ཕ་མའི་དྲིན་ལན་བསགས་པ་མདོ་རྒྱུད་དང་མཐུན་པར་བན་ལུགས་མཚུན་བཅོས།
ཕ་མའི་དྲིན་ལན་བསགས་པ་མདོ་རྒྱུད་དང་མཐུན་པར་བན་ལུགས་མཚུན་བཅོས། ཟས་གཏད་བང་སོ་མཆོད་པ་དང་དོན་གཅིག་བོན་པའི་སྲིད་པའི་ལྷ་སྲས་བརྡར་ཞེས་པ་ཡང་དོན་གཅིག་ཡིན་པར་སྣང་ངོ་།།
ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་གསུམ་དབང་ཞབས་ལ་ཕྱག་འཚལ་ནས། །མཚུན་བཅོས་མདོ་རྒྱུད་དགོངས་པ་འདིར་བརྗོད་བྱ། །དེ་ལ་སྤྱིར་ནི་མཚུན་བཅོས་ཟེར་བ་བོན་ལུགས་ལ་གྲགས་ཆེ་བས། དེང་སང་སྔགས་པ་ཕལ་ཆེར་གྱིས་བྱེད་པ་ཡང་བོན་ལུགས་སུ་སྣང་། དེ་ལ་ཡང་རྒྱས་བསྡུས་གཉིས་སུ་འདུག་སྟེ། །བན་གྱིས་སྔགས་པས་བོན་ལུགས་ཀྱི་ལྷ་མཆོད་བསྟོད་བྱས་ན་སྐྱབས་སྡོམ་དང་འགལ་བར་སྣང་། ཡོན་བདག་ཀྱང་བན་ལུགས་ཀྱི་དབང་དང་སྐྱབས་སྡོམ་ཐོབ་པས། བོན་ལུགས་ཀྱི་ལྷ་མཆོད་མི་རུང་བར་སྣང་། འོ་ན་བན་ལུགས་ཀྱི་མཚུན་བཅོས་གང་ནས་བཤད་ཅེ་ན། མོའུ་འགལ་མདོ་ཉུང་བ་ལས། འཛམ་བུ་གླིང་གི་མི་རྣམས་ཀྱི་ཕ་མ་འདས་པའི་དྲིན་ལེན་བསབ་པའི་ཕྱིར། སྟོན་ཟླ་
ར་བའི་ཚེས་བཅོ་ལྔའི་དུས་ལ། དཀོན་མཆོག་གསུམ་སྤྱན་དྲངས་ལ་མེ་ཏོག་དང་ཞལ་ཟས་ཀྱི་མཆོད་པ་ཕུལ་ཏེ། དེའི་བསོད་ནམས་ཀྱི་ཚོགས་ཀྱིས་གང་ཞིག་དེའི་ཉི་མ་ལ་གཞོང་པའི་ནང་དུ་ཟན་ཕུལ་ཏེ། འདས་པའི་ཕ་མ་ལ་བསྔོས་ན་ཟས་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །ཞེས་དང་། འཕགས་པ་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས། མཚུན་རྣམས་ལ་སྭཱ་ཧཱ། ཞེས་དང་། ཨོ་རྒྱན་ཆེན་པོའི་ལུང་བསྟན་བཀའ་རྒྱ་མ་ལས། གཤིན་གྱི་དུར་མཆོད་རྒྱུན་མི་བཅད། །ཆད་ན་མཐའ་རྗེས་ལོངས་སྤྱོད་དབུལ། །དེ་ཕྱིར་བང་སོའི་དུར་མཆོད་བརྩོན། །ཞེས་དང་། སྔོན་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་ལ་དུར་མཆོད་བང་སོ་དར་བས། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་
ཤཱི་ལེནྡྲ་བོ་དྷི་དང་། ཤཱཀྱ་པྲ་ཝ་དང་། དྷ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་། པྲཏི་ཛ་ཡ་སེ་དང་། ཛ་ཡ་ར་ཏྲི་ཏ་ལ་སོགས་པས་མདོ་རྒྱུད་མང་པོ་ནས་བསྡུས་ཏེ། ཟས་གཏད་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་། རྗེ་རང་བྱུང་རྡོ་རྗེས་ཀྱང་། རྒྱལ་བུ་མཐིང་གེ་ལ་སོགས་པའི། །ཕ་མཚུན་གཉེན་པོ་ཐམས་ཅད་བསང་། །ཞེས་སོགས་གསུངས་པའི་དོན་འདིར་བཀོད་པར་བྱའོ། །དེ་ཡང་ཕ་མཚུན་ཞེས་པ་ནི། བླ་ཡིད་རྣམ་ཤེས་གསུམ་སྟེ། ཚེ་འདས་རྣམ་ཤེས་ནི། ཚེ་ཚད་མ་རྫོགས་བར་དུ་བར་དོར་འདུག་དགོས་པ་ཐེག་པ་ཆུང་ངུའི་མདོ་རྣམས་ནས་གསུངས་པ་དེ་ལ་ཡང་ཕན། ལ་ལ་ནི་མི་རབས་མང་པོར་ལུས་མི་ལེན་པར་བར་དོར་འདུག་དགོས་པ་ཡང་ཡོད་པར་གསུངས་པ་དེ་ལ་ཡང་ཕན༔ མདོ་རྒྱུད་སྤྱིའི་ལུགས་ལ་ཞག་ཞེ་དགུ་ནས་རྣམ་ཤེས་རིགས་དྲུག་གང་རུང་དུ་སྐྱེ་བར་བཤད་ཀྱང་། དེ་ལ་བསྔོས་པས་དངོས་སུ་ཐོབ་རྒྱུ་མེད་ཀྱང་། དེ་ལ་ལོངས་སྤྱོད་ཕྱུག་པའི་རྟེན་འབྲེལ་དང་། རང་ལ་ཡང་བསོད་ནམས་ཐོབ་སྟེ་། དཔེར་ན་ཆུ་གཏོར་དང་ལུས་སྦྱིན་དུས་འགྲོ་བ་རིགས་དྲུག་ལ་བསྔོས་ན་ཡང་དེ་དངོས་ཐོབ་རྒྱུ་མེད་ཀྱང་རང་ལ་བསོད་ནམས་འཕེལ་བ་དང་འདྲ། ཚེ་འདས་ཀྱི་བླ་དེ་ནི་ཚེ་འདས་ཀྱིས་གཟུགས་བཟུང་ནས་དུར་ས་དེ་ལ་གནས་པས། དེ་སྐྱིད་ཅིང་ལོངས་སྤྱོད་དང་ལྡན་ན། བུ་ཚ་བོ་དར་རྒྱས་འོང་། དེ་རྒུད་ཅིང་བཀྲེས་སྐོམ་བྱུང་ན་བུ་ཚ་བོ་ལ་སྐྱབས་ཞུས་པས། དེ་མི་འཁྱག་ནས་བུ་ཚ་བོ་ལ་ན་ཚ་དང་གོད་ཁ་འོང་བར་རྒྱ་ནག་གི་རྩིས་གཞུང་ནས་བཤད། ཡང་ཚེ་འདས་ཀྱི་ཟ་
འདྲེས་ཚེ་འདས་དེའི་གཟུགས་བཟུང་ནས་གནོད་པ་ལ་ཡང་འདི་ཡི་གླུད་བྱིན་པས་ཕན། རྨི་ལམ་དུ་ཚེ་འདས་རྨིས་ནས་གནོད་པ་འབྱུང་བ་ལ་ཡང་ཕན། ཡང་རྨི་ལམ་དུ་ཚེ་འདས་རྨིས་ནས་གྲོགས་དང་བདེ་ལེགས་འབྱུང་བ་ལ་ཡང་འདིས་གཏང་རག་ཏུ་སོང་བས་ཕན། ཚེ་འདས་ཡུལ་ལྷ་དང་ལྷ་འདྲེར་སྐྱེས་པ་ལ་འདི་བྱས་པས་བུ་དང་ཚ་བོ་ལ་མགོན་སྐྱབས་འོང་། ཡང་ཕ་མ་སོགས་མུ་གེས་ཤི་བ་ལ་འདི་བྱས་པས་ཤི་གསོན་གཉིས་ཀ་ལ་ཕན། དེའི་རྣམ་ཤེས་རིགས་དྲུག་གང་དུ་སྐྱེས་ཀྱང་། བླ་དེ་ལ་ལྟོགས་སྣང་ཡོད་པས་དེ་བརྒྱག་ན་གསོན་པོ་ཕྱུག །ཡང་ཕ་མྱེས་བཟང་པོའི་རྗེས་ཤུལ་རྒུད་པ་ལ་ཡང་ཕན། བུ་ཚ་མི་རྒྱུད་ཕྲ་བ་ལ་བྱས་ན་ཕན་ཐོགས། ཚེ་འདས་སྐྱིད་དཀྱུས་སོགས་ཀྱིས་ཤི་བ་ལ་ཕན་ཐོགས། དེ་ཡང་ཡར་ངོ་གཟའ་སྐར་བཟང་པོའམ་སྟོན་ཟླ་ར་བའི་ཉ་ཡིན་ན་ཤིན་ཏུ་བཟང་། དེ་མིན་སྐར་སྐྱོན་མེད་དུས་ནམ་ཡང་རུང་སྟེ། གཞི་དཀར་པོའི་སྟེང་དུ་ནས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དམ་སྡེར་ གཙང ་མའི་ནང་དུ་རི་རབ་སུམ་བརྩེགས་སྟེང་དུ་གཏོར་མ་ཟུར་བཞི་པའི་རྩེ་ལ་ཟན་གྱི་ཁྱུང་བཙུགས། འབྲང་རྒྱས་ཞལ་དཀར། སྨན་ཏིང་བརྩེགས་མ། དཔལ་བཤོས་ཟུར་གསུམ། གཡག་ལུག་རྟ་རའི་གཟུགས་འགྲོས། མར་མེ། ཕྱེ་མར། འོ་ཞོའི་ཕུད་དང་ཟས་སྣ་གང་འཛོམ་བཤམས་པས་ཆོག ༈ རྒྱས་པར་བྱེད་ན་ལུག་སྙིང་སྐམ་པོའི་རྩ་སྦུབས་སུ། ཨོཾ་ཨཱརྒྱལ་བུ་མཐིང་གེ་ཧཱུྃ་སྭཱ་ཧཱ། ཞེས་པ་ལྟར་རང་གི་ཕ་མྱེས་གྲགས་རིམ་གྱི་མིང་བྲིས་པ་དང་། རྟེན་འབྲེལ་
སྙིང་པོ། ཨཱ་ལི་ཀཱ་ལི། སྣང་བརྒྱད་སྔགས། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་གྱི་སྙིང་པོ། ཛམྦྷ་ལ་ནོར་རྒྱུན་མ། སྟོབས་པོ་ཆེ་རྣམས་ཀྱི་སྙིང་པོ་བྲིས་པ་བཅུག །དེ་བཞིན་དུ་རིན་པོ་ཆེ་སྣ་ལྔ། འབྲུ་སྣ་ལྔ་ཡང་།བཅུག །དར་ཚོན་སྣ་ལྔས་དྲིལ། དེ་རྒྱབ་མར་གྱིས་བཏུམ་ལ་རྫའི་བུམ་པར་བཅུག་ལ། ཤུག་པ་མགོ་མཇུག་མ་ལོག་པ་གྲུ་བཞི་རྩེ་མོ་ཅན་མཁྱུད་གང་ཙམ་ལ། ཨོཾ་ཨཱཿཧཱུྃ་དང་ཚེ་དཔག་མེད་ཀྱི་སྔགས་བྲིས་པ་སྲོག་ཤིང་ཚུལ་དུ་བཙུགས། །དེའི་ནང་དུ་རང་གི་ཕ་མྱེས་ཀྱིས་རུས་པ་བཙས་མ་ཁྱེར་བ་བླུག །ཁ་ལ་ཆོས་བཅད་པ་དང་། ཤིང་རིས་ལ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན། རྒྱབ་ཏུ་སོ་སོའི་སྔགས་བྲི། མདའ་རྒོད་སྒྲོ་ལ་དར་སྣ་ལྔ་བཏགས་ལ། སུར་རྒྱུདཀར། རྡོ་དཀར། གསས་རྡོ། སྙུག་རྒོད་ལ་སོགས་དང་། ཤུག་ཐིལ་རྟིང་དཀར་ལ་བལ་ཚོན་བཏགས་པ་དང་། གཡག་གམ་ལུག་མགོ་སྐམ་པོར་བཙག་རྭ་མར་གྱིས་བརྒྱན་པ། ལུག་ཤ་ལག་གཡས་པ། ནམ་ཚོང་གཡོན་པ་དེ་རྣམས་བཤམས། དེ་ཚོ་མ་འཛོམ་ཡང་རུང་། སྡེར་རམ་རྡོ་ལེབ་སྟེང་དུ་བགེགས་གཏོར་བཤམས། ཆངས་བུ། ཏིང་ལོ་ལག་པའི་བཙུན་དྲུག་སོགས་མར་ཡས་ཅི་འཛོམ་བླུག་ལ་བཞག་གོ །སུར་ཤུག་དུད་པ་བཏང་། གོ་མཚོན་ཡོད་ཚད་དང་། མོ་ཆས་ནོར་གཡུ་ཡོད་ཚད་དང་། གོས་བཟང་པོ་ཡོད་ཚད་གདང་དུ་གཟར། ཐམས་ཅད་སྤོས་རུམ་བྱེད། ཆབ་ཀྱིས་བྲན་ལ། རང་ཉིད་ཐུགས་རྗེ་ཆེན་པོའམ་ཨོ་རྒྱན་གྱི་བདག་བསྐྱེད་ཞི་བ་གཅིག་བསྒོམས་ལ་འདི་སྐད་
