བཞི་པ། འཁྲུར་འཇུག་པའི་སྤང་བ་བསྟན་པ།
གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས་གཟིགས་པ་ལྔ་པོ་རིགས་དང་། ཡུལ་དང་། དུས་དང་། རུས་དང་། བུད་མེད་ལ་གཟིགས་པ་དག་གིས་འཇིག་རྟེན་ལ་གཟིགས་ནས་གླང་པོ་ཆེར་སྣང་བར་བསྒྱུར་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ནས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་འཇིག་རྟེན་གྱི་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུམི་མྱོང་བའི་མུན་པ་མུན་གནག་མུན་པར་བྱེད་པས་གནས་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་ན་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ནས། སེམས་ཅན་གང་དག་དེར་སྐྱེས་པ་དག་གིས་རང་གི་ལག་བ་བརྐྱང་བ་ཡང་མི་མཐོང་བ་དེ་དག་གིས་ཀྱང་འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་པར་གྱུར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་འདས་ནས་ཡུམ་གྱི་ལྷུམས་ནས་བལྟམ་བ་དེའི་ཚེ་ཡང་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་འཇིག་
རྟེན་གྱི་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་། ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུ་མི་མྱོང་བའི་མུན་པ་མུན་གནག་མུན་པར་བྱེད་པས་གནག་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་ན་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས་སེམས་ཅན་གང་དག་དེར་སྐྱེས་པ་དག་གིས་རང་གི་ལག་པ་བརྐྱང་པ་ཡང་མི་མཐོང་བ་དེ་དག་གིས་ཀྱང་། འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་ཤེས་པར་གྱུར་ཏོ། །གང་གི་ཉིན་མོ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་པར་གྱུར་པ་དེའི་ཉིན་མོ་རྒྱལ་པོ་ཆེན་པོ་བཞི་དག་གི་བུ་ཡང་བཙས་པར་གྱུར་ཏེ། མཉན་ཡོད་ན་རྒྱལ་པོ་ཆེན་པོ་རྩིབས་ཀྱིས་འཕུར་ཚངས་སྦྱིན་གྱི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་གསལ་བ་གསལ་བ་ལྟར་སྣང་བས་གཞོན་ནུ་འདིའི་མིང་གསལ་རྒྱལ་དུ་གདགས་སོ་སྙམ་ནས་བུ་དེའི་མིང་གསལ་རྒྱལ་ཞེས་བྱ་བར་བཏགས་སོ། །རྒྱལ་པོའ་ཁབ་ན་རྒྱལ་པོ་ཆེན་པོ་པད་མ་ཆེན་པོའ་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་འདི་བཙུན་མོ་གཟུགས་ཅན་གྱི་བུ་ཡིན་པས་གཞོན་ནུ་འདིའི་མིང་གཟུགས་ཅན་སྙིང་པོར་གདགས་སོ་སྙམ་ནས་བུ་དེའི་མིང་གཟུགས་ཅན་སྙིང་པོ་ཞེས་བྱ་བར་བཏགས་སོ། །ཀཽ་ཤཱམྦཱི་ན་རྒྱལ་པོ་ཆེན་པོ་དམག་བརྒྱ་པའི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཅས་པ་ན་འཇིག་རྟེན་ཉི་མ་ཤར་བ་ལྟར་སྣང་བར་གྱུར་པས་གཞོན་ནུ་འདིའི་མིང་ཤར་པར་གདགས་སོ་སྙམ་ནས་བུ་དེའི་མིང་ཤར་བ་ཞེས་བྱ་བར་བཏགས་སོ། །འཕགས་རྒྱལ་ན་རྒྱལ་པོ་ཆེན་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་རབ་ཏུ་སྣང་བས་སྣང་བར་གྱུར་པས་གཞོན་ནུ་འདིའི་མིང་རབ་སྣང་ཞེས་བྱ་བར་གདགས་སོ་སྙམ་ནས་བུ་དེའི་མིང་རབ་སྣང་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་རེ་རེས་བསམས་པ་། ཡང་བདག་གི་བུའི་མཐུ་ཡིན་ནོ། །
བདག་གི་བུའི་མཐུ་ཡིན་ནོ་སྙམ་མོད་ཀྱི། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་མཐུ་ཡིན་པའི་ཕྱིར་རོ། །གང་གི་ཉིན་མོ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་པ་དེ་ཉིད་ཀྱི་ཉིན་མོ་ཤཱཀྱ་གཞན་ནུ་བཟང་ལྡན་ལ་སོགས་པ་ལྔ་བརྒྱ་ཡང་བཅས་སོ། །བསྙེན་བཀུར་བ་འདུན་བྱེད་ལ་སོགས་པ་ལྔ་བརྒྱ་ཡང་བཙས་སོ། །རྟ་རྒོད་མ་ལྔ་བརྒྱ་ལས་རྟེའུ་བསྔགས་ལྡན་ལ་སོགས་པ་ལྔ་བརྒྱ་ཡང་འབྲངས་སོ། །ལྷ་རྣམས་ཀྱིས་ཀྱང་གཏེར་ལྔ་བརྒྱ་ཉེ་བར་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་བྲམ་ཟེ་ལྟས་པ་དང་མཚན་མཁན་དག་གིས་ལུང་བསྟན་པ། གལ་ཏེ་གཞོན་ནུ་ཕོ་བྲང་གི་ནང་ན་བཞུགས་པར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་པོ་དེ་དག་ནི་འདི་ལྟ་བུར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་ཉིད་ནི་བདུན་པ་ཡིན་ནོ། །འདི་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྔེ་རབ་ཏུ་འཇོམས་པ་སྟོང་ཚང་བ་ཡོང་པར་འགྱུར་རོ། །དེ་རྒྱ་མཚོལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོང་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་རྣམ་པར་གྲགས་པའི་སྒྲ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ན་ཐམས་ཅད་དུ་གངས་ཀྱི་ངོས་དང་ཉེ་བ་ཚུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་
བསྟི་གནས་དང་། ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་སྟེ། དེ་བྲམ་ཟེ་ལྟས་པ་དང་། མཚན་མཁན་དག་གིས་གལ་ཏེ་གཞོན་ནུ་དེ་ཕོ་བྲང་གི་ནང་ན་བཞུགས་པར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་པོ་དེ་དག་ནི་འདི་ལྟ་བུར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང། དམག་དཔོན་རིན་པོ་ཆེ་ཉིད་ནི་བདུན་པ་ཡིན་ནོ། །འདི་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་བ་ཡོད་པར་འགྱུར་རོ། །དེ་རྒྱ་མཚོལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡ་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་རྣམ་པར་གྲགས་བའི་སྒྲ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་སྒྲ་བསྒྲགས་པར་གྱུར་ཏོ། །ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དག་གིས་ཀྱང་གངས་རིའི་ངོས་དང་ཉེ་བ་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་། ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་སྟེ། དེ་བྲམ་ཟེ་ལྟས་པ་དང་། མཚན་མཁན་དག་གིས་གལ་ཏེ་གཞོན་ནུ་དེ་ཕོ་བྲང་གི་ནང་ན་བཞུགས་པར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་པོ་དེ་དག་ནི་འདི་ལྟ་བུར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་
པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་ཉིད་ནི་བདུན་པ་ཡིན་ནོ། །འདི་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་བ་ཡོད་པར་འགྱུར་རོ། །དེ་རྒྱ་མཚོལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུང་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་རྣམ་པར་གྲགས་པའི་སྒྲ་དང་ལྡན་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དེ་དག་འདི་སྙམ་དུ་སེམས་ཏེ། ད་གཞོན་ནུ་བསྟེན་ན་དུས་སུ་འབྲས་སུ་འབྲས་བུ་སྟེར་བར་འགྱུར་བས་གང་བསྟེན་ན་གཞོན་ནུ་བསྟེན་པར་འགྱུར་སྙམ་མོ། །དེ་དག་གིས་བསམས་པ། རྒྱལ་པོ་ཟས་གཙང་བསྟེན་པར་བྱ་སྟེ། དེ་བསྟེན་ན་གཞོན་ནུ་བསྟེན་པར་འགྱུར་རོ་སྙམ་ནས། དེ་དག་གིས་རྒྱལ་པོ་ཟས་གཙང་བསྟེན་པར་བརྩམས་ཏེ། དུས་དང་མཐུན་པའི་དུས་སུ་འདུད་པས་ཕོ་ཉ་དང་། དཀོར་སྒྲོམ་དག་སྐུར་བར་བྱེད་དོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་དོན་ཐམས་ཅད་དང་ལས་ཀྱི་མཐའ་ཐམས་ཅད་གྲུབ་པས་དེའི་ཕྱིར་གཞོན་ནུ་འདིའི་མིད་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་གདགས་སོ་སྙམ་ནས་དེའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་བཏགས་སོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོར་འཁྲུངས་ཤིང་དེས་རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་ནས་ཐུགས་ཕྱུང་སྟེ་ནགས་ཀྱི་ནང་དུ་གཤེགས་པ་དེའི་ཚེ་ན་རྒྱལ་པོ་ཟས་གཙང་དང་། ཤཱཀྱ་ལེགས་པར་རབ་རྟོགས་ཀྱིས་བཀའ་མཆིད་གསོལ་བའི་མི་ཉིས་བརྒྱ་ལྔ་བཅུ་ཉིས་བརྒྱ་ལྔ་བཅུ་བཀྱེ་སྟེ། དེ་དག་གིས་ཉི་མ་རེ་རེ་ཞིང་དེར་ནི་གཞོན་ནུ་ཏིལ་འབྲུ་གཅིག་གམ།
འབྲས་ཐུག་པོ་ཆེ་འབྲུ་གཅིག་གམ། མོན་སྲན་སྡེའུ་འབྲུ་གཅིག་གམ། མོན་སྲན་གྲེའུ་འབྲུ་གཅིག་གམ། རྒྱ་ཤུག་གི་འབྲུ་གཅིག་གམ། རྒྱ་སྲན་འབྲུ་གཅིག་གིས་འཚོ་བར་མཛད་དོ་ཞེས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བཀའ་མཆིད་ཁྱེར་ཏེ་འོང་ངོ་། །ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དག་གིས་དེ་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་ནས་ཐུགས་བྱུང་སྟེ་རབ་ཏུ་བྱུང་ངོ་ཞེས་ཐོས་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་བདག་ཅག་རྒྱལ་པོ་ཟས་གཙང་ལ་སྟེན་པར་བྱེད་པའི་གཞོན་ནུ་དེ་རབ་ཏུ་བྱུང་ངོ་སྙམ་ནས། དེ་དག་ལས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་འདུད་པ་དང་། ཕོ་ཉ་དང་དཀོར་སྒྲོམ་འབུལ་བ་རྒྱུན་བཅད་པར་གྱུར་ཏོ། །དེའི་ཚེ་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་བློན་པོའ་མཆོག་སྦེད་པ་ཞེས་བྱ་བ་ཞིག་ཡོད་ལ། རྒྱལ་པོ་ཟས་གཙང་ལ་ནི་མདུན་ན་འདོན་གྱི་བུ་འཆར་ཀ་ཞེས་བྱ་བ་ཡོད་དེ། གང་གི་ཚེ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་ཟས་གཙང་གི་གན་དུ་ཕོ་ཉ་གཏོང་བར་བྱེད་པ་དེའི་ཚེ་ན་བློན་པོའ་མཆོག་སྦེད་པ་གཏོད་བར་བྱེད་དེ། དེས་རྒྱལ་པོའ་བྱ་བ་དག་དང་། རྒྱལ་པོའི་བྱེད་པ་དག་བྱས་ནས་འཆར་ཀའི་ཁྱིམ་དུ་འཇུག་པར་བྱེད་དོ། །གང་གི་ཚེ་རྒྱལ་པོ་ཟས་གཙང་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གན་དུ་ཕོ་ཉ་གཏོང་བར་བྱེད་པ་དེའི་ཚེ་ན་ནི་མདུན་ན་འདོན་གྱི་བུ་འཆར་ཀ་གཏོང་བར་བྱེད་དོ། །དེས་ཀྱང་རྒྱལ་པོའ་བྱ་བ་དག་དང་། རྒྱལ་པོའ་བྱེད་པ་དག་བྱས་ནས་བློན་པོའ་མཆོག་སྦེད་པའི་ཁྱིམ་དུ་འཇུག་པར་བྱེད་དོ། །སྦེད་པ་ལ་ཆུང་མ་སྦེད་མ་ཞེས་བྱ་བ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་དགའ་བ་ཞིག་ཡོད་དེ། འཆར་ཀ་སྦེད་མ་དང་ལྷན་ཅིག་ཁ་དུམ་པར་གྱུར་ཏོ། །སྦེད་པས་ཇི་ལྟར་འཆར་ཀ་སྦེད་མ་དང་ལྷན་ཅིག་ཁ་དུམ་པར་གྱུར་པར་ཤེས་ནས་དེས་བསམས་པ། འདི་གསད་པར་བྱའོ་སྙམ་མོ། །ཡང་བསམས་པ། གལ་ཏེ་འདི་བསད་པར་གྱུར་ན་ཡུལ་འཁོར་གཉིས་འཁྲུག་པ་ཆེན་པོར་འགྱུར་བས་བདག་གིས་བུད་མེད་ཀྱི་ལུས་ཀྱི་
ཕྱིར་ཅིའི་ཕྱིར་བྲམ་ཟེ་གསད་པར་བྱ་སྙམ་ནས་དེ་བཏང་སྙོམས་སུ་བཞག་གོ །དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། བདག་སྦེད་པས་འཕྲིགས་སོ་སྙམ་དུ་རིག་ནས་སྐྲག་སྟེ་ཁྱིམ་ནས་བྱུང་ཞིང་གཞན་ན་འདུག་པ་དང་། སྦེད་པས་སྨྲས་པ། འཆར་ཀ་ཁྱོད་ཅིའི་ཕྱིར་རང་གི་ཁྱིམ་སྤངས་ཏེ་གཞན་ན་འདུག་ཚུར་ཤོག །འདི་ཁྱོད་རང་གི་ཁིམ་ཡིན་གྱིས་ཅི་བདེར་འདུག་ཤིག །དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། དོན་གྱིས་ན་འདིས་བདག་ལ་རྗེས་སུ་གནང་ངོ་སྙམ་དུ་རིག་ནས་དེ་ཉིད་ན་འདུག་གོ །འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བདུན་པ། དེ་ནས་དུས་གཞན་ཞིག་ན་བློན་པོའ་མཆོག་སྦེད་པ་དུས་ལ་བབ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་ལ་བུ་མེད་པའི་ཕྱིར་ནོར་ཐམས་ཅད་རང་གི་མཛོད་དང་བང་བར་བཅུག་གོ །སྦེད་མས་འཆར་ཀ་ལ་གང་གི་ཚེ་བདག་གི་ཁྱིམ་ཐབ་གསོན་ཞིང་འདུག་སྟེ་འཚོ་ཞིང་སྡོད་པ་དེའི་ཚེ་ན་ཁྱོད་རྟག་པ་ཁོ་ནར་བྱོན་ན་ད་དེའི་དུས་ལ་བབ་སྟེ། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་བུ་མ་མཆིས་པའི་སླད་དུ་ནོར་ཐམས་ཅད་རང་གི་མཛོད་དང་བང་བར་སྩལ་ན། ད་ཁྱོད་ཀྱིས་བཀའ་མཆིད་ཙམ་ཡང་མི་སྤྲིང་ངམ་ཞེས་ཡི་གེ་སྤྲིང་ངོ་། །དེ་ནས་འཆར་སྤྲིང་ཡིག་གི་དོན་ཐོས་ནས་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་དེར་སོང་བར་གྱུར་ན་གཞི་དེ་ལས་འཆར་ཀ་བུད་མེད་ལ་ཆགས་བ་བུད་མེད་ཀྱི་ཕྱིར་དེར་སོང་ངོ་ཞེས་གཞན་དག་ཁ་ཟེར་བར་འགྱུར་གྱིས་བདག་གིས་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས་དེས་ལན་གཉིས་སམ་གསུམདུ་རྒྱལ་པོའ་བྱ་བ་དག་དང་། རྒྱལ་པོའ་བྱེད་པ་དག་བྱས་ནས་རྒྱལ་པོ་ཟས་གཙང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཟས་གཙང་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བལྟམས་པ་དེའི་ཚེ་ན་ཉི་འོག་གི་ཁམས་ཀྱི་རྒྱལ་པོ་ཐམས་ཅད་འདུད་ཅིང་ཐམས་ཅད་ཀྱིས་ཕོ་ཉ་དང་། དཀོར་སྒྲོམ་དག་གསོལ་ནས། གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རྒན་པོ་དང་། ནད་པ་དང་། གུམ་པ་གཟིགས་ནས་ཐུགས་བྱུང་སྟེ་ནགས་སུ་གཤེགས་པ་
