འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་དོན་འདུས་གོ་བདེར་བཀོད་པ་རྒན་མོ་མཛུབ་ཚུགས།
འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་དོན་འདུས་གོ་བདེར་བཀོད་པ་རྒན་མོ་མཛུབ་ཚུགས་ཞེས་བྱ་བ་བཞུགས་སོ། །འདི་ཉིན་རེ་ཆོས་ཐུན་རེ་རེ་བཤད་དེ། དེ་ཡང་ལན་གཅིག་རྣ་བར་འགྲིམ་ཙམ་གྱིས་མི་ཆོག་པས་ཚར་གསུམ་བཤད་ནས་གོ་ངེས་བྱ། ཕྱིར་ཉིན་ཆོས་ཐུན་གྱི་བར་ལ་དེའི་དོན་རྩེ་གཅིག་ཏུ་བསྒོམ་འཇུག །ཕྱིར་ནངས་དེའི་དོན་གོའམ་འདྲི་ཐོན་ན་ལེགས་སོ། །
ན་མོ་གུ་རུ་ལོ་ཀི་ཤྭ་ར་དྷེ་ཝ་ཌཱཀི་ནཱི་ཧཱུྃ། རྩ་གསུམ་ཀུན་འདུས་དྷརྨེ་ཤྭ་ར་ལ། །ཕྱག་འཚལ་བཀའ་གནང་བྱིན་གྱིས་བརླབ་ཏུ་གསོལ། །དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཁྲིད་ཆེན་གྱི། །དོན་བསྡུས་གོ་བདེ་རྒན་མོ་མཛུབ་ཚུགས་ནི། །དང་པོ་བླ་མའི་མཚན་ཉིད་མང་དུ་གསུངས་ཀྱང་། བླ་མའི་མཚན་ཉིད་རྣམས་བདག་ལ་མི་ལྡན་ན་ཡང་། དུས་སྙིགས་མའི་སྐབས་སུ་སྐྱོན་མེད་ཡོན་ཏན་ལྡན་པའི་བླ་མ་དཀོན་ཏེ། དོན་དམ་བསྙེན་པ་ལས། སྙིགས་དུས་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །
གང་ཞིག་ཡོན་ཏན་ལྡན་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་གསུངས་སོ། །དེ་ལ་དགོངས་ནས་བཀའ་གདམས་བླ་མ་རྣམས་ཀྱིས། གང་ཟག་སྐྱོན་གྱིས་ཆོས་ལ་མི་གོས། ཞེས་གསུངས། ནཱ་རོ་པའི་གསུངས་ལས། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །ཞེས་དང་། རྡོ་རྗེའི་གསུངས་དགོངས་པ་གཅིག་པ་ལས། དམ་ཆོས་བརྒྱུད་པར་འབྲེལ་པ་ཉིད་ཟབ། ཅེས་གསུངས་པས། ཆོས་འདི་ནི་རྟོགས་པ་དོན་གྱི་བརྒྱུད་པ་བྱིན་རླབས་ཀྱི་འཕོ་བ་ཅན། སངས་རྒྱས་ཀྱི་ཕྲེང་བ་བར་མ་ཆད་པ་
སྟེ། རྡོ་རྗེ་འཆང་ཏཻ་ལོ། ནཱ་རོ། མར་མི་དྭགས་གསུམ་ནས། དབང་ཕྱུག་རྡོ་རྗེ། འོད་དཔག་མེད་མིའི་གཟུགས་འཛིན་པ་ཆོས་ཀྱི་དབང་ཕྱུག །དེའི་ཞབས་དྲུང་ནས་བདག་རཱ་ག་ཨ་སྱའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཟླ་བ་གཅིག །ལྔ་ལྡན་གྱི་རྒྱས་བཤད་དགོངས་པ་གཅིག་པ་བདུན་གཉིས་ཙམ་ཐོབ་པས། འཇམ་དབྱངས་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོ་ལྟ་རྒྱུད། བྱམས་པ་ཐོག་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད། འཇམ་དབྱངས་ཞི་བ་ལྷ་གསེར་གླིང་པ་ནས་བརྒྱུད་པའི་བློ་སྦྱོང་དང་། དུས་མཁྱེན་གྱིས་བླ་མ་བྲག་དཀར་བ་ལ་རྫོགས་ཆེན་ཨ་རོ་སྙན་བརྒྱུད་གསན། ཀརྨ་པཀྴིས་ཀཿཐོག་པ་བྱམས་པ་འབུམ་ལ་མདོ་སྒྱུ་སེམས་གསུམ་ཞུས་ནས་མཁས་པར་སྦྱངས་ནས་ཉིད་ཀྱི་མཛད་ཆོས་རྣམས་ཀྱང་ཕྱག་རྫོགས་ཟུང་འཇུག་མཛད། རང་བྱུང་རྡོ་རྗེས་པདྨ་ལས་འབྲེལ་རྩལ་མཁའ་འགྲོ་སྙིང་ཐིག་ཞུས་པས། དེས་ན་རྫོགས་ཆེན་གྱི་དོན་བརྒྱུད་ཡང་བརྒྱུད་པ་འདི་ལ་འདུས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐུ་གསུམ་ངོ་སྤྲོད། ཐུགས་རྗེ་ཆེན་པོ་མི་ཏྲ་ལུགས་ཀྱི་དམར་ཁྲིད། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དམར་ཁྲིད་སེམས་ཉིད་ངལ་གསོ། ཐུགས་རྗེ་
ཆེན་པོ་གསང་བ་འདུས་པའི་དམར་ཁྲིད། དཔལ་མོ་ལུགས་ཀྱི་དམར་ཁྲིད། ཚེམ་བུ་ལུགས་ཀྱི་དམར་ཁྲིད་དང་། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ། ཐུགས་རྗེ་ཆེན་པོ་དོན་ཏྲིག །དེ་ཐམས་ཅད་ཀྱི་དོན་གྱི་རྩ་བ་ནི་ཟུང་འཇུག་བརྒྱུད་རིམ་འདི་ལ་འདུས། གྲུབ་ཆེན་རྨ་སེ་ནས་ཚེར་ལུང་དྲུང་སྐྱིད་ཀུན་དགའ་རྣམ་རྒྱལ། དེའི་དྲུང་ནས་བདག་རཱ་ག་ཨ་སྱའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཞག་བཅོ་བརྒྱད་ཐོབ་སྟེ། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། མིང་ཡོངས་སུ་གྲགས་པ་ཀརྨ་པ་དང་ཐུགས་རྗེ་ཆེན་པོའི་བར་ན་བརྒྱུད་པ་གཞན་ཡོད་ཀྱང་ཉན། མེད་ཀྱང་ཉན་གསུངས་པས། རྗེ་བཅུ་པའི་ཞལ་སྔ་ནས། ཐུགས་རྗེ་ཆེན་པོའི་བསྒོམ་ལུང་བླ་མའི་རྣལ་འབྱོར་ཕྱག་ཆེན་ངོ་སྤྲོད་རྣམས་ཐོབ། མི་འགྱུར་རྡོ་རྗེའི་ཆོས་བདག་གཏེར་བློན་དུ་ལུང་བསྟན་ཅིང་། ལོ་གསུམ་གཟིམ་མ་གཅིག་ཏུ་བྱས་ནས། རྫོགས་ཆེན་ཁྲིད་སངས་རྒྱས་ལག་འཆང་དང་། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཆོས་འབྲུ་བདུན་པ་སོགས་གནམ་ཆོས་རྣམས་ཞུས། བདུད་འདུལ་རྡོ་རྗེའི་དྲུང་ནས་ཐེག་པ་སྤྱིའི་ཁྲིད་དང་། རྫོགས་ཆེན་དང་འབྲེལ་བའི་དབང་ལུང་མང་དུ་ཐོབ་ཅིང་། ཆོས་
བདག་ཡིན་པའི་ལུང་བསྟན་དང་དམ་རྫས་ཨ་རྒྱ་ཅན་གནང་ནས། རྫོགས་ཆེན་རང་གི་ཉམས་ལེན་དང་གཞན་ལ་སྟོན་པ་སོགས་གལ་ཆེ་ཚུལ་ཞལ་གདམས་མང་དུ་གནང་། དེ་དག་ནི་ཁྲིད་ཀྱི་བརྒྱུད་པ་ཡིན་ལ། གཞན་ཡང་དབང་ལུང་ཆོས་འབྲེལ་བླ་མ་བཞི་བཅུ་ཞེ་དགུ་ཙམ་ལས་མཐའ་ཡས་པ་ཞིག་ཐོབ་བོ། །དེ་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་ཁྲིད་འདི་ལ་འདུས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས། དཔལ་མོ་ལུགས། མི་ཏྲ་ལུགས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐུ་གསུམ་ངོ་སྤྲོད། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་ཁྲིད་སེམས་ཉིད་ངལ་གསོ། ཐུགས་རྗེ་ཆེན་པོ་གསང་འདུས་དམར་ཁྲིད། མ་ཎི་བཀའ་འབུམ། ཡང་སྙིང་འདུས་པ། ངན་སོང་རང་གྲོལ། དེ་རྣམས་ཀྱི་ལུང་ཐོབ་པའི་དོན་ཡང་འདིར་འདུས་པས། དམ་ཆོས་བརྒྱུད་པར་འབྲེལ་བ་ཡིན་ནོ། །རིག་འཛིན་ཀློང་གསལ་སྙིང་པོས་ཁོང་གི་གཏེར་ཆོས་ཐམས་ཅད་ཀྱི་དབང་ལུང་གི་བརྒྱུད་པ་གཏད་པ་ཡིན་པས། དངོས་སུ་མཇལ་མི་དགོས། རང་གི་ཉམས་ལེན་དང་གཞན་ལ་གང་འཕེལ་གྱིས་གསུངས་ནས་བཀའ་ཤོག་གནང་བ་དང་དུས་མཉམ་དུ་རྟགས་མཚན་བཟང་པོ་
ཡང་བྱུང་བས། མཁའ་འགྲོ་གཏད་རྒྱ་བརྒྱུད་པ་ཡང་འདི་ལ་ཚང་། བཀའ་བབ་དོན་གྱི་བརྒྱུད་པ་ནི། ས་ཆེན་ཀུན་དགའ་སྙིང་པོས། འཇམ་དབྱངས་ཞལ་གཟིགས་ནས་ཆོས་ཚིག་བཞི་གནང་བ་ལ་བརྟེན་ནས་ཞེན་པ་བཞི་བྲལ་གྱི་ཁྲིད་མཛད། གཙང་པ་རྒྱ་རས་ཀྱིས་སངས་རྒྱས་རབས་བདུན་ཞལ་གཟིགས་ནས་ཆོས་ཤོ་ལོ་ཀ་འགའ་ཟུང་གནང་བ་ལ་བརྟེན་ནས། རྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་མཛད། ཕག་གྲུ་ལ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱིས། སེམས་བསྐྱེད་རྨི་ལམ་མ། ཞི་བྱེད་རྨང་ལམ་མ། །གསང་སྤྱོད་རྣལ་ལམ་མ་སོགས་མང་དུ་མཛད། དེ་རྣམས་ལ་འགྲན་ཟླ་མེད་ནའང་། བདག་རཱ་ག་ཨ་སྱས་ཐུགས་རྗེ་ཆེན་པོ་ལ་ལོ་བཅུ་གསུམ་སྒྲུབ་པའི་དམ་བཅའ་ལ་གནས་པའི་ཅིག་ཉམས་ཀྱི་སྣང་བ་ལ། མདུན་གྱི་བར་སྣང་ལ་སེང་གེ་གཡུ་རལ་སྤྲིན་ལྟར་གཏིབས་པ་གཅིག་ལ། སྲིན་པོ་སྨུག་ནག་སྐུ་གཅེར་བུ་འཇིགས་སུ་རུང་བ། མ་མཆེ་སྨིན་མཚམས་དང་། ཡ་མཆེ་བྲང་དུ་སླེབ་པ་གཅིག་གིས་སེང་གེ་ཆིབས་པའི་ལུས་སྒུར་པོར་འདུག །དེའི་སྟེང་ན་ཨོ་རྒྱན་རིན་པོ་ཆེའི་སྐུ་གཅེར་བུ་སྨུག་ནག །ཕྱག་འགག་གཡོན་
དུ་གསེར་གྱི་ཕྱག་གདུབ་འོད་འབར་བས་བརྒྱན་པ། ཕྱག་གཉིས་སྲིན་པོའི་དཔུང་པ་གཉིས་ལ་འཇུས་ནས་འགུལ་མི་འཇུག་པ། ཞལ་ཁྲོ་གཉེར་དང་བཅས་པ་ཨོཾ་གཙིགས་བསྡམས་པ། དབུ་ལ་པད་ཞྭ་ངུར་སྨྲིག་གསོལ་བ་གཅིག་གསལ་པོར་མཇལ། དེ་ནས་མི་སྣང་བར་གྱུར་མ་ཐག །དཔེ་ཆ་གཅིག་ལག་ཏུ་བཞག་བྱུང་། འཁྲུལ་པ་ཡིན་སྙམ་ནས་མ་བལྟས་ཛ། །ལྡེབ་མ་དུང་གི་མདོག་ཅན། མཚལ་མགོ་དང་བྲིས་ཤིན་ཏུ་ལེགས་པ་གཅིག་མིག་གི་ཐད་དུ་བསྟན་ནས་བྱུང་། དེ་ལ་བལྟས་པས་ཁྲིད་འདིའི་རྩ་ཚིག་རྡོ་རྗེའི་ཚིག་རྐང་བཞི་འདུག །ཕྱིར་ནངས་ཡི་གེར་བྲིས་ནས་བལྟས་པས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་ཕྱག་རྫོགས་གཉིས་ཀའི་དོན་འདུས་པར་གོ །ཡང་རྨི་ལམ་དུ་གདོང་མཁའ་སྤྱོད་པ་དང་མཇལ་བས། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་གནང་། དེ་དག་ནི་བཀའ་བབ་བྱིན་རླབས་ཀྱི་བརྒྱུད་པར་རློམ་སྟེ། ཁྲིད་འདིའི་རྩ་བའོ། །དཀོན་མཆོག་བརྩེགས་པ་ལས། མི་རྣམས་གང་ཞིག་གང་གཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་མཆོག་རིན་ཆེན་བཀང་བྱས་ཏེ། །དགེ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་གིས་སེམས་ཅན་གཅིག་ལ་
ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་རྒྱ་ཆེན་བྱིན་པ་དེས། །ཚིགས་བཅད་བྱིན་པ་སྙིང་རྗེ་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་ཡང་མ་ཡིན་ནོ། །ཞེས་དང་། ཡང་དཀོན་མཆོག་བརྩེགས་པ་ལས། དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པས་ནི་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་ནས་སྡིག་པ་བརྟེན་མི་བྱེད། །ཐོས་ནས་སྡིག་པ་སྤང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་ཐོབ། །ཐོས་ནས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་སྤྱོད། །དོན་མཐོང་ནས་ནི་བདེ་ཐོབ་འགྱུར། །དོན་ཐོས་དེ་ནི་ཡིད་གཞུངས་ཏེ། །ཚེ་འདི་ལ་ནི་མྱ་ངན་འདའ། །ཞེས་གསུངས་པས་ཆོས་ཐོས་པའི་ཕན་ཡོན་དཔག་ཏུ་མེད་པའི་ཕྱིར། སེམས་མ་ཡེངས་པར་རྩེ་གཅིག་ཏུ་ཉོན། ཆོས་དབུ་འཛུགས་སོ།། །།ཆོས་ཐུན། ༼༡༽ ཐུགས་རྗེ་ཆེན་པོའི་གདམས་ངག །བློ་ཆོས་སུ་འགྲོ་ཞིང་མི་ལུས་ཐོབ་པ་དོན་མེད་སྟོང་ལོག་ཏུ་མི་འགྲོ་བའི་ཐབས། དལ་འབྱོར་རྙེད་དཀའ་བ་བསྒོམ་པར་བྱ་སྟེ། སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། གང་གིས་མི་ལུས་རིན་
ཆེན་འདི། །རྒྱུ་འབྲས་ངོ་བོ་དེ་དོན་གྱི། །དལ་འབྱོར་རྙེད་དཀའི་དོན་བསྒོམ་ཞིང་། །བརྩོན་འགྲུས་ཆེར་བསྐྱེད་ཉམས་ལེན་བྱ། །ཞེས་གསུངས། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀྱེ་མ་མིར་སྐྱེ་བ་ཡང་རྙེད་པར་དཀའ། །དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། །སངས་རྒྱས་འཇིག་རྟེན་དུ་འབྱོན་པའང་རྙེད་པར་དཀའ། །དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། །ཞེས་གསུངས་སོ། །དེ་ལ་དལ་འབྱོར་གྱི་མི་ལུས་ཐོབ་དཀའ་བ་དངོས་སུ་བལྟ་རྒྱུ་ཡོད་པ་འདི་ལ་ལྟོས་དང་། འགྲོ་བ་རིགས་དྲུག་གི་ནང་ནས་དུད་འགྲོ་རིགས་གཅིག་ཡིན། དུད་འགྲོ་ལ་རིགས་མི་གཅིག་པ་བྱེ་བ་ཕྲག་བཅོ་བརྒྱད་ཡོད་པར་བཤད། དེའི་ནང་ནས་འབུ་སྲིན་ནི་རིགས་གཅིག་ཡིན། ལུང་པ་རེ་ན་མི་དུ་ཙམ་ཡོད། འབུ་སྲིན་དུ་ཙམ་འདུག་བསམ་མནོ་ཐོངས་དང་། གྲོང་པ་རེ་དང་ཁྱིམ་རེ་ན་མི་དུ་ཙམ་གདའ། འབུ་སྲིན་དུ་ཙམ་གདའ་ལྟོས་དང་། ཤིག་དང་ལྗི་བ་དང་སྲིན་བུ་བ་ཤ་ཀ་དང་། གྲོག་སྦུར་ཡན་ཆད་འདི་ཚོ་ཡང་རང་རེ་ཚོ་བས་ལྷག་ཙམ་གྱིས་མི་ལ་ཡང་སྐྱེ་མྱོང་ཚོད་རེད་དེ། ཆོས་མ་བྱས་པས་འདི་འདྲ་བ་གཅིག་རེད་གདའ་བ་ཨེ་མཐོང་། རྔ་བོ་
ཆེའི་མདོ་ལས་ཀྱང་། རྒྱ་གྲོག་གི་ཚང་ཆེ་བ་རེ་ལ་འབུམ་ཕྲག་གསུམ་ཡོད། འབྲིང་བ་ལ་ཁྲི་ཕྲག་གསུམ་ཡོད། ཐ་མ་ལ་སྟོང་ཕྲག་གསུམ་ཡོད་པར་བཤད། ། སྡེ་ཆེན་པོ་གཅིག་གི་མངའ་འོག་ན་ཡང་མི་ལུས་ཐོབ་ཚད་ལ་ཡང་འབུམ་ཕྲག་གསུམ་ཨེ་ཡོད་ཆ་མེད། མི་ལུས་ཐོབ་ཨེ་དཀའ་དེ་ཚོ་བསམ་མནོ་ཐོང་ལ་ལྟོས་དང་གསལ་ལོ། །དེ་ཚོ་ཡང་ཐོས་གཏམ་དང་ངན་དཔྱད་མིན། ཐུབ་པ་དང་ཨོ་རྒྱན་གྱི་གསུངས་གཉིས་ཀ་ལས། དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས། །ཞེས་གསུངས་པའི་དོན་ཡིན་ནོ།། ༼༢༽ ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། ཆོས་མྱུར་དུ་འགྲུབ་པའི་ཐབས། འཆི་བ་མི་རྟག་པ་བསྒོམ་པ་ནི། བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས་སོ། །ཆེད་དུ་བརྗོད་པའི་ཚོམས་ལས། བསགས་པའི་མཐའ་ནི་འཛད་པ་སྟེ། །བསླང་བའི་མཐའ་ནི་འགྱེལ་བར་འབྱུང་། །ཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས་སོ། །སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་
པ་རིག་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་འགྱུར་ན། །ཇི་ལྟར་བདག་ཡིད་བདེ་བར་འགྱུར། །ཞེས་གསུངས་སོ། །འཆི་བ་མི་རྟག་པ་མིག་གིས་བལྟ་རྒྱུ་ཡོད་པ་འདི་ལ་ལྟོས་དང་། རང་དང་ས་ཕྱོགས་གཅིག་པ་དང་། གྲོང་གཅིག་པ་དང་། ངོ་ཤེས་པ་དང་ཉེ་དུ་རྣམས་སོ་ནམ་དང་ལས་དཀའ་མང་པོ་བྱེད་འཕྲོ་ལ་ཤི་སོང་དུས། རང་གིས་ཀྱང་བྱ་བ་མང་པོ་བསྒྲུབ་བསམས་ཀྱང་ལོང་མེད་པར་ཤེས་པར་གྱིས། རང་དང་ན་མཉམ་པ་དང་། དེ་བས་གཞོན་པ་ཤི་བ་མཐོང་བའི་ཚེ། ན་སོ་གཞོན་ཀྱང་མི་འཆི་བའི་གདེང་མེད་པ་གོ་བར་གྱིས། བཅོམ་ལྡན་འདས་ཀྱི་ཞལ་ནས། ནང་པ་སངས་རྒྱས་པས་བསྒོམ་པའི་འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པ་བསྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡིན་ནོ། །ཞེས་གསུངས་སོ།། ༼༣༽ ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། སྡུག་བསྔལ་སྤང་ཞིང་བདེ་བ་ཐོབ་པའི་ཐབས། ལས་རྒྱུ་འབྲས་ཤེས་པར་བྱ་སྟེ། ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་
ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། མི་དགེའི་འབྲས་བུས་སྡུག་བསྔལ་ཏེ། །དགེ་བའི་ལས་ཀྱིས་བདེ་བ་ཐོབ། །འདྲེས་ལས་བདེ་སྡུག་འདྲེས་འབྱུང་བས། །དགེ་སྡིག་ཆུང་ནས་བླང་དོར་བྱ། །ཞེས་གསུངས་སོ། །རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཏེ། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་སོ། །གོ་བདེ་བར་བཤད་ན། སྲོག་བཅད་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་གལ་ཏེ་མིར་སྐྱེས་ནའང་ཚེ་ཐུང་ཞིང་ནད་མང་། དབང་གི་འབྲས་བུ་ཡུལ་བཀྲ་མི་ཤིས་སར་སྐྱེ། མ་བྱིན་པ་བླངས་པའི་རྣམ་སྨིན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མིར་སྐྱེས་ཀྱང་དབུལ་པོར་འགྱུར། དབང་གི་འབྲས་བུ་ཡུལ་སད་སེར་མང་སར་སྐྱེ། འདོད་ལོག་སྤྱད་པའི་
རྣམ་སྨིན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་དགྲ་སྡང་བའི་ཆུང་མར་སྐྱེ། དབང་གི་འབྲས་བུ་ཡུལ་ཚད་རོང་དུ་སྲོག་ཆགས་སྤུ་མེད་པའི་རིགས་སུ་སྐྱེ། རྫུན་སྨྲ་བའི་རྣམ་སྨིན་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མིར་སྐྱེས་ནའང་མི་ཁ་སྡང་། དབང་གི་འབྲས་བུ་དྲི་མི་ཞིམ་སར་སྐྱེ། ཕྲ་མའི་རྣམ་པར་སྨིན་པའི་འབྲས་བུ་དམྱལ་བར་སྐྱེ། །རྒྱུ་མཐུན་གྱི་འབྲས་བུ་མཛའ་བོ་དང་བྲལ། དབང་གི་འབྲས་བུ་ཡུལ་མཐོ་དམན་ཆེ་སར་སྐྱེ། ཚིག་རྩུབ་ཀྱི་རྣམ་སྨིན་གྱི་འབྲས་བུ་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མི་ཁ་སྡང་། དབང་གི་འབྲས་བུ་ཡུལ་ཆུ་དཀོན་ཚྭ་སྒོ་ཅན་སྡིག་ཤས་ཅན་དུ་སྐྱེ། །ངག་འཁྱལ་གྱི་རྣམ་པར་སྨིན་པའི་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཚིག་མི་བཙུན་པར་འགྱུར། དབང་གི་འབྲས་བུ་དབྱར་དགུན་གོ་ལོག་སར་སྐྱེ། བརྣབ་སེམས་ཀྱི་རྣམ་སྨིན་གྱིས་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཆགས་པ་ཤས་ཆེ་བར་འགྱུར། དབང་གི་འབྲས་བུ་ཡུལ་འབྲུ་ངན་སར་སྐྱེ། གནོད་སེམས་ཀྱི་རྣམ་སྨིན་གྱིས་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཞེ་སྡང་ཤས་ཆེ་བར་འགྱུར། དབང་གི་འབྲས་བུ་ཟས་ཁ་ཞིང་རྩུབ་པའི་སར་སྐྱེ།
