འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་འགྲོ་དོན་རྒྱ་མཚོ་ལུང་གི་གཏེར་མཛོད།
༼ཀ༽འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་འགྲོ་དོན་རྒྱ་མཚོ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ལོ་ཀི་ཤྭ་ར་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། མོས་བློས་ཡར་གཞལ་ཙམ་ནི་མ་ཡིན་པར། །འོད་དཔག་མེད་མགོན་སྤྱན་གཟིགས་པདྨ་འབྱུང་། །སྙིགས་དུས་མི་ཡི་གཟུགས་འཛིན་སྤྲུལ་པའི་སྐུ། །དྲིན་ཆེན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གདམས་པ་བྲི། །རྩ་གསུམ་ཆོས་བདག་སྲུང་མའི་ཚོགས་རྣམས་ཀྱིས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །འཆད་ཉན་གནས་དུས་རྟེན་འབྲེལ་འཛོམས་པའི་ཚེ། །རང་ཉིད་ཆོས་ཀྱི་ཁྲི་ལ་འཁོད་མ་ཐག །རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བས། །
བྱམས་པ་ཚད་མེད་ཏིང་ངེ་འཛིན་བསྒོམ་ཞིང་། །ཆོས་ར་དེ་ལ་བར་ཆད་མེད་པའི་ཕྱིར། །བློ་གྲོས་རྒྱ་མཚོའི་མདོ་ལས་གསུངས་པ་ཡི། །བདུད་ཀྱི་ནུས་པ་གཞོམ་པའི་སྔགས་འདི་ནི། །གསུམ་བདུན་ཉེར་གཅིག་ལ་སོགས་ཅི་འགྲུབ་བརྗོད། །དེ་ཚེ་ཁྲོམ་གྱིས་ཉན་ནི་མི་དགོས་སོ། །ཏདྱ་ཐཱ། ཤ་མེ་ཤ་མ་བ་ཏི། ཤ་མི་ཏ་ཤ་ཏུ། ཨོཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏེ། ཀ་རོ་ཊེ། ཀི་ཡཱུ་རེ། ཏེ་ཛོ་ཝ་ཏི། ཨོ་ལོ་ཡ་ནི། བི་ཤུདྡྷཱ་ནིརྨ་ལེ་མ་ལ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་གྲ་སེ། གྲ་ས་ནི། ཨོ་མུ་ཁི། པ་རཾ་མུ་ཁི། ཨ་མུ་ཁི། ཤ་མི་ཏཱ་ནི།
སརྦ་གྲ་ཧ་བན་ན་ནེ། ནི་ཀྲི་ཧི་ཏཱ་སརྦ་པ་ར་པྲ་ཝཱ་དི་ན། བི་མུག་ཏ་མཱ་ར་པ་ཤ །སྦྲ་བི་ཌོ། བུདྡྷཱ་མུ་ཏྲ། ཨ་ནུཏྤ་ཏི་ཏཱ། སརྦ་མཱ་རེ། པུ་ཙ་རི་ཏ་པ་རི་ཤུདྡྷེ། བྲི་གཙྩན། སརྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ་སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན་དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ། བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཐོ་འཚམས་པར་བྱ་བའི་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་གིས་ཀྱང་བར་ཆད་བྱེད་པར་མི་ནུས་སོ། །དེ་ནས་ཆོས་ཀྱི་ཚིག་འབྲེལ་པ་གསལ་བ་རན་པར་བཤད་པར་བྱའོ། །ཞེས་གསུངས་སོ། །དེ་ནས་མཆོད་གཡོག་པས་མཎྜལ་ཕུལ། ༈ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་འཆད་པ་ལ། ཐོག་མར་བླ་མའི་མཚན་ཉིད་ནི། ཤཱཀྱ་འོད་ཀྱི་སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམ་པ་དེ་དག་བླ་མར་བསྔགས། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་
གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་དཔའི་མཆོག་གི་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་བ། །གསལ་ཞིང་སྣ་ཚོགས་རིག་པ་དང་། །གོ་ཞིང་ཟང་ཟིང་མེད་ཀུན་གྲོལ། །བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། ། །རྒྱ་ཆེ་ཐེ་ཚོམ་སྤངས་པ་དང་། །བཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་སུམ་ཚོགས་ཞེས་བྱ། །བཤེས་གཉེན་ཞི་ཞིང་དུལ་བ་ཉེར་ཞི་བ།། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤང་ལ་བསྟེན། །ཅེས་དང་། ཀླུ་སྒྲུབ་ཀྱིས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ཟང་ཟིང་རྙེད་པ་དོན་མི་གཉེར། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །དཀའ་བ་བཟོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རེག་ལ་མཁས་ཤིང་དྲོད་ཚད་ཤེས། །བཅུ་གཉིས་ལྡན་པ་བསྟེན་པར་བྱ། །ཞེས་དང་། ཨ་ཏི་ཤའི་ལམ་སྒྲོན་
