆུམ་ཆུམ་བྱེད༔ སྔངས་སུ་ཡེད་ཡེད་པའི་འཕྲོ་ལ་དབུ་རྩེ་ཆེན་པོ་ལ་སྦྲུལ་ནག་ཆེན་པོ་རབ་ཏུ་འབར་བ༔ འོད་ཟེར་ཀུན་ཏུ་འཕྲོ་བ༔ འཇིགས་ཤིང་སྐྱི་གཡའ་བ་ཞིག་དབུ་རྩེ་ལ་ལན་གསུམ་དཀྲིས་ཏེ༔ སྦོམ་ཕྲ་ནི་འདོམ་བཞིས་འཁྱུད་ཐང་ངོ་༔ རིང་ཐུང་ནི་དབུ་རྩེ་ལ་ལན་གསུམ་འཁོར་རོ༔ དུག་གི་རླངས་པ་ན་བུན་ཙམ་གྱིས་དབུ་རྩེ་དང་ཐང་ཁྱབ་པར་གྱུར་ཏོ༔ མི་ཐམས་ཅད་སྐག་ཅིང་སྔངས་བར་གྱུར་པ་དང་༔ དེར་རྭ་ཛ་ལ་ཀླུའི་དུག་ཕོག་པར་གྱུར་ཏོ༔ ཞག་གསུམ་ནས་ཤ་རོ་དང་བས་ལྡག་ལ་སོགས་པས་ལུས་ལ་ཁྱབ༔ དུག་དེ་ལུས་ཀྱི་རྩ་མིག་ཏུ་ཁྲག་དང་འདྲེས་ནས་གཟུགས་མེད་པའི་སྲོག་ཆགས་ཕྲ་མོ་མང་
པོར་གྱུར་ཏོ༔ ས་བདག་གི་གཟུགས་མང་པོ་ལུས་ཀྱི་ནང་དུ་གྱུར་ཞིང་སྲོག་ཆགས་ཡིད་ཀྱི་གཟུགས་ཅན་དེ་རྣམས་གང་ན་གནས་པའི་ས་ན་རྩ་འཕྲིག་གོ༔ ཤ་འཕྲིག་གོ༔ ཚ་ཙག་ཙག༔ ན་ཙག་ཙག༔ གཡའ་ཙག་ཙག༔ ན་སྒེར་སྒེརཿ ཚ་སྒེར་སྒེརཿ ཚ་སྲིང་སྲིང་༔ གྲང་ལྷང་ལྷང་༔ ཚ་འབྲིར་འབྲིརཿ གཡའ་ཐིར་ཐིརཿ སྦྲིད་ཆིལ་ཆིལ༔ ཟ་ཁོལ་ཁོལ༔ རྩེ་ཞུམ་ཞུམ༔ ལུས་ཡོངས་སུ་མ་བདེའོ༔ ཀླུའི་གཟུགས་སྟོན་བྱས་པས་རབ་ཏུ་འགྱོད་དོ་དེ་ནི་མཛེ་རིགས་བཅོ་བརྒྱད་ཟླ་བ་གཅིག་ལ་རྫོགས་སོ༔ མི་ཁྱུ་ནས་མ་འཐོན་ཞིང་༔ སྔར་མེ་དཔོན་བྱས་ཏེ་ད་ནི་ངན་ལོང་གི་ཁྱུར་ཡང་མི་ཚུད་སྙམ་སྟེ༔ དུགཁ་ཆེན་པོས་ནོན་ཏེ་རང་གི་སྟན་ཡང་མི་ཆགས་ཤིང་སྙིང་རླུང་ལྡང་༔ མ་དྲོས་ཀླུས་རྒྱལ་པོ་ལ་དུག་ཕོག་པས་ངོ་གནོང་ཞིང་སྐྱེངས་ཏེ་སྤྱན་སྔར་གསེར་འབུལ་བའི་འཕྲོ་ཡང་ཆད་དོ༔ དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ང་ལ་ཞེ་ཐག་པ་ནས་མཛེ་འོང་བ་ཅང་སྲིད་དམ༔ དེ་ནས་སློབ་དཔོན་པདྨ་ལྟ་བུའི་འཇིག་རྟེན་གསུམ་གྱི་མགོན་དུ་གྱུར་པ༔ ཉེན་པ་རྣམས་ཀྱི་སྐྱབས་སུ་གྱུར་པ༔ ལྷ་མ་སྲིན་སྡེ་བརྒྱད་རྡུལ་དུ་བརླག་པ༔ དེ་ལྟ་བུ་ཡོད་པ་ལ་ཐབས་
ཤིག་ཡོད་དོ་ཨོཾ་སྙམ་ནས༔ བློ་སོར་ཆུད་དེ་དགའ་ཡལ་ཡལ་བྱུང་ངོ་༔ དེར་སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་བྲེ་གུ་སྣའི་ཡང་དབེན་ནས་སྤྱན་དྲངས༔ བསམ་ཡས་དབུ་རྩེ་རིམ་གསུམ་གྱི་སྟེང་ཁང་ན་བཞུགས་སུ་གསོལ་ནས༔ དེར་དར་ཟབ་ཀྱི་ཁྲི་སྟེང་དུ་བཞུགས་སོ༔ སྤྱན་གཟིགས་སྣ་ཚོགས་ཀྱིས་པཱུ་ཛ་ཕུལ་ཏེ༔ རྒྱལ་པོའི་ལུས་ལོངས་སྤྱོད་ཅི་ཡོད་སློབ་དཔོན་པདྨ་ལ་ཕུལ་ཏེ༔ རཱ་ཛས་ཞུས་པ༔ རྗེ་རིན་པོ་ཆེ་ལགས༔ གྲོགས་པོས་གཟུགས་བསྟན་པའི་དུག་གིས་ཕོག་ནས་ནད་ཀྱིས་ཟིན༔ སྡུག་བསྔལ་ཞིང་ཉམ་ཐག་པ་འདི་དང་བྲལ་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་བོ༔ སློབ་དཔོན་གྱིས་གསུངས་པ༔ རྒྱལ་པོ་ནད་འདི་དང་བྲལ་བར་བྱའི༔ ཡིད་གཡོ་བར་མ་བྱེད་ཅིག༔ ཐུགས་བདེ་ལྷན་ནེ་བཞུགས་པར་མཆིས༔ ང་འདུག་ན་རཱ་ཛ་ནད་ཀྱིས་ཉེན་པ་ག་ལ་མཆིས༔ ཐབས་ཡོད་ཀྱིས་ཐུགས་མི་བདེ་མི་འཚལ་གསུངས་ནས་འཇམ་དཔལ་ནཱ་ག་རཀཱ་འདི་གནང་ནས༔ དེ་ལྟར་ཀླུ་གདོན་ཐམས་ཅད་འཇོམས་པའི་ཀླུའི་གཉན་པོ་ནཱ་ག་རཀཱ་ཞེས་བྱ་བ་འདི་ལྟ་བུ་ཡོད་པས་རྒྱལ་པོ་ཆེན་པོས་ཉམས་སུ་ལོངས་ཤིག༔ འདི་ནི་དྲག་པོ་
ཀླུའི་རང་གནད་ཅེས་བྱ་སྟེ་མྱུར་དུ་འཇིགས་པའི་ནད་དང་བྲལ་བར་འགྱུར་རོ༔ ལྷ་གཞན་ཐམས་ཅད་ནི་འགྲུབ་ཐག་རིང་སྟེ་འགྱང་རིང་པོར་འོང་ཉེན་ཡོད་དོ༔ དེའི་ཕྱིར་ན་འདི་ལྟ་བུའི་གདམས་ངག་ཡོད་པས་རྒྱལ་པོ་ས་བདག་ཀླུ་གཉན་ལ་འཇིགས་པ་མི་འཚལ་ལོ༔ རྒྱལ་པོ༔ འདིའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ༔ ་་འདི་ལྟ་སྟེ༔ རིག་པའི་རྒྱལ་པོ་འདི་ཉིད་ནི༔ དྲན་པ་ཙམ་གྱིས་ཀླུ་རྣམས་འཇོམས༔ ས་བདག་ས་སྲིན་སྨོས་ཅི་དགོས༔ ས་བདག་ཀླུ་ཡི་གཤེད་མ་ནི༔ ནཱ་ག་རཀྟ་ཞེས་བྱ་འདི༔ ཀླུ་རྣམས་ཡོངས་ཀྱི་གཤེད་མར་འགྱུར༔ ཀླུ་རྣམས་སྲོག་གཅོད་སྲིན་པོ་ཡིན༔ འདི་ཉིད་བསྒྲུབས་པའི་རྣལ་འབྱོར་པ༔ ཀླུ་རིགས་ལྔ་དང་ས་བདག་གཉན༔ བ་སུ་རིགས་དྲུག་ཟས་སུ་བྲ༔ ཀླུ་གཉན་འཇིགས་པ་ཀུན་དང་བྲལ༔ ཀླུ་གཉན་ས་བདག་རིགས་ལྔ་ཡི༔ ཕོ་བྲང་གནས་ཁང་མེས་བསྲེག་ཀྱང་༔ རང་ལུས་ཕ་ལམ་རྡོ་རྗེར་འགྱུརཿ རིག་པའི་རྒྱལ་པོ་འདི་བསྒོམས་ནས༔ ཀླུ་ཡི་གནས་སུ་ཕྱིན་གྱུར་ན༔ ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་སྔངས༔ དེ་ཕྱིར་རྒྱལ་པོ་ཆེན་པོ་ཉིད༔ འདི་བས་ཟབ་པའི་མན་ངག་ནི༔ པདྨ་བདག་ལ་ཡོད་རེ་ཀན༔ རྒྱལ་