ལོག་ལྟའི་རྣམ་པར་སྨིན་པས་དུད་འགྲོར་སྐྱེ། རྒྱུ་མཐུན་འབྲས་བུ་མིར་སྐྱེས་ཀྱང་གཏི་མུག་ཤས་ཆེ། དབང་གི་འབྲས་བུ་ཡོ་བྱད་ཡེ་མེད་སར་སྐྱེ། དེ་ཡང་མི་དགེ་བ་དེ་དག་ཞེ་སྡང་གི་སྒོ་ནས་སྤྱད་ན་དམྱལ་བ། འདོད་ཆགས་ཀྱི་སྒོ་ནས་སྤྱད་ན་ཡི་དྭགས། གཏི་མུག་གི་སྒོ་ནས་སྤྱད་ན་དུད་འགྲོ། ཆེན་པོར་སྤྱད་པས་དམྱལ་བ། འབྲིང་སྤྱད་པས་ཡི་དྭགས། ཆུང་ངུར་སྤྱད་པས་དུད་འགྲོ། ཡུལ་མཐོན་པོ་ལ་སྤྱད་ན་དམྱལ་བ། འབྲིང་ལ་ཡི་དྭགས། ཐ་མ་ལ་སྤྱད་ན་དུད་འགྲོར་སྐྱེའོ། །མི་དགེ་བ་བཅུ་སྤངས་པ་ནི་དགེ་བ་བཅུ་ཡིན་ཏེ། ཕན་ཡོན་ནི་གོང་གི་སྐྱོན་དེ་དག་ལས་ལྡོག་གོ །མི་གཡོ་བའི་ལས་རྒྱུ་འབྲས་ནི། ཞི་གནས་ཀྱི་བསམ་གཏན་བསྒོམས་པས་ཞི་གནས་ཆེ་ཆུང་གི་ཚོད་ཀྱིས། གཟུགས་ཁམས་གནས་རིགས་བཅུ་བདུན་དང་། །གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་སྟེ། ལས་རྒྱུ་འབྲས་མིག་གི་ལྟ་རྒྱུ་ཡོད་པ་འདི་རྣམས་ལ་ལྟོས་དང་། མིའི་ལུས་ཐོབ་པ་འདྲ་འདྲ་ལ། ཚེ་རིང་ཐུང་མི་འདྲ། ནད་དཀོན་མོད་མི་འདྲ། ཕྱུག་དབུལ་མི་འདྲ་བ། ཕ་མ་གཅིག་པའི་སྤུན་ཟླ་ལ་ཡང་ཚེ་རིང་ཐུང་དང་སྐྱིད་སྡུག་མི་འདྲ་བ་འདི་
རྣམས། ཕོ་རྒོད་ཞན་མ་ཡིན། ཚེ་སྔོན་དགེ་སྡིག་གང་བྱས་ལས་ཀྱི་ཁྱད་ཡིན་ཏེ། སྔ་མ་གང་བྱས་ད་ལྟའི་ལུས་འདི་ལ་ལྟོས། ཞེས་གསུངས་སོ། །འོ་ན་ཡུལ་མཐོན་པོ་རྣམས་རྒྱུ་འབྲས་ལ་མི་འཛེམ་པར་འདུག་པས་སྐྱོན་མེད་དམ་སྙམ་ན། རྟོགས་པ་མཆོག་ཐོབ་པ་རྣམས་ཀྱིས་ཇི་ལྟར་མཛད་ཀྱང་བྱང་ཆུབ་ཀྱི་གྲོགས་སུ་འགྲོ་སྟེ། དུག་ལྔ་ལམ་དུ་ཁྱེར་ཐུབ་པའི་ཕྱིར། སྦྱོང་རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་ཟོས་ཤིང་ཀུན་སྤྱད་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེར་ལྡན་ལ་སྨོས་ཅི་དགོས། །ཞེས་གསུངས་སོ།། ༼༤༽ ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། གཏན་བདེའི་འདུན་མ་སྒྲུབ་པའི་ཐབས། འཁོར་བའི་ཉེས་དམིགས་བསྒོམ་པར་བྱ་སྟེ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། །གང་ཚེ་འཁོར་བ་གར་གནས་ཀྱང་། །སྡུག་བསྔལ་གསུམ་ལས་མ་འདས་པས། །དེ་ལས་ངེས་པར་འབྱུང་འདོད་གང་། །བདེན་དོན་ཚུལ་བཞིན་བསྒོམ་པར་བྱ། །ཞེས་དང་། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་
ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུངས་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུས་འགྱུར། །ཞེས་གསུངས། བཤེས་སྤྲིངས་ལས། སེམས་ཅན་ཉེས་པ་སྤྱད་པ་སྤྱོད་པ་རྣམས། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པ། །དམྱལ་བ་རྣམས་སུ་རབ་ཏུ་སྡུག་བསྔལ་འགྱུར། །འདི་ན་མི་དག་མདུང་ཐུང་ལྔ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །འོལ་ཡང་མ་ཡིན་ཆར་ཡང་མི་ཕོད་དེ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་ནམ་བཀླགས་སམ་གཟུགས་སུ་བགྱིས་པས་ཀྱང་། །སྡུག་བསྔལ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་གསུངས་
སོ། །ཡི་དྭགས་ནི། བཤེས་སྤྲིངས་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆད་མ་མཆིས་སོ། །བཀྲེས་སྐོམ་དྲོ་གྲང་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་ལྤགས་རུས་འདུས་ཏེ་ལུས་ཤིང་གཅེར་བུ་སྟེ། །ཏ་ལའི་ཡལ་ཐོག་སྐམ་པ་ལྟ་བུ་ལགས། །ཁ་ཅིག་འཚལ་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བ་ཁར་འབབ་སྡུག་བསྔལ་ཙམ། །དམངས་རིགས་འགས་ནི་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་འཚོགས་པར་བྱེད་ཅིང་མགྲིན་པ་ནས། །ལྦ་བ་ལས་བྱུང་སྨིན་པའི་རྣག་འཚལ་ལོ། །འདི་དག་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲོང་། ། ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་ནི། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པར་འགྱུར། །ཞེས་གསུངས་སོ། །དུད་འགྲོ་ནི། མཛོད་ལས། དུད་འགྲོ་ཕན་ཚུན་སྡང་
དང་སྲོག རང་དབང་མེད་པར་བསད་སོགས་ཀྱི། །རྟག་ཏུ་སྡུག་བསྔལ་གྱིས་གདུང་ལ། །ཕལ་ཆེར་དམྱལ་བ་དག་དང་མཚུངས། །ཞེས་དང་། བཤེས་སྤྲིངས་ལས། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤང་བ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པས། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པས་པའི་ཆེད་དུ་གསོད་པར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུ་རྣོན་པོས་བཏབ་སྟེ་བཀོལ། །ཞེས་གསུངས་སོ། །མི་ལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད་དེ། མདོ་དྲན་པ་ཉེར་བཞག་ལས། སྡུག་བསྔལ་བརྒྱད་ཅུ་པོ་འདིས་ལུས་ཅན་རྣམས་ལ་ཁྱབ་མོད་ཀྱིས། གཙོ་བོར་མིའི་སྡུག་བསྔལ་ལོ། །ལྷ་མིན་དག་ནི་རང་བཞིན་གྱིས་ལྷའི་དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། ཞེས་གསུངས་སོ། །འདོད་ཁམས་པའི་ལྷ་ལ་ཡང་། ལྷའི་བུ་འཆི་བ་ནི། ལྟས་རྣམ་པ་ལྔ་འབྱུང་སྟེ། གོས་ལ་དྲི་མ་ཆགས་པར་འགྱུར། མེ་ཏོག་ཕྲེང་བ་རྙིང་པར་འགྱུར། མཚན་ཁུང་གཉིས་ནས་
རྔུལ་འབྱུང་བར་འགྱུར། ལུས་ལ་དྲི་ངན་པ་འབྱུང་བར་འགྱུར། ལྷའི་བུ་རང་གི་རྟེན་ལ་མི་དགའ་བར་འགྱུར། ཞེས་གསུངས་སོ། །རྒྱ་ཆེ་རོལ་པ་ལས། བྱིས་པ་རྣམས་འཁོར་བ་འདི་ལ་ཆགས་ཤིང་དགའ་བ་ནི་ཕག་མི་གཙང་བ་ལ་ཆགས་པ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་ལྟུང་བ་ནི་ཕྱེ་མ་ལེབ་མར་མེར་ལྟུང་བ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་བཏུམ་པ་ནི་ཉ་རྒྱ་ཡིས་བཏུམ་པ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་འཁོར་བ་ནི་རྫ་མཁན་གྱི་འཁོར་ལོ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་བསླུས་པ་ནི་གཡོ་ཅན་གྱིས་བྱིས་པ་བྲིད་པ་ལྟ་བུའོ། །ཞེས་གསུངས་སོ། །འཁོར་བའི་སྡུག་བསྔལ་མིག་གིས་ལྟ་རྒྱུ་ཡོད་དེ། ངན་སོང་གསུམ་གྱི་ནང་ནས་དུད་འགྲོ་སྡུག་བསྔལ་ཆུང་། ཀླུ་མ་གཏོགས་པའི་དུད་འགྲོའི་ནང་ནས་རི་དྭགས་གཡུང་དྭགས་འདི་ཚོ་སྐྱིད་ཤོས་ཡིན་ཏེ། རི་དྭགས་རྣམས་གཅན་གཟན་རྣམས་དང་རྔོན་པས་གསོད་ལུགས་ལ་ལྟོས་དང་། སྡུག་བསྔལ་དེ་འདྲ་རང་ཐོག་ཏུ་བབ་ན་བཟོད་ཐབས་ཨེ་གདའ། གཡུང་དྭགས་རྣམས་ཚོང་པས་བཤའ་བ་ན་ལྟོས་དང་། དེ་འདྲ་རང་ལ་བྱས་བྱུང་ན་སྡུག་བསྔལ་ཅི་ཙམ་འོང་ལེ་གདའ། དེ་འདྲ་ལ་མི་སྐྱེ་
བའི་གདེང་ཚོད་ཅི་ཡོད། དགུན་སྒང་ཞག་གཅིག་གོས་མེད་ན་ཅི་ཙམ་འཁྱག །གྲང་དམྱལ་ན་སྐྱེས་ན་ཅི་འདྲ་བྱེད། མེ་སྟག་ཕོག་ན་བྱབས་སྔ་ཕྱི་ཨེ་མི་གདའ། །ཚ་དམྱལ་ན་སྐྱེས་ན་བསྒྱུར་ཨེ་ཚུགས། ཞག་གཉིས་གསུམ་ཞིག་ཟས་སྐོམ་མ་རག་ན་ཅི་འདྲ་ཞིག་འོངས། ཡི་དྭགས་སུ་སྐྱེས་ན་ཅི་འཁམས། བྲེལ་ཟིང་གི་འུར་ཆེན་པོ་ལངས་བ་ན་སྐྲག་སྔངས་ཅི་ཙམ་འོང་དེ། ལྷ་མ་ཡིན་དུ་སྐྱེས་ན་ཅི་འདྲ་བྱེད། རང་ལ་གང་ཡོད་ཀྱི་སྦྲ་གཞིས་ཞིང་ཁང་རྒྱུ་ཟས་ཅི་ཡོད་དགྲ་ལ་ཤོར་ནས་རང་སྤྲང་འཁྱམས་དགོས་བྱུང་ན་སྡུག་བསྔལ་ཆེན་པོར་བརྩི་སྟེ། དེ་བས་ལྷ་ཕམ་ལྟུང་གི་སྡུག་བསྔལ་བརྒྱ་སྟོང་གི་འགྱུར་ཆེ། དེ་ཚོ་ལ་བལྟ་རྒྱུ་འདུག་པ་མ་མཐོང་ན་ལོང་བ་ཡིན། དེ་ཚོ་མཐོང་ཡང་སེམས་ལ་ནེམ་འབབ་མི་ཐུབ་པ་འདི་སྙིང་རྡོ་ལས་གྲུབ་པ་ཡིན་ནམ།། ༼༥༽ ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཐབས། སྐྱབས་འགྲོ་གལ་ཆེ་སྟེ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། འཁོར་བའི་སྡུག་བསྔལ་གྱིས་འཇིགས་རྣམས། །རིན་ཆེན་གསུམ་ལ་སྐྱབས་འགྲོ་ཞིང་། །དེ་ཡི་བསླབ་བྱ་བསྲུང་བ་ལ། །
རང་གི་ལུས་ལྟར་གཅེས་པར་བསྲུང་། །ཞེས་དང་། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །སྐྱབས་དེ་ལ་ནི་བརྟེན་ནས་ནི། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་བློ་མ་བཀལ་ན། དཀོན་མཆོག་གསུམ་གྱི་བྱིན་རླབས་རྒྱང་རིང་། ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པར་གྱིས། བློ་དཀོན་མཆོག་གསུམ་ལ་གཏོད། ཅེས་གསུངས། ད་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པདྨ་དང་ཟླ་བའི་གདན་ལ། རྩ་བའི་བླ་མ་དང་དབྱེར་མེད་པའི་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་ཆོས་གོས་རྣམ་གསུམ་གསོལ་བ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་མཉམ་བཞག་གི་ཕྱག་རྒྱས་ལྷུང་བཟེད་འཛིན་པ། ཞལ་འཛུམ་པ་མཛོད་དུ་དཀར་པོ་ཅན། སྤྱན་ཞི་བས་བདག་ལ་གཟིགས་པར་བསྒོམ། དེ་ཡང་སྐུ་དགེ་འདུན་ཀུན་འདུས། གསུང་དམ་ཆོས་ཀུན་འདུས། ཐུགས་སངས་རྒྱས་ཀུན་འདུས། ཡོན་ཏན་ཡི་དམ་ཀུན་འདུས། ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་སུ་བསྒོམ་ལ། ཚེ་འདི་ཕྱི་བར་གསུམ་ལ་ཅི་
མཛད་ཁྱེད་ཤེས་ཀྱི་བློ་ལིངས་ཀྱིས་གཏད་ལ། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ཞེས་པ་དེ་ཚར་བརྒྱ་ཙམ་འདོན། དེ་ནས་སྐྱབས་ཡུལ་དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་སྐྱབས་ཡུལ་གྱི་སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་བསྒོམ། དེ་ལྟར་སྒོམ་མཁན་གྱི་སེམས་ལ་བལྟས་པས། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། ཐུགས་རྗེ་འགགས་མེད་ཅིར་ཡང་འཆར་བ། དེ་ནི་དོན་དམ་པའི་སྐྱབས་འགྲོ་ཡིན་ཏེ། མ་གཅིག་ལབ་སྒྲོན་གྱིས། རང་སེམས་སྟོང་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ཡེ་ནས་སྟོང་ཞིང་སྤྲོས་དང་བྲལ་བ་ལ། །སྤྲོས་མེད་སྤྲོས་བྲལ་འདུས་མ་བྱས་པའི་ངང་། །འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི། །ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག །མཉམ་རྫོགས་ཀློང་ཡངས་ཆེན་པོའི་རང་བཞིན་ལ། །རྟོག་མེད་རང་གསལ་རྗེན་པར་སྐྱབས་སུ་མཆི། །ཞེས་དང་། ཐར་རྒྱན་ལས། ཆོས་ཐམས་ཅད་གདོད་མ་ནས་བདག་མེད་ཅིང་། ཅིའི་ངོ་བོར་ཡང་མ་གྲུབ་པས། སངས་རྒྱས་ཆོས་དང་དགེ་འདུན་ཡང་དེ་བཞིན་དུ་
མཐོང་བར་བྱ་སྟེ། དེ་ནི་མི་ཟད་པའི་སྐྱབས། རྟོག་པའི་སྐྱབས། གཡུང་དྲུང་གི་སྐྱབས་ཡིན་ནོ། །ཞེས་གསུངས་སོ། །རྒྱུད་སྡེ་རྣམས་ནས་ཀྱང་། རང་སེམས་སྐྱབས་ཀྱི་མཆོག་ཏུ་གསུངས་པའི་ཕྱིར། ཁྱེད་ཁྲིད་ཐོབ་པ་རྣམས་ཀྱིས་དེ་ལྟར་ཉམས་སུ་ལོངས། གསར་པ་རྣམས་ཀྱིས་ཀྱང་། །སྐྱབས་ཡུལ་བསྒོམསནས་སྐྱབས་འགྲོ་བརྒྱ་ཚར་དང་། །སྐྱབས་ཡུལ་རང་ལ་བསྟིམསནས་སེམས་ལ་བལྟ་བ་དེ་ལན་མང་དུ་གྱིས་དང་དེས་འཐུས་སོ།། ༼༦༽ ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། མཁའ་ཁྱབ་འགྲོ་བ་ཀུན་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཕ་རོལ་ཕྱིན་དྲུག་བསླབ་བྱ་ལ། །རྒྱལ་བའི་སྲས་ཀྱིས་རྟག་ཏུ་བསླབ། །ཅེས་གསུངས་སོ། །དཔལ་སྦྱིན་གྱིས་ཞུས་པའི་མདོར། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། ། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་ཞིང་། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །
བྱང་ཆུབ་སེམས་ནི་བསྐྱེད་པ་ན། །མཆོད་པ་འདི་ནི་ཁྱད་འཕགས་ཏེ། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་སོ། །དེ་ལ་སྡོམ་པ་དབང་གི་ཞོར་ལ་ཡང་ཐོབ་པས་དེས་ཆོག །བྱང་སྡོམ་གྱི་བསྲུང་བྱ་མང་དུ་ཡོད་ཀྱང་། ཐ་མལ་པ་རྣམས་ཀྱིས་ཤེས་དཀའ་ཞིང་སྲུང་བར་མི་ནུས་པས། རང་གི་དགེ་རྩ་ཆེ་ཕྲ་ཅི་བྱས་ཀྱང་། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་འདི་བྱེད་བསམ་པའི་སེམས་བསྐྱེད་དང་། རྗེས་ནས་དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད་གྱི་དོན་དུ་བདག་སངས་རྒྱས་ཐོབ་པར་ཤོག་བསམ་པ་དེས་འཐུས་ཏེ། མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་ཞིང་བྱེད་པ་མང་བས་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་བྱ་བ་མཐའ་དག་བསྒྲུབ་པར་མི་ནུས་ཀྱི། ཁྱེད་ནི་འགྲོའམ་འགྲེང་ངམ་འདུག་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མ་བྲལ་བར་གྱིས་ཤིག །ཁྱེད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལེགས་པར་སྤྱད་པར་འགྱུར་རོ། །ཞེས་དང་། བསྒོམ་རྒྱུའི་དམིགས་པ་ནི་བྱམས་སྙིང་རྗེ་གཙོ་བོ་ཡིན་པས། གཏོང་ལེན་བསྒོམ་པ་འདི་ནི་ཤིན་ཏུ་གལ་ཆེ་བ་ཡིན། དམིགས་པ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་
ཁྲི་དང་པད་ཟླའི་སྟེང་དུ། རྩ་བའི་བླ་མ་དང་དབྱེར་མེད་པ། སྟོན་པ་ཆོས་སྐུ་སྣང་བ་མཐའ་ཡས། སྐུ་མདོག་དམར་པོ་དབུ་གཙུག་ཏོར་ཞབས་འཁོར་ལོ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། དེའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དཀར་པོ། གཡོན་དུ་མཐུ་ཆེན་ཐོབ་སྔོན་པོ། གཉིས་ཀ་བྱང་ཆུབ་སེམས་དཔའི་ཆ་ལུགས་ཅན། དེའི་དྲུང་དུ་དད་གུས་རྩེ་གཅིག་པས། སངས་རྒྱས་ཆོས་ཚོགས་མ་ཚར་མང་དུ་བརྗོད་པས་བྱང་སྡོམ་སྐྱེ་བར་དཔལ་གཙུག་ལག་ཕྲེང་བས་གསུངས། དེ་ཡང་ཤེས་དཀའ་བས། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་འདི་བརྒྱ་ཚར་ཙམ་འདོན། མཐར་ནམ་མཁའི་སྐྱབས་ཡུལ་འོད་དུ་ཞུ་ནས། རང་ལ་ཐིམ་པས། རང་ཉིད་ཐུགས་རྗེ་ཆེན་པོ་དཀར་པོ་ཞལ་གཅིག་ཕྱག་བཞི་གཞུང་ལྟར་བསྒོམ། དེ་ནས་རླུང་ཕར་བུས་པས། རང་གི་བདེ་སྐྱིད་དང་
དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སིབ་ཀྱིས་ཐིམ་ནས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན། བདེ་བའི་རྒྱུ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པར་བསྒོམ་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་བརྗོད་པ་ནི་སྙིང་རྗེ་བསྒོམ་པ་ཡིན་ལ། རླུང་ནང་དུ་རྔུབ་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཅི་ཡོད་པ་ཐམས་ཅད་སིབས་སེ་རང་ལ་ཐིམ་པས། མེ་ལ་ཤིང་བསྣན་པ་ལྟར། རང་ཉིད་ཐུགས་རྗེ་ཆེན་པོ་བཀྲག་མདངས་སྔར་ལས་རྒྱས། སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་སྡུག་བསྔལ་གྱི་རྒྱུ་སྡིག་སྒྲིབ་ཐམས་ཅད་དང་བྲལ་བར་བྷེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཅེས་བརྗོད་པ་ནི་སྙིང་རྗེ་བྷཻཾ་པ་སྟེ། དེ་ཡང་བྱམས་སྙིང་རྗེའི་དབང་གིས་མཆི་མ་འཁྲུགས་པ་བྱུང་ན། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ཡིན་ནོ། །དེ་ཡང་དགྲ་གཉེན་དང་ཕྱོགས་རིས་མེད་པར་སེམས་ཅན་ཐམས་ཅད་ལ་མཉམ་ན། བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད་ཡིན། གཏོང་
ལེན་དམིགས་པ་དེ་གཉིས་ལ་ཐུན་རེར་བརྒྱ་རེའམ། རང་གི་ལོ་གྲངས་སམ། ཉེར་གཅིག་ཙམ་རེ་བསྒོམ། དེ་ནས་སྒོམ་མཁན་གྱི་སེམས་ལ་བལྟས་པས། བསོད་ནམས་དགེ་རྩ་ཕར་བཏང་བ་དང་། སྡིག་སྒྲིབ་ཚུར་བླང་བ། དེ་ཐམས་ཅད་སེམས་ཡིན། སེམས་ནི་གདོད་མ་ནས་མ་སྐྱེས་པ་ནམ་མཁའ་ལྟ་བུ། སྟོང་པ་ཉིད་ཀྱི་ངོ་བོ་ཡེ་ནས་འོད་གསལ་བ་ཡིན་ཏེ། སེམས་བསྐྱེད་ཆེན་པོའི་མདོ་ལས། འོད་སྲུང་ཆོས་ཐམས་ཅད་ནི་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱེད་རང་ཉམས་ལེན་ཡོད་པ་རྣམས་ཀྱིས་སེམས་ངོ་མ་ཡེངས་པའི་ངང་ནས། གཏོང་ལེན་གྱི་དམིགས་པ་བསྒོམ་དང་། བྱམས་པ་ནི་བྱམས་ཆེན་གཉུག་མའི་ཏིང་ངེ་འཛིན་དང་། སྙིང་རྗེ་ནི་སྟོང་ཉིད་སྙིང་པོ་ཅན་ཡིན་པས། དེ་ལས་ཟབ་པའི་ཆོས་མདོ་ལུགས་ལ་མེད་པ་ཡིན། གསར་བུ་རྣམས་ཀྱིས་ཀྱང་གཏོང་ལེན་དེ་ཡུན་རིང་བསྒོམ་རྗེས། དེ་ནས་སྒོམ་མཁན་གྱི་སེམས་དེ་ལ་ལྟོས་ནི་སྡོད་དང་། ལས་འཕྲོ་ཡོད་ན་འདི་སྐབས་ནས་ཉམས་རྟོགས་བཟང་པོ་སྐྱེ་ཡང་སྲིད་པ་ཡིན། །
གཏོང་ལེན་གྱི་དམིགས་པ་དེ་ཐུན་རེ་རྒྱུན་དུ་བསྒོམ་ན། བར་ཆད་གང་གིས་ཀྱང་མི་ཚུགས་ཏེ་སྲུང་བའི་མཆོག་ཡིན། གདོན་གྱིས་གནོད་པ་ཡང་གདོན་དེ་རང་ལ་བྱམས་སྙིང་རྗེ་གཏོང་ལེན་གྱི་དམིགས་པ་ཕུར་ཚུགས་སུ་བྱས་ན། གདོན་དེ་དམ་ལ་ཐོག །རང་ཉིད་ནད་ཀྱིས་བཏབ་ན་ཡང་། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་རང་གི་ན་སར་བསྟིམས་ལ། གཏོང་ལེན་གྱི་དམིགས་པ་དེ་ལ་ཕུར་ཚུགས་སུ་སྒོམས་པས། ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི་ནད་ཐམས་ཅད་ཕན། གལ་ཏེ་ལས་ནད་ཡིན་ནས་མ་ཕན་ན་ཡང་། དམིགས་པ་དེ་བསྒོམས་པས། ན་བའི་ཟུག་གཟེར་དེས། ཚེ་སྔོན་གྱི་སྡིག་སྒྲིབ་ཅི་ཡོད་པ་དག་པར་འགྱུར་ཏེ། དེ་བཞིན་དུ་རང་ལ་སྡུག་བསྔལ་ཅི་བྱུང་ཡང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དེ་རང་གི་སྡུག་བསྔལ་དེ་ལ་བསྟིམ་ནས། གཏོང་ལེན་གྱི་དམིགས་པ་དེ་བསྒོམས་པས། སྡུག་བསྔལ་ཅི་བྱུང་ཡང་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དེ་བཞིན་དུ་མ་ཉེས་པའི་ཁ་ཡོག་གཤེ་སྐུར་སྨད་བབ་གཏམ་ངན། སེམས་ལ་མི་བཟོད་པ་གང་བྱུང་ཚད། ནད་བརྒྱ་སྨན་གཅིག་ལྟར་གཏོང་ལེན་དེ་ཁོ་
ན་བསྒོམས་པས། སྡིག་སྒྲིབ་ཐམས་ཅད་རྩད་ནས་གཅོད་དེ། དུས་སྙིགས་མ་ལྔ་འདི་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའི་ཐབས། ཇོ་བོ་གསེར་གླིང་པ་ནས་ཨ་ཏི་ཤ་ལ་བརྒྱུད་པའི་གདམས་ངག བཀའ་སྡེ་སྣོད་གསུམ་གྱི་སྙིང་པོ། གང་ཟག་མཆོག་དམན་སུས་ཀྱང་ཉམས་སུ་བླངས་བདེ་བ་ཡིན་པས་ཉམས་སུ་ལོངས་ཤིག ལྔ་ལྡན་རྩ་བ་ལས། བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐག་མ་བཅད་ན། །ཁྲོམ་ལྷ་མིའི་བདེ་སྐྱིད་མི་འབྱུང་བས། །ལམ་སེམས་བསྐྱེད་འདི་ལ་ནན་ཏན་མཛོད། །ཅེས་གསུངས་སོ།། ༼༧༽ ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། སྡིག་སྒྲིབ་ཉེས་ལྟུང་སྦྱངས་བའི་ཐབས། སྟོབས་བཞིའི་སྒོ་ནས་བཤགས་པ་གལ་ཆེ་སྟེ། ཚེ་རབས་ཐམས་ཅད་དུ་གནོད་པ་ནི་སྡིག་སྒྲིབ་ཡིན། དེ་བཤགས་ན་དག །མ་བཤགས་ན་དུས་ནམ་ཞིག་ངེས་པར་སྨིན་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས་ཀྱང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་སོ། །རང་རེ་རྣམས་དམ་པའི་ཆོས་སྤངས།
དཀོན་མཆོག་གསུམ་དང་གནམ་ས་རྒྱ་དབུས། ཇོ་བོ་སོགས་རྟེན་གསུམ་མྱུ་གུས་བྲིས་ཚད་ཟེར་བ་དང་། །རང་དད་པ་གང་ཆེའི་དགོན་པ་དང་བླ་མ་ལ་ཚད་བཙུགས་པའི་མནའ་འདི་ཞོར་ལ་འགྲོ་བ་འདི་ཡང་སྡིག་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས། གང་གི་འཛམ་བུ་གླིང་འདི་ཡི། །མཆོད་རྟེན་ཐམས་ཅད་བཤིགས་བྱེད་པས། །གང་གིས་མདོ་སྡེ་དཔང་བྱེད་པ། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །ཞེས་གསུངས་སོ། །དེང་སང་ཆོས་པ་འགའ་ཞིག་ཆོས་འགོ་མ་ཐོན་པ་ལ་བརྟེན་ནས། ཆོས་པ་འདི་ཚོ་སྒོམ་ཆེན་འདི་ཚོ་ཟེར་ནས་ཆོས་པ་སྤྱི་ལ་སྐུར་འདེབས་བྱེད་པ། མཚམས་མེད་ལྔ་ལས་ཀྱང་ཐུ་སྟེ། །ཐར་པ་ཆེན་པོའི་མདོ་ལས། གང་ཞིག་བསྒོམ་ལ་སྐུར་བ་དང་། །དགེ་འདུན་དཀྲུགས་པར་བྱེད་པ་ནི། །སྟོང་ཁམས་གསུམ་པོ་གང་བ་ཡི། །མི་རྣམས་ཀྱི་ནི་སྲོག་བཅད་དང་། །སྲོག་ཆགས་ཐམས་ཅད་བསད་དང་འདྲ། །དེའི་སྡིག་པ་ཡང་དེ་བཞིན་ནོ། །གང་ཞིག་དགེ་སྦྱོངས་མཐོང་བ་ལ། །སྐུར་པ་འདེབས་ཤིང་མ་དད་ན། །དཀོན་མཆོག་གསུམ་གྱི་རིགས་གཅོད་པས། །དེ་ནི་རྒྱལ་བའི་ལན་མི་ལོན། །ཞེས་དང་།
དེང་སང་སྐྱེས་བུ་དམ་པ་ཡུལ་མཐོན་པོ་རྣམས་ཀྱི། མཛད་སྤྱོད་ལ་རང་ཅུང་ཟད་མ་མགུ་ནས། སྐུར་པོ་ཆེན་པོ་འདེབས་པ་འདི། ཁོང་རྣམས་ལ་ནི་གནོད་མི་ནུས། རང་གི་ལྕེ་གླང་དོར་ལྔ་བརྒྱས་རྨོ་སྟེ། རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། །བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་མི་ཉུང་སྟེ། །ལྕེ་གཅིག་ཉིད་ལ་ཐོང་གཤོལ་ནི། །ལྔ་བརྒྱ་ཚང་སྟེ་མི་ཉུང་བ། །རབ་ཏུ་འབར་བས་རྨོ་བར་བྱེད། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་གསུངས་སོ། །བོན་དང་མུ་སྟེགས་པ་ལ་དད་གུས་ཡང་མི་རུང་སྟེ། སྐུར་པ་འདེབས་ཡང་མི་རུང་ན། རབ་ཏུ་བྱུང་བ་རྣམས་ལ་ག་ལ་རུང་སྟེ། རྣམ་སྣང་མངོན་བྱང་ལས། གྲུབ་པའི་མཐའ་ཡི་བློ་བསྐྱེད་ཕྱིར། །ཕྱི་རོལ་པ་ལ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ཉན་ཐོས་ལམ་ཞུགས་སྨོས་ཅི་དགོས། །ཞེས་གསུངས་སོ། ཁྱད་པར་རང་རེ་ཆོས་སྒོར་ཞུགས་པ་རྣམས། སྐྱབས་འགྲོའི་བསླབ་པ་དགུ། དགེ་བསྙེན་གྱི་ཁྲིམས་ལྔ། དགེ་ཚུལ་གྱི་ཁྲིམས་བཅུ། དགེ་
སློང་གི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ། གསང་སྔགས་ཀྱི་རྩ་ལྟུང་བཅུ་བཞི། སྦོམ་པོ་བརྒྱད། རྙིང་མའི་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། རྒྱས་པར་ས་ཡ་འབུམ་སྡེ། དེ་ཚུར་བསྡུས་ན་ཉི་ཤུ་རྩ་བརྒྱད་རྣམས་བསྲུང་དགོས་ཏེ། རྩ་བ་རྣམས་མ་ཉམས་ན་རབ་ཡིན། ཕྲ་ཞིབ་རྣམས་ཤེས་པར་ཡང་དཀའ་བསྲུང་བར་དཀའ་སྟེ། དེས་མི་གནོད་རྟོགས་པ་མཐོ་བསམ་མི་རུང་བཤགས་པ་དགོས་ཏེ། རྒྱ་མཚོས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཡང་དག་པར་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་ཚུལ་ཁྲིམས་ནི་ཡོངས་སུ་རྫོགས་པར་མ་བྱས་ལ་དེ་དག་གི་ལྟ་བ་དྲང་པོར་གྱུར་ཏེ། དེ་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེ་ཤིང་། ཤི་འཕོས་ནས་ཀླུའི་སྐྱེ་ཤོ །གནས་རྣམས་སུ་སྐྱེ་བར་འགྱུར་ཏེ། ཞེས་གསུངས་སོ། །དེས་ན་ཕྲ་ཞིབ་རྣམས་ལ་བཤགས་པ་འདི་གལ་ཆེ། བཤགས་ན་དག་གམ་སྙམ་ན། མདོ་སྡེ་མྱ་ངན་འདས་ཆེན་
ལས། སྡིག་པ་བྱས་ནས་ཀྱང་ཕྱིས་འགྱོད་དེ་ཕྱིར་བཅོས་ན། ཆུ་རྙོགས་མ་ཅན་ནོར་བུ་ཆུ་དྭངས་ཀྱིས་དྭངས་བའམ། སྤྲིན་དང་བྲལ་ནས་ཟླ་བ་གསལ་བ་དང་འདྲའོ། །བཤགས་ལུགས་ཇི་ལྟར་བཤགས་ན། སྟོབས་རྣམ་པ་བཞིའི་སྒོ་ནས་བཤགས་སོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི་སྡིག་པ་སྔར་བྱས་པ་ལ་འགྱོད་པ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་དགེ་བ་སྤྱོད་པའོ། །ཉེས་པ་ལས་ལྡོག་པའི་སྟོབས་ནི། ཕྱིན་ཆད་འཕྲོ་བཅད་དེ་བསྡམས་པའོ། །རྟེན་གྱི་སྟོབས་ནི། དཀོན་མཆོག་ལ་སྐྱབས་ཞུ་བའོ། །སྔོན་སོར་ཕྲེང་ཅན་གྱིས་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པ་དང་། ཁྱེའུ་བདེ་བྱེད་ཀྱིས་མ་བསད་པ། ཅུང་དགའ་བོ་བུད་མེད་ལ་ཆགས་པ། རྒྱལ་བུ་མཐོང་ལྡན་གྱིས་ཕ་བསད་པ། རྒྱལ་བུ་དགེ་མཐོང་གིས་མི་སུམ་སྟོང་བསད་པ་ཡང་བཤགས་པས་དག །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་བཞིན་དུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཀྱིས་
གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། རང་བཞིན་བཅས་པའི་སྡིག་པའི་ཚོགས། །དེ་དག་ཀུན་རྫོབ་དོན་དམ་གྱི། །བཤགས་པའི་ཐབས་ཤེས་ལ་མཁས་པས། །ཧཱི༔ཡིག་བཞི་སྦྱོར་གདམས་པ་བསྒོམ། །ཞེས་གསུངས་པ་ལྟར། རང་ཐ་མལ་པར་གནས་པའི་སྤྱི་གཙུག་ཏུ་ཧྲིདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོ་བའི་རང་བཞིན་ཅན་དུ་བསམ། དེ་ལས་བདུད་རྩི་འོ་མ་ལྟ་བུ་བབས་པས། ལུས་ཀྱི་ནང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཀྲུས། བ་སྤུའི་བུ་ག་དང་རྩ་སྒོ་ཆུ་སྒོ་ཞབས་སེན་མོའི་བར་ནས་དུད་པ་དང་སོལ་ཁུའི་རྣམ་པར་ནུ་རུ་རུ་བུད་པར་བསམ་ལ་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསམ་པ་ནི། སྡིག་པ་དག་པར་བྱེད་པའི་སྦྱོར་བའོ། །སྡིག་སྒྲིབ་ཐམས་ཅད་སྦྱང་བར་བྱེད་པ་འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ནི། ཧྲཱིཿ ཡིག་ལས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ཉི་མ་སྟོང་གི་འོད་ལྟ་བུ་འཕྲོས་པས་ལུས་ཀྱི་ནང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་མུན་པ་ལ་ཉི་མ་ཤར་བ་ལྟ་བུར་སྦྱངས། ལུས་ཀྱི་ནང་འོད་ཟེར་གྱིས་གང་འོད་ཟེར་སྣ་ལྔ་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་
སྒྲིབ་ཐམས་ཅད་དག་པར་བསྒོམ་པ་ནི་སྒྲིབ་པ་སྦྱོང་བར་བྱེད་པའི་སྦྱོར་བའོ། །དེ་དག་གི་སྐབས་སུ་ངག་ཏུ་ཡང་ཧྲཱིཿའདོན་པར་བྱའོ། །མཐར་རང་ལུས་འོད་དུ་ཞུ་ནས་ཧཱུྃ་ལ་ཐིམ། །ཧྲཱིཿ ཡིག་ཡང་ར་ཏ་ལ། ར་ཏ་ཧ་ཁོག་ལ། དེ་གི་གུ་ལ། དེ་རིམ་གྱིས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ཀྱི་ངང་ལ་འཇོགས་པ་ནི། སྦྱོང་བྱེད་ཆེན་པོའོ། །ཞེས་གསུངས་པ་ལྟར་བསྒོམ། རྗེས་ནས་སྒོམ་མཁན་གྱི་སེམས་ལ་བལྟས་པ་དོན་དམ་པའི་བཤགས་པ་ཡིན་ཏེ། ལས་རྣམ་པར་དག་པའི་མདོ་ལས། གང་ཞིག་བཤགས་པ་བྱེད་འདོད་པ། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟ། །དི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས་སོ།། ༼༨༽ ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། བསོད་ནམས་ཀྱི་ཚོགས་བསགས་པའི་ཐབས། མཎྜལ་མཆོད་པ་འབུལ་བ་ནི། སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། ཡན་ལག་བདུན་དང་རབ་ལྡན་པ། །མཎྜལ་ཕྱི་ནང་གསང་གསུམ་འབུལ། །ཆོས་ཀུན་སྒྱུ་འདྲར་རབ་ཤེས་པའི། །ཡེ་ཤེས་ཚོགས་ལའང་བསླབ་པར་བྱ། །ཞེས་དང་། ཀློང་
གསལ་འབར་མའི་རྒྱུད་ལས། ས་ཤིང་རིན་ཆེན་མཎྜལ་ལ། །དམིགས་རྟེན་བྱས་ལ་སྐུ་ གསུམ་གྱི། །མཎྜལ་རྒྱས་བསྡུས་མང་པོ་འབུལ། །དེ་ཡིས་བདག་རྒྱུད ་ཚོགས་གཉིས་རྫོགས། །གནས་སྐབས་རིག་སྣང་རང་ངོ་འཕྲོད། །མཐར་ཐུག་གདོད་མར་རང་ཚུགས་ཐུབ། །ཅེས་དང་། མཆོད་པ་མཎྜལ་དངོས་སུ་མ་འབྱོར་ན། །ཡིད་ཀྱིས་སྤྲུལ་ནས་མཆོད་པས་ཆོག་པ་སྟེ། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །ཞེས་སོགས་གསུངས་པ་ཡིད་སྤྲུལ་ཡིན་གྱིས། དངོས་སུ་དེ་འདྲ་ག་ལ་སྲིད། སངས་རྒྱས་ཞིང་ཁམས་རྣམས་དང་། འཇིག་རྟེན་གྱི་ཁམས་རྣམས་སུ། རང་གྲུབ་ཏུ་ཡོད་ངེས་རྣམས་ཀྱང་། བློ་ཡིས་བླངས་ནས་འབུལ་ཏེ། སྤྱོད་འཇུག་ལས། འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ཞེས་སོགས་གསུངས་པས། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ། བླ་མ་ཐམས་ཅད་འདུས་པའི་ངོ་བོ། སངས་རྒྱས་འོད་དཔག་མེད་སྐུ་མདོག་བྱི་རུ་ལྟར་དམར་བ། དབུ་གཙུག་ཏོར་
མཛོད་སྤུ་དཀར་པོ་སོགས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་། ཆོས་གོས་རྣམ་གསུམ་གསོལ་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་གཉིས་མཉམ་བཞག་གི་སྟེང་ལ་། བདུད་རྩིས་བཀང་བ་བསྣམས་པ། དེ་ལྟ་བུ་གཅིག་མཎྜལ་དང་མཆོད་པ་ནམ་འབུལ་གྱི་དུས་སུ་ནམ་མཁར་ལམ་ལམ་གསལ་བཏབ། དེའི་མདུན་སྐྱེ་བ་སྔ་མ་ཐམས་ཅད་དང་ཕྱི་མ་ཐམས་ཅད་ཀྱིས། ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཕུལ། གླིང་བཞི་རི་རབ་དང་བཅས་པ། སྟེང་ལྷའི་ལོངས་སྤྱོད། འོག་ཀླུའི་ལོངས་སྤྱོད། བར་མིའི་ལོངས་སྤྱོད། དབྱར་ཁའི་མེ་ཏོག་ཐམས་ཅད། སྟོན་ཀའི་ལོ་ཐོག ལྷ་ཡི་ཡུལ་དུ་བདུད་རྩི་ཁ་དོག་ལྔ་ཡོད་པར་བཤད་པ་ཐམས་ཅད་རང་གི་བློ་ཡིས་བླངས་ཏེ་ཕུལ་བར་བསྒོམ། མཎྜལ་གྱི་ཚིགས་བཅད་ཤེས་སམ། མེད་ན་དམིགས་པ་བསྒོམ་ཞིང་ཡིག་དྲུག་འདོན་པས་ཆོག་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོས་གསུངས་པའི། །སྣང་བ་ཚོགས་ལམ་གྱི་གཏོར་མ་ཞེས་པའི་དོན་ཡང་དེ་ཡིན་ཏེ། དཔའ་ཡིད་ལ་ཡོད་ན་མཚོན་གོར་མོ་རྡོ་ཡིས་ཆོག་ཟེར་བའི་དཔེ། དེ་ལྟར་བསྒོམ་ཤེས་ན་ཚོགས་རྫོགས་པ་ལ་དཀའ་
ཚེགས་མེད་གསུངས། དེ་ནས་མཆོད་པའི་ཡུལ་གྱི་ལྷ་ཚོགས་རང་ལ་བསྟིམ་ནས། ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཞེས་གྲུབ་ཆེན་མི་ཏྲ་ཛ་ཀིས་གསུངས་ཏེ། བདུད་རྩི་གསང་བའི་རྒྱུད་ལས་ཀྱང་། །མཉེས་པ་དོན་གྱི་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག མཉེས་པའི་མཆོད་པ་ཆེན་པོ་ལགས། །ཞེས་གསུངས་སོ། །མཎྜལ་སྐབས་འདིར་ཚེ་བུམ་བདུད་རྩིས་བཀང་བ་མང་པོ་སྤྲུལ་ཏེ་ཕུལ་བས་ཚེ་རིང་། ཤེས་རབ་ཀྱི་རལ་གྲི་མང་པོ་དང་གླེགས་བམ་མང་པོ་སྤྲུལ་ཏེ་ཕུལ་བས་ཤེས་རབ་ཆེ། བཟང་དྲུག་སྨན་མང་པོ་སྤྲུལ་ཏེ་ཕུལ་བས་ནད་ཞི། རྒྱལ་སྲིད་སྣ་བདུན་དང་། ། རྒྱལ་པོ་ལ་འོས་པའི་ཉེར་སྤྱོད། གདུགས་བླ་བྲེ་རྟེན་མང་པོ་སྤྲུལ་ཏེ་ཕུལ་བས་མངའ་ཐང་འཕེལ། རིམ་གྲོའི་མཆོག་ཀྱང་ཡིན་ཏེ། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། མདོས་དང་མཎྜལ་དང་བསྐང་བ་རྣམས་དོན་གཅིག་གསུངས། སྔོན་གླིང་རས་ལ་མཎྜལ་འབུལ་བཅུག་པའི་རྗེས་སུ་གདམས་ངག་བསྟན་པས་རྟོགས་པ་མཆོག་ཏུ་གྱུར། དེས་ན་ལས་འཕྲོ་ཅན་