ལས། སྡོམ་པ་ཆོ་ག་ལ་མཁས་དང་། །བླ་མ་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེ་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་གསུངས་པས། དེ་ལྟར་བླ་མའི་མཚན་ཉིད་དེ་རྣམས་བདག་ལ་མི་ལྡན་ན་ཡང་། དུས་སྙིགས་མའི་སྐབས་སུ་སྐྱོན་མེད་ཡོན་ཏན་ལྡན་པའི་བླ་མ་དཀོན་པས། །སྐྱོན་ཡོན་ཆ་སྙམ་པའི་ཡོན་ཏན་ཅུང་ཟད་ཤས་ཆེ་ཙམ་བླ་མར་བསྟེན་རུང་སྟེ། དོན་དམ་བསྙེན་པ་ལས། སྙིགས་དུས་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་གསུངས་ཏེ། སྒྲུབ་བརྒྱུད་པའི་ལུགས་ནི། རྗེ་སྒམ་པོ་པས། བླ་མ་ལ་རྟོགས་པ་མེད་ན། སློབ་མས་མོས་གུས་བྱས་ཀྱང་མི་ཕན་ཏེ། དཔེར་ན་བརྐོས་ཕོར་ལ་རི་མོ་མེད་ན་འབི་འབི་ལེགས་ཀྱང་ཚ་ཚ་མི་འབྱུང་བ་དང་འདྲ། སློབ་མ་ལ་དད་གུས་མེད་ན་བླ་མ་ལ་རྟོགས་པ་ཡོད་ཀྱང་མི་ཕན་ཏེ། དཔེར་ན་བ་ལ་ཞོ་ཡོད་ཀྱང་བུ་ལ་རྐན་མེད་པ་དང་འདྲ་གསུངས་ནའང་། བསྟན་པ་སྤྱིའི་ལུགས་ལས། རང་ལ་ཉམས་རྟོགས་
བཟང་པོ་མེད་ཀྱང་། དད་པ་ཅན་གྱིས་ཉན་ན་རྟོགས་པ་སྐྱེ་སྟེ། སྔོན་བལ་པོའི་ཡུལ་དུ། མི་ཤེས་རབ་ཆེ་ཞིང་ཡིག་ཆ་སྐྱེན་པ་ཞིག་གིས་ཕ་མ་གཉིས་ཀ་བསད་།། ནས་འཁྱམས་སོང་བས། ལྷ་ཁང་སྟོང་པ་ཞིག་ཏུ་དགྲ་བཅོམ་པ་གཅིག་བཞུགས་པ། ཁོས་ལྐོག་གསོད་བྱས་ནས་དེའི་ན་བཟའ་རྣམས་གྱོན་ཏེ། བསད་པའི་དགྲ་བཅོམ་པ་དེ་ཁོ་རང་ཡིན་པར་བརྫུས་ཏེ། མི་ཀུན་གྱིས་དེ་ཡིན་བསམ་སྟེ་དད་གུས་ཀྱིས་ཆོས་ཞུས། ཁོས་ཆོས་བརྩེགས་ཀློག་ནས་ཆོས་བཤད་པས། འཁོར་བནེ་ཡང་འབུམ་ཕྲག་ཙམ་འདུས། ། ལས་འཕྲོ་བཟང་བ་རྣམས་ཀྱིས་དགྲ་བཅོམ་པ་ཐོབ་སྟེ། མངོན་ཤེས་རྫུ་འཕྲུལ་ལྡན་པ་མང་དུ་བྱུང་། སློབ་མ་དགྲ་བཅོམ་རྣམས་ཀྱིས་མངོན་ཤེས་ཀྱིས་གཟིགས་པས། བླ་མ་སྡིག་ཆེན་དུ་མཐོང་ནས། འདྲེན་པའི་ཐབས་བྱས་ཀྱང་འདྲེན་མ་ཐུབ་པར་དམྱལ་བར་སོང་བའི་ལོ་རྒྱུས་རྒྱས་པར་ཆོས་འབྱུང་རྣམས་ནས་བཤད་དེ། དགེ་སློང་ལྷ་ཆེན་པོའི་ལོ་རྒྱུས་ཞེས་བྱ་ལྷ་སྟེ། ས་སྐྱ་པཎྜི་ཏས། འཁོར་སློབ་མང་ཡང་བཟང་པོ་ཡིན་པའི་ངེས་པ་མེད་གསུངས་པས་ལུང་འདྲེན་དེ་མཛད། ལུང་རྒྱུན་སོགས་ལ་བརྒྱུད་པ་མི་གཙང་ཡང་སྐྱོན་ཡོད་པ་མ་ཡིན་ཏེ།
ཡུར་བ་བུག་པ་རོ་གོས་ཀྱིས་བཙང་ན་ཡང་ཆུས་ཞིང་ལ་ཕན་པ་དང་འདྲ། འགྲོ་མགོན་ཆོས་འཕགས་ཀྱིས་ལུག་རྫི་ལ་དབང་ཞུས། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བན་ལོག་སྡིག་པ་བྱེད་པ་ཞིག་ལ་བདེ་མཆོག་ཞུས། བཙུན་ལོག་མ་ཞིག་ལ་ཕག་མོ་ཞུས། ཨ་མཆོད་ཤི་བའི་ཡུགས་ས་མ་གཅིག་ལ་མཚན་བརྗོད་སྒྲུབ་ཐབས་ཞུས། དེ་རྣམས་ཞུ་དོན་ཚོ་ས་དེ་དག་གི་དབང་ལུང་གི་རྒྱུད་ཆེད་དོགས་མཛད་པ་རེད། དེ་ལ་དགོངས་ནས་བཀའ་གདམས་བླ་མ་རྣམས་ཀྱིས། གང་ཟག་སྐྱོན་གྱིས་ཆོས་ལ་མི་གོས། ཞེས་གསུངས། ཆོས་ཉན་མི་ལ་དད་པ་མེད་པ་དང་། ཉན་མི་ཤེས་དོན་མི་གོ་ན་ཡང་། ཆོས་སྒྲ་རྣ་བར་ཐོས་པ་ལ་ཕན་ཡོན་ཡོད་དེ། སྔོན་དགེ་སློང་ཨུ་པ་ཀུ་ཏིས་ཆོས་འཆད་པའི་སྒྲ་ཁྱི་མོ་ཞིག་གིས་ཐོས་པས་སྒྲིབ་པ་བསྲབས་ནས་ཚེ་འཕོས་མ་ཐག་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་སོ། །རྒྱ་གར་ན་དགེ་སློང་ཞིག་གིས་སྡུད་པ་ཞལ་ཐོན་བྱས་པའི་སྒྲ་བྱ་ཐེ་བས་ཐོས་པས་སྒྲིབ་པ་སྲབ་སྟེ་ཚེ་འཕོས་པས་མི་ལུས་ཐོབ་ནས་རབ་ཏུ་བྱུང་སྟེ། སྔར་སྡུད་པ་ཐོས་ཚད་བློ་ལ་ཡོད་པར་བྱུང་ངོ་། །ཡང་དགེ་སློང་ཞིག་གིས་ནེའུ་སིང་ནས་ཆོས་འཆད་པའི་སྒྲ་སྦལ་པ་ཞིག་གིས་ཐོས་་
པས་སྒྲིབ་པ་སྲབ་སྟེ། ཚེ་འཕོས་ནས་སུམ་ཅུ་རྩ་ གསུམ་དུ་སྐྱེས་ཏེ། རྒྱུད ་ལ་བརྟག་སྟེ་མེ་ཏོག་དངབཅས་པ་སངས་རྒྱས་ལ་ཕྱག་འཚལ་དུ་ཕྱིན་པས། བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་སོགས་ཤོ་ལོ་ཀ་གཅིག་གསུངས་པས། ལྷའི་བུ་དེས་བདེན་པ་མཐོང་བར་གྱུར་ཏོ། །བླ་མའི་མཚན་ཉིད་ཀྱི་རྩ་བ་གལ་ཆེ་བ་ནི། ནཱ་རོ་པའི་གསུངས། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །ཅེས་དང་། རྡོ་རྗེའི་གསུང་དགོངས་པ་གཅིག་པ་ལས། དམ་ཆོས་རྒྱུད་པར་འབྲེལ་པ་ཉིད་རབ་ཟབ། །ཅེས་གསུངས་པས། ཆོས་འདིའི་རྟོགས་པ་དོན་གྱི་བརྒྱུད་པ་བྱིན་རླབས་ཀྱི་འཕོ་བ་ཅན། སངས་རྒྱས་ཀྱི་ཕྲེང་བ་བར་མ་ཆད་པ་སྟེ། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ། མར་མི་དྭགས་གསུམ། དུས་གསུམ་མཁྱེན་པ། རས་ཆེན་པ། སྤོམ་བྲག་པ། ཀརྨ་པཀི། ཨོ་རྒྱན་པ། རང་བྱུང་བ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་
པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། འོད་དཔག་མེད་མི་ཡི་གཟུགས་འཛིན་པ་ཆོས་ཀྱི་དབང་ཕྱུག །དེའི་ཞབས་དྲུང་ནས་བདག་རཱ་ག་ཨ་སྱས། སོ་སོར་ཐར་པའི་རབ་བྱུང་དགེ་ཚུལ་དགེ་སློང་གསུམ་གྱི་སྡོམ་པ། བྱང་ཆུབ་སེམས་བསྐྱེད་སྡོམ་པ། བློ་སྦྱོང་དང་བཀའ་གདམས་ལམ་རིམ་གྱི་ཁྲིད་ཟླ་བ་གཅིག །གསང་སྔགས་ཀྱི་དབང་བཞི་ཡོངས་རྫོགས་ལན་གསུམ། ཕྱག་རྒྱ་ཆེན་པོའི་ཁྲིད་ཟླ་བ་གཅིག །ལྔ་ལྡན་གྱི་རྒྱས་བཤད་དགོངས་པ་གཅིག་པ་བདུན་གཉིས་ཙམ། གཞན་ཡང་བྱམས་ཆོས་སྡེ་ལྔ་དབུ་འཇུག་ནང་དོན་སོགས་ལུང་མང་པོ་སྟེ། མདོར་ན་ལོ་ངོ་གསུམ་ལ་བླ་མ་དེ་ཉིད་ལ་བསྟེན་པ་ཡིན་པས། སྒྲོ་བ་ངན་ཀྱང་ལུང་ཐག་བཟང་བའི་དཔེ། བརྒྱུད་པ་ཤིན་ཏུ་བཟང་བ་ཡིན། བརྒྱུད་པ་དེ་ལ་ཆོས་གཞན་རྣམས་ཀྱི་རྟོགས་པ་དོན་བརྒྱུད་ཐམས་ཅད་འདུས་ཏེ། ཏེ་ལོ་པས། རྡོ་རྗེ་འཆང་དང་རྡོ་རྗེ་ཕག་མོ་ལ་དངོས་སུ་ཆོས་གསན། སླར་ཡང་བཀའ་བཞི་བརྒྱུད་པའི་བླ་མ་བསྟེན་པས། བླ་མེད་རྒྱུད་སྡེ་བཞི་ཀའི་བཀའ་བབ། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་དང་། སྲས་སྒྲ་གཅན་འཛིན་གྱི་གསང་མཚན་བདེ་
བའི་མགོན་པོ་གཉིས་ཀས། ས་ར་ཧ་ལ་ཕྱག་རྒྱ་ཆེན་པོའི་གདམས་པ་གནང་། དེ་ནས་ཀླུ་སྒྲུབ་ཤ་བ་རི་མེ་ཏྲི་པ་ནས་མར་པར་བརྒྱུད། འཇམ་དབྱངས་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོ་ལྟ་བརྒྱུད། བྱམས་པ་ཐོག་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད། འཇམ་དབྱངས་ཞི་བ་ལྷ་གསེར་གླིང་པ་ནས་བརྒྱུད་པའི་བློ་སྦྱོང་། དེ་རྣམས་ཇོ་བོ་རྗེ་ལ་འདུས། དེ་ནས་འབྲོམ་རྒྱལ་སྲས་སྐུ་མཆེད་གསུམ། བྱ་ཡུལ་བ་རྒྱ་ལྕགས་རི་གོང་ཀ་བ་སོགས་ནས་དྭགས་པོ་ལ་བརྒྱུད་པས། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་བྱ། ཤ་ར་ཝ་ནས་དུས་མཁྱེན་ལ་ཡང་བརྒྱུད། དུས་མཁྱེན་གྱི་བླ་མ་བྲག་དཀར་བ་ལས་རྫོགས་ཆེན་ཨ་རོ་སྙན་བརྒྱུད་གསན་པས་རྫོགས་ཆེན་དོན་བརྒྱུད་ཡང་དེར་འདུས། ཀརྨ་པཀྴིས་ཀཿཐོག་པ་བྱམས་པ་འབུམ་ལ་མདོ་སྒྱུ་སེམས་གསུམ་ཞུས་ནས་མཁས་པར་སྦྱངས་བས། ཉིད་ཀྱི་མཛད་ཆོས་རྣམས་ཀྱང་ཕྱག་རྫོགས་ཟུང་འཇུག་མཛད། རང་བྱུང་རྡོ་རྗེས་པདྨ་ལས་འབྲེལ་རྩལ་ལ་མཁའ་འགྲོ་སྙིང་ཐིག་ཞུས་པ་ཤོག་སེར་མ་དང་། ཟླ་བ་དྲུག་ཨོ་རྒྱན་ལ་གསོལ་བ་བཏབ་ནས་དངོས་སུ་གནང་བ་མཁའ་འགྲོ་སྙིང་ཐིག་ཤོག་སྐྱ་མར་གྲགས་ཏེ། ཕྱག་རྫོགས་
ཟུང་འཇུག་ལ་དགོངས་པ་གཏད། གཡུང་སྟོན་པ་ནི་དང་པོ་འུག་པ་ལུང་དུ་མདོ་སྒྱུ་སེམས་གསུམ་ལ་མཁས་པར་སྦྱངས་པས་ལྟ་བ་རྫོགས་ཆེན་ཤས་ཆེ། རོལ་པའི་རྡོ་རྗེའི་བི་མ་ལ་ཞལ་གཟིགས་ནས་ཉིད་ཀྱི་དཔྲལ་བར་ཐིམ་པས། རྫོགས་ཆེན་གྱི་རྟོགས་པ་སྐྱེས་ནས་མགུར་དང་ཁྲིད་ཡིག་ཀྱང་མཛད། དེས་ན་རྫོགས་ཆེན་གྱི་དོན་བརྒྱུད་ཡང་བརྒྱུད་པ་འདི་ལ་འདུས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐུ་གསུམ་ངོ་སྤྲོད་ནི། མར་མི་དྭགས་གསུམ་ནས་སྙན་བརྒྱུད་དུ་ཡོད་པ་རང་བྱུང་རྡོ་རྗེའི་ཡི་གེར་བཀོད་པ་ཡིན་ལ། ཐུགས་རྗེ་ཆེན་པོའི་མི་ཏྲའི་དམར་ཁྲིད་ནི། རྗེ་དེ་བཞིན་གཤེགས་པ་དང་ཆོས་གྲགས་རྒྱ་མཚོ་གཉིས་ཀས་མི་ཏྲ་ཉིད་ལ་གསན། མ་ཎི་བཀའ་འབུམ་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་ཡང་མངའ་བདག་ཉང་ནས་རིམ་པར་རང་བྱུང་བ་ལ་བརྒྱུད། སངས་རྒྱས་གླིང་པའི་གཏེར་ཁ་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། དམར་ཁྲིད་སེམས་ཉིད་ངལ་གསོ་ནི། སྲས་བླ་མ་ཡེ་ཤེས་རྡོ་རྗེ་ལ་མཐོང་བ་དོན་ལྡན་གྱིས་གསན། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་དེའི་དམར་ཁྲིད་དང་བཅས་པ། རཏྣ་གླིང་པ་ཉིད་ལ་ཆོས་གྲགས་རྒྱ་མཚོས་གསན། དཔལ་མོ་ལུགས་ཀྱི་