པོས་ཐུགས་ཀྱི་དཀྱིལ་དུ་ཆོངས༔ རྟ་རྨིག་ལྕགས་ཀྱིས་བཏུམས་བྱས་ནས༔ འཛམ་གླིང་ཀུན་ཀྱང་བཙལ་གྱུར་ཀྱང་༔ རྙེད་པར་མི་སྲིད་སྲུང་བ་འདི༔ འཕགས་པ་རྣམས་ཀྱིས་གསུངས་པ་མེད༔ རྫུ་འཕྲུལ་སྣ་ཚོགས་ཐོབ་གྱུར་ནས༔ སྟོང་གསུམ་མི་མཇེད་བསྐོར་གྱུར་ཀྱང་༔ སྲུང་བ་འདི་བས་ཟབ་པ་ནི༔ དུས་གསུམ་རྒྱལ་བས་གསུངས་པ་མེད༔ རྒྱལ་པོའི་སྐུ་ཚེ་བསྲིང་བ་དང་༔ རྒྱལ་བུའི་བཙས་སུ་བཞག་པ་ལས༔ གཞན་ལ་བསྟན་ན་དམ་ཚིག་ཉམས༔ དེ་ཕྱིར་རྒྱལ་པོ་ཉིད་ལ་ནི་བདག་འདྲ་ཨུ་རྒྱན་པདྨ་ཡིས༔ ཐུགས་ཀྱི་བཅུང་ཕྱུང་མན་ངག་སྙིང་པོ་འདི༔ བློ་དམན་ཐེག་ཆུང་རྣམས་ལ་གསང་༔ སྐལ་མེད་ཕྲག་དོག་ཅན་ལ་གསང་༔ ལོག་ལྟ་ཡིད་ཆེས་མེད་ལ་གསང་༔ ཤེས་རབ་སྙིང་རྗེ་ཆུང་ལ་གསང་༔ ཞེ་སྡང་ང་རྒྱལ་ཅན་ལ་གསང་༔ གཏི་མུག་ཞེ་གནག་ཅན་ལ་གསང་༔ མན་ངག་སྣོད་དུ་མི་རུང་བའི༔ གང་ཟག་ཆོས་སྐལ་མི་ལྡན་པའི༔ ཞེ་སྡང་མེ་ལྟར་འབར་བ་ཡི༔ ཕྲག་དོག་རླུང་ལྟར་འཚུབ་པ་ཡི༔ ང་རྒྱལ་རི་ལྟར་གཏམས་པ་ཡི༔ འདོད་ཆགས་ཆུ་ལྟར་ཁོལ་བ་ཡི༔ གཏི་མུག་མུན་ལྟར་འཐིབས་ལ་གསང་༔ དུག་
ལྔའི་ས་བོན་རྒྱས་པ་ཡི༔ གདམས་ངག་སྐལ་བ་ཆད་པ་ཡི༔ མི་ལུས་དུད་འགྲོ་རྣམས་ལ་གསང་༔ བློ་དམན་ཐོས་ཆུང་རྣམས་ལ་གསང་༔ བླ་མ་མི་བསྟེན་ཐེ་ཚོམ་སྐྱོན་ལ་བལྟ༔ ཡོན་ཏན་མི་ཚོལ་སྐྱོན་སྣ་ཚོལ༔ ཆོས་དྲེད་རྣམས་ལ་གསང་བར་བྱའོ༔ བདག་འདྲ་ཨུ་རྒྱན་པདྨ་ཡིས༔ སྙིང་ཐིག་བཅུད་ཀྱི་མན་ངག་རྣམས༔ ཐེག་ཆེན་དོན་དུ་གཉེར་ལ་གཏད༔ ཤེས་རབ་སྙིང་རྗེ་ཆེ་ལ་གཏད༔ ཆོས་བརྒྱད་རིག་རྩོལ་ལྡན་ལ་གཏད༔ ཞེ་སྡང་སེར་སྣ་ཆུང་ལ་གཏད༔ ང་རྒྱལ་འདོད་པ་མེད་ལ་གཏད༔ ཕྲག་དོག་གཏི་མུག་སྤོང་ལ་གཏད༔ གསང་ཐུབ་བརྩོན་འགྲུས་ལྡན་ལ་གཏད༔ བྱང་སེམས་མོས་གུས་ཅན་ལ་གཏད༔ ཅེས་གསུངས་སོ༔ རྒྱལ་པོས་ཞག་གསུམ་བདུན་ཉམས་སུ་བླངས་པས་ནད་ལ་ཕན༔ དེར་རྒྱལ་པོ་ཉིད་ཀྱིས་མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གདུག་པ་ཀླུ་ཡིས་མི་རྣམས་ཉེན་པའི་དུས༔ གདམས་པ་འདི་ཡིས་ཕན་གདགས་བྱ་ཕྱིར་དུ༔ ཤོག་སེར་ཡི་གེར་བྲིས་ཏེ་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དམ་ཆོས་ཚུལ་བཞིན་སྤྱོད་པའི་གང་ཟག་དེས༔ ཕོངས་པ་མེད་པར་ཟས་ནོར་གཏོང་ནུས་དང་༔
གདུག་པ་ནད་ཀྱིས་གདུངས་པའི་གང་ཟག་ལ༔ གདམས་པ་ལྷག་ཆད་མེད་པར་སྦྱིན་པར་བྱ༔ གུས་མེད་ནོར་རྫས་མི་འབུལ་གདམས་པ་འདོད༔ སྙིང་རྗེ་ཕན་སེམས་མེད་ཅིང་རང་འདོད་ཆེ༔ དམ་མེད་ཁ་གསག་ཅན་ལ་མི་སྦྱིན་ནོ༔ བྱིན་ན་གཏེར་སྲུང་ཁྱོད་ཀྱིས་མགོ་བོ་ཁོས༔ ཞེས་གསུངས་ནས་གཏེར་ཀ་སོ་སོར་གཏེར་དུ་སྦས་པ༔ མངའ་བདག་ཡབ་སྲས༔ ཞང་ཁྲོམ༔ རིན་ཆེན་གླིང་པ༔ རཏྣ་གླིང་པ་སོགས་ཀྱིས་རིམ་པར་བཏོན་ཏེ༔ ཕྱག་གཉིས་བརྒྱ་པ་དང་༔ ཕྱག་བརྒྱ་པ་དང་༔ ཕྱག་བཅུ་དྲུག་པ་དང་༔ ཕྱག་བཞི་པ་དང་༔ ཕྱག་གཉིས་པ་དང་༔ ཁྲོ་ཞལ་དགུ་བརྩེགས་དང་༔ ཁྱུང་དབུ་ཅན་དང་དཀར་པོ་ཕྱག་གཉིས་ཞི་བ་སོགས་རིགས་མི་འདྲ་བ་དང་རྒྱས་བསྡུས་དུ་མ་བྱུང་ཞིང་༔ ཡི་དམ་ལྟར་བསྒྲུབ་པའི་ཐབས་དང་༔ དེའི་དབང་༔ ཆོས་སྐྱོང་ལྟར་སྒྲུབ་པའི་ཐབས་དང་སྲོག་དབང་བཀའ་གཏད་དང་༔ དེའི་བསྐུལ་ཐོབ་པ་ནི་རིང་བརྒྱུད་ཡིན་ལ༔ འཇམ་དཔལ་ཉིད་ཀྱིས་མི་འགྱུར་རྡོ་རྗེ་ལ་དངོས་སུ་གནང་བའི༔ འདིའི་སྒྲུབ་ཐབས་ལས་ཚོགས་དབང་དང་བཅས་པ་ཐོབ་པ་ནི་ཉེ་བརྒྱུད་ཡིན་ཏེ༔ ངོ་བོ་གཅིག་པའི་
