ཡིད་ཙ་ནང་ག་ལའི་སྡེ་ཚན།
སྡོམ་ལ། འདོད་པ་མཐུན་དང་ཤས་ཆེ་དང་། །ལོ་མ་བདུན་དང་འཆར་ཀ་དང་། །མཉན་ཡོད་གདུ་བུ་ས་ཅན་དང་། །སེང་གེའི་གྲོང་དང་གྲོང་གསར་དང་། །གྲོང་ཁྱེར་དང་ནི་ཁྲེའུ་བརྩེགས། །ཕྱི་མ་ནྱ་གྲོ་དྷ་གྲོང་སྟེ། །གྲོང་ཁྱེར་དེ་དག་བཅུ་གཉིས་གསུངས། །བཅོམ་ལྡན་འདས་འདོད་པ་མཐུན་པ་ན་འདོད་པ་མཐུན་པའི་ནགས་ཁྲོད་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ཟླ་བ་གསུམ་པོ་འདི་ལ་ནང་དུ་ཡང་དག་འཇོག་པར་བཞེད་ཀྱིས། ང་ལ་བསོད་སྙོམས་སྟོབས་པ་དང་། བཅྭ་ལྔ་པའི་གསོ་སྦྱོང་དེ་ཉིད་མ་གཏོགས་པར་དགེ་སློང་སུ་ཡང་མ་འོང་ཤིག །བཅོམ་ལྡན་འདས་ཟླ་བ་གསུམ་པོ་དེ་ལ་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་བསོད་སྙོམས་སྟོབས་པའི་དགེ་སློང་དང་། བཅྭ་ལྔ་པའི་གསོ་སྦྱོང་དེ་ཉིད་མ་གཏོགས་པར་དགེ་སློང་སུ་ཡང་དེར་མི་འགྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་པོ་དེ་ཁོ་ན་འདས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་བ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་གལ་ཏེ་གཞན་མུ་སྟེགས་ཅན་དང་ཀུན་དུ་རྒྱུ་རྣམས་ཉེ་བར་ལྷགས་ནས་འདི་སྐད་ཅེས་འདྲི་སྟེ། དགེ་སྦྱོང་གཽ་ཏ་མ་གནས་པ་གང་ཞིག་གིས་ཟླ་བ་གསུམ་པོ་འདི་ལ་ནང་དུ་ཡང་དག་བཞག་པར་གྱུར་ཅེས་འདྲི་ན། དེ་སྐད་ཅེས་དྲིས་པ་ལ་དབུགས་རྔུབ་པ་དང་འབྱུང་བས་བཞུགས་སོ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ང་ནི་ཟླ་བ་གསུམ་པོ་འདི་ལ་དབུགས་རྡུབ་པ་དང་དབུགས་འབྱུང་བ་དྲན་པའི་གནས་པས་ནང་དུ་ཡང་དག་བཞག་སྟེ། ངས་དྲན་བཞིན་དུ་དབུགས་བརྡུབས་ན་ཡང་དྲན་བཞིན་དུ་བརྡུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དྲན་བཞིན་དུ་དབུགས་ཕྱུང་ན་ཡང་དྲན་བཞིན་དུ་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རིང་པོ་དང་ཐུང་དུ་དང་། ལུས་ཐམས་ཅད་ཡང་དག་པར་མྱོང་
ནས་དབུགས་བརྡུབས་ན་ལུས་ཐམས་ཅད་ཡང་དག་པར་མྱོང་ནས་དབུགས་བརྡུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལུས་ཐམས་ཅད་ཡང་དག་པར་མྱོང་ནས་དབུགས་ཕྱུང་ན་ཡང་ལུས་ཐམས་ཅད་ཡང་དག་པར་མྱོང་ནས་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྡུབས་པ་དང་། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན་ཡང་དབུགས་ཕྱུང་ངོ་དབུགས་བརྡུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། འགོག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་དེ་ལ་ང་འདི་སྙམ་དུ་སེམས་ཏེ། བདག་གིས་གནས་པ་རགས་པ་མངོན་པར་འདུས་བྱས་ཤིང་བསམས་ཀྱིས་མ་ལ་བདག་གིས་གནས་པ་དེ་ཉིད་ལས་ཡང་དག་པར་འདས་ཏེ་བོར་ནས་ཆེས་ཕྲ་བ་འདིས་ལན་མང་དུ་གནས་པར་བྱའོ་སྙམ་ནས། ངས་གནས་པ་དེ་ཉིད་ལས་ཡང་དག་པར་འདའ་པར་བྱ་བའི་ཕྱིར་བོར་ནས་གནས་པ་ཆེས་ཕྲ་བ་འདིས་ལན་མང་དུ་གནས་སོ། །དེ་ནས་ལྷ་གསུམ་ཞིག་ང་གང་ན་བ་དེར་འོངས་ཏེ་ཕྱིན་ནས་ལྷ་གཅིག་ནི་འདི་སྐད་ཅེས། དགེ་སྦྱོང་གཽ་ཏ་མ་ནོངས་སོ་ཞེས་ཟེར་རོ། །གཉིས་པ་ནི་འདི་སྐད་ཅེས་འདི་ནོངས་པ་ནི་མ་ཡིན་ཏེ། འོན་ཀྱང་ནོངས་པར་མཛད་པ་ཡིན་ནོ་ཞེས་ཟེར་རོ། །ལྷ་གསུམ་པ་ནི་འདི་སྐད་ཅེས་ནོངས་པ་ཡང་མ་ཡིན་ནོངས་པར་མཛད་པ་ཡང་མ་ཡིན་ཏེ། འོན་ཀྱང་དགྲ་བཅོམ་པ་རྣམས་ཀྱི་གནས་པ་ནི་འདི་ལྟ་བུར་ཞི་བ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དགེ་སློང་དག་གང་ཡང་དག་པར་སྨྲ་བ་ན་འཕགས་པའི་གནས་པ་དང་། ལྷའི་གནས་པ་དང་། ཚངས་པའི་གནས་པ་དང་། མི་སློབ་པའི་གནས་པ་ཞེས་བྱ་བར་སྨྲ་བར་འགྱུར་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་གནས་པ་ཡིན་ཏེ། སློབ་པའི་གང་ཟག་རྣམས་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཡིན། མི་སློབ་པའི་གང་ཟག་རྣམས་མཐོང་བའི་ཆོས་ཁོ་ན་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །དེ་ཡང་དག་པར་སྨྲ་བ་ན་དབུགས་རྡུབ་པ་དང་། དབུགས་འབྱུང་བའི་དྲན་
པས་གནས་པ་སྨྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དབུགས་རྡུབ་པ་དང་། འབྱུང་བ་དྲན་པས་གནས་པ་ནི་འཕགས་པའི་གནས་པ་དང་ཞེས་བྱ་བ་ནས། མི་སློབ་པ་རྣམས་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་འདོད་པ་མཐུན་པར་བྱོན་ནས། འདོད་པ་མཐུན་པ་ན་འདོད་པ་མཐུན་པའི་ནགས་ཁྲོད་ན་བཞུགས་སོ། །དེའི་ཚེ་བྲམ་ཟེ་པད་མའི་སྙིང་པོ་ཞེས་བྱ་བ་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དཔྱ་རྒྱུ་རྩྭ་དང་། ཤིང་དང་། ཆུར་བཅས་པར་བྲམ་ཟེའི་སྦྱིན་གཏོང་དུ་བྱིན་ནས་ཤས་ཆེན་པོ་རྒྱས་པ་ལ་ལོངས་སྤྱོད་དོ། །བྲམ་ཟེ་པད་མའི་སྙིང་པོའ་སློབ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ཅེས་བྱ་བ་མང་དུ་ཐོས་པ། ཚིག་གསལ་བ། ཐགས་ཐོགས་མེད་པར་སྨྲ་བ་ཞིག་ཡོད་དེ། བྲམ་ཟེ་པད་མའི་སྙིང་པོའ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་འདོན་དུ་འཇུག་གོ །བྲམ་ཟེ་པད་མའི་སྙིང་པོས་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་ལྡན་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་འདི་ལྟ་བུ་འདི་ཕྱོགས་དང་ཕྱོགས་མཚམས་སུ་གྲགས་ཏེ་འདི་ལྟར་བཅོམ་ལྡན་འདས་གཽ་ཏ་མ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་འཇིག་རྟེན་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས། ལྷ་དང་མིའི་སྐྱེ་དགུ་དང་བཅས་པ་འདི་ལ་མཐོང་བའི་ཆོས་ཁོ་ན་ལ་རང་ཉིད་ཀྱིས་མངོན་པར་ཤེས་པས་མངོན་
སུམ་དུ་བྱས་ཏེ་བསྒྲུབས་ནས་ནི་ངའི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་ལ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་གོ་བར་བྱེད་པ་དེ་གསང་ཚིག་ལས་ཀྱང་འབྱུང་སྟེ། སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་པོ་དེ་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའ་འགྲོ་བ་ནི་གཉིས་ལས་གཞན་དུ་མི་འགྱུར་ཏེ། གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེ་ཉིད་ཡིན་ནོ། །དེ་ལ་ཡང་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡང་ཚང་བར་འབྱུང་བར་འགྱུར་ཞིང་དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བ་དེ་ཀོ་ས་ལར་ལྗོངས་རྒྱུ་ཞིང་གཤེགས་པ་ན་འདོད་པ་མཐུན་པར་བྱོན་ནས། འདོད་པ་མཐུན་པ་ན་འདོད་པ་མཐུན་པའི་ནགས་ཁྲོད་ན་བཞུགས་སོ་ཞོས་ཐོས་སོ། །ཐོས་ནས་ཀྱང་བྲམ་ཟེའི་ཁྱེའུ་མ་སྡུག་ལ་སྨྲས་པ། མ་སྡུག་ཤེས་སམ། ཁོ་བོས་གེ་སྦྱོང་གཽ་ཏ་མ་ཤཱཀྱའི་སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཞེས་བྱ་བ་ནས། ཚངས་པར་སྤྱོད་པ་རབ་ཏུ་སྟོན་ཏོ་ཞེས་བྱ་བའི་བར་དུ་སྟེ། ཁོ་བོས་དེ་གསང་ཚིག་དག་ལས་བཏོན་པ་
སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་པོ་དེ་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའ་འགྲོ་བ་ནི་གཉིས་ལས་གཞན་དུ་མི་འགྱུར་ཏེ། གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནས། འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། དེ་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་འདོད་པ་མཐུན་པར་བྱོན་ནས། འདོད་པ་མཐུན་པ་ན་འདོད་པ་མཐུན་པའི་ནགས་ཁྲོད་ན་བཞུགས་སོ་ཞེས་ཐོས་ཀྱིས་བྲམ་ཟེའི་ཁྱེའུ་ཚུར། ཁྱོད་ཤེས་ལྡན་གཽ་ཏ་མ་གང་ན་བ་དེར་སོང་ཤིག་དང་། ཕྱིན་ནས་ཇི་ག་ཤེས་ལྡན་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་ཕྱོགས་དང་ཕྱོགས་མཚམས་སུ་ཇི་ལྟར་གྲགས་པ་དེ་ཁོ་ན་བཞིན་ཡིན་ནམ་མ་ཡིན་པ་དང་། དེའི་མཚན་རྣམས་གྲགས་པ་ཡང་དག་པ་ཡིན་ནམ་མ་ཡིན་པ་རང་ཉིད་ཀྱིས་རབ་ཏུ་ཤེས་པར་འགྱུར་གྲང་། བྲམ་ཟེའི་ཁྱེའུ་མ་སྡུག་གིས་བྲམ་ཟེ་པད་མའི་སྙིང་པོའ་ལྟར་མཉན་ནས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་མང་པོ་དང་ལྷན་ཅིག་ཏུ་ཤས་ཆེ་བ་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། བཅོམ་ལྡན་འདས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་ལ་ཆོས་དང་ལྡན་པའི་གཏམ་གསུང་བ་ན་བྲམ་ཟེའི་ཁྱེའུ་མ་སྡུག་མཆིལ་ལྷམ་དང་བཅས་པས་འཆག་ཅིང་གློ་བུར་དུ་གཏམ་དག་གླེང་བར་བྱེད་ལ། གཏམ་མཐར་ཕྱིན་པར་མི་སྡོད་པར་
མ་གུས་པས་སྙེམས་ཤིང་བཟློགས་པར་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཁྱོད་བྲམ་ཟེ་གསུམ་རིག་པ་རྣམས་དང་ལྷན་ཅིག་གློ་བུར་གྱི་གཏམ་དེ་ལྟ་བུ་སྨྲའམ། ཀྱེ་དགེ་སྦྱོང་གཽ་ཏ་མ་གཏམ་ཇི་ལྟ་བུ་ཞིག་ཇི་ལྟར་དེ་བཞིན་གཤེགས་པ་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་ལ་ཆོས་དང་ལྡན་པའི་གཏམ་གསུང་བ་ན་ཁྱོད་མཆིལ་ལྷམ་དང་བཅས་པས་འཆག་ཅིང་གློ་བུར་དུ་གཏམ་དག་གླེང་བར་བྱེད་ལ། གཏམ་མཐར་ཕྱིན་པར་མི་སྡོད་པར་མ་གུས་པས་སྙེམས་ཤིང་སླར་བཟློགས་པར་སེམས་པ་ལྟ་བུའོ། །ཀྱེ་གཽ་ཏ་མ་བྲམ་ཟེ་འགྲོ་བ་རྣམས་ནི་བྲམ་ཟེ་འགྲོ་བ་རྣམས་དང་། འགྲེང་བ་རྣམས་ནི་འགྲེང་བ་རྣམས་དང་། འདུག་པ་རྣམས་ནི་འདུག་པ་རྣམས་དང་། ཉལ་བ་རྣམས་ནི་ཉལ་བ་རྣམས་དང་། ཕན་ཚུན་ལེགས་པར་སྨྲའི། དགེ་སྦྱོང་མགོ་རེག་ནག་པོའ་རྩ་ལག་ཕོ་རེད་གང་དག་ཡིན་པ་དེ་དག་དང་ནི་ཁོ་བོ་ལྷན་ཅིག་ཏུ་འདི་ལྟ་བུའི་གློ་བུར་གྱི་གཏམ་གླེང་དུ་རུང་སྟེ། དཔེར་ན་ད་ལྟར་ཤེས་ལྡན་གཽ་ཏ་མ་དང་གླེང་བ་བཞིན་ནོ། །བྲམ་ཟེའི་ཁྱེའུ་ཁྱོད་དོན་དུ་གཉེར་བ་ལ་ཞུགས་ནས་འདིར་འོངས་ན་དེ་ལྟ་བུ་ནི་བསྙེན་བཀུར་མ་བྱས་པ་ལས་གཞན་ལ་མེད་པར་བྲམ་ཟེའི་ཁྱེའུ་མ་སྡུག་ནི་བླ་མའི་ཚོགས་དག་ལ་བསྙེན་བཀུར་མ་བྱས་པ་ཞིག་ཡིན་བལྟ། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ། །བཀུར་སྟི་མེད་པའི་ཚིག་གིས་སྤྱོས་པན་ཁྲོས་འཁྲུགས་ནད་ཞིང་ཡིད་མ་རངས་ནས། བཅོམ་ལྡན་འདས་ལ་ཁ་བྱ་བར་འདོད། སྤོབས་པར་འདོད། བརྩད་པར་འདོད་དེ། འདི་ཙམ་གྱིས་དགེ་སྦྱོང་གཽ་ཏ་མ་ལ་ཁ་བྱ་བ་དང་། སྤོབས་པ་དང་། བརྩད་པ་དང་། དྲན་པར་བྱས་པར་འགྱུར་རོ་སྙམ་དུ་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་ཤཱཀྱ་འདི་དག་ནི་ད་བྱུང་ཁོ་ན་ཡིན་ཏེ། ད་བྱུང་གི་རིགས་ཡིན་པས་བྲམ་ཟེ་རྣམས་ལ་བླ་མ་དང་རི་མོ་དང་། མཆོད་པ་མི་བྱེད་དོ། །ཅི་བྲམ་ཟེའི་ཁྱེའུ་ཁྱོད་ལ་ཤཱཀྱ་རྣམས་ཀྱིས་གནོད་པ་ཅུང་ཟད་བྱས་སམ། ཀྱེ་གཽ་་ཏ་མ་དུས་གཅིག་
ཅིག་ན་བདག་ཉིད་དང་མཁན་པོའ་བྱ་བ་ཞིག་ལ་གྲོང་ཁྱེར་སེར་སྐྱའི་གཞིར་རྐང་པས་ཕྱིན་པ་ན་དེ་ན་བདག་ལ་ཤཱཀྱ་རྣམས་དང་ཤཱཀྱ་མོ་རྣམས་ཁང་བཟངས་ཀྱི་སྟེང་དུ་སོང་ནས་མཛུབ་ཀེར་གྱིས་སྟོན་པར་བྱེད་དེ། ཨེ་མའོ་བྲམ་ཟེ་པད་མའི་སྙིང་པོའ་སློབ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ཡིན་ནོ། །བྲམ་ཟེ་པད་མའི་སྙིང་པོའ་སློབ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ཡིན་ནོ། །ཞེས་དེ་དག་བདག་ལ་མཛུབ་ཀེར་ཁོ་ནས་སྟོན་པར་བྱེད་ཀྱི་བདག་ལ་བཀུར་སྟི་དང་། བླ་མ་དང་། རི་མོ་དང་། མཆོད་པ་ནི་མི་བྱེད་དོ། །བྲམ་ཟེའི་ཁྱེའུ་རེ་ཞིག་བྱེའུ་ཁུག་རྟ་ཡང་རང་གི་ཚང་ན་འདུག་ནས་ཇི་སྐད་འདོད་པར་སྐད་འབྱིན་ན་ཤཱཀྱ་རྣམས་ལྟ་སྨོས་ཀྱང་ཅི་དགོས། བྲམ་ཟེའི་ཁྱེའུ་འདི་ལྟ་སྟེ་གྲོང་ཁྱེར་སེར་སྐྱའི་གཞི་འདི་ན་ཤཱཀྱ་རྣམས་ཀྱི་རང་གི་ཡིན་ནོ། །ཀྱེ་གཽ་ཏ་མ་རིགས་ནི་འདི་བཞི་སྟེ། བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་སོ། །ཀྱེ་གཽ་ཏ་མ་རིགས་བཞི་པོ་འདི་དག་ནི་བྲམ་ཟེ་རྣམས་ལ་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད་མཆོད་པར་བྱེད་དོ། །འོན་ཀྱང་ཤཱཀྱ་འདི་དག་ནི་ད་བྱུང་ཁོ་ན་ཡིན་ཏེ། ད་བྱུང་གི་རིགས་ཡིན་པས་བྲམ་ཟེ་རྣམས་ལ་བཀུར་སྟི་དང་བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་བྲམ་ཟེའི་ཁྱེའུ་མ་སྡུག་འདི་ཤཱཀྱ་རྣམས་ལ་ཨེ་མའོ་ཤཱཀྱ་རྣམས་ནི་ད་བྱུང་ཡིན་ནོ། །ཨེ་མའོ་ཤཱཀྱ་རྣམས་ནི་ད་བྱུང་གི་རིགས་ཡིན་པས་ཤེས་ད་བྱུང་ཡིན་པར་ཧ་ཅང་ཁ་ཟེར་བས། མ་ལངས་འདོའ་སྔོན་གྱི་རིགས་བརྒྱུད་པ་བཙལ་ལོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་གི་སྔོན་གྱི་རིགས་བརྒྱུད་པ་བཙལ་བ་དང་། བྲམ་ཟེའི་ཁྱེའུ་མ་སྡུག་ནི་ཤཱཀྱ་རྣམས་ཀྱི་བྲན་མོའ་བུར་གྱུར་ལ། ཤཱཀྱ་རྣམས་ནི་དེའི་ཇོ་བོའ་བུར་གྱུར་པར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་རིགས་ཅི་ཡིན། གཽ་ཏ་མ་མིག་མི་འཛུམས་ཀྱི་བུའོ། །བྲམ་ཟེའི་ཁྱེའུ་འདི་ནས་ངས་ཁྱོད་ཀྱི་སྔོན་གྱི་རིགས་བརྒྱུད་པ་བཙལ་ན་ཁྱོད་ནི་ཤཱཀྱ་རྣམས་ཀྱི་བྲན་མོའ་བུར་གྱུར་
པར་མཐོང་ངོ་། །དེ་ནས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་ཁྱོད་བྲམ་ཟེའི་ཁྱེའུ་མ་སྡུག་ལ་བྲན་མོའ་བུ་ཞེས་ཚིག་ཏུ་མ་གསུང་ཤིག །དེ་ཅིའི་སླད་དུ་ཞེ་ན། བྲམ་ཟེའི་ཁྱེའུ་མ་སྡུག་ནི་མང་དུ་ཐོས་པ། ཚིག་གསལ་བ། ཐགས་ཐོགས་མེད་པར་སྨྲ་བ་སྟེ། བྲམ་ཟེའི་ཁྱེའུ་མ་སྡུག་གིས་གཞི་འདི་ལ་ཤེས་ལྡན་གཽ་ཏ་མ་ལ་ཆོས་དང་མཐུན་པས་ལན་གདབ་པར་རྔོ་ཐོག་གོ །བྲམ་ཟེ་དག་གལ་ཏེ་ཁྱེད་ཅག་འདི་སྙམ་དུ་བྲམ་ཟེའི་ཁྱེའུ་མ་སྡུག་ང་ལ་ཆོས་དང་མཐུན་པས་ལན་ལྡོན་ནུས་སོ་སྙམ་དུ་སེམས་ན། ཁྱེད་ཅག་ཅང་མི་སྨྲ་བར་བྲམ་ཟེའི་ཁྱེའུ་མ་སྡུག་གཞི་འདི་ལ་ངལ་ཆོས་དང་མཐུན་པས་ལན་འདེབས་སུ་ཆུག་ཤིག །བྲམ་ཟེ་དག་ཁྱེད་ཅག་གལ་ཏེ་འདི་སྙམ་དུ་བྲམ་ཟེའི་ཁྱེའུ་མ་སྡུག་གཞི་འདི་ལ་ང་ལ་ཆོས་དང་མཐུན་པས་ལན་འདེབས་མི་ནུས་སོ་སྙམ་དུ་སེམས་ན། བྲམ་ཟེའི་ཁྱེའུ་མ་སྡུག་ཅང་མ་སྨྲ་བར་ཁྱེད་ཀྱིས་གཞི་འདི་ལ་ང་ལ་ཆོས་དང་མཐུན་པས་ལན་ཐོབ་ཤིག །ཀྱེ་གཽ་ཏ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ཉིད་མང་དུ་ཐོས་པ། ཚིག་གསལ་བ། ཐགས་ཐོགས་མེད་པར་སྨྲ་བ་ལགས་ཏེ། བྲམ་ཟེའི་ཁྱེའུ་མ་སྡུག་གིས་གཞི་འདི་ལ་ཤེས་ལྡན་གཽ་ཏ་མ་ལ་ཆོས་དང་མཐུན་པས་ལན་གདབ་པར་རྔོ་ཐོག་གི་གཞན་གྱིས་ནི་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་སྔོན་བྱུང་བ་རྒྱལ་པོ་བུ་རམ་ཤིང་སྐྱེས་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་བུ་རམ་ཤིང་སྐྱེས་ལ་བུ་བཞི་ཡོད་པ་སྐར་མདའི་གདོང་དང་། ལག་རྣ་དང་། གླང་པོ་ཆེའི་ཐལ་གོང་དང་། རྐང་རྒྱན་ལྡན་ནོ། །རྒྱལ་པོ་བུ་རམ་ཤིང་སྐྱེས་དེས་ཉེས་པ་འགའ་ཞིག་གི་ཕྱིར་སྤྱགས་ནས་དེ་དག་རང་རང་གི་སྲིང་མོ་ཁྲིད་དེ་ཡུལ་འཁོར་གཞན་དང་། ཡུལ་གཞན་དུ་དོང་ནས་རིམ་གྱིས་གངས་ཅན་གྱི་ཕྱོགས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་ན་ཞེས་བྱ་བ་ནས། ཁྱེའུ་དང་བུ་མོ་དག་བཙས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་རྒྱལ་པོ་བུ་རམ་ཤིང་སྐྱེས་ཀྱིས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་གྲོང་པ་དག