ལ་འདི་ཡི་སྐབས་སུ་རྟོགས་པ་སྐྱེ་ཡང་སྲིད། མཎྜལ་འདི་ནི་བརྒྱ་སྟོང་ཁྲི་འབུམ་ཙམ་ཕུལ་ན། བསོད་ནམས་འཕྲལ་དུ་བསྐྱེད་པའི་མན་ངག་ཟབ་མོ་ཡིན། ང་བསོད་ནམས་ཆུང་ཟེར་ནས་རྨོང་ད་མང་པོ་བྱས་པས་ཅི་ལ་ཕན། ཚོགས་བསགས་ཀྱི་ཆོས་ཐུན་དེ་ཉམས་སུ་ལོངས།། ༼༩༽ ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། བྱིན་རླབས་མྱུར་དུ་འཇུག་པའི་ཐབས་བླ་མའི་རྣལ་འབྱོར་ནི། སློབ་དཔོན་མཚན་ཉིད་དང་ལྡན་པ་རྙེད་ན། བླ་མ་དེ་ཉིད་དངོས་ཀྱི་སྐུར་བསྒོམ་ནས་གསོལ་བ་འདེབས་རུང་སྟེ། རྗེ་མི་བསྐྱོད་ཞབས་ཀྱི་གསུངས་ལས། བླ་མ་ཡང་བླ་མ་མིན་པ་བླ་མར་བཅོས་པ་ལ་མི་ཟེར། བླ་མ་ཡིན་པ་བླ་མར་བྱོན་པ་ཞིག་དགོས་ཞེས་གསུངས། བླ་མ་དེ་ལྟ་བུ་མ་རྙེད་ན། བླ་མ་དེ་ཉིད་རྡོ་རྗེ་འཆང་སོགས་ལྷའི་སྐུར་བསྒོམ་ལ་གསོལ་བ་བཏབ་ན། བླ་མ་སོ་སོའི་སྐྱེ་བོ་འཆིང་བ་དང་ལྡན་པ་ཞིག་ཡིན་ཀྱང་། སངས་རྒྱས་དངོས་ཀྱི་མོས་གུས་ཕུལ་ན། སློབ་བུ་དད་ལྡན་དེ་རྗེས་སུ་བཟུང་བའི་ཕྱིར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བླ་མ་དེ་ལ་ཞུགས་ཏེ། སངས་རྒྱས་ཀྱི་མཛད་པ་སྟོན་ནུས་པར་གསུངས། ཡང་ཁྲིད་ཀྱི་ལུང་རྒྱུན་
ཐོབ་ནས། སྔར་གྱི་བཀའ་བརྒྱུད་གོང་མའི་བླ་མ་གང་དང་གང་ལ་མོས་ཤིང་དད་ན་དེ་ཉིད་རང་གི་རྩ་བའི་བླ་མར་འགྱུར་ཞིང་། བྱིན་རླབས་འཇུག་པར་ངེས་པས་ཚིག་བརྒྱུད་མི་དགོས། དོན་བརྒྱུད་འདི་ཁོ་བོ་རང་ལ་དད་ཆོག་ཅེས། སྒམ་པོ་པ། དུས་གསུམ་མཁྱེན་པ། ཀརྨ་པཀྵི། ཞང་གཡུ་བྲག་པ། རྗེ་རྒོད་ཚང་པ་སོགས་ཀྱིས་གསུངས་པས། དེ་ལྟར་བྱའོ། །དམ་ཚིག་ གསུམ་བཀོད་པའི་རྒྱུད ་ལས། རྟོགས་པ་བྱིན་རླབས་ལས་སྐྱེ་སྟེ། །དེ་ཡི་རྩ་བ་མོས་གུས་ཡིན། །སེམས་ལ་མོས་གུས་མེད་པ་ལ། །བླ་མའི་བྱིན་རླབས་མི་འཇུག་སྟེ། །མཆོག་གི་ལམ་དང་བྲལ་བ་ཡིན། །ཞེས་གསུངས། ས་སྐྱ་པཎྜི་ཏས། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་ཡོན་ཏན་ཡང་། །བླ་མ་མེད་པར་འབྱིན་མི་ནུས། །ཞེས་གསུངས་སོ། །ཡིད་བཞིན་མཆོག་གི་རྒྱུད་ལས། རང་གི་བླ་མ་ལ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡི། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་ གསུམ་བསྟིམས་བྱས་
པས། །བརྒྱ་སྟོང་རྒྱུད ་དང་ཆེར་མི་ཕོད། །དེ་བས་རྟག་ཏུ་དྲན་པ་ཡི། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་གསུངས་སོ། །རྫོགས་ཆེན་ཀློང་གསལ་འབར་མའི་རྒྱུད་ལས། བླ་མ་སངས་རྒྱས་ཀུན་གྱི་ཚབ། །མོས་གུས་གདུང་བས་གསོལ་བཏབ་ན། །སྒྲུབ་ཐབས་གཞན་ཚོ་ག་ལ་དགོས། །དངོས་གྲུབ་ཆེན་པོ་དུས་གཅིག་འབྱུང་། །ཞེས་གསུངས་པས། བླ་མ་ལྷ་གང་འདོད་དུ་བསྒོམ་ནས་གསོལ་བ་བཏབ་པས་ལྷ་དེ་འགྲུབ་པའི་ཕྱིར་སྒྲུབ་ཐབས་གཞན་མི་དགོས་ཏེ། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་ནས། མཆོག་འདོད་པས་བླ་མ་རྡོ་རྗེ་འཆང་། ཤེས་རབ་འདོད་པས་བླ་མ་འཇམ་དབྱངས་སུ་བསྒོམ། བྱམས་སྙིང་རྗེ་འདོད་པས་བླ་མ་སྤྱན་རས་གཟིགས། མཐུ་སྟོབས་ཆེ་བར་འདོད་པས་ཕྱག་ན་རྡོ་རྗེ། འཇིགས་སྐྱོབ་ལ་སྒྲོལ་མ། ཚེ་རིང་བར་འདོད་པས་ཚེ་དཔག་མེད། ནད་ཞི་བར་འདོད་པས་སྨན་བླ། ལོངས་སྤྱོད་ཆེ་བར་འདོད་པས་རྣམ་སྲས་རིན་འབྱུང་། ཞི་བ་ལ་རྡོ་རྗེ་སེམས་དཔའ། རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་འོད་དཔག་མེད་དང་ཀུ་རུ་ཀུལླེ། དྲག་པོ་ལ་རྡོ་རྗེ་འཇིགས་བྱེད་དང་ཆོས་སྐྱོང་
དུ་བསྒོམ་ནས། འདོད་པའི་གསོལ་འདེབས་བྱས་པས། སོ་སོའི་ལས་འགྲུབ་པ་ཡིན་གསུངས། ཁྱད་པར་དུ་ཨོ་རྒྱན་རིན་པོ་ཆེ་བསྒོམ་ན་ཐུགས་རྗེ་བྱིན་རླབས་མྱུར་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན། །རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ། །དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས། །རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང་། །དཔའ་བོ་མཁའ་འགྲོའི་དངོས་གྲུབ་བྱིན་རླབས་རྣམས། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་རྫོགས་ལྟར། །དེ་དག་ཐམས་ཅད་མ་ལུས་བདག་ལ་རྫོགས། །ང་ཉིད་བསྒོམ་དང་དྲན་པ་ཙམ་གྱིས་ཀྱང་། །རྒྱལ་བ་སྲས་བཅས་དེ་ལ་ཐུགས་རྗེས་གཟིགས། །གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས། །དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད། །ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་པས་འབྱུང་། །དངོས་གྲུབ་ཐམས་ཅད་ང་ཉིད་བསྒོམས་པས་ཐོབ། །ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་འགྲུབ། །ཅེས་གསུངས་པས། རང་གི་སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར། པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་གྱི་སྟེང་དུ། ཉི་
མ་ཟླ་བའི་སྟེང་དུ་རྩ་བའི་བླ་མ་ཨོ་རྒྱན་པདྨ་པཎྜི་ཏ་བཅུ་དྲུག་ལོན་པའི་ཚུལ་ཅན། དཀར་དམར་མདངས་དང་ལྡན་པ། ཆོས་གོས་གསེར་གྱི་པ་ཏྲ་ཅན། ཟ་འོག་གི་བེར་དང་པད་ཞུ་པདྨ་ཞྭ་ཁ་ཕྱེས་པ་ལྟ་བུ་ལ། རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱིས་མཚན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བྷནྡྷ་བསྣམས་པ། ཁ་ཊཱཾ་གཡོན་གྱི་མཆན་དུ་བཅུག་པ། འོད་ཟེར་སྟོང་གསུམ་ཁེངས་པར་བསྒོམ། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས་དེ་ལ་ཐིམ། དེ་ལ་དད་གུས་རྩེ་གཅིག་གི་ངང་ནས། གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ཞེས་པ་བརྒྱ་ཚར་བརྗོད་པའམ། ཡི་གེ་བཅུ་གཅིག་སྔགས་ཀྱི་ཕྲེང་བ་འདི། །ཕྱི་ལྟར་གསོལ་བ་འདེབས་པའི་སྙིང་པོ་ཡིན། །ཞེས་གསུངས་པས། བཛྲ་གུ་རུ་སྟོང་ཚར་རམ་ལྔ་བརྒྱ་ཙམ་བཟླས། དེ་ནས་ཨོ་རྒྱན་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་དང་དབྱེར་མེད་དུ་འདྲེས། རང་གི་སེམས་ལ་སེམས་ཀྱིས་བལྟ་བ་ཙམ་མ་གཏོགས་བཅོས་བསླད་མེད་པར་བྱིན་རླབས་ལས་བྱུང་བའི་ཉམས་མྱོང་དེ་སྐྱོང་སྟེ་
ཨོ་རྒྱན་རིན་པོ་ཆེས་གསུངས་པའི་བླ་མ་ཆོས་སྐུའི་སྒྲུབ་ཐབས་ལས། གཉིས་མེད་ཐུགས་རྒྱུད་འཕོས་པའི་ངང་དེ་ལ། །སྟོན་སེར་ནམ་མཁའ་བཞིན་དུ་གསལ་དྭངས་བཞག སྨྲར་མེད་ཡིད་ཆེས་འདི་ཞེས་བརྗོད་བྱ་བྲལ། །འདི་འདྲའི་ཡིན་ལུགས་མ་མཐོང་མཐོང་རྒྱུ་གཅིག །ས་ལེ་རང་གསལ་རྟོག་མེད་རྗེན་ནེ་བ། །དེ་ཚེ་རང་བྱུང་བླ་མའི་རང་ཞལ་མཇལ། །འགྲོ་མགོན་བླ་མའི་བྱིན་རླབས་དེ་ཚེ་ཞུགས། །དེ་ཡི་དོན་རྟོགས་རྒྱུན་དུ་དེ་ལྟར་བསྒོམ། །ཞེས་གསུངས་སོ། །དཔལ་ཕག་མོ་གྲུ་པའི་ཞལ་ནས། །དོན་དམ་བློ་འདས་སེམས་ཉིད་ཆོས་ཀྱི་སྐུ། །གདོད་ནས་རྣམ་དག་མ་སྐྱེས་འདུས་མ་བྱས། །རང་བཞིན་འོད་གསལ་ལྷུན་གྲུབ་དེ་བཞིན་ཉིད། །གློ་བུར་རྟོག་པའི་དྲི་མས་མ་བསླད་ཅིང་། །མི་རྟོག་ཟག་མེད་བདེ་ཆེན་ཞི་བའི་ངང་། །བསྒོམ་བྱ་སྒོམ་བྱེད་རྩོལ་བ་རྣམས་སྤངས་ཏེ། །འབད་མེད་ཆེན་པོར་མ་བཅོས་ལྷུག་པར་བཞག །བརྗོད་བྲལ་བློ་འདས་ཕྱག་རྒྱ་ཆེན་པོ་ནི། །སྐུ་གསུམ་དབྱེར་མེད་བླ་མ་དམ་པ་སྟེ། །དེས་ནི་བདུད་དང་ཉོན་མོངས་ལས་རྒྱལ་ཞིང་། །དཔག་མེད་ཡོན་ཏན་རྒྱ་མཚོའི་བདག་ཉིད་དེ། །བསྒྲུབ་མཆོག་
བླ་ན་མེད་པར་རྒྱལ་བས་བཤད། །ཅེས་གསུངས་སོ། །དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས། ཉམས་རྟོགས་ངེས་པར་སྐྱེ་སྟེ། དེ་ལ་ངོ་སྤྲོད་ཡང་མི་དགོས་སོ། །གེགས་དང་། གོལ་ས་ཡང་མེད་པར། མོས་གུས་ཆེན་པོའི་ཁྲིད་ལས་གསུངས། ལྔ་ལྡན་གྱི་ཡང་རྩ་བ་ཡིན་ཏེ། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་བོ་མི་འབབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པས་ཉམས་སུ་ལོངས་ཤིག། ༼༡༠༽ ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །བྱང་ཆུབ་མྱུར་དུ་ཐོབ་པའི་ཐབས། བསྐྱེད་རིམ་བསྒོམ་པ་ནི། གསང་སྔགས་ཀྱི་ཁྱད་ཆོས་ཡིན་པས། མདོ་ལུགས་ལས་ཀྱང་ཁྱད་པར་འཕགས་ཏེ། སཾ་བྷུ་ཏྲི་ལས། མདོར་བསྡུས་ན་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །གང་གིས་དམ་པས་བདེ་བ་ཁྱོད། །སྐྱེ་བ་འདིས་ནི་འཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་འཁོར་ལོས་སྒྱུར་བའམ། །འདི་ཡི་དངོས་གྲུབ་ཆེན་པོ་བརྒྱད། །གཞན་ཡང་ཡིད་ལ་འདོད་པ་ཐོབ། །ཅེས་གསུངས། །ཕ་
རོལ་ཏུ་ཕྱིན་པའི་ལམ་གྱིས། བསྐལ་པ་གྲངས་མེད་བདུན་དང་ལྔ་དང་གསུམ་ལས་ཉེ་བར་སངས་རྒྱས་ཐོབ་པའི་ཐབས་མེད་ལ། གསང་སྔགས་ལུགས་ཀྱི་རབ་ཚེ་འདི་འབྲིང་བར་དོ་ཐ་མ་སྐྱེ་བ་གསུམ་དང་བདུན་དང་བཅུ་དྲུག་ལས་མི་འགྱང་བར་སངས་རྒྱས་ཐོབ་པ་ནི། དཔེར་ན་ལོ་དང་ཟླ་བ་འགོར་བའི་ལམ་རྐང་མགྱོགས་འགྲུབ་པས་ཉིན་ལྷ་གཅིག་གིས་བགྲོད་པ་ལྟར། ཡི་དམ་གྱི་ལྷ་དང་རང་གཉིས་དབྱེར་མེད་མཉམ་པ་ཉིད་དུ་བསྒོམ་པའི་མཐུ་ཡིན་ཏེ། སློབ་དཔོན་ཛྙཱ་ན་ས་ག་རས། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། །ཕྱུགས་ཀྱི་ཤིང་རྟས་ཡུན་རིང་གིས། །བགྲོད་པར་བྱ་བའི་གནས་དེར་ནི། །རྐང་མགྱོགས་གྲུབ་པའི་ཉི་ཟླས་ནི། །མྱུར་བ་ཉིད་དུ་འགྲོ་བར་འགྱུར། །དེ་བཞིན་ཕ་རོལ་ཕྱིན་པའམ། །ལམ་གཞན་དག་ལ་བརྟེན་ནས་ནི། །ཡུན་རིང་འཇུག་པར་འགྱུར་བ་དེས། །སྔགས་པས་ཚེ་འདིར་འཇུག་པ་ནི། །མཉམ་ཉིད་མཐུ་ལ་བརྟེན་ཕྱིར་རོ། །ཞེས་གསུངས། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། ཡི་གེ་མི་ཤེས་པ་རྣམས་སྐད་ཅིག་དྲན་རྫོགས་ཀྱི་རྣལ་འབྱོར་བྱའོ། །ཞེས་གསུངས་སོ། །དཔལ་ཕག་མོ་གྲུ་པའི་ཞལ་ནས།
འཇའ་ཚོན་ལྟ་བུའི་ལྷ་སྐུ་བསྒོམ། །དགོངས་པ་ཐ་མལ་ཞེན་པ་སྤོངས། །ཞེས་གསུངས་པས། ལར་གསང་སྔགས་ཀྱི་ཉམས་ལེན་ལ་དབང་ཐོབ་དགོས། མ་ཐོབ་ན་མི་རུང་ན་ཡང་། གྲུབ་ཆེན་ཀརྨ་པཀི་ལ། ཐུགས་རྗེ་ཆེན་པོའི་ལུང་བསྟན་ཅིང་གནང་བའི་རྒྱལ་བ་རྒྱ་མཚོ་ཁྲོམ་ཆོས་མ་འདི་དབང་མ་ཐོབ་ན་ཡང་རུང་སྟེ། དབང་མ་ཐོབ་པ་དང་། ལུང་མ་མནོས་པ་དང་། སློབ་དཔོན་གྱིས་ཆོས་མ་རྫོགས་པ་རྣམས་ཀྱང་ཕྲིན་ལས་ཐུགས་རྗེ་ཆེན་པོ་དང་མཉམ་པར་གྱུར་ཅིག །ཀརྨ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ལགས་པས་ཀུན་གྱིས་བྲིས་ཤིག །སྒྲུབས་ཤིག །དབང་བསྐུར་ཅིག །ཁྲོམ་ཆོས་རྒྱུ་ཆེན་པོས་གཞན་དོན་གྱིས་ཤིག །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས་ལུང་མ་མནོས་ཀྱང་། དཔེ་འདི་གང་གིས་བྲིས་པ་དང་མཐོང་བར་གྱུར་པ་རྣམས་ཀྱང་རང་གཞན་གྱི་དོན་ཉི་མ་ཤར་བ་ལྟ་བུར་གྱུར་ཅིག །ཅེས་གསུངས་སོ། །འདི་ཡབ་སྲས་རྣམས་དབུ་ཞྭ་བཞེས་དུས་ཁྲོམ་ཆོས་སུ་གནང་བ་སྟེ། དེ་ཉིད་རྗེ་དཀོན་མཆོག་ཡན་ལག་གིས་ཚིགས་བཅད་དུ་ཕབ་པ་འདི། རཱ་ག་ཨ་སྱའི་ཡབ་སྲས་གསུམ་ཀའི་དྲུང་ནས་ལན་བཞི་བཅུ་ཞེ་བསྒང་
ཙམ་ཐོབ་པས། བྱིན་རླབས་ལྷག་པར་ཆེ་བ་ཡིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །རང་གི་རྣམ་ཤེས་ཧཱི༔ཡིག་དཀར། །འོད་ཟེར་དཀར་པོ་འཕྲོས་པ་ཡིས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་དག །ཕྱི་སྣོད་ནང་བཅུད་གཞལ་ཡས་ལྷ། །འོད་ཟེར་ཚུར་འདུས་ཧྲིལ་ཐིམ། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧྲཱིཿཡིག་འོད་དུ་ཞུ་བ་ལས། །རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། །སྐུ་མདོག་དཀར་པོ་ཞལ་གཅིག་པ། །པདྨ་རྒྱས་ལྟར་འཛུམ་མདངས་ཅན། །རལ་པའི་ཐོར་ཚུགས་བཅིངས་པ་ལ། །རིན་ཆེན་ལྔ་ཡི་རྩེ་བྲན་དང་། །དར་གྱི་ཅོད་པན་གྱིས་བརྒྱན་པ། །ཕྱག་བཞིའི་དང་པོས་ཐལ་མོ་སྦྱར། །གཡས་འོག་མུ་ཏིག་ཕྲེང་བ་འཛིན། །གཡོན་གྱི་འོག་མས་པདྨ་འཛིན། །རིན་ཆེན་སྣ་ཚོགས་མགུལ་དོ་དང་། །སེ་མོ་དོ་དང་དོ་ཤལ་དང་། །དོ་ཤལ་ཕྱེད་པས་ཡང་དག་བརྒྱན། །ཕྱི་དང་ནང་གི་སྒྲིབ་མེད་གསལ། །ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས། །འོད་ཟེར་སྣ་ཚོགས་འཕྲོ་བ་ནི། །དམ་ཚིག་སེམས་དཔའི་རང་བཞིན་ནོ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཧྲཱིཿཡི་ཡི་གེ་དཀར་པོ་ལ། །ཡི་
གེ་དྲུག་པས་གཡས་སུ་བསྐོར། །དེ་ནི་ཏིང་འཛིན་སེམས་དཔའོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ངག་ཏུ་བརྗོད་པའི་མཐུས། །དུས་གསུམ་བདེར་གཤེགས་ཐམས་ཅད་ནི། །ཐུགས་རྗེ་ཆེན་པོའི་ངོ་བོ་རུ། །གྱུར་ནས་ཆར་ལྟར་རང་ལ་ཐིམ། །ཡེ་ཤེས་སེམས་དཔའ་ཡོངས་རྫོགས་པའོ། །སྣོད་བཅུད་ཐམས་ཅད་ལྷ་རུ་གྱུར། །སྣང་བ་སྐུ་ཡི་ཁྱེར་སོ་ཡིན། །སྒྲ་སྐད་ཐམས་ཅད་ཡི་གེ་དྲུག །གྲག་པ་གསུང་གི་ཁྱེར་སོ་ཡིན། །སེམས་ནི་ཟུང་འཇུག་རང་བྱུང་སྟེ། །དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ཡིན། །ཞེས་གསུངས་སོ། །གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་ནས། སྙིང་ཁར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཚེག་དྲག་དང་བཅས་པའི་མཐར། ཡི་གེ་དྲུག་པ་གཡས་སུ་འཁོར་བ་ལས། འོད་ཟེར་སྣ་ལྔ་འཕྲོས་པས་ལུས་ཀྱི་ནང་གང་། སླར་འོད་ཟེར་ཕྱིར་འཕྲོས། ཕྱི་སྣོད་འཇིག་རྟེན་ལ་ཕོག །ཞིང་ཁམས་བདེ་བ་ཅན་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག །སྤྱན་རས་གཟིགས་སུ་གྱུར། ཐམས་ཅད་ཀྱི་ཞལ་ནས་སྔགས་འདྲེན་པར་བསམ་ལ། ཁང་པའི་ནང་དུ་ཚོར་ཙམ་དུ་འདོན་པའོ། །རང་ཉིད་
སྤྱན་རས་གཟིགས་སུ་གསལ་བར་བསྐྱེད་པའི་སྙིང་ཁའི་ཧྲིལས་འོད་ཟེར་འཕྲོས། ལུས་ཀྱི་ཕྱི་ནང་བ་སྤུའི་བུ་ག་དང་བཅས་པ་ཐམས་ཅད་ཐུགས་རྗེ་ཆེན་པོས་གང་། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ལ་ཕོག་པས་བདེ་བ་ཅན་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་སྤྱན་རས་གཟིགས་སུ་གྱུར། མདོར་ན་གཟུགས་སྣང་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར་གྱུར། སྒྲ་གྲག་པ་ཐམས་ཅད་ཡི་གེ་དྲུག་པར་གསལ་བཏབ་ནས། ཡིད་ཀྱི་བཟླས་པ་བྱེད་པའོ། །ཞེས་གསུངས་སོ། །ཡང་ཤེས་རབ་ཆུང་བ་རྣམས་ཀྱིས་དེ་ལྟར་བསྒོམ་མི་ཤེས་ན། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། རྒྱན་ཆ་ལུགས་དང་ལྡན་པ་གཅིག་ཡིན་བསམ་པའི་ངེས་ཤེས་ཀྱིས། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོའི་མཐར་ཡིག་དྲུག་གཡས་སུ་འཁོར་ཞིང་ཡོད་པར་བསྒོམ། དེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་འོད་ཟེར་དེས་མཆོད། དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཆར་བབ་པ་ལྟར་བྱོན་ཏེ། རང་ལ་སིབ་སིབ་ཐིམ་པར་
