འཇམ་དཔལ་ཡེ་ཤེས་སེམས་དཔའ་ནཱ་ག་རཀྴའི་སྒྲུབ་ཐབས་གཞུང་མན་ངག་གབ་འཁྲུགས་བསལ་ཏེ་འདོན་འགྲིགས་བལྟས་ཆོག
འཇམ་དཔལ་ཡེ་ཤེས་སེམས་དཔའ་ནཱ་ག་རཀྴའི་སྒྲུབ་ཐབས་གཞུང་མན་ངག་གབ་འཁྲུགས་བསལ་ཏེ་འདོན་འགྲིགས་བལྟས་ཆོག་བཞུགས་སོ།།
ན་མོ་མཉྫཤི་ཡེ༔ བཅོམ་ལྡན་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས༔ དེ་ཡི་སྒྲུབ་ཐབས་གཞུང་དང་མན་ངག་དང་༔ ཞལ་ཤེས་གདམས་པ་ཐམས་ཅད་འཁྲུགས་བསྡེབས་ནས༔ བལྟས་ཆོག་གྱེར་སྒོམ་ལག་ཏུ་བླངས་བདེར་བྲི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ དབང་ལུང་ཐོབ་ནས་དབེན་པའི་གནས་སུ་ནི༔ གཏོར་མ་དཀར་གཏོར་སྤྲུལ་ནག་མགོ་དགུའི་གཅུད༔ ཡང་ན་ཟུར་གསུམ་རྩེ་མོ་དགུ་པ་བཅའ༔ ཡོད་ན་སྦྲུལ་དང་ཉ་ཡི་ཤ་ཡིས་བརྒྱན༔ འཇིག་རྟེན་ཀླུ་ལ་དཀར་གཏོར་ཀླུ་སྨན་བཏབ༔ མཆོད་པ་རྣམ་ལྔ་ལ་སོགས་སྤྱི་ལྟར་བཤམས༔ མཚམས་བྱེད་ན་ནི་ཐོག་མར་སྔོན་འགྲོ་ཡི༔ དཀར་བགེགས་གཏོར་མ་སྤྱི་ལྟར་འབུལ་བྱས་ཏེ༔ རྒྱུན་དུ་སྔོན་འགྲོ་གཏོར་མ་མི་དགོས་སོ༔ ངག་གི་བརྗོད་པ་ཡིད་
ཀྱིས་གྱེར་བསྒོམ་བྱ༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང་༔ འཇམ་དཔལ་ཁྱབ་བདག་ནཱ་ག་རཀཱ་ལ༔ དེང་ནས་བཟུང་སྟེ་རྟག་ཏུ་སྐྱབས་སུ་མཆི༔ བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་དེ༔ འགྲོ་བ་ཀུན་གྱི་ཀླུ་ནད་བསལ་བའི་ཕྱིར༔ བཅོམ་ལྡན་ནཱ་ག་རཀྵ་བསྒྲུབ་པར་བྱ༔ ཨ། ཆོས་ཀུན་དམིགས་མེད་སྟོང་པའི་ངང་ཉིད་ལ༔ འབྱུང་བ་བཞི་པོའི་དཀྱིལ་འཁོར་རིམ་བརྩེགས་སྟེང་༔ ཆོས་ཉིད་རང་མདངས་འཁྲུགས་པའི་རྒྱ་མཚོ་ཆེ༔ སྦྲུལ་རིགས་ལྔ་ཡི་གུར་ཁང་ཕུབ་པའི་ནང་༔ སྣ་ཚོགས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་༔ ཀླུ་བརྒྱད་
ཀ་གདུང་སྦྲུལ་གྱི་དྲལ་གྲབ་བྱསཿ རིན་ཆེན་མེ་ཏོག་དུ་མས་རྣམ་པར་སྤྲསཿ ཀླུ་རིགས་ས་བདག་ཐམས་ཅད་གཅལ་དུ་བཀྲམ༔ གདུག་པའི་ཀླུ་རྣམས་གདན་དུ་བཏིང་བའི་སྟེང་༔ རང་གི་སེམས་ཉིད་ཕེ་ཡིག་ནག་པོ་ལས༔ འོད་འཕྲོས་རྒྱལ་བ་རྣམས་མཆོད་མཐུ་ནུས་བསྡུས༔ སེམས་ཅན་རྣམས་ཀྱི་ཀླུ་ཡི་ནད་གདོན་བསལ༔ ཚུར་འདུས་ཕེ་རཀཱ་ཀེ་ཏུ་ཧཱུྃ་བརྗོད་པསཿ རང་ཉིད་འཇམ་དབྱངས་ནཱ་ག་རཀཱའི་སྐུ༔ སྐུ་མདོག་ནག་པོ་དུག་ཆེན་ཧ་ལའི་མདོག༔ རྩ་ཞལ་སྤྱན་གསུམ་མཆེ་གཙིགས་སྲིན་པོའི་ཞལ༔ སྦྲུལ་མགོ་དགུ་ནི་བར་སྣང་ཁམས་སུ་འཕྱོ༔ ཕྱག་ནི་བཅུ་དྲུག་གཡས་བརྒྱད་གྲི་གུག་དང་༔ གཡོན་བརྒྱད་སྦྲུལ་ནག་རྩ་ཕྱག་ཐུགས་ཀར་བསྣོལ༔ སྦྲུལ་རིགས་ལྔ་ཡི་ཕྱག་གདུབ་དོ་ཤལ་བྱས། བ་སྤུའི་རྩེ་ནས་སྡོམ་སྡིག་ཚྭ་ཚྭ་འཕྲོ༔ ཨིཀའི་སྒྲ་སྒྲོག་ཀླུ་གཉན་སྣང་བར་བྱེད༔ སྐུ་ནི་ཆེ་བརྒྱད་རི་རབ་སྐུ་རྒྱབ་བརྟེན༔ སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ནང་དུ་འཁྱིལ༔ ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས༔ དབུ་གཙུག་སྦྲུལ་མགོ་དབུས་མའི་སྤྱི་བོ་ན༔ སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ ངོ་བོ་གུ་རུ་པདྨ་འབྱུང་གནས་ལ༔ རྣམ་པ་རྡོ་
རྗེ་འཆང་གི་ཆ་ལུགས་ཅན༔ མཐིང་མདོག་སྐྱིལ་ཀྲུང་རྡོ་དྲིལ་ཐུགས་ཀར་བསྣོལ༔ མཚན་དཔེའི་རབ་རྫོགས་དར་དང་རིན་ཆེན་བརྒྱན༔ བདག་དང་རྡོ་རྗེ་འཆང་ཆེན་པ་གཉིས་ཀ་ཡི༔ དཔྲལ་བར་ཨོཾ་དཀ།ར་མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུཾ་མཐིང་དེ་ལས་འོད་འཕྲོས་པས༔ རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོ་དང་༔ འཇིག་རྟེན་འདས་དང་མ་འདས་སོ་མཚམས་ཀྱི༔ ཆོས་ཉིད་རང་མདངས་འཁྲུགས་པའི་རྒྱ་མཚོ་ནས༔ པད་འབྱུང་ནཱ་ག་རཀའི་ལྷ་ཚོགས་རྣམས༔ ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཧཱུྃ་བཾ་ཧོ་གཉིས་སུ་མེད་པར་གྱུར༔ སླར་ཡང་སྤྱི་བོའི་རྡོ་རྗེ་འཆང་ཆེན་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་ཐམས་ཅད་སྤྱན་དྲངས་ཏེ༔ ཐམས་ཅད་རྡོ་རྗེ་འཆང་ལ་དབྱེར་མེད་ཐིམ༔ སངས་རྒྱས་ཐམས་ཅད་འདུས་པའི་རིན་པོ་ཆེ༔ པད་འབྱུང་རྡོ་རྗེ་འཆང་ལ་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ དེ་ལྟར་དད་གུས་དྲག་པོས་གསོལ་བཏབ་པསཿ རྡོ་རྗེ་འཆང་གི་དཔྲལ་བའི་ཨོཾ་ཡིག་ལས༔ འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས༔ སངས་རྒྱས་
ཀུན་གྱི་སྐུ་ཡི་བྱིན་རླབས་བསྡུས༔ རང་གི་དཔྲལ་བའི་ཨོཾ་ཡིག་ལ་ཐིམ་པས༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ བུམ་པའི་དབང་ཐོབ་བདག་གི་ལུས་འདི་ཉིད༔ འཇམ་དཔལ་སྐུ་ཡི་རྡོ་རྗེའི་ངོ་བོ་གྱུར༔ རྡོ་རྗེ་འཆང་གི་མགྲིན་པའི་ཨཱཋཡིག་ལས༔ འོད་ཟེར་དམར་པོ་ཕྱོགས་བཅུའི་ཞིང་དུ་འཕྲོས༔ རྒྱལ་བ་ཀུན་གྱི་གསུང་གི་བྱིན་རླབས་བསྡུས༔ བདག་གི་མགྲིན་པའི་ཨཱཋཡིག་ལ་ཐིམ་པས༔ ངག་གི་དིག་ལྷུགས་སྡིག་སྒྲིབ་ཐམས་ཅད་དག༔ གསང་བའི་དབང་ཐོབ་བདག་གི་ངག་འདི་ཉིད༔ འཇམ་དབྱངས་གསུང་གི་རྡོ་རྗེའི་ངོ་བོར་གྱུརཿ རྡོ་རྗེ་འཆང་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་ཁྱབ་པར་འཕྲོས༔ བདེ་གཤེགས་ཀུན་གྱི་ཐུགས་ཀྱི་བྱིན་རླབས་བསྡུས༔ བདག་གི་ཐུགས་ཀའི་ཆ་སྨད་ཧཱུྃ་ལ་ཐིམ༔ ཡིད་སྒྲིབ་ཡིད་མི་བདེ་བའི་ནད་རྣམས་དག༔ ཤེས་རབ་ཡེ་ཤེས་དབང་ཐོབ་རང་གི་སེམས༔ འཇམ་དཔལ་ཐུགས་ཀྱི་རྡོ་གྱུར་རྡོ་རྗེ་འཆང་གི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་
མཆོད༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་རླབས་ཀུན༔ འོད་ཟེར་དཀར་དམར་མཐིང་གསུམ་རྣམ་པར་བསྡུསཿ རང་གི་གནས་གསུམ་ཡིག་འབྲུ་གསུམ་ལ་ཐིམ༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་དག༔ བཞི་པའི་དབང་ཐོབ་རང་གི་ལུས་ངག་ཡིད༔ འཇམ་དཔལ་སྐུ་གསུང་དབྱེར་མེད་རྡོ་རྗེར་གྱུར༔ དེ་ནས་རང་གི་ཐུགས་ཀའི་དབུས་ཉིད་དུ༔ གསེར་གྱི་འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ ལྟེ་བར་ཕེ་ཡིག་ནག་པོ་འགྲེང་ཐབས་གནས༔ རྩིབས་བཞིར་འབྲུ་བཞི་མུ་ཁྱུད་སྔགས་རིང་བསྐོར༔ དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ བདག་གི་ལུས་པོ་འོད་ཀྱིས་གང་བ་ཡི༔ ལུས་ལ་ཞེན་པའི་ཀླུ་ཡི་ནད་གདོན་ཀུན༔ རྩིག་གསེང་དུ་བ་རླུང་གིས་དེད་པ་ལྟརཿ བ་སྤུའི་བུ་ག་དབང་པོའི་སྒོ་རྣམས་ནསཿ ན་བུན་འཇའ་ཚོན་རྣག་ཁྲག་འབུ་སྲིན་གཟུགས༔ ཉིལ་ཉིལ་ཐོན་ནས་བར་སྣང་ཁམས་སུ་ཡལ༔ བདག་ལུས་དྲི་མེད་ཤེལ་ལྟར་དག་པར་གྱུར༔ དེ་ལྟར་བསྒོམ་ཞིང་ཡིག་འབྲུ་བཞི་པ་བཟླ༔ དེ་ནི་ཞི་བ་བསྙེན་པའི་དམིགས་རིམ་མོ༔ རང་གི་ཐུགས་ཀའི་ཕེ་ཡིག་ནག་པོ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ ཕྱོགས་
བཅུའི་བདེར་གཤེགས་སྲས་བཅས་ཐམས་ཅད་མཆོད༔ དེ་དག་ཐམས་ཅད་སྐད་ཅིག་དེ་ཉིད་ལ༔ འཇམ་དཔལ་ནཱ་ག་རཀཱའི་སྐུར་གྱུར་ཏེ༔ ཆར་བཞིན་བབས་ནས་བདག་ལ་སིབ་སིབ་ཐིམ༔ སླར་ཡང་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི༔ སྡིག་སྒྲིབ་ཀླུ་དང་ས་བདག་ནད་རྣམས་བསལ༔ ཐམས་ཅད་འཇམ་དཔལ་གོ་འཕང་ལ་བཀོད་ནས༔ མཐུ་དང་ནུས་པ་ཚུར་བསྡུས་བདག་ལ་ཐིམ༔ བདག་ཉིད་མཐུ་སྟོབས་གཟི་བརྗིད་རབ་ཏུ་རྒྱས༔ ཀླུ་དང་སྣང་སྲིད་ལྷ་སྲིན་ཐམས་ཅད་ཀུན༔ བཀའ་ཉན་གསུང་སྡོད་སྲོག་སྙིང་བདག་ལ་ཕུལ༔ འདར་ཞིང་གང་བཅོལ་ཕྲིན་ལས་བསྒྲུབ་པར་གྱུརཿ དམིགས་པ་དེ་བསྒོམ་འབྲུ་བཞི་བཟླས་པ་ནི༔ བྱིན་རླབས་བསྡུ་བ་བསྒྲུབ་པའི་རིམ་པ་ཡིན༔ རང་གི་ཐུགས་ཀའི་ཕེ་ཡིག་མི་གཡོ་བརྟན༔ ཡིག་འབྲུ་བཞི་པོ་གཡས་སུ་དྲག་ཏུ་འཁོར༔ སྔགས་ཕྲེང་དེ་ལས་མེ་འབར་བདག་ལུས་གང་༔ ལུས་ཀྱི་ཀླུ་ནད་ཀླུ་གདོན་ཐམས་ཅད་བསྲེག༔ ལུས་ནང་མེ་ཡི་རང་བཞིན་ལྕགས་སྲེག་ལྟར༔ མེ་ལྕེ་བ་སྤུའི་སྒོ་ནས་ཕྱིར་འཕྲོས་པས༔ བདག་ལུས་མེ་དཔུང་རབ་འབར་ཚྭ་ཚྭ་འཕྲོས༔ གནོད་བྱེད་གདོན་བགེགས་ཀླུ་གདོན་ཐམས་ཅད་བསྲེག༔ དམིགས་པ་དེ་
བསྒོམ་བཟླས་པ་ལས་སྦྱོར་ཡིན༔ ཐུན་རེ་ལ་ཡང་གསུམ་ཀ་ཚང་བར་བྱ༔ སྔགས་གྲངས་མང་ཉུང་རང་གི་ཅི་འདོད་ཡིན༔ བཟླ་བྱའི་སྔགས་ནི་ཡིག་འབྲུ་བཞི་པ་སྟེ༔ ཨོ་ཕེ་ལཾ་ཧཱུྃ༔ ཐུན་རེར་ལྔ་སྟོང་གཉིས་སྟོང་དང་༔ གཅིག་སྟོང་བརྒྱ་ཡན་མང་ཉུང་ཅི་འགྲུབ་བཟླས༔ ཐུན་མཚམས་གཏོར་མ་འབུལ་བའི་རིམ་པ་ནི༔ གཙོ་བོའི་གཏོར་མ་སྦལ་སྦྲུལ་ཤ་ཡིས་བརྒྱན༔ འཁོར་ལ་དཀར་གཏོར་གཙང་མར་ཀླུ་སྨན་བཏབ༔ གཉིས་ཀ་འོ་མ་ཆུ་གཙང་བྲན་བྱས་ལ༔ བླ་མ་གཏོར་མ་ལོགས་སུ་ཡོད་ཀྱང་བྲན༔ དེ་དག་གཏོར་བསྔོས་ནམ་བྱེད་གསོ་བྲན་བྱ༔ ཧཱུྃ༔ ལྷོ་ནུབ་ལྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ གུ་རུ་པདྨ་རིག་འཛིན་རྒྱ་མཚོའི་ཚོགས༔ ཁྱེད་ཀྱི་རྗེས་སུ་རྣལ་འབྱོར་བདག་བསྒྲུབ་ཀྱིས༔ སྐལ་ལྡན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཇིག་རྟེན་འདས་དང་མ་འདས་སོ་མཚམས་ཀྱི༔ ཆོས་ཉིད་རང་མདངས་འཁྲུགས་པའི་རྒྱ་མཚོ་ནསཿ ནཱ་ག་རཀཱའི་འཇམ་དཔལ་ཁྲོས་པའི་སྐུ་ཁྱེད་ཀྱི་གདུལ་བྱ་ཀླུ་གཉན་འདིར་མཆིས་ན༔ དམ་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག༔ ནཱ་ག་རཀཱའི་བཀའ་ཉན་འཁོར་གྱི་ཚོགས༔ ཀླུ་ཆེན་བརྒྱད་དང་ཀླུ་རིགས་ལྔ་ཡི་ཚོགསཿ སྔོན་གྱི་ཁས་བླངས་དམ་ཚིག་དྲན་མཛོད་