གཞོན་ནུ་རྣམས་དེ་ལྟར་བྱེད་ཕོད་དམ། ལྷ་རྔོ་ཐོག་ལགས་སོ། །དེ་ནས་རྒྱལ་པོ་བུ་རམ་ཤིང་སྐྱེས་རོ་སྟོད་བསྟོད་ནས་ལག་པ་གཡས་པ་བརྐྱང་སྟེ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། ཀྱེ་མའོ་གཞོན་ནུ་རྣམས་ཀྱིས་ཕོད་དོ། །ཞེས་སེམས་ཅན་དབང་ཆེ་བར་གྲགས་པས་གཞོན་ནུ་རྣམས་ཀྱིས་ཕོད་དོ་ཞེས་ཚིག་ཏུ་སྨྲས་པས་ཤཱཀྱ་ཤཱཀྱ་ཞེས་བྱ་བར་གྲགས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་ཤཱཀྱ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ཡིན་པ་དང་། དེ་དག་གི་རིགས་རྒྱུད་དེ་ཡིན་པར་ཅུང་ཟད་ཐོས་སམ། གཽ་ཏ་མ་བདག་གིས་ཤཱཀྱ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ཡིན་པ་དང་། དེ་དག་གི་རིགས་རྒྱུད་དེ་ཡིན་པར་ཐོས་སོ། །བྲམ་ཟེའི་ཁྱེའུ་རྒྱལ་པོ་བུ་རམ་ཤིང་སྐྱེས་ཀྱི་བྲན་མོ་སྡོ་ཕོད་མ་ཞེས་བྱ་བ་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ་ཞིག་ཡོད་པ་དང་། དྲང་སྲོང་གདོལ་པའི་རིགས་ཤིག་དང་ལྷན་ཅིག་འདུས་ནས་དེ་གཉིས་འདུས་པ་ལས་ཁྱེའུ་ཞིག་བཙས་སོ། །གཞོན་ནུ་བཙས་མ་ཐག་ཏུ་ཚིག་ཏུ་ཡུམ་རེ་ཞིག་བདག་དྲིལ་ཕྱི་དང་བཀྲུ་བ་གྱིས་ལ་མི་གཙང་བ་ལས་ཐར་བར་གྱིས་ཤིག་ཅེས་སྨྲས་སོ། །དེའི་ཚེ་ན་ཤ་ཟ་རྣམས་ཀྱི་མིང་མིག་འཛུམས་ཀྱི་ བུ་ཞེས་བྱ་བ་ལ་གཞོན་ནུ་བཙས་མ་ཐག་ཏུ་ཚིག་ཏུ་ཡུམ་བདག་རེ་ཞིག་དྲིལ ་ཕྱི་དང་བཀྲུ་བ་གྱིས་ལ་མི་གཙང་བ་ལས་ཐར་བར་གྱིས་ཤིག་ཅེས་སྨྲས་པ་དང་། ཀྱེ་མའོ་མིག་འཛུམས་ཀྱི་བུ་ཞིག་སྐྱེས་སོ་ཞེས་མིག་འཛུམས་ཀྱི་བུ་མིག་འཛུམས་ཀྱི་བུ་ཞེས་བྱ་བར་གྲགས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་མིག་འཛུམས་ཀྱི་བུ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ཡིན་པ་དང་། དེ་དག་གི་རིགས་རྒྱུད་དེ་ཡིན་པར་ཅུང་ཟད་ཐོས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྲམ་ཟེའི་ཁྱེའུ་མ་སྡུག་ཅང་མི་སྨྲའོ། །ལན་གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་མིག་འཛུམས་ཀྱི་བུ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ཡིན་པ་དང་དེ་དག་གི་རིགས་རྒྱུད་དེ་ཡིན་པར་ཅུང་ཟད་ཐོས་སམ། ལན་གཉིས་ལན་གསུམ་དུ་ཡང་བྲམ་ཟེའི་ཁྱེའུ་མ་སྡུག་ཅང་མི་སྨྲའོ། །དེ་ནས་གནོད་སྦྱིན་ལག་ན་
རྡོ་རྗེ་རྡོ་རྗེ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་འབར་བ་བྲམ་ཟེའི་ཁྱེའུ་མ་སྡུག་གི་མགོ་བོའ་སྟེང་ན་འཛིན་ཅིང་། གལ་ཏེ་བྲམ་ཟེའི་ཁྱེའུ་མ་སྡུག་ལ་བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་རྨ་བ་རྨས་པ་ལས་རྣ་ལ་གཟོན་ཅིང་ལན་མ་གསོལ་བར་གྱུར་ན། རྡོ་རྗེ་འབར་བ་རབ་ཏུ་འབར་བ་ཀུན་དུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་འབར་བ་འདིས་སྤྱི་བོ་ཚལ་པ་བདུན་དུ་དགས་པར་བྱའོ་སྙམ་པ་དང་། གནོད་སྦྱིན་ལག་ན་རྡོ་རྗེ་དེ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། སངས་རྒྱས་ཀྱི་མཐུས་བྲམ་ཟེ་མ་སྡུག་གིས་ཀྱང་མཐོང་ངོ་། །དེ་ནས་བྲམ་ཟེ་མ་སྡུག་སྔངས་སྐྲག་བྲེད་ཅིང་སྤུ་ཟིང་ཞེས་བྱེད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་མིག་འཛུམས་ཀྱི་བུ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ལགས་པ་དང་། དེ་དག་གི་རིགས་རྒྱུད་དེ་ལགས་པར་བདག་གིས་ཐོས་ལགས་སོ། །དེ་ནས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་འདི་སྙམ་དུ་སེམས་ཏེ། བཙུན་པ་གཽ་ཏ་མས་འདི་སྐད་ཅེས། བྲམ་ཟེའི་ཁྱེའུ་མ་སྡུག་ནི་ཤཱཀྱ་རྣམས་ཀྱི་བྲན་མོའ་བུ་ཉིད་ཡིན་ལ་ཤཱཀྱ་རྣམས་ནི་དེའི་ཇོ་བོའ་བུ་ཡིན་ནོ། །ཞེས་གསུངས་པ་གང་ཡིན་པ་བདེན་ན་བདག་ཅག་ཤེས་ལྡན་གཽ་ཏ་མས་གསུངས་པ་ལ་ཡིད་མ་ཆེས་པར་ཟད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ཅག་བྲམ་ཟེའི་ཁྱེའུ་མ་སྡུག་ལ་བྲན་མོའ་བུ་ཞེས་ཧ་ཅང་ཚིག་ཏུ་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་དེའི་ཚེ་དྲང་སྲོང་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཞིག་ཏུ་གྱུར་པ་ལས་རྒྱལ་པོ་བུ་རམ་ཤིང་སྐྱེས་ཀྱིས་ཉེས་པ་འགའ་ཁོ་ནའི་ཕྱིར་བྲམ་ཟེའི་ཆད་པས་བཅད་དོ། །བྲམ་ཟེའི་ཆད་པས་བཅད་པ་དང་། ཕྱིས་རྒྱལ་པོ་བུ་རམ་ཤིང་སྐྱེས་འཇིགས་སྐྲག་བྲེད་སྤུ་ཟིང་ཞེས་བྱེད་ནས་ལག་པ་གཡོན་པས་བུ་མོ་ཆེན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཟུང་། ལག་པ་གཡས་པས་གསེར་གྱི་བྱ་མ་བུམ་ཐོགས་ཏེ། དྲང་སྲོང་དེ་ལ་ཆུང་མར་བྱིན་ན་དྲང་སྲོང་གིས་དེ་མ་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
བྲམ་ཟེའི་ཁྱེའུ་མ་སྡུག་ལ་བྲན་མོའ་བུ་ཡིན་ནོ་ཞེས་བཀའ་སྩལ་པས་ཞུམ་ཞུམ་པོར་གྱུར་ནས་ཕྲག་པ་བཅུམ་མགོ་སྨད་དེ་སྤོབས་པ་མེད་ཅིང་གཏད་ཁོང་དུ་ཆུང་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེའི་ཁྱེའུ་མ་སྡུག་འདི་བྲན་མོའ་བུ་ཡིན་ནོ་ཞེས་ངས་ཚིག་ཏུ་སྨྲས་པས་ཞུམ་ཞུམ་པོར་གྱུར་ནས་ཕྲག་པ་བཅུམ་མགོ་སྨད་དེ་སྤོབས་པ་མེད་ཅིང་གཏད་ཁོང་དུ་ཆུད་ནས་ཅང་མི་སྨྲ་བར་གྱུར་གྱིས་མ་ལ་ངས་འདི་ལ་ཕྱི་ནས་གཏམ་འདྲེ་བར་བྱའོ་སྙམ་དུ་དགོངས་ནས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་དཔེར་ན་རྒྱལ་རིགས་གཞོན་ནུ་དང་བྲམ་ཟེའི་བུ་མོ་ལྷན་ཅིག་འདུས་པར་གྱུར་ཏེ་དེ་གཉིས་ལྷན་ཅིག་འདུས་པ་ལས་ཁྱེའུ་ཞིག་བཙས་ན། དེ་བྲམ་ཟེ་རྣམས་ལས་སྟན་ནམ་ཆུའམ་གསང་ཚིག་གམ་གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་འཐོབ་ལགས་སོ། །དེ་ལ་རྒྱལ་རིགས་རྣམས་ཀྱིས་རྒྱལ་རིགས་ཀྱི་དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་སྐུར་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། སྤུན་གྱི་བུ་ལགས་པས་རྒྱལ་རིགས་རྣམས་ཀྱིས་ཚ་བོ་དབང་སྐུར་ལགས་སོ། །བྲམ་ཟེའི་ཁྱེའུ་དཔེར་ན་བྲམ་ཟེ་གཞོན་ནུ་དང་རྒྱལ་རིགས་ཀྱི་བུ་མོ་ལྷན་ཅིག་འདུས་པར་གྱུར་ལ་དེ་གཉིས་ལྷན་ཅིག་འདུས་པ་ལས་ཁྱེའུ་ཞིག་བཙས་ན། དེ་བྲམ་ཟེ་རྣམས་ལས་སྟན་ནམ་ཆུའམ་གསང་ཚིག་གམ། གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་འཐོབ་ལགས་སོ། །དེ་ལ་རྒྱལ་རིགས་ཀྱིས་དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་སྐུར་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཚ་བོ་ལགས་པའི་སླད་དུ་རྒྱལ་རིགས་རྣམས་ཀྱིས་ཚ་བོ་དབང་སྐུར་ལགས་སོ། །བྲམ་ཟེའི་ཁྱེའུ་དཔེར་ན་རྒྱལ་རིགས་གཞོན་ནུ་རྒྱལ་རིགས་དག་གིས་ཉེས་པ་འགའ་ཁོ་ནའི་ཕྱིར་སྦྱུགས་བར་གྱུར་ན། དེ་བྲམ་ཟེ་རྣམས་ལས་སྟན་ནམ། ཆུའམ་གསང་ཚིག་གམ། གདོན་བ་འཐོབ་བམ། ཀྱེ་གཽ་ཏ་མ་འཐོབ་ལགས་སོ། །དེ་ལ་རྒྱལ་རིགས་ཀྱི་དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་སྐུར་ཏེ། དེ་ཅིའི་སླད་དུ་ཞེ་ན། ཕུ་ནུ་བོ་ལགས་པའི་སླད་དུ་རྒྱལ་རིགས་རྣམས་ཀྱིས་ཕུ་ནུ་བོ་དབང་
སྐུར་ལགས་སོ། །བྲམ་ཟེའི་ཁྱེའུ་དཔེར་ན་བྲམ་ཟེའི་གཞོན་ནུ་བྲམ་ཟེ་རྣམས་ཀྱིས་ཉེས་པ་འགའ་ཁོ་ནའི་ཕྱིར་སྤྱུགས་པར་གྱུར་ན། དེས་བྲམ་ཟེ་རྣམས་ལས་སྟན་ནམ་ཆུའམ་གསང་ཚིག་གམ་གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་མི་འཐོབ་ལགས་སོ། །དེ་རྒྱལ་རིགས་རྣམས་ཀྱིས་རྒྱལ་རིགས་ཀྱི་དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་མི་སྐུར་ཏེ། དེ་ཅིའི་སླད་དུ་ཞེ་ན། བྲམ་ཟེ་གདོལ་པ་ལགས་པའི་སླད་དུ་རྒྱལ་རིགས་རྣམས་བྲམ་ཟེ་གདོལ་པ་ལ་དབང་མི་སྐུར་ལགས་སོ། །བྲམ་ཟེའི་ཁྱེའུ་དེ་ལྟར་ན་རུས་དང་རིགས་དང་གནད་ཀྱིས་རྒྱལ་རིགས་ཀྱི་རིགས་མཆོག་ཡིན་གྱི། བྲམ་ཟེ་ནི་མ་ཡིན་ནོ་བྲམ་ཟེའི་ཁྱེའུ་ཚངས་པ་མི་མཇེད་ཀྱི་བདག་པོས་ཚིགས་སུ་བཅད་དེ་སྨྲས་པ། རུས་དང་འབྲེལ་པ་གང་ཡིན་པའི། །རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །ལྷ་དང་མི་རྣམས་ནང་ན་ཡང་། །རིག་དང་ཞབས་སུ་ལྡན་པ་བཙུན། །བྲམ་ཟེའི་ཁྱེའུ་ཚངས་པ་མི་མཇེད་ཀྱི་བདག་པོ་དེས་ཚིགས་སུ་བཅད་དེ་འདི་སྐད་ཅེས། རུས་དང་འབྲེལ་པ་གང་ཡིན་པའི། །རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །ལྷ་དང་མི་རྣམས་ནང་ན་ཡང་། །རིག་དང་ཞབས་སུ་ལྡན་པ་བཙུན། །ཞེས་སྨྲས་པ་ནི་ལེགས་པར་སྨྲས་པ་ཡིན་གྱི་ཉེས་པར་སྨྲས་པ་མ་ཡིན། ལེགས་པར་བསྙད་པ་ཡིན་གྱི་ཉེས་པར་བསྙད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེའི་ཁྱེའུ་ང་ཡང་འདི་སྐད་ཅེས། རུས་དང་འབྲེལ་པ་གང་ཡིན་པའི། །རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །ལྷ་དང་མི་རྣམས་ནང་ན་ཡང་། །རིགས་དང་ཞབས་སུ་ལྡན་པ་བཙུན། །ཞེས་གསུང་ངོ་། །བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་ཡོད་པ་དེ་ནས་བྲམ་ཟེ་རྣམས་ཀྱིས་སྟན་ནམ་ཆུའམ་གསང་ཚིག་གམ། གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་མཆིས་པ་དེ་ནས་བྲམ་ཟེ་རྣམས་ཀྱིས་སྟན་ནམ་ཆབ་བམ་གསང་ཚིག་གམ། གདོན་པ་འཐོབ་ལགས་སོ། །བྲམ་ཟེའི་ཁྱེའུ་གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་ཡོད་པ་དེ་ན་
རིགས་ཀྱིས་སྙེམས་པ་ཡང་ཡོད། རུས་ཀྱིས་སྙེམས་པ་ཡང་ཡོད། བྲམ་ཟེའི་བུའི་སྙེམས་པ་ཡང་ཡོད་དོ། །བྲམ་ཟེའི་ཁྱེའུ་སེམས་ཅན་རིགས་ཀྱི་སྙེམས་པས་མ་པར་བཅིངས་པ་དང་། རུས་ཀྱི་སྙེམས་པས་རྣམ་པར་བཅིངས་པ་དང་། བྲམ་ཟེའི་བུའི་སྙེམས་པས་རྣམ་པར་བཅིངས་པ་ཇི་སྙེད་པ་དེ་དག་རིག་པ་དང་ཞབས་སུ་ལྡན་པ་བླ་ན་མེད་པ་འདི་ཉིད་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་བ་མེད་ཀྱི་བྲམ་ཟེའི་བུ་རིགས་ཀྱི་སྙེམས་པ་སྤངས་རུས་ཀྱི་སྙེམས་པ་སྤངས། བྲམ་ཟེའི་བུའི་སྙེམས་པ་སྤངས་ན་དེ་ལྟར་ན་རིག་པ་དང་ཞབས་སུ་ལྡན་པ་བླ་ན་མེད་པ་འདི་ཉིད་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཤེས་ལྡན་གཽ་ཏ་མ་ལ་བདག་གང་སྔོན་ཡང་མ་བྱུང་། ཕྱིས་ཀྱང་མི་འབྱུང་། ད་ལྟར་ན་ཡང་མ་མཆིས་པ་དེ་ལྟ་བུར་དད་པ་ལགས་ཀྱི་ཤེས་ལྡན་གཽ་ཏ་མས་བདག་ལ་ཇི་ལྟར་རིག་པ་དང་ཞབས་འཚལ་བར་འགྱུར་བདེ་ལྟར་ཆོས་བཤད་དུ་གསོལ། བྲམ་ཟེའི་ཁྱེའུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བྲམ་ཟེའི་ཁྱེའུ་འདི་ལ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེས་ཆོས་བཤད་པ་ནི་ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ། རྣམ་པར་བྱང་བ་ཚངས་པར་སྤྱོད་པ་རབ་ཏུ་སྟོན་ཏེ། ཆོས་དེ་ཁྱིམ་བདག་གམ་ཁྱིམ་བདག་གི་བུས་མཉན་ནས། དེས་ཆོས་དེ་ཐོས་ནས་དད་པ་སོ་སོར་རྙེད་དོ། །དད་པ་སོ་སོར་རྙེད་པ་དེ་དག་དང་ལྡན་པས་འདི་ལ་སོ་སོར་ཡང་དག་པར་སློབ་པར་བྱེད་དེ། ཁྱིམ་གྱི་གནས་ནི་ཉམ་ང་བ་རྡུལ་དག་གི་གནས་ཡིན་ནོ། །རབ་ཏུ་བྱུང་བ་ནི་བླ་གབ་མེད་པ་ཡིན་ན། ཁྱིམ་པ་ཁྱིམ་ན་གནས་པ་རྣམས་ཀྱིས་ཇི་སྲིད་འཚོའ་བར་དུ་ཚངས་པར་སྤྱོད་པ་གཅིག་ཏུ་སལ་གྱིས་དག་པ། ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་རྣམ་པར་བྱང་བ་འདི་སྤྱད་པར་དཀའ།
མ་ལ་བདག་གིས་སྐྲ་དང་ཁ་སྤུ་བྲེགས་ལ་གོས་དུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་སྙམ་ནས་དེ་དེ་བཞིན་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པས་ཐ་ན་ཁ་ན་མ་ཐོ་བ་ཕྲ་མོ་ཙམ་ལ་ཡང་འཇིགས་པར་ལྟ་བ་ཡིན། བསླབ་པའི་གཞི་རྣམས་བླངས་ཏེ་སློབ་པ་ཡིན་ནོ། །དེ་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོག་པ་ཡིན་ཏེ་ཆད་པ་སྤངས་པ་ཡིན། མཚོན་ཆ་སྤངས་པ་ཡིན། འཛེམ་པ་དང་སྙིང་རྗེར་ལྡན་པ་ཡིན། སེམས་ཅན་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཆུང་ངུ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་སྲོག་གཅོད་པ་ལས་སླར་ལོག་པ་ཡིན་ནོ། །དེ་མ་བྱིན་པར་ལེན་པ་སྤངས་ནས་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ཡིན་ཏེ། བྱིན་པ་ལེན་པ་ཡིན་བྱིན་པ་ལ་དགའ་བ་ཡིན། སྦྱིན་པ་ལྷུག་པར་གཏོང་བ་ལ་དགའ་བ་ཡིན་ཏེ་རྐུན་མ་མ་ཡིན་འདོད་ཆེན་ཅན་མ་ཡིན། གཙང་བ་ཡིན། བདག་ཉིད་བསྲུངས་པས་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་མི་ཚངས་པར་སྤྱོད་པ་སྤངས་ནས་མི་ཚངས་པར་སྤྱོད་པ་ལས་སླར་ལོག་པ་ཡིན་ཏེ། ཚངས་པར་སྤྱོད་པ་ཡིན། སྤྱོད་པ་ངན་པ་སྤངས་པས་དག་པ་ཡིན། གཙང་བ་ཡིན། དྲི་ང་བ་མེད་པ་ཡིན། འཁྲིག་པ་དང་བྲལ་བ་ཡིན། སྨད་རིམས་ཀྱི་ཆོས་དང་བྲལ་བ་ཡིན། མི་ཚངས་པར་སྤྱོད་པ་ལས་སླར་ལོག་པ་ཡིན་ནོ། །དེ་བརྫུན་དུ་སྨྲ་བ་སྤངས་ནས་བརྫུན་དུ་སྨྲ་བ་ལས་སླར་ལོག་པ་ཡིན་ཏེ། བདེན་པ་སྨྲ་བ་ཡིན། བདེན་པ་ལ་དགའ་བ་ཡིན། མཉན་པར་འོས་པ་ཡིན། ཡིད་ཆེས་པ་ཡིན། བརྟན་པ་ཡིན། འཇིག་རྟེན་ལ་མི་སླུ་བ་ཡིན། བརྫུན་དུ་སྨྲ་བ་ལས་སླར་ལོག་པ་ཡིན་ནོ། །དེ་ཕྲ་མ་སྤངས་ནས་ཕྲ་མ་ལས་སླར་ལོག་པ་ཡིན་ཏེ། དེ་ཚུ་བི་དག་ལས་མཉན་ཏེ་དེ་དག་དབྱེ་བའི་ཕྱིར་ཕ་བི་དག་ལ་སྨྲ་བ་མ་ཡིན། ཕ་བི་དག་ལས་མཉན་ཏེ་དེ་དག་དང་དབྱེ་བའི་ཕྱིར་ཚུ་བི་དག་ལ་སྨྲ་བ་མ་ཡིན། བྱེ་བ་རྣམས་སྡུ་མས་བྱེད་པ་ཡིན། མཐུན་པ་རྣམས་ལ་གཟེངས་སྟོད་པ་ཡིན། མཐུན་བ་ལ་
དགའ་བ་ཡིན། མཐུན་པ་ལ་མགུ་བ་ཡིན། མཐུན་པར་བྱེད་པའི་ཚིག་སྨྲ་བ་ཡིན། ཕྲ་མ་ལས་ཕྱིར་ལོག་པ་ཡིན་ནོ། །དེ་ཚིག་རྩུབ་པོ་སྤངས་ནས་ཚིག་རྩུབ་པོ་ལས་ཕྱིར་ལོག་པ་ཡིན་ཏེ། དེ་གང་ལ་ཡང་ཚིག་གདུག་པ་དང་། རྩུབ་པ་དང་། ཕ་རོལ་ལ་མི་སྙན་པ་དང་། ཕ་རོལ་སྤ་འགོང་བར་བྱེད་པ་དང་། སྐྱེ་བོ་མང་པོའ་ཡིད་ལ་མི་འཐད་པ་དང་། སྐྱེ་བོ་མང་པོའ་སྙིང་དུ་མི་སྡུག་པ་དང་། སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོའ་ཡིད་དུ་མི་འོང་བ་དང་། མཉམ་པར་བཞག་པ་མ་ཡིན་པ་དང་མཉམ་པར་འཇོག་པར་འགྱུར་བ་མ་ཡིན་པ་དེ་ལྟ་བུའི་ཚིག་སྤངས་པ་ཡིན། མི་ཚུགས་པ་དང་། རྣར་སྙན་པ་དང་། སྙིང་ཚིམ་པར་བྱེད་པ་དང་། དགའ་བར་བྱེད་པ་དང་། གྲོང་ཁྱེར་བ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་རིག་པར་བྱེད་པ་དང་། མཉན་པར་འོས་པ་དང་། མི་རྟེན་པ་དང་། འགལ་བ་མ་ཡིན་པ་དང་། ཐུག་པ་མེད་པ་དང་། སྐྱེ་བོ་མང་པོ་ལ་སྡུག་པ་དང་། སྐྱེ་བོ་མང་པོ་མགུ་བ་དང་། སྐྱེ་བོ་མང་པོ་དགའ་བ་དང་། སྐྱེ་བོ་མང་པོའ་ཡིད་དུ་འོང་བ་དང་། མཉམ་པར་བཞག་པ་དང་མཉམ་པར་འཇོག་པར་འགྱུར་བ་དེ་ལྟ་བུའི་ཚིག་སྨྲ་བ་དང་དེ་ཚིག་རྩུབ་པོ་སྤངས་ནས་ཚིག་རྩུབ་པོ་ལས་སླར་ལོག་པ་ཡིན་ནོ། །དེ་ཚིག་ཀྱལ་པ་སྤངས་ནས་ཚིག་ཀྱལ་པ་ལས་སླར་ལོག་པ་ཡིན་ཏེ། དེ་དུས་སུ་སྨྲ་བ་ཡིན། ཡང་དག་པར་སྨྲ་བ་ཡིན། དེ་ཁོ་ན་ཉིད་སྨྲ་བ་ཡིན། དོན་སྨྲ་བ་ཡིན། ཆོས་སྨྲ་བ་ཡིན། རྟོགས་པ་སྨྲ་བ་ཡིན། ཁོང་དུ་ཆུད་པར་བྱེད་པའི་ཚིག་སྨྲ་བ་ཡིན་ཏེ། དུས་སུ་དང་འདྲེན་མ་མ་ཡིན་པ་དང་གླེང་གཞི་དང་བཅས་པ་དང་། དན་རྟགས་དང་བཅས་པ་དང་། ཆོས་དང་དོན་དང་ལྡན་པ་ཡིན་ཏེ། ཚིག་ཀྱལ་པ་སྤངས་ནས་ཚིག་ཀྱལ་པ་ལས་སླར་ལོག་པ་ཡིན་ནོ། །དེ་ཉོ་ཚོང་སྤངས་ནས་ཉོ་ཚོང་ལས་སླར་ལོག་པ་ཡིན་ཏེ། དེ་གཞལ་ལུགས་ལ་གཡོ་བྱེད་པ་དང་། སྲང་ལ་གཡོ་བྱེད་པ་དང་། ཚད་ལ་གཡོ་བྱེད་པ་སྤངས་ནས་གཞལ་ལུགས་ལ་གཡོ་བྱེད་པ་དང་། སྲང་ལ་གཡོ་བྱེད་པ་དང་། ཚད་ལ་གཡོ་བྱེད་པ་ལས་སླར་ལོག་
པ་ཡིན་ནོ། །དེ་གསུག་ལེན་པ་དང་འདྲིད་པ་དང་། བསྡིགས་ནས་རང་གིར་བྱེད་པ་སྤངས་ནས་གསུག་ལེན་པ་དང་། འདྲིད་པ་དང་། བསྡིགས་ནས་རང་གིར་བྱེད་པ་ལས་སླར་ལོག་པ་ཡིན་ནོ། །དེ་གསད་པ་དང་། བཅིང་བ་དང་། བཅད་པ་དང་། དབུག་པ་དང་། བརྡེག་པའི་བསམ་པ་སྤངས་ནས་གསོད་པ་དང་། འཆིང་བ་དང་། གཅོད་པ་དང་། འབིགས་པ་དང་། རྡེག་པ་ཉམས་སུ་མྱོང་བར་བྱེད་པ་ལས་སླར་ལོག་པ་ཡིན་ནོ། །དེ་འོད་དང་བུད་མེད་ཅན་དང་ལྷན་ཅིག་ཏུ་ཉལ་བ་སྤངས་ནས་འོད་དང་། བུད་མེད་ཅན་དང་ལྷན་ཅིག་ཏུ་ཉལ་བ་ལས་སླར་ལོག་པ་ཡིན་ནོ། །དེ་ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་ཁང་གི་གཞི་ལེན་པ་སྤངས་ནས། དེ་ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་ཁང་གི་གཞི་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་གླང་པོ་ཆེ་དང། རྟ་དང་། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་བྲན་ཕོ་དང་། བྲན་མོ་དང་། ཞོ་ཤས་འཚོ་བ་ལེན་པ་སྤངས་ནས། དེ་ཆུང་མ་དང་བུ་ཕོ་དང་བུ་མོ་ལེན་པ་སྤངས་ནས། ཆུང་མ་དང་། བུ་ཕོ་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་གསེར་དང་དངུལ་ལེན་པ་སྤངས་ནས། གསེར་དང་དངུལ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་འབྲུ་མ་ཉམས་པ་ལེན་པ་སྤངས་ནས། འབྲུ་མ་ཉམས་པ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་ཟ་གཅིག་པ་ཡིན་ཏེ། ནུབ་མོའ་སྤངས་ཤིང་དུས་མ་ཡིན་པའི་ཁ་ཟས་སྤངས་པ་ཡིན། དུས་སུ་རྒྱུ་ཞིང་དུས་སུ་སྤྱོད་པས་སྦྱོར་བ་ལ་བརྩོན་པ་ཡིན། དེ་ལུས་ཀྱི་བགོ་བ་རན་པས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན། བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན་ནོ། །དེ་ལུས་ཀྱི་བགོ་བ་རན་པས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན་ཞིང་། བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་