བསྒོམ། ཡང་རང་གི་འོད་དེས་ཕོག་པས། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཡིག་དྲུག་འདོན་པར་བསྒོམ། སྐབས་སུ་སྒོམ་མཁན་སེམས་ལ་ཡང་ལྟ་སྟེ། ཀྱེའི་རྡོ་རྗེ་ལས། བསྒོམ་མེད་བསྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་རྣམས་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་འགྲུབ་དང་། །རིན་ཆེན་དཔག་མེད་སེམས་དཔའོ། །ཞེས་གསུངས་སོ། །ལྔ་ལྡན་ལས། རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །འགྱུར་མེད་ཀྱི་བཙན་ས་མ་ཟིན་ན། །མ་མཁའ་འགྲོའི་འཁོར་ཚོགས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་འབད་ཀྱང་འཚལ།། ༼༡༡༽ ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རང་གི་སེམས་འདུལ་བའི་ཐབས། ཞི་གནས་བསྒོམ་པར་བྱ་སྟེ། དགའ་བོ་མངལ་གནས་ཀྱི་མདོ་ལས། གང་ལ་མཉམ་བཞག་སེམས་མེད་པས། །རྣམ་དག་ཡེ་ཤེས་མེད་པ་སྟེ། །ཟག་པ་རྣམས་ནི་སྤངས་མི་འགྱུར། །དེ་བས་ཁྱོད་ཀྱིས་ནན་ཏན་སྒྲུབས། །ཞེས་དང་། པདྨ་དྲྭ་བའི་རྒྱུད་ལས། ཤིན་ཏུ་འཇམ་པའི་སྟན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་
གིས་གནས་ནས། །བསྲང་སྟེ་མིག་ནི་སྣ་རྩེར་ཕབ། །དལ་བའི་རླུང་ལྡན་རྐན་ལ་ནི། །ལྕེ་ཡིས་ཅུང་ཟད་རེག་པར་བྱས། །ལྟེ་བ་ཅུང་ཟད་བཀུག་པ་ཡིས། །སེམས་ནི་བག་ཡོད་གནས་པར་བྱ། །དེ་ལྟར་ལུས་བསམ་གཏན་གྱི་ཆོས་ལྔའམ་བདུན་བཅས་པས་དུག་ལྔ་རང་ཞིར་འགྲོ་ཞིང་། རླུང་སེམས་རང་བཞིན་གྱིས་དྷུ་ཏིར་ཚུད་ནས། རྟོག་པ་ཐམས་ཅད་རང་འགག་ལ་འབོལ་ལེ་ཤིག་གེ་དྭངས་སང་ངེ་འགྲོ་ཞིང་། རྟོགས་པ་མྱུར་དུ་འཆར་བས་ལུས་གནད་གལ་ཆེ། སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་འོད་དང་ལྡན་པ་ཞིག་ལ་རིག་པ་གཏད་ལ་གནས་ཅི་ཐུབ་བྱ། དེ་ལ་མི་གནས་ན་ཡིད་ལ་ཅི་ཡང་མི་བསམ་པར་སེམས་ལྷོད་དེ་བཞག་སྟེ། དུས་གསུམ་གྱི་རྣམ་རྟོག་འཕྲོ་བཅད་དེ། སེམས་སེམས་ཐོག་ཏུ་བསྡུས་ནས་ལས་མེད་དུ་ལྷོད་ཤིག་གེ་བཞག །རྩ་ཚིག་ལས། རང་གི་སེམས་ལ་རང་གིས་ལྟོས། །ཞེས་དང་། ཁྲིད་ཆེན་རྩ་ཚིག་ལས། ཕྱོགས་ལུས་གནད་བསམ་གཏན་ཆོས་བདུན་སྐྱོན་མེད་བཅའ། །སེམས་གནད་དུས་གསུམ་རྟོག་པའི་སྤྲོས་པ་བཅད། །གང་ཤར་ངང་དུ་མ་ཡེངས་རྩོལ་མེད་བཞག །ཅེས་གསུངས་པ་
ལྟར་སེམས་རང་བབས་སུ་གནས་ཅི་ཐུབ་བྱའོ།། ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། འཁོར་བ་ནས་ཐར་ཞིང་། འཕགས་ལམ་ཐོབ་པའི་ཐབས། ལྷག་མཐོང་གི་ཤེས་རབ་བསྐྱེད་པར་བྱ་སྟེ། རང་ཅག་རྣམས་འཁོར་བར་འཁྱམས་པ་ཅི་ཡི་སྐྱོན་ཡིན་ན། བདག་མེད་པ་ལ་བདག་ཏུ་བཟུང་བའི་སྐྱོན་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་ཏེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ལེའུ་ལས། སེམས་འདི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཁའམ། ཤེལ་གྱི་ཁ་དོག་ལྟ་བུའམ། ཡང་དག་པའམ། ཡང་དག་པ་མ་ཡིན་པའམ། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཞིག་ཅེས་སོ་སོར་རྟོགས་ཤིག །ཅེས་གསུངས་སོ། །འོད་སྲུང་གིས་ཞུས་པའི་ལེའུ་ལས། འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ། འདི་ལྟར་འདོད་ཆགས་པའམ། ཞེ་སྡང་བར་འགྱུར་བའམ། གཏི་མུག་པར་གྱུར་པའི་སེམས་དེ་གང་
ཡིན། ཞེས་འདས་པའམ་མ་འོངས་པའམ། ད་ལྟར་བྱུང་བ་ཞིག་ཡིན་ནམ། ཞེས་སོགས་རྒྱ་ཆེར་གསུངས་སོ། །རྫོགས་ཆེན་ཀློང་གསལ་འབར་མའི་རྒྱུད་ལས། སེམས་ཀྱི་རུ་ཤན་ཕྱེ་བའི་ཕྱིར། །བསམ་མནོ་འདི་ལ་ཉག་གཅིག་བྱ། །རིག་པ་སྤྲོས་མེད་ཆོས་ཀྱི་སྐུ། །འདི་ལ་བྱུང་གནས་འགྲོ་གསུམ་མེད། །སེམས་ཞེས་བྱ་བའི་འགྱུ་འགྱུ་པོ། །འོལ་འོལ་ཕྲིག་ཕྲིག་ཡུད་ཡུད་འདི། །དང་པོ་གང་ལས་བྱུང་བ་དང་། །བར་དུ་གནས་དང་ཐ་མར་འགྲོ། །དབྱིབས་དང་ཁ་དོག་ཇི་ལྟ་བུ། །ཕྱི་ནང་བར་གསུམ་བཤིག་འབྲེལ་བལྟ། །ཞེས་དང་། ཐལ་འགྱུར་ལས། དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་དང་ཐ་མ་འགྲོ། །གསུམ་ལ་ངེས་པར་བརྟགས་བསྐྱེད་ན། ། སེམས་སྦྱངས་སེམས་ལ་ཕན་པའོ། །ཞེས་དང་། །དྲུང་སྒམ་པོ་པའི་ཞལ་ནས། དེ་དག་ཐམས་ཅད་གོ་ཡུལ་གྱིས་མི་ཕན། རྣ་ཟག་དང་ཁ་སྐད་བཟང་པོ་སྟོང་པ་ཡིན། མ་གྲུབ་པ་ཡིན། མེད་པ་ཡིན་ཟེར་བ་སོགས་དེ་རྣམས་ཡིན་པ་ལས་འོས་མེད། དེ་རྣམས་ཁྱེད་ལ་མི་དྲི། ད་ལན་གང་དྲི་ན། སེམས་ལ་འདི་འདྲ་ཞིག་འདུག་ཟེར་བ་གཅིག་འདོད་
པ་ཡིན་པས་ཐག་ཆོད་པ་གཅིག་མཛོད། ཅི་ཡང་མ་ཡིན་པའི་ཕུང་གསུམ་ཤོ་རེ་མི་འོང་བས། ཆོས་སྐད་ཅིག་ཀྱང་མི་འདོད། བླུན་ཚིག་རྐྱང་པས་མི་ཆོག་པས། ངས་འདི་ལྟར་བསྒོམས་པས་འདི་རེད། འདི་འདྲ་བ་ཅིག་འདུག །འདི་འདྲ་ཞིག་བྱུང་གསུངས་པ་འདོད་པ་ཡིན། འབད་ལ་བསྒོམ། གྲོགས་མཆེད་ལ་ཡང་དྲི་རྟོགས་མ་བྱེད། འདི་ལ་སོ་གཅིག་མ་ཐེབ་ན།། ཁྱེད་ལ་བསྒོམ་སྐྱེས་ན་ཕ་བཀའ་བརྒྱུད་རྣམས་མི་བདེན་པའི་ཐག་ངས་གཅོད། ཁྱེད་རང་ཡང་དེ་ལྟར་སོམ་མཛོད། སང་ཉིན་ཆོས་ཐུན་མ་བྱུང་ཚུན་འདི་ལ། །སྐད་ཅིག་ཀྱང་མ་ཡེངས་པར་སེམས་ཚོལ་བ་གལ་ཆེ་སྟེ། ཏཻ་ལོའི་ཞལ་ནས། དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །དེ་བཞིན་སེམས་ཀྱི་རྩ་བ་བཅད་པས་འཁོར་བའི་ལོ་འདབ་སྐམ། །ཞེས་གསུངས། དེས་ན་སེམས་ཚོལ་བ་གལ་ཆེ་གནད་ཆེ་བས། སང་ཉིན་བར་ལ་མ་ཡེངས་མ་རྙེད་བར་ཚོལ། སང་ནམ་ལངས་ནས་ཁྲིད་གཉེར་པ་རྣམས་ལ་ཞུ་དགོས། མ་རྙེད་ན་མ་རྙེད་པའི་ལུགས་དེ་ཤོད་དང་ཆོག །སེམས་ངོ་རྟོགས་མི་རྟོགས་འདི་ལ་རིག་ལས། ཁྱེད་ཁྲིད་
ཐོབ་པ་རྣམས་ཀྱིས་ཀྱང་ཚོལ་དང་། འབྲུག་ལུགས་ལ། རྩེ་གཅིག་ཆེན་པོ་རྟོགས་རྗེས་སླར་སེམས་ཚོལ་བྱས་པས་སྤྲོས་བྲལ་རྟོགས་པར་བཤད། འདི་ཡི་ཕྱིར་ཉིན་གསར་བུ་རྣམས་ཀྱི་རྟོགས་འབུལ་གལ་ཆེ།། ༼༡༣༽ ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རང་གི་སེམས་ཉིད་འདི། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ངོ་སྤྱད་པ་ནི། བྲམ་ཟེ་ཆེན་པོས། བུ་ལྟོས་ཤིག་རང་གི་སེམས་ལ་ལྟོས། །བལྟས་པས་སེམས་ལ་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་འདི་ཉིད། །སྣ་ཚོགས་སུ་སྣང་བ་ངོ་མཚར་ཆེ། །རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ། །ཞེས་གསུངས། རྣམ་སྣང་མངོན་བྱང་ལས། སེམས་དེ་ནི་དེ་བཞིན་གཤེགས་པས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཁ་དོག་མ་ཡིན། དབྱིབས་སུ་མ་ཡིན། སྣང་བ་མ་ཡིན། མུན་པ་མ་ཡིན། སྐྱེས་པ་མ་ཡིན། བུད་མེད་མ་ཡིན། མ་ནིང་མ་ཡིན་ནོ། །ཞེས་དང་། །བྱང་ཆུབ་སེམས་འགྲེལ་ལས། ནང་ངམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱི་སེམས་མ་རྙེད། །ཅེས་དང་། བྱམས་པས་ཞུས་པ་
ལས། སེམས་ནི་དབྱིབས་མེད་པ། ཁ་དོག་མེད་པ། གནས་མེད་པ་ནམ་མཁའ་ལྟ་བུའོ། །ཞེས་དང་། ཏཻ་ལོ་པས། དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟོགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །བརྗོད་པས་འདི་འདྲ་གྲུབ་ཅེས་གདག་གཞི་མེད། །ཅེས་དང་། །སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ངང་བཏང་བཞག་མེད་པར་ཀློད་ལ་ཞོག །སེམས་ལ་གཏད་སོ་མེད་པས་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་པས་བླ་མེད་བྱང་ཆུབ་ཐོབ། །ཅེས་དང་། ས་ར་ཧས། འཁོར་འདས་ཀུན་གྱི་རྩ་བ་སེམས་ཀྱི་རང་བཞིན་ཏེ། །རྟོགས་ན་བསྒོམ་དུ་མེད་ཅིང་མ་བཅོས་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་ལ་ཚོལ་བ་ཨ་རེ་འཁྲུལ། །འདི་ཡིན་འདི་མིན་མེད་དོ་ཐམས་ཅད་གཉུག་མའི་ངང་། །ཞེས་དང་། མཁའ་འགྲོ་སྙིང་ཏིག་ལས། དང་པོ་བྱུང་ས་མེད་དེ་ཆོས་ཀྱི་སྐུ། །བར་དུ་གནས་ས་མེད་པས་ལོངས་སྤྱོད་རྫོགས། །ཐ་མ་འགྲོ་ས་མེད་པ་སྤྲུལ་པའི་སྐུ། །ཞེས་གསུངས་པས། སེམས་ཉིད་སྐུ་གསུམ་གྱི་རང་བཞིན་དུ་རང་གྲོལ་
བའོ། །ཞེས་དང་། རྩ་ཚིག་ལས། རང་གི་སེམས་ཀྱི་ངོ་བོ་ལ་ལྟོས། ཅིའི་ངོ་བོར་ཡང་མ་གྲུབ་ཅེས་དང་། རྗེ་རང་བྱུང་རྡོ་རྗེའི་ཞལ་ནས། དུས་གསུམ་སངས་རྒྱས་ཀྱི་དགོངས་པ། དམ་པ་རྣམས་ཀྱི་དོན་དུ་གཉེར་བ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་བོ་ཆེ། གཡེར་པོ་ཆེ་དེ་རང་གི་སེམས་ལ་ཟེར་བ་ཡིན། རང་སེམས་ངོ་མ་ཤེས་ན་ངའི་སེམས་ངའི་སེམས་ཟེར་བའི་མི་དྲན་དགུ་དྲན་དེ་ཡིན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། རིག་པ་འདི་རང་ལས་མ་འདས། སྡེ་སྣོད་མདོ་རྒྱུད་ཀྱི་བཅུད་ཀྱང་འདི་ཡིན་འདི་ཉམས་སུ་ལེན་ན་བསྒོམ་རྒྱུ་ཅི་ཡང་མེད། རིག་པ་འདི་ཧྲིག་གེ་རང་སལ་ཞོག །དེ་ཕྱག་རྒྱ་ཆེན་པོ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་མི་དགོས། ཡགས་སུ་རེ་བ་དང་། ཉེས་པའི་དོགས་པ་ཡེ་མ་བྱེད། རྟོགས་པ་སྤྱན་སྤུན་མང་པོའི་རྗེས་སུ་མ་འབྲང་། རིག་པ་ཧྲིག་གེ་རང་གི་ཐོག་ཏུ་ཞོག །ལྷོད་དེ་ཀློད་ལ་ཞོག །བསྒོམ་རྒྱུ་ཅི་ཡང་མི་བདོག་གོ །དེ་ལྟར་ཡང་ནས་ཡང་དུ་བསྒོམས་པས་དུས་ཚོད་གཅིག་ནས་རྣམ་རྟོག་རང་ངོ་ཤེས་ནས། སྐད་ཅིག་ལ་བག་ཆགས་མུན་པ་དྲུང་ནས་ཕྱུངས་ཏེ། དེ་ཉིད་
སངས་རྒྱས་ཞེས་བྱའོ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ཕྱག་རྒྱ་ཆེན་པོའི་སྙིང་གཏམ་ཚིག་གཅིག་མ་བླ་མ་དམ་པ་གྲུབ་ཐོབ་རྣམས་ཀྱི་མན་ངག་མཐར་ཐུག་དེ་ལས་ཡོད་རེ་ཤི། ཞེས་གསུངས་སོ། །ཇོ་འབྲོམ་ཞུས་ལེན་ལས། རྗེ་ཡང་ཡང་བཙལ་ཞིང་མ་རྙེད་ན། །འབྲོམ་རང་ལུགས་ཡང་ཡང་མཐོང་བ་ཡིན། །རྗེ་མ་རྙེད་པ་ལ་བཞག་ལགས་སམ། །འབྲོམ་ལྷོད་དེ་ཀློད་ན་དམ་པ་ཡིན། །ཞེས་དང་། འཇིག་རྟེན་གསུམ་མགོན་གྱི་ཞལ་ནས། རང་གི་རིག་པ་རིག་རིག་ཏུར་ཏུར་པོ་འདི་ལ་བལྟས་པའི་དུས་སུ། གང་ཡང་མ་མཐོང་བ་དེ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་གསུངས་སོ། །དོན་ལ་སེམས་མི་འཕྲོ་བར་ཀྱི་ལེ་གནས་པ་དེ་ཞི་གནས་ཡིན། དེའི་ངོ་བོ་ལ་བལྟས་པས་སྟོང་པ་ཉིད་དུ་ལྷག་གིས་མཐོང་བ་དེ་གནས་པའི་སྟེང་ནས་ལྷག་མཐོང་ཤར་བ་ཡིན། སེམས་ཅུང་ཟད་མ་གནས་ན་མི་མཐོང་བས། སེམས་སྣ་ཚོགས་སུ་འཕྲོ་བ་མཐོང་བ་དེ་ཞི་གནས་ཡིན། དེའི་ངོ་བོ་ལ་བལྟས་པས་སྟོང་པར་མཐོང་བ་དེ་འགྱུ་བའི་སྟེང་ནས་ལྷག་མཐོང་ཤར་བ་ཡིན། ལྔ་ལྡན་རྩ་བ་ལས། སེམས་མི་རྟོགས་ཆོས་སྐུའི་ནམ་མཁའ་ལ། །རྣམ་རྟོག་གི་སྤྲིན་
ཚོགས་མ་དྭངས་ན། །མཁྱེན་གཉིས་ཀྱི་ཉི་ཟླ་མི་གསལ་བས། །བསྒོམ་གཉུག་མ་འདི་ལ་ནན་ཏན་མཛོད། །ངོ་སྤྲོད་ཚར།། ༼༡༤༽ ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ངོ་སྤྲོད་པའི་དོན་དམ་ཉམས་སུ་ལེན་པའི་ཐབས། བྲམ་ཟེ་ཆེན་པོས། འཇུར་བུས་བཅིང་བའི་སེམས་ཉིད་འདི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། སྤྱན་རས་གཟིགས་ཀྱིས་མི་ཏྲ་ཛཱ་ཀི་ལ་གདམས་པ་ལས། གང་སྐྱེས་གཞུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗེད་ན། །དེ་ཤར་སྟོང་པ་ཉིད་བདག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་གསུངས། མཻ་ཏྲི་པས། མ་སྐྱེས་པ་ལ་རྣམ་རྟོག་གློ་བུར་བ། །རྣམ་རྟོག་དེ་ཡང་ཆོས་ཀྱི་དབྱིངས་ཉིད་དེ། །དེ་གཉིས་ཐ་དད་མེད་པར་གང་གིས་ཤེས། །དེ་ཉིད་ཟུང་དུ་འཇུག་པར་ངས་སྨྲའོ། །ཞེས་གསུངས་སོ། །ཤ་ཝ་རི་པས། ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་མི་བསྒོམ་སྟེ། །སྒོམ་མེད་དོན་དང་འབྲལ་མེད་བསྒོམ་པའི་མཆོག །ཅེས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། སེམས་མེད་སེམས་ཀྱི་སེམས་ལ་ལྟོས། ། ཅེས་དང་། སྤྱན་རས་གཟིགང་ན་མི་ཟ། །ཞེས་གསྲུངས། །ཞེས་གསུངས་སོ། །བྷ་ཝ་གྲོ་བ་ལ་རྒྱལ་
མཐོང་རྒྱུ་བྱུང་ན་སེམས་ཉིད་མིན། །མཐོང་མེད་མཐོང་ན་སེམས་ཉིད་མཐོང་། །མཐོང་མེད་སེམས་ལ་མ་ཡེངས་ཞོག །ཅེས་དང་། རྒྱུ་སྟོན་ཆོས་ཀྱི་བཟང་པོའི་ཞལ་ནས། གང་ཤར་གང་བྱུང་ངོ་བོ་ལྟོས། །ལྟ་མཁན་འདུག་ན་དེ་ལ་ལྟོས། །བདེ་ན་བདེ་བའི་ངོ་བོ་ལྟོས། །ལྟ་མཁན་འདུག་ན་དེ་ལ་ལྟོས། །སྡུག་ན་སྡུག་པའི་ངོ་བོ་ལྟོས། །ལྟ་མཁན་འདུག་ན་དེ་ལ་ལྟོས། །བལྟས་པས་ལྟ་རྒྱུ་མ་རྙེད་ན། །དེ་ཡང་མ་འཛིན་ཕྱལ་བར་སྐྱུར། །ལྟ་མཁན་རང་ཡང་མ་རྙེད་ན། །དེ་ཡང་མ་འཛིན་ཕྱལ་བར་སྐྱུར། །ཞེས་གསུངས་སོ། །དྲུང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་ཞལ་ནས། ཏིང་འཛིན་གྱི་གནད་ལ་སེམས་རང་ལུགས་སུ་ཀློད་ལ་ཞོག །ཀློད་པའི་སེམས་ཀྱི་ངོ་བོ་ལ་རྗེན་ལྷང་གིས་ལྟོས། མ་ཡེངས་པ་ཙམ་གྱི་དྲན་པ་རྒྱུན་ཆགས་སུ་བརྟེན། རྣམ་རྟོག་ཅི་ཤར་ཡོང་ཆེད་དུ་སྤང་བླང་དང་བཅས་བཅོས་གང་ཡང་མ་བྱེད་པར་རང་ངོ་ལ་ལྟོས། ཞེས་གསུངས་སོ། །བསྒོམ་སྐྱེ་བའི་རེ་བ། མི་སྐྱེ་བའི་དོགས་པ། ཡགས་སུ་རེ་བ། ཉམས་རྟོགས་བཟང་པོའི་རེ་བ། གེགས་དང་གོལ་སར་ཤོར་བའི་དོགས་པ་སྤུ་རྩེ་ཙམ་ཡང་མ་བྱེད་པར། བསྒོམ་རྒྱུ་ཅི་ཡང་
མེད་པར་མ་ཡེངས་ཙམ་གྱི་དྲན་རྫི་བརྟེན་པར་མཛོད་ཅིག། ༼༡༥༽ ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཉམས་རྟོགས་ཇི་ལྟར་འཆར་ཚུལ་ནི། ཡུན་རིང་མི་འགོར་བར་རྟགས་ཐམས་ཅད་དུས་གཅིག་ལ་འཆར་བ་ནི། སྔོན་གྱི་ལས་འཕྲོ་ཅན་གང་ཟག་ཅིག་ཆར་བ་ཞེས་བྱ་སྟེ་དཀོན། རྟོགས་རྣམས་མ་ངེས་པར་འཆར་ཞིང་མཐོ་དམན་ཆེ་བ་ནི། གང་ཟག་འབྲིང་ཐོད་རྒལ་བའི་རིགས་ཡིན་པས་བསྒོམ་ན་རྩལ་ཆེ་སྟེ། རྐྱེན་གྱིས་ཁྱེར་ན་ཐ་མལ་པར་འགྲོ་ཉེན་ཡོད། རིམ་སྐྱེས་པ་ནི་རྟགས་འོང་དཀའ་སྟེ། །གཉུག་བསྲིང་ནས་བསྒོམས་པས་མུས་ཀྱི་འོངས། སྔོན་འགྲོ་རྣམས་བསྒོམ་པའི་རྟགས་ཀྱང་ནམ་འོང་ངེས་པ་རང་མེད། རིམ་པ་ལྟར་འོང་བ་དང་འཆར་ནས་འོང་བར་མ་ངེས་ཏེ། །རྟགས་བཟང་བ་ལ་ཧ་ཅང་དགའ་བྲོད་ཀྱང་མི་བྱ། རྟགས་མ་ཐོན་ན་སྒྲིབ་པ་འཐུག་པའི་རྟགས་ཡིན་པས་བརྩོན་འགྲུས་བསྐྱེད། རྟགས་ངན་པ་བྱུང་ན་སྒྲིབ་པ་དག་པའི་རྟགས་སུ་ཤེས་པར་བྱ། དེ་ལ་རྣམ་རྟོག་མི་བྱ། དང་པོ་སྔོན་འགྲོའི་རྟགས་ནི། རྒོད་ཚང་པའི་ཞལ་ནས། ཕ་ཡུལ་འབྲེལ་ཐག་ཆོད་པ་དང་། །ཉེ་འབྲེལ་དབྱར་རྩི་གོག་པ་དང་། །