དམར་ཁྲིད་དང་། ཚེམ་བུ་ལུགས་ཀྱི་དམར་ཁྲིད་དང་། བྱང་སེམས་ཟླ་བ་རྒྱལ་མཚན་པའི་ལུགས་ཀྱི་དམར་ཁྲིད། དཔལ་འབྱོར་དོན་གྲུབ་པས་གསན་པས། །བོད་དུ་བཞུགས་ཚད་ཀྱི་དབང་ལུང་ཆོས་གསུམ་ཁོང་གིས་མ་ཐོབ་པ་མེད་པ་ཡིན་སྐད། གཞན་ཡང་ཞི་བྱེད་སྐོར་གསུམ། ལམ་འབྲས་པོ་ཏི་ཉི་ཤུ་རྩ་ལྔ། དགོངས་འདུས་པོ་ཏི་བཅུ་གཉིས། སྙན་བརྒྱུད་སྐོར་གསུམ་རྣམས། ཀུན་དགའ་རྣམ་རྒྱལ་ལ་ཆོས་ཀྱི་དབང་ཕྱུག་གིས་གསན། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་སོ་ཐར་སྡོམ་རྒྱུན་ནི། མཁན་ཆེན་ཆོས་གྲུབ་སེང་གེ་ལ་མི་བསྐྱོད་ཞབས་ཀྱིས་གསན། མཚན་ཉིད་པོ་ཏི་ལྔ་ཡི་ལུང་རྒྱུད་བཤད་རྒྱུད་གཉིས་ཀ་ཀརྨ་ཕྲིན་ལས་པ་ལ་མི་བསྐྱོད་རྡོ་རྗེས་གསན། འཇའ་ཚོན་པའི་གཏེར་ཁ་རྫོགས་ཆེན་དཀོན་མཆོག་སྤྱི་འདུས་དང་། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གཉིས། ནོར་བུ་བརྒྱན་པ་ལ་རྗེ་ཆོས་ཀྱི་དབང་ཕྱུག་དང་། ཆོས་དབྱིངས་རྡོ་རྗེ་གཉིས་ཀས་གསན། བཀའ་འགྱུར་གྱི་ལུང་ཡང་ཚང་བར་བཞུགས་ཤིང་། དེ་ཐམས་ཅད་ཀྱི་དོན་གྱི་རྩ་བ་ནི། ཁྲིད་ཆེན་ངེས་དོན་རྒྱ་མཚོ་འདི་ལ་འདུས་པས་འདི་ལེགས་པར་ཐོབ་པའི་ཕྱིར།
དོན་བརྒྱུད་བྱིན་རླབས་ཀྱི་འཕོ་བ་ཟུང་འཇུག་བརྒྱུད་རིམ་འདི་ལ་འདུས། ཡང་རྗེ་ཏེ་ལོ་པའི་རྣམ་འཕྲུལ་གྲུབ་ཆེན་རྨ་སེ་དེས། དང་པོ་སངས་རྒྱས་ཞིག་ཆེན་པ་ལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཞུས་ནས་གྲུབ་རྟགས་ཐོན་པ། ཕྱིས་དེ་བཞིན་གཤེགས་པ་ལ་སྙན་བརྒྱུད་ཞུས་པ་ཡིན་ཏེ། དེ་ནས་ཆོས་སྐུ་འོད་ཟེར་སེང་གེ །རྟོགས་ལྡན་བློ་གྲོས་གྲགས་པ། རྟོགས་ལྡན་དོན་གྲུབ་མཚན་ཅན། རྗེ་བཙུན་ལེགས་བཤད་སྒྲ་དབྱངས། སྔགས་འཆང་རིན་པོ་ཆེ། ཚེར་ལུང་དྲུང་སྐྱིད་ཀུན་དགའ་རྣམ་རྒྱལ། དེའི་དྲུང་དུ་བདག་རཱ་ག་ཨ་སྱས། སྐྱབས་སྡོམ་བསྙེན་གནས་དགེ་བསྙེན་སྡོམ་པ། ཐུགས་རྗེ་ཆེན་པོའི་སྒོམ་ལུང་། ཕྱག་རྒྱ་ཆེན་པོའི་ཁྲིད་ཞག་བཅོ་བརྒྱད་ཐོབ་སྟེ། འདི་ནི་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པ་ཁྲིད་རིམ་ཐམས་ཅད་ཀྱི་དོན་བརྒྱུད་ཀྱང་དེ་ལ་འདུས་པ་ཡིན་ནོ། །ཉེ་བརྒྱུད་ནི། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། མིང་ཡོངས་སུ་གྲགས་པའི་ཀརྨ་པ་དང་། ཐུགས་རྗེ་ཆེན་པོའི་བར་ནི་བརྒྱུད་པ་གཞན་ཡོད་ཀྱང་ཉན་མེད་ཀྱང་ཉན་གསུངས་པས། རྗེ་བཅུ་པའི་ཞལ་སྔ་ནས། ཐུགས་རྗེ་ཆེན་པོའི་སྒོམ་ལུང་བླ་མའི་རྣལ་འབྱོར་ཕྱག་ཆེན་ངོ་སྤྲོད་རྣམས་
ཐོབ། མི་འགྱུར་རྡོ་རྗེའི་ཆོས་བདག་གཏེར་བློན་དུ་ལུང་བསྟན་ཅིང་། ལོ་གསུམ་གཟིམ་མལ་གཅིག་ཏུ་བྱས་ནས། རྫོགས་ཆེན་གྱི་ཁྲིད་སངས་རྒྱས་ལག་འཆང་དང་། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཆོས་འབྲུ་བདུན་པ་སོགས་གནམ་ཆོས་རྣམས་ཞུས། བདུད་འདུལ་རྡོ་རྗེའི་དྲུང་ནས་ཐེག་པ་སྤྱི་ཁྲིད་དང་། རྫོགས་ཆེན་དང་འབྲེལ་པའི་དབང་ལུང་མང་དུ་ཐོབ། ཆོས་བདག་ཡིན་པའི་ལུང་བསྟན་དང་དམ་རྫས་ཨ་རྒྱ་ཅན་གནང་ནས། རྫོགས་ཆེན་རང་གི་ཉམས་ལེན་དང་གཞན་ལ་སྟོན་པ་སོགས་གལ་ཆེ་ཚུལ་ཞལ་གདམས་མང་དུ་གནང་། དེ་དག་ནི་ཁྲིད་ཀྱི་བརྒྱུད་པ་ཡིན་པས། གཞན་ཡང་དབང་ལུང་ཆོས་འབྲེལ་ནི། སི་ཏུ་ཆོས་ཀྱི་རྒྱལ་མཚན། རྒྱལ་ཚབ་གྲགས་པ་མཆོག་དབྱངས། བླ་མ་དྲུང་ཡིག་པ། རིན་པོ་ཆེ་དཀོན་མཆོག་དཔལ་འབྱོར། སྟག་ལུང་བཀྲ་ཤིས་དཔལ་གྲུབ། འབྲི་གུང་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། འབྲུག་ཆེན་ཀརྨ་བསྟན་འཕེལ། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ་སོགས་པ་བླ་མ་བཞི་བཅུ་ཞེ་དགུ་ཙམ་ལས། མཐའ་ཡས་པ་ཞིག་ཐོབ་པའི་བརྒྱུད་རིམ་བརྗོད་ཀྱིས་མི་ལོང་ལུང་ཡིག་ལ་གསལ་ཏེ། དེ་ཐམས་ཅད་