དོ།། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོ྅ཧཾ། མདུན་གྱི་བླ་རྟེན་མི་དམིགས་སྟོང་པའི་ངང་། །བྷྲཱུཾ་ལས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་མཚན་ཉིད་ཡོངས་སུ་རྫོགས། །དེ་དབུས་པདྨ་འདབ་མ་སྟོང་ལྡན་གྱི། །ཟེའུ་འབྲུ་རེ་དང་འདབ་མ་རེ་རེའི་སྟེང་། །རིན་ཆེན་ཁྲི་མཆོག་དར་ཟབ་སྟག་གཟིག་གདན། །དབུས་ཀྱི་ཁྲི་སྟེང་སྲོང་བཙན་སྒམ་པོ་ལ། །གཡས་གཡོན་རྒྱ་བཟའ་བལ་བཟའི་ལྡེམས་དང་བཅས། །གཡས་ངོས་ཁྲི་སྟེང་ཁྲི་སྲོང་ལྡེའུ་བཙན་དང་། །གཡོན་དུ་ཁྲི་རལ་ལ་སོགས་རྒྱལ་བློན་རྣམས། །རྒྱབ་ཏུ་དབང་ཕྱུག་ཚངས་པ་ང་ལས་ནུ། །འཁོར་ལོས་སྒྱུར་རྒྱལ་ལྔ་སོགས་རྒྱལ་རབས་རྣམས། །མདུན་དུ་སྤྲེའུ་བྲག་སྲིན་མོ་དང་ནི། །སྨོན་མི་མཐིང་གེ་བོད་རྗེའི་མཛངས་མ་འཕྲུལ། །དེ་སོགས་སྲིད་པའི་ཕ་མཚུན་ཐམས་ཅད་དང་། །ཕྱི་རོལ་པད་འདབ་རྣམས་ལ་བདག་ཅག་དང་། །ཡོན་བདག་རྣམས་ཀྱི་སྲིད་པ་ཆགས་པ་ནས། །ད་ལྟ་ཡན་གྱི་ཕ་མཚུན་མ་མཚུན་རྣམས། །དགའ་བདེའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བཞུགས། །གཙོ་བོའི་དབུ་སྟེང་སྟེང་གི་ནམ་མཁའ་ལ། །
ཀུན་བཟང་ཡབ་ཡུམ་ཆོས་སྐུ་ཡུམ་ཆེན་མོ། །རྣམ་སྣང་འཇམ་དབྱངས་པད་འབྱུང་འབྲོམ་སྟོན་དང་། །མོར་པ་ལ་སོགས་རྩ་བརྒྱུད་བླ་མ་རྣམས། །ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟ་བུར་གསལ། །ཕོ་བྲང་ཕྱི་རིམ་གདོང་ལྷ་སྨུག་པོ་སོགས། །དགྲ་བླ་ཝེར་མ་གཉན་པོ་ཐམས་ཅད་བཞུགས། །ཀུན་གྱི་གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །ཀུན་བཟང་ཡབ་ཡུམ་འཇམ་དཔལ་པདྨ་འབྱུང་། །མེས་དབོན་ཟློརྣམ་གསུམ་ལ་སོགས་ཡེ་ཤེས་ཀྱི། །ཕ་མཚུན་ཚད་མེད་ཐུགས་རྗེ་མངའ་བ་རྣམས། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཐུགས་རྗེའི་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཡེ་སྨོན་རྒྱལ་པོ་ཡབ་ལྷ་བདལ་དྲུག་དང་། །ཕྱུ་སྲས་གང་ཆུང་ཕྱུ་འུ་གཡང་དཀར་དང་། །རྒྱལ་བུ་མཐིང་གེ་སྟག་ཆས་བལ་བུ་སོགས། །སྲིད་པའི་ཕ་མཚུན་དགྲ་བླ་བཟང་པོ་རྣམས། །འཛམ་གླིང་མཐའ་དབུས་གང་ན་བཞུགས་གྱུར་ཀྱང་། །སྐད་ཅིག་ཡུད་ཙམ་གཅིག་གིས་འདིར་བྱོན་ཞིག །སྔོན་གྱི་བསྐལ་པ་དང་པོའི་སྲིད་པ་
ལ། །བང་སོ་འབུམ་ཁྲིའི་ཕ་མཚུན་བཅོས་པ་བཞིན། །བདག་དང་ཡོན་བདག་ཕ་མེས་ཡང་མྱེས་མཚུན། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དེ་རྗེས་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གིས། །ཕ་མཚུན་རྣམས་ནི་ཇི་ལྟར་སྤྱན་དྲངས་བཞིན། །ཕ་མྱེས་མཚུན་རྣམས་མཆོད་ཕྱིར་གཤེགས་སུ་གསོལ། །དེ་ནས་མི་མཆོག་རྒྱལ་བུ་མཐིང་གེ་ཡིས། །ཕ་མཚུན་སྤྱན་དྲངས་མཆོད་པ་དེ་བཞིན་དུ། །ཕ་མེས་ཡང་མྱེས་མཚུན་རྣམས་གཤེགས་སུ་གསོལ། །སྟག་ཆས་བལ་པོའི་མཚུན་རྣམས་སྤྱན་དྲངས་བཞིན། །ཁུ་བོ་ཞང་པོའི་མཚུན་རྣམས་གཤེགས་སུ་གསོལ། །ཕྱུ་ལྕམ་དཀར་མོའི་མཚུན་རྣམས་སྤྱན་དྲངས་བཞིན། །མ་སྐྱེས་སྨན་བཙུན་ཐམས་ཅད་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཧཱུྃ། སྔོན་ཚེ་སྲིད་པའི་རྒྱལ་པོ་འཁྱམ་དུ་སོང་། །དེ་ཚེ་བུ་ཚ་མིང་སྲིང་གཉིས་པོ་ཡིས། །ཁུ་བྱུག་ཁྲུང་ཁྲུང་གཉིས་པོ་ཕོ་ཉར་བཏང་། །སྲིད་པའི་རྒྱལ་པོ་བུ་དང་འཕྲད་པ་བཞིན། །བདག་དང་ཡོན་གྱི་བདག་པོ་འདི་དག་གིས། །ཕ་མཚུན་འཁྱམས་པ་ཡོད་ན་དེ་རིང་འགུགས། །ཤར་ཕྱོགས་རྒྱ་དང་ལྷོ་ཕྱོགས་འཇང་གི་ཡུལ། །ནུབ་
ཕྱོགས་མོན་དང་བྱང་ཕྱོགས་ཧོར་གྱི་ཡུལ། །ཡུལ་གྲུ་གཞན་དུ་ཕ་མཚུན་དགྲ་བླ་རྣམས། །གལ་ཏེ་འཁྱམས་པ་ཡོད་ན་དེ་རིང་བསྡུ། །དགུང་སྔོན་སྟེང་དང་དོག་མོ་ས་ཡི་འོག །ཕ་སྤྱན་ཡུལ་དང་བུ་སྲིང་མག་པའི་ཡུལ། །ཤག་རོགས་ཡུལ་དང་དགྲ་ཡུལ་དོན་མེད་ཡུལ། །ཕ་མཚུན་དགྲ་ཡུལ་འཁྱམས་ན་དེ་རིང་བསྡུ། །ལྷ་སྲིན་སྡེ་བརྒྱད་བགེགས་རིགས་སྟོང་ཕྲག་གིས། །ཕ་མཚུན་དགྲ་བླ་བརྐུས་སམ་ཁྱེར་སྲིད་ན། །བགེགས་རིགས་སྡེ་བརྒྱད་ལག་ནས་ཕ་མཚུན་བསླུ། །སྔོན་ཚེ་བོད་རྗེ་མཛངས་མ་འཕྲུལ་དེ་ཡི། །ཕ་མཚུན་རྒྱ་ཡི་ཡུལ་དུ་ཤོར་བ་ལ། །སྣ་ཚོགས་སྒྱུ་མའི་ནོར་གྱིས་བསླུས་པ་ལྟར། །དེ་རིང་བདག་དང་ཡོན་གྱི་བདག་པོ་ཡིས། །ཕ་མཚུན་དགྲ་བླ་གཞན་དུ་འཁྱམས་པ་རྣམས། །གཏོར་མ་ཆངས་བུ་མཐེབ་སྐྱུ་ཏིང་ལོ་དང་། །འབྲུ་སྣ་འདི་ཡིས་ཕ་མཚུན་དགྲ་བླ་བསླུ། །ཕྱོགས་བཅུར་གནས་པའི་སྡེ་བརྒྱད་བགེགས་རིགས་རྣམས། །བླ་གླུད་འདི་བཞེས་ཕ་མཚུན་བླ་མ་བཟུང་། །ཨོཾ་ད་ཤ་དིག་སརྦ་ལོ་ཀ་པཱ་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལྕོག་རྡོག་ཆངས་བུ་ཕྱིར་དོར་རོ། །འབྲུ་སྣ་ཕྱོགས་བཅུར་གཏོར། ཨོཾ་ཨཱཿཧཱུྃ། ཞེས་གླུད་གཏོར་བྲན། ཧཱུྃ། ཕ་མཚུན་
དགྲ་བླ་ཀུན་གྱི་རྗེས་འབྲང་བའི། །ཡེ་ངམ་ནག་པོ་དྲིལ་ནག་སྤུང་སྐྱ་ཅན། །དམ་སྲི་བསེ་རག་ལྟོགས་འགོང་དབུལ་སྲི་དང་། །མཚུན་མིན་མཚུན་དུ་བརྫུ་བའི་བསེ་རིག་རྣམས། །འདྲེ་དྲུག་བླ་རྟགས་ལག་པའི་བཙུན་དྲུག་དང་། །གླུད་དང་གཏོར་མ་ཡས་སྟགས་འདི་ཁྱེར་ལ། །མ་ཉེ་མ་འཁོར་ས་ཕྱོགས་གཞན་དུ་དེངས། །གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན། །གུ་རུ་རྡོ་རྗེ་གྲོ་ལོད་ཐུགས་འཁྲོས་ནས། །མགོ་བོ་ཚལ་པ་བརྒྱ་རུ་འགས་པར་བྱེད། །དེ་བས་གླུད་འདི་ཁྱེར་ལ་མྱུར་བར་དེངས། །ཨོཾ་སརྦ་བིགྷཱན་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་བྷུ་ཏ་གཙྪ༔ སྡུག་གི་ཁུར་རུ་བོར་གྱུར་ཅིག །གཏམ་ངན་གྱི་སྨེན་བུ་རྒྱབ་ཏུ་སྐྱུར་རོ། །ཞེས་ཕྱིར་དོར་རོ། དེ་ནས་གདན་འབུལ་བ་ནི། ཧཱུྃ། །སྔོན་ཚེ་རྒྱལ་སྲས་དྲི་མེད་གྲགས་པ་དེ། །གདན་མེད་ཐང་ལ་འཁྱམས་ནས་བཞུགས་པ་ལ། །ཉན་ཐོས་ལྷ་རྣམས་རྫུ་འཕྲུལ་གདན་བཏིང་ལྟར། །འཇིག་རྟེན་འདས་དང་འཇིག་རྟེན་ཕ་མཚུན་ལ། །རིན་ཆེན་ཁྲི་དང་དར་ཟབ་ཁྲ་བོའི་གདན། །གྲུམ་ཙེ་སྟག་གཟིག་གདན་དང་ཕྱིང་དཀར་གདན། །དངོས་འབྱོར་ཡིད་སྤྲུལ་ཁྲི་དང་གདན་འབུལ་གྱིས། །