ཟས་ནོར་འཁྲི་བ་ཆོད་པ་གསུམ། །འཆི་བ་མི་རྟག་བསྒོམ་ན་ཡོང་། །དོན་མེད་བྱ་བ་མི་བྱེད་ཅིང་། །ཉིན་མཚན་ཆོས་ཀྱི་ལས་ལ་བརྩོན། །སྡིག་པའི་གྲོགས་པོ་སྤངས་པ་གསུམ། །དལ་འབྱོར་རྙེད་དཀའ་བསྒོམ་ན་ཡོང་། །འདོད་པའི་ཡོན་ཏན་བྱུར་དུ་མཐོང་། །དཀོན་མཆོག་གསུམ་ལ་བློ་གཏད་བསྐུར། །འཇིག་རྟེན་ཆོས་ལ་ཞེན་པ་ལོག །འཁོར་བའི་ཉེས་དམིགས་བསྒོམ་ན་ཡོང་། ཞེས་གསུངས་སོ། །གསོལ་བ་བཏབ་པས་བྱིན་རླབས་ཞུགས་པའི་རྟགས། མོས་གུས་ཀྱི་གདུང་ཤུགས་ཚད་མེད། ཉམས་འབར། །ཤེས་པ་གསལ་སྟོང་རྗེན་པ་རུ་འཆར། བླ་མ་དང་ཞལ་མཇལ་བ། དབང་བསྐུར་བ། ཆོས་བཤད་པ། འོད་ཟེར་གྱི་འཕྲོ་འདུ་བྱས་པ་རྣམས་ཡིན་ནོ། །ཧཱུབཟླས་པས་སྡིག་པ་དག་པའི་རྟགས་སུ། ལུས་ཡང་བ། གཉིད་ཆུང་བ། ཁམས་བདེ་བ། སྙིང་དགའ་ཡལ་བ་འབྱུང་། རྨིས་རྟགས་སུ་ཡང་། ཁྲུས་བྱས་པ། གཅེར་བུ་ཐོན་པ། ལུས་ལ་རྣག་ཁྲག་ཟག་པ། འཁྲུ་བ། སྐྱུགས་པ། གོས་དཀར་པོ་གྱོན་པ་འབྱུང་ངོ་། །མཎྜལ་འབུལ་བས་ཚོགས་རྫོགས་པའི་རྟགས་སུ། ཁམས་བདེ་བ། ཉམས་དགའ་བ། །
ཟས་མ་ཟོས་ཀྱང་མི་རྟོགས་པ། ཤེས་རབ་མཆེད་འགྲོ་བ་འོང་བ། རྨིས་རྟགས་སུ་ཉི་ཟླ་ཤར་བ། གྱེན་ལ་འཛེགས་པ། མེ་ཏོག་གི་ཐང་ལ་ཕྱིན་པ་དང་། ། བུད་མེད་བཟང་མོས་ཟས་བྱིན་པ་དང་། མེ་ལོང་ལ་བལྟས་པ་ལ་སོགས་པ་འབྱུང་ངོ་། །ཞི་གནས་བསྒོམ་པའི་རྟགས་ནི། རྣམ་པར་རྟོགས་པ་ཐམས་ཅད་རང་སར་ཞི་ནས། །སེམས་གར་གཏད་དུ་གནས་པ། དེ་ཡང་གསལ་སིང་ངེ་གནས་ན་ཞི་གནས་སྐྱོན་མེད་ཡིན། དྲན་མེད་དུ་གཉིད་འཐུག་པོ་ལྟར་ནག་ཐིབས་སེ་སོང་ན། འགོགས་པ་ཆ་མཐུན་ཏེ། །ཕྱི་བས་བསྒོམ་ཤེས་པ་དེ་ཡིན། ཡང་སེམས་ནག་ཐིབས་སེ་མ་སོང་ཡང་སེམས་ལ་དྲན་རྟོག་མེད། ལུས་འགུལ་བསྐྱོད་མི་ཤེས་པར་ལུས་པ་དེ་ཞི་གནས་ཡིན་ཏེ། དེའི་ལག་པ་ནས་བསྡུས་ཏེ་བསློང་བ་སོགས་མི་རུང་། རྣ་བར་ཏིང་ཤག་བརྡུངས། སྣ་ལ་སྤོས་བདུག །ངོ་ལ་ཆུ་བཏབ་པས་གཉིད་སད་པ་ལྟར་འོང་། སེམས་ལ་རྣམ་རྟོག་ཅི་ཡང་མི་འགྱུ་ལྟ་བར་དྲན་མེད་དུ་གནས་པ་ལ། ཕྱག་རྒྱ་ཆེན་པོ་ཡིན་པར་བྱེད་པ་ནི། རྒྱ་ནག་ཧྭ་ཤང་གི་བལྟ་བ་དང་། མུ་སྟེགས་པའི་ལུགས་ཡིན་ཏེ། ས་སྐྱ་པཎྜི་ཏའི་ཞལ་ནས། ཚོགས་
བརྒྱད་འགགས་པའི་ཞི་གནས་ནི། །ཉན་ཐོས་འགོག་པ་ཆ་མཐུན་ཏེ། །དུད་འགྲོར་སྐྱེ་བའི་རྒྱུ་རྐྱེན་ཡིན། །ཞེས་དང་། རྒོད་ཚང་པའི་ཞལ་ནས། ང་ནི་རྣམ་རྟོག་བཀག་ནས་བསྒོམ་པ་འདི་འདྲ། མུ་སྟེགས་པ་རང་ཡིན་སྙམ་གསུངས། གཞན་ཡང་ཞི་གནས་ཀྱི་སྐབས་འདིར་གསལ་བའི་ཉམས་ལ། རྩ་རིགས་བཟང་ན་རྟགས་བཅུ་ཆ་མཐུན་པ། མིག་གི་ཡུལ་དུ་དུ་བ་དང་། མེ་ཁྱེར་དང་། སྨིག་སྒྱུ་དང་། མར་མེ་དང་། ཟླ་བ། ཉི་མ། མེ་འོད་ལྟ་བུ་དང་། ཐིག་ལེ་དང་། འོད་ཀྱི་གོང་བུ་དང་། འཇའ་ཚོན་སོགས་དང་། གཞན་ཡང་མིག་བཙུམ་ཡང་གསལ་པོར་མཐོང་བ་དང་། འགྲོ་བ་དང་། གཟུགས་སྒྲ་དྲི་རོ་རེག་སོགས་དུ་མ་མཐོང་ཞིང་མྱོང་བར་འབྱུང་སྟེ། ལང་ཀའི་མདོ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་ཉིད་དམིགས་བསམ་གཏན་དང་། །དེ་བཞིན་གཤེགས་དགེའི་བསམ་གཏན་རྣམས། །རྣལ་འབྱོར་ཅན་གྱི་བརྩོན་བྱས་ཏེ། །ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའ་མེ་འདྲ་མཐོང་། །མཚན་མ་སྣ་ཚོགས་
དེ་དག་གིས། །མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །དེ་དག་ཐམས་ཅད་རྣམས་སྤངས་ཤིང་། །སྣང་བ་མེད་པར་ནམ་གྱུར་པ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཐམས་ཅད་ཞི་གནས་འབྱུང་བ་ཡི། །དེ་ཡི་མགོ་ལ་བྱུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུགངས་པས་ངོ་མཚར་བའི་མཐོང་སྣང་ཅི་བྱུང་ཡང་། ཞི་གནས་ཀྱི་རྟགས་ཕྲན་བུ་ཡིན་གྱི། བསྒོམ་དངོས་ནི་མ་ཡིན་ནོ། །དེ་ནས་གནས་པ་དང་པོ་འཆར་ཏེ། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་མགྱོགས་པ་རབ་ཏུ་མགྱོགས་པ། མི་གནས་པར་རྒྱུ་བ། སྤྲེའུ་དང་རླུང་དང་འདྲ་བ་འབབ་ཆུའི་རྒྱུན་དང་། འབྲུ་མར་གྱི་མར་མེ་འདྲ་བ། རྒྱང་རིང་པོར་འགྲོ་བ། ལུས་མེད་པ། ཡུལ་ལ་བསྐམ་པ། སྐྱེ་མཆེད་དྲུག་ལ་སྤྱོད་ཡུལ་བ། གཞན་གྱི་སེམས་ཤེས་པ་དང་ལྡན་པའི་སེམས། གནས་པར་རྩེ་གཅིག་པ། མི་འཕྲོ་བ། ཞི་གནས་ལ་རྩེ་གཅིག་པ། གཡེང་བ་མེད་པ་འདི་ནི་སེམས་གནས་པའོ། །ཞེས་དང་། ཏེ་ལོ་པའི་ཞལ་ནས། ལས་
ནི་དང་པོ་གཅོང་རོང་ཆུ་དང་འདྲ། །ཞེས་དང་། ཞང་རིན་པོ་ཆེའི་ཞལ་ནས། གནས་པ་དང་པོ་བྱུང་དུས་སུ། །རི་གཟར་ལོག་ལ་རྦབ་འདྲིལ་འདྲ། །རྣམ་རྟོག་ཟམ་མི་ཆད་པ་འབྱུང་། །བསྒོམ་ཉམས་མེད་དམ་སྙམ་པ་འོང་། །རྣམ་རྟོག་བྱུང་ཚད་ཚོར་བ་དེ། །ཤེས་པ་ཅུང་ཟད་གནས་པ་ཡིན། །གནས་པ་མེད་པའི་གོང་རོལ་ན། །རྣམ་རྟོག་རང་གར་ཤོར་བ་ཡིན། །རྟག་པར་འགྱུས་ཀྱང་ངོ་མ་ཤེས། །ཞེས་དང་། ངེས་དོན་རྒྱ་མཚོ་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་གཉིས་ཀ་ནས། དང་པོར་དམིགས་པ་ལ་སེམས་དམ་དུམ་གནས་པ་འདྲ་བ་གཅིག་ཡོད་དེ་སྣ་ཟིན་ཙམ་ཡིན། དེ་ནས་རིམ་པར་བག་ཙམ་དང་། རྩ་ན་རྟོགས་པ་སྔར་བས་མང་དུ་སོང་བ་དང་འདྲ་ཞིང་བྱུང་ན་དེ་མང་དུ་སོང་བ་མིན། སྔར་ཕན་ཆད་མ་བསྒོམ་པས་རྣམ་རྟོག་བྱུང་ཡང་མ་ཚོར། ད་ལྟར་སེམས་མཉམ་པར་བཞག་སྟེ་རིག་པ་དྭངས་བས་ཚོར་བ་ཡིན། དེ་ལ་རྟོགས་པའི་སྣ་མ་བསྐྱིལ། རྗེས་སུ་མ་འབྲང་བར་བཞག་པ་རྟོགས་པ་འོག་འགྱུ་མ་འཆོར་བར་སྐྱེས་ཚད་ངོས་ཟིན། ཐུན་བཏུང་མི་དགོས་པར་རིག་པ་སྤྱན་སི་ལི་ལི་འགྲོ་བ་འདྲ་ཞིག་འདུག་ཀྱང་བསྒོམ་གྱི་རྒྱུན་དེ་མ་
ཆད་པར་བྱུང་ན། གནས་པ་དང་པོ་རི་གཟར་གྱི་ཁ་ནས་ཆུ་འབབ་པ་འདྲ་བ་ཟེར་བ་དེ་ཡིན། ཏེ་ལོ་པའི་ཞལ་ནས། བར་པ་ཆུ་བོ་གང་གཱ་དལ་གྱི་གཡོ། །ཞེས་དང་། ཞང་རིན་པོ་ཆེས། དེ་ནས་དལ་འབབ་ཆུ་བོ་བཞིན། །ཤེས་པ་དལ་ཞིང་རྣམ་རྟོག་ཉུང་། །ཞེས་གསུངས་སོ། །དེའི་དོན་ངེས་དོན་རྒྱ་མཚོ་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་གཉིས་ཀ་ལས། དེ་ལ་ལྟ་བ་སྐྱོངས་ལུགས་གོང་ལྟར་བྱས་པས་རྣམ་རྟོག་དེ་ཕྲ་ཉལ་གྱིས་སོང་ནས་མི་རྟོག་པའི་ངང་ལ་འགྲོ། སྐབས་སྐབས་སུ་རྟོག་པ་རེ་ཏོལ་གྱིས་འབྱུང་ཡང་རྒྱུན་མི་འབྲལ་བར་རྡོ་ཚན་ལ་ཁ་བ་བབས་པ་ལྟར་ཡལ་འགྲོ། རྟོག་པ་ཅི་འགྱུས་སྤུ་རིས་དང་གྲངས་སུ་ཐེབ་པ་ཡོང་ཞིང་རང་གི་བསྒོམ་རྒྱུན་དེ་ན་ར་ར་འགྲོ་བ་ཞིག་བྱུང་ན་གནས་པ་བར་པ་ཆུ་ཀླུང་དལ་གྱིས་འབབ་པ་ལྟ་བུ་ཟེར། འདི་སྐབས་སུ་ཉམས་གཉིས་པ་གཅོང་རོང་གི་ཆུ་འབབ་འདྲ་ཞེས་པ། བླ་མ་དམ་པ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་སྟེ། རེས་འགའ་ཀྱི་ལེ་མེ་རེ་གནས། རེས་འགའ་ཚུབ་ཚུབ་ཚུབ་འཕྲོ་སྟེ། འཕྲོ་བའི་ཚེ་ལྷོད་ཅིང་ལྟ། གནས་ཚེ་ཅུང་ཟད་བསྒྲིམ་ལ་དེའི་ངང་ལ་བཞག །འདི་སྐྱེ་མཁན་ཡང་མང་བར་
སྣང་། ཏེ་ལོ་པའི་ཞལ་ནས། ཐ་མ་ཆུ་རྣམས་མ་བུ་འཕྲད་པ་འདྲ། །ཞེས་དང་། ཞང་རིན་པོ་ཆེའི་ཞལ་ནས། དེ་ནས་རྒྱ་མཚོའི་གཏིང་བཞིན་དུ། །ཤེས་པ་མི་གཡོ་བརྟན་པར་གནས། །ཞེས་དང་། ངེས་དོན་རྒྱ་མཚོ་དང་གྲུབ་ཐོབ་གོང་མའི་ཞལ་ལུང་གཉིས་ཀ་ལས། དེ་ལ་གོང་བཞིན་སྐྱོང་བར་ཕྲ་རགས་ཀྱི་རྣམ་རྟོག་རྒྱུན་ཆད་དེ་མི་རྟོག་པའི་ངང་ལ་མེ་རེ་གནས། ལུས་བདེ་བའམ་ཡོད་དུ་མི་ཚོར། རླུང་འགྲོ་འོང་དང་འགགས་པའང་མི་ཚོར། སེམས་བདེ་གསལ་མི་རྟོག་པ་ཕྱམ་ཕྱམ་འགྲོ། རྗེས་ཐོབ་དུའང་ལེགས་པར་མ་སྤྱད་ན་ཡུལ་གྱི་སྤུ་རིས་མི་ཟིན། རྣམ་གཡེང་ལ་བློ་མི་འཇུག །བརྗེད་ངེས་ཆེར་སོང་བ་འདྲ་བ། མ་བསྒོམས་ཀྱང་བསྒོམ་དུ་ཕྱམ་ཕྱམ་འགྲོ། དྭངས་ཆ་ཡོད་པ་སྤྲིན་མེད་པའི་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ལ་ཁ་གཏིང་མེད་པ་གསལ་མེར་རེ་བྱུང་ན་གནས་པ་ཐ་མ་མི་གཡོ་བ་རྒྱ་མཚོ་ལྟ་བུ་བྱ་བ་ཡིན། འདི་རྣམས་བསམ་གཏན་གྱི་དངོས་གཞི་ཡིན་པས་རྒྱུན་བསྲིང་ན་མངོན་ཤེས་སོགས་འཆར་ཞིང་བདེན་པ་མཐོང་བའི་རྟེན་བྱེད་དོ། །དེ་ཡན་ཆད་ཅི་སྐྱེས་པ་ཐམས་ཅད་ཞི་གནས་ཡིན་པས། ཕྱི་ནང་ཐུན་མོང་། བན་བོན་ཐུན་མོང་
ཐེག་པ་ཆེ་ཆུང་ཐུན་མོང་གི་ལམ་ཡིན། དེ་བསྒོམ་ཕྱག་རྒྱ་ཆེན་པོ་ནི་མ་ཡིན་ཏེ། དཔལ་ཕག་མོ་གྲུ་པའི་ཞལ་ནས། བླ་མ་དམ་པའི་རྩར་ཕྱིན་ནས། །གདམས་ངག་གང་རུང་ཉམས་བླངས་ན། །བདེ་བས་ལུས་སེམས་གང་བ་འབྱུང་། །ཞེན་ཅིང་ཆགས་པ་སྐྱེས་གྱུར་པས། །འདོད་ཁམས་གནས་སུ་གོལ་བར་འགྱུར། །གསལ་བ་དྭངས་པ་མཁའ་ལྟ་བུ། །ཕྱི་ནང་ཟླ་བ་ཤར་བ་འདྲ། །ཕྱེ་དང་བཙུམ་ལ་ཁྱད་པར་མེད། །དེ་ལ་ཞེན་ཅིང་ཆགས་པ་ཡིས། །སྒྲུབ་པ་པོ་ཡིས་སྐྱོངས་གྱུར་ན། །གཟུགས་ཀྱི་ཁམས་སུ་གོལ་བར་འགྱུར། །ཕྱི་དང་ནང་དུ་བལྟས་གྱུར་ཀྱང་། །རྟོག་པ་ཕྲ་བ་ཙམ་ཡང་མེད། །རྡུལ་བྲལ་ཆོས་སྐུ་བལྟས་བྱས་པས། །དགའ་དང་མི་དགའ་ཡིད་བསམ་པའི། །ཉམས་དེ་ལེགས་པར་སྐྱོང་གྱུར་ན། །གཟུགས་མེད་ཁམས་སུ་གོལ་བར་འགྱུར། །བདེ་དང་གསལ་དང་མི་རྟོག་གསུམ། །ཞེན་པ་བྲལ་བར་བསྒོམས་བྱས་ཀྱང་། །ཉན་ཐོས་རང་རྒྱལ་པ་ཡང་སྲིད། །ཅེས་དང་། རྗེ་འཇིག་རྟེན་མགོན་པོའི་ཞལ་ནས། བདེ་དང་གསལ་དང་མི་རྟོག་གསུམ། །འདི་གསུམ་བསྒོམ་གྱི་གོལ་ས་ཡིན། །ཞེས་
དང་། དེ་ཡང་ཇི་ལྟར་བྱ་ཞེ་ན། རྗེ་རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། གནས་པ་དང་རྟོག་པ་གཉིས་ལ་གནས་པ་གཙོ་ཆེར་མི་བྱ། གནས་པ་ནི་བརྒྱལ་བ་དང་ར་རོ་བ་དང་། །གཉིད་འཐུག་པོ་ལའང་ཡོད་དེ། རྟོག་པ་མིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་ཞི་གནས་དེ་སྐྱེ་མི་རུང་བའི་ངན་པ་གཅིག་ཡིན་ནམ་སྙམ་ན། དེ་ནི་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་སྐྱེ་བའི་གཞི་དང་རྟེན་ཡིན་ཏེ། དགའ་བོ་མངལ་གནས་ཀྱི་མདོ་ལས། གང་ལ་མཉམ་བཞག་སེམས་མེད་པར། །ཟག་པ་རྣམས་ནི་སྤངས་མི་འགྱུར། །ཞེས་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་ལས། གནས་པ་གསུམ་པོ་དེ་དག་གང་སྐྱེས་འདུག་ཀྱང་དེ་ཙམ་ནས་ངོ་སྤྲད་པར་རང་ངོ་ཤེས། དྲོད་ཁ་རྙེད། སྒྲོ་འདོགས་ཆོད། མ་སྐྱེས་པ་ལ་ངོ་སྤྲད་ན། དེ་ལྟར་འོང་བར་འདོད་ནས་ཉམས་ལེན་འཆུག །དེ་ལའང་གནས་པ་དང་པོ་དེས་ཅུང་གྲུལ་མི་ཐུབ། ཁྲིད་ཐེང་གཅིག་ལ་ཐ་ནའང་གནས་པ་བར་པ་ཙམ་མ་སྐྱེས་པའི་ཐབས་མེད། ཅེས་གསུངས་པས། ཁྲིད་གཉུག་རིང་ཐུང་གང་ཡིན་ཡང་གནས་པ་འབྲིང་ངམ་ཐ་མ་ཙམ་ངེས་པར་སྐྱེ་བས། དེ་ལ་ལྷག་མཐོང་ངོ་སྤྲད་ནས་བསྒོམས་པས། རྩེ་
གཅིག་ལམ་སྣེ་ཟིན་པ་ཡིན་ནོ། །དེ་ལ་རྗེ་མི་ཕམ་པདྨ་དཀར་པོ་སོགས། འབྲུག་ལུགས་ཁ་ཅིག་གིས་ནི། རྩེ་གཅིག་རབ་འབྲིང་ཐ་གསུམ་ཞི་གནས་ཁ་རྐྱང་ཡིན་ཞིང་། དེ་ནས་སེམས་ཚོལ་ཞིང་ལྷག་མཐོང་ངོ་སྤྲད་པས། སྤྲོས་བྲལ་གྱི་རྟོག་པ་སྐྱེ་བར་བཤད་དེ། རྩེ་གཅིག་རབ་མ་སྐྱེས་ཀྱི་བར་ལྷག་མཐོང་ངོ་མི་སྤྱད་པ་ནི། ཞི་གནས་རབ་དང་ལྡན་པའི་ལྷག་མཐོང་གི་ཞེས་པ་མདོ་ལུགས་བཀའ་གདམས་ལམ་རིམ་གྱི་ལུགས་ཡིན། ཕྱག་རྫོགས་ཀྱི་ལུགས་མ་ཡིན་ཏེ། མཉམ་མེད་དྭགས་པོས་བསྒོམ་ཚུལ་ལ་ཁྱད་ཆོས་སུ་གནང་བ། རྣལ་འབྱོར་བཞིའི་ཞལ་གདམས་དང་། འཇིག་རྟེན་གསུམ་མགོན། ཞང་རིན་པོ་ཆེ། རྒྱ་རས་གསུམ་གྱི་དགོངས་པ་དང་། ཡང་དགོན་པ་ཉིད་ཀྱི་མྱོང་བ་དང་བསྟུན་པའི། རྣལ་འབྱོར་བཞི་རིམ་ལས། རྣལ་འབྱོར་ཅེས་པ་ནི་ཐབས་དང་ཤེས་རབ་བམ། ཞི་གནས་ལྷག་མཐོང་མཉམ་པོར་སྦྱོར་བས་རྣལ་འབྱོར་དེ་དག་དང་གང་གིས་སྦྱོར་བར་ནུས་པ་དེ་ལ་རྣལ་འབྱོར་ཞེས་བྱ་བ་ཡིན་གསུངས། སྔ་འགྱུར་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང་། ཕྱི་འགྱུར་ཨཱ་ལི་ཀཱ་ལིའི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། སེང་
གེ་རྣམ་པར་འགྱིང་བའི་ཏིང་འཛིན་གྱིས། །རྩེ་གཅིག་མི་གཡོ་དྭངས་པས་ཤེས་པ་གསལ། །རང་བྱུང་ཡེ་ཤེས་ཁོང་ན་སད་པར་བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤོངས། །ཞེས་དང་། ཡང་དགོན་པའི་ཞལ་ནས། དང་པོ་ངང་ལ་གནས་པ་རྩེ་གཅིག་གི་རྣལ་འབྱོར་ཏེ། དེ་ལ་ཡང་གནས་པའི་ཏིང་ངེ་འཛིན་ཞི་གནས་རྐྱང་པ་ཡིན་ལ། །འདིར་རྣལ་འབྱོར་ཅེས་པས། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་དགོས་ཏེ། ཕྲ་རགས་ཀྱི་རྣམ་རྟོག་རང་སར་ཞི་ནས། སེམས་གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུར་གསལ་སེང་ངེ་གནས་པ་ལ། རྟོག་མེད་དུ་ངེས་ཤེས་སྐྱེས་པ་ནི། ལྷག་མཐོང་གི་ཉམས་ཡིན་པས། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་བསྒོམ་དེ། བསྒོམ་བཟང་པོའི་དུས་ན་རྟོག་མེད་ཀྱི་ཤེས་པ། བདེ་གསལ་དུ་སེང་གེ་ཡེ་རེ། རྗེན་ནེ་ལྷང་ངེ་གནས་པ་ནི། བདེ་གསལ་གྱི་ངོ་བོ་མཐོང་བ་སྟེ། རེས་བསྒོམས་ཀྱང་མི་འོང་། རེས་མ་བསྒོམས་ཀྱང་འོང་བ། རྩེ་གཅིག་ཆུང་ངུ་ཡིན་ནོ། །ཞེས་དང་། རྒྱལ་དབང་ཆོས་རྗེས་གསུངས་པ། འདིར་བཤད་ན་རྩེ་གཅིག་གི་རྩེ་གཅིག་ནི། རྣམ་གཡེང་གི་རྟོག་པ་ཞི་
བའི་ངང་དུ་རྩེ་གཅིག་ཏུ་གནས་པ་དེ་ཡིན། རྩེ་གཅིག་གི་སྤྲོས་བྲལ་ནི། གནས་པ་དེའི་ངོས་ནས་མཚན་མའི་སྤྲོས་པ་དེ་མི་དམིགས་པ་དེ་ཡིན། རྩེ་གཅིག་གི་རོ་གཅིག་ནི། མི་རྟོག་པ་དང་རྣམ་པ་བདེ་བ་དང་གསལ་བ་དེ་ལ། ཉམས་ཀྱི་བདེ་གསལ་མི་རྟོག་པ་གསུམ་རོ་གཅིག་ཏུ་འདྲེས་པ་ཡིན། རྩེ་གཅིག་གི་བསྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་འཁོར་ཡུག་ཏུ་སོང་བ་དེ་ཡིན། ཞེས་གསུངས་སོ། །བཀའ་བརྒྱུད་སྤྱིའི་ལུགས་ལ། འདི་ཙམ་ངོ་འཕྲོད་ནས། དེ་ཡན་ཆད་ས་མཚམས་མི་ཕྱེ་བ་སྐྱོང་འཇུག་པ་ཡིན། ས་མཚམས་ཕྱེས་ཀྱང་ཞུ་ཤེས་མི་ཤེས་ཀྱི་དབང་གིས་ས་མཚམས་འབྱེད་པར་དཀའ། གོལ་ས་རྣམས་ནི་ཞི་གནས་ཀྱི་སྐབས་ནས་ཡིན་གྱི། ལྷག་མཐོང་ངོ་འཕྲོད་ནས་གོལ་ས་མེད། རྩེ་གཅིག་གི་སྣེ་ཟིན་ནས་ཕྱག་རྒྱ་ཆེན་པོའི་ལམ་སྣེ་ཟིན་པ་ཡིན་པས། མི་སྐྱུར་བར་སྐྱོང་བ་རང་གིས་ཆོག །བོགས་འདོན་ཡང་ལོག་ནས་མི་དགོས་ཏེ། མོས་གུས་དང་གསོལ་འདེབས་ཁོ་ནས་ཆོག །གཞན་ལ་དྲི་རྟོགས་དང་བཅས་བཅོས་ཡང་མི་དགོས་ཏེ། མོས་གུས་དྲག་པོས་གསོལ་བ་བཏབ་ནས། བླ་མ་རང་ལ་བསྟིམ་སྟེ། །
སེམས་ལ་བལྟས་པས། གང་ཤར་བའི་རྟོགས་པ་དེ་ལ། གེགས་དང་གོལ་ས་ཅི་ཡང་མེད་པས། དེ་ལ་ངོ་སྤྲོད་ཀྱང་མི་དགོས། ས་ལམ་ཐམས་ཅད་མོས་གུས་ཀྱི་སྟོབས་ལས་སྐྱེས་པའི་ཉམས་རྟོགས་དེས་བསྒྲོད་པ་ནི། རྡོ་རྗེ་ཕག་མོས་རྒོད་ཚང་བ་ལ་གནང་བའི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཚར་རོ།། ༼༡༦༽ འདི་སྐབས་གནས་འགྱུ་ངོ་སྤྲོད་དྲི། ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཆུ་བུར་མིག་གིས་བལྟས་པས། ཡེ་ཤེས་ཀྱི་སྤྱན་ཤར་བའི་གདམས་ངག །རྫོགས་པ་ཆེན་པོ་འོད་གསལ་ཐོད་རྒལ་གྱི་ཁྲིད་འདི་ཡང་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་། འབྲེལ་ཆེ་བ་ཡིན་པས་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས། ཐུགས་རྗེ་ཆེན་པོའི་ཆོས་འདི་རྫོགས་པ་ཆེན་པོ་ཡང་ཡིན་ཏེ། ཞེས་སོགས་རྒྱ་ཆེར་གསུངས། སྤྱིར་རྫོགས་ཆེན་འདི་ཐེག་པ་དགུའི་ཡང་རྩེ་མཁའ་འགྲོའི་སྙིང་ཁྲག་མན་ངག་གི་ཆོས། བཀའ་སྲུང་མ་གཟའ་དམ་གསུམ་ཡོད་པས་ཤིན་ཏུ་གཉན་པའི་ཕྱིར། གཅིག་བརྒྱུད་མ་གཏོགས་ཁྲོམ་ཆོས་སུ་བཤད་མི་རུང་ནའང་། ཀརྨ་གླིང་པའི་གཏེར་ཁ། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་དང་། དགོངས་པ་རང་གྲོལ་གཉིས་ཀའི་ཐུན་མོང་གི་ཆོས།