ཕྱིར་བྱིན་རླབས་ཀྱི་བརྒྱུད་པ་གཅིག་ཏུ་འདྲེས་པ་ཡིན་ཞིང་༔ རང་གིས་བསྙེན་སྒྲུབ་རྟགས་ཐོན་པ་བྱས་པས་འདིའི་དབང་དང་བྱབ་ཁྲུས་ཙམ་གྱིས་ཤུ་བ་རྨ་མཛེ་སོགས་ཕན་པ་དང་༔ གཞོན་ནུ་མཛེས་ཟིན་པ་འགའ་རེ་ལ་བསླབས་པས་ཕན་པ་མྱོང་བས་གྲུབ་བོ༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་འབུལ༔ད་བླ་མ་དང་མདུན་བསྐྱེད་རྣམས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དངོས་ཡིན་སྙམ་པས་འདིའི་རྗེས་ཟློས་མཛོད༔ བཅོམ་ལྡན་རྗེ་བཙུན་འཇམ་དཔལ་དབྱངས༔ རབ་ཁྲོས་གཤིན་རྗེའི་གཤེད་པོ་ནི༔ ཀླུ་བདུད་ནཱ་ག་རཀྭ་ཡིས༔ བདག་ཅག་རྗེས་བཟུང་གནང་བར་མཛོད༔ གསུམ། ད་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ མ་ལུས་སྲུང་མ་ཐམས་ཅད་དང་༔ ཀླུ་བདུད་ནཱ་ག་རཀཱ་ཡི༔ ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ གསུམ། ད་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད༔ བྱང་ཆུབ་བདེ་གཤེགས་བླ་ན་མེད༔ ཁམས་གསུམ་འགྲོ་བ་མ་ལུས་ཀུན༔ ཐེག་མཆོག་ལམ་ལ་འགོད་པའི་ཕྱིརཿ དམ་པ་ཉེ་བར་སེམས་བསྐྱེད་དོ༔ གསུམ། ད་བླ་མ་དང་འཇམ་དབྱངས་དབྱེར་མེད་པའི་དྲུང་དུ་ཡན་ལག་
བཅུ་པ་འབུལ་བའི་རྗེས་ཟློས་མཛོད༔ འཇམ་དབྱངས་ཁྲོ་རྒྱལ་འཁོར་བཅས་གཤེགས༔ ཉི་ཟླ་དྲེགས་པའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ དུས་གསུམ་དགེ་ལ་རྗེས་ཡི་རང་༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་གསང་སྔགས་ཆོས་འཁོར་བསྐོར༔ དགེ་ཚོགས་བགྱིས་པའི་འགྲོ་བ་རྣམས༔ སྤྲོས་བྲལ་དབྱིངས་ལ་འགོད་པར་ཤོག༔ གསུམ། ཁྱོད་ནི་སྐལ་ལྡན་རིགས་ཀྱི་བུ༔ འཇམ་དཔལ་ནཱ་ག་རཀ་ཡི༔ དཀྱིལ་འཁོར་བལྟ་བར་འདོད་པ་ཅི༔ དམ་ཚིག་ལྡན་ཁྱོད་རྗེས་སུ་བཟུང་༔ ད་དམ་ཚིག་ཁས་ལེན་པ་འདིའི་རྗེས་ཟློས་མཛོད༔ བླ་མ་མཆོག་གི་སྤྱན་སྔ་རུ༔ གསང་སྔགས་ཕྱི་ནང་དམ་ཚིག་བསྲུང་༔ ཨེ་མ་ཡང་དག་རྣལ་འབྱོར་ཆེ༔ གཤིན་རྗེ་སྲིན་པོ་ཀླུ་བདུད་འདི༔ དྲོད་ཐོབ་དམ་ཚིག་ལྡན་པས་བསྒྲུབ༔ རྟོགས་ཀྱི་ཕྱག་རྒྱུ་འཇིག་མེད་བསྒོམ༔ བཟླས་པ་ནོར་བུའི་ཕྲེང་བ་བརྗོད༔ ལས་ཀྱི་འཆི་བདག་གཤིན་རྗེ་ཆད༔ དམེ་དང་ཡུགས་ས་མོ་ལ་འཛེམ༔ ཀླུ་ནད་ཅན་ལ་སྔགས་མི་དབོག༔ ས་
གཉན་རྡོ་ཤིང་གཅོད་པ་མིན༔ ཀླུ་ཡི་དམ་ཚིག་མནའ་ལ་འཛེམ༔ ལུ་མ་མི་བཤོར་བུབ་ཆུ་མིན༔ དམ་ཆུ་བླུད་ལ༔ ཨོཾ་ཨ་མྲྀ་ཏེ་ད་ཀ་ཋ༔ དེའང་འདིའི་རྒྱུད་ལས༔ ངེས་པར་བུམ་པའི་དབང་ཐོབ་བྱ༔ ཞེས་གསུངས་པས༔ བུམ་དབང་སོགས་དབང་བཞི་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཧཱུྃ༔ དུས་གསུམ་བདེ་གཤེགས་བླ་མ་ཡིས༔ ་་གདུག་པ་ས་བདག་ཀླུ་གཉན་གྱི༔ ནད་གདོན་སྡུག་བསྔལ་ཞི་ཕྱིར་དུ༔ རིག་པའི་རྒྱལ་པོ་འཆི་བདག་མཆོག༔ ཁྱབ་བདག་ནཱ་ག་རཀཱ་ཡི༔ བྱིན་རླབས་དབང་བཞི་བསྐུར་དུ་གསོལ༔ ཚེ་དང་བསོད་ནམས་རབ་རྒྱས་ཏེ༔ རྡོ་རྗེ་གསུམ་དུ་བདག་སྒྲུབ་མཛོད༔ གསུམ༔ གཏོར་མ་དང་སློབ་མ་ཀུ་ཤས་བྲན་ལཿ ཨོཾ་སྭ་བྷ་ཝ་སོགས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཕེརཀྵ་ཀེ་རུ་ཧཱུྃ༔ ཞེས་བརྗོད་པས་གནས་ཁང་འདིའང་རང་ངོ་མ་ཤེས་ཀྱི་འཁྲུལ་མཚམས་འཇིག་རྟེན་འདས་དང་མ་འདས་ཀྱི་སོ་མཚམསཿ ཆོས་ཉིད་རང་མདངས་འཁྲུགས་པ་ཞེས་བྱ་བའི་རྒྱ་མཚོ་ཆེན་པོ༔ ཤར་དུ་ཞེ་སྡང་གི་མེ་འབར་བ༔ ལྷོར་ང་རྒྱལ་གྱི་རི་ཉིལ་བ༔ ནུབ་ཏུ་འདོད་ཆགས་ཀྱི་ཆུ་