བདག་དང་ཡོན་བདག་བསྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དེ་ནས་ཁྲུས་གསོལ་བ་ནི། ཧཱུྃ། སྔོན་ཚེ་རྒྱལ་བུ་དོན་གྲུབ་བལྟམས་པའི་ཚེ། །ལྷ་རྣམས་བདུད་རྩི་ཆུ་ཡིས་ཁྲུས་གསོལ་ལྟར། །ཕ་མཚུན་དགྲ་བླ་རྣམས་ལ་ཁྲུས་གསོལ་བས། །རྨེ་རྨུགས་གྲིབ་ཀྱི་དྲི་མ་དག་གྱུར་ཅིག །ཡིད་བཞིན་དྲི་བཟང་ཆུ་བོ་ཞབས་བསིལ་གྱིས། །སྐུ་ལུས་མདངས་གསལ་གཟི་བརྗིད་རྒྱས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་ནས་ན་བཟའ་འབུལ་བ་ནི། ཧཱུྃ། སྔོན་ཚེ་སྤྱན་རས་གཟིགས་ཡུམ་བྲམ་ཟེ་མོ། །ཡི་དྭགས་ཡུལ་དུ་འཁྱམས་ནས་ཚ་གྲང་མྱོང། །སྤྱན་རས་གཟིགས་ཀྱིས་ན་བཟའ་བྱིན་པས་བདེ། །དེ་བཞིན་ཕ་མཚུན་དགྲ་བླ་ཁྱེད་རྣམས་ལ། །ཚ་བའི་བསིལ་དང་གྲང་བའི་སྐྱབས་གྱུར་པའི། །སྲབ་འཇམས་མཛེས་པའི་ན་བཟའ་སྣ་ཚོགས་དང་། །གོས་ལྷམ་དབུ་ཞྭ་སྐེ་རགས་སྣ་ཚོགས་འབུལ། །ཟད་མེད་གོས་ལ་རྟག་ཏུ་སྤྱོད་པར་ཤོག །ན་མསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། དེ་ནས་མཆོད་པ་རྣམས་མེ་ཤེལ་བྱ། ཆུས་བྲན་ལ། ཧཱུྃ། མཆོད་རྫས་སྣ་ཚོགས་བཤམས་པ་འདི་རྣམས་ལ། །ཕུད་
ནི་མ་ཉམས་ལྷག་མ་མ་འདྲེས་ཏེ། །བདག་དང་ཡོན་བདག་སྤྱོད་པ་རྩིང་བ་ཡིས། །འབག་བཙོག་ཕུད་ལྷག་འདྲེས་པའི་སྐྱོན་མཆིས་ན། །སྲེག་བྱེད་མེ་ཡིས་འབག་བཙོག་དྲི་མ་བསྲེགས། །དག་བྱེད་ཆུ་ཡིས་མི་ གཙང ་དྲི་མ་བཀྲུ། །གཏོར་བྱེད་རླུང་གིས་སྐྱོན་གྱི་དངོས་པོ་གཏོར། །རཾ་ཡཾ་ཁཾ་གིས་དག་པའི་ངོ་བོར་བསྒྱུར། །བྷཾ་གྱིས་སྣོད་རྣམས་རིན་ཆེན་སྣོད་དུ་བསྒྱུར། །ཨོཾ་གྱིས་བཅུད་རྣམས་ཟག་མེད་བདུད་རྩིར་བསྒྱུར། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ནས། །འཇིག་རྟེན་ཕ་མཚུན་རྣམས་ཀྱིས་ཐོབ་པར་བྱས། །ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧཱི༔ཡིས་སྤེལ། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །ཕྱེ་མར་ཇ་ཆང་འོ་ཞོ་ཟས་སྣའི་ཕུད། །གོ་མཚོན་དར་ཟབ་སྨན་འབྲུ་རིན་པོ་ཆེ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་ཀུན། །འཇིག་རྟེན་འདས་དང་འཇིག་རྟེན་མ་འདས་པའི། །ཕ་མཚུན་དགྲ་བླ་རྣམས་ལ་མཆོད་པ་འབུལ། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་
ཏ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཚུན་རྣམས་ལ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ། ཧཱུྃ། མཚུན་བཤོས་རི་རབ་གྲུ་བཞི་སུམ་བརྩེགས་དབྱིབས། །ལོགས་བཞི་ཟུར་བཞི་རྩི་བཅུད་མར་གྱིས་བརྒྱན། །རྩེ་ལ་ནོར་བུ་མདུན་རྒྱབ་ཉི་ཟླས་བརྒྱན། །གཡས་ན་སེང་གེ་གཡོན་ན་གཡུ་འབྲུག་བརྒྱན། །ལོགས་ན་ཇ་ཆང་བདུད་རྩིའི་ཆུ་བོ་བབ། །རྩེ་ལ་དཔག་བསམ་ཤིང་གི་རྩེ་མོ་ན། །བྱ་ཁྱུང་དཀར་པོ་གསོན་གཤིན་མགོ་ལ་ལྡིང་། །གསོན་གྱི་གཡང་སྐྱབས་གཤིན་གྱི་མགོན་སྐྱོབ་བྱེད། །གཤོག་པས་ངན་སོང་སྒོ་གཅོད་ཐར་ལམ་འབྱེད། །སྡེར་མོས་ཟ་འདྲེ་ཤི་གཤེད་མ་ལུས་འདུལ། །ཁོག་པ་སྟོད་སྨད་འབྲོག་ཡུལ་གཡང་ཡང་འཁོར། །དབུ་གཙུག་ནོར་བུས་དགོས་འདོད་ཆར་དུ་འབེབས། །ཨོཾག་སྐྱིལ་བང་མཛོད་ལོངས་སྤྱོད་ཟད་མི་ཤེས། །འདི་ཡི་མགོ་ལ་ལྷ་དང་དཔལ་གྱི་གཡང་། །སྙིང་ལ་མཚུན་དང་དགྲ་བླའི་གཡང་ཡོད་དོ། །མཇུག་རྩེ་ཙནྡན་ཁོལ་བཅུའི་གཡང་ཡོད་དོ། །གཤོག་རྩེ་གཡས་ལ་གོ་ཁྲབ་བཙན་པོའི་གཡང་། །གཤོག་རྩེ་གཡོན་ལ་མཚོན་ཆའི་
རྣོ་གཡང་ཡོད། །རྫུ་འཕྲུལ་མངོན་ཤེས་འཕྲུལ་གྱི་བྱ་ཁྱུང་འདི། །ཕ་མཚུན་དགྲ་བླ་རྣམས་ལ་འབུལ་ལགས་ཀྱིས། །ཕ་མཚུན་དགྲ་བླ་ཐམས་ཅད་རབ་མཉེས་ནས། །གསོན་པོ་འཕེན་དར་བཙན་ཕྱུག་འཛོམ་པར་མཛོད། །གཤིན་པོ་ངན་སོང་གསུམ་གྱི་སྐྱེ་སྒོ་གཅོད། །གཞན་ཡང་ཕོ་ལྷའི་འབྲང་རྒྱས་ཞལ་དཀར་དང་། །མ་ལྷའི་སྨན་ལེབ་ཏིང་ལོ་བརྩེགས་མ་དང་། །དགྲ་བླ་དགྱེས་པའི་དཔལ་བཤོས་ཟུར་གསུམ་དང་། །ཡུལ་ལྷ་དགྱེས་པའི་ཟན་གྱི་གཡག་ལུག་ར། །དབྱར་གསུམ་ཤེ་ཕུད་སྟོན་གསུམ་ཐོག་ཕུད་དང་། །དགུན་གསུམ་ཡིབ་ཕུད་དཔྱིད་གསུམ་རུལ་ཁ་དང་། །ཕྱེ་མར་ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དེ་ནས་ཟས་གཏད་པ་ནི། ཧཱུྃ། ཕ་ཁུ་མེས་པོ་ཡང་མེས་མཚུན་རྣམས་དང་། །མ་དང་སྲུ་མོ་ཕྱི་མོ་ཞང་པོའི་མཚུན། །ཐམས་ཅད་མ་ལུས་བདག་ལ་གསན་མཛོད་དང་། །སྔོན་བྱུང་སྟོན་པ་མར་མེ་མཛད་ཀྱི་དུས། །རྒྱལ་པོ་སྣང་གསལ་འོད་ནི་ཚེ་ལས་འདས། །སྲས་མཆོག་རྒྱལ་བུ་འཁོར་ལོ་སྟོང་ལྡན་གྱིས། །ཡབ་ལ་ཟས་གཏད་དགེ་བའི་ཕུལ་དུ་གྱུར། །དེ་བཞིན་
བུ་ཚ་རྣམས་ཀྱིས་ཟས་འདི་འབུལ། །སྔོན་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་འདས། །བུ་མོ་སྣང་བའི་སྒྲོན་མས་ཟས་གཏད་པས། །ཡུན་གྱི་སྲིད་དང་དགེ་བའི་ཕུལ་དུ་གྱུར། །དེ་བཞིན་བུ་མོ་རྣམས་ཀྱིས་ཟས་འབུལ་ལོ། །སྔོན་ཚེ་རྒྱལ་པོ་མ་སྐྱེས་དགྲ་འདས་ནས། །ཚ་བོ་ཤཱ་རིའི་བུ་ཡིས་ཟས་གཏད་པས། །ཆགས་པའི་མདུད་པ་གྲོལ་བ་དེ་བཞིན་དུ། །ཞང་པོའི་མཚུན་རྣམས་ཚ་བོས་མཆོད་པ་འབུལ། །སྔོན་ཚེ་རྒྱལ་པོ་ཀརྨ་འོད་བཟང་འདས། །སྲུ་མོ་དགེ་སློང་མ་ནི་པདྨའི་སྤྱན། །རོ་བརྒྱའི་ཟས་བསྔོས་འཁོར་བའི་སྒོ་འགག་ལྟར། །ཚ་བོའི་མཚུན་རིགས་ཐམས་ཅད་དེ་རིང་མཆོད། །སྔོན་ཚེ་རྒྱལ་པོ་སྣང་མཛད་འོད་འདས་ནས། །འཁོར་ཆེན་བརྒྱད་ཀྱིས་ཡུན་གྱི་ཟས་གཏད་བཞིན། །སྤྱན་དང་གྲོགས་ཀྱིས་མཚུན་རྣམས་མཆོད་པར་བགྱི། །སྔོན་ཚེ་བྲམ་ཟེའི་སྲས་མོ་འོད་ལྡན་འདས། །ཡུམ་ནི་བློ་གྲོས་རྒྱན་མས་ཟས་གཏད་ལྟར། །བུ་དང་ཚ་བོའི་མཚུན་རྣམས་དེ་རིང་མཆོད་། །སྔོན་ཚེ་རྒྱལ་བུ་དགའ་འཛིན་དམྱལ་བར་ལྟུང་། །གྲོགས་པོ་རྒྱལ་བའི་དོན་གྲུབ་ཅེས་བྱ་ཡིས། །ཟས་སྐོམ་བསྔོས་པས་སྡུག་བསྔལ་ཞི་བ་ལྟར། །ཕ་ཁུ་མ་སྐྱེས་མཚུན་