བར་དོ་ཁྲིད་དྲུག་གི་ནང་ནས། སྒྲོན་མ་དྲུག་གི་ངོ་སྤྲོད། ཤེས་རིག་རང་གྲོལ་དང་། ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། ལྔ་པ་ཉི་ཟེར་འོད་། ཟེར་ངོ་སྤྲོད་ཀྱིས། །སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ། །ཞེས་གསུངས་པ་དེ་བཤད། འདི་ནི་འགྲོ་དོན་ཆོས་ཡིན་པས་ཁྲོམ་ཆོས་རུང་བར་བཤད། དེ་བཤད་པ་ལ་ཐོག་མར་རྫོགས་ཆེན་དང་འབྲེལ་པའི་དབང་ཞིག་ཐོབ་དགོས། རྫོགས་ཆེན་དང་འབྲེལ་བའི་དབང་ཞིག་སྔོན་དུ་བསྐུར་ཡོད་པ་དེས་འཐུས། དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་རྐང་མཐིལ་གཡས་སུ་ཡི་གེ་དུ་ནག་པོ་གཅིག་ལ་བདག་དང་སེམས་ཅན་ཐམས་ཅད་ཚ་དམྱལ་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས། མེ་ལོང་ལ་གཟུགས་བརྙན་འཆར་བ་ལྟར། ཚ་དམྱལ་བརྒྱད་དུ་གྱུར། དེའི་ནང་དུ་རང་ཚུད་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་བསྒོམས་ལ། རཾ་ན་ར་ཀ །ལན་བདུན་ནམ་གསུམ་ཙམ་བརྗོད་ཅིང་། ད་དེ་སྒོམ་མཁན་གྱི་སེམས་ལ་ལྟོས། ཅི་ཡི་ངོ་བོར་ཡང་མ་གྲུབ། ད་རྐང་མཐིལ་གཡོན་དུ་ཡི་གེ་དུ་ནག་པོ་གཅིག་ལ། གྲང་དམྱལ་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་གྲོང་
དམྱལ་དུ་གྱུར། དེའི་ནང་དུ་རང་ཚུད་ནས་ཤིན་ཏུ་འཁྱག་ཅིང་ལུས་གས་པར་བསྒོམས་ལ། ཁཾ་ན་ར་ཀ །ལན་བདུན་བརྗོད་ཅིང་། དེ་སྒོམ་མཁན་གྱི་སེམས་ཀྱི་ངོ་བོ་ལ་ལྟོས། །གསང་གནས་སུ་ཡི་གེ་སྦེ་དམར་པོ་ལ་ཡི་དྭགས་སུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་ཡི་དྭགས་ཀྱི་གླིང་དུ་གྱུར། དེའི་ནང་དུ་རང་ཚུད་པས་བཀྲེས་སྐོམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་བསྒོམས་ལ། སརྦ་པྲ་ཏ་ཀ །ལན་བདུན་བརྗོད། ད་སེམས་ལ་ལྟོས། ལྟེ་བར་ཡི་གེ་ཏྲི་དམར་ནག་གཅིག་ལ་དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་དུད་འགྲོའི་གླིང་དུ་གྱུར། གླེན་ཞིང་ལྐུགས་པ་བསྒོམས་ལ། སརྦ་ཏིདྨ་ཀ་ལན་བདུན་བརྗོད། ད་སེམས་ལ་ལྟོས། སྙིང་གར་ཡི་གེ་ནི་ལྗང་ཁུ་གཅིག་ལ་མིར་སྐྱེ་བའི་རྒྱུ་ཐམས་ཅད་ཐིམ་པས་གླིང་བཞི་མི་ཡི་འཇིག་རྟེན་དུ་གྱུར། སྐྱེ་རྒས་ན་འཆིའི་སྡུག་བསྔལ་ཐམས་ཅད་བསྒོམས་ལ། སརྦ་མ་ནུ་ཁེ་ལན་བདུན་བརྗོད། དེ་ནས་སེམས་ལ་ལྟོས། །མགྲིན་པར་ཡི་གེ་སུ་སེར་པོ་གཅིག་ལ་ལྷ་མིན་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་ལྷ་མིན་འཐབ་རྩོད་ཀྱི་གནས་སུ་གྱུར། རང་དེའི་ནང་དུ་ཚུད་ནས་འཐབ་རྩོད་སྡུག་བསྔལ་སྐྲག་
སྔངས་ཡོད་པར་བསྒོམས་ལ། སརྦ་ཨ་སུ་ར་ལན་བདུན་བརྗོད། དེ་སྒོམ་མཁན་སེམས་ལ་ལྟོས། སྤྱི་བོར་ཡི་གེ་ཨ་དཀར་པོ་གཅིག་ལ་ལྷར་སྐྱེ་བའི་རྒྱུ་ཐམས་ཅད་ཐིམ་པས། འདོད་ལྷ་རིགས་དྲུག་སོགས་ལྷའི་གནས་སུ་གྱུར། རང་དེའི་ནང་དུ་སྐྱེས་ནས་ཕམ་ལྟུང་གི་སྡུག་བསྔལ་མྱོང་བར་བསྒོམས་ལ། སརྦ་དེ་ཝ་ལན་བདུན་བརྗོད། །དེ་ལྟར་སྒོམ་མཁན་སེམས་ལ་ལྟོས། སེམས་སྟོང་པ་ཉིད་ཡིན། སྟོང་པ་ཉིད་ལ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་མ་གྲུབ་བོ། །དེ་ལྟར་བསྒོམས་པས་རིགས་དྲུག་གི་སྐྱེ་སྒོ་ཆོད་པའི་གདམས་ངག་ཡིན། ད་སྐྱེ་སྒོ་གཅོད་པའི་སྔགས་འདི་འུར་འདོན་མཛོད། འཿཨཿཤཿསཿམཿ ད་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་གསུམ་བསྒོམ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐིམ་པས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར། ལུས་ཀྱི་རྩ་ལྷ། གནས་དྲུག་གི་རིགས་དྲུག་གི་གྲོང་ཁྱེར་ས་བོན་ཡིག་འབྲུ་དང་བཅས་པ་བསྲེགས་ནས་རིགས་དྲུག་གི་གནས་སྟོང་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་ལ་འུར་འདོན་གཅིག་མཛོད། དེ་ནས་
ཁྱེད་རང་རྣམས་དགེ་འདུན་དཀོན་མཆོག་གི་ངོ་བོ་དགེ་སློང་མ་ཕམ་པ་ཡིན་པར་བསྒོམས་ལ་ན་མཿསཾ་གྷ་ཡ་ལན་གསུམ་བརྗོད། ད་ཁྱེད་རང་རྣམས་ཆོས་དཀོན་མཆོག་གི་ངོ་བོ་ཡུམ་ཆེན་མོ་ཡིན་པར་བསྒོམས་ལ་ན་མོ་དྷརྨཱ་ཡ་ལན་གསུམ་བརྗོད། དེ་ནས་ཁྱེད་རང་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུར་བསྒོམས་ལ། ན་མོ་བུདྡྷ་ཡ་ལན་གསུམ་བརྗོད། དེ་ནས་ཁྱེད་རང་རྣམས་ཞི་བ་ཐུགས་རྗེ་ཆེན་པོའི་སྐུར་བསྒོམས་ལ། ཡིག་དྲུག་ལན་གསུམ་བརྗོད། ཁྲོ་བོ་རྟ་མགྲིན་གྱི་སྐུར་བསྒོམས་ལ་ཨོ་རྒྱ་གྲི་ཝ་ཧཱུྃ་ཕཊ། ལན་གསུམ་བརྗོད། ལུས་འདི་ཡང་འབྱུང་བ་ལྔ་ལས་གྲུབ། ཕྱིའི་འབྱུང་བ་ལྔ་ཡང་ནང་རིག་པ་སེམས་ཉིད་ཀྱི་རྩལ་ཡིན་པར་འདུག་བསམ་པ་གྱིས་ལ་རྗེས་ཟློས་ལན་གསུམ་མཛོད། ཨེ་ཡཾ་རཾ་བཾ་ལཾ། ད་ཁྱེད་རང་རྣམས་སྐྱིལ་ཀྲུང་དང་ལུས་དྲང་པོར་བསྲང་ལ་སྤྱི་བོར་ཐལ་མོ་སྦྱོར། ལུས་འདི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཡི་གེ་ཧཱུྃ་སྔོན་པོས་མཚན་པ། དེ་ལས་ཧཱུྃ་སྔོན་པོ་ཐུགས་ཀ་ནས་འཕྲོས། འཇིག་རྟེན་ཐམས་ཅད་ཧཱུྃ་སྔོན་པོས་གང་། ཚུར་འདུས་ནམ་མཁར་ཧཱུྃ་སྔོན་པོ་ཁྲུ་གང་ཙམ་ཞིག་བསྒོམ། ལུས་ཀྱི་ནང་ཐམས་ཅད་ཀྱང་ཧཱུྃ་སྔོན་པོ་མང་པོས་གང་བར་
བསྒོམས་ལ། ཧཱུྃ་རིང་ལན་གསུམ་ལ་དབྱངས་དང་། ཧཱུྃ་ཐུང་འུར་འདོན་གཅིག་མཛོད། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། དེ་ལྟར་ཁམས་གསུམ་འཁོར་བའི་རུ་ཤན་ཕྱེ་བས། འཁོར་བར་མི་འཁྱམས་པའི་གདམས་ངག་ཡིན་ཏེ། ལུས་གནད་ཅི་བདེར་བཅས། ངག་ཅི་ཡང་མི་སྨྲ། སེམས་བསམ་བརྗོད་བྲལ་བའི་ངང་ལ་མ་ཡེངས་པར་བཞག །དེ་ནས་དངོས་གཞི་སྒྲོན་མ་དྲུག་གི་ངོ་སྤྲོད་གོ་བར་བཤད་ན། སྒྲོན་མའི་ངོ་བོ་ནི། རང་གི་རིག་པའི་ངོ་བོ། སྒྲོན་མའི་རང་བཞིན་ནི་སྟོང་པ་ཉིད། སྒྲོན་མའི་མཚན་ཉིད་ནི། །གསལ་སྟོང་གཉིས་སུ་མེད་པ་སྟེ། དེ་དག་ནི་སྔོན་ངོ་སྤྲོད་ཀྱི་སྐབས་སུ་སོང་བས་འདིར་བཤད་མི་དགོས། ངེས་ཚིག་ནི་སྤྱིར་གཞི་བདེ་གཤེགས་སྙིང་པོ་ལ་གནས་པ་གཞིའི་སྒྲོན་མ་ཞེས་བྱ་བ། དེ་དག་ནི་རྫོགས་པ་ཆེན་པོའི་གཞི་ཁྲེགས་ཆོད་ཅེས་བྱ་སྟེ། ཕྱག་རྒྱ་ཆེན་པོ་དང་དོན་གཅིག །རྫོགས་ཆེན་སེམས་སྡེའི་སྐོར་ཡིན། གཞི་རྟོགས་པར་བྱས་ནས་ལམ་ཐོད་རྒལ་གྱིས་བསྒྲོད་པ་ནི། རྫོགས་ཆེན་ཀློང་སྡེ་དང་མན་ངག་གི་སྡེ་ཞེས་བྱ་བ་སྟེ། ཕྱག་ཆེན་ལས་ཀྱང་ཐེག་པ་མཐོ་བར་བཤད་པ་ཡིན། ཙིཏྟ་ཤའི་སྒྲོན་མ་ཞེས་བྱ་བ་ནི།
གནས་ལུགས་ཀྱི་དོན་དེ་སྤྱིར་ལུས་ལ་གནས་ཤིང་ཁྱད་པར་དུ་ཡང་སྙིང་གི་ནང་ན་གནས་ཏེ། རིག་པ་སྙིང་དཀྱིལ་དུ་གནས་པ་ལ། །ཙིཏྟ་ཤའི་སྒྲོན་མ་ཞེས་བྱའོ། །དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་ནི། སྙིང་དང་མིག་གཉིས་འབྲེལ་བའི་རྩ་སྐྱོན་མེད་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་བྱའོ། །ཞེས་དང་། ནང་ན་ཁྲག་དང་ཆུ་སེར་མེད་པའི་སྟོང་གསལ་གཅིག་ཡོད་པ་སྟེ། རིག་པ་འགྱུར་བ་མེད་པ་ཡིན། དེ་ལ་ནི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་སྟེ། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ནི། མིག་ཆུའི་དཀྱིལ་འཁོར་ནས། །མཐོང་བ་མ་འགགས་པར་གསལ་ཏེ། མིག་གིས་མཐོང་བ་མ་འགགས་པར་གསལ་བ་འདི་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །ངོ་སྤྲོད་མཐོང་བ་རང་གྲོལ་ཨོ་རྒྱན་གྱི་གསུངས་པ་ལོས། སྔ་དྲོའམ་དགོང་མོ་ནམ་མཁའ་ཉི་ཟེར་གསལ་བའི་དུས་སུ། སློབ་བུ་ཐམས་ཅད་ཕྱེད་བསྙེས་སུ་ཉི་མ་ལ་མིག་ཟིམ་བུས་བལྟས་པས། འདིར་བལྟ་བཅུག་ཀྱང་རུང་། དེ་དག་ཀྱང་རྨ་བྱའི་མདངས་ལྟ་བུའམ། ཕུབ་ཀྱི་ཆ་འཁོར་ལྟ་བུའམ། འཇའ་འོད་མུ་ཁྱུད་ལྔ་ལྡན་ནང་ན་བཞུགས་པ་ནི། རྣམ་དག་ཆོས་དབྱིངས་སྒྲོན་མ། དེ་དག་གི་ཟེར་དང་
མདངས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོ་ཞིང་གསལ་བ། འོད་ཟེར་དེ་དག་གི་ནང་ནས་ཐིག་ལེ་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ། ཉ་མིག་ལྟ་བུ་དང་། །གི་དྲྭ་བ་ལྟ་བུའི་བར་དུ། དྲ་བ་དྲྭ་ཕྱེད། ལུ་གུ་རྒྱུད་དུ་འབྲེལ་ཞིང་འགུལ་བ་དང་། འཕྲིག་པར་སྣང་བ། ཉི་མ་ལ་མིག་ཟིམ་བུར་བལྟས་པས། ཉི་མའི་ཟེར་མཚོན་ཆ་གཤིབ་པ་འདྲ་བ་དང་། མདུང་རྩེ་གཤིབས་པ་འདྲ་བ་དང་། བ་དག་གཟེང་བ་འདྲ་བ་འོང་སྟེ། དེ་ནི་ཆོས་ཉིད་བར་དོར་འོད་ཟེར་མཚོན་ཆའི་ཆར་འབབ་པ་འདྲ་བ། རང་གི་ཐོག་ཏུ་ཟུག་ནས་འོང་བའི་སྣང་བ་འཆར་ནས་འོང་སྟེ། དེ་ནི་མཚོན་ཆ་མ་ཡིན་ཏེ། ཡེ་ཤེས་གསལ་བའི་ཟེར་ཡིན་ཏེ། དེ་ལ་མ་སྐག་པར་རང་སྣང་ངོ་ཤེས་པར་གྱིས་ཤིག །འོད་ཁ་དོག་ལྔ་སྣང་བ་འདི། ངོ་མ་ཤེས་ན་ཉོན་མོངས་པ་དུག་ལྔ་ཡིན། འོད་ལྔ་ངོ་ཤེས་ན་རྒྱལ་བ་རིགས་ལྔ་སྟེ། འོད་ཟེར་མཐིང་ཀ་རྡོ་རྗེ་སེམས་དཔའ། འོད་ཟེར་དཀར་པོ་རྣམ་ཕྱོགས་པར་སྣང་མཛད་ཡིན། འོད་ཟེར་སེར་པོ་རིན་ཆེན་འབྱུང་ལྡན་ཡིན། འོད་ཟེར་དམར་པོ་སྣང་བ་མཐའ་ཡས་ཡིན། འོད་ཟེར་ལྗང་ཁུ་དོན་ཡོད་གྲུབ་པ་ཡིན། ངོ་མ་ཤེས་ན་ཕུང་
པོ་ལྔ་ཡིན་ནོ། །འོད་ལྔའི་དོན་རྟོགས་ན་ཡུམ་ལྔ་ཡིན་ཏེ། འོད་ཟེར་མཐིང་ཀ་ནམ་མཁའི་དབྱིངས་ཕྱུག་མ། འོད་ཟེར་དཀར་པོ་སངས་རྒྱས་སྤྱན་མ་ཡིན། འོད་ཟེར་སེར་པོ་ཡུམ་མཆོག་མཱ་མ་ཀཱི། །འོད་ཟེར་དམར་པོ་ཡུམ་མཆོག་གོས་དཀར་མོ། །འོད་ཟེར་ལྗང་ཁུ་དམ་ཚིག་སྒྲོལ་མའོ། །ངོ་མ་ཤེས་ན་འབྱུང་བ་ལྔ་ཡིན་ནོ། །འོད་ལྔའི་དོན་ཤེས་ན་ཞིང་ཁམས་ལྔ་ཡིན་ཏེ། འོད་ཟེར་མཐིང་ཁ་འཐུག་པོ་བཀོད་པའི་ཞིང་། འོད་ཟེར་དཀར་པོ་མངོན་པར་དགའ་བའི་ཞིང་། འོད་ཟེར་སེར་པོ་དཔལ་དང་ལྡན་པའི་ཞིང་། འོད་ཟེར་དམར་པོ་བདེ་བ་ཅན་གྱི་ཞིང་། འོད་ཟེར་ལྗང་ཁུ་ལས་རབ་རྫོགས་པའི་ཞིང་། ངོ་མ་ཤེས་ན་འོད་ལྔ་ཕྱོགས་ལྔའོ། །འོད་ལྔའི་དོན་ཤེས་ན་ཁྲག་འཐུང་རིགས་ལྔའི་སྐུ། འོད་མཐིང་ཀ་བཛྲ་ཧེ་རུ་ཀ །དཀར་པོ་བྷུདྡྷ་ཧེ་རུ་ཀ །སེར་པོ་རཏྣ་ཧེ་རུ་ཀ །དམར་པོ་པདྨ་ཧེ་རུ་ཀ །ལྗང་ཁུ་ཀརྨ་ཧེ་རུ་ཀ །ངོ་མ་ཤེས་ན་ཉོན་མོངས་བདུད་ལྔའོ། །འོད་ལྔ་ཤེས་ན་མཁའ་འགྲོ་སྡེ་ལྔ་སྟེ། འོད་ཟེར་མཐིང་ཀ་རྡོ་རྗེ་མཁའ་འགྲོ་ཡིན། འོད་ཟེར་དཀར་པོ་སངས་རྒྱས་མཁའ་འགྲོ་ཡིན། འོད་ཟེར་སེར་པོ་རིན་ཆེན་མཁའ་འགྲོ་ཡིན། འོད་
ཟེར་དམར་པོ་པདྨ་མཁའ་འགྲོ་ཡིན། འོད་ཟེར་ལྗང་གུ་ལས་ཀྱི་མཁའ་འགྲོ་ཡིན། ངོ་ཤེས་པར་གྱིས་ཤིག །མ་འཁྲུལ་ཞིག །མ་སྐྲག་ཅིག །ངོ་ཤེས་པར་གྱིས་ཤིག །རྒྱ་མཚོ་ཨར་གཏད་ངོ་སྤྲོད་ནི། མིག་གཉིས་མཛུབ་མོ་ཡིས་མནན་པས་འོད་སྐོར་བུ་འོང་སྟེ། ད་ལྟ་སྙིང་གི་དཀྱིལ་ན་ཞི་བའི་སྐུ། འཇའ་འོད་ཀྱི་ར་བ་ན་ཡོད་པའི་རྟགས་ཡིན་པས་ཤེས་པར་གྱིས་ཤིག །རྒྱ་མཚོའི་རྦ་ཀློང་ངོ་སྤྲོད་ནི། རྣ་བ་གཉིས་མཛུབ་མོས་མནན་པས། སྟེང་ནས་འུར་ཏིང་སྒྲ་འབྱུང་སྟེ། ཆོས་ཉིད་བར་དོར་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་ཡིན་ནོ། །ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི། མིག་གཉིས་ཀ་ཡུན་རིང་མཛུབ་མོས་བཙིར་བས། ཟེར་དང་ཐིག་ལེ་ལུ་གུ་རྒྱུད་དུ་རྒྱ་ཆེ་བར། འགུལ་འཕྲིག །ཡེ་ཤེས་ཤིག་འཕྲོ་བ་སྟེ། ཆོས་ཉིད་བར་དོར་ཟེར་གྱི་སྣང་བ་འཆར་བས། དེའི་རྟགས་ཡིན་པར་ཤེས་པར་གྱིས་ཤིག །འོ་ན་འཇའ་འོད་འདི་བལྟས་པས་ཅི་ལ་ཕན་ཞེ་ན། བར་དོ་དུས་ཀྱི་སྒྲོན་མ་ཞེས་བྱ་བ། ཆོས་ཉིད་བར་དོར་འཇའ་འོད་ཐིག་ལེ་ཐིག་ཕྲན་འདི་ལྟ་བུས་གང་ནས་འཆར། དེའི་ནང་ནས་ཞི་བ་དང་ཁྲོ་བོའི་སྐུ་
དཔག་ཏུ་མེད་པ་འཆར་བའི་ཚེ་ད་ལྟ་ངོ་སྤྲད་པའི་དོན་དྲན་ནས་འཇིགས་སྐྲག་དང་བྲལ་ནས་དག་པའི་ཞིང་ཁམས་སུ་སྐྱེ་བར་གསུངས་སོ། །སྐབས་འདིར་ཡེ་ཤེས་འོད་ལམ་གྱི་སྨོན་ལམ་རྣམ་པར་དག་པ་གདབ་པར་བྱའོ། །ཞེས་གསུངས་པས། དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྒྱལ་བ་རིགས་ལྔས་ལམ་སྣ་དྲོངས། །ཡུམ་མཆོག་རིགས་ལྔ་མཁའ་འགྲོས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ནས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །སྒྲ་འོད་ཟེར་གསུམ་སྒྲ་རུ་མི་སྡང་ཞིང་། །ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག །འོ་ད་ནང་ནུབ་ནམ་མཁའ་ལ་དུས་རྒྱུན་དུ་ལྟོས་དང་། ངོ་མཚར་ཅན་གྱི་མཐོང་རྒྱུ་མང་པོ་ཡོད། འོད་ཁ་དོག་ལྔ་མཐོང་བ་ཡང་འཛའ་མཐོང་བ་དང་མི་འདྲ། ཡེ་ཤེས་ལྔ་དངོས་སུ་མཐོང་བ་ཡིན་པས། དོན་ལ་རྒྱལ་བ་རིགས་ལྔ་མཇལ་བ་དང་ཁྱད་པར་མེད། ལས་དག་པ་ལ་རྒྱལ་བ་རིགས་ལྔ་དང་། ཐུགས་རྗེ་ཆེན་པོ་དང་ཨོ་རྒྱན་ལ་སོགས་པ་ཞི་བའི་ལྷ་མང་པོ་དང་། རྟ་མགྲིན་ལ་སོགས་པ་ཁྲོ་བོ་མང་པོ་ཡང་དངོས་སུ་
མཇལ་རྒྱུ་ཡོད་དེ། དེ་དག་མཇལ་ན་ཡང་བླ་མ་དང་མཆེད་གྲོགས་མ་གཏོགས་ལ་བཤད་མི་རུང་གསང་དགོས། མ་གསང་ན་བཀའ་སྲུང་མ་གཟའ་དམ་གསུམ་གཉན་དྲག་པས་རང་ལ་ན་བ་སོགས་འོང་བས་གསང་བར་མཛོད།། ༼༡༧༽ ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རྗེས་ཞལ་གདམས་དང་བསྔོ་བས་རྒྱས་འདེབས་པ་ནི། རྒྱལ་བ་ཡང་དགོན་པའི་ཞལ་ནས། ཆོས་རྫོགས་པ་ཆེན་པོ་ཡིན་པས་མི་ཕན། གང་ཟག་རྫོགས་པ་ཆེན་པོར་འགྲོ་དགོས། ཆོས་སྐད་ལ་རྟ་རི་བ་བྱས་ཀྱང་། གང་ཟག་ལ་ཁྱི་མི་རི་བ་མང་པོ་མཐོང་། ཆོས་ལ་ཚིག་ཤེས་པ་དང་བློ་ཡུལ་དུ་གོ་བ་རྐྱང་པས་མི་ཕན། ཚིག་མིང་རྐྱང་དང་ལག་ལེན་མི་རྒན་དུ་སོང་ནས། ཚིག་ཟིན་སྐམ་པོ་སྒྲིགས་སྐྱེད་ཐམས་ཅད་ནེ་ཚོའི་འདོན་པ། པཀའི་གླུ་དང་ཁྱད་མེད། ཆོས་གཅིག་གོ་གཉིས་གོ་ཐམས་ཅད་ལག་ལེན་ལ་འདེབས་པ་ཞིག་དགོས། གཅིག་ཤེས་གཉིས་ཤེས་རང་རྒྱུད་ལ་སྦྱོར་བ་ཞིག་དགོས། ཆོས་རང་གི་རྒྱུད་ཐོག་ཏུ་མ་བྱོན། སེམས་དང་ཆོས་ཀྱི་ཕྱེ་ཆུ་མ་འདྲེས་པར། ཆོས་དང་གང་ཟག་གི་བར་ན་ཧམ་དཔག་མི་ཤོང་བ་ཙམ་བྱས། ཆོས་གློ་བའི་ཚོད་མ་