འཁྲུགས་པ༔ བྱང་དུ་ཕྲག་དོག་གི་རླུང་འཚུབ་པ༔ འོག་ཏུ་གཏི་མུག་གི་མུན་པ་འཁྲིགས་པ༔ སྟེང་དུ་ཡེ་ཤེས་ཀྱི་ཉི་ཟླ་ཤར་བ༔ མཐའ་སྐོར་དུ་གཡུའི་ནེའུ་སིང་ལ་གསེར་གྱི་མེ་ཏོག་དང་རྫིང་བུ་དང་ལྗོན་ཤིང་གིས་བསྐོར་བ༔ སྟེང་ན་ན་བུན་དང་ལྷོ་སྤྲིན་འཁྲིགས་ཤིང་གློག་དང་འབྲུག་སྒྲ་འབྱིན་པཿ རིན་པོ་ཆེའི་ཆར་འབེབས་པ༔ གནམ་ས་ཐམས་ཅད་སྤྲུལ་གྱིས་གཅལ་དུ་བཀྲམ་ཞིང་ཐོག་ཕུབ་པ༔ ས་བདག་ཀླུ་གཉན་ཐམས་ཅད་ཟས་སུ་ཟ་ཞིང་བསྒྲལ་བའི་ཞིང་དུ་གྱུར་པའི་ཕོ་བྲང་ཆེན་པོའི་དབུས་ཀླུ་རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས་དམངས་རིགས་གདོལ་པའི་རིགས་ལ་སོགས་པ་ཀླུ་འབུམ་སྡེ་ས་བདག་སྟོང་སྡེ་གཉན་འབུམ་སྡེ་རྣམས་གཅལ་དུ་བཀྲམ་སྟེ་གདན་དུ་བཏིང་ནས་ཟས་སུ་ཟ་བའི་ཁྲི་སྟེང་དུ༔ ཁྱེད་རང་སློབ་མ་རྣམས་དང་གཏོར་མ་སོ་སོར་ཡི་གེ་ཕེདམར་ནག་གཅིག་ཏུ་གྱུརཿ དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ནཱ་ག་རཀ་ནག་པོ་ཏི་པ་ཙ་ཡ་ཞེས་བྱ་བ་ཀླུ་བདུད་ནག་པོ་མགོ་དགུ་པ་སྐུ་སྟོད་སྲིད་པོའི་གཟུགས་ཅན་སྐུ་རྒྱབ་རི་རབ་ལ་གཏད་པ༔ སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་སྟེང་དུ་འཁྱིལ་བ༔ སྦྲུལ་མགོ་དགུ་
ནམ་མཁའ་ལ་འཕྱོ་བ༔ སྦྲུལ་མགོ་དབུས་མ་རིན་པོ་ཆེའི་པྲོག་ཞུ་ཅན༔ ཕྱག་བཅུ་དྲུག་གི་གཡས་པ་བརྒྱད་ཀྱིས་གྲི་གུག་དང་༔ གཡོན་པ་བརྒྱད་ཀྱིས་སྦྲུལ་ཞགས་བསྣམས་པ་སྐུ་མདོག་རྡོ་མདུང་རྩེའམ་དུག་ཧ་ལའི་མདོག་ཅན་སྔོ་ནག་ཤིན་ཏུ་འཚེར་ཞིང་འོད་འཕྲོ་བ༔ ཞལ་ནས་ཨིག་ཨིཀཱ་ཞེས་པའི་སྒྲ་དྲག་པོ་སྒྲོགས་པ༔ ས་བདག་ཀླུ་གཉན་ཐམས་ཅད་འཇོམས་པར་བྱེད་པ༔ མེ་ཕུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་སྒོམས༔ ཁྱེད་རང་རྣམས་ཀྱི་སྨིན་མཚམས་ཀྱི་ནམ་མཁའི་དབྱིངས་སུ་གཏོར་མ་འདི་ཉིད་སྨོས་མ་ཐག་པའི་འཇམ་དཔལ་ནཱ་ག་རཀཱའི་སྐུར་གསལ་བའི་སྦྲུལ་མགོ་དབུས་མའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་ཨུ་རྒྱན་རིན་པོ་ཆེ་དང་དབྱེར་མེད་པ་རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ དྲིལ་བུ ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ལ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་སྤྲིན་དཔུང་གཏིབས་པ་ལྟར་བསྐོར་ནས་བཞུགས་པར་སྒོམས༔ ཁྱེད་རང་སློབ་མ་རྣམས་དང་བླ་མ་རྡོ་རྗེ་འཆང་གི་དཔྲལ་བར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུཾ་སྔོན་པོས་མཚན་
པར་སྒོམསཿ ད་ཡེ་ཤེས་པ་འབེབས་པའི་དོན་དུ་རྗེས་ཟློས་མཛོད༔ དཔལ་ལྡན་དུག་གསུམ་འཇོམས་པའི་དཔལ་ཀླུ་ཡི་འཇིགས་པ་འཇོམས་མཛད་དཔལ༔ དེ་ཡི་གདོན་ལས་གྲོལ་མཛད་དཔལ༔ བླ་མ་མཆོག་ལ་གསོལ་བ་འདེབས༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ འོ་དེ་ལྟར་གསོལ་བ་བཏབ་པས་བླ་མ་དང་མདུན་བསྐྱེད་ཀྱི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་བླ་མ་ཡི་དམ་བྱང་ཆུབ་སེམས་དཔའ་ཐམས་ཅད་འཇམ་དཔལ་ནཱ་ག་རཀཱའི་སྐུར་གྱུར་པས༔ སྐུ་ཆེ་བ་ལ་རི་རབ་ཙམ༔ ཆུང་བ་ལ་ཏིལ་འབྲུ་ཙམ་སྟེང་ནས་ཆར་བབ་པ་ལྟ་བུ༔ འོག་ནས་ས་རླངས་འཐུལ་བ་ལྟ་བུ༔ བར་ནས་ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཀླུ་གཉན་ས་བདག་གི་གནོད་པ་ལས་གྲོལ་ནས་ལུས་སྣང་སྟོང་འདུས་མ་བྱས་འོད་གསལ་ལྷའི་སྐུར་གྱུར་པར་སྒོམས་ཤིག༔ ཙན་དན་དཀར་དམར་ཛཱ་ཏི་དང་༔ སྤོས་དཀར་མངར་གསུམ་རིལ་བུ་བསྲེག༔ མེད་ནའང་སྤོས་དང་རོལ་མོ་དང་༔ དམིགས་པ་གསལ་བས་དབྱངས་དང་བཅས༔ ཧྲཱིཿ སྔོན་གྱི་བསྐལ་པ་དང་པོ་ལ༔ སོགས། དངོས་གྲུབ་སྩོལ༔ ཧཱུྃ༔ རྒྱ་མཚོ་དྭངས་པའི་ཀློང་