ལ་ཟས་བསྔོས་པས། །སྡུག་བསྔལ་ཀུན་ཞི་བདེ་དང་ལྡན་པར་ཤོག །སྔོན་ཚེ་མདུན་ན་འདོན་ནི་ཡི་དྭགས་སྐྱེས། །རྒྱལ་བས་ཞལ་ཟས་གནང་བས་ཐར་བ་ལྟར། །ཕ་ཁུ་མ་ཕྱི་བཀྲེས་སྐོམ་ལྡན་རྣམས་ལ། །ཟས་སྐོམ་བསྔོས་པས་བཀྲེས་སྐོམ་ཞི་གྱུར་ནས། །ཟད་མེད་ཟས་ལ་རྟག་ཏུ་སྤྱོད་པར་ཤོག །སྔོན་ཚེ་རྒྱལ་བུ་དགེ་མཐོང་ཚེ་ལས་འདས། །སྲིང་མོ་བདེ་ལྡན་མ་ཡིས་ཆང་བསྔོས་པས། །ཚ་གྲང་སྡུག་བསྔལ་ཞི་ནས་བདེ་བ་ལྟར། །འཇིག་རྟེན་འདས་དང་མ་འདས་མཚུན་རྣམས་དང་། །ཕ་ཁུ་མ་ཕྱིའི་མཚུན་ལ་ཆང་འདི་འབུལ། །སྔོན་ཚེ་ཚ་བོ་ལྷ་སྲས་འདས་པ་དང་། །ཞང་པོ་བདུད་རྗེ་བཙན་པོས་ཟས་བསྔོས་པས། །ལུས་སེམས་བདེ་བའི་དཔལ་ལ་སྤྱོད་པར་ལྟར། །ཚ་བོའི་མཚུན་རིགས་ཐམས་ཅད་དེ་རིང་མཆོད། །རྒྱལ་བུ་ཐུབ་བསྟན་འདས་པ་མུན་པར་འཁྱམས། །སྤྱན་རས་གཟིགས་ཀྱི་སྒྲོན་མེས་མུན་བསལ་ལྟར། །ཕ་མཚུན་རྣམས་ལ་མར་མེ་འདི་ཕུལ་བས། །ཁྱེད་རྣམས་ཡེ་ཤེས་སྤྱན་དང་ལྡན་པར་ཤོག །བདེ་བའི་འོད་འདས་ནོར་ལ་ཆགས་པ་ཡིས། །ཡི་དྭགས་ཡུལ་སྐྱེས་དབུལ་ཞིང་ཕོངས་པ་ལ། །ཚངས་པས་སྤྱི་
བླུག་བསྔོས་པས་ལོངས་སྤྱོད་ལྡན། །དེ་བཞིན་ཁུ་བོ་མ་ཕྱིའི་མཚུན་རྣམས་ལ། །གཡག་ལུག་ར་དང་ཤེལ་ཚིགས་མང་པོ་རྣམས། །ནོར་གྱི་ཚོགས་སུ་བྱིན་རླབས་མཆོད་པ་འབུལ། །ཚོང་དཔོན་སྲིན་མོའི་གླིང་དུ་འཁྱམས་པའི་ཚེ། །རྟ་མཆོག་བྷ་ལ་ཧ་ཡིས་བསུས་པ་ལྟར། །རྟ་ཡི་གཟུགས་དང་རྟ་མཆོག་སྤྲུལ་ཏེ་འབུལ། །ལྷ་ཡི་ཡུལ་དུ་ལྷ་མིན་དམག་གཡོས་ཚེ། །མགར་གྱི་རྒྱལ་པོ་བི་ཤྭ་ཀརྨ་ཡིས། །གོ་མཚོན་བྱེ་བ་དགུ་ཁྲི་ནུབ་གཅིག་བརྡུང་། །ལྷ་རྣམས་གཡུལ་ལས་རྒྱལ་བ་དེ་བཞིན་དུ། །གོ་མཚོན་སྣ་ཚོགས་ཕ་མཚུན་རྣམས་ལ་འབུལ། །དགྲ་བླའི་རྟེན་དུ་འབུལ་ལོ་བཞེས་སུ་གསོལ། །སྔོན་ཚེ་དྲི་མེད་སྒྲ་ཡི་བུ་འདས་པས། །སྟག་གི་རྒྱལ་མཚན་བྱིན་གྱིས་བརླབས་ཏེ་ཕུལ། །སུམ་ཅུ་རྩ་གསུམ་ལྷ་རུ་སྐྱེས་པ་ལྟར། །ཕ་མཚུན་རྣམས་ལ་སྟག་གི་རྒྱལ་མཚན་འབུལ། །མི་ནུབ་བསྟན་པ་རྒྱས་ཕྱིར་བཞེས་སུ་གསོལ། །གཞན་ཡང་དངོས་འབྱོར་ཡིད་ལས་སྤྲུལ། །མཆོད་པ་རྣམ་པ་དཔག་མེད་ཀྱི། །ཕུད་ཀྱིས་ཡེ་ཤེས་མཚུན་རྣམས་མཆོད། །དེ་མཆན་སྲིད་པའི་མཚུན་རྣམས་མཆོད། །དེ་མཆན་སྲིད་པའི་དགྲ་བླ་མཆོད། །དེ་མཆན་བདག་
དང་ཡོན་བདག་གི །ཕ་དང་ཁུ་བོ་མེས་པོ་དང་། །ཡང་མྱེས་བདུན་རྒྱུད་མཚུན་རྣམས་མཆོད། །དེ་མཆན་མ་དང་སྲུ་མོ་དང་། །མ་ཕྱི་བུ་སྲིང་ཞང་པོ་ཡི། །མཚུན་རིགས་མ་ལུས་ཐམས་ཅད་མཆོད། །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཕ་མ་ཉེ་དུ་མེས་པོ་སོགས། །གང་ཞིག་ལུས་ནི་མ་ཐོབ་ཅིང་། །བར་དོར་གནས་པ་ཐམས་ཅད་ལ། །འཛད་མེད་གཏན་གྱི་ཟས་སུ་བསྔོ། །ཤི་བླ་ཡུལ་གྱི་ལྷ་དང་བསྡོང་། །མགོན་སྐྱབས་བྱེད་པ་ཐམས་ཅད་མཆོད། །མཐུ་རྩལ་ནུས་པ་རྒྱས་གྱུར་ཅིག །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཆོས་ཉིད་རྣམ་དག་བདེན་པ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །བསྔོས་པ་བཞིན་དུ་ཐོབ་པར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གསུམ་མམ་བདུན་བརྗོད། ཕྱེ་མར་འོ་ཕུད་ཀྱིས་བསང་བྱ། ཧཱུྃ། དུས་གསུམ་སངས་རྒྱས་སྤྱི་མྱེས་ལྷ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །
རབ་འབྱམས་ཞིང་གི་སྤྱི་མྱེས་ལྷ། །སྤྱན་རས་གཟིགས་དབང་གངས་ཆེན་མཚོ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཕགས་པ་བཞི་པོ་སྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས། །རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང། །བཀའ་བརྒྱུད་པ་རྒན་མར་པ་རྗེ། །བཀའ་གདམས་ཕ་རྒན་འབྲོམ་སྟོན་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །བོད་ཀྱི་ཕ་གཅིག་པདྨ་འབྱུང་། །རིག་འཛིན་གདུང་རྒྱུད་ཕ་མཚུན་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་སོགས། །གྲུབ་ཐོབ་ཕ་མཚུན་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས། །རྒྱལ་བློན་སེམས་དཔའ་ཐམས་ཅད་ལ། །
ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཇིག་རྟེན་ཀུན་གྱི་མེས་པོ་སྟེ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ལ། །ཕྱག་པའཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྟོང་གསུམ་འཇིག་རྟེན་མེས་པོ་སྟེ། །ལྷ་ཆེན་ཚངས་པ་གདོང་བཞི་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཁོར་ལོས་སྒྱུར་རྒྱལ་སྡེ་ལྔ་སོགས། །རྒྱ་གར་ཡུལ་གྱི་མཚུན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀོང་ཙེ་འཕྲུལ་རྒྱལ་རྩིའུ་སོགས། །རྒྱ་ནག་ཡུལ་གྱི་མཚུན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྤྲེའུ་བྲག་སྲིན་མོ་ལ་སོགས། །བོད་ཀྱི་ཕ་མཚུན་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དུང་མི་ལྷ་དཀར་ལ་སོགས་པ། །ལྷ་རིགས་ཕ་མཚུན་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྲིད་པའི་སྨོན་མི་ལུ་ལུ་དང་། །
ཕྱུ་རྨུ་གཙུག་གསུམ་མཚུན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དམུ་སྲས་འཕྲུལ་བུ་དབང་ལྡན་དང་། །རྒྱ་བལ་ལི་དང་ཁྲོམ་གྱི་མཚུན། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕྱུའུ་སྤྱི་གཙུག་རྒྱལ་པོ་དང་། །ཕྱུ་རབས་སྟག་ཆས་བལ་བུ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཡབ་ལྷ་བརྡལ་དྲུག་ཁྲི་རྗེ་འབར། །འོ་དེ་གུང་རྒྱལ་མཆེད་བཞི་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ལྷ་ཚ་ཐུགས་ཀར་བུ་དགུ་དང་། །སྲིན་ཚ་ཐུགས་དམར་བུ་དགུ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕྱྭ་རྗེ་ཡབ་ལྷ་བརྡལ་དྲུག་གིས། །སྲས་བུ་སུམ་ཅུ་སོ་ལྔ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །མི་སྡུག་ཤ་མཚན་བཅོ་བརྒྱད་ཅན། །ཁྲི་ཆེན་དཔལ་ལྷ་ཞེས་བྱ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྲིད་པའི་སྣེ་ཕྲོམ་ལག་
བཀྲ་དང་། །སྲིད་པའི་ཕྲུ་ལྕམ་རྒྱལ་མོ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་བུ་མཐིང་གེ་འཛོམ་ལ་རྒན་། །ཁྲི་ལ་ཞོམ་དང་བཙན་ལ་འཕེན། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཨ་མྱེ་ཁྲི་དོ་ཆེན་པོ་དང་། །མིའུ་རུས་དྲུག་ཕ་མཚུན་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕ་སྤུན་ནག་པོ་རྒྱ་ཡི་མཚུན། །ཁྱིམ་མཚེས་ཝེར་མ་མོན་གྱི་མཚུན། །གཉན་ཡ་ཆུ་གྲི་འཇང་གི་མཚུན། །འཐབ་ཡ་ཨ་ཝ་ཧོར་གྱི་མཚུན། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་མཚུན། །རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་མཚུན། །སྟག་གཟིག་ནོར་གྱི་རྒྱལ་པོའི་མཚུན། །གེ་སར་དམག་གི་རྒྱལ་པོའི་མཚུན། །སྐུ་རྒྱལ་བོད་ཀྱི་རྒྱལ་པོའི་མཚུན། །འཛམ་བུ་གླིང་གི་མཚུན་མགོན་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བཟང་ཁ་ཟུངས་ལ་ཡག་ཁ་མཛོད། །ཀྱཻ། ཕུ་བོ་གདོང་དང་ཡུམ་གཅིག་འབྲི་སྣ་མ། །གངས་ཅན་ཕྱུག་དྲག་