བཞིན་ཁ་ན་ཡམ་མེ་བྱས་པ་དེས། ཆོས་ཀྱིས་དོན་བྱེད་མ་ནུས་པ་ལགས་མོད། ཅེས་གསུངས་པས། ད་རེས་ངས་བཤད་པའི་དོན་དེ་དག་རང་གི་ཆེ་གོ་ཆུང་གོ་དེ་མི་སྐྱུར་བར་ཉམས་སུ་ལེན་པ་གལ་ཆེ། དེ་ལྟར་ཉམས་སུ་བླངས་བའི་ཕན་ཡོན་ནི། རྟོགས་ཆེན་གྱི་མདོ་ལས། ཐང་ཅིག་ཏིང་འཛིན་སྒོར་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་བྱིན་པས་ནི་འདི་དོན་ཆེ། །ཞེས་དང་། ཐར་ཆེན་ལས། གང་གི་ཆོས་འདི་འཇིག་པའི་ཚེ། །རྒྱལ་བའི་དྲིན་ལེན་ལོན་འདོད་པས། །སྐད་ཅིག་ཡུད་ཙམ་སྒོམ་བྱེད་པ། །སྟོང་ཁམས་གང་བའི་སེམས་ཅན་ལ། །སྲོག་གི་སྦྱིན་པ་བཏང་བ་བས། །བསམ་གཏན་བསྒོམ་པ་བསོད་ནམས་ཆེ། །ཞེས་དང་། དམ་པ་འཇུག་པའི་མདོ་ལས། སེམས་ཅན་ཐམས་ཅད་ལ་ཇི་སྲིད་འཚོའི་བར་དུ། འཚོ་བའི་ཡོ་བྱད་ཀྱིས་ཚོགས་བསགས་པ་བས། སྟོང་པ་ཉིད་ཐུན་གཅིག་བསྒོམ་པ་བསོད་ནམས་ཆེའོ། །ཞེས་དང་། གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོར་ཐོས་པ་བསགས་པ་བས་ནི། ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམ་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་ཤིའི་ལམ་དང་
རིང་དུ་བྱེད་པའི་ཕྱིར་རོ། །ཞེས་དང་། ཏེ་ལོ་པའི་ཞལ་ནས། དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། །ཞེས་གསུངས་པས། དེ་ལྟར་ཉམས་ལེན་བྱས་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཅིང་། རབ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ། ཡང་ན་ཕྱི་དབུགས་ཆད་ཙ་ན་འཆི་བ་ཆོས་ཀྱི་སྐུར་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་དམ་གྱི་ལྷ་དང་དབྱེར་མེད་དུ་སངས་རྒྱ་བ་སོགས། གང་ཟག་དབང་པོའི་བྱེ་བྲག་གིས་འབྲས་བུ་སངས་རྒྱས་ཐོབ་ལུགས་ཉི་ཤུ་རྩ་གཅིག་གསུངས་པའི་ནང་ནས། ཐ་མའི་ཡང་ཐ་ནི། སྤྲུལ་སྐུའི་ཞིང་ཁམས་དག་པར་དབུགས་དབྱུང་བ་ཞེས་བྱ་སྟེ། སྨོན་ལམ་གར་བཏབ་པའི་སངས་རྒྱས་ཀྱི་ཞིང་ཁམས་སུ་སྐྱེ་བར་གསུངས། དེ་ལ་མ་གཅིག་ལབ་སྒྲོན་གྱི་ཞལ་ནས། བདེ་བ་ཅན་མ་གཏོགས་པའི་ཞིང་ཁམས་རབ་རྣམས་སུ། ས་བརྒྱད་པ་མ་ཐོབ་བར་མི་སྐྱེ། ཞིང་ཁམས་འབྲིང་རྣམས་སུ་ཉོན་སྒྲིབ་ཕྲ་བ་ཡང་སྤངས་ནས་སྒོམ་ལམ་
ཡན་ཆད་ཐོབ་དགོས། དེ་མིན་མི་སྐྱེ། གཙང་མའི་གནས་ལྔ་འོག་མིན་སོགས་དང་ལྕང་ལོ་ཅན་སོགས་ནའང་བདག་འཛིན་རྩ་བ་ནས་ཆོད་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་མཐོང་ལམ་ཐོབ་དགོས། དེ་མིན་ན་མི་སྐྱེ། འོན་ཏེ་མཐོང་ལམ་མ་ཐོབ་པར་དམ་ཚིག་སྡོམ་པ་ལ་སྐྱོན་ཕྲ་མོ་ཡང་མེད་ཅིང་། དགེ་བ་ཁོ་ན་དང་སྨོན་ལམ་ལ་འབད་ན་དགའ་ལྡན་སོགས་ཞིང་ཁམས་ཆུང་ངུ་འགའ་ཞིག་ཏུ་སྐྱེ་རུང་ཙམ་སྟེ་དཀའ་བར་གདའོ། །དེས་ན་གང་ཟག་ཉོན་མོངས་པ་ཅན་རྣམས་སངས་རྒྱས་ཀྱི་ཞིང་ཁམས་སུ་སྐྱེ་བའི་རེ་བ་ཡོད་པ་མི་སྲིད་པ་ཡིན་ཏེ། འོན་ཀྱང་མགོན་པོ་འོད་དཔག་མེད་ཀྱི་སྨོན་ལམ་གྱི་དབང་གིས་ཞིང་དེ་རུ་སྐྱེ་བར་མགོན་པོ་ཉིད་ཀྱི་ཞལ་གྱིས་བཞེས་པ་ཡིན་པས་ན། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་སྨོན་ལམ་ལ་སྒོ་ཐམས་ཅད་ནས་འབད་དགོས་སོ། །དེ་ལ་ཐེ་ཚོམ་དང་སོམ་ཉི་ལེ་ལོ་སྤངས་ཏེ། ངེས་ཤེས་དང་བརྩོན་འགྲུས་དྲག་ལ་མྱུར་བའི་སྒོ་ནས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་དང་། ཕན་ཡོན་རྣམས་དྲན་པ་བྱས་ལ་སྨོན་ལམ་བཏབ་པར་བྱའོ། །བདེ་བ་ཅན་ནི་སངས་རྒྱས་གཞན་གྱི་ཞིང་ཁམས་ལས་ཁྱད་པར་ལྷག་སྟེ། ཐ་མལ་པ་ཉོན་མོངས་པ་
དང་བཅས་པའི་གང་ཟག་རྣམས་སྐྱེ་རུང་བས་ལྷག་པ་དང་། དེར་སྐྱེས་ནས་བསམ་པའི་དོན་ཐམས་ཅད་ཀྱང་བསམ་མ་ཐག་ནས་འགྲུབ་ཅིང་ཉོན་མོངས་ཀྱི་སྒྲིབ་པ་ཕྲ་བས་ཀྱང་མི་གོས་པ་དང་། གཞན་སངས་རྒྱས་ཀྱི་ཞིང་དུ་འགྲོ་བས་ཆོག་པས་ལྷག་པ་དང་། གཞན་གྱི་ཞིང་ཁམས་ལས་སངས་རྒྱས་པ་ཡང་མྱུར་བ་ལ་སོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བདེ་བ་ཅན་ལས་ཟུང་ཐག་ཉེ་བའི་ཞིང་ཁམས་གཞན་མེད་པས། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་འབད་པ་ཤིན་ཏུ་གལ་ཆེ། ཞེས་གསུངས་སོ། །དེ་ལྟར་བདེ་བ་ཅན་གྱི་བཀོད་པའི་མདོ་དང་། དཀོན་མཆོག་བརྩེགས་པའི་ལེའུ་འོད་དཔག་མེད་ཀྱི་མདོ་དང་། པདྨ་དཀར་པོའི་མདོ་དང་། རྔ་སྒྲའི་གཟུངས་དང་། །ཨོ་རྒྱན་རིན་པོ་ཆེའི་གསུངས་རྣམས་མཐུན་པར། མཚམས་མེད་པ་ལྔ་དང་། ཆོས་སྤང་བ་མ་གཏོགས་སེམས་རྩེ་གཅིག་གིས་ཞིང་ཁམས་དེར་སྨོན་ལམ་བཏབ་ན། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་ཐུབ་པར་གསུངས། དེ་ཡང་ཞེ་ཐག་པ་ནས་སྨོན་ལམ་བཅུ་བཏབ་ན་སྐྱེ་གསུངས། དེ་ནི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་སྨོན་ལམ་གྱི་མཐུས་ཡིན། །
དེ་ཕྱིར་ཞིང་ཁམས་དེར་སྨོན་ལམ་འདེབས་པ་གལ་ཆེ། ། བསྔོ་བ་སྨོན་ལམ་གྱིས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲ། བསྔོ་བས་ནི་རང་དོན་དང་གཞན་དོན་ཐམས་ཅད་འགྲུབ་སྟེ། །དཀོན་བརྩེགས་ལས། བྱང་ཆུབ་སེམས་དཔའི་སྦྱིན་བཏང་བས། །བྱང་ཆུབ་ཏུ་ནི་བསྔོ་བྱེད་ན། །སེམས་ཅན་ཀུན་ལ་ཕན་བྱེད་ཅིང་། །རང་དོན་དཔག་མེད་འཐོབ་པར་འགྱུར། །ཞེས་དང་། བསྔོ་བ་བྱས་པས་དགེ་བ་ཆུང་ངུ་གཅིག་ཡིན་ཡང་། སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་ཟད་པ་དང་། ཞག་རེ་སོང་ཞིང་སྐྱིད་རེ་འཕེལ་བས་ཆུང་ངུ་ལ་ཆེན་པོར་འགྱུར་བ་དང་། མཐར་ཐུག་འབྲས་བུ་སངས་རྒྱས་ཐོབ་པར་འགྱུར་བས་ཤིན་ཏུ་གལ་ཆེ། དེ་ཡང་སེམས་ངོ་མ་ཡེངས་པའི་ངང་ནས་བསྔོ་བ་བྱས་ན། འཁོར་གསུམ་ཡོངས་དག་གི་བསྔོ་བར་འགྱུར་བས་ཤིན་ཏུ་ཕན་ཡོན་ཆེ་སྟེ། མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས། ལྔ་ལྡན་རྩ་བ་ལས། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མོ་བྱས་ན། །དགོས་འདོད་ཀྱི་
འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་འབད་ཀྱང་འཚལ། །ཞེས་གསུངས་སོ། །དེས་ན་དགེ་སྦྱོར་གང་བྱེད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ། །དགེ་སྦྱོར་འདི་བྱའོ་སྙམ་པའི་བསམ་པ་བཟང་པོའི་སེམས་བསྐྱེད་དང་། དངོས་གཞིའི་ཚེ་ཡང་། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་དྲན་པར་བྱ། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས། མཎྜལ། བླ་མའི་རྣལ་འབྱོར་རྣམས་ཀྱི་དམིགས་པ་ཐུན་རེ་བྱ། དེ་ནས་རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོར་སྒོམ། སྤྱི་བོར་བླ་མ་ཀུན་འདུས་འོད་དཔག་མེད་ཀྱི་སྐུ་གཅིག་བསྒོམ། བླ་མ་ཐམས་ཅད་སྤྱན་དྲངས་དེ་ལ་བསྟིམ་ནས། བླ་མ་ཀུན་འདུས་སུ་བསྒོམ། ཡི་དམ་ཐམས་ཅད་སྤྱན་དྲངས་ནས་རང་ལ་བསྟིམས་པས། རང་ཉིད་ཡི་དམ་ཀུན་འདུས་སུ་བསྒོམ། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ། ཧྲཱིཿཡིག་ལ་ཡིག་དྲུག་གིས་གཡས་སུ་བསྐོར་བ། དེ་གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན་འདུས་སུ་བསྒོམ། དེ་ལྷ་གཅིག་བསྒྲུབས་པས་ཐམས་ཅད་འགྲུབ་པའི་གདམས་ངག་ཟབ་མོ་ཡིན། རང་གི་ཐུགས་
ཀ་ནས་འོད་ཟེར་འཕྲོས་པས། སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས་སུ་བྱས། བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསྒོམ། དེ་སྣང་བ་སྐུ་ཡི་ཁྱེར་སོ་ཡིན། དེ་རྣམས་ཀྱིས་རང་གི་རམ་བུ་བཀྱག་ནས་ཡིག་དྲུག་དི་རི་རི་འདོན་པར་བསྒོམ། སྒྲ་སྐད་ཐོས་ཚད་ཡི་གེ་དྲུག་པར་བསྒོམ། དེ་གྲག་པ་གསུང་གི་ཁྱེར་སོ་ཡིན་པས། སྐད་ཅིག་ལ་ཡང་དུང་ཕྱུར་མང་པོ་འགྲོ་བའི་གདམས་ངག་ཡིན། སེམས་ལ་བཟང་ངན་གྱི་རྟོག་པ་ཅི་ཤར་ཡང་དགག་སྒྲུབ་མེད་པར་དེའི་ངོ་བོ་བལྟས་ནས་མ་བཅོས་པར་བཞག་པ་ནི། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་སྟེ། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན། དེ་གསུམ་ཀ་མི་ཤོར་བ་བྱུང་ན་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་མཆོག་ཡིན། ཐ་ན་ཡང་དེ་གསུམ་གཅིག་དང་རྒྱུན་དུ་མི་འབྲལ་བར་བྱ། ཉི་མ་རྩེ་ཤར་དང་ནུབ་ཁ་ཟེར་གཉིས་ལ་རྫོགས་པ་ཆེན་པོ་འོད་གསལ་ཐོད་རྒལ་གྱི་དོན་ལ་བལྟ། ཞོགས་པ་ནམ་ལངས་དུས་སམ་ནུབ་མོ་སྲོད་ཀྱི་དུས། གཏོང་ལེན་གྱི་དམིགས་པ་ཐུན་རེ་མ་ཆག་པར་བསྒོམ། ཉལ་ཁ་དུས་དེ་རིང་དགེ་སྦྱོར་གང་འགྲུབ་ཐམས་
ཅད། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་བདག་མངོན་པར་རྫོགས་པར་སངས་རྒྱས་པར་བྱ། དེ་ཡང་བར་ཆད་མེད་ཅིང་མྱུར་དུ་སངས་རྒྱས་ཐོབ་པའི་ཕྱིར། །འདི་ནས་ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག་བསམ་པ་བྱས་ནས་ཤེས་ན་བདེ་བ་ཅན་དུ་སྐྱེ་བའི་བསྔོ་བ་དང་བདེ་སྨོན་བཟང་སྤྱོད་སོགས་འདོན། མི་ཤེས་ན་བདེ་བ་ཅན་དུ་སྐྱེ་བར་ཤོག་ཟེར་བ་དེ་རང་གིས་ཆོག །ནམ་འཆི་བའི་ཚེ་བདེ་བ་ཅན་དུ་འགྲོ་བསམ་པའི་ཐག་རྦད་གཅོད་བྱ། །མཚམས་མེད་ལྔ་དང་ཆོས་སྤངས་པ་མ་གཏོགས་དེར་སྐྱེ་ངེས་པ་ནི། སངས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས་ཡིན། ཕ་མ་དང་རྩ་བའི་བླ་མ་རྡོ་རྗེ་སློབ་དཔོན་དང་། འཕགས་པ་དགྲ་བཅོམ་པ་རྣམས་བསད་པ་དང་། རྫོགས་པའི་སངས་རྒྱས་གཅིག་དགྲོངས་པའམ་དགྲོང་ཤོམ་བྱས་ན་མཚམས་མེད་ཡིན་ཏེ། དེ་འདྲ་བྱེད་མཁན་ནི་སུ་མེད་དམ། དམ་པའི་ཆོས་སྤང་ན་མི་སྐྱེ་སྟེ། ཆོས་ནི་མ་སྤང་བར་ཅི་འགྲུབ་བྱེད་པའི་རྩིས་ཡིན་ལ། སྐྱེའམ་མི་སྐྱེ་བསམ་པའི་ཐེ་ཚོམ་མི་རུང་། ཐེ་ཚོམ་བྱས་ན་ཞིང་དེར་སྐྱེས་ནའང་། མེ་ཏོག་གི་ཁ་མི་བྱེ་
བས་སངས་རྒྱས་ཞལ་མཐོང་འཕྱི་བའི་སྐྱོན་ཡོད་གསུངས། དེ་ཕྱིར་སྐྱེའམ་མི་སྐྱེ་བསམ་པའི་ཐེ་ཚོམ་མི་བྱ། དེར་སྐྱེས་ན་ཅི་དགའ་སྙམ་ན། ཞིང་དེར་སྐྱེ་བའི་སྡུག་བསྔལ་མེད་དེ། མེ་ཏོག་པདྨའི་སྦུབས་ལ་བརྫུས་སྐྱེས་སྐད་ཅིག་ལ་ལུས་གྲུབ་པ་ཡིན། དེར་སྐྱེས་ཚད་ལ་སྐུ་གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། མངོན་ཤེས་དང་རྫུ་འཕྲུལ་དཔག་ཏུ་མེད་པ་དང་ལྡན་པ་ཁོ་ན་ཡིན། ཞིང་ཁམས་དེ་ན་ནད་དང་གདོན་དང་དགྲ་དང་མུ་གེ་ལ་སོགས་པའི་སྡུག་བསྔལ་གང་ཡང་རྣ་བས་ཀྱང་མི་ཐོས། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ། དུག་ལྔ་ནི་དེར་སྐྱེས་ཚད་ལ་མེད། ཞིང་ཁམས་འདིའི་བསྐལ་པ་གཅིག་གི་ཡུན་ནི་བདེ་བ་ཅན་གྱི་ཞིང་གི་ཞག་གཅིག་ཡིན། དེའི་རྩིས་བྱས་པའི་ལོ་གྲངས་བྱེ་བ་དུང་ཕྱུར་ལ་ཡང་འཆི་རྒྱུ་མེད། ན་རྒྱུ་མེད། རྒས་རྒྱུ་མེད། ཅི་འདོད་པའི་ཟས་གོས་ལོངས་སྤྱོད་དང་། སངས་རྒྱས་ལ་མཆོད་པ་འབུལ་རྒྱུ་རྣམས་བསམ་པ་ཙམ་གྱིས་ལྷུན་གྲུབ་ཏུ་འོངས། དེ་ལ་རྩོལ་སྒྲུབ་དང་ཉ་ར་འཚོ་སྐྱོང་མི་དགོས། ད་ལྟའི་སྡིག་སྒྲིབ་ཐམས་ཅད་རྣམ་སྨིན་གྱི་སྡུག་བསྔལ་མྱོང་མི་དགོས་པར། འོད་དཔག་མེད་ཀྱི་
ཞལ་མཇལ་ཕྱག་ཕུལ་བསྐོར་བ་བྱེད། མཆོད་པ་འབུལ་ཆོས་ཉན་པས་དག་པར་འགྱུར། རྫུ་འཕྲུལ་དང་མངོན་ཤེས་ལ་ཐོགས་པ་མེད་པས། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་འགྲོ་ནས་སངས་རྒྱས་མཇལ་ཆོས་ཉན། འབྲེལ་ཐོགས་ཀྱི་སེམས་ཅན་རྣམས་འདྲེན། དེ་དགོང་སླར་བདེ་བ་ཅན་དུ་ཚུར་སླེབས་པའི་རྫུ་འཕྲུལ་ལ་ཐོགས་པ་མེད། དེ་ལྟར་བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་ནས་སངས་རྒྱས་ལ་ཆོས་ཉན་མཆོད་པ་འབུལ། བསྐལ་པ་གྲངས་མེད་པར་ཏིང་ངེ་འཛིན་གྱི་རྩལ་སྦྱངས་བས། མདོ་ལུགས་ཀྱི་ས་བཅུ་ལམ་ལྔ། སྔགས་ལུགས་ཀྱི་བཅུ་གསུམ་རྡོ་རྗེ་འཛིན་པའི་ས། རྫོགས་ཆེན་ལུགས་ཀྱི་བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་སྟེ། མཐར་ནམ་ཞིག་ཚེ་འཕོས་མ་ཐག་ཏུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་སངས་རྒྱས་པར་བཤད་དོ། །དེས་ན་ཁྲིད་འདི་ཐོབ་ནས་ཚིག་རྣམས་ཡིད་ལ་མི་ཟིན་ཀྱང་། དོན་གྱི་རྩ་བ་རྣམས་ཡིད་ལ་ལ་བཟུང་ནས་བརྩོན་འགྲུས་ཀྱིས་ཉམས་སུ་བླངས་ན་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དེ། མདོ་རྒྱུད་དང་ཨོ་རྒྱན་གྱི་གསུངས་ལ་དཔང་པོ་ཡིན་ཅིང་། བདག་རཱ་ག་ཨ་སྱས་ཁྲིད་ཡིག་
འདི་བསྒྲིགས་ན་འགྲོ་དོན་འོང་ངམ་མི་འོངས་ཞེས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ། ཚོགས་དང་མཆོད་པ་མཎྜལ་བརྒྱ་རྩ་ཕུལ་ནས་བརྟགས་པ་བྱས་ནུབ། ཉམས་དང་རྨི་ལམ་གྱི་མཚམས་སུ་དུང་ཕྱུར་བདུན་བདེ་བ་ཅན་དུ་འགྲོ་ཟེར་ནས་ལུང་བསྟན་པའི་སྣང་བ་བྱུང་། འདི་ཉིད་བྲི་བའི་ཚེ་ཡང་ཆོས་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་འདུ་ཞིང་། བྱིན་གྱིས་རླབས་པའི་རྨི་ལྟས་ཡང་མང་དུ་བྱུང་བས། ཁྱེད་ཁྲིད་ཕྲུག་རྣམས་ལ་ཡང་ཕན་ཐོགས་པའི་རྟེན་འབྲེལ་བཟང་པོ་ཡོད་དོ།། ༼༡༨༽ དེང་སང་མཆོག་དམན་སྐྱ་སེར་ཕལ་ཆེར་རྣམས། །ཕྱག་རྫོགས་ལམ་འབྲས་ཆོས་དྲུག་སྦྱོར་དྲུག་སོགས། །མིང་ཆེན་ཁྲིད་རིམ་མང་དུ་ཐོབ་པ་དང་། །གསར་རྙིང་དབང་ལུང་རྒྱ་མཚོ་ཙམ་ཐོབ་ཅིང་། །ཁྲིད་གཅིག་ལོ་གསུམ་བར་དུ་མི་རྫོགས་པའི། །ཁྲིད་ཆེན་ལན་གྲངས་དུ་མར་ཐོབ་རྣམས་ཀྱང་། །དེ་དག་ཐོབ་པའི་ཕན་ཡོན་ཙམ་ཞིག་ལས། །དམིགས་པའི་རྐང་གྲངས་ཙམ་ཡང་ཡིད་ལ་མེད། །ཉམས་ལེན་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་། །སེམས་ངོ་སྐྱོངས་པ་ཁོ་ནའི་སྟེང་དུ་འབབ། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་རིགས་མང་ཡང་། །རྩ་ཚིག་ཙམ་ལས་རྒྱས་པར་བཤད་པ་མེད། །དེ་ཕྱིར་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ། །ཁོག་ཕུབ་ཕྱག་རྫོགས་ཟུང་འཇུག་ཁྲིད་ཆེན་འདི། །ཁྲིད་དང་ཉམས་ལེན་ཐ་དད་མ་ཡིན་
པར། །ཁྲིད་དོན་ཉམས་སུ་ལེན་པས་ཀུན་ལ་ཕན། །དེ་ཕྱིར་མཁས་འདོད་རང་འདོད་མ་ཡིན་ཏེ། །རང་གིས་སློབ་བུ་དམ་ཚིག་གཙང་བ་དང་། །ཐུགས་རྗེ་ཆེན་པོ་ཡི་དམ་ལྷར་བཟུང་ནས། །ཕྱག་རྫོགས་ཉམས་རྟོགས་ལེགས་པོ་ཡོད་པའི་ཕྱིར། །གཞན་ལ་བཤད་ཀྱང་རུང་བ་མ་མཆིས་ཀྱང་། །ཤེས་རབ་ཆུང་ཞིང་སློབ་གཉེར་མ་བྱས་པས། །བཤད་རྒྱུའི་ཚིག་གི་ལུང་འདྲེན་དཀོན་པར་མཆིས། །ལུང་འདྲེན་ཤེས་ཀྱང་སྐབས་སུ་གང་བབ་དང་། །ཆོས་ཐུན་མང་ཉུང་ཚོད་ཀྱང་ཟིན་དཀའ་བས། །གབ་སྦས་མེད་པར་བཀླག་པས་ཆོག་པ་འདི། །མཁས་བཙུན་མཐོན་པོ་སུས་ཀྱང་མི་གསན་ཏེ། །སྤྲང་པོ་བྱ་བྲལ་རྒན་འཁོག་མང་པོ་ལ། །གཏན་བདེའི་འདུན་མ་འགྲུབ་པར་འགྱུར་བསམ་བྲིས། །དེ་ལྟར་དམར་ཁྲིད་ཆོས་ཐུན་བཅོ་བརྒྱད་ཀྱི། །དོན་བསྡུས་རྩ་བ་གོ་བདེར་བཀོད་པ་འདི། །རིག་འཛིན་ཆེན་པོ་ཀརྨ་འདུལ་བ་ཡི། །གསུང་གིས་བསྐུལ་ཕྱིར་ལེགས་པར་བསྡུས་པ་ཡིན། །འདི་ལ་འགལ་འཁྲུལ་ཉེས་པ་མཆིས་ན་བཤགས། །དགེ་བས་འདི་ལ་འབྲེལ་བ་ཐོགས་ཚད་ཀུན། །ཚེ་འདིར་ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད་ནས་ཀྱང་། །ལུས་རྟེན་དེ་ལ་ས་བཅུ་ཐོབ་གྱུར་ཏེ། །སྤྲུལ་པས་ཕྱོགས་བཅུར་འགྲོ་བ་འདྲེན་པར་ཤོག །སརྦ་མངྒ་ལཾ། ཞལ་གྲོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།