དེའི་ཚེ་ན་ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དེ་དག་ལས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་ཕོ་ཉ་དང་། དཀོར་སྒྲོམ་འབུལ་བ་རྒྱུན་བཀུམ་ནས་ལྷས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉ་དང་། དཀོར་སྒྲོམ་དག་བཀའ་སྩལ་ཅིང་བསྐུར་ནས་དེ་ལྟ་དེ་ལྟར་རྐྱེན་པར་གྱུར་པ་ལས་ད་ཡལ་བར་བོར་ན་སླད་ཀྱིས་གནོད་པ་ཆེན་པོར་འགྱུར་བ་དེ་སྐོལ་དང་མཚམས་འབྲེལ་པར་མཆིས་པས་དེ་དང་ལྷན་ཅིག་རྐྱེན་པར་མཛད་པའི་རིགས་སོ། །འཆར་ཀ་གལ་ཏེ་དེ་ལྟ་ན་ཁྱོད་ཉིད་ཕོ་ཉར་སོང་ཤིག །ལྷ་བཀའ་བཞིན་འཚལ་ཞེས་དེ་ནས་འཆར་ཀས་དཀོར་སྒྲོམ་དག་ཁྱེར་ཏེ་མཉན་ཡོད་ག་ལ་བ་དེར་འཕགས་ནས་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། སྟེན་པ་ལ་བསྟེན་བར་མི་བྱ་བར་བསྟེན་པ་ལ་བསྟེན་པ་བསྟེན་པར་བྱ་བ་ཡིན་པས་ཇེ་དང་པོར་བློན་པོ་རྣམས་བལྟ་བར་བྱ་ཞིང་དེའི་འོག་ཏུ་རྒྱལ་པོ་བལྟ་སྟེ། སྦེད་མའི་ཕྱིར་རྒྱལ་པོ་ལ་གསོལ་བ་བྱའོ་སྙམ་ནས། དེས་བློན་པོ་རྣམས་ལ་བལྟ་བར་བརྩམས་ཏེ་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ཁོ་བོ་ཇི་ལྟར་སྦེད་མ་དང་ལྷན་ཅིག་བཤེས་པ་དེ་མི་ཤེས་སམ། དེ་ཁྱིམ་ཐབ་དུས་ལ་བབ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བུ་མེད་པའི་ཕྱིར་དེའི་ནོར་ཐམས་ཅད་རང་གི་མཛོད་དང་། བང་བར་བཅུག་པས་དེའི་ཕྱིར་ཁོ་བོ་རྒྱལ་པོ་ལ་གསོལ་བ་བྱེད་ཀྱིས་ཁྱེད་ཀྱིས་གྲོགས་གྱིས་ཤིག །དེ་དག་གིས་དེ་བཞིན་དུ་ཁས་བླངས་སོ་། །དེ་ནས་འཆར་ཀ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་རྒྱལ་བ་དང་། ཚེ་སྤེལ་བ་བྱས་ཏེ་མཐའ་གཅིག་ཏུ་འདུག་ནས་ལན་གཉིས་ལན་གསུམ་དུ་རྒྱལ་པོའ་བྱ་བ་དག་དང་། རྒྱལ་པོའ་བྱེད་པ་དག་བྱས་ཏེ། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་གི་གནས་སྩོལ་ཅིག །འཆར་ཀ་ཁྱོད་སྔོན་གང་དུ་ཞུགས། ལྷ་བློན་པོའ་མཆོག་སྦེད་པའི་སྡུམ་པར་མཆིས་སོ། །འཆར་ཀ་སོང་ལ་དེ་ཉིད་དུ་ཞུགས་ཤིབ། །ལྷ་བློན་པོའི་
མཆོག་སྦེད་པ་དུས་ལ་བབ་པོ། །གལ་ཏེ་དེ་དུས་ལ་བབ་ན་ཅི་དེའི་ཁྱིམ་ཡང་དུས་ལ་བབ་བམ། ལྷ་དེའི་སྡུམ་པ་ནི་དུས་ལ་མ་བབ་མོད་ཀྱི་འོན་ཀྱང་དེ་ན་སྟན་ཙམ་ཡང་མ་མཆིས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་འཆར་ཀའི་གནས་བྱིན་ཅིག །འཆར་ཀའི་ཕྱིར་བྱུང་བ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅི་ལགས་འཆར་ཀ་ལ་གནས་མ་མཆིས་སྙམ་མམ། འདི་ལྟར་འཆར་ཀ་སྦེད་མ་དང་ལྷན་ཅིག་མཆིད་མཇལ་བས་དོན་གྱིས་ན་འཆར་ཀས་སྦེད་མའི་སླད་དུ་ལྷ་ལ་གསོལ་བ་ལགས་ཀྱིས། ལྷ་འཆར་ཀ་ནི་བྲམ་ཟེ་མདུན་ན་འདོན་གྱི་བུ་ལགས་པས་བྲམ་ཟེ་ནི་མི་འདོད་བཞིན་དུ་གཟུང་པར་བགྱི་བ་ལགས་ཏེ། འདི་ལེགས་པར་བཟུང་ན་རྒྱལ་པོ་ཟས་གཙང་ལེགས་པར་བཟུང་བར་འགྱུར་རོ། །དེ་ནས་རྒྱལ་པོས་འཆར་ཀ་བོས་ཏེ་སྨྲས་པ། འཆར་ཀ་ངས་ཁྱོད་ཇི་ལྟར་སྦེད་མ་དང་ལྷན་ཅིག་བཤེས་པར་སྔར་མ་ཤེས་ཀྱིས་ད་སོང་ལ་སྦེད་མ་དང་། དེའི་ཁྱིམ་དང་། ནོར་ཐམས་ཅད་ཁྱོད་ཁྱེར་ཅིག །ལྷ་བཀའ་སྩལ་པ་བཞིན་འཚལ་ལོ་ཞེས་སྨྲས་ནས། འཆར་ཀ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་བ་དང་། སྦེད་མས་འཆར་ཀ་འོངས་སོ་ཞེས་ཐོས་ནས་སྒོ་ཁང་དུ་འདུག་སྟེ་དུ་བར་བརྩམས་སོ། །འཆར་ཀས་མཐོང་ནས་སྨྲས་པ། སྦེད་མ་ཁྱོད་ཅིའི་ཕྱིར་དུ། དེས་སྨྲས་པ། བདག་འཚལ་བའི་ཁྱིམ་ཐབ་དུས་ལེ་བབ་ན་ཅི་ཁྱོད་ཀྱིས་ཀྱང་ཡོངས་སུ་བཏང་ངམ། དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་མཐུན་པར་སྨྲས་ན་འདི་ཤིན་ཏུ་དུ་བར་འགྱུར་བས་བདག་གིས་འདི་ཚར་གཅད་པར་བྱའོ་སྙམ་དུ་རིག་ནས་འཆར་ཀས་སྦེད་མ་ལ་སྨྲས་པ། སྦེད་མ་བྱང་ཆུབ་སེམས་དཔའ་དཀའ་བ་བྱེད་པ་གང་གིས་བཙུན་མོ་གྲགས་འཛིན་དང་། ས་འཚོ་མ་དང་། རི་དགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་བ་དེ་དག་གི་རྐང་པའི་རྡུལ་ཙམ་དུ་ཡང་ཁྱོད་ཀྱིས་མི་ཕོད་དོ། །དེ་ནས་དེ་ཅང་མི་སྨྲ་བར་འདུག་པ་དང་། འཆར་ཀས་སྨྲས་པ། ཁོ་བོས་ཁྱོད་མ་བཏང་བས་ཁྱོད་ཉིད་ཀྱི་ཕྱིར་འདིར་འོངས་པ་ཡིན་ནོ། །ཁོ་བོས་རྒྱལ་པོ་ལས་
ཁྱོད་དང་ཁྱིམ་དང་། ནོར་ཐམས་ཅད་ཐོབ་ན་ཅི་ཁྱོད་འདི་ཉིད་དུ་འདུག་གམ། སེར་སྐྱའི་གནས་སུ་འགྲོ། །དེས་བསམས་པ། གལ་ཏེ་སེར་སྐྱའི་གནས་སུ་སོང་ནས་བྲམ་ཟེ་མོ་ལས་སྲོག་ཀྱང་མི་ཐོབ་པོ་སྙམ་དུ་རིག་ནས་འདི་ཉིད་དུ་མཆིས་སོ་ཞེས་སྨྲས་ཏེ་དེ་དེ་ཉིད་དུ་འདུག་གོ །དེའི་ཚེ་ན་འཆར་ཀ་ལ་ཁྱིམ་གཉིས་ཡོད་དེ། གཅིག་ནི་མཉན་ཡོད་ནའོ། །གཅིག་ནི་སེར་སྐྱའི་གནས་ནའོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ་དཀའ་བ་བྱེད་པ་ཅི་ཡང་མེད་པར་རིག་ནས། ཅི་བདེར་དབུགས་རྔུབ་པར་མཛད་ཅི་བདེར་དབུགས་འབྱིན་པར་མཛད་ཅིང་། འབྲས་ཆན་དང་། ཟན་དྲོན་ལ་སོགས་པ་ཞལ་ཟས་རྒྱ་ཆེན་པོ་དག་ཀྱང་གསོལ་བར་མཛད། ཞུན་མར་དང་། འབྲུ་མར་དག་གིས་སྐུ་དག་ཀྱང་སྐུད་པར་མཛད། ཆུ་དྲོན་པོས་ཀྱང་སྐུ་བསིལ་བར་མཛད་ཅིང་། གྲོང་སྡེ་འདོང་དུ་གཤེགས་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་ལས་ལན་བཅུ་དྲུག་བཟླས་པའི་འོ་མ་སྦྲང་རྩི་དང་བསྲེས་པ་གསོལ་ཏེ། ཀླུའི་རྒྱལ་པོ་ནག་པོས་མངོན་པར་བསྟོད་པ་ན་རྩྭ་བཀྲ་ཤིས་འཚོང་པ་ལས་རྩྭ་གསེར་གྱི་མདོག་ལྟ་བུ་དག་བཞེས་ནས། བྱང་ཆུབ་ཀྱི་གཞི་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། ཉིད་ཀྱིས་རྩྭ་མ་འཁྲུགས་པའི་གདན་བཤམས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་བཞག་སྟེ་བཞུགས་ནས་ཐུགས་བསྐྱེད་ཅིང་གསུང་བརྗོད་པ། ཇི་སྲིད་ཟག་མེད་མ་ཐོབ་པར། །དེ་སྲིད་སྐྱིལ་ཀྲུང་གཞིག་མི་བྱ། །དེ་ཡིས་ཇི་སྲིད་ཟག་མེད་པ། །མ་བརྙེས་སྐྱིལ་ཀྲུང་འཇིག་མི་མཛད། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཚན་མོའ་གུང་ཐུན་ལ་བདུད་འབྱུང་པོ་དུང་ཕྱུར་ཕྲག་གསུམ་དང་། བྱེ་བ་ཕྲག་དྲུག་གི་འཁོར་དང་ལྡན་པ་བྱམས་པའི་སྟོབས་ཀྱིས་མངོན་པར་བཏུལ་ཏེ་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་ནས་ཚངས་པས་གསོལ་ཏོ། །བཱ་རཱ་ཎ་སཱིར་གཤེགས་ནས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་ལྔ་པ་དང་། ཉེ་ལྔ་དག་དང་། གྲོང་བའི་ཁྱེའུ་མཐོ་བ་མཐོ་བ་