དཀྱིལ་ནས༔ བདུད་ཀྱི་བདུད་གཤེད་འཆི་བདག་གནས་འདིར་གཤེགས༔ སྡེ་བརྒྱད་ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་རིགས་དཀར་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ རྗེའུ་རིགས་སེར་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ བྲམ་ཟེ་དམར་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ དམངས་རིགས་ལྗང་གུ་འདུལ་ཕྱིར་གཤེགས་སུ་གསོལ༔ གདོལ་པ་ནག་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ ཀླུ་རིགས་འབུམ་སྡེ་འདུལ་ཕྱིར་གཤེགས་སུ་གསོལ༔ ས་བདག་སྟོང་སྡེ་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་རིགས་བྱེ་བ་འདུལ་ཕྱིར་གཤེགས་སུ་གསོལ༔ དམུ་རིགས་ས་ཡ་འདུལ་ཕྱིར་གཤེགས་སུ་གསོལ༔ མཛེ་ནད་གཉན་ལྷོག་འདུལ་ཕྱིར་གཤེགས་སུ་གསོལ༔ སློབ་མའི་དུག་གསུམ་དུག་ལྔའི་ནད་གདོན་རྣམས༔ དཔའ་བོ་ཁྱོད་ཀྱི་ཞལ་དུ་ད་གསོལ་ཅིག༔ ཚོགས་རྫོགས་སྒྲིབ་སྦྱང་འདི་ཕྱིའི་བར་ཆད་སོལ༔ བྱིན་བརླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཨོ་ཕེ་ལཾ་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བརྗོད༔ ཡེ་ཤེས་པ་དེ་བརྟན་པར་གྱུར༔ ཏིཥྛ་བཛྲ༔ དེས་དབང་གི་གཞི་བཀོད་པ་སོང་ནས་བུམ་དབང་ཞུ་བའི་ཕྱིར་རྗེས་ཟློས་
མཛོད༔ དཔལ་ལྡན་དུག་གསུམ་འཇོམས་པའི་དཔལ༔ ཀླུ་ཡི་འཇིགས་པ་འཇོམས་མཛད་དཔལ༔ དེ་ཡི་གདོན་ལས་གྲོལ་མཛད་དཔལ༔ བདག་ལ་དབང་བཞི་བསྐུར་དུ་གསོལ༔ སྐུ་ཡིས་བྱིན་གྱིས་བརླབ་པ་དང་༔ ལུས་སྒྲིབ་དག་པར་མཛད་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་དཔྲལ་བའི་ཨོ་ལས་འོད་ཟེར་དཀར་པོ་འཕྲོས༔ བུམ་ལྷའི་དཔྲལ་བར་ཕོག༔ དེ་ལས་འོད་འཕྲོས་རྒྱལ་བ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཨོ་གྱི་རྣམ་པར་བསྡུས༔ རྡོ་རྗེ་འཆང་གི་དཔྲལ་བར་ཐིམ་པས་སྐུ་ལུས་གང་༔ དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ག་པུར་གྱི་ཆུ་རྒྱུན་ལྟ་བུ་ངང་ནར་གྱིས་བྱུང་༔ ཁྱེད་རང་རྣམས་ཀྱི་དཔྲལ་བའི་ཨོཾ་ལ་ཐིམ༔ ལུས་ངང་ལྟེམ་གྱིས་གང་བས༔ ལུས་ཀྱི་ནད་གདོན་ཐམས་ཅད་སངས་ཀྱིས་དག་པར་སྒོམས་ཤིག༔ ཧཱུྃ༔ མི་འགྱུར་སྐུ་མཆོག་མཚན་དཔེའི་རྒྱན་གྱིས་སྤྲས༔ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། སྐུ་ཡི་བྱིན་རླབས་ལུས་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་མ་ལུས་དག་གྱུར་ཅིག༔ ཨོ་ཕེ་ལཾ་ཧཱུྃ༔ ནག་པོ་ཏི་པ་ཙ་ཡ་ན་ག་རཀཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་མགོར་བཞག་བུམ་ཆུ་
བླུད༔ མེ་ཏོག་འཐོར་ཞིང་༔ མི་འགྱུར་སྐུ་མཆོག་མཚན་དཔེའི་རྒྱན་གྱིས་སྤྲས༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་རྡོ་རྗེ་ཡི༔ བྱིན་རླབས་སྐུ་ཡི་བཀྲ་ཤིས་གང་ལགས་པ༔ སྐལ་ལྡན་རིགས་ཀྱི་བུ་ལ་དེང་འདིར་སྩོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧདེས་བུམ་དབང་ཐོབཿ ལྷ་བསྒོམ་པར་དབང་༔ འབྲས་བུ་སྐུ་རྡོ་རྗེའི་ས་བོན་བཞག་པའོ༔ ད་གསུང་དབང་གི་དོན་དུ་རྗེས་ཟློས་མཛོད༔ དཔལ་ལྡན་དུག་གསུམ་འཇོམས་པའི་དཔལ༔ ཀླུ་ཡི་འཇིགས་པ་འཇོམས་མཛད་དཔལ༔ དེ་ཡི་གདོན་ལས་གྲོལ་མཛད་དཔལ༔ བདག་ལ་དབང་བཞི་བསྐུར་དུ་གསོལ༔ གསུང་གི་བྱིན་གྱིས་བརླབ་པ་དང་༔ ངག་སྒྲིབ་དག་པར་མཛད་དུ་གསོལ༔ སློབ་དཔོན་གྱི་མགྲིན་པའི་ཨཡིག་ལས་འོད་ཟེར་དམར་པོ་འཕྲོས༔ བུམ་ལྷའི་མགྲིན་པར་ཕོག༔ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་གསུང་གི་བྱིན་རླབས་ཨཱཡིག་གི་རྣམ་པར་བསྡུསཿ རྡོ་རྗེ་འཆང་གི་མགྲིན་པར་ཐིམ་པས་སྐུ་ལུས་གང་༔ མགྲིན་པའི་ཨཱཡིག་ལས་འོད་ཟེར་རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་བྱོན༔ ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱལ་ཐིམ་པས་ལུས་དམར་ལྟེམ་