ཀྱི་དོན་གྱི་སྙིང་པོ་ཁྲིད་འདི་ལ་འདུས། ཁྱད་པར་ཕྱག་རྒྱ་ཆེན་པོའི་སྐོར་ལ། །དོ་ཧ་མཛོད་གསུམ། གསང་བ་མཛོད་གསུམ། དོ་ཧ་མཛོད་བརྒྱད། མི་ལའི་ཡེ་ཤེས་གསལ་བྱེད་རྒྱས་བསྡུས་གཉིས། དྭགས་པོའི་ཐར་རྒྱན་དང་ཆོས་བཅུ། འབྲི་གུང་དྷམཱ་རཱ་ཛའི་ལྔ་ལྡན། རྒོད་ཚང་པའི་མོས་གུས་ཆེན་པོ་དང་རོ་སྙོམས་སྒང་དྲིལ། རང་བྱུང་པའི་སྙིང་གཏམ་ཚིག་གཅིག །ཨོ་རྒྱན་པའི་ངོ་སྤྲོད་ཆེན་མོ། ཡང་དགོན་པའི་རྒྱབ་སྐྱོར། དབང་ཕྱུག་རྡོ་རྗེའི་ཆོས་སྐུ་མཛུབ་ཚུགས་མ། རྒྱ་སྟོན་པའི་བཀའ་འབུམ་དེ་རྣམས་ཀྱི་ལུང་ཐོབ་པའི་དོན་ཡང་ཁྲིད་འདི་ལ་འདུས། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག །ཀློང་གསལ་སྙིང་ཐིག །དགོངས་པ་རང་གྲོལ་སོགས་རྫོགས་ཆེན་གྱི་ལུང་རྒྱུན་མང་པོ་ཐོབ་པའི་དོན་ཡང་འདིར་འདུས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས། དཔལ་མོ་ལུགས། མི་ཏྲ་ལུགས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐུ་གསུམ་ངོ་སྤྲོད། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་ཁྲིད་སེམས་ཉིད་ངལ་གསོ། ཐུགས་རྗེ་ཆེན་པོ་གསང་འདུས་དམར་ཁྲིད་མ་ཎི་བཀའ་འབུམ། ཡང་སྙིང་འདུས་པ། ངན་སོང་རང་གྲོལ་དེ་རྣམས་ཀྱི་ལུང་
ཐོབ་པའི་དོན་ཡང་འདིར་འདུས་པས། བཀའ་ཆད་ལུང་རྡུམ་མ་ཡིན་དམ་ཆོས་བརྒྱུད་པར་འབྲེལ་པ་ཡིན་ནོ། །ཡང་རིག་འཛིན་ཀློང་གསལ་སྙིང་པོའི་རྩ་གསུམ་ཀུན་འདུས་ཀློང་གསལ་སྙིང་ཐིག །བི་མ་ལའི་སྙིང་ཏིག་སོགས་གཏེར་ཁ་མང་པོ་ཐོབ་ཟིན་པའི། རཱ་ག་ཨ་སྱ་བདག་ཀྱང་ཆོས་བདག་གི་གྲ་ཡིན་གསུངས་ནས། རྩ་གསུམ་ཀུན་འདུས་ཀྱི་དཔེ། དམ་རྫ་ས་བརྟན་བཞུགས་གནང་སྦྱིན་དང་བཅས་ཏེ། ཁོང་གི་གཏེར་ཆོས་ཐམས་ཅད་ཀྱི་དབང་ལུང་གི་བརྒྱུད་པ་གཏད་པ་ཡིན་པས། དངོས་སུ་མཇལ་མི་དགོས། ། རང་གི་ཉམས་ལེན་དང་གཞན་ལ་གང་འཕེལ་གྱིས་གསུངས་ནས། བཀའ་ཤོག་གནང་བ་དང་དུས་མཉམ་དུ་རྟགས་མཚན་བཟང་པོ་ཡང་བྱུང་བས། མཁའ་འགྲོ་གཏད་རྒྱ་བརྒྱུད་པ་ཡང་འདི་ལ་ཚང་། བཀའ་བབས་དོན་གྱི་བརྒྱུད་པ་ནི། ས་ཆེན་ཀུན་དགའ་སྙིང་པོས་འཇམ་དབྱངས་ཞལ་གཟིགས་ནས་ཆོས་ཚིག་བཞི་གནང་བ་ལ་བརྟེན་ནས། ཞེན་པ་བཞི་བྲལ་གྱི་ཁྲིད་མཛད། གཙང་པ་རྒྱ་རས་ཀྱིས་སངས་རྒྱས་རབས་བདུན་ཞལ་གཟིགས་ནས། ཤོ་ལོ་ཀ་འགའ་ཟུང་གནང་བ་ལ་བརྟེན་ནས། རྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་
མཛད། ཕག་གྲུ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི། སེམས་བསྐྱེད་རྨི་ལམ་མ། ཞི་བྱེད་རྨང་ལམ་མ། གསང་སྤྱོད་རྣལ་ལམ་མ་སོགས་མང་དུ་དར་རོ། །དེ་རྣམས་ལ་འགྲན་ཟླ་མེད་ནའང་། བདག་རཱ་ག་ཨ་སྱས་ཐུགས་རྗེ་ཆེན་པོ་ལོ་བཅུ་གསུམ་སྒྲུབ་པའི་དམ་བཅའ་ཡོད་པའི་ཚེ། ནུབ་ཅིག་ཉམས་ཀྱི་སྣང་བ་ལ། མདུན་གྱི་བར་སྣང་ལ་སེང་གེ་གཡུ་རལ་སྤྲིན་ལྟར་གཏིབས་པ་ཞིག་ལ། སྲིན་པོ་སྨུག་ནག་གཅེར་བུ་འཇིགས་སུ་རུང་བ། མ་མཆེ་སྨིན་མཚམས་དང་། ཡ་མཆེ་བྲང་དུ་སླེབ་པ་ཞིག་གིས། སེང་གེ་ཆིབས་པས་ལུས་སྒུར་པོར་འདུག་པ། དེའི་སྟེང་ན་ཨོ་རྒྱན་རིན་པོ་ཆེ་སྐུ་གཅེར་བུ་སྨུག་ནག །ཕྱག་འགགས་གཡོན་དུ་གསེར་གྱི་ཕྱག་གདུབ་འོད་འབར་བས་བརྒྱན་པ། ཕྱག་གཉིས་སྲིན་པོའི་དཔུང་པ་གཉིས་ནས་འཇུས་ནས་འགུལ་མི་འཇུག་པ། ཞལ་ཁྲོ་གཉེར་དང་བཅས་པ། ཨོཾ་གཙིགས་བསྡམས་པ་དབུ་ལ་པད་ཞྭ་ངུར་སྨྲིག་གསོལ་བ་གཅིག་གསལ་པོར་མཇལ། དེ་ནས་མི་སྣང་བར་གྱུར་མ་ཐག །དཔེ་ཆ་ཞིག་ལག་ཏུ་བཞག་བྱུང་། འཁྲུལ་པ་ཡིན་སྙམ་ནས་མ་བལྟས་ཛ། ལྡེབ་མ་དུང་གི་མདོག་ཅན་མཚལ་མགོ་དང་བྲིས་ཤིན་ཏུ་ལེགས་པ་ཞིག་
མིག་གི་ཐད་དུ་བསྟན་ནས་བྱུང་། དེ་ལ་བལྟས་པས་ཁྲིད་འདིའི་རྩ་ཚིག་རྡོ་རྗེའི་ཚིག་རྐང་བཞི་འདུག །ཕྱིར་ནངས་ཡི་གེར་བྲིས་ནས་བལྟས་པས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་། ཕྱག་རྫོགས་གཉིས་ཀའི་དོན་འདུས་པར་གོ །ཡང་རྨི་ལམ་དུ་གདོང་མཁའ་སྤྱོད་པ་མཇལ་བས། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་གནང་། དེ་དག་ནི་བཀའ་བབ་བྱིན་རླབས་ཀྱི་བརྒྱུད་པར་རློམ་སྟེ། ཁྲིད་འདིའི་རྩ་བའོ། །དེ་དག་གིས་ནི་ཆོས་ཀྱི་ཁུངས་བཙུན་པར་སྟོན་པ་བརྒྱུད་པའི་ལོ་རྒྱུས་སོ། །ཆོས་ཉན་པ་པོ་སློབ་མའི་མཚན་ཉིད་ནི། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་རྣམས་ལ་སྦྱིན་མི་བྱ། །ཞེས་དང་། མདོ་སྡེ་ས་བཅུ་པ་ལས། ཇི་སྐད་དུ། ཇི་ལྟར་སྣོད་མིན་ཉན་ཐོས་ཐེག་པ་དག །ཐེག་ཆེན་བཤད་པ་ཐོས་ན་སྐྲག་འགྱུར་ཏེ། །ཆད་པར་ལྟ་ལ་ངན་སོང་ལྷལ་ལྟུང་འགྱུར་བས། །དེས་ན་དབང་པོ་བརྟག་ལ་ཆོས་བསྟན་ཏོ། །ཞེས་དང་། རིམ་ལྔ་ལས། གང་ཞིག་གཡོ་སྒྱུའི་བློ་ལྡན་ལེ་ལོ་ཅན་དག་དང་། །ཉོན་མོངས་བླ་མའི་སྐྱོན་