ལྔ་བཅུ་བཏུལ་ཏོ། །ཀར་པ་སིའི་ཚལ་གསེབ་ཏུ་གཤེགས་ནས་བཟང་སྡེའི་ཚོགས་དྲུག་བཅུ་བདེན་པ་དག་ལ་བཀོད་དོ། །གྲོང་སྡེ་འདོན་དུ་གཤེགས་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་བདེན་པ་དག་ལ་བཀོད་དོ། །སྟེང་རྒྱས་སུ་གཤེགས་ནས་རལ་པ་ཅན་སྟོང་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་མཛད་དོ། །ག་ཡཱ་མགོའ་མཆོད་རྟེན་དུ་གཤེགས་ནས་དགེ་སློང་སྟོང་པོ་དེ་དག་ཆོ་འཕྲུལ་གསུམ་གྱིས་གདམས་པ་མཛད་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཐུག་པ་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །ཤར་པའི་ཚལ་གསེ་བ་ཏུ་གཤེགས་ནས་མ་ག་ར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་། མ་ག་ར་བྱུང་བའི་བྲམ་ཟེ་དང་། ཁྱིམ་བདག་འབུལ་ཕྲག་དུ་མ་དང་ལྷན་ཅིག་བདེན་པ་དག་ལ་བཞག་གོ །རྒྱལ་པོའ་ཁབཏུ་གཤེགས་ནས་འོད་མའི་ཚལ་བཞེས་ཏེ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་ལྡན་པ་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་མཛད་དོ། །མཉན་ཡོད་དུ་གཤེགས་ནས་རྒྱལ་བྱེད་ཀྱི་ཚལ་བཞེས་ཏེ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོས་བཏུལ་ནས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཟས་གཙང་གི་གན་དུ་ཕོ་ཉ་བཏང་སྟེ། ལྟ་དགྱེས་པ་སྐྱེད་ཅིག །ཁྱོད་ཀྱི་སྲས་ཀྱིས་བདུད་རྩི་ཐུགས་སུ་ཆུད་དེ། བདུད་རྩིས་འགྲོ་བ་ཚིམ་པར་མཛད་ཅིང་། མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་སྤྲིང་ངོ་། །རྒྱལ་པོ་ཟས་གཙང་གིས་ཐོས་ནས་བཅོམ་ལྡན་འདས་ཀྱི་སྦྱན་སྔར་ཕོ་ཉ་བཏང་སྟེ། གཞོན་ནུ་བདག་གིས་རིང་དུ་མ་མཐོང་སྟེ། བདག་གཞོན་ནུ་མཐོང་བས་ཡོངས་སུ་སྐོམ་མོ་ཞེས་གསོལ་པ་དང་། ཕོ་ཉ་དེ་དེ་ཉིད་དུ་རབ་ཏུ་ཕྱུང་ངོ་། །ཕོ་ཉ་གཉིས་པ་བཏང་བ་དང་དེ་ཡང་དེ་ཉིད་དུ་རབ་ཏུ་ཕྱུང་ངོ་། །བཅོམ་ལྡན་འདས་ཀྱིས་
ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་པའི་ཕྱིར་གང་དང་གང་ཕོ་ཉར་བཏང་བ་དེ་དང་དེ་དེ་ཉིད་དུ་རབ་ཏུ་བྱུང་ངོ་། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཟས་གཙང་གིས་དེ་ཐོས་ནས་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ། འཆར་ཀས་མཐོང་ནས་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་དེ་ཐུགས་ཁོང་དུ་ཆུད་ཅིང་བཞུགས། འཆར་ཀ་གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་དཀའ་བ་དག་སྤྱོད་པའི་ཚེངས་གཏམ་རྨེད་པའི་མི་དག་བཏང་ན་དེ་དག་ཉི་མ་རེ་རེ་ཞིང་གཏམ་ཁྱེར་ཏེ་འོངས་ནས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་གནས་པ་འདིས་གནས་སོ་ཞེས་གཏམ་སྙོད་པར་བྱེད་ན། ད་གཞོན་ནུ་དོན་ཐམས་ཅད་གྲུབ་པས་བདུད་རྩི་ཐུགས་སུ་ཆུད་དེ་བདུད་རྩིས་འགྲོ་བ་ཚིམ་པར་མཛད་ཅིང་། མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཞེས་ཐོས་ནས་ངས་གཏམ་རྨེད་པའི་མི་དག་བཏང་ན། འགས་ཀྱང་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་གཏམ་ཁྱེར་ཏེ་མི་འོང་བར་གང་དང་གང་ཕོ་ཉར་བཏང་བ་དེ་དང་དེ་དེ་ཉིད་དུ་འདུག་པར་གྱུར་ན་ང་ཇི་ལྟར་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་མི་འདུག་ཏུ་རུང་། འཆར་ཀས་སྨྲས་བ། ལྷ་བདག་ལ་བཀའ་སྩལ་དུ་གསོལ། ཁྱོད་ཀྱང་དེར་འདུག་པར་འགྱུར་རོ། །ལྷ་བདག་གིས་ལྷའི་སྤྱན་སྔར་བཀའ་མཆིད་འཚལ་ཏེ་མཆིའོ། །རྒྱལ་པོ་ཟས་གཙང་གིས་རང་ཉིད་ཀྱིས་ཕྲིན་ཡིག་འདི་སྐད་ཅེས། མ་རུམ་བཞུགས་པ་ཚུན་ཆད་ནས། །བདག་གིས་ལེགས་པར་ཁྱོད་བསྲུངས་ཏེ། །ཉོན་མོངས་གདུགས་ཀྱིས་རབ་གདུངས་པས། །རྒྱལ་བའི་ལྗོན་ཤིང་སྡོད་ཅིང་མཆིས། །སློབ་མའི་ཡལ་ག་རྩ་ལག་གིས། །ད་ལྟར་ཁྱོད་ནི་རྒྱས་གྱུར་པས། །གཞན་དག་བདེ་བས་དགའ་མཛད་ན། །བདག་ནི་སྡུག་བསྔལ་སྟེན་པར་གྱུར། །གང་ཚེ་དང་པོ་ཁྱོད་འཁྲུངས་ཚེ། །ཤིན་ཏུ་དོན་ཆེན་མཛད་ནས་ནི། །ཉེ་དུ་རྗེས་སུ་གཟུང་མཛད་ཅེས། །དེ་ཚེ་ཁྱོད་ཀྱིས་ཐུགས་དམ་བཅས། དེ་སླད་གོ་འཕང་ཞི་བརྙེས་ཁྱོད། །བདག་དང་ཉེ་དུའི་ཚོགས་རྣམས་ལ། །རྗེས་སུ་ཐུགས་བརྩེ་ཉེར་བཟུང་སྟེ། །
བྱོན་པའི་བློ་གྲོས་མཛད་དུ་གསོལ། །ཞེས་བྲིས་སོ། །དེ་ནས་འཆར་ཀ་ཕྲིན་ཡིག་དེ་བླངས་ཏེ་མཉན་ཡོད་དུ་འཕགས་ནས་དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་ཇི་ཙམ་ན་འཆར་ཀས་བཅོམ་ལྡན་ལ་ཕྲིན་ཡིག་ཕུལ་བ་དང་། བཅོམ་ལྡན་འདས་ཉིད་ཀྱིས་ཕྲིན་ཡིག་བཀླག་པ་མཛད་ནས། འཆར་ཀས་གསོལ་པ། བཅོམ་ལྡན་འདས་སེར་སྐྱའི་གནས་སུ་གཤེགས་སམ། འཆར་ཀ་འོང་ངོ་། །འཆར་ཀས་སྔོན་གྱི་གཅུགས་པ་དེ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏེ། །གལ་ཏེ་བཅོམ་ལྡན་འདས་མི་གཤེགས་ན་བདག་གིས་མཐུས་བཀྲི་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ། གང་ལ་ཁྲིད་བྱེད་སྲེད་པ་ཡི། །དྲ་བཀྲམ་གང་ནའང་ཡོད་མིན་པ། །སྤྱོད་ཡས་གཞི་མེད་སངས་རྒྱས་དེ། །གང་གི་གཞིས་ནི་ཁྲིད་པར་བྱེད། །གང་ལ་ཁྲིད་བྱེད་སྲེད་པ་ཡི། །དྲ་བཀྲམ་གང་ནའང་ཡོད་མིན་པ། །རྩལ་ཡས་གཞི་མེད་སངས་རྒྱས་དེ། །གང་གི་གཞིས་ནི་ཁྲིད་བར་བྱེད། །གང་རྒྱལ་མི་ཉམས་གང་ལ་ནི། །འཇིག་རྟེན་མ་རྒྱལ་ཡོང་མེད་པ། །སྤྱོད་ཡས་གཞི་མེད་སངས་རྒྱས་དེ། །གང་གི་གཞིས་ནི་ཁྲིད་པར་བྱེད། །གང་རྒྱལ་མི་ཉམས་གང་ལ་ནི། །འཇིག་རྟེན་མ་རྒྱལ་ཡོང་མེད་པ། །རྩལ་ཡས་གཞི་མེད་སངས་རྒྱས་དེ། །གང་གི་གཞིས་ནི་ཁྲིད་པར་བྱེད། །འཆར་ཀས་གསོལ་པ། བཅོམ་ལྡན་འདས་བདག་རྒྱལ་པོ་ཟས་གཙང་ལ་བརྗོད་དུ་མཆིའོ། །བཅོམ་ལྡན་དའས་ཀྱིས་བཀའ་སྩལ་བ་། འཆར་ཀ་རྒྱལ་བའི་ཕོ་ཉ་དག་ནི་དེ་ལྟ་བུ་མ་ཡིན་ནོ། །བཅོམ་ལྡན་འདས་འོ་ན་རྒྱལ་བའི་ཕོ་ཉ་དག་ཇི་ལྟ་བུ་ལགས། སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གོན་པ་རབ་ཏུ་བྱུང་བ་དག་ཡིན་ནོ། །བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཟས་གཙང་ལ་སླར་མཆིས་པར་མཆིད་ཀྱིས་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ། རབ་ཏུ་བྱུང་སྟེ་སོང་ཤིག །འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་སྔོན་ཚེ་རབས་རྗེས་པ་དེ་དང་དེ་དག་ཏུ་ཡབ་དང་། ཡུམ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། བླ་
མའི་གནས་ལྟ་བུདག་གི་ཆོས་དང་ལྡན་པའི་ཚིག་འགའ་ཡང་མ་བཅག་པས་བཀའ་སྩལ་མ་ཐག་ཏུ་འཆར་ཀས་གསོལ་པ། བཅོམ་ལྡན་འདས་བདག་རབ་ཏུ་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འཆར་ཀ་རབ་ཏུ་ཕྱུང་ཤིག་དང་། དེ་ནི་འདི་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་འཆར་ཀ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ཏེ། དེ་ལ་འདི་ནི་ཁྱོད་ཀྱི་བྱ་བ་ཡིན་ནོ། །འདི་ནི་ཁྱོད་ཀྱིས་བྱ་བ་མ་ཡིན་ནོ། །འཆར་ཀ་ཁྱོད་ཀྱིས་དེང་ཕྱིན་ཅད་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ཀུན་ཏུ་སྤྱད་པའི་ཆོས་ཐམས་ཅད་བརྗོད་དོ། །འཆར་ཀས་མཁན་པོ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ལཏེ་སོང་ནས། བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་སེར་སྐྱའི་གནས་སུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆར་ཀ་ཁྱོད་ཀྱིས་ཚམ་ཚོམ་མེད་པར་རྒྱལ་པོའ་ཕོ་བྲང་དུ་འཇུག་པར་མི་བྱ་བར་སྒོར་འགྲེང་སྟེ་ཤཱཀྱའི་དགེ་སློང་འོངས་སོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤཱཀྱའི་དགེ་སློང་གཞན་དག་ཀྱང་ཡོད་དམ་ཞེས་འདྲི་ན་ཤཱཀྱའི་དགེ་སློང་གཞན་དག་ཀྱང་ཡོད་དོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཞུགས་ཤིག་ཅེས་ཟེར་ན་འཇུག་པར་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་བ་ཡང་ཆ་ལུགས་འདི་འདྲ་བ་ཉིད་ཡིན་ནམ་ཞེས་འདྲི་ན། ཆ་ལུགས་འདི་འདྲ་བ་ཉིད་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱིས་རྒྱལ་པོའ་ཕོ་བྲང་དུ་གནས་པར་མི་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་རྒྱལ་པོའ་ཕོ་བྲང་དུ་གནས་འཆའ་བར་མི་བྱེད་དམ་ཞེས་འདྲི་ན། གནས་འཆའ་བར་མི་བྱེད་དོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གང་དུ་གནས་འཆའ་བར་བྱེད་ཅེས་འདྲི་ན། དགོན་