ལ༔ རང་ནད་རང་གིས་ལེན་ཕྱིར་འདིར་འདུས་ཤིག༔ རྒྱ་མཚོ་རིན་ཆེན་གཞལ་ཡས་པད་ཟླའི་གདན༔ རང་རང་གཙོ་འཁོར་འཚམས་པའི་གདན་ལ་བཞུགསཿ སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ལ༔ བདག་དང་བསྲུང་བྱའི་ཀླུ་ནད་ཞི་བ་དང་༔ གང་བཅོལ་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ གུ་རུ་ནཱ་ག་རཀྵ༔ ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ས་མ་ཡ་སྟོ༔ ས་མ་ཡ་ཧོ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུཾ་ལས་རིན་ཆེན་སྣོད༔ ཡངས་ཤིང་རྒྱ་ཆེ་དཔག་ཏུ་མེད་པའི་ནང་༔ ཨོ་ལས་གཏོར་མ་ཟག་མེད་བདུད་རྩིའི་མཚོ༔ ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས༔ གཞན་ཡང་ཀུན་བཟང་བླ་མེད་མཆོད་པའི་སྤྲིན༔ ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩི་བསྒྱུརཿ རང་ལས་སྤྲུལ་པའི་ལྷ་མོ་དཔག་མེད་ཀྱིས༔ རིན་ཆེན་གཞོང་པའི་བདུད་རྩིའི་རྒྱུ་མཚོ་ནསཿ བཅུས་ཤིང་གཏོར་མགྲོན་རྣམས་ལ་སོ་སོར་མཆོད༔ མཆོད་པ་དུ་མས་མཆོད་ཅིང་བསྟོད་པར་གྱུརཿ ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལཿ བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན༔ འབྲུ་སྨན་རྩི་
བཅུད་དར་ཟབ་རིན་པོ་ཆེ༔ གཏོར་མ་ཀླུ་སྨན་སོ་སོའི་གང་འདོད་རྫས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ པདྨ་འབྱུང་གནས་བརྒྱུད་པར་བཅས་ལ་འབུལ༔ ཡི་དམ་ནཱ་ག་རཀཱའི་ཚོགས་ལ་འབུལ༔ ཀླུ་བརྒྱད་རིགས་ལྔའི་ཀླུ་རིགས་ཀུན་ལ་འབུལ༔ གཉན་དང་ཡུལ་ལྷ་གཞི་བདག་རྣམས་ལ་འབུལ༔ གནས་བདག་དཀོར་བདག་སྲུང་མ་རྣམས་ལ་འབུལ༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ཀླུ་ནད་གཉན་ནད་ས་བདག་ནད་རྣམས་དང་༔ རྐྱེན་ངན་བར་ཆད་ཐམས་ཅད་ཞི་བར་མཛོད༔ ཚེ་དང་བསོད་ནམས་བདེ་སྐྱིད་རྒྱས་པར་མཛོད༔ སྣང་སྲིད་ཀླུ་གཉན་བདག་གིས་དབང་སྡུད་ཅིང་༔ གནོད་བྱེད་གདོན་བགེགས་ཀླུ་གདོན་ཚར་ཆོད་ཅིག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྷི་ཧཱུྃ༔ ཨི་དཾ་བྷ་ལིངྐ་ཁ་ཁ་ཁཱ་ཧི༔ གསུམ། ནག་པོ་ཏི་པ་ཙ་ཡ་ན་ག་རཀཱ་ཨོ་ཕེ་ལཾ་ཧཱུྃ༔ ཨི་དཾ་བྷ་ལིངྐ་ཁ་ཁ་ཁཱ་ཧི༔ ལན་གསུམ་མམ་བདུན་འབུལ། ཨོཾ་ནཱ་ག་ར་ཛ་ཨ༔ ནཱ་ག་སརྦ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཏྟ་ཁ་ཁ་ཁཱ་ཧི༔ ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེཤ །གནྡྷེ།