སྨུག་པོ་ཏེ་སེ་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །མཐོ་བ་གནམ་འཕྱོང་གདོང་གི་དགྲ་བླ་ནི། །དུང་མི་གཡུ་སྨིན་དུང་གི་ཐོར་ཚུགས་ཅན། །བ་དན་དཀར་པོ་ཕྱར་ཞིང་སྦ་ལྕག་གཡུགས། །གདོང་གི་མི་ཕྱེད་གནམ་ལ་ཡོད་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །ཡོ་ན་མགོ་ར་གདོང་ཆབ་འཐིབ་པོ་དང་། །དཀར་པོ་གདོང་དང་ནག་པོ་གདོང་གི་མཚུན། །སྨུག་པོ་གདོང་དང་ཁྲ་བོ་གདོང་གི་མཚུན། །རྡོ་རྗེ་རྒྱལ་མཚན་ཁྱུང་མགོ་དགུང་དང་མཉམ། །དབང་བློའི་ལྷ་རྒོད་དགྲ་བོ་ཆམ་ལ་འབེབས། །གླིང་རྗེ་གེ་སར་རྒྱ་ལ་བྱིས་རྟ་སྐྱེས། །དབྲ་ཚ་སྒ་སྡེ་ཁྱུང་ལ་གོང་གླུ་ལེན། །མ་སངས་ཁོང་ཁྲིལ་སྟག་ལ་མགུལ་ཆར་བཏགས། །ཨ་སྟག་ཀླུ་མོས་འབྲོང་གི་རྐང་རློན་བཅག །དེ་སོགས་གདོང་རིགས་སྲིད་པའི་ཕ་མཚུན་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་ཁ་འཛིན་མཛོད། །ཆོས་སྲིད་དགུང་
བས་མཐོ་བའི་དངོས་གྲུབ་སྩོལ། །དབྲ་དཀར་དབྲ་ཁྲ་དབྲ་ནག་ཕ་མཚུན་དང་། །ཆེ་དྲུག་བཙུན་དྲུག་ཕྱུག་དྲུག་རྣམས་ཀྱི་མཚུན། །བོད་ཁམས་མུན་སེལ་མར་པ་ལོ་ཙཱ་དང་། །འདྲེ་སྲིན་འདུལ་མཛད་སྒོམ་པ་མར་མེ་དང་། །དུག་སྦྲུལ་འདུལ་མཛད་ལྷ་རྒོད་ངོ་སྐོང་དང་། །སྲིན་པོ་འདུལ་མཛད་བུ་ཚ་རྩོམ་གཡེར་མཚུན། །འཕེན་གཡང་ལྡན་པའི་ཨ་བོ་ཞྭ་དཀར་དང་། །ཕྱུགས་གཡང་ཅན་གྱི་ཉི་མ་རྒྱལ་མཚན་སོགས། །དབྲ་རིགས་སྲིད་པའི་ཕ་མཚུན་གཡང་རྒན་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ལ་ཕྱུག་གཡང་ཕོབ། །འགྲུ་རྗེ་ལྷ་དབང་ཐོད་དཀར་ཕྱུ་བཟའ་ཡུམ། །གནམ་ཐེལ་དཀར་པོ་ས་ཐེལ་ཁྲ་བོ་དང་། །འབྲུ་རྗེ་རྭ་ཅོ་ཅན་ལ་བཅོ་བརྒྱད་དང་། །མི་འགྱུར་ཐར་པའི་གནས་བརྒྱད་འགྲུ་ཡི་མཚུན། །བདུད་རིགས་འདུལ་མཛད་ལྷ་དབང་ཐོད་དཀར་དང་། །རྒྱལ་ས་བཙུགས་མཛད་བྷེ་ཇིར་ལང་ཐང་དང་། །རྒྱལ་ཁྲིམས་དར་མཛད་རྒྱལ་པོ་སྐུ་མང་རུ། །རྒྱ་ནག་འདུལ་མཛད་བྷེ་མང་རུ་ཏི་དང་། །ཧོར་དམག་རླག་མཛད་བྷེ་རྩེ་
རུ་ཏི་དང་། །རྒྱ་བོད་ཀུན་འདུལ་བྷེ་རྒྱལ་རུ་ཏི་དང་། །མུ་སྟེགས་འདུལ་མཛད་གནམ་བྷེ་དཀར་པོ་དང་། །སྲིན་པོ་འདུལ་མཛད་ས་བྷེ་གྲོ་བོ་དང་། །འབྲོམ་སྟོན་དྭགས་པོ་འཇམ་དབྱངས་བདུན་རྒྱུད་སོགས། །འབྲུ་རིགས་ཕ་མཚུན་མ་ལུས་འཁོར་བཅས་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་འཕེན་རྟ་ཧྲག་བཙན་ཕྱུག་འཛོམ་པར་མཛོད། །དམུ་ཚ་སྒ་ཡི་བུ་དགུ་ལ་སོགས་པ། །སྒོ་རིགས་སྲིད་པའི་ཕ་མཚུན་ཐམས་ཅད་དང་། །དབལ་ཟླ་གཉིས་ཀྱི་ཕ་མཚུན་ཐམས་ཅད་དང་། །ཁྱད་པར་བདག་དང་ཡོན་བདག་འདི་རྣམས་ཀྱི། །ཕ་མྱེས་ཡང་མྱེས་མ་ཕྱི་ཡང་ཕྱིའི་མཚུན། །ཕ་དང་ཁུ་བོ་སྐྱེས་པོ་མ་ཕྱིའི་མཚུན། །བུ་མོ་མག་པ་ཞང་པོའི་མཚུན་ལ་སོགས། །ཐམས་ཅད་འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བུ་དང་ཚ་བོའི་ཁ་འཛིན་མ་གཡེལ་ཞིག །ཀྱཻ། ལྷ་ཡི་དགྲ་བླ་ལྷ་མིན་གཡུལ་ངོ་ཟློག །ཆོས་ཀྱི་དགྲ་བླ་ལེགས་ལྡན་ནག་པོ་ནི། །བེང་དང་ལྕགས་པར་
བསྣམས་ཤིང་བེར་ནག་གསོལ། །རྟ་ནག་ཆིབས་ཤིང་ལྷ་དམག་འབུམ་གྱིས་བསྐོར། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །དགྲ་བླའི་རྒྱལ་མོ་མ་གཅིག་རེ་མ་ཏི། །རིན་ཆེན་རྒྱན་ལྡན་དར་དཀར་གོ་ཟུ་གསོལ། །རལ་གྲི་ནེའུ་ལེ་བསྣམས་ཤིང་དྲེའུ་རྟ་ཆིབས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །སློབ་དཔོན་ཆེན་པོ་པདྨ་འབྱུང་ཀྱིས། །བོད་ཀྱི་དགྲ་བླའི་རྒྱལ་པོར་མངའ་གསོལ་བ། །བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །གསེར་མདོག་རྨོག་ཁྲབ་གསོལ་ཞིང་སེང་གེ་ཆིབས། །གནོད་སྦྱིན་བྱེ་བ་འབུམ་གྱི་དམག་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །དགྲ་བླའི་མཆོག་གྱུར་ཨཅུ་རེ་མན། །ཤེལ་རྨོག་བསེ་ཁྲབ་གསོལ་ནས་རྟ་སྔོན་ཆིབས། །
སྤྲུལ་པ་རང་འདྲ་ལྔ་བརྒྱའི་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་རྡོ་རྗེ་ལེགས། །བེར་དམར་གསོལ་ཞིང་སེང་གེ་གོང་སྔོན་ཆིབས། །དགྲ་བླ་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །དགྲ་བླ་ཡེ་རྫུ་ར་སྐྱེས་ཁམ་པ་ཆིབས། །རྒོད་ཞུ་རྒོད་ཐུལ་གསོལ་ཞིང་ཁ་ཆར་འབེབས། །འབྲུག་ཞོན་སྟག་ཞོན་སེང་ཞོན་འབྲོང་ཞོན་དང་། །ཝ་ཞོན་ལ་སོགས་སུམ་བརྒྱ་དྲུག་ཅུར་བཅས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །སེར་ཆགས་དགྲ་བླ་རྒྱལ་ཆེན་པེ་ཧ་ར། །སོག་པོའི་ཆ་ལུགས་སྟག་རལ་གཟིག་ཤུབས་ཅན། །རུ་འདྲེན་བཞི་སོགས་འཁོར་ཚོགས་བསམ་མི་ཁྱབ། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་
བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །འཁུ་ལྡོག་མ་བྱེད་གཙུག་ལག་ཁང་དུ་གཤེགས་། །འགྲུ་དང་ཧོར་སོགས་དགྲ་བླ་གནམ་ཐེལ་དཀར། །བེར་ཆེན་སྔོ་བཀྲ་གསོལ་ཞིང་རྟ་དཀར་ཆིབས། །ཤེལ་གྱི་རལ་གྲི་བསྲེ་ཡི་འདན་དཀར་བསྣམས། །དགྲ་ནོར་གཡང་དུ་ལེན་པའི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །གདོང་གི་དགྲ་བླ་གདོང་ལྷ་ཕྲོམ་ཕྲོམ་ནི། །གཡུ་འབྲུག་སྔོན་མོ་ཟངས་ཀྱི་ཟེ་བ་ཅན། །ནམ་མཁའི་དབྱིངས་ནས་གདོང་གི་དར་ཕྱུག་བྱེད། །གདོང་རིགས་དར་རྒྱས་ཅན་གྱི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད་། །དབྲ་ཡི་དགྲ་བླ་དབྲ་མ་དབྲ་ཁྲ་ནི། །བྱ་ཁྲ་གནམ་ལྕགས་འབར་བའི་མཆུ་སྡེར་ཅན། །ནམ་མཁའི་དབྱིངས་ནས་ལྡིང་ཞིང་གོང་སྲང་ཉུལ། །དབྲ་རིགས་དར་རྒྱས་