རྣམས་མཐོང་གི་ཡོན་ཏན་མིན། །བླ་མ་ལ་སྨོད་དབང་བསྐུར་ཐོབ་ཀྱང་རློམ་སེམས་འགྱུར། །བློ་དམན་སེམས་ལྡན་ཀུན་མཁྱེན་ཡང་དག་ཐོབ་མི་འགྱུར། །ཞེས་དང་། རིམ་ལྔ་ལས་ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ནས་ཕྱག་བྱེད་འགྱུར། །དེ་ལྟར་རང་བཞིན་ངན་འགྱུར་དམན་པའི་སློབ་མ་ནི། །རང་བུ་ཡིན་ཡང་གཞན་བཞིན་ཡོངས་སུ་སྤང་བར་བྱ། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་མཆོག་ལ་སྐྱེས་གྱུར་ཀྱང་། །བརྟེན་པས་ནམ་ཡང་དེ་ཡི་དྲུང་དུ་བཞག་མི་བྱ། །ཞེས་དང་། བླ་མ་ལ་བརྙས་རྒྱུ་ཅན་དད་པ་མེད། །སྔགས་ཀྱི་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་མེད་པ་ལ། །གཏམ་གྱི་རིམ་པའང་དེ་ལ་མི་ཚེ་བྱའོ། །ཞེས་གསུངས། སློབ་མ་སྣོད་ལྡན་ནི། དུར་ཁྲོད་རྒྱན་གྱི་རྒྱུད་ལས། དཔའ་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །དད་ལྡན་རིག་ཅན་གཏོང་ཕོད་ཆེ། །ཐོས་མང་དམ་ཚིག་ལྡན་ལ་སྦྱིན། །ཅེས་དང་། སྒྱུ་འཕྲུལ་དྲྭ་བའི་རིམ་པར་ཕྱེ་བ་དང་པོ་ལས། དགེ་དང་བསྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་
དང་། །རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི། །ཡོན་ཏན་ལྡན་ན་སློབ་མ་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་མས་ཆོས་ཤོད་ཟེར་མ་ཐག་ཏུ་མི་བཤད་དེ། ཟླ་བ་སྒྲོན་མའི་མདོ་ལས། ཆོས་ཀྱི་སྦྱིན་པའི་ཆད་ཀྱི་ཕྱིར། །གལ་ཏེ་ཁྱེད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབ་ཅེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཞེས་དང་། དེ་ཡང་ཚོང་སྐད་མ་ཡིན་སློབ་མའི་རྒྱུད་བརྟག་པ་ཡིན། ཁོ་ལ་ཆོས་དེས་ཕན་པར་འདུག་ན། ཆོས་ཞུ་མ་ཟེར་ཀྱང་བཤད་རུང་སྟེ། མདོ་དེ་ཉིད་ལས། སྣོད་ལ་བརྟགས་པར་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས། དེ་ནས་ཆོས་བཤད་པའི་ཚེ་ཆོས་ཁྲི་ལ་འདུག་པ་དང་། ཞྭ་གོས་གཟབ་པ་འདི་དག་ཀྱང་ཇོ་བརྫུ་དང་འཕྱོར་འདོད་མ་ཡིན་ཏེ་ཆོས་ཀྱི་ཆེ་བ་ཡིན། དམ་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡང་པའི་སྟན་ནི་རབ་ཏུ་བཤམ་བཏིང་སྟེ། །བཅོས་བུ་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་སྟན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །ཞེས་དང་། བློ་གྲོས་
རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་སྨྲ་བ་གཙང་སྦྲ་དང་བཅས་ནས། ཀུན་ཏུ་སྤྱོད་པ་གཟབ་པ་དང་། ལེགས་པར་བཀྲུས་པ་དང་། ལེགས་པར་གོས་བགོ་བར་བྱའོ། ། ཞེས་གསུངས་སོ། །དེ་ལྟར་ཆོས་བཤད་ན་ཕན་ཡོན་ནི། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱལ་སྲིད་སྣ་བདུན་དང་། རིན་པོ་ཆེ་སྣ་ཚོགས་དང་། མར་མེ་དང་སྤོས་ཀྱིས་བཀང་སྟེ། སངས་རྒྱས་ཐམས་ཅད་མཆོད་པ་བས་ཀྱང་ལྷག་སྟེ། དཀོན་མཆོག་བརྩེགས་པ་ལས། མི་རྣམས་གང་ཞིག་གང་གཱའི་བྱེ་སྙེད་ཀྱིས། །འཇིག་རྟེན་ཁམས་མཆོག་རིན་ཆེན་བཀང་བྱས་ཏེ། །དགེ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་གི་སེམས་ཅན་གཅིག་ལ་ཚིགས་བཅད་སྦྱིན། །རིན་ཆེན་སྦྱིན་པ་རྒྱ་ཆེན་བྱིན་པ་དེས། །ཚིགས་བཅད་བྱིན་པ་སྙིང་རྗེས་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་ཡང་མ་ཡིན་ནོ། །ཞེས་དང་། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི། །མེ་ཏོག་བདུག་སྤོས་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་པ་མིན། །ཞེས་དང་། ཆོས་བཤད་ན་འཇིག་རྟེན་ཐམས་ཅད་གསེར་དངུལ་སོགས་རིན་ཆེན་སྣ་ཚོགས་
ཀྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས་ལྷག་སྟེ། བྱམས་པ་སེང་གེའི་མདོ་ལས། གང་གིས་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །དགའི་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་བྱིན་པ་སྙིང་རྗེ་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་ཡང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་དང་། གསེར་འོད་ལས། ཤཱ་རིའི་བུ། སྦྱིན་པ་རྣམས་ཀྱི་ནང་ནས། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ། །ཞེས་གསུངས། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཆོས་ཀྱི་སྦྱིན་པ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་རྣམ་པར་དག་པར་འགྱུར་རོ། །ཞེས་དང་། སེང་གེའི་ཞུས་པར། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཞེས་དང་། འཇིག་རྟེན་ཐམས་ཅད་གསེར་གྱིས་བཀང་ནས་སྦྱིན་པ་བས། དུས་སྙིགས་མའི་དུས་ཆོས་ཤོ་ལོ་ཀ་གཅིག་བཤད་ན་ཕན་ཡོན་ཆེ་སྟེ། བྱམས་པ་སེང་གེའི་མདོ་ལས། གང་གི་བྱེ་སྙེད་འཇིག་རྟེན་
གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་ཅི་འདྲ་དེ་ལ་མེད། །ཅེས་དང་། འཇིག་རྟེན་གྱི་འབྲེལ་པ་དང་མཐུན་འཇུག་ཅི་བས་ཀྱང་ཆོས་འབྲེལ་གྱི་འབྲེལ་པ་ཟབ་པ་སྟེ། ཏིང་འཛིན་རྒྱལ་པོའི་མདོ་ལས། སྦྱིན་པ་རབ་སྦྱིན་གཅིག་ལ་གཅིག་བརྟེན་པ། །དེ་དག་ཕན་ཚུན་རི་མོར་བྱེད་མི་འགྱུར། །མཁས་པ་བག་ཆགས་རབ་ཏུ་སྤང་པ་ཡི། །སངས་རྒྱས་དག་གིས་བསྙེན་པ་དེ་མི་བསྔགས། །གང་དག་སྲོག་ཆགས་ཕན་ཕྱིར་ཆོས་སྟོན་པ། ། དེ་འདྲའི་མི་དེ་ཤིན་ཏུ་བསྟེན་པ་ཡིན། །དེ་ཡང་གཅིག་ལ་གཅིག་ཀྱང་མི་ཕྱེད་མཛའ། །བྱེ་བ་སྙེད་ཀྱི་བདུད་ཀྱིས་དབྱེ་མི་ནུས། །འཇིག་རྟེན་ཟང་ཟིང་དག་གིས་བརྟེན་པའི་མི། དེ་དག་ཚེ་འདི་དོན་དུ་ཀུན་འགྱུར་གྱི། །ཟང་ཟིང་མེད་པའི་ཆོས་ལ་བརྟེན་པ་ནི། །མི་དག་གིས་ཀྱང་རབ་ཏུ་དོན་ཆེན་འགྱུར། །ཟང་ཟིང་མེད་པའི་སེམས་ནི་ཉེར་བཞག་སྟེ། ཟང་ཟིང་མེད་པའི་ཆོས་རྣམས་རབ་བཤད་ལ། །གང་དག་ཟང་ཟིང་མེད་པའི་དགའ་ལྡན་པ། །དེ་འདྲའི་དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་གསུངས་སོ། །གཞན་ཡང་
ཆོས་བཤད་པ་ལ་ཕན་ཡོན་དཔག་ཏུ་མེད་དེ། ལྷག་བསམ་བསྐུལ་མདོར། བྱམས་བ་གང་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན་ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་སྦྱིན་པ་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་བསྲུང་བ་ཡིན། ལྷ་རྣམས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་བཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིན་པ་དེ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ་ཕན་ཡོན་ཉི་ཤུ་པོ་
དེ་དག་གོ །ཞེས་གསུངས། མི་ཇི་ལྟར་མཁས་མཛངས་ཆེ་བ་གཅིག་ཡིན་ཀྱང་། ཆོས་མ་ཐོས་ན་དགེ་སྡིག་ངོ་མི་ཤེས། མིག་ཇི་ལྟར་གསལ་ཡང་། མུན་པ་ནང་དུ་སྒྲོན་མེ་མེད་ན་མི་མཐོང་བ་ལྟ་བུ་སྟེ། ཐོས་པའི་ཚོམ་ལས། ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་པ། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། ། མིག་ལྡན་བཞིན་དུ་མི་མཐོང་བར། །དེ་བཞིན་འདི་ནི་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། ། མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཅེས་དང་། དཀོན་བརྩེགས་ལས། དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པས་ནི་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་ནས་སྡིག་པ་བརྟེན་མི་བྱ། །ཐོས་ནས་སྡིག་པ་སྤོང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་ཐོབ། །ཐོས་ནས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་དཔྱོད། །དོན་མཐོང་ནས་ནི་བདེ་ཐོབ་