ཡིན་པས་གང་དང་གང་དུ་འགྲོ་བ་ན་ལྷུང་བཟེད་དང་བཅས། ཆོས་གོས་དང་བཅས་པས་འགྲོའོ། །དཔེར་ན་འདབ་ཆགས་བྱ་གང་དང་གང་དུ་ལྡིང་བ་དེར་འདབ་མ་དང་ཆས། གཤོག་པ་དང་ཆས་ཏེ་ལྡིང་བ་དེ་བཞིན་དུ་དེ་ལུས་ཀྱི་བགོ་བ་རན་པས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན། བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན་ནོ། །དེ་ལུས་ཀྱི་བགོ་བ་རན་པས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན་ཞིང་བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན་ཏེ། མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ས་བོན་གྱི་ཚོགས་དང་། འབྱུང་པོའ་ཚོགས་དང་། སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོར་ཏོའ་ས་བོན་དང་། བཀས་པའི་ས་བོན་དང་། ལྔ་པ་ནི་ས་བོན་གྱི་ས་བོན་ཉིད་དེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་ས་བོན་གྱི་ཚོགས་དང་། འབྱུང་པོའ་ཚོགས་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་སོགས་འཇོག་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། ཟས་ཀྱི་སོགས་འཇོག་དང་། སྐོམ་གྱི་སོགས་འཇོག་དང་། དྲིའི་སོགས་འཇོག་དང་། རོའ་སོགས་འཇོག་དང་། ལོ་མའི་སོགས་འཇོག་དང་། མེ་ཏོག་གི་སོགས་འཇོག་དང་། འབྲས་བུའི་སོགས་འཇོག་དང་། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་སོགས་འཇོག་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ།། །།འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་གཅིག་པ། མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་གནས་མལ་མཐོན་པོ་དང་། གནས་མལ་ཆེན་པོ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པར་བྱེད་པ་འདི་ལྟ་སྟེ། སྟན་དང་། ཁྲི་དང་། ཁྲི་སྣམ་བུ་ཅན་དང་། རས་ཀྱི་སྣམ་བུ་ཅན་དང་། བེའུ་རས་ཀྱིས་གཡོགས་པ་དང་། རས་ཡུག་ཆེན་གྱིས་གཡོགས་པ་དང་། རས་ཁྲ་བོས་གཡོགས་པ་དང་། པ་
ལེ་ལའི་རས་ཀྱིས་གཡོགས་པ་དང་། གླང་པོ་ཆེའི་འཐབ་སྟན་དང་། རྟའི་འཐབ་སྟན་དང་། ངོས་གཅིག་བལ་ལས་བྱས་པ་དང་། ངོས་གཉིས་ཀ་བལ་ལས་བྱས་པ་དང་། སྟོད་བལ་ལས་བྱས་པ་དང་། རྒྱབ་བལ་ལས་བྱས་པ་དང་། བལ་ལས་བྱས་པ་དང་། ཀ་ལིང་ཀའི་གོས་ཀྱི་སྟེང་གཡོགས་པ་དང་། གཡོགས་དང་བཅས་པའི་གོས་དང་། ཕྱོགས་གཉིས་སུ་སྡས་དམར་པོ་ལས་བྱས་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་གནས་མལ་མཐོན་པོ་དང་། གནས་མལ་ཆེན་པོ་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་བདག་སྤྱད་ནས་འཆང་བ་དང་། གཞག་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། མཉེ་བ་དང་། བཀྲུ་བ་དང་། དྲིལ་ཕྱི་དང་། མེ་ཏོག་གི་ཕྲེང་བ་དང་། དྲི་དང་། བྱུག་པ་དང་། ཁ་དོག་འཆང་བ་དང་། སེན་མོའ་ཁ་དོག་སྒྱུར་བ་དང་། ཁར་ཕྱེ་མ་འདེབས་པ་དང་། གདོང་གི་བྱི་དོར་དང་། མེ་ལོང་ལ་ལྟ་བ་དང་། ལག་ངར་བརྒྱན་པ་དང་། གཙུག་ཏོར་འཆིང་བ་དང་། གདུགས་ཀྱི་རྩ་བ་སྦུ་བུ་ཅན་དང་། རལ་གྲི་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། མཆིལ་ལྷམ་ཁྲ་བོ་དང་། གོས་སར་པ་དང་། རས་སར་པ་ཁ་ཚར་ཅན་འཆང་བའི་རང་བཞིན་ཅན་དག་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་གཞག་པ་དང་འཆང་བ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ལྟད་མོ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། གླང་པོ་ཆེས་འགྱེད་པ་དང་། ཤིང་རྟས་འགྱེད་པ་དང་། དཔུང་བུ་ཆུང་གིས་འགྱེད་པ་དང་། དབྱུག་པས་འགྱེད་པ་དང་། ཁུ་ཚུར་གྱིས་འགྱེད་པ་དང་། གྲུ་མོས་འགྱེད་པ་དང་། ཁྱུ་མཆོག་གིས་འགྱེད་པ་དང་། མ་ཧེས་འགྱེད་པ་དང་། ར་འགྱེད་པ་དང་། ལུག་འགྱེད་པ་དང་། བྱ་གག་འཐབ་པ་དང་། མཆིལ་བ་འཐབ་པ་དང་། འུར་པ་འཐབ་བ་དང་། བྱ་གག་དང་། ཕུག་རོན་དང་། མཆིལ་པ་
དང། བུད་མེད་འཐབ་པ་དང་། སྐྱེས་པ་འཐབ་པ་དང་། གཞོན་ནུ་འཐབ་པ་དང་། གཞོན་ནུ་མ་འཐབ་པ་དང་། ཤིང་འཛེག་པ་དང་། བྲོ་གར་གྱི་ཚོགས་དང་། ཕྲག་པ་ནས་འགོང་བ་དང་། རྒྱལ་མཚན་གྱི་རྩེ་མོ་དང་། དཔུང་གི་ཚོགས་དང་། གཡུལ་བཤམས་པ་དང། དམག་ཚོགས་ལ་ལྟ་བ་དང་། འདུས་པ་ཆེན་པོ་ལ་ལྟ་བར་འདོད་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ལྟད་མོ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཉན་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། གླང་པོ་ཆེའི་སྐད་དང་། རྟའི་སྐད་དང་། ཤིང་རྟའི་སྒྲ་དང་། དཔུང་བུ་ཆུང་གི་སྒྲ་དང་། རྔ་པ་ཊ་ཉའི་སྒྲ་དང་། རྔ་བོ་ཆེའི་སྒྲ་དང་། རོལ་མོའ་ཚོགས་པའི་སྒྲ་དང་། གར་མཁན་གྱི་གླུ་སྒྲ་དང་། རོལ་མོའ་སྒྲ་དང་། ཁར་གསིལ་གྱི་སྒྲ་དང་། སེ་གོལ་གྱི་སྒྲ་དང་། ཐལ་མོའ་སྒྲ་དང་། བུམ་པའི་སྒྲ་དང་། རང་བཟོའ་སྒྲ་དང་། སྙན་དངགས་ཀྱི་སྒྲ་དང་། ཡིག་འབྲུ་སྣ་ཚོགས་དང་། ཚིག་དང་ཡི་གེ་སྣ་ཚོགས་དང་། འཇིག་རྟེན་རྒྱང་འཕེན་དང་ལྡན་པ་དང་གྲགས་པའི་གཏམ་ཉན་འདོད་པ་དག་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་སྒྲ་སྣ་ཚོགས་ཉན་པ་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས། ཨུག་ཤུད་དང་། ཁྲས་དང་། ཆོ་ལོ་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། མིག་བརྒྱད་པ་དང་། མིག་བཅུ་པ་དང་། ན་ཡའི་མིག་དང་། ཕྱོགས་ཕྱོགས་ནས་འགྱེད་པ་དང་། བུམ་པས་རྩེ་བ་དང་། ཀ་ལེ་དང་ཀ་ཙ་ལེ་དང་། ཕེག་གིས་རྩེ་བ་དང་། ཨུག་ཤུད་དང་། གུལ་ཚབ་དང་། ཐུར་མ་དང་། ལག་རྒྱན་འམ། ཁ་ཅིག་སྐུགས་ཅི་ལྟ་བར་འགྱེད་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཨུག་ཤུད་དང་། ཁྲས་དང་། ཆོ་ལོ་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ངག་སྤྱད་ནས་གཏམ་སྣ་ཚོགས་རྩོམ་པ་
ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། རྒྱལ་པོའ་གཏམ་དང་། དམག་གི་གཏམ་དང་། ཟས་ཀྱི་གཏམ་དང་། སྐོམ་གྱི་གཏམ་དང་། གོས་ཀྱི་གཏམ་དང་། ཚོང་འདུས་ཀྱི་གཏམ་དང་། སྨད་འཚོང་གི་གཏམ་དང་། ལམ་ངན་བརྗོད་པའི་གཏམ་དང་། རྒྱ་མཚོ་ཆེན་པོ་རྗོད་པའི་གཏམ་དང་། ལྗོངས་དང་། སྣ་ཆེན་པོ་ལ་གཏོགས་པ་རྗོད་པའི་གཏམ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་གཏམ་སྣ་ཚོགས་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྦྱད་ནས་རྩོད་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། ཇི་ལྟར་ཁོ་བོས་ཆོས་འདུལ་བ་འདི་ཀུན་ཤེས་པ་དེ་བཞིན་དུ། ཁྱོད་ཀྱིས་ཀྱང་ཆོས་འདུལ་བ་འདི་ཀུན་ཤེས་མོད་ཀྱི་ཁྱོད་ཀྱིས་ནི་རིགས་པ་དང་ལྡན་པ་དང་འབྲེལ་བ་མ་ཡིན་ཏེ། སྔར་སྨྲ་བར་བྱ་བ་ནི་ཕྱིས་སྨྲས། ཕྱིས་སྨྲ་བར་བྱ་བ་ནི་སྔར་སྨྲས་ལ་ཁྱོད་ཀྱིས་ཧ་ཅང་མྱུར་བར་སྨྲས་པས་མི་གསལ་ལོ། །བརྩད་པ་མཇུག་བརྟུལ་གྱིས་ཁྱོད་ཀྱིས་བརྩད་པའི་དོན་དུ་སྨྲས་པའི་ཚིག་དེ་ཐོང་ཤིག །ཚར་བཅད་པར་ཤེས་སམ། གལ་ཏེ་ལན་ཐེབས་པ་ལྟ་ན་དྲིས་དང་སྨྲོས་ཤིག་ཅེས་བྱ་བ་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་རྩོད་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཕོ་ཉར་འགྲོ་བ་དང་། གཏོང་བ་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། དེ་དག་རྒྱལ་པོའ་འམ། བློན་པོ་ཆེན་པོ་རྣམས་ཀྱིའམ། བྲམ་ཟེ་རྣམས་ཀྱིའམ། ཁྱིམ་བདག་རྣམས་ཀྱིའམ། གྲོང་མི་རྣམས་ཀྱིའམ། ཡུལ་མི་རྣམས་ཀྱིའམ། ཚོང་དཔོན་རྣམས་ཀྱིའམ། དེད་དཔོན་རྣམས་ཀྱི་ཕོ་ཉ་ཚུ་བི་ནས་ཁྲིད་དེ་ཕ་བིར་སྣ་འདྲེན་པར་བྱེད་པ་དང་། ཕ་བི་ནས་ཕོ་ཉ་ཁྲིད་དེ་ཚུ་བིར་སྣ་འདྲེན་པར་བྱེད་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཕོ་ཉར་འགྲོ་བ་དང་གཏོང་བ་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་བ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་
སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པ་སྒྲུབ་པར་བྱེད་དེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པ་སྒྲུབ་པར་བྱེད་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །འདི་ལྟར་ཡང་མ་སྡུག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། གནམ་གྲུམ་པ་དང་། རྨ་མཚན་དང་། རྨི་ལམ་གྱི་མཚན་མ་དང་། མེས་ཚིག་པ་དང་། ཆུས་རེག་པ་དང་། བྱི་བས་ཟོས་པ་དང། འབེབས་པ་དང་། སྐད་ཉན་པ་དང་། འབྱུང་པོ་ཐམས་ཅད་ཀྱི་སྐད་དང་། ལུས་ཀྱི་དཔྱད་དང་། ཁྱིམ་སའི་དཔྱད་དང་། ནེ་ཙོའ་དཔྱད་དང་། བྱའི་དཔྱད་དང་། མཐེ་བོའ་དཔྱད་དང་། ཁ་ཅིག་སྐར་མའི་སྦྱོར་བ་བྱེད་དེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ཡུད་ཙམ་རྣམས་ཀྱི་སྦྱོར་བ་དང་། རྒྱུ་སྐར་ཤར་བ་དང་། རོ་བརྟག་པ་དང་། ཞི་བའི་ལས་དང་། རྒྱས་པའི་ལས་དང་། དྲག་པོའ་ལས་དང་། བསང་གཏོར་གྱི་ལས་དང་། ཡིག་འབྲུ་དང་། རྩིས་དང་། གྲངས་དང་། ལག་རྩིས་དང་། མེ་ལོང་གི་དཔྱད་ལ་སྦྱོར་བར་བྱེད་དོ། །དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་
བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། གསོ་བའི་དཔྱད་དང་། རྩ་བའི་སྨན་དང་། མིག་སྨན་སྦྱིན་པ་དང་། སྣུམ་བག་དང་། རོ་སྦྱིན་པ་དང་། སྨན་སྦྱིན་པ་དང་། བུད་མེད་ཀྱི་དཔྱད་དང་། གཞོན་ནུའི་དཔྱད་དང་། གཞོན་ནུ་མའི་དཔྱད་དང་། སྨན་ལ་སྦྱོར་བར་བྱེད་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ནོར་བུའི་མཚན་ཉིད་དང་། དབྱུག་པའི་མཚན་ཉིད་དང་། རལ་གྲིའི་མཚན་ཉིད་དང་། མདའི་མཚན་ཉིད་དང་། མཚོན་ཆའི་མཚན་ཉིད་དང་། གླང་པོ་ཆེའི་མཚན་ཉིད་དང་། རྟའི་མཚན་ཉིད་དང་། ཁྱུ་མཆོག་གི་མཚན་ཉིད་དང་། མ་ཧེའི་མཚན་ཉིད་དང་། རའི་མཚན་ཉིད་དང་། ལུག་གི་མཚན་ཉིད་དང་། བྱ་གག་གི་མཚན་ཉིད་དང་། འུར་བའི་མཚན་ཉིད་དང་། མཆིལ་པའི་མཚན་ཉིད་དང་། བུད་མེད་ཀྱི་མཚན་ཉིད་དང་། སྐྱེས་པའི་མཚན་ཉིད་དང་། གཞོན་ནུའི་མཚན་ཉིད་དང་། གཞོན་ནུ་མའི་མཚན་ཉིད་དང་། ཚེ་ཐུང་བའི་རྟགས་དང་། ཚེ་རིང་བའི་རྟགས་དང་། སྐལ་བ་ཆུང་བའི་རྟགས་དང་། སྐལ་བ་ཆེ་བའི་རྟགས་དང་། བསོད་ནམས་ཆུང་བའི་རྟགས་དང་། བསོད་ནམས་ཆེ་བའི་རྟགས་དང་། མཐུ་ཆུང་བའི་རྟགས་དང་། མཐུ་ཆེ་བའི་རྟགས་དང་། ཇོ་བོའ་མཚན་ཉིད་དང་བྲན་གྱི་མཚན་ཉིད་དེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། སྨན་མས་ཅིག་ཅར་གཏོང་བ་དང་། སྒྲེངས་ཏེ་གཏོང་བ་དང་། སྐྱུག་པ་དང་། འཁྲུ་བ་དང་། སྟོད་དུ་འཁྲུ་བ་དང་། སྣར་བླུགས་པ་དང་། དུ་བ་རྡུབ་པ་དང་། དུགས་ཀྱི་ལས་དང་། བད་ཀན་གྱི་དཔྱད་དང་། ཕོ་བའི་དཔྱད་དང་། སྨེ་བ་དང་ཕོལ་མིག་གི་དཔྱད་དང་། རི་དགས་འཁྱིལ་པ་དང་། བྱ་རོག་འཁྱིལ་པ་དང་། མཁུར་བ་འགུལ་བ་དང་། ལྕེ་སོས་ཆོད་པ་དང་། རོ་ལངས་དང་། རོ་ལངས་ཕྱེད་ལ་སྦྱོར་བར་བྱེད་དེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། དགུག་པ་དང་། ཀུན་དུ་དགུག་པ་དང་། རྣམ་པར་དགུག་པ་དང་། ཀུན་དུ་རྨོངས་པ་དང་། རྣམ་
པར་རྨོངས་པ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇོམས་པའི་ཆོས་དང་། བདེ་བར་བྱེད་པ་དང་། སྡུག་བསྔལ་བར་བྱེད་པ་དང་། བུ་འཆགས་པར་བྱེད་པ་དང་། ཏིལ་གྱི་སྦྱིན་སྲེག་དང་། འབྲས་ཀྱི་སྦྱིན་སྲེག་དང་། ཚེར་མའི་སྦྱིན་སྲེག་དང་། རྫས་ཀྱི་སྦྱིན་སྲེག་དང་། སྦྱིན་སྲེག་གི་སྦྱིན་སྲེག་དང་། ཉི་མ་ལ་བཀུར་སྟི་བྱ་བ་དང་། སྐར་མ་ལ་བཀུར་སྟི་བྱ་བ་དང་། ལྷ་ལ་བཀུར་སྟི་བྱ་བ་དང་། བཀུར་སྟིའི་གནས་ཆེན་པོ་ལ་བཀུར་སྟི་བྱེད་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་བ་དག་སྤྱད་ནས་ཡོན་པོའ་དཔྱད་སྣ་ཚོགས་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། འཇིགས་པར་འགྱུར་བ་དང་། ཞི་བར་འགྱུར་བ་དང་། ལོ་ཉེས་པར་འགྱུར་བ་དང་། ལོ་ལེགས་པར་འགྱུར་བ་དང་། ཆར་མི་འབབས་པར་འགྱུར་བ་དང་། ཡམས་ཀྱི་ནད་འབྱུང་བར་འགྱུར་བ་དང་། ཡམས་ཀྱི་ནད་འབྱུང་བར་མི་འགྱུར་བ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་སྣ་ཚོགས་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ཟུན་རྣམས་ཀྱི་རྒྱལ་པོ་རྒྱལ་བར་འགྱུར་ཞིང་ཕྱི་རོལ་པ་རྣམས་ཀྱི་རྒྱལ་པོ་ཕམ་པར་འགྱུར་བ་དང་། ཕྱི་རོལ་པ་རྣམས་ཀྱི་རྒྱལ་པོ་རྒྱལ་བར་འགྱུར་ཞིང་ཟུན་རྣམས་ཀྱི་རྒྱལ་པོ་ཕམ་པར་འགྱུར་བ་དང་། ཟུན་རྣམས་ཀྱི་རྒྱལ་པོ་གཡུལ་དུ་འཇུག་པར་འགྱུར་ཞིང་ཕྱི་རོལ་པ་རྣམས་ཀྱི་རྒྱལ་པོ་འབྱུང་བར་འགྱུར་བ་དང་། ཕྱི་རོལ་པ་རྣམས་ཀྱི་རྒྱལ་པོ་གཡུལ་དུ་འཇུག་པར་འགྱུར་ཞིང་ཟུན་རྣམས་ཀྱི་རྒྱལ་པོ་འབྱུང་བར་འགྱུར་བ་དག་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའི་དཔྱད་ཀྱི་ལོག་པའི་
འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ཉི་མ་དང་ཟླ་བ་དག་ལམ་དུ་འགྲོ་བ་དང་། ཉི་མ་དང་ཟླ་བ་དག་ལམ་གོལ་བར་འགྲོ་བ་དང་། ལམ་དུ་ཉི་མ་གཟས་ཟིན་པ་དང་། ཟླ་བ་གཟས་ཟིན་པ་དང་། སྐར་མདའ་ལྟུང་པ་དང་། ཕྱོགས་དམར་པོར་གྱུར་པ་དང་། བར་སྣང་ལས་སྒྲ་བྱུང་བ་དང་། ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འཆར་བ་དང་། ནུབ་པ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། འདི་ལྟ་སྟེ། ལམ་དང་ལམ་གོལ་བ་དག་མངོན་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ཉི་མ་དང་ཟླ་བ་དག་ལམ་དུ་འགྲོ་ན་འབྲས་བུ་འདི་ལྟ་བུར་འགྱུར་བ་དང་། ཉི་མ་དང་ཟླ་བ་དག་ལམ་གོ་ལ་བར་འགྲོ་ན་འབྲས་བུ་འདི་ལྟ་བུར་འགྱུར་བ་དང་། ལམ་དུ་ཉི་མ་གཟས་ཟིན་པ་དང་། ཟླ་བ་གཟས་ཟིན་པ་དང་། སྐར་མདའ་ལྟུང་བ་དང་། ཕྱོགས་དམར་པོར་གྱུར་པ་དང་། བར་སྣང་ལས་སྒྲ་བྱུང་ན་འབྲས་བུ་འདི་ལྟ་བུར་འགྱུར་བ་དང་། ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འཆར་བ་དང་། ནུབ་པ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། འདི་ལྟ་སྟེ། ལམ་དང་ལམ་གོལ་བ་མངོན་ན་འབྲས་བུ་འདི་ལྟ་བུར་འགྱུར་བར་སྟོན་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་ལྡན་པས་ནང་གི་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉམས་སུ་མྱོང་བར་བྱེད་ཅིང་། དེ་དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང་། ཀུན་དུ་བསྲུངས་པའི་དྲན་པ་དང་། འགྲུས་སྐྱོང་གི་དྲན་པ་དང་ཡིད་དྲན་པས་བསྲུངས་པས་གནས་སྐབས་མཉམ་པར་སྤྱོད་ཅིང་གནས་པ་ཡིན་ནོ། །དེ་མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན་ཏོ། །གཞི་གང་གི་ཕྱིར་ཞེ་ན། མིག་གི་དབང་པོ་སྔོམ་པས་མ་བསྡམས་པར་གནས་པ་ནི་འཇིག་རྟེན་ལ་