ཅན་གྱི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །འགྲུ་ཡི་དགྲ་བླ་འགྲུ་མོ་ཕྲོམ་ཕྲོམ་ནི། །དུང་གཡག་དཀར་པོ་ཤེལ་གྱི་རྭ་ཅོ་ཅན། །འགྲུ་བླ་ཉུལ་ཞིང་རྫ་རིའི་རྩེ་ལ་འགྲིམ།་།འགྲུ་རིགས་དར་རྒྱས་ཅན་གྱི་དགྲ་བླ་ཁྱོད་། །འདིར་གཤེགས་བསང་དང་མཆོད་པ་གཏོར་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །ས་ཡི་དགྲ་བླ་སྒ་མོ་ལེགས་ཕྲོམ་ནི། །གསེར་སྟག་སེར་པོ་མཚལ་གྱི་རྭ་ཅོ་ཅན། །ཁམས་གསུམ་ཁྱབ་པར་ཉུལ་ཞིང་སྦ་ལོ་ཉབ། །སྒོ་རིགས་དར་རྒྱས་ཅན་གྱི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །ནུ་བོ་དབལ་ཟླ་གཉིས་ཀྱི་དགྲ་བླ་ནི། །ཤེལ་ལས་གྲུབ་པའི་ར་སྐྱེས་ཁམ་པ་དང་། །དུང་ལས་གྲུབ་པའི་ཁྱི་མོ་དཀར་མོ་གཉིས། །དབལ་ཟླ་དར་རྒྱས་ཅན་གྱི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་
མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །གཞན་ཡང་འདོད་ཁམས་དགྲ་བླ་བེང་ཆེན་དང་། །འདོད་ཁམས་དགྲ་བླ་དུང་ཁྲབ་གནམ་ཁེབས་དང་། །ས་གཞིའི་དགྲ་བླ་གསེར་སྦལ་གཡུ་ཐིག་ཅན། །ཆུ་དཀྱིལ་དགྲ་བླ་ཀླུ་ཡི་རྒྱལ་པོ་དང་། །རླུང་དཀྱིལ་དགྲ་བླ་ལྷ་ལུག་དཀར་པོ་དང་། །ཕྱུ་མུ་གཙུག་གསུམ་རྒྱུད་ཀྱི་སྲུང་མ་དང་། །དགྲ་བླ་གཉེན་པོ་གྲ་མ་མཆེད་བརྒྱད་དང་། །སྐྱེས་གཟུགས་དགྲ་བླ་ཆེན་པོ་སྤུན་གསུམ་དང་། །དགྲ་ཐུབ་དགྲ་བླ་སྤྱན་གསུམ་ལ་སོགས་པ། །སྲིད་པའི་དགྲ་བླ་མཐུ་ཆེན་ཐམས་ཅད་ཀུན། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །གདོང་གི་དགྲ་བླ་ཐོག་འབྲུག་གློག་ལྡེམ་དང་། །དབྲ་ཡི་དགྲ་བླ་མཚལ་བུ་སྨྲ་ཤེས་དང་། །འབྲུ་ཡི་དགྲ་བླ་དུང་གཡག་དཀར་པོ་དང་། །སྒ་ཡི་དགྲ་བླ་མཚལ་སྟག་སྤུ་རིས་དང་། །སྒོ་ཡི་དགྲ་བླ་དུང་མི་དུང་རྟ་དང་། །སྐྱེས་པའི་དགྲ་བླ་ཟངས་ཀྱི་འཕར་བ་
དང་། །བུ་ཚའི་དགྲ་བླ་གཡུ་ཡི་ཁུ་བྱུག་དང་། །བུ་སྲིང་དགྲ་བླ་གཡུ་ཡི་ནེ་ཙོ་དང་། །བུད་མེད་དགྲ་བླ་རྨ་བྱ་འཇོལ་མཁན་དང་། །ཡུལ་མཁར་དགྲ་བླ་དུང་སྦལ་དཀར་པོ་རྣམས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །གོ་ཆའི་དགྲ་བླ་ཁྲ་མོ་ར་མགོ་དང་། །མགྱོགས་པའི་དགྲ་བླ་བྱ་རྟ་དགུ་བརྩེགས་དང་། །མི་འཐོར་དགྲ་བླ་དུང་མི་དུང་རྟ་དང་། །ཟིན་གྱི་དགྲ་བླ་གཉན་པོ་སྤུན་བདུན་དང་། །ལྷ་ལུང་དཀར་པོ་རྗེ་རླུང་འཕྱོ་བ་དང་། །འོད་ཟེར་མི་རྟ་བཅོ་བརྒྱད་ལ་སོགས་པ། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །བཟང་ཤིང་སྤོས་སྣ་ཕྱེ་མར་དུད་པ་འདིས། །ཕ་མཚུན་དགྲ་བླའི་དབང་པོ་ལྔ་ཡི་རྩི། །དུད་པས་མཚུན་མཉེས་ངད་པས་དགྲ་བླ་མཉེས། །མེ་ལྕེས་ཕ་མཚུན་དགྲ་བླ་བསིལ་བ་དྲོས། །ཕ་མཚུན་དགྲ་བླ་རྨུགས་པ་ཐམས་ཅད་སངས། །བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག །དེ་
ནས་ལུག་མགོའི་ལྕེ་མ་ནེ་ལེན་ལ། ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །སྔོན་ཆད་དགྲ་གཉེན་སུ་ལ་ཡང་། །མ་ནེ་གདན་ལ་བཏིང་མ་མྱོང་། །ད་ཡང་སྔོན་གྱི་ལུག་བཞིན་དུ། །མ་ནེ་གདན་དུ་མི་བཏིང་ངོ་། །ཀྱཻ། སྔོན་གྱི་བསྐལ་པ་དང་པོ་བྱུང་བའི་དུས། །ཕ་མང་འཕེལ་གསུམ་མཚུན་ལུག་ངུར་བསྙེན་བུ། །འཕྲུལ་ལུག་རུ་བརྡར་དངུལ་རྭ་མཆོང་གི་རྨ། །གཡུ་སྤྱན་དུང་ཚེམས་ལེ་བརྒན་དར་གྱི་ལྗགས། །དུང་གི་རུས་ལ་མཚལ་ཁྲག་བསེ་ཡི་ཤ །ལྕགས་རྨིག་བསེ་ལྕགས་སྤྲིན་དཀར་བལ་དང་ལྡན། །སེམས་ཀྱིས་ཀུན་ཤེས་སྤྱན་གྱིས་ཐམས་ཅད་མཐོང་། །སྙན་གྱིས་ཀུན་ཐོས་རྨིག་བཞི་ལྕགས་ལས་གྲུབ། །སྐད་སྙན་ཕ་མཚུན་རྣམས་དང་གཏམ་བྱེད་པ། །ཕ་མཚུན་དགྲ་བླ་རྣམས་ཀྱི་རྟེན་དུ་འབུལ། །མཚུན་ལུག་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །མཚུན་མགོ་སོང་བ་ལུག་གི་མགོ་ཡིས་བཅོས། །མཚུན་སྙིང་འགྲམ་པ་ལུག་གི་སྙིང་གིས་བཅོས། །ལྕེ་ཡི་མཚུན་གྱིས་ལྐུགས་པ་ཁ་འབྱེད་པ། །མཚུན་ལུག་ཕུལ་བས་མཚུན་ཁམས་བདེ་གྱུར་ཅིག །མཚུན་ཤིང་ཤུག་པ་ལྷ་རིའི་རྩེ་ལ་སྐྱེས། །རྟིང་པ་དཀར་བ་བཀྲ་ཤིས་འབྱུང་བའི་
རྟགས་། །སྡོང་བུ་འཁྲུངས་པ་བྱང་ཆུབ་སེམས་ཀྱི་རྟགས། །ལོ་འདབ་རྒྱས་པ་ལོངས་སྤྱོད་འཕེལ་བའི་རྟགས། །འབྲས་བུ་སྨིན་པ་མི་ནོར་འཕེལ་བའི་རྟགས། །ཕ་མཚུན་དགྲ་བླ་རྣམས་ཀྱི་སྐུ་ཤིང་མཛོད། །སྐུ་ཤིང་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །མཚུན་ཤིང་སུར་དཀར་དཔལ་གྱི་རི་ལ་སྐྱེས། །རྟིང་པ་དཀར་བ་བཀྲ་ཤིས་འབྱུང་བའི་རྟགས། །སྡོང་བུ་འཁྲུངས་པ་བྱང་ཆུབ་སེམས་ལྡན་རྟགས། །ལོ་འདབ་རྒྱས་པ་ཡོན་ཏན་རྒྱས་པའི་རྟགས། །མེ་ཏོག་བཀྲ་བ་བདེ་ལེགས་འཕེལ་བའི་རྟགས། །ཕ་མཚུན་མོ་སྨན་རྣམས་ཀྱིས་སྐུ་ཤིང་མཛོད། །སྐུ་ཤིང་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །སྤྱི་མཚུན་སྒོ་བ་རྣམས་བཅུ་མཚུན་ཆེན་ལྔ། །སྤྲུལ་པའི་བྱ་དཀར་སྲིད་པའི་ཁྱུང་ཆེན་དང་། །འགྱེད་པའི་བྱ་ཁྲ་ཕོ་ལྷའི་རྒྱལ་པོ་དང་། །འགོ་བའི་ལྷ་ལྔ་ཕྲག་པའི་མཚུན་ཉེར་ལྔ། །ཕྱུ་མཚུན་སྤྱི་མཚུན་གྲི་མཚུན་ཕ་མཚུན་དང་། །སྨན་མཚུན་ལ་སོགས་མཚུན་རིགས་མགོན་བྱེད་རྣམས། །མཚུན་ཤིང་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །བུ་དང་ཚ་བོ་རྣམས་ལ་ཁ་འཛིན་མཛོད། །ཚེ་བསྲིང་དཔལ་བསྐྱེད་རྒྱུད་འཕེལ་དར་རྒྱས་མཚུན། །ཕ་དང་མེས་པོ་ཡང་མེས་
དགུ་རྒྱུད་མཚུན། །མི་རྒན་ལྷ་རུ་སོང་བའི་བཀྲ་མཚུན་དང་། །མ་ཕྱི་ཡང་ཕྱི་ཡུལ་གྱི་སྨན་མཚུན་དང་། །བཙན་ཕྱུག་འཕེན་དར་བྱེད་པའི་ལྷ་མཚུན་རྣམས། །སྐུ་ཤིང་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །བདག་དང་བུ་ཚ་རྣམས་ལ་ཁ་འཛིན་མཛོད། །དེ་ནས་རྡོ་ལེབ་ལ་སོལ་བས་ཁྲམ་བྲིས་ལ་མཆོད་གཞི་ལ་བསྐོར་ལ་ཕྱིར་དོར་རོ།། ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །རུས་དྲུག་སྒོ་ང་བདུན་གྱི་ཆོ་འབྲང་ལས། །རྒྱུད་འདྲེ་ཆེ་སྲི་ཆུང་སྲི་རྒན་སྲི་དང་། །གོད་འདྲེ་དམ་སྲི་བསེ་རག་ཕུང་སྲི་དང་། །རྨང་འདྲེ་མི་ཁ་སྙིང་སྟོང་བསྒྲེན་སྲི་རྣམས། །ཐམས་ཅད་འཁོན་རྡོ་འདི་ལ་ཁྲོམ་དུ་འདེབས། །ཕ་མཚུན་དགྲ་བླ་བཞུགས་པའི་ལྷ་གྲལ་ནས། །སྒབ་འདྲེ་ཕུང་སྲི་བྱུར་རྣམས་ཕྱིར་ཕུད་དོ། །ཀྱཻ། ཕ་མཚུན་དགྲ་བླ་གཉན་པོ་ཁྱེད་རྣམས་ཀྱིས། །བུ་ཚ་རྣམས་ལ་འཁོན་པ་མ་མཆིས་སོ། །གལ་ཏེ་མཆིས་ན་འཁོན་རྡོ་དེ་རིང་བཅག །རི་ཁྱི་བཞིན་དུ་ངུ་འཁོན་མ་བྱེད་ཅིག །ཕོ་རོག་བཞིན་དུ་འགྱོད་འཁོན་མ་བྱེད་ཅིག །ཕུག་རོན་བཞིན་དུ་ཞེ་འཁོན་མ་བྱེད་ཅིག །ཝ་མོ་བཞིན་དུ་བརྒྱལ་འཁོན་མ་བྱེད་ཅིག །བུ་ཚ་རྣམས་ལ་མ་འཁོན་མ་ཁྲོ་ཅིག །ཞྭ་གོས་