ནེ་ཝི་ཏྱ། ཤཔྟ་སརྦ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱཿ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་འདས་གཉིས་ཀྱི་སོ་མཚམས་ན༔ རྒྱ་མཚོ་ཆེན་པོ་དྭངས་པའི་ནང་༔ སྦྲུལ་ནག་འཁྱིལ་པའི་ཀློང་དཀྱིལ་ནས༔ རིགས་རྒྱལ་ཀླུ་རྒྱལ་མགོ་དགུ་པཿ བདུད་ཀྱི་བདུད་གཅིག་ཀླུ་ཡི་བདུད༔ སྐུ་ནི་རི་རབ་ངོས་ལ་བརྟེན༔ མཇུག་མ་རྒྱ་མཚོའི་སྟེང་ན་བཞུགས༔ ཕྱག་ནི་བཅུ་དྲུག་གཡས་བརྒྱད་ན༔ གྲི་གུག་གཡོན་བརྒྱད་སྦྲུལ་ཞགས་བསྣམས༔ དབུ་ནི་བར་སྣང་ཁམས་སུ་འཕྱོ༔ ཞལ་ནས་གདུག་པའི་སྒྲ་སྐད་སྒྲོག༔ འཇིགས་བྱེད་ཨིཀཱའི་སྒྲ་སྒྲོག་པ༔ སྡོམ་དང་སྡིག་པའི་རྩྭ་ཚྭ་འཕྲོ༔ སྤྱན་ནི་དྲག་པོའི་ཧུར་ཐུམ་གཟིགས༔ མཆེ་བ་རྣོ་ཞལ་དམར་ནག་གདོང་༔ ཀླུ་གཉན་ས་བདག་གདུག་པ་ཅན༔ བ་སུ་རིགས་དྲུག་ཟས་སུ་ཟླ༔ རྒྱལ་རིགས་མགུལ་ཆུ་དོ་ཤལ་བྱས༔ བྲམ་ཟེ་རིགས་ཀྱི་ཕྱག་གདུབ་བྱསཿ དམངས་རིགས་ཚོགས་རྣམས་སྐེད་ལ་དཀྲིས༔ རིགས་ངན་གདོལ་པ་ཞབས་འོག་མནན༔ གདུག་པའི་ས་བདག་ཀླུ་
གཉན་རྣམསཿ སྐད་ཅིག་ཙམ་གྱིས་འདུལ་མཛད་པ༔ འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི༔ ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད༔ ཀླུ་རིགས་བཞི་ལ་སོགས་པ་ཡང་༔ སྐུ་སྟོད་སྐྱེས་བུའི་ཆ་བྱད་ལ༔ སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ ཀླུ་ཕྲན་མང་པོའི་འཁོར་གྱིས་བསྐོར༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ མཉེས་ཤིང་དགྱེས་པའི་ལས་རྣམས་མཛོད༔ མཐོང་བའི་དུག་དང་རེག་པའི་དུག༔ ཁ་རླངས་དུག་ལ་སོགས་པ་ཡི༔ ཀླུ་ཡི་དུག་རྣམས་ཞི་བར་མཛོད༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ ཕ་མྱེས་སྔ་རབས་ཕྱིན་ཆད་དང་༔ བུ་ཚ་ཕྱི་རབས་ཡན་ཆད་དང་༔ སྐྱེ་བ་བདུན་བརྒྱུད་ཚུན་ཆོད་ནས༔ དམ་ཚིག་ཚིག་ཉམས་འགལ་འཁྲུལ་དང་༔ ཀླུ་ཡི་ཐུགས་དང་ཅི་འགལ་བ༔ ཐམས་ཅད་མཐོལ་བཤགས་བཟོད་པར་གསོལ༔ ཨོ་ས་མ་ཡ༔ ཨཱས་མ་ཡ༔ ཧཱུཾ་ས་མཱ་ཡ༔ ཨོ་ཕེ་ལཾ་ཧཾ༔ ནཱ་ག་རཱ་ཛཿ ཨོཾ་བཛྲ་སཏཱ་ས་མཱ་ཡ༔ ཞེས་པ་ནས༔ སཏཱ་ཨཱཿ ཞེས་ཡིག་བརྒྱ་གསུམ་མམ་གཅིག་བརྗོད༔ འཇིག་རྟེན་པ་ཡི་མགྲོན་རྣམས་ཀུན༔ སོ་སོ་རང་རང་གནས་སུ་
དེངས༔ སརྦ་ན་ག་བཛྲ་མུ༔ ཡེ་ཤེས་པ་རྣམས་བདག་ལ་ཐིམ། དམ་ཚིག་སྣོད་བཅུད་ཐམས་ཅད་ཀུན༔ འོད་དུ་ཞུ་ནས་བདག་ལ་ཐིམ༔ བདག་ཉིད་ཐུགས་ཀའི་ཕེ་ལ་ཐིམ༔ དེ་ཡང་དངོས་མེད་འཇའ་ལྟར་ཡལ༔ ཚུར་ལྟོས་རང་གི་སེམས་ལ་ལྟོས༔ བལྟས་པས་མི་མཐོང་དངོས་པོ་མེད༔ མ་མཐོང་བ་དེ་མཐོང་བའི་མཆོག༔ སྟོང་པ་ཉིད་ཅེས་དེ་ལ་ཟེརཿ དུག་ལྔའི་ཚུབ་འཁྲུག་གས་ཅི་ཤར་ཡང་༔ རང་ངོར་བལྟས་པས་རང་སར་ཞི༔ ཡེ་ཤེས་ལྔ་ཡི་དཔལ་འཕེལ་བས༔ འཇམ་དཔལ་ཞེས་ཀྱང་དེ་ལ་ཟེརཿ སེམས་ལ་སྐྱེ་འཆི་བསྒྲེས་རྒུད་མེད༔ གཞོན་ནུར་གྱུར་པ་རང་གི་སེམས༔ རང་སེམས་ངོ་བོ་མཐོང་བ་ན༔ དོན་གྱི་འཇམ་དབྱངས་ཞལ་མཐོང་ཡིན༔ དེ་ཕྱིར་རང་གི་སེམས་ལ་ལྟོསཿ བཟོ་བཅོས་མ་བྱེད་ཀློད་དེ་ཞོག༔ ཀློད་དེ་ཞོག་ལ་ཧྲིག་གེ་ལྟོས༔ སྨྲ་བསམ་བརྗོད་ལས་འདས་པའི་དོན༔ རང་གི་ རྒྱུད་ལ་མངོན་སུམ་འཆར༔ འདི་ལྟར་བསྐྱེད་རྫོགས་སྒོམ་བཟླས་སོགས༔ དུས་གསུམ ་དགེ་བ་ཅི་བསགས་མཐུས༔ ཚེ་འདིར་ཚེ་རིང་ནད་མེད་ཅིང་༔ དཔལ་འབྱོར་ཉམས་རྟོགས་འཕེལ་ཞིང་རྒྱས༔ ནམ་ཞིག་མི་གནས་འཕོ་བའི་ཚེ༔ བདེ་