པའམ། གཙུག་ལག་ཁང་དུའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འོང་ངམ་ཞེས་འདྲི་ན་འོང་ངོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཡུན་ཇི་ཙམ་ན་འོང་ཞེས་འདྲི་ན་ཞག་བདུན་འདས་ནས་སོ་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་འཆར་ཀས་བཅོམ་ལྡན་འདས་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །འཆར་ཀ་འོང་བའི་ཚེ་མཉན་ཡོད་དུ་ཉི་མ་མང་པོ་དག་གིས་ཕྱིན་ན་ཕྱིར་འགྲོ་བའི་ཚེ་འདི་ལྟ་སྟེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་ཉི་མ་གཅིག་གིས་སེར་སྐྱའི་གནས་སུ་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་རྒྱལ་པོ་ཟས་གཙང་གི་ཕོ་བྲང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་མི་སྒོ་བ་བོས་ཏེ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་སོང་ལ་རྒྱལ་པོ་ལ་ཤཱཀྱའི་དགེ་སློང་འོངས་སོ་ཞེས་སྦྲོན་ཅིག །དེས་སྨྲས་པ། ཤཱཀྱའི་དགེ་སློང་གཞན་དག་ཀྱང་མཆིས་སམ། འཆར་ཀས་སྨྲས་པ། ཤཱཀྱའི་དགེ་སློང་གཞན་དག་ཀྱང་ཡོད་དོ། །སྒོ་བས་རྒྱལ་པོ་ལ་སྦྲན་པ་དང་། རྒྱལ་པོས་སྨྲས་པ། ཤཱཀྱ་འཇུག་ཏུ་ཆུག་ཤིག །སུ་ཞིག་ཤཱཀྱ་ཟློག་པར་བྱེད། དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྒོ་བས་ངོ་ཤེས་ནས་རྒྱལ་པོ་ཟས་གཙང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཟས་གཙང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ལ་བཅོམ་ལྡན་འདས་ཨ་རོག་གྱ་ཞེས་གསུངས་ངོ་། །རྒྱལ་པོ་ཟས་གཙང་གིས་འཆར་ཀ་སྐད་ལས་ངོ་ཤེས་ནས་སྨྲས་པ། ཁྱོད་འཆར་ཀ་ཡིན་ནམ། ལྷ་བདག་སྐྱེ་བོས་དེ་ལྟར་འཚལ་ཏོ། །རྒྱལ་པོས་སྨྲས་པ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་ཆ་ལུགས་འདི་འདྲ་བ་ཉིད་ཡིན་ནམ། ལྷ་ཆ་ལུགས་འདི་འདྲ་བ་ཉིད་ལགས་སོ། །རྒྱལ་པོ་སེང་གེའི་ཁྲི་ལས་བརྒྱལ་ཏེ་ས་ལ་ལྷུང་ནས་ཆུས་དབང་བསྐུར་བས་སྲོག་ཕྱིར་འོངས་ནས་དྲིས་པ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་འོང་ངམ། ལྷ་མཆིའོ། །ཡུན་ཇི་ཙམ་ན་འོང་། དགུང་བདུན་འདས་ནས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དེང་ལ་རྒྱལ་
པོའི་ཕོ་བྲང་དང་། བཙུན་མོའ་འཁོར་དག་བྱི་དོར་གྱིས་ཤིག །ལྷ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་དེ་རྒྱལ་པོའ་ཕོ་བྲང་ངམ། བཙུན་མོའ་འཁོར་གྱི་ནང་དུ་གནས་འཆའ་བར་མི་བགྱིད་དོ། །འོ་ན་གང་དུ་གནས་འཆའ་བར་བྱེད། དགོན་བའམ། གཙུག་ལག་ཁང་དུའོ། །གཙུག་ལག་ཁང་ཅི་འདྲ་བར། འཆར་ཀས་མཉན་ཡོད་ན་གཙུག་ལག་ཁང་ཅི་འདྲ་བ་དག་མཐོང་བ་དེ་འདྲ་བ་བརྗོད་དོ། །དེའི་ཚེ་ན་རྒྱལ་པོ་ཟས་གཙང་ལ་སྐྱེད་མོས་ཚལ་སྐྱེ་ཡོད་དང་། ནྱ་གྲོ་ངྷའི་ཀུན་དགའ་རབ་དང་། ཚངས་པའི་གནས་ལ་སོགས་པ་སྐྱེད་མོས་ཚལ་ལྔ་བརྒྱ་ཡོད་པས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་དེང་ལ། སྐྱེད་མོས་ཚལ་གསུམ་པོ་སྐྱེ་ཡོད་དང་། ནྱ་གྲོ་ངྷའི་ཀུན་དགའ་ར་བ་དང་། ཚངས་པའི་གནས་དག་ཏུ་སྐྱེད་མོས་ཚལ་རེ་རེར་ཡང་རྒྱལ་བྱེད་ཀྱི་ཚལ་འདྲ་བའི་གཙུག་པག་ཁང་ཁང་ཆེན་བཅུ་དྲུག་དང་། ཁང་པའི་གཞི་དྲུག་བཅུ་ཡོད་པ་དག་མྱུར་དུ་བྱེད་དུ་ཆུག་ལ། གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ཀྱང་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་པར་གནས་པར་གྱིས་ཤིག །རྒྱལ་པོ་རྣམས་ནི་ཚིག་གིས་འགྲུབ་པ་ཡིན་ལ། ལྷ་རྣམས་ནི་སེམས་ཀྱིས་འགྲུབ་པ་ཡིན། རྣལ་འབྱོར་པ་རྣམས་ནི་སེམས་བསྐྱེད་པ་ཙམ་གྱིས་ཐམས་ཅད་འགྲུབ་པ་ཡིན་པས་བློན་པོ་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་རྒྱལ་པོ་ཟས་གཙང་ལས་མཉན་ནས་སྐྱེད་མོས་ཚལ་གསུམ་པོ་སྐྱེ་ཡོད་དང་། ནྱ་གྲོ་ངྷའི་ཀུན་དགའ་ར་བ་དང་། ཚངས་པའི་གནས་དག་ཏུ་སྐྱེད་མོས་ཚལ་རེ་རེར་ཡང་རྒྱལ་བྱེད་ཀྱི་ཚལ་འདྲ་བའི་གཙུག་ལག་ཁང་ཁང་ཆེན་བཅུ་དྲུག་དང་། ཁང་པའི་གཞི་དྲུག་བཅུ་ཡོད་པ་དག་བྱེད་དུ་བཅུག་ཅིང་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ཀྱང་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་པར་གནས་པར་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་གསོན་ཞིང་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་ལ་ཆོས་ཉིད་ཀྱིས་གདོན་མི་ཟ་བར་བགྱིབ་བཅུ་མངའ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་སྲིད་དུ་སངས་རྒྱས་སུ་ལུང་མ་བསྟན་པ་དང་། ཇི་སྲིད་དུ་སེམས་ཅན་གཞན་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཕྱིར་
མི་ལྡོག་པའི་སེམས་མ་བསྐྱེད་པ་དང་། སངས་རྒྱས་ཀྱིས་གདུལ་བར་བྱ་བ་ཐམས་ཅད་མ་བཏུལ་བ་དང་། ཇི་སྲིད་དུ་སྐུ་ཚེའི་ཆ་ལྔ་པ་མ་ལུས་པ་དང་། ཇི་སྲིད་དུ་མཚམས་བཅད་པ་མ་མཛད་པ་དང་། ཇི་སྲིད་དུ་ཉན་ཐོས་ཟུང་གཅིག་མཆོག་ཏུ་མ་བསྟན་པ་དང་། ཇི་སྲིད་དུ་གྲོང་ཁྱེར་ཀུན་འོད་དུ་ལྷ་ལས་བབས་པ་མ་བསྟན་པ་དང་། ཇི་སྲིད་དུ་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་རྣམ་པར་མ་བསྟན་པ་དང་། ཇི་སྲིད་དུ་མཚོ་ཆེན་པོ་མ་དྲོས་པར་ཉན་ཐོས་རྣམས་དང་ཐབས་ཅིག་སྡོག་གྱི་ལས་ཀྱི་རྒྱུ་བ་ལུང་མ་བསྟན་པ་དང་། ཇི་སྲིད་དུ་ཡབ་ཡུམ་གཉིས་བདེན་པ་དག་ལ་མ་བཀོད་པ་དེ་སྲིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། རྒྱལ་པོ་ཆེན་པོ་ཟས་གཙང་དང་། ཤཱཀྱ་འབུམ་ཕྲག་དུ་མ་དག་གདུལ་བའི་དུས་ཉི་བར་གནས་པར་གྱུར་ཅིང་། འདི་ལྟ་སྟེ། ཡབ་ཡུམ་གཉིས་བདེན་པ་དག་ལ་གཞག་པ་དེ་ནི་དེ་བཞིན་གཤེགས་པས་གདོན་མི་ཟ་བར་མཛད་པ་ཡིན་ནོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་སེར་སྐྱའི་གནས་སུ་གཤེགས་ཀྱིས། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་བ་དང་ཐབས་ཅིག་སེར་སྐྱའི་གནས་སུ་འགྲོ་བ་དང་། ཡབ་དང་སྲས་མཇལ་བ་ལྟ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་སེར་སྐྱའི་གནས་སུ་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་སེར་སྐྱའི་གནས་སུ་འགྲོ་བ་དང་། ཡབ་དང་སྲས་མཇལ་བ་ལྟ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་བསྒོའོ། །དགེ་སློང་དག་གིས་ཚེ་དང་ལྡན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལས་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། །གྲོལ་