ལྷམ་དང་རྒྱུ་ཟས་ནོར་རྣམས་དང་། །ཟས་སྐོམ་རྣམས་ལ་ཁྱེད་རྣམས་མ་འཁོན་ཞིག །གལ་ཏེ་འཁོན་པ་ཡོད་ན་འཁོན་རྡོ་བཅག །ཀྱཻ། ཕ་མཚུན་དགྲ་བླ་ཐམས་ཅད་སྙན་གསོན་དང་། །གླིང་བཞི་གླིང་ཕྲན་འཛམ་གླིང་མཐའ་དབུས་ན། །མཚུན་ཁྱིམ་བཞུགས་ཡུལ་འདི་བས་བཟང་བ་མེད། །ཡུལ་མཁར་རྫོང་ལ་འདི་བས་བཙན་པ་མེད། །བུ་ཚ་དབོན་སྲས་བཙན་དྲག་འདི་ན་རྒྱས། །མནའ་མ་མཛེས་སྡུག་རྒྱན་ཆ་འདི་ན་ཕྱུག །རྟ་དྲེལ་ནོར་ཕྱུགས་དར་རྒྱས་འདི་ན་ཆེ། །མདའ་གཞུ་གོ་མཚོན་བཀོལ་སྤྱོད་འདི་ན་ཕྱུག །མཚུན་རྣམས་མཆོད་པའི་ལོངས་སྤྱོད་འདི་ན་རྒྱས། །དེ་ཕྱིར་དོན་མེད་ཡུལ་དུ་མ་འཁྱམས་ཤིག །ཕ་སྤུན་ཞང་ཉེ་མག་གི་ཡུལ་རྣམས་སུ། །མ་འགྲོ་མ་འཁྱམས་མ་བྲོས་ཡུལ་འདིར་བཞུགས། །སྟག་གཟིག་དར་གདན་དགུང་དུ་མ་སྤུར་བར། །རང་གི་ཡུལ་འདིར་རྟག་ཏུ་བརྟན་པར་བཞུགས། །མཚུན་ཡུལ་ཡུལ་འདིར་མ་རྨོས་ལོ་ཏོག་རྒྱས། །གསེར་རི་མཆོང་ལུང་དུང་རི་དངུལ་ལུང་དང་། །ཤེལ་བྲག་འོ་མཚོ་གསེར་དེལ་སྤུན་གསུམ་ཡོད། །སྦ་སྨྱུག་སུར་ཤུག་མཚུན་ཤིང་ནགས་ཚལ་རྒྱས། །ཁུ་བྱུག་ཐེ་བ་ཁྲུང་ཁྲུང་གསུང་སྙན་
སྒྲོག །ཉི་ཟླ་སྐར་གསུམ་ཁྱུང་འབྲུག་སེང་གསུམ་ལྡན། །བདུད་རྩིའི་མཚོ་འཁྱིལ་སྨན་སྤོས་དྲི་བཟང་འཐུལ། །དེ་དབུས་མ་བརྩེགས་མཚུན་དང་དགྲ་བླའི་མཁར། །རྨིང་གཞི་ལྕགས་ལ་ལོགས་བཞི་རིན་ཆེན་གསེར། །ཁ་བད་གཡུ་ལ་གསེར་གྱི་ཐེམ་སྐས་ལྡན། །བྱི་རུའི་སྒོ་དང་ལྡན་པ་བཙན་པོའི་རྫོང་། །དེ་ནང་གསེར་དངུལ་རིན་ཆེན་སྣ་ཚོགས་ཁྲི། །རིམ་པ་བཅུ་གསུམ་སྟག་གཟིག་དར་གྱི་གདན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ལ་བསྟོད། །གསེར་གྱི་ས་གཞིར་རྩི་ཐོག་རྒྱས་པ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །རི་བོ་མཆོག་རབ་རི་བྲན་བསྐོར་བ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །མཐའ་ཡི་རྒྱ་མཚོ་ཆུ་བྲན་བསྐོར་བབཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །གངས་དཀར་རྩེ་ལ་སེང་ཆེན་འགྱིང་བ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །ཙནྡན་ནགས་ལ་རྒྱ་སྟག་འགྱིང་བ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །དཔག་བསམ་ཤིང་ལ་བྱ་རྒྱལ་ཚང་བཅས་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །
ཤེལ་བྲག་རྩེ་ལ་བྱ་རྒྱལ་ཚང་བཅས་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །མཁའ་ལ་ཉི་ཟླ་སྐར་གསུམ་འཚོགས་པ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །ཉི་ཟླའི་འོད་ཀྱིས་གླིང་བཞི་ཁྱབ་པ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །སེང་གེ་གཡུ་རལ་སྟག་གི་འཛུམ་དྲུག་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །ཁྱུང་གི་གཤོག་དྲུག་གཡུ་འབྲུག་གྲག་པ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །གངས་ལ་ཉི་ཤར་མཚོ་ལ་དར་ཆགས་བཞིན་། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱར་བ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །ཕ་མཚུན་ཆོས་སྐུ་ནམ་མཁའ་ཡངས་པ་ལ། །བུ་ཚ་ལོངས་སྐུའི་སྐར་འཚོགས་རྒྱས་པར་མཛོད། །ཕ་མཚུན་ཆུ་འཛིན་ནམ་མཁའ་ཁེབས་པ་ལ། །བུ་ཚ་དབོན་སྲས་ཆར་ལྟར་འབེབས་པར་མཛོད། །ཕ་མཚུན་གསེར་གྱི་ས་གཞི་ཡངས་པ་ལ། །དབོན་སྲས་རྩི་ཤིང་ནགས་ལྟར་འཕེན་པར་མཛོད། །ཕ་མཚུན་དགྲ་བླ་གཉན་པོ་ཁྱེད་རྣམས་ལ། །དྲི་མེད་ན་བཟའ་ གཙང ་མའི་ཕུད་
ཀྱིས་མཆོད། །རི་དྭགས་གཡུང་དྭགས་འབྲུ་སྨན་རིན་པོ་ཆེ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཐམས་ཅད་དང་། །ཐ་ན་ཕོར་ནང་ཟས་ཀྱི་ཕུད་ཀྱིས་མཆོད། །ཁྱེད་རྣམས་མ་འཁོན་མ་འཁྱམས་རང་ཡུལ་ཟུངས། །ཕྱུག་པོའི་ནོར་དང་འཕེན་པོའི་བུ་དང་ནི། །མཛེས་མའི་གཟུགས་ལ་མ་འཕྲེང་གནས་འདིར་བཞུགས། །སྔོན་ཚེ་སྤྲང་པོ་ཐོད་ལོ་དཀར་པོ་བཞིན། །གསོལ་མཆོད་འདི་ལ་ཞེན་པ་མ་ལོག་ཅིག །སྔོན་ཚེ་དམུ་སྐེ་ལོང་བ་ཇི་བཞིན་དུ། །གྲོགས་པོ་རྣམས་ལ་ལྟོགས་འཁོན་མ་བྱེད་ཅིག །གཅན་གཟན་བཞིན་དུ་བུ་ལ་མ་རྒོལ་ཞིག །འདབ་ཆགས་བཞིན་དུ་བུ་ཚ་གཟན་མ་སྐྱུར། །དོམ་དྲེད་བཞིན་དུ་གསོལ་དུས་ངོ་མ་མནག །གདོལ་པ་བཞིན་དུ་ཁྱུ་ནས་མ་འཁྱམས་ཤིག །ཤ་བ་གདོས་མ་བཞིན་དུ་མ་འགྲོགས་ཤིག །གྲོང་རྐུན་བཞིན་དུ་ཁ་ལྕེ་མ་བྱེད་ཅིག །དམུ་རྗེ་བཙན་པོ་བཞིན་དུ་ཡིད་མ་འཆད། །མི་བཟི་ཁྲི་དོར་བཞིན་དུ་མ་འཁོང་ཞིག །རྨ་རྒན་བཞིན་དུ་གངས་སྟེང་མ་འཁྱམས་ཤིག །རྒན་རྒོག་བཞིན་དུ་ལྟོགས་འཁོང་མ་བྱེད་ཅིག །སྨྲ་ཐོལ་བཞིན་དུ་བདུད་དང་ཤག་མ་བཀྱེ། །སྟན་རྒན་གཉན་བཞིན་བཙན་དང་ཤག་
མ་བྱེད། །བུ་དང་ཚ་བོ་སྐུགས་ལ་མ་གཞོག་ཅིག །དབོན་སྲས་བུ་ཚའི་ཁ་འཛིན་མ་གཡེལ་ཞིག །མཆོད་ཅིང་བསྟོད་ན་ངོ་འཕང་མ་དམའ་ཞིག །མགྱོགས་པ་སྔོན་དང་བཙན་པོ་གཉར་མ་གཏོང་། །དགྲ་འོང་བྱ་ཐོང་དུག་འོང་རྩི་སྨན་ཐོང་། །དཔལ་གྱི་ཉི་མས་ཚེ་ཡི་དམུ་ཐག་སྲིངས། །ཕྱྭ་གཡང་རྟེན་ཕུར་མ་འབུད་དམ་དུ་ཚུགས། །དེ་སྔ་དབུལ་ཕོངས་རྒུད་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་ཕྱུག་ཅིང་དར་བར་མཛོད། །དེ་སྔ་མི་མེད་རྨོངས་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་འཕན་དར་ཆེ་བར་མཛོད། །དེ་སྔ་ཕ་སྤུན་ནང་ནི་མི་ཞན་ཏེ། །དེ་སྔ་བས་ཀྱང་ནང་བཟང་ཚང་སྐྱེད་མཛོད། །དེ་སྔ་སྡུག་ཅིང་བསྔལ་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་སྐྱིད་ཅིང་དགའ་བར་མཛོད། །དེ་སྔ་མ་ཐུབ་དགྲ་བོ་ཡེ་མེད་དེ། །དེ་བས་དགྲ་རྐུན་ཇག་གསུམ་རྡུལ་དུ་རློགས། །མགོ་དཀར་མགོ་ནག་རྩིས་གྲངས་མ་བྱེད་པར། །རྒས་པའི་ཚེ་སྲིངས་གཞོན་པའི་དཔལ་བསྐྱེད་ཅིག །ཀྱཻ། གསོན་དང་ཕ་མཚུན་དགྲ་བླ་གཉན་པོ་རྣམས། །ཡུལ་འདི་ས་ལ་མ་གྲུབ་ཡུལ་གསུམ་ཡོད། །མི་ཡུལ་ལྷ་ཡུལ་མཚུན་ཡུལ་འདི་ན་ཡོད། །ས་མེད་མི་རི་ལྷ་རི་མཚུན་རི་གསུམ། །ཆུ་མེད་མི་