བརྣབ་སེམས་དང་། ཡིད་མི་བདེ་བ་དག་འབྱུང་བས་སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །དེ་རྣམས་བསྡམ་པའི་ཕྱིར་བསྒྲུབ་ཅིང་བསྲུང་བར་མིག་གི་དབང་པོས་མིག་གི་དབང་པོ་སྡོམ་པར་བྱེད་དོ། །དེ་བཞིན་དུ་རྣ་བས་སྒྲ་དང་སྣས་དྲི་དང། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་རྣམས་ཤེས་ནས་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན་ཏོ། །གཞི་གང་གི་ཕྱིར་ཞེ་ན། ཡིད་ཀྱི་དབང་པོ་སྡོམ་པས་མ་བསྡམས་པར་གནས་པ་ནི་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དག་འབྱུང་བས་སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །དེ་རྣམས་བསྡམ་པའི་ཕྱིར་ཡིད་ཀྱི་དབང་པོས་ཡིད་ཀྱི་དབང་པོ་སྡོམ་པར་བྱེད་དོ། །དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དེ་དང་ལྡན་པས་ནང་གི་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉམས་སུ་མྱོང་ཞིང་། དེ་འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་གནས་པ་ཡིན། ལྟ་བ་དང་། རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་ཐོགས་པ་དང་། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་ཀྱིས་དུབ་པ་བསལ་བ་ལ་ཤེས་བཞིན་དུ་གནས་པ་ཡིན་ནོ། །དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དེ་དང་། དྲན་པ་དང་ཤེས་བཞིན་མཆོག་དེ་དང་ལྡན་པས་ནང་གི་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉམས་སུ་མྱོང་ཞིང་དེ་གནས་མལ་དབེན་པ་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དག་ཏུ་གནས་པ་ཡིན་ཏེ། དེ་དགོན་པར་སོན་ཀྱང་རུང་། ཤིང་དྲུང་དུ་སོན་ཀྱང་རུང་། ཁང་སྟོང་དུ་སོན་ཀྱང་རུང་འདུག་སྟེ། སྐྱིལ་མོ་ཀྲུང་བཅས་ནས་ལུས་དྲང་པོར་བསྲང་སྟེ་དྲན་པ་མངོན་པར་ཕྱོགས་པར་བཞག་ནས་དེ་འཇིག་རྟེན་ལ་བརྣབ་སེམས་སྤངས་ཏེ། བརྣབ་སེམས་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་ཤིང་། །རྣབ་སེམས་ལས་སེམས་ཡོངས་སུ་སྦྱོང་བ་ཡིན་ནོ། །འཇིག་རྟེན་ལ་
གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་སྤངས་ཏེ། ཡིད་གཉིས་ལས་རྒལ་བ་ཡིན། ཐེ་ཚོམ་ལས་རྒལ་བ་ཡིན། དགེ་བའི་ཆོས་རྣམས་ལ་ངེས་པ་ཐོབ་པ་ཡིན། ཐེ་ཚོམ་ལས་སེམས་ཡོངས་སུ་སྦྱོང་བ་ཡིན་ནོ། །མ་སྡུག་དཔེར་ན་མི་ཞིག་གིས་སྐྱིན་པོ་ཞིག་བླངས་ནས་ལས་ཀྱི་མཐའ་རྣམས་ལ་བརྩོན་པར་བྱས་ཏེ། དེའི་ལས་ཀྱི་མཐའ་དེ་རྣམས་གྲུབ་ནས་དེས་དེ་ལས་བུ་ལོན་དེ་ཡང་ཁྱེར་ལ། དེ་ལ་ཆུང་མ་གསོ་བ་ཆོག་ཙམ་ཞིག་ཀྱང་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྐྱིན་པོ་བླངས་ནས་ལས་ཀྱི་མཐའ་རྣམས་ལ་བརྩོན་པར་བྱས་ཏེ། བདག་གི་ལས་ཀྱི་མཐའ་དེ་རྣམས་གྲུབ་ནས་བདག་གིས་དེ་ལས་བུ་ལོན་ཡང་གཞལ། བདག་ལ་ཆུང་མ་གསོ་བ་ཆོག་ཙམ་ཞིག་ཀྱང་ཡོད་དོ་སྙམ་སྟེ། དེ་གཞི་དེ་ལས་བདེ་བར་གྱུར། ཡིད་བདེ་བར་གྱུར་པ་དང་། མ་སྡུག་དཔེར་ན་མི་ནད་པ་ནད་ཚབས་ཆེ་བ་སྡུག་བསྔལ་བ་ཞིག་ཡོད་ལ། དེ་ཟས་ཟོས་པ་ནི་ལུས་ལ་འཇུར་མི་བཏུབ། སྐོམ་འཐུངས་བ་ནི་ཁོང་དུ་གནོད་པར་གྱུར་པ་ལས་དེ་དུས་གཞན་ཞིག་ན་ནད་མེད་ཅིང་སྟོབས་དང་ལྡན་ལ་བདེ་བར་གྱུར་ཏེ། དེས་ཁ་ཟས་ཟོས་པ་འཇུར་བཏུབ། སྐོམ་འཐུངས་པ་ནི་ཁོང་དུ་གནོད་པར་མ་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་ན་བ་ནད་ཚབས་ཆེ་བ་སྡུག་བསྔལ་བར་གྱུར་པ་ན་བདག་གིས་ཁ་ཟས་ཟོས་པ་ནི་ལུས་ལ་འཇུར་མི་བཏུབ། སྐོམ་འཐུངས་པ་ནི་ཁོང་དུ་གནོད་པར་གྱུར་པ་ལས། ད་ནི་འདི་ལྟར་བདག་ནད་མེད་ཅིང་སྟོབས་དང་ལྡན་པས་བདེ་བར་གྱུར་ཏེ། བདག་གིས་ཟས་ཟོས་པ་ནི་ལུས་ལ་འཇུར་བཏུབ། སྐོམ་འཐུངས་པ་ནི་ཁོང་དུ་གནོད་པར་མ་གྱུར་ཏོ་སྙམ་སྟེ། དེ་གཞི་དེ་ལས་བདེ་བ་དང་། ཡིད་བདེ་བར་གྱུར་པ་དང་། མ་སྡུག་དཔེར་ན་མི་ཞིག་བྲན་དུ་གྱུར་ཏེ། མངག་གཞུག་པ་དང་། གོ་རེ་ལོང་བ་དང་། ལྟོ་གོལ་དང་། རང་དབང་མེད་པར་གྱུར་པ་ལས། དེ་དུས་གཞན་ཞིག་ན་བྲན་མི་བྱེད་པར་གྱུར་ཏེ། མངག་གཞུག་པ་མི་བྱེད། གོ་རེ་ལོང་མི་བྱེད། ལྟོ་གོལ་མི་བྱེད་དེ། རང་དབང་ཡོད་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་
ལྟར་བདག་སྔོན་བྲན་དུ་གྱུར་པ་ན་མངག་གཞུག་པ་དང་། གོ་རེ་ལོང་བ་དང་། ལྟོ་གོལ་དང་། རང་དབང་མེད་པ་ལས་ད་ནི་བྲན་མི་བྱེད་པས་མངག་གཞུག་པ་མི་བྱེད། གོ་རེ་ལོང་མི་བྱེད། ལྟོ་གོལ་མི་བྱེད་དེ། རང་དབང་ཡོད་དོ་སྙམ་ནས། དེ་གཞི་དེ་ལས་བདེ་བར་གྱུར། ཡིད་བདེ་བར་གྱུར་པ་དང་། མ་སྡུག་དཔེར་ན་མི་ཞིག་བཙོན་དུ་བཟུང་སྟེ། ལག་པ་ཕྱིན་ཀ་ལོག་ཏུ་དམ་དུ་བཅིངས་པར་གྱུར་པ་ལས། དེ་དེ་ལས་ནོར་གཞལ་བ་མེད་པར་བདེ་བར་ལེགས་པར་ཐར་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་བཙོན་དུ་བཟུང་སྟེ། ལག་པ་ཕྱིན་ཀ་ལོག་ཏུ་དམ་དུ་བཅིངས་པར་གྱུར་པ་ལས། ད་ནི་དེ་ལས་བདག་ནོར་གཞལ་བ་མེད་པར་བདེ་བར་ལེགས་པར་ཐར་ཏོ་སྙམ་སྟེ། དེ་གཞི་དེ་ལས་ཡིད་བདེ་བར་གྱུར་པ་དང་། མ་སྡུག་དཔེར་ན་མི་ཞིག་འཇིགས་པ་ལས་བདེ་བ་དང་། ལོ་ཉེས་པ་ལས་ལོ་ལེགས་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་འཇིགས་པ་ལས་བདེ་བ་དང་། ལོ་ཉེས་པ་ལས་ལོ་ལེགས་པར་གྱུར་ཏོ་སྙམ་སྟེ། དེ་གཞི་དེ་ལས་བདེ་བར་གྱུར། དགའ་བར་གྱུར་པ་དེ་བཞིན་དུ་དེས་བདག་ཉིས་ཀྱི་སྒྲིབ་པ་ལྔ་པོ་སྐྱིན་པོ་ཇི་ལྟ་བ་དང་། ནད་ཇི་ལྟ་བ་དང་། བྲན་ཇི་ལྟ་བ་དང་། བཙོན་ཇི་ལྟ་བ་དང་། འཇིགས་པ་ཇི་ལྟ་བ་དེ་དག་སྤངས་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་སྒྲིབ་པ་ལྔ་པོ་སེམས་ཉེ་བའི་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། གནོད་པའི་ཕྱོགས་དང་མཐུན་པ། མྱ་ངན་ལས་འདས་པ་དང་མི་མཐུན་པ་དག་སྤངས་ནས། འདོད་པ་དག་ལས་དབེན། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན། རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དཔེར་ན་ཁྲུས་མཁན་ནམ་ཁྲུས་མཁན་གྱི་སློབ་མ་མཁས་པ་ཞིག་ཁར་ཕོར་རམ། གཞོད་བུའམ། ཉ་ཕྱིས་ཀྱི་ནང་དུ་འདག་ཆལ་གྱི་ཕྱེ་མ་ཞིབ་མོ་ཆུས་ཡང་བཏབ་ཡང་བཏབ་སྟེ་སྤངས་ན་འདག་ཆལ་གྱི་གོང་བུ་དེ་གཤེར་གཤེར་དང་ལྡན། གཤེར་གྱིས་ཞེན་ཏེ། གཤེར་
གྱིས་ཕྱི་ནང་ཁྱབ་པས་འབོ་བར་མི་འགྱུར། འཛག་པར་མི་འགྱུར་བ་དེ་བཞིན་དུ། དགེ་སློང་དེའི་ལུས་དབེན་པ་ལས་སྐྱེས་པའི་དགའ་བའི་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་འདི་སྙམ་དུ་ལུས་འདི་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དཔེར་ན་རིའི་རྩེ་ན་བཀོད་མའི་མཚོ་བྲན་ཞིག་ཡོད་པར་གྱུར་ལ། དེར་ནི་ཤར་ཕྱོགས་ནས་ཀྱང་ཆུ་མི་འབབ་པར་གྱུར་ལ། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་ཀྱང་ཆུ་མི་འབབ་ལ། དེར་ལྷས་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་མི་འབེབས་ཏེ། གཞན་དུ་ན་བཀོད་མའི་མཚོ་བྲན་དེ་ཉིད་ནས་བཀོད་མའི་ཆུའམ། བཀོད་མའི་ཆུ་ཆེན་པོ་ལུད་ནས་བཀོད་མའི་མཚོ་བྲན་དེ་ཐམས་ཅད་ཆུ་བསིལ་བས་གང་བར་བྱེད། ཡོངས་སུ་གང་བར་བྱེད། ཤིན་ཏུ་གང་བར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། བཀོད་མའི་མཚོ་བྲན་དེ་ཐམས་ཅད་འདི་ལྟ་སྟེ། ཆུ་བསིལ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་ལུས་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། ཏིང་ངེ་འཛིན་ལས་སྐྱེས་
པའི་དགའ་བ་དང་བདེ་བས་མ་ཁྱབ་པའམ། །ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་འདི་ལྟར་ལུས་འདི་ལ་དགའ་བ་མེད་པའི་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དགའ་བ་མེད་པའི་བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །འདི་ལྟ་སྟེ་དཔེར་ན་ཨུཏྤ་ལའམ། པད་མའམ། ཀུ་མུད་འམ། པད་མ་དཀར་པོ་ཆུ་ལས་སྐྱེས་ཤིང་ཆུ་ནས་ཆེན་པོར་གྱུར་པ་རྩེས་བཏགས་ཤིང་འདུག་པ་དེ་དག་གི་རྩ་བ་ནས་རྩེ་མོའ་བར་གྱི་གསབ་གསེབ་ནི་འདི་ལྟ་སྟེ། ཆུ་བསིལ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་ལུས་ལ་དགའ་བ་མེད་པའི་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཆིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དགའ་བ་མེད་པའི་བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་འདི་ལྟར་ལུས་འདི་ལ་ཡོངས་སུ་དག་པ་དང་རྣམ་པར་བྱང་བའི་སེམས་ཀྱིས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དཔེར་ན་ཁྱིམ་བདག་གམ་ཁྱིམ་བདག་གི་བུས་རས་ཁྲུ་བརྒྱད་པའམ། དགུ་པས་དེ་མགོ་དང་། ལག་པ་དང་། རྐང་པ་གཡོགས་ན། དེའི་མགོ་བོ་དང་། ལག་པ་ནས་རྐང་པའི་བར་ལུས་
ཐམས་ཅད་འདི་ལྟ་སྟེ། རས་གཙང་མ་ཡོངས་སུ་དག་པས་མ་ཡོག་པའམ། ཡོག་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་དེ་འདི་ལྟར་ལུས་འདི་ལ་ཡོངས་སུ་དག་པ་དང་རྣམ་པར་བྱང་བའི་སེམས་ཀྱིས་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། ཡོངས་སུ་དག་པ་དང་རྣམ་པར་བྱང་བའི་སེམས་ཀྱིས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །མ་སྡུག་གང་གི་ཚེ་ཁོ་ན་འཕགས་པའི་ཉན་ཐོས་ཀྱིས་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་པ་དེ་ཁོ་ནའི་ཚེ་དེའི་སེམས་རྒོད་པ་མ་ཡིན། ཞུམ་པ་མ་ཡིན་ནོ། །རྒོད་པ་མེད་ཅིང་ཞུམ་པ་མེད་པས་མི་གཡོ་བར་གནས་པ་ཐོབ་བོ། །དཔེར་ན་ཁང་པ་རྩེག་མ་འམ། ཁང་པ་རྩེག་མའི་ཁྱམས་སུ་འབྲུ་མར་གྱི་མེ་མར་བུས་པ་དེའི་མེ་ལྕེ་དེ་རླུང་ནས། བྱ་དང་མི་དང་མི་མ་ཡིན་པའི་བར་གྱིས་མ་བསྐྱོད་ཅིང་མ་བསྒུལ་བ་དེའི་ཚེ་རྒོད་པ་མ་ཡིན། ཞུམ་པ་མ་ཡིན་ནོ། །རྒོད་པ་མེད་ཅིང་ཞུམ་པ་མེད་པར་གནས་པས་མི་གཡོ་བར་འབར་བ་དེ་བཞིན་དུ། མ་སྡུག་གང་གི་ཚེ་འཕགས་པའི་ཉན་ཐོས་ཀྱིས་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞིན་པ་རྫོགས་པར་བྱས་ཏེ་གནས་པ་དེའི་ཚེ་དེའི་སེམས་རྒོད་པ་མ་ཡིན་ཞུམ་པ་མ་ཡིན་ནོ། །རྒོད་པ་མེད་ཅིང་ཞུམ་པ་མེད་པས་མི་གཡོ་བར་གནས་པ་ཐོབ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་ཀྱི་གཟུགས་འདི་ནི་རགས་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་ཡིན་ཏེ། འདི་ལ་བདག་གི་རྣམ་པར་ཤེས་པ་རྟེན་ཅིང་འདི་ལ་གནས་ཏེ། འདི་ལ་ཁྱབ་པར་གནས་ཀྱིས་མ་ལ་བདག་གིས་ལུས་འདི་ལས་ཡིད་བསྐྱོད་དེ། །
ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་དང་། དམན་པ་མ་ཡིན་པ་ཞིག་མངོན་པར་སྤྲུལ་ལོ་སྙམ་ནས། དེ་ལུས་དེ་ལས་ཡིད་བསྐྱོད་དེ་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མཚང་བ་དང་དམན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །མ་སྡུག་དཔེར་ན་ནོར་བུ་བཻ་ཌཱུ་བཟང་པོ་རིགས་དང་ལྡན་པ་གསལ་བ་དང་བ་དྲི་མ་མེད་པ་ཚོན་སྐུད་སྣ་ལྔ་པ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་ལ་བརྒྱུས་པ་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་སྐུད་པ་ཡིན་ནོ། །འདི་ནི་ནོར་བུ་ཡིན་ནོ། །འདི་ནི་སྐུད་པས་ནོར་བུ་བརྒྱུས་པ་ཡིན་ནོ་ཞེས་ཤེས་པ་དེ་བཞིན་དུ་དེ་ལུས་དེ་ལས་ཡིད་བསྐྱོད་ནས་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་དང་། ད་མན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །མ་སྡུག་དཔེར་ན་མི་ཞིག་གིས་རྩྭ་མུན་ཛ་ལས་ཐུར་མ་བྱུང་བ་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་མུན་ཛ་ཡིན་ནོ། །འདི་ནི་ཐུར་མ་ཡིན་ཏེ། མུན་ཛ་ལས་ཐུར་མ་ཕྱུང་བ་ཡིན་ནོ། །ཞེས་ཤེས་པ་དེ་བཞིན་དུ་དེ་ལུས་དེ་ལས་ཡིད་བསྐྱོད་ནས་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་དང་། དམན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །མ་སྡུག་དཔེར་ན་མི་ཞིག་གིས་ཟ་མ་ཏོག་ནས་སྦྲུལ་ཕྱུང་བ་ན་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་ཟ་མ་ཏོག་ཡིན་ནོ། །འདི་ནི་སྦྲུལ་ཡིན་ཏེ། ཟ་མ་ཏོག་ནས་སྦྲུལ་ཕྱུང་བ་ཡིན་ནོ་ཞེས་ཤེས་པ་དེ་བཞིན་དུ་དེ་ལུས་དེ་ལས་ཡིད་བསྐྱོད་ནས་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་དང་། དམན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །མ་སྡུག་དཔེར་ན་མི་ཞིག་གིས་རལ་གྲི་ཤུབས་ནས་ཕྱུང་བ་ན་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་ཤུབས་ཡིན་ནོ། །འདི་ནི་རལ་གྲི་ཡིན་ཏེ། རལ་གྲི་ཤུབས་ནས་ཕྱུང་བ་ཡིན་ནོ་ཞེས་ཤེས་པ་དེ་བཞིན་དུ་དེ་ལུས་དེ་ལས་ཡིད་བསྐྱོད་ནས་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་དང་། དམན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །དེ་དེ་ལྟར་མཉམ་
པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་པར་གཏོད་པར་བྱེད་དེ། དེ་རྫུ་འཕྲུལ་གྱི་ཡུལ་རྣམ་པར་དུ་མ་ཉམས་སུ་མྱོངས་པར་བྱེད་དེ། འདི་ལྟ་སྟེ་གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང་། མང་པོར་གྱུར་ནས་གཅིག་ཏུ་གྱུར་པ་དང་། སྣང་བར་གྱུར་ཅིང་མི་སྣང་བར་གྱུར་པའི་ཡེ་ཤེས་མཐོང་བ་ཉམས་སུ་མྱོང་བར་བྱེད་ཅིང་རྩིག་པ་ལ་ཡང་ཐད་ཀར་འགྲོ། རིལ་ཡང་ཐད་ཀར་འགྲོ། རབ་ལ་ཡང་ཐད་ཀར་འགྲོའོ། །ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་ནི་དཔེར་ན་ས་དང་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འགྲོ་བ་དང་། བྱིའུ་ཟུལ་བྱེད་དེ། དཔེར་ན་ཆུལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་རྒྱུན་ཕྱོགས་ལས་བཟློག་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་འདི་གཉིས་ལ་ལག་པས་འཛིན་ཅིང་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་རོ། །དཔེར་ན་གསེར་མགར་རམ་གསེར་མགར་གྱི་སློབ་མ་མཁས་པ་ཞིག་གིས་གསེར་ཤིན་ཏུ་ལས་སུ་རུང་བར་བྱས་པར་རིག་ནས་རྡུངས་སུ་བྱ་བའི་རྣམ་པ་ཕོར་བུའམ། མགུལ་རྒྱན་ནམ། ལག་རྒྱན་ནམ། རྐང་རྒྱན་ནམ། སོར་གདུབ་རྒྱའམ། གསེར་གྱི་ཕྲེང་བ་གང་དང་གང་བྱེད་འདོད་པ་དེ་མྱུར་བ་མྱུར་བར་བྱེད་པ་དེ་བཞིན་དུ། དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་དེ། འདི་ལྟ་སྟེ་
གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང་ཞེས་བྱ་བ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དཔེར་ན་རྫ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་འཇིམ་པའི་གོང་བུ་ཤིན་ཏུ་ལས་སུ་རུང་བར་བྱས་པར་རི་གནས་སྣོད་སྤྱད་ཀྱི་རྣམ་གྲངས་གང་དང་གང་བསྒྲུབ་པར་འདོད་པ་དེ་དང་དེ་ཁོ་ན་མྱུར་བ་མྱུར་བར་སྒྲུབ་པ་དེ་བཞིན་དུ། ད་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དཔེར་ན་བ་སོ་མཁན་ནམ་བསོ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་བ་སོ་ཤིན་ཏུ་ལས་སུ་རུང་བར་བྱས་པར་རིག་ནས་གཟུགས་ཀྱི་རྣམ་གྲངས་གང་དང་གང་བསྒྲུབ་པར་འདོད་པ་དེ་དང་དེ་ཁོ་ན་མྱུར་བ་མྱུར་བར་སྒྲུབ་པ་དེ་བཞིན་དུ། དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ་ཞེས་བྱ་བ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། ལྷའི་རྣ་བ་ཤེས་པའི་མངོན་པར་ཤེས་པ་མངོན་སུམ་དུ་བྱ་བ་ལ་སེམས་མངོན་དུ་གཏོད་པར་བྱེད་དེ། དེ་ལྷའི་རྣ་བ་རྣམ་པར་དག་པ་མིའི་ལས་འདས་པས་མི་རྣམས་ཀྱིའམ། མི་མ་ཡིན་པ་རྣམས་ཀྱིའམ། གང་དག་རིང་པོའམ། གང་དག་ཉེ་བའི་སྒྲ་གཉིག་ཐོས་པར་བྱེད་དོ། །དཔེར་ན་མི་དུང་འབུད་པ་ཞིག་རི་བྲག་ཆེན་པོའ་ཁར་འཛེགས་ནས་མཚན་མོ་ནམ་ཕྱེད་ཀྱི་དུས་སུ་དུང་བུས་ན་དེའི་སྒྲ་དེས་སའི་ཕྱོགས་ཐོགས་པ་མེད་པར་ཁྱབ་པར་འགྱུར་བ་དེ་བཞིན་དུ། དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་
དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། ལྷའི་རྣ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་དེ། དེ་ལྷའི་རྣ་བ་རྣམས་པར་དག་པ་མིའི་ལས་འདས་པས་མི་རྣམས་ཀྱིའམ། མི་མ་ཡིན་པ་རྣམས་ཀྱིའམ། གང་དག་རིང་པོའམ། གང་དག་ཉེ་བའི་སྒྲ་གཉི་ག་ཐོས་པར་བྱེད་དོ། །དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་པར་གཏོད་པར་བྱེད་དེ། དེས་སེམས་ཅན་གཞན་རྣམས་ཀྱི་དང་། གང་ཟག་གཞན་རྣམས་ཀྱི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་ཡིད་ཡིད་ཀྱིས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྔང་དང་བཅས་པ་དང་། ཞེ་སྔང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང༑ ཆུང་ངུ་དང་། ཆེན་པོ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་བཞག་པ་མ་ཡིན་པ་དང་། བསྒོམས་པ་དང་། བསྒོམས་པ་མ་ཡིན་པ་དང་། སེམས་རྣམ་པར་གྲོལ་བ་དང་། སེམས་རྣམ་པར་གྲོལ་བ་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དཔེར་ན་སྐྱེས་བུ་མིག་དང་ལྡན་པས་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པར་བྱས་ཏེ། རང་གི་བཞིན་གྱི་མཚན་མ་རྟོག་པར་བྱེད་པ་དེ་བཞིན་དུ། དེ་འདི་ལྟར་
མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་དེ་ཞེས་བྱ་བ་ནས། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། འདི་ནི་ཞབས་ཞེས་བྱའོ། །རིག་པ་གང་ཞེ་ན། དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་དེ། དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ་སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པ་དང་འཇིག་པའི་བསྐལ་པ་དུ་མ་རྗེས་སུ་དྲན་ཏེ། གང་དུ་བདག་སེམས་ཅན་འདི་དག་གི་ནང་དུ་སྐྱེས་པ་ན་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ་། །ཚེ་རིང་ཁྱད་ནི་འདི་ཙམ་ཞིག །ཡུན་ནི་འདི་སྲིད་ཅིག་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་པོ། །དེ་ནས་བདག་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་
ནས་ཡང་ག་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དཔེར་ན་མི་ཞིག་གྲོང་ནས་གྲོང་དུ་སོང་ལ། དེ་ནས་ཀྱང་གྲོང་གཞན་དུ་སོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་གྲོང་ཆེ་གེ་མོ་ནས་ག་གེ་མོར་སོན་ཏོ། །དེ་ནས་ཀྱང་གྲོང་ཆེ་གེ་མོར་རོ། །གྲོད་དེ་ནས་ནི་གྲོང་འདིར་འོངས་སོ་སྙམ་པ་དེ་བཞིན་དུ་དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་དེ། དེ་སྔོན་གྱི་གནས་རྣམ་པར་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་དང་ཞེས་བྱ་བ་ནས་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་གཉིས་པ། དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་དེ། དེ་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་རྣམས་དང་། སྐྱེ་བ་རྣམས་དང་། ཁ་དོག་བཟང་པོ་རྣམས་དང་། ཁ་དོག་ངན་པ་རྣམས་དང་། དམན་པ་རྣམས་དང་། གྱ་ནོམ་པ་རྣམས་དང་། བདེ་འགྲོ་དང་ངན་འགྲོར་འགྲོ་བ་རྣམས་ཀྱང་མཐོང་ཞིང་སེམས་ཅན་ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་
སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང་། ལོག་པར་ལྟ་བ་དང་ལོག་པར་ལྟ་བའི་ཆོས་ཀྱི་ལས་བླངས་པའི་རྒྱུས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དང་། ཡང་དག་པར་ལྟ་བ་དང་ཡང་དག་པར་ལྟ་བའི་ཆོས་ཀྱི་ལས་བླངས་པའི་རྒྱུས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དཔེར་ན་སྐྱེས་བུ་མིག་དང་ལྡན་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་ནས་སྐྱེ་བོའ་ཚོགས་ཆེན་པོ་འོང་བ་དང་། འདུག་པ་དང་། ཉལ་བ་དང་། ཐ་དད་པར་འགྲོ་བ་རྣམས་ཀྱང་མཐོང་བ་དེ་བཞིན་དུ་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་ཞེས་བྱ་བ་ནས། ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་དེ། དེ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་དང་། འདི་ནི་སྡུག་བསྔལ་འགོག་པ་དང་། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་
གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་ཉིད་མཐོང་བར་འགྱུར་རོ། །དཔེར་ན་གྲོང་ངམ་གྲོང་རྡལ་དང་ཧ་ཅང་ཡང་ཐག་མི་རིང་བ་ཞིག་ན་མཚོ་བྲན་གཏིང་ཟབ་པ། ཆུ་གསལ་བ། དང་བ། རྣམ་པར་དང་བ་ཞིག་ཡོད་ལ། དེ་ལ་སྐྱེས་བུ་མིག་དང་ལྡན་པ་ཞིག་འགྲམ་དུ་འདུག་ནས་གསེག་མའམ། གྱོ་མོའམ། ཉའམ། རུ་སྦལ་ལམ། ཉ་ཕྱིས་སམ། དུང་རྣམས་མཐོང་བདེ་བཞིན་དུ། དེ་འདི་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་པ་ཞེས་བྱ་བ་ནས། འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་ནི་རིག་པ་ཞེས་བྱ་སྟེ། གོང་མའི་ཞབས་དང་འདི་གཉིས་གཅིག་ཏུ་བསྡོམས་པ་ལ་རིག་པ་དང་ཞབས་ཞེས་བྱའོ། ། །བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་དེ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་ལ་ཐབས་མ་ཡིན་པ་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་འདི་ཉིད་མངོན་པར་མ་རྟོགས་པར་གྲོང་ནས་དགོན་པར་སོང་ནས་ཡལ་ག་དང་ལོ་མའི་སྤྱིལ་བུ་བྱས་ཏེ་གནས་པར་བྱེད་དེ། འདི་ན་བདག་ཅག་རྩ་བ་དང་འབྲས་བུས་འཚོ་བར་བྱའོ་ཞེས་དེ་རྣམས་དེ་ན་རྩ་བ་དང་འབྲས་བུས་འཚོ་བར་བྱེད་པ་འདི་ནི་བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་འདི་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་ལ་ཐབས་མ་ཡིན་པ་དང་པོ་ཡིན་པར་རིག་པར་བྱའོ། །བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། ངས་གང་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་དེའི་ཐབས་མ་ཡིན་པ་དང་པོ་འདི་བཤད་པ་དེ་ལ་ཁྱོད་སློབ་དཔོན་དང་བཅས་པར་སྣང་ངམ། ཀྱེ་གཽ་ཏ་མ་མ་ལགས་སོ། །བྲམ་ཟེའི་ཁྱེའུ་གཞན་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་འདི་ཉིད་མངོན་པར་མ་རྟོགས་པར་རྩ་བ་དང་འབྲས་བུའི་ཟས་དེ་རྣམས་སྤངས་ནས་མཐའ་གཅིག་ཏུ་སོང་སྟེ། ཡལ་ག་དང་ལོ་མའི་སྤྱིལ་བུ་བྱས་ནས་གནས་པར་བྱེད་དེ། འདིར་བདག་
ཅག་ལོ་མའི་ཟས་ཀྱིས་འཚོ་བར་བྱའོ་ཞེས་དེ་རྣམས་དེ་ན་ལོ་མའི་ཟས་ཀྱིས་འཚོ་བར་བྱེད་པ་འདི་ནི་བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་དེ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་ལ་ཐབས་མ་ཡིན་པ་གཉིས་པ་ཡིན་པར་རིག་པར་བྱའོ། །བྲམ་ཟེའི་ཁྱེའུ་གཞན་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་འདི་ཉིད་མངོན་པར་མ་རྟོགས་པར་རྩ་བ་དང་འབྲས་བུའི་ཟས་དེ་དག་དང་། ལོ་མའི་ཟས་དེ་དག་སྤངས་ནས་མཐའ་གཅིག་ཏུ་སོང་སྟེ། ཡལ་ག་དང་ལོ་མའི་སྤྱིལ་བུ་བྱས་ནས་གནས་པར་བྱེད་དེ། འདི་ན་བདག་ཅག་གསང་ཚིག་དག་གཞུང་དུ་བྱ་ཞིང་རིག་བྱེད་དག་བསྡེབ་པོ་ཞེས་དེ་རྣམས་གསང་ཚིག་དག་གཞུང་དུ་བྱེད་ཅིང་རིག་བྱེད་དག་སྡེབ་པ་སྟེ། འདི་ནི་བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་དེ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་ལ་ཐབས་མ་ཡིན་པ་གསུམ་པ་ཡིན་པར་རིག་པར་བྱའོ། །བྲམ་ཟེའི་ཁྱེའུ་གཞན་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་འདི་ཉིད་མངོན་པར་མ་རྟོགས་པར་རྩ་བ་དང་འབྲས་བུའི་ཟས་དེ་དག་དང་། ལོ་མའི་ཟས་དེ་དག་དང་། གསང་ཚིག་གི་གཞུང་དང་། རིག་བྱེད་བསྡེབ་པ་མངོན་པར་མ་རྟོགས་པར་དགོན་པ་ནས་གྲོང་མཐར་གནས་ནས་ཁྱིམ་སྒོ་བཞི་པ་བརྩིགས་ནས་གནས་པར་བྱེད་དེ། འདིར་བདག་ཅག་སྦྱིན་པ་དག་གཏང་། བསོད་ནམས་དག་བྱ་སྟེ། དགེ་སྦྱོང་དང་བྲམ་ཟེ་འོངས་ཤིང་ལྷགས་པ་དག་ལ་ཅི་ནུས་ཅི་ཕོད་ཀྱིས་བསོད་སྙོམས་ཀྱིས་སོ་སོར་བསྟབས་སོ་སྙམ་པ་སྟེ། འདི་ནི་བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་དེ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་ལ་ཐབས་མ་ཡིན་པ་བཞི་པ་ཡིན་པར་རིག་པར་བྱའོ། །བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། ངས་བླ་ན་མེད་པའི་རིག་པ་དང་ཞབས་སུ་ལྡན་པ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བ་ལ་ཐབས་མ་ཡིན་པ་བཞི་བསྟན་པ་གང་དག་ཡིན་པ་དེ་དག་ལ་ཁྱོད་སློབ་དཔོན་དང་བཅས་པ་སྣང་ངམ། ཀྱེ་གཽ་ཏ་མ་མ་ལགས་སོ། །བྲམ་ཟེའི་ཁྱེའུ་དེ་ལྟར་ཁྱོད་ཀྱིས་རེ་ཞིག་དེའི་ཐབས་མ་ཡིན་པ་བཞི་ཡོངས་སུ་མ་རྫོགས་པར་ཅིའི་ཕྱིར་ཁྱོད་ཨེ་མའོ་ཤཱཀྱ་རྣམས་ནི་དབྱུང་ཡིན་ནོ། །ཨེ་མའོ་ཤཱཀྱ་རྣམས་
ནི་དབྱུང་གི་རིགས་ཡིན་ནོ་ཞེས་ཤཱཀྱ་རྣམས་དབྱུང་ཡིན་པའི་ཚིག་སྨྲ། བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། བྲམ་ཟེ་རྣམས་ཀྱི་བྲམ་ཟེའི་དྲང་སྲོང་རྙིང་པ་གསང་ཚིག་དག་བྱེད་པ། རིག་བྱེད་དག་འཇུག་པར་བྱེད་པ་བྱུང་བ་གང་དག་གི་གསང་ཚིག་རྙིང་པ་བསྟོད་པ་དབྱངས་སུ་བླངས་པ་བསྡེབས་པ་ལ་ད་དུང་བྲམ་ཟེ་དེ་དག་དབྱངས་སུ་ལེན་ཅིང་འཆད་པར་བྱེད་པ་འདི་ལྟ་སྟེ། བརྒྱད་པ་དང་། གཡོན་ཕྱོགས་དང་། གཡོན་ཕྱོགས་ལྷ་དང་། སྣ་ཚོགས་བཤེས་དང་། མེ་འབར་དང་། ཉི་མའི་རིགས་དང་། བྷ་ར་དྭ་ཛ་དང་། གནས་འཇོག་དང་། འདྲོབ་སྐྱོང་གི་བུ་དང་། ངན་སྤོང་སྟེ། དེ་རྣམས་འདི་ལྟར་གྲོང་ཁྱེར་འོབས་རྩང་དང་། ཚེར་མ་ཅན་དག་བརྩིགས་ནས་གནས་པར་བྱེད་པ་ཡང་དཔེར་ན་ད་ལྟར་ཁྱོད་སློབ་དཔོན་དང་བཅས་པ་བཞིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །དེ་རྣམས་འདི་ལྟར་ཆེད་ཀར་རྒྱལ་མཚན་གྱི་རྩེ་མོ་དང་། དཔུང་གི་ཚོགས་དང་། དམག་གི་སྡེ་བཀོད་པ་ལ་ལྟད་མོའ་རྣམ་པ་དུ་མ་དག་ཉམས་སུ་མྱོང་བར་བྱེད་པ་ཡང་དཔེར་ན་ད་ལྟར་ཁྱོད་སློབ་དཔོན་དང་བཅས་པ་བཞིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །དེ་རྣམས་འདི་ལྟར་རྟ་རྒོད་མ་དང་ལྡན་པའི་ཤིང་རྟ་ཐམས་ཅད་ནས་དཀར་བའི་ནང་དུ་ཞུགས་ཏེ། གསེར་གྱི་དབྱུག་པ་དང་རིལ་བ་སྤྱི་བླུགས་ཐོགས་ནས་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་མདུན་ནས་བལྟས་ཏེ། ལྗོངས་རྒྱུ་ཞིང་ཕྱིར་འབྱུང་བ་དང་། ལྡོག་པར་བྱེད་པ་ཡང་དཔེར་ན་ད་ལྟར་ཁྱོད་སློབ་དཔོན་དང་བཅས་པ་བཞིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །དེ་རྣམས་འདི་ལྟར་བཀུར་སྟིར་བྱེད་པའི་བུད་མེད་ཅོད་པན་ཅན་དཔུང་པའི་སྤུ་ཀུ་བ་ལྟ་བུ་ནུ་མ་ཕོ་ལོང་ལྟ་ བུ་དག་ལས་མཉེ་བ་དང་། ཁྲུས་དང་། དྲིལ ་ཕྱིས་བདག་གིར་བྱེད་པ་ཡང་དཔེར་ན་ད་ལྟར་ཁྱོད་སློབ་དཔོན་དང་བཅས་པ་བཞིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །དེ་རྣམས་འདི་ལྟར་བུད་མེད་གསེར་གྱི་དཔུང་རྒྱན་ཅན། གསེར་གྱི་མགུལ་རྒྱན་ཐོགས་པ། ལེགས་པར་བརྒྱན་པ་རྣམས་དང་ལྷན་ཅིག་རྐང་པ་བརྐྱང་ནས་ཇི་ཙམ་ཉི་མ་ཤར་གྱི་བར་དུ་
ཉལ་བར་བྱེད་པ་ཡང་དཔེར་ན་ད་ལྟར་ཁྱོད་སློབ་དཔོན་དང་བཅས་པ་བཞིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །བྲམ་ཟེའི་ཁྱེའུ་ལྟོས། ཁྱོད་ཀྱི་མཁན་པོ་ལ་ཡང་ཉེས་པ་ཡོད་དེ། བྲམ་ཟེའི་ཁྱེའུ་གང་གི་ཚེ་བྲམ་ཟེ་པད་མའི་སྙིང་པོ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལྟར་སོང་བ་དེའི་ཚེ་རྩིག་པས་ཆོད་པ་དང་། ཡོལ་བས་ཆོད་པ་ལས་གཞན་དུ་མ་ཡིན་པར་ཅི་སྟེ་སྐྱེས་བུ་མཁས་པ་དེ་ལྟ་བུ་གང་ཁོ་ནའི་ཁ་ཟས་གཡོ་གཡོ་བ་ཟ་བ་དེ་ཉིད་ལ་མངོན་སུམ་དུ་ཕྲད་མི་ནུས། བྲམ་ཟེའི་ཁྱེའུ་ལྟོས་ཁྱོད་ཉིད་ལ་ཡང་ཉེས་པ་ཡོད་དེ། བྲམ་ཟེའི་ཁྱེའུ་སྔོན་བྱུང་བ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རང་གི་རྒྱལ་པོའ་སྟན་ལ་འདུག་ནས་མི་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་དགོས་པ་འདི་དང་འདི་ལྟ་བུ་དག་ཅིག་བྱོས་ཤིག །དེ་དང་དེ་དག་བྱས་ནས་འདི་དང་འདི་ལྟ་བུ་དག་ཅིག་དཔྱོད་ཅིག་ཅེས་སྨྲས་ནས་རྒྱལ་པོ་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་མི་དེས་རྒྱལ་པོ་མེད་པའི་སྟན་ལ་འདུག་ནས་མི་གཞན་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་དགོས་པ་འདི་དང་འདི་ལྟ་བུ་དག་ཅིག་བྱོས་ཤིག །དེ་དང་དེ་དག་བྱས་ནས་འདི་དང་འདི་ལྟ་བུ་དག་ཅིག་དཔྱོད་ཅིག་ཅེས་སྨྲས་ན། བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། ཇི་ག་རྒྱལ་པོ་མེད་པའི་སྟན་ལ་འདུག་ནས་རྒྱལ་པོའ་སྐད་ཟློས་ཤིང་རྒྱལ་པོའ་སྨྲ་ངགས་སུ་སྨྲ་བ་དེ་རྒྱལ་པོའམ། རྒྱལ་པོར་འོས་པ་ཡིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །བྲམ་ཟེའི་ཁྱེའུ་དེ་བཞིན་དུ་ཁྱོད་དྲང་སྲོང་རྣམས་ཀྱི་ཚིག་ཟློས་ཤིང་དྲང་སྲོང་རྣམས་ཀྱི་སྨྲ་ངགས་སུ་སྨྲ་བ་ཡང་དྲང་སྲོང་ངམ། དྲང་སྲོང་དུ་འོས་པ་ཡིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །བྲམ་ཟེའི་ཁྱེའུ་དེ་ལྟ་མོད་ཀྱི། དོན་གང་གི་ཕྱིར་འོངས་པའི་དོན་དེ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། དེ་ནི་ཁྱོད་ལ་ཡུན་རིང་པོའ་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་མ་སྡུག གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་བརྟགས་པ་ན། སུམ་བཅུ་ནི་མཐོང་ན་གཉིས་པོ་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་ལ་སོམ་ཉི་དང་ཐེ་ཙོམ་ཟ་ནས་དེས་ཚིགས་སུ་བཅད་དེ་གསོལ་པ། བདག་གིས་ཐུབ་
པ་ཆེན་པོའ་མཚན། །སུམ་བཅུ་རྩ་གཉིས་ཐོས་པ་གང་། །དེ་ལ་གཽ་ཏ་མ་ཁྱོད་ཀྱི་ནི། །སྐུ་ལ་གཉིས་ཤིག་མ་མཐོང་ན། །མི་མཆོག་མདོམས་ཀྱི་སྦ་བ་ནི། །ཅི་ལགས་སྦུབས་ཀྱིས་ཁེབས་གྱུར་ཏམ། །ལྗགས་བཟང་ཞེས་ནི་བགྱི་བ་ཡང་། །ཇི་ག་ཐུང་བ་མ་ལགས་གྲང་། །འཇིག་རྟེན་ན་ནི་རྫོགས་སངས་རྒྱས། །གྲགས་དང་ལྡན་རྣམས་མཐོང་དཀའ་བས། །ཞལ་ནས་ལྗགས་སྲབ་བརྐྱང་མཛོད་དེ། །བདག་གི་སོམ་ཉི་བསལ་བར་གསོལ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེའི་ཁྱེའུ་མ་སྡུག་འདི་ངའི་སྐུ་ལ་སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་རྟོག་པ་ན་སུམ་བཅུ་ནི་མཐོང་ན་གཉིས་པོ་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་ལ་སོམ་ཉི་དང་ཐེ་ཙོམ་ཟ་ན། མ་ལ་ངས་ཇི་ལྟར་བྲམ་ཟེའི་ཁྱེའུ་མ་སྡུག་གིས་བདག་གི་མདོམས་ཀྱི་སྤ་བ་སྦུབས་སུ་ནུབ་པ་དང་། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་རྟགས་ཤིག་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་རྟགས་མཛད་ནས། བྲམ་ཟེའི་ཁྱེའུ་མ་སྡུག་གིས་བཅོམ་ལྡན་འདས་ཀྱི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ཞལ་ནས་ལྗགས་བརྐྱང་པས་ཞལ་གྱི་དཀྱིལ་འཁོར་དབུ་སྐྲའི་བར་ཐམས་ཅད་ཁེབས་པར་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་ནི་སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཡིན་ཏེ། དེ་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའ་འགྲོ་བ་ནི་གཉིས་ལས་གཞན་དུ་མ་འགྱུར་ཏེ། གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བྲམ་ཟེའི་ཁྱེའུ་མ་སྡུག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེའི་ཚེ་བྲམ་ཟེ་པད་མའི་སྙིང་པོ་ཁྱིམ་མཆོག་གི་ས་མཐོན་པོ་ཞིག་ན་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་དང་ལྷན་ཅིག་ཏུ་འདུས་ཤིང་འཁོད་པར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་མ་སྡུག་ཀྱང་སྡོད་ཅིང་