བ་འཁོར་གྲོལ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའ་ཚོགས་གྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱིས་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཤིན་ཏུ་དུལ་བ། སྤྱོོད་ལམ་དང་། སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་
ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞིལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྦྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་སོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པ། འཁོར་ཉན་ཐོས་ཆེན་པོ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ག་ཡ་འོད་སྲུང་དང་། ཆུ་ཀླུང་འོད་སྲུང་ལ་སོགས་པ་སྡོན་གྱི་རལ་པ་ཅན་སྟོང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་མང་པོས་མདུན་དུ་བདར་ཏེ་སེར་སྐྱའི་གནས་ག་ལ་བ་དེར་རྒྱུ་ཞིང་གཤེགས་སོ། །དེའི་ཚེ་ན་རྒྱལ་པོ་ཟས་གཙང་གིས་ཉི་མ་བདུན་པ་ལ་གྲོང་ཁྱེར་སེར་སྐྱའི་གནས་
ཐམས་ཅད་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་པར་བཞག་ཅིང་བདུག་པ་དང་། ཕྱེ་མ་འཁྲིགས་པ་དང་། མེ་ཏོག་སྣ་ཚོགས་བཀྲམ་པ་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་ལ་སོགས་པ་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་དག་བཤམས་ཤིང་། ནྱ་གྲོ་ངྷའི་ཀུན་དགའ་ར་བར་ས་ཕྱོགས་གོ་སྐབས་ཡངས་པར་གདན་ཐབས་ཟླ་གམ་ལྟ་བུར་བཤམས་ཏེ། ནྱ་གྲོ་ངྷའི་ཀུན་དགའ་ར་བ་ནས་གྲོང་ཁྱེར་སེར་སྐྱའི་གནས་ཀྱི་བར་གྱི་ལམ་ཐམས་ཅད་མཛེས་ཤིང་རྡོ་བ་དང་། གསེག་མ་དང་། གྱོ་མོ་མེད་པར་བཞག་སྟེ། སྤོས་ཆུའི་ཆག་ཆག་བཏབ་ཅིང་བར་བར་དུ་དར་གྱི་ཆུན་པོ་མང་པོ་སྦྱངས་ཤིང་། མེ་ཏོག་གི་ཚོམས་དག་ཀྱང་བཤམས། བདུག་སྤོས་དྲི་ཞིམ་པོའ་དུ་བ་འཁྲིགས་པ་དང་། མེ་ཏོག་སྣ་ཚོགས་བཀྲམ་པ་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་དག་རྣམ་པར་བཞག་གོ། །རྒྱལ་པོ་ཟས་གཙང་ཉིད་ཀྱིས་རྒྱལ་པོའ་འབྱོར་པ་ཆེན་པོ་དང་། རྒྱལ་པོའ་མཐུ་ཆེན་པོས་ནྱ་གྲོ་ངྷའི་ཀུན་དགའ་ར་བ་ན་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་སྡོད་ཅིང་འདུག་གོ །དེ་ནས་བཅོམ་ལྡན་འདས་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་ཆུ་རླུང་རོ་ཧ་ཀའི་འགྲམ་དུ་གཤེགས་སོ། །དེ་ན་དགེ་སློང་ཁ་ཅིག་ནི་ལག་པ་དང་རྒང་པ་དག་འཁྲུ་བར་བྱེད། ཁ་ཅིག་ནི་སོ་ཤིང་འདོར་བར་བྱེད། ཁ་ཅིག་ནི་ཆུ་འཚག་པར་བྱེད། ཁ་ཅིག་ནི་ཁྲུས་བྱེད་དོ། །གྲོང་ཁྱེར་སེར་སྐྱའི་གནས་ན་འཁོད་པའི་ཤཱཀྱ་རྣམས་ཀྱིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འོངས་ཤིང་། རྒྱལ་པོ་ཟས་གཙང་གིས་ནྱ་གྲོ་ངྷའི་ཀུན་དགའ་ར་བར་ས་ཕྱོགས་གོ་སྐབས་ཡངས་པར་གནས་མལ་བཤམས་ཞེས་ཐོས་སོ། །ཐོས་ནས་ཀྱང་ཤཱཀྱ་འབུམ་ཕྲག་དུམ་དག་ནྱ་གྲོངྷའི་གུན་དགའ་ར་བར་འདུས་པར་གྱུར་ཅིང་། དེ་ན་ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་ཞིང་ལྷགས་སོ། །ཁ་ཅིག་ནི་ཡ་མཚན་སྐྱེས་ཏེ་ཇེ་དང་པོར་ཡབ་ཀྱིས་སྲས་ཀྱི་ཞབས་ལ་ཕྱག་འཚལ་བར་མཛད་དམ། འོན་ཏེ་སྲས་ཀྱིས་ཡབ་ཀྱི་ཞབས་ལ་ཕྱག་འཚལ་བར་མཛད་པ་བལྟའོ་སྙམ་པས་ལྷགས་སོ། །དེ་
ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཞབས་ཀྱིས་སེར་སྐྱའི་གནས་སུ་གཤེགས་ན་ཤཱཀྱ་ང་རྒྱལ་ཅན་དག་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཆེན་པོ་མ་རྙེད་དེ། འདི་ལྟར་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་གྲོང་ཁྱེར་སེར་སྐྱའི་གནས་ནས་ལྷ་འབུམ་ཕྲག་དུ་མས་བསུ་སྟེ་སྟེང་གི་ནམ་མཁའ་ལས་བྱུང་སྟེ་སོང་ན། ད་འདིས་བླ་ན་མེད་པའི་ཡེ་ཤེས་རྟོགས་ཀྱང་རྐང་པས་འོངས་སོ་ཞེས་མ་དད་པ་སྐྱེ་བར་འགྱུར་བས་བདག་རྫུ་འཕྲུལ་གྱིས་སེར་སྐྱའི་གནས་སུ་འཇུག་པར་བྱའོ་སྙམ་དུ་དགོངས་ཤིང་རིག་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ནི་རྐང་པ་དག་གིས་ཆུ་ཀླུང་རོ་ཧ་ཀ་རྒོལ་ཅིག །དེ་བཞིན་གཤེགས་པ་ནི་རྫུ་འཕྲུལ་གྱིས་གཤེགས་སོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། རྐང་པ་དག་གིས་ཆུ་ཀླུང་རོ་ཧ་ཀ་རྒལ་ཏེ་ནྱ་གྲོ་ངྷའི་ཀུན་དགའ་ར་བ་ག་ལ་བ་དེར་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ཏིང་ངེ་འཛིན་འདི་ལྟ་བུ་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་ཐུགས་མཉམ་པར་བཞག་ན་རྫུལ་འཕྲུལ་གྱིས་ཆུ་ཀླུང་རོ་ཧ་ཀའི་ཕ་རོལ་གྱི་འགྲམ་ནས་མི་སྣང་བར་གྱུར་ཅིང་སྟེང་གི་ནམ་མཁའ་ལ་དང་བའི་རྒྱལ་པོ་འདབ་མ་བརྒྱད་པ་ལྟར་མངོན་པར་འཕགས་ནས་སེར་སྐྱའི་གནས་ཀྱི་སྟེང་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ནྱ་གྲོ་ངྷའི་ཀུན་དགའ་ར་བའི་སྟེང་གི་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེ་ན་བཅོམ་ལྡན་འདས་ཤར་ཕྱོགས་ལོགས་སུ་སྤྱོད་ལམ་བཞི་པོ་འདི་ལྟ་སྟེ། འཆག་པ་དང་། བཞེངས་པ་དང་། བཞུགས་པ་དང་། མནལ་བ་དག་མཛད་དོ། །མེའི་ཁམས་ལ་ཡང་སྙོམས་པར་འཇུག་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་། སེར་པོ་དག་དང་། དཀར་པོ་དག་དང་། བཙོད་ཀ་དག་དང་
ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་སྟོན་པ་མཛད་དེ། སྐུའི་སྨད་ནས་མེ་འབར་ཞིང་སྐུའི་སྟོད་ནས་ཆུ་གྲང་མོའ་རྒྱུན་འབབ་པར་མཛད་དོ། །སྐུའི་སྟོད་ནས་མེ་ འབར་ཞིང་སྐུའི་སྨད་ནས་ཆུ་གྲང་མོའ་རྒྱུན་འབབ་པར་མཛད་དོ། །ཤར་ཕྱོགས་སུ་ཇི་ལྟ་བ ་བཞིན་དུ་ལྟོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་དུ་མཛད་དོ། །དེ་ལྟར་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བཞི་སྟོན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་དེ་བཞིན་གཤེགས་པས་རྒྱལ་པོ་ཟས་གཙང་གི་རྐང་པ་གཉིས་ལ་གཏུགས་པར་གྱུར་ན་ནི་དེའི་སྤྱི་བོ་ཚལ་པ་བདུན་དུ་འགས་པར་འགྱུར་ལ། གལ་ཏེ་རྒྱལ་པོ་ཟས་གཙང་གིས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་པར་གྱུར་ན་ནི་ཤཱཀྱ་ང་རྒྱལ་ཅན་དག་ཅིའི་ཕྱིར་ཡབ་ཏུ་གྱུར་པས་སྲས་ཀྱི་རྐང་པ་གཉིས་ལ་གཏུགས་པར་བྱེད་ཅེས་མ་དད་པ་སྐྱེ་བར་འགྱུར་བས་བདག་གིས་ཅི་ནས་ཀྱང་རྒྱལ་པོ་ཟས་གཙང་གིས་ལུས་མ་བཏུད་བཞིན་དུ་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་ཕྱག་འཚལ་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱའོ་སྙམ་དུ་དགོངས་ཤིང་རིག་ནས་ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་ནམ་མཁའ་ལ་གཞེས་ཤིང་། ཏ་ལ་དྲུག་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་སྲིད་ཙམ་ན་བཞུགས་སོ། །དེ་ནས་སྐྱེས་བུ་བདུན་སྲིད་ཙམ་ན་གཞེས་ཤིང་སྐྱེས་བུ་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་སྲིད་ཙམ་ན་གཞེས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་མ་བཏུད་བཞིན་དུ་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཤཱཀྱ་རྣམས་ལ་གོ་བར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། གང་ཚེ་ཁྱོད་བལྟམས་དོག་ས་རབ་གཡོས་དང་། །འཛམ་བུའི་གྲིབ་མས་ཁྱོད་སྐུ་མ་བཏང་དང་། །འདི་དང་ལན་གསུམ་ཀུན་གཟིགས་མཁྱེན་ལྡན་པ། །སངས་རྒྱས་ཁྱོད་ཀྱི་ཞབས་ལ་བདག་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་
པ་དེ་སླར་བསྡུ་བ་མཛད་ནས་ནྱ་གྲོ་ངྷའི་ཀུན་དགའ་ར་བར་གཤེགས་ཏེ། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་དང་། བྲེ་བོ་ཟས་དང་། ཟས་དཀར་དང་། བདུད་རྩི་ཟས་དང་། ཤཱཀྱ་འབུམ་ཕྲག་དུ་མ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཤཱཀྱ་ཁ་ཅིག་ནི་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཤཱཀྱ་ཁ་ཅིག་ནི་ཐག་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ནས་ཅང་མི་སྨྲ་བར་མཐའ་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་སྐད་ཀྱིས་ཞུ་བཞུས་པ། དཔའ་བོ་བཅིབས་པ་གླང་པོ་དང་། །ཆིབས་དང་ཤིང་རྟས་ཁབ་གཤེགས་ན། །ཚེར་བཅས་དོག་སའི་གཞི་དག་ལ། །ཇི་ལྟར་ཞབས་ཀྱིས་གཤེགས་པ་མཛད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ནི་རྫུ་འཕྲུལ་རྐང་པ་དང་། །ཡང་དག་སྩོལ་བའི་བཞོན་པ་ཡིས། །ཉོན་མོངས་ཚེར་མས་མ་སྨས་པར། །ས་གཞི་ཀུན་ཏུ་རྣམ་པར་རྒྱུ། །རྒྱལ་པོས་གསོལ་པ། དཔའ་བོ་སྔན་ཆད་ཀ་ཤི་ཀའི། །ན་བཟའ་གསོལ་བས་རྣམ་མཛེས་ན། །ངུར་སྨྲིག་ན་བཟའ་རྩུབ་པོ་དག །ཇི་ལྟར་ཁྱོད་སྐུས་བཟོད་པར་མཛད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་བདག་ནི་ཁྲེལ་འཛེམ་པའི། །སྣམ་སྦྱར་གོས་གྱོན་མཛེས་པ་ཡིན། །གང་གིས་ཐུབ་པའི་གོས་གྱོན་པ། །ཞི་བའི་ནགས་ན་མཛེས་པར་འགྱུར། །རྒྱལ་པོས་གསོལ་བ། བརྟན་པ་སྔན་ཆད་གསེར་སྣོད་ནས། །ཞལ་ཟས་རོ་མང་ལྡན་གསོལ་ནས། ད་ལྟར་བསོད་སྙོམས་ངན་པ་དག །ཇི་ལྟར་ཁྱོད་ཀྱི་མགུར་དུ་བྱོན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ལྡན་དགའ་བ་དག་གི་ཟས། །ངེས་འབྱུང་ལྡན་ཞིང་མཉམ་བཞག་ཡིན། །ཟས་སྲེད་སྤངས་ཀྱང་འཇིག་རྟེན་ཀུན། །རྗེས་སུ་གཟུང་ཕྱིར་བདག་སྤྱོད་བྱེད་། །རྒྱལ་པོས་གསོལ་པ། བློ་བཟང་ཁྱོད་སྡོན་ཡང་ཐོག་གི །གཞལ་མེད་ཁང་སྟེང་དུས་མཐུན་
བཞུགས་། །ཉག་གཅིག་ནགས་ན་ཁྱོད་བཞུགས་ན། །ཇི་ལྟར་བསྙེདས་དང་བྲལ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏམ་འཇིགས་ཀུན་རྩ་དང་སྲིད། །དེ་དག་བག་ཉལ་བཅས་སྤངས་པས། །མྱ་ངན་འཇིགས་བྲལ་ནགས་གནས་ཏེ། །དེ་ན་བདག་འཇིགས་ཅི་ཡང་མེད། །རྒྱལ་པོས་གསོལ་པ། ཐུབ་དབང་ཁྱོད་སྔོན་རབ་དགྱེས་པའི། །ཁབ་ན་རྟག་ཏུ་ཁྲུས་མཆོག་མཛད། །ནགས་ན་ཉག་གཅིག་ཁྱོད་བཞུགས་ན། །དེ་ན་འབྱོར་ཁྲུས་སུ་དག་བགྱིད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། གཽ་ཏམ་ཆོས་རྫིང་བསོད་ནམས་འགྲམ། །རྙོག་མེད་དམ་པས་བསྔགས་པ་སྟེ། །མི་ལུས་མི་གཤེར་དེར་བཀྲུས་པ། །རིག་བྱེད་ཡོན་ཏན་ཕ་རོལ་འགྲོ། །རྒྱལ་པོས་གསོལ་པ། དཔའ་བོ་རང་གི་ཕོ་བྲང་ན། །གསེར་དངུལ་བུམ་བས་ཁྲུས་མཛད་ན། །ཆབ་ཚན་རྙོག་དང་བཅས་པ་ཡིས། །ཇི་ལྟར་ཁྱོད་ཀྱི་སྐུ་ཁྲུས་མཛད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏམ་དང་ཀླུང་ཚུལ་ཁྲིམས་འགྲམ། །དང་བ་བསིལ་བ་མཁས་པས་བསྔགས། །མི་ལུས་མི་གཤེར་དེར་བཀྲུས་པ། །རིག་བྱེད་ཡོན་ཏན་ཕ་རོལ་འགྲོ། །རྒྱལ་པོ་ཟས་གཙང་གིས་གསོལ་པ། ཟིལ་གནོན་གང་ནས་སྐྱེ་འགྱུར་ཞིང་། །འཇིགས་སྐྲག་གང་ནས་འབྱུང་བར་འགྱུར། །ཡིད་འབྱུང་གང་ནས་སྐྱེ་བར་འགྱུར། །ཞུས་པ་དེ་ནི་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟིལ་གནོན་གང་ནས་སྐྱེ་འགྱུར་ཞིང་། །འཇིགས་སྐྲག་གང་ནས་འབྱུང་བར་འགྱུར། །ཡིད་འབྱུང་གང་ནས་སྐྱེ་བར་འགྱུར་། གསོན་ཅིག་བདག་གིས་ཁྱོད་ལ་བཤད། །རྒ་དང་ན་དང་འཆི་འགྱུར་བ། །གལ་ཏེ་དེ་གསུམ་ཡོད་མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་འགྱུར། །རྒྱལ་པོས་གསོལ་པ། ཤཱཀྱའི་རིགས་རྣམས་དགའ་མཛད་པ། །དབའ་བོ་འཇིག་རྟེན་ཆོས་བརྒྱད་ཀྱིས། །ཁྱོད་ལ་གོས་པ་མི་མངའ་བ། །ལེགས་པར་འཁྲུགས་པ་ལེགས་པ་ལགས། །དེ་ནས་རབ་དགའ་དང་རྒྱལ་པས། །དྲང་སྲོང་དགེ་འདུན་བསྐོར་བྱས་