འགྱུར། །དོན་ཐོབ་ནས་ནི་ཡིད་གཞུངས་ཏེ། །ཚེ་འདི་ལ་ནི་མྱ་ངན་འདས། །ཞེས་གསུངས། གཞན་ཡང་ཆོས་ཐོས་པའི་ཕན་ཡོན་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་། སྐྱེས་རབས་ལས། གང་ཞིག་ཐོས་པས་ཡིད་ནི་དྭངས་གྱུར་ནས། །ལེགས་པར་དགའ་ལ་བརྟེན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གིས་ཤེས་ཀྱང་དེ་ནི་ཉོ་བའི་རིགས། །ཞེས་དང་། རྒྱལ་བུ་ཟླ་བས་ཞུས་པའི་མདོར་ཡང་འདི་གསུངས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཕོངས་པ་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་
འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་ཟེར་འདྲ། །ཞེས་དང་། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་བསྐྱེད། ། གྲགས་པ་ཆེན་པོར་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པས་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་དང་འགལ་བ་མེད་པ་ཡི། །འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཐོས་པས་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལ་ཚེགས་ཆུང་ཐར་བར་འགྱུར། །ཞེས་དང་། ། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་དང་། ཐོས་པ་དྲི་མ་མེད་པའི་གཟི་བརྗིད་ཅན། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཞེས་གསུངས། དེ་ནས་ཆོས་ཉན་པའི་ཚེ་བླ་མ་བསྟེན་ལུགས་ནི། དཔལ་འབྱུང་གིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་ངན་
འགྲོར་མི་ལྟུང་ངོ་། །དུས་རྟག་ཏུ་དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བ་བུ་མཛངས་པ་ལྟ་བུ་དང་། བླ་མའི་བཀའ་བཀྱོན་ལ་མི་ཁྲོ་བ་ཁྱི་ལྟ་བུ་དང་། འགྲོ་ཞིང་འོང་བས་མི་སྐྱོ་བ་གྲུ་ལྟ་བུ་དང་། བཟང་ངན་ཐམས་ཅད་ཐེག་པ་ཟམ་པ་ལྟ་བུ་དང་། ཚ་གྲང་གི་སྡུག་བསྔལ་ཐམས་ཅད་བཟོད་པ་མགར་བའི་འོག་རྡོ་ལྟ་བུ་དང་། རང་ལ་ནད་པ་དང་། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས། མདོ་ལས། བླ་མའི་བཀའ་ཉན་པ་བྲན་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །འོ་ཅག་ལ་མཐུན་པར་འཛིན་པར་གཡོག་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ང་རྒྱལ་སྤངས་པ་ཕྱགས་དར་བ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དྲེགས་པ་སྤངས་པ་ཁྱུ་མཆོག་གི་རྭ་བཅད་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དེ་ནས་ཆོས་ཇི་ལྟར་ཉན་པའི་ཚུལ་ནི། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་
བཞིན། །གུས་པས་བསྐྱེད་ཅིང་རྩེ་གཅིག་ཏུ། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་སོ། ། དེ་ནས་ཆོས་ཉན་པའི་དམིགས་པ་ནི། བླ་མ་འཇམ་དཔལ་ངག་གི་རྒྱལ་པོ་གསེར་མདོག་ཕྱག་གཉིས་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་ཨུཏྤལ་སྔོན་པོ་གཉིས་ཀྱི་ཡུ་བ་ནས་འཛིན་པ། ཕྲག་གོང་གཉིས་སུ་ཁ་བྱེ་བ་རལ་གྲི་དང་། པོ་ཏིས་མཚན་པ། དར་དང་རིན་པོ་ཆེའི་བརྒྱན་ཅིང་སེང་གེའི་ཁྲི་ལ་བྱམས་བཞུགས་མཛད་པའི་དྲུང་དུ་ཁྱེད་རང་རྣམས། །སྒྲོལ་མ་ལྗང་གུ་ཐལ་མོ་སྦྱར་བ་ཨུཏྤལ་ཁ་བྱེ་མ་ཐག་འཛིན་ཅིང་། པུས་མོ་བཙུགས་ཏེ་བཞུགས་པ། བླ་མའི་ཞལ་ནས་ཆོས་ཀྱི་ཚིག་རྣམས་དབྱངས་གསལ་ཡིག་འབྲུའི་རྣམ་པ་འཕྲོས། །ཁྱེད་རང་རྣམས་ཀྱི་རྣ་བ་གཉིས་ཨུཏྤལ་སྔོན་པོ་འདབ་མ་བཅུ་དྲུག་པར་གྱུར་པའི་ནང་དུ་ཞུགས་སྙིང་གི་ནང་དུ་སིབ་སིབ་ཐིམ་པས། ཆོས་ཐོས་པས་དོན་ཐམས་ཅད་ཡིད་ལ་གསལ་ལམ་ལམ་གོ་ཞིང་རྟོགས་པར་བསྒོམ། སང་ཆོས་ཐུན་རྒྱབ་མ་མ་བྱུང་གི་བར་དུ་དམིགས་པ་དེ་རང་སྒོམས་ཤིག །ཆོས་དབུ་འཛུགས་ཤིང་འཆད་ཉན་གྱི་དམིགས་ཐུན་ཚར་རོ།།