འདུག་པ་ལས་བྲམ་ཟེའི་ཁྱེའུ་མ་སྡུག་གིས་བྲམ་ཟེ་པད་མའི་སྙིང་པོ་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བྲམ་ཟེ་པད་མའི་སྙིང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བྲམ་ཟེ་པད་མའི་སྙིང་པོའ་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཤས་ཆེ་བའི་བྲམ་ཟེ་གཞན་རྣམས་ལ་ཡང་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་བྲམ་ཟེ་པད་མའི་སྙིང་པོས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཅིག་ཤེས་ལྡན་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ཕྱོགས་དང་ཕྱོགས་མཚམས་སུ་རྒྱ་ཆེར་གྲགས་པ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡིན་ནམ། དེའི་མཚན་རྣམས་གྲག་པ་ཡང་ཡང་དག་པ་ཡིན་ནམ། མཁན་པོ་མེད་ལགས་ཏེ། ཤེས་ལྡན་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ཕྱོགས་དང་ཕྱོགས་མཚམས་སུ་རྒྱ་ཆེར་གྲགས་པ་ཡང་ཇི་ལྟ་བ་དེ་ཁོ་ན་བཞིན་ལགས་ལ། དེའི་མཚན་རྣམས་གྲག་པ་ཡང་ཡང་དག་པ་ལགས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཤེས་ལྡན་གཽ་ཏ་མ་དེ་དང་ལྷན་ཅིག་བར་སྐབས་ཀྱི་གཏམ་དག་བྱས་སམ། མཁན་པོ་བགྱིས་ལགས་སོ། །ཀྱེ་མ་བྲམ་ཟེའི་ཁྱེའུ་དེའི་ཕྱིར་ཐམས་ཅད་ཁོ་བོ་ལ་རྒྱས་པར་སྨྲོས་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་མ་སྡུག་དེས་བཅོམ་ལྡན་འདས་དང་ལྷན་ཅིག་བར་སྐབས་ཀྱི་གཏམ་ཅི་སྨྲས་པ་དེ་ཐམས་ཅད་བྲམ་ཟེ་པད་མའི་སྙིང་པོ་ལ་རྒྱས་པར་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་པད་མའི་སྙིང་པོ་ཁྲོས་རྔམས་འཁྲུགས་ཤིང་ཡིད་ལ་མ་བབ་པར་གྱུར་ནས་མཆིལ་ལྷམ་དང་བཅས་པའི་རྡོག་པས་བྲམ་ཟེའི་ཁྱེའུ་མ་སྡུག་གི་མགོ་ལ་བསྣུན་ནས་འདི་སྐད་ཅེས་ཀྱང་སྨྲས་སོ། །ཨེ་མའོ་ཕོ་ཉ་བྱེད་པ། ཨེ་མའོ་ཕྲིན་པ་བྱེད་པ། ཕོ་ཉ་བྱེད་པ་འདི་འདྲ་བ་དང་། ཕྲིན་པ་བྱེད་པ་འདི་འདྲ་བས་ནི་བདག་ངན་སོང་དུ་ཡང་ལྷུང་བར་འགྱུར་ཏེ། བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་ཤེས་ལྡན་གཽ་ཏ་མ་དེ་ལ་ཇི་ལྟ་ཇི་ལྟར་ཁྱད་དུ་བསད་ཅིང་ཁྱད་དུ་བསད་དེ་བཟློག་པར་སེམས་པ་དེ་ལྟ་དེ་ལྟར་ཤེས་ལྡན་གཽ་ཏ་མ་དེས་ཁོ་བོ་ཡང་དེ་དང་དེའི་ཁོང་དུ་བརྩི་བར་དགོངས་སོ། །
ཤེས་ལྡན་དག་དེང་ཁོ་ན་ཁོ་བོ་ཤེས་ལྡན་གཽ་ཏ་མ་དེ་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོར་དགོངས་ཐག་པས་མ་ནུས་པར་ཟད་དེ། འོན་ཀྱང་སང་ཤེས་ལྡན་གཽ་ཏ་མ་དེ་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོའོ། །དེ་ནས་བྲམ་ཟེ་པད་མའི་སྙིང་པོས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་བསྡོགས་ནས་ནང་པར་སྔར་ལངས་ཏེ། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དེ་དག་གིས་ཤིང་རྟ་བཀང་སྟེ་ཁྱེར་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་བདག་གིས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་ཤིང་རྟ་བཀང་སྟེ་འཚལ་ཏེ་མཆིས་པ་འདི་ཤེས་ལྡན་གཽ་ཏ་མས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བཞེས་སུ་གསོལ། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་བསིལ་ཡབ་ཐོགས་ནས་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་འདོད་པ་མཐུན་པ་ན་དགེ་སློང་ཇི་སྙེད་ཅིག་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་སྡུས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། འདོད་པ་མཐུན་པ་ན་དགེ་སློང་ཇི་སྙེད་ཅིག་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་བསྡུས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདོད་པ་མཐུན་པ་ན་དགེ་སློང་ཇི་སྙེད་ཅིག་ཉེ་བར་རྟེན་ཅིང་མཆིས་
པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ཤིང་མཆིས་ལགས་ཏེ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་རིམ་གྲོའི་གནས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་བྲམ་ཟེ་པད་མའི་སྙིང་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདན་བཤམས་པ་ལ་བདེ་བར་བཞུགས་ཟིན་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་པ་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཆོས་མཉན་པའི་ཕྱིར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་པད་མའི་སྙིང་པོའ་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་མཛད་དེ། སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་མཆོག །སྡེབ་སྦྱོར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག །ཟླ་བ་རྒྱུ་སྐར་རྣམས་ཀྱི་གཙོ། །ཉི་མ་སྣང་བྱེད་རྣམས་ཀྱི་གཙོ། །སྟེང་དང་འོག་དང་ཐད་ཀར་ཡང་། །འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས༑ ༑དེའི་ཚེ་བྲམ་ཟེ་པད་མའི་སྙིང་པོའ་ཡོན་བསྔོ་བ་མཛད་པ་ན་རྒན་ཞུགས་ཤིག་ཏིལ་གྱི་མར་ཁུ་ཟ་བར་བྱེད་དོ། །བྲམ་ཟེ་པད་མའི་སྙིང་པོས་ཡོན་བསྔོ་བ་མཛད་པ་ན་རྒྱན་ཞུགས་ཏིལ་གྱི་མར་ཁུ་ཟ་བ་དེ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ལགས་ཉན་ཐོས་ཐམས་ཅད་ཤེས་ལྡན་གཽ་ཏ་མའི་ཐུགས་མཉེས་པར་བགྱིད་པ་ལགས་སམ། བྲམ་ཟེ་འདི་ལ་ངེས་པ་མེད་དེ། ཁ་ཅིག་ནི་མཉེས་པར་བྱེད། ཁ་ཅིག་ནི་མཉེས་པར་མི་བྱེད་དོ། །ཀྱེ་གཽ་ཏ་མ་འདི་ལྟར་ཁ་ཅིག་ནི་ཆོས་འཚལ། ཁ་ཅིག་ནི་
ཏིལ་གྱི་མར་ཁུ་འཚལ་བ་གདའ་ལགས་སོ། །ཀྱེ་གཽ་ཏ་མ་བདག་གི་སློབ་མ་བྲམ་ཟེའི་ཁྱེའུ་མ་སྡུག་མཆིས་ལགས་སམ། བྲམ་ཟེ་འོངས་སོ། །ཤེས་ལྡན་གཽ་ཏ་མ་དེ་དང་ལྷན་ཅིག་ཏུ་བཀའ་མཆིད་དག་བགྱིས་ལགས་སམ། བྲམ་ཟེ་བྱས་སོ། །གཽ་ཏ་མ་དེའི་སླད་དུ། དེ་དང་ལྷན་ཅིག་བཀའ་མཆིད་ཇི་སྙེད་ཅིག་གླེངས་པ་དེ་ཐམས་ཅད་བདག་ལ་རྒྱས་པར་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་དང་ལྷན་ཅིག་ཇི་སྙེད་གཏམ་གླེངས་པ་དེ་ཐམས་ཅད་བྲམ་ཟེ་པད་མའི་སྙིང་པོ་ལ་བཀའ་སྩལ་ཏོ། །དེ་ནས་བྲམ་ཟེ་པད་མའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ནི་བུས་པ་རང་བཞིན་མ་འཚལ་བ་ལགས་སོ། །ཀྱེ་གཽ་ཏ་མ་ཁྱོད་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་བཟོད་པར་མཛོད་ཅིག་བྲམ་ཟེ་བཟོད་དོ། །ཤེས་ལྡན་གཽ་ཏ་མ་གང་གི་ཚེ་བདག་ཤིང་རྟའི་ནང་དུ་ཞུགས་པའམ། སྲབ་སྐྱོགས་འཛིན་པའམ། ལྕག་སྒྲེང་བའམ། སྐད་ཆེན་པོར་མཆི་བ་གཟིགས་པ་དེའི་ཚེ་ང་ལ་བྲམ་ཟེ་པད་མའི་སྙིང་པོ་ཕྱག་འཚལ་ནས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། འཚོའམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་ལོ་ཞེས་དེ་ལྟར་ཐུགས་སུ་ཆུད་པར་མཛད་དུ་གསོལ། ཀྱེ་ཤེས་ལྡན་གཽ་ཏ་མ་གང་གི་ཚེ་བདག་སྲང་གི་དབུས་ནས་མཆིས་པའམ། མཆིལ་ལྷམ་ཕུད་པའམ། ཤུལ་བཟུར་བའམ། སུག་པ་བརྐྱང་བ་གཟིགས་པ་དེའི་ཚེ་ཤེས་ལྡན་གཽ་ཏ་མས་བདག་ཕྱག་འཚལ་བར་གཟུང་དུ་གསོལ་ཞེས་བྱ་བ་ནས། རེག་པར་སྤྱོད་དམ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀྱེ་ཤེས་ལྡན་གཽ་ཏ་མ་གང་གི་ཚེ་བདག་འཁོར་གྱི་ནང་ན་མཆིས་བའམ། རད་པའམ། སྟན་ནམ། གཙུག་ཏོར་ལ་ནོམ་པ་གཟིགས་པ་དེའི་ཚེ་ཤེས་ལྡན་གཽ་ཏ་མས་བདག་ཕྱག་འཚལ་བར་གཟུང་དུ་གསོལ་ཞེས་བྱ་བ་ནས། རེག་པར་སྤྱོད་དམ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀྱེ་གཽ་ཏ་མ་དེ་ཅིའི་སླད་དུ་ཞེ་ན། བྲམ་ཟེ་རྣམས་ནི་གྲགས་
པས་ལོངས་སྤྱོད་འཐོབ་ལགས་ཏེ། དེ་དག་ནི་གྲགས་པ་ཁོ་ནས་ལོངས་སྤྱད་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་བྲམ་ཟེ་པད་མའི་སྙིང་པོ་འདི་ནི་ང་རྒྱལ་ཤིན་ཏུ་ཆེ་བ་ཞིག་པས་མ་ལ་ངས་འདིའི་ང་རྒྱལ་སྤང་བའི་ཕྱིར་ཆོས་བཤད་དོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་པད་མའི་སྙིང་པོ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་དང་ལྡན་པའི་གཏམ་དུས་དང་པོར་བྱ་བ་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་ཀྱི་མནོག་དང་། ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་གང་གི་ཚེ་དེ་སྙིང་དགའ་བ་དང་། དགེ་བའི་སེམས་དང་། མགུ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། སྣོད་དུ་རུང་བ་དང་། མཐུ་དང་ལྡན་པ་དང་། ཡང་དག་ཕུལ་གྱི་ཆོས་ཀུན་ཤེས་པར་ནུས་པར་གཟིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བཤད་པ་ཡང་དག་ཕུལ་གང་ཡིན་པ་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་རྒྱས་པར་རབ་ཏུ་བསྟན་ཏེ། དཔེར་ན་གོས་དཀར་པོ་ནག་ནོག་མེད་ཅིང་གཙང་མ་ཁ་བསྒྱུར་བར་འོས་པ་ཚོན་རྩིའི་ནང་དུ་བཅུག་ན་ལེགས་པར་ཚོན་རྩི་འཇེན་དུ་བཏུབ་པ་དེ་བཞིན་དུ་བྲམ་ཟེ་པད་མའི་སྙིང་པོ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མངོན་པར་རྟོགས་སོ། །དེ་ནས་བྲམ་ཟེ་པད་མའི་སྙིང་
པོས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་བདག་སྐྱབས་སུ་མཆི་ལགས་ཀྱིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཅད་ཇི་སྲིད་འཚོའ་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་བྲམ་ཟེ་པད་མའི་སྙིང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྐབས་སུ་བབ་པར་བྲམ་ཟེ་པད་མའི་སྙིང་བོ་འཕྱ་བར་བྱེད་ཀྱིས། དེ་ལྟ་བས་ན་ཡོན་སྔོ་བ་བྱེད་པ་ན་དགེ་སློང་གིས་བཟའ་བར་མི་བྱའོ། །ཟན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ལོ་མ་བདུན་པར་བྱོན་ནས་ལོ་མ་བདུན་པར་སངས་རྒྱས་བཞི་རྣམས་ཀྱི་གདན་ཞེས་བྱ་བ་གོང་མ་བཞིན་དུ་རྒྱས་པར་སྦྱར་རོ། །བཅོམ་ལྡན་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་འཆར་ཀར་བྱོན་ནས་འཆར་ཀ་ན་གནས་ཚེར་མ་ཅན་གྱི་ནགས་ན་བཞུགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གཽ་ཏ་མ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་འཆར་ཀར་བྱོན་ནས། འཆར་ཀ་ན་གནས་ཚེར་མ་ཅན་གྱི་ནགས་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མི་ཞིག་ལ་བསྒོ་བ། ཀྭའི་ནང་རྗེ་ཚུར་ཁྱོད་དགེ་སྦྱོང་གཽ་ཏ་མ་གང་ན་བ་དེར་སོང་
ལ་ངའི་ཚིག་འདི་དག་གིས་དགེ་སྦྱོང་གཽ་ཏ་མའི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། འཚོའམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་ལ་འདི་སྐད་དུ་ཀྱེ་ཤེས་ལྡན་གཽ་ཏ་མ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སང་བཅོམ་ལྡན་འདས་ལ་བལྟ་བར་མཆི་འཚལ་ན། ཤེས་ལྡན་གཽ་ཏ་མས་འདི་ལྟར་སྔ་ནས་ཐུགས་སུ་ཆུད་པར་མཛད་དུ་གསོལ་ཞེས་ཀྱང་གསོལ་ཅིག །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་ཀོ་སའི་རྒྱལ་པོ་གསལ་རྒྱལ་གྱི་ལྟར་མཉན་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་མི་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མའི་ཞབས་གཉིས་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མགོ་བོས་ཕྱག་འཚལ་ནས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། འཚོའམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་ལགས་སོ། །ཀྱེ་སྐྱེས་བུ་ཁྱོད་དང་ཀོ་སའི་རྒྱལ་པོ་གསལ་རྒྱལ་བདེ་བར་གྱུར་ཅིག །ཀྱེ་ཤེས་ལྡན་གཽ་ཏ་མ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་མཆི་པར་འཚལ་ན། ཤེས་ལྡན་གཽ་ཏ་མས་འདི་ལྟར་སྔ་ནས་ཐུགས་སུ་ཆུད་པར་མཛད་དུ་གསོལ། ཀྱེ་ནང་རྗེ་ང་ཉིད་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་མི་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས། ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་དེ་སོང་ནས་རིང་པོ་མ་ལོན་པར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་སོང་ལ་གཙུག་ལག་ཁང་ཡངས་པ་ཞིག་ཏུ་སྟན་མང་དུ་ཤོམས་ཤིག །ང་འདུག་ལ་དེང་ཉིད་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་འདུ་བར་བྱའོ། །བཙུན་པ་བཀའ་
བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། གཙུག་ལག་ཁང་ཡངས་པ་ཞིག་ཏུ་སྟ་ན་མང་དུ་བཤམས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གཙུག་ལག་ཁང་ཡངས་པ་ཞིག་ཏུ་གདན་མང་དུ་བཤམས་ལགས་ཏེ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་ཡངས་པ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་མི་དེས་རིག་པར་བྱས་ཏེ་སོང་ནས་རིང་པོ་མ་ལོན་པར་མི་གཞན་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་ཚུར་ཤོག །ཁྱོད་ཀྱིས་བཞོན་པ་བཟང་པོ་མྱུར་དུ་སྟོད་ཅིག །དེ་ལ་ཁོ་བོ་ཞོན་ལ་དེ་རིང་ཁོ་ན་དགེ་སྦྱོང་གཽ་ཏ་མ་ལ་བལྟ་བའི་ཕྱིར་འགྲོའོ། །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ལྟར་མཉན་ཏེ། བཞོན་པ་བཟང་པོ་བསྟད་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བཅིབས་པ་བཟང་པོ་བསྟད་ལགས་ཏེ། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ༑ དེའི་ཚེ་སྲིང་མོ་མཛེས་ལྡན་དང་། ཉི་ལྡན་གཉིས་རྒྱལ་པོ་གསལ་རྒྱལ་གྱི་བཀད་སར་འོངས་པར་གྱུར་ཏེ། སྲིང་མོ་མཛེས་ལྡན་དང་། ཉི་ལྡན་གཉིས་ཀྱིས་ལྷ་དེང་ཉིད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་བཞུད་དོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་གལ་ཏེ་དེང་ཉིད་བཅོམ་ལྡན་འདས་གཟིགས་པའི་ཕྱིར་གཤེགས་ན། ལྷ་འདི་ལྟར་བདག་ཅག་གི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་དབུས་ཕྱག་མཛོད་ལ་གནོད་པ་ཆུང་ངམ། ཉམ་ང་བ་
ཉུང་ངམ། འཚོའམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་བར་གསོལ། དེ་བཞིན་དུ་བྱའོ་ཞེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མཉན་ནས། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཞོན་པ་བཟང་པོ་ལ་ཞོན་ཏེ་འཆག་ཁང་ནས་བྱུང་ནས། བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྡར་སོང་སྟེ། དེས་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ། རྐང་པ་ཁོ་ནས་ཀུན་དགའ་ར་བར་ཞུགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་སྲིང་མོ་མཛེས་ལྡན་དང་ཉི་ལྡན་གཉིས་བཅོམ་ལྡན་འདས་གཽ་ཏ་མའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་གནོད་པ་ཆུད་ངམ། ཉམ་ང་བ་ཉུང་ངམ། འཚོའམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་ལགས་སོ། །སྲིང་མོ་མཛེས་ལྡན་དང་ཉི་ལྡན་གཉིས་ཀྱིས་ཕོ་ཉ་གཞན་མ་རྙེད་ངམ། ཅི་ན་རྒྱལ་པོ་ཆེན་པོ་ཉིད་ལས་གཞན་མ་ཡིན། ཀྱེ་གཽ་ཏ་མ་སྲིང་མོ་མཛེས་ལྡན་དང་། ཉི་ལྡན་གཉིས་བདག་གི་བཀད་སར་མཆིས་པ་ན། དེང་ཉིད་ལྷ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་མཆི་འཚལ་ལོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བདག་ལ་འདི་སྐད་ཅེས་མཆིས་ཏེ། ལྷ་གལ་ཏེ་དེང་ཉིད་བཅོམ་ལྡན་འདས་གཟིགས་པའི་ཕྱིར་བཞུད་པར་བཞེད་ན། བདག་ཅག་གི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་དབུས་ཕྱག་མཛོད་ལ་ཞེས་བྱ་བ་ནས་རེག་པར་སྤྱོད་དམ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྒྱལ་པོ་ཆེན་པོ་ཁྱོད་དང་སྲིང་མོ་མཛེས་ལྡན་དང་ཉི་ལྡན་གཉིས་བདེ་བར་གྱུར་ཅིག །རེ་ཞིག་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་
ཤེས་ལྡན་གཽ་ཏ་མ་ལ་བདག་ཕྱོགས་གཞན་འགའ་ཞིག་ཞུ་ལགས་སོ། །རྒྱལ་པོ་ཆེན་པོ་ཅི་དང་ཅི་འདོད་པ་ཞུས་ཤིག །ཀྱེ་གཽ་ཏ་མ་བདག་གིས་ཁྱོད་འདི་སྐད་ཅེས་དགེ་སྦྱོང་ངམ་བྲམ་ཟེ་གཞན་གྱིས་ཐམས་ཅད་ཤེས་པའམ། མཐོང་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་གནས་མེད་དོ་ཞེས་གསུང་ངོ་ཞེས་ཐོས་ན། གཽ་ཏ་མ་ཁྱོད་ཀྱིས་དེ་སྐད་དུ་བཀའ་སྩལ་པར་དགོངས་ལགས་སམ། རྒྱལ་པོ་ཆེན་པོ་དེ་སྐད་དུ་སྨྲས་པར་མི་དྲན་ནོ། །དེའི་ཚེ་སྡེ་དཔོན་འཕགས་སྐྱེས་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སྡེ་དཔོན་འཕགས་སྐྱེས་པོ་ལ་འདི་སྐད་ཅེས་སྨྲས་སོ། །སྡེ་དཔོན་ཉི་མ་སྔ་མ་དང་ཚེས་སྔ་མའི་ཉི་མ་དག་ལ་རྒྱལ་པོའ་ཕོ་བྲང་དུ་རྒྱལ་པོ་དང་། བློན་པོ་དང་། རྒྱལ་པོའ་འཁོར་རྣམས་འདུས་ཏེ་འཁོད་པ་ན་གཏམ་དེ་ལྟ་བུ་སུས་གླེངས་པ་དྲན་ནམ། ལྷ་དྲན་ཏེ། འདི་ལྟ་སྟེ། བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་ལགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མི་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་ཁྱོད་བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་གང་ན་བ་དེར་སོང་ལ་ཕྱིན་ནས། བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་ལ་འདི་སྐད་ཅེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཁྱོད་འབོད་དོ་ཞེས་སྨྲོས་ཤིག །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ལྟར་མཉན་ནས། བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཁྱོད་འབོད་དོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མི་དེ་སོང་ནས་རིང་པོ་མ་ལོན་པར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་འདི་ལ་ཁ་ཅིག་དོན་དང་ཚིག་ངན་པར་བཞུང་བ་འཛིན་པ་ལྟ་མཆིས་ལགས་སམ། རྒྱལ་པོ་ཆེན་པོ་ཡོད་དེ། དོན་དེ་གཞན་ཁོ་ན་ཡིན་པ་ལས་