བ་ཅན་གྱི་ཞིང་ཁམས་སུ༔ པདྨའི་མཆོག་ལ་རྫུས་སྐྱེས་ནསཿ ས་བཅུའི་སྤོ་ལ་རབ་གནས་ཤོག༔ སློབ་དཔོན་པདྨའི་བཀྲ་ཤིས་ཤོག༔ འཇམ་པའི་དབྱངས་ཀྱི་བཀྲ་ཤིས་ཤོག༔ མི་མགོན་དཀར་པོའི་བཀྲ་ཤིས་ཤོག༔ མངྒ་ལཾ་སརྦ་སིདྡྷི་ཧཱུྃ༔ དེ་ནས་ཐུན་མཚམས་འདི་རུ་ངག་ནི་བཏང་ཡང་རུང་༔ དེ་ལྟར་ཐུན་བཞིན་བསྙེན་སྒྲུབ་བྱ་བའམ༔ རྒྱུན་དུ་ཐུན་རེར་ཉམས་ལེན་མ་ཆག་བྱ༔ སྔགས་གྲངས་སུམ་འབུམ་བཟླས་ན་རྟགས་འབྱུང་གསུངས༔ ལྷ་ཡི་རྟགས་དང་གདོན་རྟགས་ནོར་དོགས་ཡོདཿ ཅི་ཕྱིར་ཞེ་ན་གདོན་ཡང་ཀླུ་ཡིན་ལ༔ ལྷ་འདི་ཉིད་ཀྱང་ཀླུ་རིགས་ཡིན་ཕྱིར་ནོར༔ ལུས་ལ་ཀླུ་ཡི་དུག་དང་ཁ་རླངས་དུག༔ རྩ་རྒྱུད་ནས་ཞུགས་འབུ་སྲིན་གཟུགས་སུ་ཡོད༔ དེ་རྣམས་སྔགས་ཀྱི་ནུས་པས་མ་བཟོད་ནས༔ འབྲོས་ལམ་ཚོལ་ཕྱིར་ལུས་པོ་མི་བདེ་སྟེ༔ བཤུལ་དང་རྒང་རྒྱུད་ན་ཞིང་ཟ་ཕྲུག་ལང་༔ ཤ་འགུལ་ཚ་ཚ་འབྱུང་ཞིང་ནད་ཀྱང་ཐུ༔ དེ་ཚེ་ཞག་བར་མི་འདོན་སྒྱུར་བྱ་ཞིང་༔ མངོན་རྟོགས་གཏོར་བསྔོས་མ་ཆག་ཙམ་རེ་བྱ༔ སྔགས་དེ་བསྒྱུར་ན་ལུས་པོ་བདེ་ཉམས་འབྱུང་༔ དེ་ནས་སྔར་ལྟར་སྔགས་དང་བསྙེན་བསྒྲུབ་བྱ༔ དེ་ལྟར་སྒྱུར་ཤོམ་མགོ་བསྐོར་ལན་གསུམ་བྱ༔ དེ་ནས་ལུས་ལས་ནད་གདོན་ཐོན་པའི་རྟགས༔ རབས་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ ལུས་ལས་སྦལ་སྦྲུལ་སྡོམ་སྡིག་འབུ་སྲིན་ཐོན༔ ཤིག་མདོག་དམར་པོ་སྔོན་པོ་སྔར་མེད་འབྱུང་༔ ཆུ་རྟགས་ནང་དུ་འབུ་སྲིན་རོ་
འདྲ་དང་༔ འཇའ་ཚོན་བ་དག་འདྲ་བའི་ར་རོ་འབྱུང་༔ རྨི་ལམ་མཚོ་དང་རྫིང་བུ་ཆུ་མིག་སྐམ༔ ཉ་ལྕོང་སྦལ་སྦྲུལ་ཆུ་གནས་ཤི་དང་རུལ༔ ཆུ་གནས་སྣ་ཚོགས་རང་ངམ་གཞན་གྱིས་བསདི༔ མི་དང་གཡག་སོགས་དུད་འགྲོ་རང་གིས་བསད༔ རྫིང་བུ་ཐོས་དང་ནགས་ཚལ་མེ་ལ་བསྲེག༔ ལུས་ལ་མེ་འབར་ཚྭ་ཚྭ་འཐུལ་བ་སོགས༔ རྨི་རྟགས་བཟང་ཞིང་སེམས་དགའ་ཁམས་དྭངས་ཡང་༔ ད་རུང་ལུས་པོ་ཅུང་ཟད་མ་བདེ་ན༔ སྔགས་ཀྱི་ནུས་པས་ནད་ཀྱི་འབུ་སྲིན་རྣམས༔ རྩ་རྒྱུད་ནང་ནས་ཤི་བའི་རོ་མ་ཡོད༔ དེ་རྣམས་སྔགས་ཀྱིས་ཐོན་པར་མི་འགྱུར་བས་སྨན་པ་མཁས་པས་རྩ་སྦྱོང་གཏོང་བར་བྱ༔ དེ་ནས་ནད་ནི་ཐམས་ཅད་ཕན་འགྱུར་ཞིང་༔ རང་ཉིད་རྒྱ་མཚོའི་ནང་དུ་ཕྱིན་པ་དང་༔ རང་ཉིད་ནཱ་ག་རཀཱའི་ང་རྒྱལ་གྱིས་ཀླུ་ཡི་ཆོ་འཕྲུལ་ཆུ་གནས་བསད་ཅིང་ཟོས༔ ཁྱི་དང་གཅན་གཟན་ཆད་ཅིང་དུད་འགྲོ་བསད༔ རང་ཉིད་ཉམས་རྟོགས་འཕེལ་ཞིང་བསྐྱེད་རིམ་གསལ༔ དེ་དུས་རྐང་རྒྱུད་ན་ཞིང་ཁོལ་བ་དང་༔ ལུས་པོ་བརྩེ་ཞིང་སྦྲིད་ལ་བས་ལྡག་དང་༔ ཤུ་བ་ཐོར་པ་བྱུང་ན་ལྷ་རྟགས་ཡིན༔ དེ་ནི་གསང་བའི་རྒྱ་ཡིས་ཐེབ་པ་སྟེ༔ ཚེ་རབས་ཀུན་ཏུ་ཀླུ་ཡི་གནོད་མི་སྲིད༔ དེ་ནས་ཚོད་བཟུང་སྔགས་ནི་བཟླ་མི་རུང་༔ ད་རུང་བཟླས་ན་དབྱར་རེ་རྒྱུན་རེ་ཙམ༔ ལུས་པོ་ཤུ་བ་ཐོར་པས་གང་ཉེན་ཡོད༔ ད་རུང་བཟླས་ན་སྲོག་ལ་ཡ་ང་༔ ཅི་ཕྱིར་འདི་ནི་དྲག་སྔགས་ཤིན་ཏུ་རྩུབ༔ ནད་གདོན་ཞི་ནས་མང་པོ་བཟླ་མི་རུང༔ གཏོར་བསྔོས་སྔགས་གྲངས་བརྒྱ་སྟོང་ཅི་རིགས་པ༔ མ་སྒྱུར་ཙམ་
རེ་རང་སྲུང་རྒྱུན་དུ་བྱ༔ དེ་བས་མང་བའི་བསྙེན་པ་མི་བྱའོ༔ གལ་ཏེ་ནད་གདོན་ཧ་ཅང་ཚན་ཆེ་བས༔ འབྲུ་བཞིའི་སྔགས་དེ་བྱེ་བ་གཅིག་གཉིས་ཙམ༔ བཟླས་ཀྱང་དངོས་ཉམས་རྟགས་མཚན་མ་བྱུང་ན༔ བསྙེན་སྒྲུབ་སྐབས་སུ་གཞན་རྣམས་སྔར་དང་འདྲ༔ ནག་པོ་ཏི་པ་ཙ་ཡ་ན་ག་རཀཱ་ཨོ་ཕེ་ལཾ་ཧཱུྃ༔ སྔགས་འབྲུ་བཅུ་བཞི་འདི་བཟླས་རྟགས་རྣམས་འབྱུང་༔ གལ་ཏེ་ཤིན་ཏུ་ནད་གདོན་ཚན་ཆེ་བས༔ རྨིས་རྟགས་བྱུང་ཡང་ནད་ནི་ཕན་དཀའ་ན༔ ཀླུ་ཡི་དུག་ཕྱུང་སྔགས་རིང་འདི་ཉིད་བཟླས༔ ཨོ་ནག་པོ་ཏི་པ་ཙ་ཡ༔ ན་ག་རཀྵ༔ རཾ་རཾ་རཾ་རཾ༔ ཁཾ་ཁཾ་ཁཾ་ཁཾ༔ ཡཾ་ཡཾ་ཡཾ་ཡཾ༔ ཨོཾ་མཾ་མཾ་མཾ༔ ཙ་མ་རི་ཕྱུང་༔ ནཱ་ག་ཕུ༔ མཱ་ར་ཡ༔ ཨོ་ཕེ་ལཾ་ཧཱུཾ༔ ཞེས་བཟླས་ཀླུ་ཡི་དུག་རིགས་ཐམས་ཅད་སེལ༔ འདི་ཡིས་ནད་རྣམས་སེལ་བར་ཐེ་ཚོམ་མེད༔ དགྲ་ནི་ཐེ་ཚོམ་ཡིན་པས་ཐེ་ཚོམ་སྤང་༔ གྲོགས་ནི་དད་པ་ཡིན་པས་དད་པ་བསྐྱེད༔ ཅི་མཛད་ཁྱེད་ཤེས་དད་པས་བྱིན་རླབས་འཇུག༔ དེ་ཕྱིར་ལྷ་དང་སྔགས་ལ་གློ་སྙིང་གཏད༔ དེ་བྱས་ཚེ་འདིར་བར་ཆད་སེལ་བ་དང་༔ ཕྱི་མ་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ དེ་ལ་བསླུས་ན་འཇམ་དབྱངས་པད་འབྱུང་ཞན༔ ད་ནི་ཡིད་ཆེས་བསྐྱེད་པའི་ཕྱིརཿ ལོ་རྒྱུས་ཕན་ཡོན་ཟུར་ཙམ་བཤད༔ གདམས་པ་འདི་ཡི་ཁུངས་བཤད་པཿ མདོ་སྔགས་གཉིས་ལས་སྔགས་སུ་གཏོགས༔ གསར་རྙིང་གཉིས་ལས་རྙིང་མ་ཡིན༔ དེ་ལ་ཐེག་པ་དགུ་གསུངས་པའི༔ འདི་ནི་མ་ཧཱ་
ཡོ་གར་གཏོགསཿ དེ་ལ་ཞི་དྲག་མང་ན་ཡང་༔ འདི་ནི་འཇམ་དཔལ་སྐུ་ཡི་རྒྱུད༔ འཇམ་དཔལ་ཞི་ཁྲོ་གཉིས་ཡོད་པའི༔ འདི་ལ་འཇམ་དཔལ་ཁྲོ་བོའི་རིགས༔ དེ་ལ་རིགས་ནི་ གསུམ་ཡོད་དེ༔ ཚེ་བདག་འཆི་བདག་སྲོག་བདག་གསུམ༔ ཚེ་བདག་རྒྱུད ་ལ་དབྱེ་བ་ནི༔ ཚེ་བདག་འཇིགས་བྱེད་ཀིང་ཀང་གསུམ༔ སྲོག་བདག་ལ་ཡང་འཇམ་ནག་དང་༔ ཁ་ཐུན་འཆར་ཁ་བཞི་རུ་བྱུང་༔ འདི་ནི་འཆི་བདག་མགོ་དགུ་ཞེསཿ འཇམ་དཔལ་ཁྲོ་བོ་གསུང་གི་རིགས༔ ནཱ་ག་རཀ་བྱ་བ་ཡིན༔ གཤིན་རྗེ་རིགས་གསུམ་གཅིག་འདུས་པ༔ ཁྲོ་ཆུ་དུག་གདོང་ཞེས་སུ་གྲགས༔ འདི་དག་རྙིང་མའི་གཤིན་རྗེའི་གཤེད༔ སྔོན་ཚེ་འཇིག་རྟེན་འདི་ཆགས་ནས༔ རིགས་དྲུག་ལྷ་ཀླུ་མི་རྣམས་སྲིད༔ སྐྱེ་འགྲོ་ཀུན་གྱི་གཤེད་མ་རུ༔ དབུ་ནག་མི་འདི་སྲིད་པར་གྱུར༔ དབུ་ནག་མི་ཡི་གཤེད་མ་རུ༔ ཀླུ་རིགས་ཉི་ཤུ་རྩ་ལྔ་སྲིད༔ དེ་ཚེ་ཀླུ་ཡིས་མི་ལ་འཚེ༔ ཀླུ་ནད་རྣམ་པ་སྣ་ཚོགས་བྱུང་༔ དེ་ཚེ་བཅོམ་ལྡན་འཇམ་དབྱངས་ཀྱིས༔ གདུག་པའི་ཀླུ་རྣམས་འདུལ་བའི་ཕྱིར༔ ཐུགས་ལས་ཡི་གེ་ཕེ་འཕྲོས་ཏེ༔ འཇིག་རྟེན་འདས་དང་མ་འདས་མཚམས༔ ཆོས་ཉིད་རང་མདངས་རྒྱ་མཚོའི་དབུས༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ ནཱ་ག་རཀཱ་ཞེས་བྱར་སྤྲུལ༔ ཀླུ་རྣམས་ཐམས་ཅད་དམ་ལ་བཏགས༔ སྲོག་གི་སྙིང་པོ་དངོས་སུ་ཕུལ༔ དེ་ཚེ་རྡོ་རྗེ་རྣོན་པོས་ཞུས༔ ཀླུ་རྒྱུད་འབུམ་གྱི་ཊིཀ་དང་༔ རྒྱ་མཚོ་དུག་གི་ཊིཀའི་རྒྱུད༔ ཀླུ་བདུད་འཁོར་ལོ་ནག་པོའི་རྒྱུད༔ དེ་སོགས་འདི་ཡི་རྒྱུད་རྣམས་གསུངས༔ མཁའ་འགྲོའི་
བཀའ་ཡི་བསྡུ་བ་བྱས༔ རྒྱ་གར་རི་བོ་མགྲིན་བཟང་རྩེརཿ སངས་རྒྱས་འོད་སྲུང་ཉིད་ཀྱི་དུསཿ བཞེངས་པའི་མཆོད་རྟེན་ནང་དུ་སྦས༔ རྒྱལ་པོ་རཏྣ་དྷ་གཙུག་གིས༔ སྲས་པོ་མཐའ་ཡས་གྲགས་པ་ལ༔ ས་བདག་ཀླུ་ཡི་ནད་ཀྱིས་ཟིན༔ བླ་མཆོད་དགེ་སློང་རྣམ་དག་ལ༔ ལྷ་ཡིས་ལུང་བསྟན་གཏེར་ནས་བཏོན༔ རྒྱལ་བུའི་ནད་བསལ་ཆོས་འདི་དར༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་༔ ཤིནྟཾ་གནྡྷས་མཛད་པ་ཡང་ཡོད༔ བོད་དུ་བསམ་ཡས་བཞེངས་པའི་དུས༔ ཁྲིའུ་སྲོང་ལྡེའུ་བཙན་གསེར་འདོད་ནས༔ སློབ་དཔོན་པདྨས་དཔང་པོ་མཛད༔ ཀླུ་དང་རྒྱལ་པོ་ཤག་པོ་བྱས༔ ཀླུ་ནི་བུ་ཆུང་གཅིག་ཏུ་སྤྲུལ༔ གསེར་ནི་བྷནྡྷ་རེ་རེ་ནི༔ ནང་རེ་རྒྱུན་དུ་རྒྱལ་པོར་ཕུལ་རྒྱལ་པོ་དགའ་ནས་འདི་སྐད་སྨྲས༔ ལྷ་ཁང་ཞེང་པ་ཁྱོད་ཀྱི་དྲིན༔ དེ་ཕྱིར་རྒྱལ་པོ་ཆེན་པོ་ཉིད༔ ཁྱོད་་་་་འདི་ནས་ལྡེབ་གཅིག་ཚད་འདུག༔ འདི་ལས་ཟབ་པའི་མན་ངག་ནི༔ པདྨ་ང་ལ་ཡོད་རེ་ཀན༔ རྒྱལ་པོའི་ཐུགས་ཀྱི་དཀྱིལ་དུ་འཆོང་༔ རྟ་རྨིག་ལྕགས་ཀྱིས་བཏུམ་བྱས་ནས༔ འཛམ་གླིང་ཀུན་ཏུ་བཙལ་གྱུར་ཀྱང་༔ འདི་ལས་ཟབ་པ་རྙེད་མི་སྲིད༔ འཕགས་པ་རྣམས་
ཀྱིས་གསུངས་པ་མེད༔ རྫུ་འཕྲུལ་སྣ་ཚོགས་ཐོབ་གྱུར་ནས༔ སྟོང་གསུམ་མི་མཇེད་བསྐོར་གྱུར་ཀྱང་༔ སྲུང་བ་འདི་ལས་ཟབ་པ་ནི༔ དུས་གསུམ་རྒྱལ་བས་གསུངས་པ་མེད༔ རྒྱལ་པོའི་སྐུ་ཚེ་བསྲིང་བ་དང་༔ རྒྱལ་བུའི་བཙས་སུ་བཞག་པ་ལས༔ གཞན་ལ་བསྟན་ན་དམ་ཚིག་ཉམས༔ ཞེས་གསུངས་མ་སྤེལ་གཏེར་དུ་སྦསཿ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་ཕྱི་རབས་སྨོན་ལམ་བཏབ༔ རྒྱལ་པོའི་སྐྱེས་མཐའ་ཉང་རལ་དང་༔ སངས་རྒྱས་ཡེ་ཤེས་སྐྱེས་མཐའ་ནི༔ ཞང་ཁྲོམ་སོགས་ཀྱིས་གཏེར་ནས་བཏོན༔ རིམ་པར་བརྒྱུད་ནས་བདག་ལ་བབ༔ བསྒྲུབས་པས་དངོས་ཉམས་རྨི་ལམ་གྱི༔ ཡ་མཚན་རྟགས་ནི་མང་དུ་ཐོན༔ དབང་ལུང་གདམས་པ་བྱིན་པ་ལས༔ མཛེ་ནད་ཡིན་ངེས་འགའ་རེ་སོས༔ ཀླུ་ནད་ཀླུ་གདོན་ཅན་འགའ་ལ༔ དབང་དང་ཁྲུས་ཆོག་བྱས་པས་ཕན༔ ལག་བླངས་མང་ཕྱིར་ཡིད་ཆེས་ཡོད༔ རང་པོ་སྡེ་པ་ཁུ་དབོན་གྱིས༔ བསྐུལ་ཕྱིར་༧རཱ་ག་ཨ་སྱས་བྲིས༔ ཉེས་འགལ་ལྷ་དང་སྲུང་མར་བཤགས༔ དགེ་བས་འགྲོ་ཀུན་ཀླུ་ནད་ཞི༔ གསུང་མཆོག་རྡོ་རྗེ་འཇམ་པའི་དབྱངས༔ འོད་དཔག་མེད་མགོན་འགྲུབ་ཕྱིར་བསྔོ༔ སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།