གྱིས་གང་༔ ངག་ལ་གནོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ འགག་མེད་གསུང་མཆོག་ཚངས་དབྱངས་རྒྱན་གྱིས་སྤྲསཿ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ གསུང་གི་བྱིན་རླབས་ངག་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་མ་ལུས་དག་གྱུར་ཅིག༔ ཨོ་ཕེ་ལཾ་ཧཱུྃ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀཱ་ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་མགྲིན་པར་བཞག༔ བུམ་ཆུ་བླུད༔ འགག་མེད་གསུང་མཆོག་ཚངས་དབྱངས་རྒྱན་གྱིས་སྤྲས༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་རྡོ་རྗེ་ཡི༔ བྱིན་རླབས་གསུང་གི་བཀྲ་ཤིས་གང་ལགས་པ༔ སྐལ་ལྡན་རིགས་ཀྱི་བུ་ལ་དེང་འདིར་སྩོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ དེས་གསུང་དབང་ཐོབ༔ ངག་སྔགས་བཟླ་བ་ལ་དབང་༔ འབྲས་བུ་གསུང་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་དང་ལྡན་པའོ༔ ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས༔ བུམ་ལྷའི་ཐུགས་ཀར་ཕོག༔ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཐུགས་ཀྱི་བྱིན་རླབས་ཧཱུྃ་གི་རྣམ་པར་བསྡུས༔ རྡོ་རྗེ་འཆང་གི་ཐུགས་ཀར་ཐིམ་པས་སྐུ་གང་༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་
སྤྱི་བཞུར་གྱི་ཁུ་བ་ལྟར་བྱོན༔ ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ལུས་སྔོ་བསྟིམ་གྱིས་གང་༔ སེམས་ལ་གནོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་སྒོམས༔ འཁྲུལ་མེད་ཐུགས་མཆོག་མཁྱེན་བརྩེའི་རྒྱན་གྱིས་སྤྲས༔ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིཐུགས་ཀྱི་བྱིན་རླབས་སེམས་ལ་དབང་བསྐུར་བས༔ སེམས་ཀྱི་སྒྲིབ་པ་མ་ལུས་དག་གྱུར་ཅིག༔ ཨ་ཕེ་ལཾ་ཧོ༔ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྵ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་སྙིང་གར་བཞག༔ བུམ་ཆུ་བླུད༔ འཁྲུལ་མེད་ཐུགས་མཆོག་མཁྱེན་བརྩེའི་རྒྱན་གྱིས་སྤྲས༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་རྡོ་རྗེ་ཡི༔ བྱིན་རླབས་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ༔ སྐལ་ལྡན་རིགས་ཀྱི་བུ་ལ་དེང་འདིར་སྩོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ རྫོགས་རིམ་བསྒོམ་པར་དབང་༔ ་འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ ཡང་སློབ་དཔོན་གྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ བུམ་ལྷའི་གནས་གསུམ་དུ་ཕོག་པས༔ དེ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་
སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྲུ་གསུམ་གྱི་རྣམ་པར་བསྡུསཿ རྡོ་རྗེ་འཆང་གི་གནས་གསུམ་དུ་ཐིམ༔ སྐུ་ལུས་ལྟེམ་གྱིས་གང་༔ སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩི་ཁ་དོག་སྣ་ཚོགས་བྱུང་༔ ཁྱེད་རང་གི་སྒོ་གསུམ་ལ་ཐིམ༔ ལུས་ངག་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་སྒོམས་ཤིག༔ མི་འགྱུར་སྐུ་གསུམ་རྒྱན་གྱིས་རྣམ་པར་སྤྲས༔ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ སྐུ་གསུམ་བྱིན་རླབས་ཡེ་ཤེས་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་མ་ལུས་དག་གྱུར་ཅིག༔ ཨོ་ཕེ་ལཾ་ཧཱུྃ༔ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀཱ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་ལྟེ་བར་བཞག༔ ལུས་གང་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན་པའོ༔ མི་འགྱུར་སྐུ་བཞི་ཡོན་ཏན་རྒྱན་གྱིས་སྤྲས༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་རྡོ་རྗེ་ཡི༔ བྱིན་རླབས་སྐུ་བཞིའི་བཀྲ་ཤིས་གང་ལགས་པ༔ སྐལ་ལྡན་རིགས་ཀྱི་བུ་ལ་དེང་འདིར་སྩོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ དེས་དབང་བཞི་པ་ཐོབ༔ རྫོགས་ཆེན་བསྒོམ་པར་དབང་༔ འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་གྱུར་བའི་
