ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་མགོན་པོ་མ་ནིང་དྲིལ་སྒྲུབ་འཁུ་ལྡོག་མེད་ཅིང་བཀྲ་ཤིས་པའི་གདམས་པ།
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་མགོན་པོ་མ་ནིང་དྲིལ་སྒྲུབ་འཁུ་ལྡོག་མེད་ཅིང་བཀྲ་ཤིས་པའི་གདམས་པ་བཞུགས་སོ།།
ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། ཀུན་བཟང་ཆེ་མཆོག་ཁྲོས་པ་ཁྲོ་བོའི་རྒྱལ། །ཡོན་ཏན་བྱེ་བ་ཕྲག་བརྒྱའི་བཀའ་སྲུང་བ། །ཡེ་ཤེས་མགོན་པོ་སྤྲོས་མེད་སྒྲུབ་པའི་ཐབས། །འཁུ་ལྡོག་མེད་པ་ནང་གི་སྒྲུབ་པ་འདི། །ཡི་དམ་གང་དང་བསྟུན་ཀྱང་རུང་མོད་ཀྱི། །འདི་ནི་རྒྱལ་བ་རྒྱ་མཚོ་དང་སྦྱར་ཏེ། །རང་ཉིད་རྒྱལ་བ་རྒྱ་མཚོ་སྤྱན་རིས་གཟིགས། །གཞུང་ལྟར་སྐུ་ཚད་བསམ་ལས་འདས་པར་བྷཻཾ།། །ནང་ནི་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན།ལྟེ་འོག་རཾ་ལས་ཁྲག་མཚོ་དམར་ཀྱི་ལི། །དེ་ནང་གཏུམ་མོའི་ངོ་བོ་རཾ་ཡིག་ལས། །བསྐལ་པའི་མེ་འབར་ཡཾ་ལས་རླུང་ནག་འཚུབ། །དེ་
ནང་ཐོད་མཁར་གྲུ་གསུམ་རིམ་པ་གསུམ། །ཕྱི་སྐམ་ནང་རློན་བམས་པོ་རལ་རིལ་བརྩེགས། །སྙིང་ག་མན་ཆད་མི་ལྤགས་གཡང་གཞི་ནི། །སུམ་རིམ་ཐོག་ཕུབ་སྟེང་དུ་རང་གི་སྙིང་། །རྡོ་རྗེ་སྔོན་པོ་རྩེ་ལྔ་འགྲེངས་ཐབས་བསྒོམ། །རྡོ་རྗེའི་ལྟེ་བ་ཡངས་ཤིང་རྒྱ་ཆེའི་དབུས། །ཡི་དམ་རྟ་མགྲིན་དམར་པོ་ཕྱག་གཉིས་པ། །ཌཱ་རུ་ དྲིལ་བུ ་འཛིན་པའི་ཐུགས་ཀ་རུ། །ཉི་སྟེང་ཧཱུྃ་དམར་མཐའ་ལ་ཡིག་དྲུག་ལ། །དེ་རྒྱབ་རྟ་མགྲིན་སྔགས་ཀྱིས་བསྐོར་བར་བྷོ། །སྙིང་ཉིད་རྡོ་རྗེ་ལས་ཟུག་སྲོག་རྩ་གསུམ། །ཐོད་མཁར་ནང་དུ་ཟུག་པའི་དབུ་མའི་ནང་། །ཧཱུྃ་ལས་མ་ནིང་ནག་པོ་ཆ་
ལུགས་རྫོགས། །རྩ་གཡས་ནང་དུ་རཾ་ལས་སྲོག་བདུད་ནག །རྩ་གཡོན་ནང་དུ་བྷྱོ་ལས་དཔལ་འབར་ནག །གསུམ་ཀའི་ཐུགས་ཀར་ས་བོན་རང་སྔགས་བསྐོར། །ཡི་དམ་རྟ་མགྲིན་ཧཱུྃ་ལས་སྔགས་ཕྲེང་བྱུང་། །ཞབས་ཀྱུ་ནས་བརྒྱུད་གསང་བའི་གནས་ནས་ཐོན། །མགོན་པོའི་ཞལ་ཞུགས་ཐུགས་ཀའི་སྔགས་འཁོར་ཐིམ། །མགོན་པོའི་ཧཱུྃ་གི་འོད་ཟེར་ཞབས་ཀྱུ་ནས། །གཡས་གཡོན་གཉིས་འཕྲོས་ཡུམ་དང་ལས་མགོན་ཕོག །རཾ་དང་བྷྱོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འཇིག་རྟེན་དྲེགས་བྱེད་རྣམས་ཀྱི་མཐུ་སྟོབས་བསྡུས། །མགོན་པོའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ནས། །གྱེན་དུ་མགོན་པོའི་ཚངས་བུག་ནས་བྱུང་སྟེ། །རྟ་མགྲིན་གསང་བ་ནས་ཞུགས་ཧཱུྃ་ལ་ཐིམ། །འོད་ཟེར་དམར་ནག་དེ་ལྟར་སྤྲོ་བསྡུ་བསྒོམ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཡ་རཾ་སིདྡྷི་ཧཱུྃ་ཛཿ དེ་ནས་གཙོ་བོའི་སྔགས་དེ་བཟླ་བྱ་ཡིན། ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་རུ་ཏྲ་ཧཱུྃ་ཛཿ ཏྲི་ལིང་གིང་ཀ་ར་ར་ཏྲི་སུ་ཏྲི་ཛ་ཛཿ སྲོག་བདུད་སྔགས་དེ་རཾ་ལས་གཡས་བསྐོར་བསྒོམ། །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛ་ཛཿ ལྷ་མོའི་སྔགས་དེ་བྷྱོ་ལས་གཡོན་བསྐོར་བསྒོམ། །གཉིས་པོ་བཟླ་ནི་མི་དགོས་བསྒོམས་པས་
འཐུས། །ཐུན་མཚམས་རྩ་ནི་རོ་རྐྱང་དབུ་མ་གསུམ། །ལྷོ་གསུམ་ཐིམ་བསྒོམ་མི་དམིགས་ངང་ལ་བཞག །འདི་ནི་ཆོས་དབང་ལུགས་དང་རཏྣའི་ལུགས། །གཉིས་ཀ་ནས་གསུངས་ནང་གི་སྒྲུབ་པ་སྟེ། །འདི་ནི་ཚིག་ཉུང་དོན་གསལ་གོ་བདེར་བཀོད། །ས་མ་ཡ་རྒྱ་རྒྱ་རྒྱ། །ཨྠྀི། གལ་ཏེ་མཚམས་དང་སྒྲུབ་པ་བྱེད་པའི་དུས། །དེ་ཡི་བར་ཆད་མགོན་པོས་སྲུང་བའི་ཐབས། །མ་ནིང་གཏོར་མ་བཟང་པོ་གཅིག་བཤམས་བྲན། །གཏོར་སྣོད་ཁྲག་མཚོར་མེ་རླུང་འཁྲུགས་པའི་དབུས། །གཏོར་མ་ཐོད་མཁར་གྲུ་གསུམ་འབར་བའི་ནང་། །མགོན་པོ་མ་ནིང་གཞུང་བཞིན་བསྒོམ་པ་ཡིན། །ཞབས་ཀྱི་འོག་ཏུ་གནོད་བྱེད་ཐམས་ཅད་མནན། །གཏོར་གསོལ་དགྲ་བགེགས་ཤ་ཁྲག་ཞལ་དུ་གསོལ། །བདག་གི་བཀའ་ཉེན་སྲུང་སྡོད་བྱེད་པ་དང་། །སྒྲུབ་པའི་བར་ཆད་ཐོམས་ཅད་སྲུང་བར་བསྒོམ། །བར་ཆད་སྲུང་ཞེས་བཀའ་བསྒོ་གང་དགོས་བྱ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཡ་རཾ་སིདྡྷི་ཧཱུྃ་ཕཊ། ཤ་ཏྲི་ཛཿ ནི་ཏྲི་ཁུག །དགྲ་བགེགས་འབྱུང་པོའི་སེམས་དང་བག་ཆགས་ངན་པ་མཱ་ར་ཡ་ཧཱུྃ་ཕཊ། ཐུན་གྱི་མཇུག་ལ་ཉེར་གཅིག་བཟླ་བའམ། །ཡང་ན་ཞག་རེ་བརྒྱ་བརྒྱད་ཙམ་རེ་བཟླ། །
གཏོར་མ་དེའམ་ཡང་ན་མགོན་པོ་ཡི། །དར་སྐུ་བྲིས་སྐུ་འདེར་སྐུ་གང་འཛོམ་ལ། །མགོན་པོ་དངོས་སུ་མངའ་གསོལ་བྱས་ལ་བཞུགས། །དགུ་གཏོར་ལ་སོགས་དུས་བཟང་མཆོད་པར་བྱ། །དགྲ་དང་བགེགས་ཀྱི་བསམ་སྦྱོར་ངན་པ་ཞི། །སྒྲུབ་པའི་བར་ཆད་འོང་བར་མི་སྲིད་གསུངས། །དེ་ནི་ཀློང་གསལ་མ་ནིང་སྒྲུབ་པ་ལས། །གུ་རུའི་གསུང་གི་དོན་བསྡུས་གོ་བདེར་བཀོད། །རང་གི་རྒྱུན་གྱི་ཉམས་ལེན་ཟབ་མོའི་གནད། །གཉེན་ཞིང་ཟབ་པ་ཙིཏྟ་ཉིད་དང་མཚུངས། །དེ་སྐད་རྟ་ལོ་ཐ་སྐར་དམར་པོའི་ཕྱོགས། །ཚེས་གཉིས་ཉིན་པར་རཱ་ག་ཨ་སྱ་ཡིས། །རྗེས་འཇུག་རྣམས་ལ་ཕན་པའི་སེམས་ཀྱིས་སྨྲས། །སྦ་འོས་གསལ་བཀོད་ཉེས་པ་གང་མཆིས་རྣམས། །སྲོག་བདུད་བདུད་དམག་བྱེ་བ་འབུམ་ལ་བཤགས། །དགེ་བས་ཟབ་གཏེར་བསྟན་པ་རྒྱས་གྱུར་ཅིག །ཞུ་བ་པོ་དང་ཡི་གེ་གཅིག་པ་སྟེ། །འབྲོང་པ་དགེ་བཤེས་ཐབས་མཁས་ཡིན་ལགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།