དེ་གཞན་ཁོ་ནར་གཞན་དག་ལ་སྨྲའོ། །ཤེས་ལྡན་གཽ་ཏ་མས་ཇི་ལྟ་བུ་ཞིག་ཏུ་བཀའ་སྩལ་པར་དགོངས་ལགས། རྒྱལ་པོ་ཆེན་པོ་ངས་ནི་འདི་སྐད་དུ་དགེ་སྦྱོང་ངམ་བྲམ་ཟེ་གཞན་གྱིས་ཐམས་ཅད་ཤེས་པའམ། མཐོང་བ་གང་ཡིན་པ་དེ་ནི་གནས་མ་ཡིན་གོ་སྐབས་མེད་དེ་གནས་མེད་དོ་ཞེས་བཀའ་སྩལ་པར་དྲན་ནོ། །ཤེས་ལྡན་གཽ་ཏ་མ་དེ་སྐད་དུ་གསུངས་པ་ནི་རིགས་པའི་ཚུལ་ལགས་སོ། །ཤེས་ལྡན་གཽ་ཏ་མས་དེ་སྐད་དུ་གསུངས་པ་ནི་ཤིན་ཏུ་རིགས་པའི་ཚུལ་ལགས་སོ། །རེ་ཞིག་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་ཤེས་ལྡན་ལ་བདག་ཞུ་བ་གཞན་ཡང་ཕྱོགས་འགའ་ཞིག་ཞུ་ལགས་སོ། །རྒྱལ་པོ་ཆེན་པོ་ཅི་དང་ཅི་འདོད་པ་ཞུས་ཤིག །ཀྱེ་གཽ་ཏ་མས་རིགས་ནི་བཞི་པོ་འདི་དག་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ལགས་ན་དེ་དག་ལ་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བགྱི་བ་ཅུང་ཟད་མཆིས་སམ། རྒྱལ་པོ་ཆེན་པོ་ཡོད་དེ། དེ་ལ་བྲམ་ཟེའི་རིགས་གང་དག་ཡིན་པ་དང་། རྒྱལ་རིགས་གང་དག་ཡིན་པ་དེ་དག་ནི་འཇིག་རྟེན་གྱིས་མཐོན་པོར་བཀུར་བ་ཡིན་ནོ། །རྗེའུ་རིགས་གང་དག་ཡིན་པ་དང་། དམངས་རིགས་གང་དག་ཡིན་པ་དེ་དག་ནི་འཇིག་རྟེན་གྱིས་དམའ་བར་བརྩིས་པ་ཡིན་ནོ། །ཤེས་ལྡན་གཽ་ཏ་མ་ལ་བདག་ཅག་མཐོང་བའི་ཆོས་ཀྱི་དོན་ལས་བརྩམས་ཏེ་ཞུ་བ་ནི་མི་ཞུ་ལགས་སོ། །འོན་ཀྱང་ཚེ་སླད་མའི་དོན་ལས་བརྩམས་ཏེ་ཞུ་བ་ཞུ་ལགས་སོ། །ཀྱེ་གཽ་ཏ་མ་རིགས་ནི་བཞི་པོ་འདི་དག་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ལགས་ན་དེ་དག་ལ་ཁྱད་པར་འམ། བསམ་པའམ། ཐ་དད་དུ་བགྱི་བ་འགའ་མཆིས་སམ། རྒྱལ་པོ་ཆེན་པོ་རིགས་ནི་བཞི་པོ་འདི་དག་སྟེ། རྒྱལ་རིགས་དང༑ བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ཡིན་ལ། དེ་དག་གིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་གདམས་ངག་སྦྱིན་པ་དང་། རྗེས་སུ་སྟོན་པ་དང་། ཆོས་སྟོན་པ་རྙེད་ན། དེ་དག་ལ་འདི་ལྟ་སྟེ། མ་འོངས་པ་ཚེ་ཕྱི་མ་
ལ་ཁྱད་པར་འམ། བསམ་པའམ། ཐ་དད་དུ་བྱ་བ་འགའ་ཡོད་དམ། ཀྱེ་གཽ་ཏ་མ་རིགས་ནི་བཞི་པོ་འདི་དག་སྟེ། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ལགས་ལ། དེ་དག་གིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་གདམས་ངག་སྩོལ་བའམ། རྗེས་སུ་སྟོན་པའམ། ཆོས་སྟོན་པ་རྙེད་ན། དེ་དག་ལ་འདི་ལྟ་སྟེ་སྤངས་པ་ལ་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བགྱི་བ་འགའ་མཆིས་སམ། རྒྱལ་པོ་ཆེན་པོ་རིགས་བཞི་པོ་འདི་དག་སྟེ། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ཡིན་ལ། དེ་དག་གིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་གདམས་ངག་སྦྱིན་པའམ། རྗེས་སུ་སྟོན་པའམ། ཆོས་སྟོན་པ་རྙེད་ན། དེ་དག་ལ་འདི་སྟ་སྟེ། སྤངས་པ་ལ་ཁྱད་པར་འམ། བསམ་པའམ། ཐ་དད་དུ་བྱ་བ་འགའ་ཡོད་དམ། དེའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱོད་ཉིད་ལ་དྲི་ཡིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །རྒྱལ་པོ་ཆེན་པོ་དཔེར་ན་འདི་ལ་གདུལ་བ་བཞི་པོ་གླང་པོ་ཆེ་གདུལ་བའམ། རྟ་གདུལ་བའམ། གླང་གདུལ་བའམ། སྐྱེས་པ་གདུལ་བ་ཞིག་ཡོད་ལ། དེ་ལས་གདུལ་བ་གཉིས་ནི་མ་དུལ་བ་རྣམ་པར་མ་དུལ་བར་གྱུར་ལ། གཉིས་ནི་ཤིན་ཏུ་དུལ་བ་ཤིན་ཏུ་རྣམ་པར་དུལ་བར་གྱུར་ན། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། གདུལ་བ་གཉིས་པོ་མ་དུལ་བ་རྣམ་པར་མ་དུལ་བ་དག་ཅིག་རེ་ཞིག་མ་དུལ་བ་བཞིན་དུལ་བའི་སར་འགྲོ་བའམ། རྣམ་པར་མ་དུལ་བ་བཞིན་རྣམ་པར་དུལ་བའི་ཆ་སྟ་ལེན་པར་འགྱུར་རམ། ཀྱེ་གཽ་ཏ་མ་མ་ལགས་སོ། །གང་ཡང་གདུལ་བ་གཉིས་པོ་ཤིན་ཏུ་དུལ་བ་དང་། ཤིན་ཏུ་རྣམ་པར་དུལ་བ་དེ་དག་ཤིན་ཏུ་དུལ་བས་དུལ་བའི་གནས་སུ་འགྲོ་བའམ། ཤིན་ཏུ་རྣམ་པར་དུལ་བས་དུལ་བའི་ཆ་སྟ་ལེན་པར་འགྱུར་རམ། ཀྱེ་གཽ་ཏ་མ་དེ་ལྟ་ལགས་སོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་ས་གང་ཞིག་དད་པ་ཅན་གྱིས་ཐོབ་པར་བྱ་བ་དེ་མ་དད་པས་འཐོབ་པར་འགྱུར་བ་དེ་ནི་གནས་མེད་ལ།
གཡོ་མེད་པ་དང་། སྐྱོན་མེད་པ་དང་། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་ཅན་གྱིས་ཐོབ་པར་བྱ་བ་དེ་ཤེས་རབ་འཆལ་པས་ཐོབ་པ་དེ་ནི་གནས་མེད་ཀྱི་ས་གང་ཞིག་དད་པ་ཅན་གྱིས་ཐོབ་པར་བྱ་བ་དེ་དད་པ་ཅན་གྱིས་འཐོབ་པར་འགྱུར་བ་འདི་ནི་གནས་ཡོད་ལ། གཡོ་མེད་པ་དང་། སྐྱོན་མེད་པ་དང་། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་ཅན་གྱིས་ཐོབ་པར་བྱ་བ་དེ་ཤེས་རབ་ཅན་གྱིས་འཐོབ་པར་འགྱུར་བའི་གནས་དེ་ནི་ཡོད་དོ། །ཀྱེ་གཽ་ཏ་མ་རིགས་ནི་བཞི་པོ་འདི་དག་སྟེ། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ལགས་ལ། དེ་དག་གིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་གདམས་ངག་སྩོལ་བའམ། རྗེས་སུ་སྟོན་པའམ། ཆོས་སྟོན་པ་རྙེད་པར་གྱུར་ཅིན་དེ་དག་གཙོ་བོའ་ཡན་ལག་ལྔ་དང་ལྡན་པར་གྱུར་ལ། དེ་དག་གིས་ཀྱང་མཉམ་མཚུངས་པར་སྤངས་པར་གྱུར་ན་དེ་དག་གིས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་ལ་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བྱ་བ་འགའ་མཆིས་སམ། དེའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱོད་ཉིད་ལ་དྲི་ཡིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །རྒྱལ་པོ་ཆེན་པོ་དཔེར་ན་ཤར་ཕྱོགས་ནས་བྲམ་ཟེ་གཞོན་ནུ་ཞིག་འོངས་པ་དང་། དེ་ལ་འགའ་ཞིག་གིས་འདི་སྐད་དུ་གཞོན་ནུ་ཚུར། ཤིང་སཱ་ལ་སྐམ་པོ་ལས་གཙུབ་སྟན་བྱོས་ལ་སྟེང་དུ་གཙུབ་ཤིང་ཞོག་སྟེ་མེ་དབྱུང་བའི་ཕྱིར་གཙུབས་ལ་མེ་ཕྱུང་ཤིག་ཅེས་སྨྲས་པ་དང་། དེས་ཤིང་སཱ་ལ་སྐམ་པོ་ལས་གཙུབ་སྟན་བྱས་ནས་སྟེང་དུ་གཙུབ་ཤིང་བཞག་སྟེ། མེ་དེ་དབྱུང་བའི་ཕྱིར་གཙུབས་ནས་མེ་ཕྱུང་། ནུབ་ཕྱོགས་
ནས་རྗེའུ་རིགས་གཞོན་ནུ་ཞིག་འོངས་པ་དང་། དེ་ལ་འགའ་ཞིག་གིས་འདི་སྐད་དུ་རྗེའུ་རིགས་གཞོན་ནུ་ཚུར། ཤུག་པ་སྐམ་པོ་ལས་གཙུབ་སྟན་བྱོས་ལ་སྟེང་དུ་གཙུབ་ཤིང་ཞོག་སྟེ། མེ་དབྱུང་བའི་ཕྱིར་གཙུབས་ལ་མེ་ཕྱུང་ཤིག་ཅེས་སྨྲས་པ་དང་། དེས་ཤུག་པ་སྐམ་པོ་ལས་གཙུབ་སྟན་བྱས་ནས་སྟེང་དུ་གཙུབ་ཤིང་བཞག་སྟེ། མེ་དབྱུང་བའི་ཕྱིར་གཙུབས་ནས་མེ་ཕྱུང་། བྱང་ཕྱོགས་ནས་དམངས་རིགས་གཞོན་ནུ་ཞིག་འོངས་པ་དང་། དེ་ལ་འགའ་ཞིག་གིས་འདི་སྐད་དུ་ཀྱེ་དམངས་རིགས་གཞོན་ནུ་ཚུར། ཙན་དན་སྐམ་པོ་ལས་གཙུབ་སྟན་བྱོས་ལ་སྟེང་དུ་གཙུབ་ཤིང་ཞོག་སྟེ། མེ་དབྱུང་བའི་ཕྱིར་གཙུབས་ལ་མེ་ཕྱུང་ཤིག་ཅེས་སྨྲས་པ་དང་། དེས་ཙན་དན་སྐམ་པོ་ལས་གཙུབ་སྟན་བྱས་ནས་སྟེང་དུ་གཙུབ་ཤིང་བཞག་སྟེ། མེ་དབྱུང་བའི་ཕྱིར་གཙུབས་ནས་མེ་ཕྱུང་བ་དང་། དེ་དག་འགའ་ཞིག་གིས་གཅིག་ཏུ་བསྡུས་ནས་འདམ་བུ་བཅེར་བའམ། སོག་མའི་ཕུང་པོར་བཅུག་ན་རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། མི་རིགས་ཐ་དད་པས་ཤིང་སྣ་ཚོགས་ལས་ཕྱུང་བའི་མེ་དེ་ལས་ཇི་ག་མེ་འདི་ནི་འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གསལ་བའོ།། །།འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་གསུམ་པ། མེ་འདི་ནི་དེ་ལྟ་མ་ཡིན་ནོ། །མེ་འདིས་ནི་མེའི་བྱ་བ་བྱེད་ནུས་སོ། །མེ་འདིས་ནི་མི་ནུས་སོ་ཞེས་བྱ་བའི་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བྱ་བ་འགའ་ཡོད་དམ། འོན་ཏེ་མེ་དེ་ཐམས་ཅད་འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གསལ་བ་ཡིན་ཞིང་མེ་དེ་ཐམས་ཅད་ཀྱིས་མེའི་བྱ་བ་བྱེད་ནུས། ཀྱེ་གཽ་ཏ་མ་ཞུགས་དེ་ཐམས་ཅད་འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གསལ་བ་ལགས་ཤིང་ཞུགས་དེ་ཐམས་ཅད་ཀྱིས་ཞུགས་ཀྱི་བགྱི་བ་བགྱིད་རྔོ་ཐོག་ལགས་སོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་བག་ཡོད་པས་ཐོབ་པ་གཙོ་བོས་གཙུབས་པའི་མེ་དེ་ལ་ནི་འདི་ལྟ་སྟེ། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་ལ་ཁྱད་པར་དང་། བསམ་པ་དང་། ཐ་དད་དུ་བྱ་བ་འགའ་ཡང་མེད་དོ། །ཤེས་ལྡན་གཽ་ཏ་མས་དེ་སྐད་གསུངས་པ་ནི་རིགས་པའི་ཚུལ་ལགས་
སོ། །རེ་ཞིག་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་ཤེས་ལྡན་ཁྱོད་ལ་བདག་གཞན་ཡང་ཕྱོགས་འགའ་ཞིག་ཞུ་ལགས་སོ། །རྒྱལ་པོ་ཆེན་པོ་ཅི་དང་ཅི་འདོད་པ་ཞུས་ཤིག །ཀྱེ་གཽ་ཏ་མ་ལྷ་རྣམས་མཆིས་སམ། རྒྱལ་པོ་ཆེན་པོ་ལྷ་གང་དག་ཡིན་པར་ཤེས། ལྷ་གང་དག་ཤ་ཁོན་དང་བཅས། འགྲན་ཟླ་དང་བཅས། གནོད་པ་དང་བཅས་ཤིང་འདི་ལྟ་བུར་འོང་ཞིང་འོང་བར་འགྱུར་བའམ། ལྷ་གང་དག་ཤ་ཁོན་མེད། འགྲན་ཟླ་མེད། གནོད་པ་མེད་ཅིང་འདི་ལྟ་བུར་མི་འོང་ཞིང་འོད་བར་མི་འགྱུར་བ་ཡིན། ལྷ་དེ་དག་ནི་རེ་ཞིག་དེར་བས། ལྷ་གང་དག་ཤ་ཁོན་དང་བཅས། འགྲན་ཟླ་དང་བཅས། གནོད་པ་དང་བཅས་ཤིང་། འདི་ལྟ་བུར་མཆི་ཞིང་མཆི་བར་འགྱུར་བའི་ལྷ་དེ་དག་ཚེ་བས། སུག་ལས་བས། བསོད་ནམས་བས་ནས་གནས། དེ་ནས་འཆི་འཕོ་བར་འགྱུར་བ་དེ་ན་ལྷའམ་ལྷའི་བུས། ལྷའམ་ལྷའི་བུ་གནས་དེ་ནས་འཆི་འཕོ་བར་བགྱི་བའམ། སྦྱུག་པར་རྔོ་ཐོག་ལགས་སམ། རྒྱལ་པོ་ཆེན་པོ་ལྷ་གང་དག་ཤ་ཁོན་དང་བཅས། འགྲན་ཟླ་དང་བཅས། གནོད་པ་དང་བཅས་ཤིང་འདི་ལྟ་བུར་འོང་ཞིང་འོད་བར་འགྱུར་བ་དེ་དག་ལས་ཟད། ཚེ་ཟད་བསོད་ནམས་ཟད་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་བ་དེ་ན་ལྷའམ་ལྷའི་བུས། ལྷའམ་ལྷའི་བུ་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྦྱུག་པར་མི་ནུས་སོ། །ཀྱེ་གཽ་ཏ་མ་དེ་ན་ལྷ་གང་དག་ཤ་ཁོན་དང་བཅས། འགྲན་ཟླ་དང་བཅས། གནོད་པ་དང་བཅས་ཤིང་འདི་ལྟ་བུར་མཆི་ཞིང་མཆི་བར་འགྱུར་བ་དེ་དག་གིས་ལྷ་གནོད་པ་མ་མཆིས་པ་དེ་དག་གནས་དེ་ནས་འཆི་འཕོ་བར་བགྱི་བའམ། སྦྱུག་པའི་རྔོ་ཐོག་ལགས་སམ། དེ་ནས་སྡེ་དཔོན་འཕགས་སྐྱེས་པོས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གཽ་ཏ་མ་ནི་འདི་སྐད་ཅེས་ལྷ་རྣམས་ནི་ཚེ་ལྷག་པར་རིང་བ། ལྷག་པར་ཡུན་རིང་དུ་གནས་པ་ཡིན་ནོ་ཞེས་གསུང་བར་འགྱུར་བ་གང་ལགས་པའི་གནས་དེ་མཆིས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་རྔུལ་ཡབ་ཐོགས་ནས་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པར་གྱུར་ཏོ། །
དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། སྡེ་དཔོན་ལུས་འཕགས་པོ་འདི་ནི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་ཡིན་ལ། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱི་སྲས་ཡིན་པས་སྲས་དང་བུ་ནི་ལྷན་ཅིག་གཏམ་བྱར་རུང་ངོ་སྙམ་དུ་རིག་ནས་སྡེ་དཔོན་ལུས་འཕགས་ཕོ་ལ་འདི་སྐད་ཅེས་སྨྲས་སོ། །སྡེ་དཔོན་ཇི་སྙམ་དུ་སེམས། ཀོ་ས་ལའི་རྒྱལ་པོའ་རང་གི་ཡུལ་ཡིན་ལ། དེ་ན་ཡང་དེའི་ཚིག་གིས་ཁྲིམས་སུ་བཅའ་བ་ལ་དབང་སྒྱུར་ན་སེམས་ཅན་དབང་ཆུང་དུ་ཁ་ཅིག་གནས་དེ་ནས་འཆི་འཕོ་བར་བྱ་བ་འམ། སྤྱུག་པར་ནུས་སམ། དགེ་སྦྱོང་ནུས་སོ། །སྡེ་དཔོན་ཇི་སྙམ་དུ་སེམས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རང་གི་ཡུལ་མ་ཡིན་ལ། དེ་ན་ཡང་དེའི་ཚིག་གིས་ཁྲིམས་སུ་བཅའ་བ་ལ་དབང་མི་སྒྱུར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སེམས་ཅན་དབང་ཆུང་བ་ཁ་ཅིག་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པར་ནུས་སམ། དགེ་སྦྱོང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རང་གི་ཡུལ་མ་ཡིན་ལ། དེ་ན་ཡང་དེའི་ཚིག་གིས་ཁྲིམས་སུ་བཅའ་བ་ལ་དབང་མི་སྒྱུར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སེམས་ཅན་དབང་ཆུང་ངུ་ཁ་ཅིག་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པར་མི་ནུས་སོ། །སྡེ་དཔོན་ཁྱོད་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཡོད་སྐད་ཐོས་སམ། དགེ་སྦྱོང་ཀོ་ས་ལའི་བདག་པོ་རྒྱལ་པོ་འདི་ཉིད་ལས་ཐོས་སོ། །སྡེ་དཔོན་ཇི་སྙམ་དུ་སེམས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པར་ནུས་སམ། དགེ་སྦྱོང་རེ་ཞིག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་མཐོང་བ་ཡང་ཉམས་སུ་མི་མྱོང་ན་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པ་ལྟ་སྨོས་ཀྱང་ཅི་དགོས། སྡེ་དཔོན་དེ་བཞིན་དུ་གནོད་པ་དང་བཅས་པའི་ལྷ་རྣམས་ཀྱིས་གནོད་པ་མེད་པའི་ལྷ་རྣམས་མཐོང་བ་ཡང་ཉམས་སུ་མི་མྱོང་ན་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མེད་དོ། །དེ་ནས་ཀོ་ས་ལའི་རྒྱལ་
པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་དགེ་སྦྱོང་འདིའི་མིང་ཅི་ལགས། རྒྱལ་པོ་ཆེན་པོ་ཀུན་དགའ་བོ་ཡིན་ནོ། །ཤེས་ལྡན་ཀུན་དགའ་བོས་དེ་སྐད་དུ་སྨྲས་པ་ནི་རིགས་པའི་ཚུལ་ཡིན་ནོ། །ཤེས་ལྡན་ཀུན་དགའ་བོས་དེ་སྐད་དུ་སྨྲས་པ་ནི་ཤིན་ཏུ་རིགས་པའི་ཚུལ་ཡིན་ནོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རེ་ཞིག་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ། ཤེས་ལྡན་གཽ་ཏམ་ལ་བདག་ཞུ་བ་གཞན་ཡང་ཕྱོགས་འགའ་ཞིག་ཞུ་ལགས་སོ། །རྒྱལ་པོ་ཆེན་པོ་གང་དང་གང་འདོད་པ་ཞུས་ཤིག །ཀྱེ་གཽ་ཏ་མ་ཅི་ལགས། ཚངས་པ་དེ་མཆིས་ལགས་སམ། རྒྱལ་པོ་ཆེན་པོ་ཚངས་པ་གང་ཡིན་པར་ཤེས་ཚངས་པ་གང་ཞིག་གནོད་པ་དང་བཅས་པས་འདི་ལྟ་བུར་འོང་བར་འགྱུར་བའམ། ཚངས་པ་གང་ཞིག་གནོད་པ་མེད་པས་འདི་ལྟ་བུར་མི་འོང་ཞིང་འོང་བར་མི་འགྱུར་བ་ཡིན། ཀྱེ་གཽ་ཏ་མ་བདག་ནི་དེ་ལ་ཚངས་པ་གང་ཞིག་གནོད་པ་མ་མཆིས་པས་འདི་ལྟ་བུར་མི་མཆི་ཞིང་མཆི་བར་མི་འགྱུར་བའི་ཚངས་པ་དེ་ལགས་པར་འཚལ་ལོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་དང་ལྷན་ཅིག་སྐབས་ཀྱི་གཏམ་དེ་ལྟ་བུ་གླེངས་སོ། །དེ་ནས་མི་དེས་བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་ཁྲིད་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་དེ་འདི་ལགས་སོ། །དེ་ནས་བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་ཅན་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཉི་མ་སྔ་མ་དང་། ཚེས་སྔ་མ་ལ་རྒྱལ་པོའ་ཕོ་བྲང་དུ་རྒྱལ་པོ་དང་བློན་པོ་དང་འཁོར་རྣམས་འདུས་ཤིང་འདུག་པ་ན། དགེ་སྦྱོང་གཽ་ཏ་མ་འདི་སྐད་ཅེས་དགེ་སྦྱོང་དང་བྲམ་ཟེ་གཞན་གྱིས་ཐམས་ཅད་ཤེས་པའམ།