སྐལ་བ་དང་ལྡན་པའོ༔ ད་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ དཔལ་ལྡན་དུག་གསུམ་འཛོམས་པའི་དཔལ༔ ཀླུ་ཡི་འཇིགས་པ་འཇོམས་མཛད་དཔལ—དེ་ཡི་གདོན་ལས་གྲོལ་བའི་དཔལ༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ཁྱེད་རང་རྣམས་ཀྱི་སྤྱི་བོའི་རིགས་བདག་རྡོ་རྗེ་འཆང་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་འཇམ་དཔལ་ན་ག་རཀཱའི་རྣམ་པར་སྤྱན་དྲངས་ནས་གཏོར་མ་ལྷར་གསལ་བ་ལ་ཐིམ༔ དེའི་སྐུ་ལས་ནཱ་ག་རཀཱའི་སྐུ་ཆེ་ཕྲ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས༔ ཁྱེད་རང་རྣམས་ནཱ་ག་རིཀཱའི་སྐུ་མེ་ལོང་ནང་གིས་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་སྒོམས༔ གཏོར་མ་མགོར་བཞག་ལ༔ ཆོས་སྐུ་རྡོ་རྗེ་འཆང་ཆེན༔ འཇམ་དཔལ་ཡེ་ཤེས་སེམས་དཔའ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན༔ ཕུང་མཛད་ཤིན་གནྡྷ༔ གུ་རུ་པདྨ་འབྱུང་གནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན༔ གཏེར་སྟོན་མངའ་བདག་ཡབ་སྲས༔ རྒྱ་ཞང་ཁྲོམ༔ རིན་ཆེན་གླིང་པ༔ རཏྣ་གླིང་པ་ལ་སོགས་རིང་
བརྒྱུད་ཀྱི་བླ་མ་རྣམས་དང་༔ འཇམ་དཔལ་ནཱ་ག་རཀྵ༔ རིག་འཛིན་མི་འགྱུར་རྡོ་རྗེ་ལ་སོགས་པ་བཀའ་བབས་བརྒྱུད་པའི་བླ་མ་རྣམས་ཀྱིས་དབང་བསྐུར་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྐལ་ལྡན་གྱི་རྡོ་རྗེའི་སློབ་མ་འདི་རྣམས་ལ་འཇམ་དཔལ་ནཱ་ག་རཀཱའི་སྐུའི་རྗེས་སུ་གནང་བ་བསྩལ་ནས་ལྷ་སྐུ་མྱུར་དུ་འགྲུབ་པར་གྱུར་ཅིག༔ སྔགས་ཚར་གསུམ༔ འོ་དེས་ནི་སྐུའི་རྗེས་སུ་གནང་བའོ༔ དེ་ནས་སློབ་དཔོན་གྱི་ཐུགས་ཀར་ཉི་མའི་གདན་ལ་ཕེཡིག་གི་མཐར་སྔགས་ཕྲེང་གིས་འཁོར་བ་ལས་སྔགས་ཕྲེང་འཕྲོས༔ ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས༔ ཐུགས་ཀར་ཉི་མའི་གདན་ལ་ཕེཡིག་དམར་ནག་གི་མཐར་གཡས་སུ་འཁོར་བར་བསྒོམས་ལ་རྗེས་ཟློས་མཛོད༔ ཨོ་ཕེ་ལཾ་ཧཱུྃ༔ གསུམ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྵ་ཨོ་ཕེ་ལཾ་ཧཱུྃ༔ སྔགས་དེའི་བསྙེན་པ་ཅུང་ཟད་རེ་བྱ་སྙམ་པས་རྗེས་ཟློས་མཛོད༔ བཅོམ་ལྡན་བདག་ལ་སྦྱིན་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ ལྷག་པའི་བསམ་པ་བརྟན་པོས་ནི༔ ནམ་དུ་ཡང་ནི་མི་གཏོང་ངོ་༔ རྡོ་རྗེ་མེ་ཏོག་མགོར་བཞག༔ བཅོམ་ལྡན་འདི་ལ་གནང་ལགས་ཀྱིསཿ འདི་ལ་འགོ་བར་མཛད་དུ་
གསོལ༔ ལྷག་པའི་བསམ་པ་བརྟན་པོས་ནི༔ ནམ་དུ་ཡང་ནི་མ་གཏོང་ཞིག༔ དེས་ནི་གསུང་གི་རྗེས་སུ་གནང་བའོ༔ དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག༔ དེའི་ཐུགས་ཀ་ནས་འོད་འཕྲོས༔ ཁྱེད་རང་ནཱ་ག་རཀྟར་གསལ་བའི་ཐུགས་ཀར་ཕོག་པས་སྙིང་པདྨ་འདབ་བརྒྱད་ཁ་གྱེན་དུ་ཕྱོགས་པའི་ནང་དུ་ཆོས་འབྱུང་ཁ་སྦྱོར་རྩེ་གཉིས་སྟེང་འོག་ཏུ་ཕྱོགས་པའི་དབུས་གྲི་གུག་གི་ལྟེ་བའི་ནང་དུ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ངོ་བོ་འཇམ་དཔལ་ནཱ་ག་རིཀཱ་ར་གསལ་བའི་ཐུགས་ཀར་ཉི་མའི་གདན་ལ་ཕེ༔ཡིག་དམར་ནག་ལ་སྔགས་ཀྱིས་བསྐོར་བ༔ སྙིང་གི་པདྨ་ཁ་ཟླུམ་པའི་ཕྱི་ནས་སྔགས་ཕྲེང་གཅིག་གིས་དཀྲིས་པར་སྒོམས༔ དེའང་ཀླུ་བདུད་འཁོར་ལོ་ནག་པོ་ཞེས་བྱ་བ་འདིའི་རྒྱུད་ལས༔ རྫོགས་པའི་ཡེ་ཤེས་སྟོང་པ་ཉིད༔ མུན་པ་ལྟ་བུ་དབྱེར་མི་ཕྱེད༔ རྣམ་རྟོག་རིག་པའི་ཆོས་ཉིད་ཀློང་༔ ཞེས་གསུངས་པ་ལྟར་སེམས་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་ཞོག༔ ཨོ་ཕེ་ལཾ་ཧཱུྃ༔ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྟ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག༔ དེས་ནི་ཐུགས་ཀྱི་རྗེས་སུ་གནང་བའོ༔ ད་