མཚོ་ལྷ་མཚོ་མཚུན་མཚོ་གསུམ། །རྡོ་མེད་མི་མཁར་ལྷ་མཁར་མཚུན་མཁར་གསུམ། །ཤིང་མེད་མི་ཤིང་ལྷ་ཤིང་མཚུན་ཤིང་གསུམ། །དེ་འདྲ་ཡ་མཚན་ལྡན་པའི་ཡུལ་འདི་ལ། །ཕ་མཚུན་དགྲ་བླ་བརྟན་པར་བཞུགས་སུ་གསོལ། །སྔོན་མོ་ནས་ཀྱི་སྙིང་ཁུ་བདུད་རྩིའི་ཆང་། །རིན་ཆེན་གསེར་དང་གཡུ་ཡི་ཕྱེ་མ་བཏབ། །ཕ་མཚུན་དགྲ་བླའི་དཔའ་ཟས་ངར་ཆུ་བླུད། །མི་མཐའ་ཆུ་བས་རིང་ཕྱིར་ཆང་གིས་མཆོད། །མི་འབྲུ་ནས་བས་འཕེལ་ཕྱིར་ནས་ཀྱིས་མཆོད། །མི་སྲོག་ལྕགས་བས་སྲ་ཕྱིར་ལྕགས་ཀྱིས་མཆོད། །མི་བཀྲག་གཡུ་བས་བཀྲག་ཕྱིར་གཡུ་ཡིས་མཆོད། །དཔའ་རྒྱུད་དར་ཕྱིར་སྟག་ལྤགས་ན་བཟའ་འབུལ། །བུ་དང་ཚ་ལ་བྱམས་ཕྱིར་སྙིང་སྣ་འབུལ། །མི་ཞབས་མི་འགྲོ་ཕྱིར་ན་ལུག་མགོ་འབུལ། །མགྱོགས་དར་ཐོབ་ཕྱིར་གསེར་སྲབ་གཡུ་མཐུར་འབུལ། །ཆུས་སྲིད་ཐོབ་ཕྱིར་སྦ་ཡི་ལྕག་ཚན་འབུལ། །སྐྱེ་སྒབ་འཕེལ་ཕྱིར་དཔྱིད་གསུམ་རུལ་ཁས་མཆོད། །རྫོགོད་ཁ་ཞི་ཕྱིར་དབྱར་གསུམ་ཤེ་ཕུད་འབུལ། །ལོ་ཐོག་རྒྱས་ཕྱིར་སྟོན་གསུམ་ཐོག་ཕུད་འབུལ། །ཐབ་ཁ་རྒྱས་ཕྱིར་དགུན་གསུམ་ཡིབ་ཕུད་འབུལ། །མཚུན་ཤ་ལག་གཡས་ལྷ་
རྣམས་གཡབ་པའི་རྫས། །མི་ནོར་རང་སར་བསོག་པས་སོག་གཡས་མཆོད། །ལྷ་མིའི་དཔལ་ཁ་ཆེ་ཕྱིར་ཁ་ཁྱེར་ཆེ། །ལྷ་ཞལ་དུང་ལས་དཀར་ཕྱིར་སོག་རུས་དཀར། །མཚུན་ཞལ་ཤེལ་བས་གསལ་ཕྱིར་སོག་དབྱག་གསལ། །མི་ངོ་མཚལ་བས་དམར་ཕྱིར་སོག་མཚོ་དམར། །དགྲ་འདྲེའི་སྐེ་རུས་ཕྲ་ཕྱིར་སོག་མགུལ་ཕྲ། །དཔུང་པ་མི་ནོར་རང་ལ་སྤུངས་པ་ཡིན། །ལྷ་མི་དཔུང་ཚོགས་རྒྱས་ཕྱིར་དཔུང་མགོ་སྦོམ། །དགྲ་བོ་དམ་དུ་བཟུང་ཕྱིར་དཔུང་མགུལ་ཕྲ། །ལག་ངར་འདྲེ་ལ་ངར་ཕྱིར་ལག་ངར་ཡིན། །གཞུ་མཆོག་རྟ་མཆོག་རང་ལ་ཡོད་པ་ཡིན། །ལྷ་ཁ་དཔལ་ཁ་རང་ལ་གྱུ་བ་ཡིན། །ངོ་མཚར་མཚུན་ཤས་ཕ་མཚུན་དགྲ་བླ་མཆོད། །ཕ་མཚུན་དགྲ་བླ་རྣམས་དང་བུ་རྒྱུད་འདི། །བྱ་དང་འདབ་མ་བཞིན་དུ་མ་འབྲལ་ཞིག །སྟག་དང་འཛུམ་དྲུག་བཞིན་དུ་མ་འབྲལ་ཞིག །སེང་གེ་གཡུ་རལ་བཞིན་དུ་འབྲལ་མེད་མཛོད། །དར་དང་མདུང་སོ་བཞིན་དུ་འབྲལ་མེད་མཛོད། །རྒྱལ་མཚན་གསེར་ཏོག་བཞིན་དུ་འབྲལ་མེད་མཛོད། །ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་མཛོད། །དེ་ནས་གཡང་སྤེལ་བྲན་ལ། །ཀྱཻ། དགུང་སྔོན་རིམ་པ་བཅུ་གསུམ་ཡར་སྟེང་
ནས། །གནམ་གྱི་གུང་རྒྱལ་གཡང་གི་བུམ་པ་འཛིན། །འཆི་མེད་ཚེ་ཡི་དངོས་གྲུབ་གཡང་དུ་ལེན། །འོག་ཕྱོགས་གཙུག་ན་རིན་ཆེན་གཡང་གི་བདག །ཕྱག་ན་རིན་ཆེན་གཡང་གི་བུམ་པ་འཛིན། །འཛད་མེད་ནོར་གྱི་དངོས་གྲུབ་གཡང་དུ་ལེན། །བར་སྣང་གཉན་རྗེ་གོང་སྔོན་གཡང་གི་བདག །ཕྱག་ན་གཡང་བུམ་དར་དཀར་ཡུག་གིས་བརྒྱན། །ཕྱོགས་བཅུ་ཀུན་གྱི་ཟས་ནོར་གཡང་དུ་ལེན། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་ཆོས་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་ཁྲིམས་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྟག་གཟིག་ནོར་གྱི་རྒྱལ་པོའི་ནོར་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གེ་སར་དམག་གི་རྒྱལ་པོའི་སྟོབས་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཇི་གིང་ཧོར་གྱི་རྒྱལ་པོའི་བཙན་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྐུ་རྒྱལ་བོད་ཀྱི་རྒྱལ་པོའི་ཚེ་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཧུ་ཡེ་ཧུ་ཡེ་གཡང་བརྟན་ནོ། །སྤུང་སྤུང་སྤུངས་ལ་བྱོན་ལ་བརྟན་ཕུར་ཚུགས། ༈ །ཕ་མཚུན་དགྲ་བླའི་སྤྱན་
སྔ་རུ། །འབག་བཙོག་འགལ་འཁྲུལ་གང་མཆིས་བཤགས། །ཕ་མཚུན་དགྲ་བླ་ཁྱེད་རྣམས་ཀྱང་། །ཕ་སྤུན་བུ་སྲིང་ཤག་རོགས་ཀྱི། །ཡུལ་དུ་མ་འཁྱམས་མ་འབྲོས་པར། །ཡུལ་མཁར་ཁང་ཁྱིམ་སྦྲ་གུར་དང་། །གོ་མཚོན་རྟེན་རྫས་འདི་རྣམས་ལ། །དུས་རྣམས་རྟག་ཏུ་བརྟན་པར་བཞུགས། །བུ་ཚ་དབོན་སྲས་འདི་རྣམས་ལ། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད། །མཆོད་པའི་ཕུད་རྣམས་ཐམས་ཅད་ནི། །སྣང་གསལ་མེ་ལ་བཞུས་ཏེ་འབུལ། །མཚུན་ཡུལ་མཆོད་པའི་སྤྲིན་དུ་ཤོག །ལྷག་མ་དངོས་གྲུབ་བླང་བ་ཡིས། །མི་ནོར་ཟས་གསུམ་གཡང་དུ་ལེན། །སྐུ་ཤིང་གསས་རྡོ་མཚུན་སྙིང་མགོ །གལ་ཏེ་ཉམས་པར་གྱུར་ན་ཡང་། །ཕུད་རྣམས་མེ་ལ་བཞུས་པའི་ཕྱིར། །དེ་རིང་ཕྱིན་ཆད་ཀོ་ལོང་མེད། །དུས་བདེ་ལོ་ལེགས་ནོར་ཕྱུགས་འཕེལ། །མི་ཧྲག་ནོར་ཕྱུགས་ཆུས་སྲིད་དར། །དམ་པའི་ཆོས་དར་ཐུབ་བསྟན་རྒྱས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །ཨོཾ་སརྦ་མངྒ་ལཾ་བྷ་ཝནྟུ། ཞེས་བརྗོད། དེ་ལ་སྔོན་ཕ་མཚུན་རྒྱུས་ཐོབ་དུས། བྱ་རྒོད་རྫ་བྲག་གི་རྩེ་ན་དར་དཀར་གྱི་གུར་ཕུབ་ནས་བཞག་པ་དང་། དེ་བོད་ཀྱིས་ཐོབ་ནས།
གསས་མཁར་བཅུ་གསུམ་གྱི་ཁ་བསྟོད་བྱས་ཟེར་བ་དང་། མཚུན་བཅོས་ཆེན་པོ་ལས། གསས་རྡོ་གསས་མཁར་རྩེ་ལ་བཞག་ནས་སྨོན་ལམ་འདེབས་པར་བཤད་པ་དང་། ཕྱག་སྲོལ་ཡང་འདུག་པ་ལྟར། གསས་མཁར་།དུས་མཉམ་དུ་མཚུན་བཅོས་བྱས་པ་ཡང་ལེགས་སོ། །ཡང་བཀྲ་རྒན་གྱི་དཀར་རྩི་ཁྱིམ་ཕུག་ཏུ་བཞག་ནས་མཚུན་བཅོས་བྱེད་པ་ཡང་ཤིན་ཏུ་གལ་ཆེའོ། །ཁྱད་པར་གཡང་སྐར་ལ་ཤི་ན་འདི་གལ་ཆེ། ཡང་མོ་ལུང་གཏོ་སེལ་དང་། རྩིས་གཞུང་ནས་དགྲ་བླའི་འགུགས་ལོས་བྱ་ཟེར་བ་ཡང་འདི་ཡིན་པས། དཀར་རྩི་མེད་ན་ཤིང་རིས་དང་མདའ་དར་ལུག་མགོ་ཤིང་རྩི་དཀྱིལ་ཀ་ལ་བཅིངས་ནས་བཞག་གོ །འདི་མི་རྒྱུད་ཕྲ་བ་ལ་བྱས་ན་སྲིད་འཕེལ། སྔར་དར་རྒྱས་ཆེ་ཞིང་ཕྱིས་རྒུད་པ་ལ་རིམ་གྲོའི་མཆོག་ཡིན་ནོ། །གཡང་དང་དཀོར་བདག་གཞན་དུ་སོང་བ་ལ་ཡང་བཀུག་པའི་མཆོག་ཡིན་ནོ། །རྨི་ལམ་དུ་ཚེ་འདས་རྨིས་ནས་གནོད་པ་ལ་ཡང་ཕན་ནོ། །ཕ་ཁུ་བཙན་སོགས་ལྷ་འདྲེ་ལ་སྐྱེས་པ་ལ་མཆོད་ཐབས་ཀྱང་འདི་ཡིན་ནོ། །མཐའ་དམག་ཟློག་པའི་ལས་ཚོག་ལས། བོན་པོའི་སྲིད་པའི་ལྷ་གསས་བདར་ཟེར་བ་ཡང་འདི་ཡིན་ནོ། །ཡང་མཚུན་བཅོས་རྒྱས་པ་ན་གཤེགས་གསོལ་བཤད་ཀྱང་། མཚུན་བཅོས་བསྡུས་པ་ལ་ཡང་གཤེགས་གསོལ་མི་འདུག་པ་དང་། གཤེགས་གསོལ་མི་འགལ་བར་མདུན་བསྐྱེད་ཡེ་ཤེས་པ་དང་། འཇིག་རྟེན་པ་ཐམས་ཅད་འོད་དུ་ཞུ་ནས་རྟེན་རྫས་མཁར་ཁང་ལ་བསྟིམ་ལ་མི་དམིགས་པར་བཞག་གོ །དེ་ལྟར་འདི་མཁོ་བ་མང་བར་སྣང་ཡང་བོན་ལུགས་མ་
གཏོགས་བན་ལུགས་ལ་མི་འདུག་པས་རང་གཞན་ལ་ཕན་ཕྱིར་བན་ལུགས་ཀྱི་རྒྱུད་གཞུང་མན་ངག་མང་པོ་ནས་བསྡུས། བོན་ལུགས་དང་མི་འགལ་བར་བྱས་ཏེ། ༧ ཨ་རཱ་གས་བྲིས་པ་ལ། ལྟུང་གི་ཆ་མཆིས་ན་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།