མཐོང་བ་གང་ཡིན་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་དེ་ནི་གནས་མེད་དོ་ཞེས་གསུང་ངོ་ཞེས་པའི་གཏམ་དེ་ལྟ་བུ་སུས་སྨྲས་དྲན་ནམ། ལྷ་དྲན་ལགས་ཏེ་འདི་ལྟ་སྟེ། སྡེ་དཔོན་འཕགས་སྐྱེས་བོ་དེ་སྐད་མཆིའོ། །འདི་ལྟ་སྟེ། བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བའོ་ཞེས་དེ་དག་ཕན་ཚུན་དེ་ལྟར་གཏམ་ཁུངས་འབྱིན་པར་བྱེད་དོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རིམ་གྲོ་པའི་མིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་གཤེགས་པའི་དུས་ལ་བབ་ལགས་སོ། །ལྷ་དུས་ལ་བབ་ལགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་བདག་གིས་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ་ཞུ་བ་ཞུས་པ་ཡང་ཤེས་ལྡན་གཽ་ཏ་མས་བདག་ལ་ཐམས་ཅད་མཁྱེན་པ་ཉིད་ཞུ་བ་ཞུས་པ་ལུང་བསྟན་ལགས། འདིར་རིགས་རྣམ་པར་དག་པ་དང་། ལྷག་པའི་ལྷ་དང་། ལྷག་པའི་ཚངས་པ་ལས་བརྩམས་ཏེ། ཤེས་ལྡན་གཽ་ཏ་མ་ལ་བདག་གིས་ཞུ་བ་ཞུས་པ་ཡང་ཤེས་ལྡན་གཽ་ཏ་མས་བདག་ལ་ལྷག་པའི་ཚངས་པ་ཞུ་བ་ཞུས་པ་ལུང་བསྟན་ལགས་ཏེ། ཤེས་ལྡན་གཽ་ཏ་མ་ལ་བདག་གིས་ཞུ་བ་གང་དང་གང་ཞུས་པ་དེ་དང་དེ་ཁོ་ན་ཤེས་ལྡན་གཽ་མས་བདག་ལ་ཞུ་བ་ལུང་བསྟན་ལགས་པས། ཤེས་ལྡན་གཽ་ཏ་མ་ལ་བདག་གིས་གཞན་གསོལ་དུ་ཅི་མཆིས། ཤེས་ལྡན་གཽ་ཏ་མ་བདག་ནི་བགྱི་བ་དང་བསྒྲུབ་པ་མང་ལགས་པས་ད་མཆི་ལགས་སོ། །རྒྱལ་པོ་ཆེན་པོ་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་
ཡོད་ན་བདག་ཁོ་ནའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅད་མི་གསུང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་བ་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པའི་ཕྱིར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྐབས་སྐབས་སུ་གདུགས་ཚོད་གསོལ་བར་བྱེད་པ་ན། དགེ་སློང་རྣམས་ཀྱིས་ཐོག་མར་སྤྲང་པོ་རྣམས་ལ་ཁ་ཟས་ཆུང་ཟད་
བྱིན་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གིས་ལོངས་སྤྱད་ནས་ལྷུང་བཟེད་ཀྱི་ལྷག་མ་ལ་སྦྱིན་པར་བྱའོ། དེ་ན་སྤྲང་པོ་གཉིས་པོ་བྲམ་ཟེའི་ཁྱེའུ་ཞིག་དང་། རྒྱལ་རིགས་ཀྱི་ཁྱེའུ་ཞིག་ཡོད་པ་ལས། བྲམ་ཟེའི་ཁྱེའུས་དུས་མ་ཤེས་ནས་དེ་དང་པོར་སློང་བར་བརྩམས་པ་ལས། དེ་ལ་དགེ་སློང་འགས་ཀྱང་ཆུང་ཟད་ཀྱང་མ་བྱིན་ནོ། །རྒྱལ་རིགས་ཀྱི་ཁྱེའུས་ཕྱི་ནས་སློང་བ་དང་། དེས་ཕལ་ཆེར་རྙེད་ནས་དེས་བྲམ་ཟེའི་ཁྱེའུ་ལ་སྨས་པ། ཁྱོད་ཀྱིས་ཅུང་ཟད་རྙེད་དམ། དེས་ཁྲོས་ནས་སྨྲས་པ། གལ་ཏེ་ཁོ་བོ་ལ་དབང་ཞིག་ཡོད་ན་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཐམས་ཅད་མགོ་དྲུང་ནས་བཅད་དེ་ས་ལ་དོར་བ་ཞིག །རྒྱལ་རིགས་ཀྱི་ཁྱེའུས་སྨྲས་པ། གལ་ཏེ་ཁོ་བོ་ལ་འབྱོར་པ་ཞིག་ཡོད་ན་ཁོ་བོས་ཉི་མ་རེ་རེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པས་བསྟབས་པ་ཞིག །དེ་གཉིས་དེ་ལྟར་གཅིག་ལ་གཅིག་སྨྲ་ཞིང་མཉན་ཡོད་ནས་བྱུང་ནས་ཤིང་དྲུང་ཞིག་ཏུ་ཉལ་བ་དང་། ཤིང་རྟས་འཁྱམ་པ་ཞིག་ཕྱོགས་དེར་འོངས་ཏེ། དེས་བྲམ་ཟེའི་ཁྱེའུ་དེའི་མགོ་བཅད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཡིད་མགྱོགས་རབ་ཏུ་སྡང་བའི་ཡིད་ཀྱིས་ནི། །སྨྲས་སམ་བྱས་ན་དེ་ནས་སྡུག་བསྔལ་དེ། །འཐོབ་འགྱུར་འཁོར་ལོ་འཕྱན་པས་མགོ་བོ་བཅད། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཀའ་སྩལ་པ་དེའི་དོན་ཅི་ལགས། ཀུན་དགའ་བོ་ཁྱོད་ཀྱིས་བྲམ་ཟེའི་ཁྱེའུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སེམས་གདུག་པས་ཚིག་རྩུབ་པོ་ཕྱུང་བ་གང་ཡིན་པ་དེ་མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སེམས་གདུག་པས་ཚིག་རྩུབ་པོ་ཕྱུང་ནས་མཉན་ཡོད་ནས་བྱུང་སྟེ་ཤིང་དྲུང་ཞིག་ཏུ་
ཉལ་བ་དང་། ཤིང་རྟས་འཁྱམ་པས་དེའི་མགོ་བཅད་པར་གྱུར་ཏོ། །ངས་དེ་ལས་དགོངས་ནས། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། ཞེས་བྱ་བ་ནས་སྔ་མ་བཞིན་དུ། འཐོབ་འགྱུར་འཁོར་ལོ་འཕྱན་པས་མགོ་བོ་བཅད། །ཅེས་བྱ་བའི་བར་གསུངས་སོ། །དེའི་ཚེ་མཉན་ཡོད་ན་ཚོང་དཔོན་ཞིག་བུ་མེད་པར་ཤིའོ། །མཉན་ཡོད་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདུས་ནས་སྨྲས་པ། སུ་ཞིག་ཚོང་དཔོན་དུ་གཞུག །ཁ་ཅིག་གིས་སྨྲས་པ། སུ་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པའོ། །ཇི་ལྟར་ཤེས་པར་བྱ། བརྟག་མོད་ཅེས་དེ་ནས་དེ་རྣམས་ལ་རྟག་པར་བརྩམས་པ་ལས། དེ་རྣམས་ཀྱིས་རྒྱལ་རིགས་ཀྱི་ཁྱེའུ་དེ་ཤིང་གི་གྲིབ་མ་ལ་ཉལ་བ་ན་ཤིང་གཞན་རྣམས་ཀྱི་གྲིབ་མ་ཡོལ་བར་གཞོལ། ཡོལ་བར་འབབ། ཡོལ་བར་བབ་ན། ཤིང་དེའི་གྲིབ་མ་ནི་ཁྱེའུ་དེའི་ལུས་ལས་མ་ཡོལ་བར་མཐོང་ནས། དེ་རྣམས་ཀྱིས་དེ་བསླང་སྟེ་ཚོང་དཔོན་དུ་དབང་བསྐུར་བ་དང་དེ་འདི་སྙམ་དུ་སེམས་ཏེ། བདག་ལ་དཔལ་གྱི་འབྱོར་པའི་སྐལ་བ་ཅི་ཡོད་པ་དེ་དག་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ཏེ་ཡིན་གྱིས། མ་ལ་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་ལ་སྤྱན་དྲང་ངོ་སྙམ་ནས། དེ་བཅོམ་ལྡན་འདས་གང་ན་པ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཚོང་དཔོན་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་
གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་བ་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས། དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ་ཞེས་བྱ་བ་དང་། བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའ་བར་དུ་སྲོག་དང་ཡང་པ་སྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་ཚོང་དཔོན་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བ་སྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་ཏེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཡིད་མགྱོགས་རབ་ཏུ་དང་བའི་ཡིད་ཀྱིས་ནི། །སྨྲས་སམ་བྱས་ན་དེ་ནས་བདེ་བ་དེ། །འཐོབ་འགྱུར་གྲིབ་མ་ཡོལ་བར་མི་འགྱུར་བཞིན། །དེ་ནས་ཚེ་དང་
ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པས་བཀའ་སྩལ་པ་དེའི་དོན་ཅི་ལགས། ཀུན་དགའ་བོ་ཁྱོད་ཀྱིས་རྒྱལ་རིགས་ཀྱི་ཁྱེའུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སེམས་དང་བ་བསྐྱེད་པ་གང་ཡིན་པ་དེ་མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སེམས་དང་བ་བསྐྱེད་ནས་མཉན་ཡོད་ནས་བྱུང་སྟེ་ཤིང་དྲུང་ཞིག་ཏུ་ཉལ་བ་ལས་མཉན་ཡོད་ཀྱི་བྲམ་ཟེ་དང་ཁྱིམ་བདག་དག་གིས་ཚོང་དཔོན་དུ་དབང་བསྐུར་ནས། དེ་མཐོང་བའི་ཆོས་ཁོ་ན་ལ་ལོངས་སྤྱོད་མངོན་པར་འཕེལ་བར་གྱུར་ཏོ། །ངས་དེ་ལས་དགོངས་ནས། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་འཐོབ་འགྱུར་གྲིབ་མ་ཡོལ་བར་མི་འགྱུར་བཞིན། །ཞེས་བྱ་བའི་བར་གསུངས་སོ། །གདུ་བུ་ཅན་དུ་བྱོན་ནས་གདུ་བུ་ཅན་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །ས་ཅན་དུ་བྱོན་ནས་ས་ཅན་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་གོང་མ་བཞིན་དུའོ། །སེང་གེ་ཅན་གྱི་གྲོང་དུ་བྱོན་ནས་སེང་གེ་ཅན་གྱི་གྲོང་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །གྲོང་གསར་དུ་བྱོན་ནས་གྲོང་གསར་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་གོང་མ་བཞིན་དུའོ། །གྲོང་ཁྱེར་ཅན་དུ་བྱོན་ནས་གྲོང་ཁྱེར་ཅན་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་གོང་མ་བཞིན་དུའོ། །རྒྱལ་པོའ་ཁབ་ཏུ་བྱོན་ནས་དེའི་ཚེ་ཀུན་དུ་རྒྱུ་ཁྲིའུ་བརྩེགས་ཞེས་བྱ་བ་མ་ག་དྷཱ་བཟང་མོའ་རྫིང་གི་འགྲམ་ན་གནས་ཏེ། དེ་མཚན་མོ་མཆིལ་པས་ཉ་བཤོར་ཅིང་ཟ་བར་བྱེད་དོ། །དེ་ནམ་ལངས་ནས་ནི་ཁྲིའུའི་སྟེང་དུ་ཁྲིའུ་བཞག་པ་ལ་འདུག་ནས་ཚིགས་སུ་བཅད་པས་སྨྲ་སྟེ། ཆོས་ཀྱི་ཆོས་མཆོག་གིས་འཚོ་སྲོག་ཆགས་དག །འགའ་ལ་ཡང་འཚེ་མི་བྱེད་དགེ་སློང་འགྱུར། །ཞི་བའི་ཡིད་ཀྱིས་སྤོང་དང་བརྟུལ་ཞུགས་སྤྱད། །དུལ་བ་དེ་ནི་ཞི་བའི་རྗེས་སུ་མཐུན། །བཅོམ་ལྡན་འདས་ཀྱིས་དེའི་གདུལ་བའི་དུས་མཁྱེན་ནས་དེའི་དྲུང་དུ་གཤེགས་ཏེ་བཀའ་
སྩལ་པ། ཚིགས་བཅད་དེ་ནི་ཇི་ལྟ་བར། །གལ་ཏེ་ཁྱོད་ཀྱང་དེ་འདྲ་ན། །ཁྱོད་ཀྱང་དམ་པར་བརྩིར་རུང་ན། །སྤོང་བ་ཁྱོད་ནི་དེ་མི་འདྲ། །རེ་ཞིག་ཉེ་བར་ཞི་ཞིང་དུལ་བ་དང་། །སྲོག་ཆགས་འགའ་ལའང་འཚེ་བར་མ་བྱེད་པར། །ཞི་བའི་ཡིད་ཀྱིས་སྤོང་དང་བརྟུལ་ཞུགས་སྤྱོད། །དུལ་བ་དེ་ནི་ཞི་བའི་རྗེས་སུ་མཐུན། །གང་ལ་ལུས་དང་ངག་དང་ཡིད་ཀྱིས་ནི། །ཉེས་པར་བྱས་པ་ཡོད་པ་མ་ཡིན་ལ། །གང་ཞིག་གནས་གསུམ་དག་གིས་བསྡམས་གྱུར་པ། །དུལ་བ་དེ་ནི་ཞི་བའི་རྗེས་སུ་མཐུན། །དེ་ནས་ཀུན་དུ་རྒྱུ་ཁྲིའུ་བརྩེགས་ཀྱིས་བསམས་པ། དགེ་སྦྱོང་གཽ་ཏ་མའི་ཐུགས་ཀྱིས་ནི་བདག་གི་སེམས་མཁྱེན་ཏོ་སྙམ་དུ་རིག་ནས་མངོན་པར་དད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ། ཐོས་པས་ཀུན་དུ་རྒྱུ་ཁྲིའུ་བརྩེགས་ཞེས་བྱ་བ་ནས་ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་གིས་དེ་ཁྲིའུའི་སྟེང་དུ་ཁྲིའུ་བཞག་པ་ལ་འདུག་པ་མཐོང་ནས། དགེ་སློང་ཞིག་གིས་ཁྲིའུའི་སྟེང་དུ་ཁྲིའུ་བཞག་སྟེ་ཆོས་མཉན་ན་དེ་བདེན་པའི་སྣོད་དུ་གྱུར་ཀྱང་བདེན་པ་མ་མཐོང་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ། ཅིའི་ཕྱིར་དགེ་སློང་འདིས་བདེན་པ་མ་མཐོང་སྙམ་ན་མ་གུས་པས་ཡིན་པར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་ཁྲིའུའི་སྟེང་དུ་ཁྲིའུ་བཞག་ནས་འདུག་པ་ཡིན་ནོ་སྙམ་ནས་དེ་ལྟ་བས་ན་དགེ་སློང་གིས་ཁྲིའུའི་སྟེང་དུ་ཁྲིའུ་བཞག་པ་ལ་འདུག་པར་མི་བྱའོ། །འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའ་ཁབ་ནས་ནྱ་གྲོ་དྷར་བྱོན་ནས་དེ་ནས་སྔ་དྲོ་ཤམ་ཐབས་མན་བས། ན་བཟའ་ཆོས་གོས་དང་
ལྷུང་བཟེད་བསྣམས་ཏེ་ནྱ་གྲོ་དྷར་བསོད་སྙོམས་ལ་ཞུགས་པ་དང་། སེར་སྐྱའི་གཞིའི་བྲམ་ཟེའི་བུ་མོ་ཞིག་ནྱ་གྲོ་དྷར་བག་མར་བཏང་བ་དང་། བྲམ་ཟེའི་བུ་མོས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་པྱད་བཟང་པོ་བརྒྱད་བཅུས་མཛེས་པ། སྐུ་འོད་འདོམ་གང་གིས་བརྒྱན་པ། འོད་ཟེར་ཉི་མ་སྟོང་བས་ལྷག་པ། གཤེགས་ན་རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་འདི་ནི་ཤཱཀྱའི་རིགས་དགའ་བ་ལས་འཁོར་ལོས་སྒྱུར་བའི་རིགས་ཀྱི་རྒྱལ་སྲིད་ཀྱང་སྤངས། བཙུན་མོ་མང་པོ་དང་། མཛོད་དང་། བང་མཛོད་ཀྱི་འབྱོར་པ་རྣམས་ཀྱང་སྤངས་ནས་རབ་ཏུ་བྱུང་བ་དེ་ཡིན་ཏེ། དེ་ད་ལྟར་བསོད་སྙོམས་ལ་རྒྱུས། གལ་ཏེ་བདག་ལས་བསོད་སྙོམས་ཀྱི་ཟན་བཞེས་ན་ནི་དེ་ལ་བདག་གིས་དབུལ་ལོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་དེའི་སེམས་མཁྱེན་ནས་ལྷུང་བཟེད་བཟེད་དེ། སྲིང་མོ་གལ་ཏེ་ཁྱོད་ཀྱིས་ཡོངས་སུ་བཏང་ན་ལྷུང་བཟེད་འདིར་ཕུལ་ཅིག །དེ་ནས་དེ་ལྷག་པར་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བདག་གི་སེམས་མཁྱེན་ཏོ་སྙམ་དུ་རིག་ནས་དད་པ་དྲག་པོས་བཅོམ་ལྡན་འདས་ལ་བསོད་སྙོམས་ཀྱི་ཟན་ཕུལ་བ་དང་། དེ་ནས་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ཞེས་བྱ་བ་ནས། མཛོད་སྦུར་ནུབ་པར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི་ཞེས་བྱ་བ་ནས། འཛུམ་པ་མཛད་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀུན་དགའ་བོ་ཁྱོད་ཀྱིས་བྲམ་ཟེའི་བུ་མོ་གང་ཞིག་དད་པ་སྐྱེས་ནས་ང་ལ་བསོད་སྙོམས་ཀྱི་ཟན་ཕུལ་བ་དེ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་བྲམ་ཟེའི་བུ་མོ་དེ་དགེ་བའི་རྩ་བ་འདིས་བསྐལ་པ་བཅུ་གསུམ་དུ་
ལོག་པར་འགྲོ་བར་མི་འགྱུར་ཞིང་ལྷ་དང་མི་རྣམས་སུ་ཉིད་མཚམས་སྦྱར་ཅིང་འཁོར་ནས་སྲིད་པ་ཕྱི་མ་དང་། སྐྱེ་གནས་ཕྱི་མ་དང་། ལུས་ཕྱི་མ་དང་། བདག་གིས་ངོ་བོ་ཐོབ་པ་ཕྱི་མ་ལ་རང་སངས་རྒྱས་ཤིན་ཏུ་ལེགས་སྨོན་ཞེས་བྱ་བར་འགྱུར་རོ། །ཀུན་དུ་བྲམ་ཟེའི་བུ་མོ་ཆེ་གེ་མོ་ཞིག་དད་པ་སྐྱེས་ནས་བཅོམ་ལྡན་འདས་ལ་བསོད་སྙོམས་ཟན་ཞིག་ཕུལ་བས། བཅོམ་ལྡན་འདས་ཀྱིས་དེ་རང་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་སྒྲ་གྲགས་སོ། །དེའི་ཁྱོ་མེ་ཏོག་དང་ཡམ་སྲེག་ཤིང་གི་ཕྱིར་དགོན་པར་སོང་བ་དེས་བདག་གི་ཆུང་མས་དགེ་སྦྱོང་གཽ་ཏ་མ་ལ་བསོད་སྙོམས་ཟན་ཞིག་ཕུལ་བས། དགེ་སྦྱོང་གཽ་ཏ་མས་དེ་རང་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མི་བཟོད་པ་སྐྱེས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་བདག་གི་སྡུམ་པར་བྱོན་ཏམ། བྲམ་ཟེ་སོན་ཏོ། །ཤེས་ལྡན་གཽ་ཏ་མ་བདག་གི་མཆིས་འབྲང་གིས་བསོད་སྙོམས་བཤོས་ཤིག་ཕུལ་ནས་ཁྱོད་ཀྱིས་དེ་རང་བྱང་ཆུབ་ཏུ་ལུང་བསྟན་སྐད་ན་མད་དམ། བྲམ་ཟེ་བདེན་ནོ། །ཀྱེ་གཽ་ཏ་མ་ཁྱོད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་ན། ད་བསོད་སྙོམས་བཤོས་ཙམ་གྱི་སླད་དུ་ཇི་ལྟར་ཤེས་བཞིན་གྱི་བརྫུན་གྱི་ཚིག་གསུང་། ས་བོན་འདི་ཙམ་གྱི་འབྲས་བུ་འདིའོ་ཞེས་བགྱི་བ་ཁྱོད་ལ་སུ་ཞིག་ཡིད་ཆེས་པར་འགྱུར། བྲམ་ཟེ་དེའི་ཕྱིར་ཁྱོད་ཉིད་ལ་དྲི་ཡིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །བྲམ་ཟེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ངོ་མཚར་རྨད་དུ་བྱུང་བའི་ཆོས་མཐོང་བ་འགའ་ཡོད་དམ། ཀྱེ་གཽ་ཏ་མ་རེ་ཞིག་ངོ་མཚར་རྨད་དུ་བྱུང་བའི་ཆོས་གཞན་ལྟ་ཞོག །ནྱ་གྲོ་དྷ་འདི་ཉིད་དུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཤིག་མཐོང་བ་དེ་རེ་ཞིག་གསོན་ཅིག །ཀྱེ་གཽ་ཏ་མ་ནྱ་གྲོ་དྷ་འདིའི་ཤར་ཕྱོགས་ན་ནྱ་གྲོ་དྷའི་ཤིང་ཆེན་པོ་ཞིག་མཆིས་ཏེ། དེའི་མིང་གིས་གྲོང་འདི་ནྱ་གྲོ་དྷ་ཞེས་བགྱིའོ། །དེའི་འོག་ན་ཤིང་རྟ་ལྔ་བརྒྱ་མ་རེག་ཅིང་ཕན་ཚུན་མ་ཐུག་པར་མཆིས་ལགས་
སོ། །བྲམ་ཟེ་ནྱ་གྲོ་དྷ་དེའི་ས་བོན་ཚད་ཇི་ཙམ་ཞིག་ཡོད། ཅི་རེ་ཞིག་ཞིང་རྣང་ཙམ་མམ། ཀྱེ་གཽ་ཏ་མ་མ་ལགས་སོ། །རེ་ལྡེ་ཙམ་མམ། ཏིལ་འདྲུ་བའི་འཁོར་ལོ་ཙམ་མམ། ཤིང་རྟའི་འཁོར་ལོ་ཙམ་མམ། བའི་ཀོ་བ་ཙམ་མམ། བིལ་བ་ཙམ་མམ། ཀ་པིད་ཐའི་འབྲས་བུ་ཙམ་མམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཀྱེ་གཽ་ཏ་མ་ཡེ་ཡུངས་ཀར་གྱི་བཞི་ཆ་ཙམ་མཆིས་ལགས་སོ། །བྲམ་ཟེ་ས་བོན་དེ་ཙམ་གྱི་འབྲས་བུ་ཤིང་ཆེན་པོ་དེ་ཙམ་ཞིག་སྐྱེས་སོ་ཞེས་བྱ་བ་ཁྱོད་ལ་སུ་ཞིག་ཡིད་ཆེས་པར་འགྱུར། ཤེས་ལྡན་གཽ་ཏ་མ་ཡིད་ཆེས་ཀྱང་རུང་མ་ཆེས་ཀྱང་རུང་བདག་གི་མངོན་སུམ་དུ་གྱུར་ལགས་སོ། །ཀྱེ་གཽ་ཏ་མ་རེ་ཞིག་ཞིང་སྣག་ཆེ་བ་སེར་སྨེ་བ་དོག་ས་ཚྭ་སྒོ་མ་མཆིས་པའི་ཕྱོགས་སུ་ས་བོན་སར་པ་གྲུང་པོ་མ་ཉམས་པར་མཆིས་པ་ལ་དུས་དུས་སུ་ལྷས་ཆར་ཕབ་ན་དེས་ན་ཤིང་ནྱ་གྲོ་དྷ་ཆེན་པོ་འདིར་འཁྲུངས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྲམ་ཟེ་ཁྱོད་ཀྱིས་ཇི་ལྟ་བུར། །ཞིང་དང་ས་བོན་མངོན་སུམ་ལྟར། །དེ་བཞིན་ལས་ཀྱི་རྣམ་སྨིན་ཡང་། །དེ་བཞིན་གཤེགས་པའི་མངོན་སུམ་མོ། །ཇི་ལྟར་བྲམ་ཟེ་ཁྱོད་ཀྱིས་ས་བོན་ནི། །ཆུང་དང་ཤིན་ཏུ་ཤིང་ཆེན་དེ་མཐོང་བ། །བྲམ་ཟེ་ངས་ཀྱང་ས་བོན་ཆུང་ངུ་དང་། །ཕུན་སུམ་ཆེན་པོ་དེ་ཡང་དེ་བཞིན་མཐོང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་ནས་ལྗགས་བརྐྱང་བས་དབུ་སྐྲ་ལ་ཐུག་པའི་བར་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་གཡོགས་ནས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་དེ་ཇི་སྙམ་དུ་སེམས། གང་གི་ཞལ་ནས་ལྗགས་བྱུང་བས་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ཡོག་པར་བྱེད་པ་དེ་ཅི་ག་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་གསུང་ངམ། ཀྱེ་གཽ་ཏ་མ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ཡི་ལྗགས་ནི་སྒྱུ་མེད་བདེན་པས་བསྐྱེད་པ་དག །ཅི་ག་མི་བདེན་པ་ནི་གསུང་བར་འགྱུར་སྲིད་དམ། །བྲམ་ཟེ་ང་ཡིས་ཇི་སྐད་བཤད་པ་དེ་བཞིན་པས། །དེ་བཞིན་གཤེགས་པ་
ཡིན་ཞེས་རྟོགས་པར་བྱ་བའི་རིགས། །དེ་ནས་བྲམ་ཟེ་དེ་མངོན་པར་དད་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའ་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་བྲམ་ཟེ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་།། །།