བཀའ་གཏད་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ དཔལ་ལྡན་དུག་གསུམ་འཇོམས་པའི་དཔལ༔ ཀླུ་ཡི་འཇིགས་པ་འཇོམས་མཛད་དཔལ༔ དེ་ཡི་གདོན་ལས་གྲོལ་མཛད་དཔལ༔ བདག་ལ་བཀའ་གཏད་བསྩལ་དུ་གསོལ༔ ད་གཏོར་མ་འདི་ཉིད་ཀླུ་བདུད་ནཱ་ག་རཀ༔ སྟེང་དུ་རྡོ་རྗེ་འཆང་ལ་བརྒྱུད་པའི་བླ་མ༔ འཁོར་དུ་ཡེ་ཤེས་ཀྱི་ཀླུ་བརྒྱད་སོགས་འཁོར་དང་བཅས་པ་སྤྱི་བོར་མངོན་སུམ་དུ་བྱོན་པ་ལ༔ ངེད་ཀྱིས་བཀའ་བསྒོས་པས་དེ་ལྟར་བགྱིའོ་ཞེས་ཞལ་གྱིས་བཞེས་པར་སྒོམས་ཤིག༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོ་ཀླུ་བདུད་ནཱ་ག་རཀཱ་འཆི་བདག་མགོ་དགུ་རིག་པའི་རྒྱལ་པོ༔ ཁྱབ་བདག་ཡེ་ཤེས༔ ཡེ་ཤེས་ཀྱི་ཀླུ་བདུད་མགོ་དགུ་པ༔ ཀླུའི་སྲིན་པོ༔ སྨྱོ་ཁའི་རྗེ་བཙན༔ ཕེ་ལམ་འཆི་བདག་ནག་པོ༔ ནཱ་ག་རཱ་ཛ་རཀྵ་ཁྱོད་ལ་སྐལ་ལྡན་རྡོ་རྗེའི་སློབ་མ་འདི་གཏད་དོ༔ བཅོལ་ལོ༔ སྲུངས་ཤིག༔ སྐྱོབས་ཤིག༔ བུ་བཞིན་དུ་འཚོས་ཤིག༔ ཀླུ་རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེ་གདོལ་པ༔ ཀླུ་རིགས་འབུམ་སྡེ༔ གཉན་རིགས་འབུམ་སྡེ༔ ས་བདག་སྟོང་སྡེ༔ དམུ་རིགས་བྱེ་བ་ལ་
སོགས་པ་ས་འདྲེ་ས་སྲིན་གྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ མཛེ་དང་གཉན་དང་ཤུ་བ་དང་ཕོལ་མིག་དང་འབྲས་དང་མེ་དབལ་དང་རྐང་བམ་དང་མཁལ་ནད་དང་དམུ་ཆུ་དང་གག་ལྷོག་གཟེར་གསུམ་ལ་སོགས་པ་ཀླུ་དང་ས་བདག་གི་ནད་ཐམས་ཅད་ཞི་བ་དང་གྲོལ་བ་དང་༔ བྱང་བ་དང་དག་པ་དང་མི་འབྱུང་བར་མཛོད་ཅིག༔ སྔོན་གྱི་ཐུགས་དམ་དང་དམ་ཚིག་ལས་མ་འདའ་ཞིག༔ ཨོ་ནག་པོ་ཏི་པ་ཡ་ཙ་ཡ་ནཱ་ག་རཀྵ༔ རཾ་རཾ་རཾ་རཾ༔ ཁཾ་ཁཾ་ཁཾ་ཁཾ༔ ཡཾ་ཡཾ་ཡཾ་ཡཾ༔ ལཾ་ལཾ་ལཾ་ལཾ༔ ཙ་མ་རི་ཕྱུང་༔ ནཱ་ག་ཕུམཱ་ར་ཡ༔ ཨོ་ཕེ་ལཾ་ཧཱུྃ་བཛྲ་རཀྵ་རཀྵ༔ གཏོར་ཟན་ཅུང་ཟད་སྦྱིན་ཞིང་༔ ཡེ་དྷརྨ་ཚར་གཅིག་བརྗོད༔ དེ་ལྟར་དབང་ཐོབ་ནས་དམ་ཚིག་རྣམས་ཀྱང་ཅི་ནུས་བསྲུང་ཞིང་འདི་ཡི་དམ་དུ་བཟུང་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར། སོགས། གཏང་རག་གི་མཎྜལ་ཕུལ༔ རྗེས་ཆོག་ནི༔ ནཱ་ག་རཀྵ་ཨནྡྷཾ་སོགས། ཧཱུྃ་གདུག་པའི་ཀླུ་གཉན་ས་བདག་རྣམས༔ སྐད་ཅིག་ཙམ་གྱིས་བརླག་མཛད་པ༔ འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི༔ ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད༔ མ་འབྱོར་པ་དང་ཉམས་པ་སོགས། ཡེ་ཤེས་པ་རང་བཞིན་གནས་སུ་བཛྲ་
མཿ དམ་ཚིག་པ་རང་གི་སྙིང་གར་ཨོཾ་ཨཱཿཧཱུྃ༔ རང་ཉིད་ཀྱང་གནས་ནས་དབུས་སུ་ཡལ་ཏེ་སྟོང་པ་ཉིད་དོ༔ དགེ་བ་འདི་ཡིས་མྱུར་དུ་བདག༔ སོགས། དེ་ལྟར་ནཱ་ག་རཀཱའི་མགྱོགས་དབང་འདི༔ རྡོ་རྗེ་འཛིན་པ་བླ་མ་ཕྲིན་ལས་ཀྱིས༔ བསྐུལ་ཡང་འཕྲལ་དུ་མ་འགྲུབ་རྣམ་གཡེང་འགྱང་༔ ལྕགས་ཕོ་ཁྱི་ལོ་སྨིན་དྲུག་ཟླ་བ་ཡི༔ ཉི་ཤུ་གཅིག་དང་གཉི་ས་ཀྱི་ཐུན་སྐབས་སུ༔ རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟརཿ དགེ་སློང་ནག་པོའི་མིང་ཅན་དེ་ཡིས་བྲིས༔ འགལ་འཁྲུལ་ཉེས་པ་གང་མཆིས་ལྷ་ལ་བཤགས༔ གོང་མ་རྣམས་ཀྱིས་མཛད་དང་གཏེར་གྱི་གཞུང་༔ མཐོང་བ་བརྒྱུད་དང་རང་གི་མྱོང་བ་བསྟུན༔ ལེགས་པར་བསྒྲིགས་འདི་རང་བཟོར་མི་དགོངས་འཚལ༔ སྙིགས་མའི་དུས་སུ་ཀླུ་གཉན་ཁ་ལངས་པསཿ ཀླུ་ནད་གཉན་ནད་ས་བདག་ནད་རྣམས་དར༔ ཚེ་མ་འཕོས་ཀྱང་དམྱལ་བའི་སྡུགས་བསྔལ་མྱོང་༔ ཕལ་ཆེར་དུས་མིན་འཆི་བར་གྱུར་པའི་ཚེ༔ སྐྱབས་མེད་མགོན་མེད་སྙིང་རྗེའི་ཡུལ་རྣམས་ལ༔ འདི་དར་སྐྱབས་མགོན་མཆོག་ཏུ་འགྱུར་བར་ཤོག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།