ཏེ། །ཐུབ་དབང་ཞབས་ལ་མགོས་གཏུགས་ནས། །བདེ་གཤེགས་ཀུན་ནས་རྟོག་ཅིང་སྡོད། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། བདག་གི་བུས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེའི་བསམ་པད་ང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འདི་ལྟར་རྒྱལ་པོ་ཟས་གཙང་དང་། ལྷས་སྦྱིན་སྡིག་པ་འདོད་པ་ང་རྒྱལ་ལས་ཀྱང་ང་རྒྱལ་ཅམ་མ་གཏོགས་པ་ཟས་དཀར་ལ་སོགས་པ་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེ་ནས་སྲོག་ཆགས་སྟོང་ཕྲག་མང་པོ་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། འཁོར་དེ་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་གཞག་པར་མཛད་དོ། །རྒྱལ་པོ་ཟས་གཙང་ནི་བདག་གི་བུ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་ཡིན་ནོ་སྙམ་དུ་ཧ་ཅང་དགའ་བས་བདེན་པ་མ་མཐོང་ངོ་། །ལྷས་བྱིན་ནི་སྡིག་བ་འདོད་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་གྱིས་བདེན་པ་མ་མཐོང་ངོ་། །ལྷས་བྱིན་བདེན་པ་མ་མཐོང་ཞིང་ཁྲོ་བས་ཟིལ་གྱིས་ནོན་པས་སྨྲས་པ། གལ་ཏེ་བདག་གིས་ཀྱང་འདི་ལྟར་རྗེས་སུ་འཇུག་པར་བྱེད་པའི་སྒྱུ་མ་ཤེས་པར་གྱུར་ན། བདག་གིས་ཀྱང་འཇིག་རྟེན་ཐམས་ཅད་རྗེས་སུ་འཇུག་པར་བྱ་བ་ལ་རག་གོ །ཤཱཀྱ་གཅུགས་པར་གྱུར་པ་དགའ་བ་སྟོན་པ་དག་གིས་དེ་ལ་སྨྲས་པ། ལྷས་བྱིན་ཐོང་ཤིག་བཅོམ་ལྡན་འདས་ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ཡིན་གྱིས་དེ་སྐད་མ་ཟེར་ཅིག །དེ་ནས་དེ་ཅང་མི་སྨྲ་བར་འདུག་གོ །ཉི་མ་གཉིས་པ་ལ་སྐྱེད་མོས་ཚལ་སྐྱེ་ཡོད་དུས་ཕྱོགས་གོ་སྐབས་ཡངས་བར་གདན་ཐབས་ཟླ་གམ་ལྟ་བུ་བཤམས་པ་
བྱས་ནས། དེར་ཡང་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེའི་བསམ་པ་དང་བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འདི་ལྟར་རྒྱལ་པོ་ཟས་གཙང་དང་། ལྷས་བྱིན་སྡིག་པ་འདོད་པ་ང་རྒྱལ་ལས་ཀྱང་ང་རྒྱལ་ཅན་མ་གཏོགས་པ་། བྲེ་བོ་ཟས་ལ་སོགས་པ་ཤཱཀྱ་བདུན་ཁྲི་དྲུག་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེ་ན་སྲོག་ཆགས་སྟོ་ཕྲག་མང་པོ་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། འཁོར་དེ་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་གཞག་པར་མཛད་དོ། །རྒྱལ་པོ་ཟས་གཙང་ནི་བདག་གི་བུ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་ཡིན་ནོ་སྙམ་དུ་ཧ་ཅང་དགའ་བས་བདེན་པ་མ་མཐོང་ངོ་། །ལྷས་བྱིན་ནི་སྡིག་པ་འདོད་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་གྱིས་བདེན་པ་མ་མཐོང་ངོ་། །ལྷས་བྱིན་བདེན་པ་མ་མཐོང་ཞིང་ཁྲོ་བའི་ཟིལ་གྱིས་ནོན་པས་སྨྲས་པ། གལ་ཏེ་བདག་གིས་ཀྱང་འདི་ལྟར་རྗེས་སུ་འཇུག་པར་བྱེད་པའི་སྒྱུ་མ་ཤེས་པར་གྱུར་ན། བདག་གིས་ཀྱང་འཇིག་རྟེན་ཐམས་ཅད་རྗེས་སུ་འཇུག་པར་བྱ་བ་ལ་རག་གོ །ཤཱཀྱ་གཅུགས་པར་གྱུར་པ་དགའ་བ་སྟོན་བ་དག་གིས་དེ་ལ་སྨྲས་པ། ལྷས་བྱིན་ཐོང་ཤིག །བཅོམ་ལྡན་འདས་ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ཡིན་གྱིས་དེ་སྐད་མ་ཟེར་ཅིག །དེ་ནས་དེ་ཅང་མི་སྨྲ་བར་འདུག་གོ། །ཉི་མ་གསུམ་པ་ལ་སྐྱེད་མོས་ཚལ་ཚངས་པའི་གནས་སུ་ས་ཕྱོགས་གོ་སྐབས་ཡངས་པར་གདན་ཐབས་ཟླ་གམ་ལྟ་པུ་བཤམས་པ་བྱས་ནས། དེར་ཡང་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་འདི་ལྟར་རྒྱལ་པོ་ཟས་གཙང་དང་། ལྷས་བྱིན་སྡིག་པ་འདོད་པ་ང་རྒྱལ་ལས་ཀྱང་ང་རྒྱལ་ཅན་མ་
གཏོགས་པ་བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་བདུན་ཁྲི་ལྔ་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེ་ན་སྲོག་ཆགས་སྟོང་ཕྲག་མང་པོ་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་འཁོར་དེ་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་གཞག་པར་མཛད་དོ། །རྒྱལ་པོ་ཟས་གཙང་ནི་བདག་གི་བུ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་ཡིན་ནོ་སྙམ་དུ་ཧ་ཅང་དགའ་བས་བདེན་པ་མ་མཐོང་ངོ་། །ལྷས་བྱིན་ནི་སྡིག་པ་འདོད་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་གྱིས་བདེན་པ་མ་མ་ཐོང་ངོ་། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཅིའི་ཕྱིར་རྒྱལ་པོ་ཟས་གཙང་བདེན་པ་མཐོང་བར་མི་བྱེད་སྙམ་དུ་དགོངས་ན། རྒྱུ་གཉིས་ཀྱིས་བདེན་པ་མི་མཐོང་སྟེ། སེམས་ཧ་ཅང་མཐོ་བ་དང་། ཧ་ཅང་ཞུམ་པས་སོ། །དེ་ལྟར་རྒྱལ་པོ་ཟས་གཙང་གི་སེམས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་སྔོན་ཅད་ལྷ་དང་མིས་མཆོད་པར་གྱུར་ན། ད་ནི་མིས་མཆོད་ཅིང་ལྷས་མཆོང་བར་མ་གྱུར་ཏོ་སྙམ་དུ་ཧ་ཅང་ཞུམ་པར་གྱུར་པར་ཐུགས་སུ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་གིས་རྒྱལ་པོ་ཟས་གཙང་གདུལ་བའི་ཕྱིར་ལྷའི་འཁོར་འབའ་ཞིག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་དགོངས་ཤིང་རིག་ནས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་གལ་ཏེ་འཇིག་རྟེན་པའི་ཐུགས་བསྐྱེད་པར་མཛད་ན་ནི་ཐ་ན་སྲོག་ཆགས་གྲོག་སྦུར་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་ལ། ཇི་སྟེ་འཇིག་རྟེན་ལས་འདས་པའི་ཐུགས་བསྐྱེད་པར་མཛད་ན་ནི་རང་སངས་རྒྱས་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་མི་ཤེས་ན་ཉན་ཐོས་ལ་སོགས་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་
འདི་སྙམ་དུ་སེམས་ཏེ། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་སྙམ་པ་དང་། བཅོམ་ལྡན་འདས་རྒྱལ་པོ་ཟས་གཙང་གདུལ་བའི་སླད་དུ་ལྷའི་འཁོར་འབའ་ཞིག་ལ་ཆོས་སྟོན་པ་བཞེད་པར་མཐོང་ངོ་། །དེ་ནས་འདོད་བ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་ནས། འདི་ལྟ་སྟེ། དཔེར་ན་སྐྱེས་བུའི་ལག་པ་བསྐུམས་པ་ལས་རྐྱོང་བར་བྱེད་པའམ། བརྐྱང་བ་ལས་སྐུམ་པར་བྱེད་པ་དེ་བཞིན་དུ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ལྷའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ་སྐྱེད་མོས་ཚལ་ཚངས་པའི་གནས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྫུ་འཕྲུལ་གྱིས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ཁང་བཟངས་སྒོ་བཞི་པ་སྤྲུལ་པ་མཛད་དེ། སྒོ་བཞི་པོ་དག་ཏུ་འཇིག་རྟེན་སྐྱོང་བ་བཞི་པོ་དག་སྒོ་སྲུངས་སུ་རྣམ་པར་གཞག་པར་མཛད་དོ། །དེ་ནས་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་གཡས་ཕྱོགས་སུ་ཉེ་བར་བརྟེན་ཏེ་འཁོད་དོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། །བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་གཡོན་ཕྱོགས་སུ་ཉེ་བར་བརྟེན་ཏེ་འཁོད་དོ། །རྒྱལ་པོ་ཟས་གཙང་གི་ཀུན་དུ་སྤྱོད་པ་ནི་ཉིན་མོ་ལན་གསུམ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འགྲོའོ། །དེ་ནས་རྒྱལ་པོ་ཟས་གཙང་ནང་པར་སྔར་ལངས་ཏེ་ཁང་བཟངས་ཀྱི་ཤར་སྒོ་ག་ལ་བ་དེར་སོང་བ་དང་། ཡུལ་འཁོར་སྲུང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་མ་འཇུག་པར་སྡོད་ཅིག །ཅིའི་ཕྱིར་བཅོམ་ལྡན་འདས་ལྷའི་འཁོར་འབའ་ཞིག་ལ་ཆོས་སྟོན་པར་མཛད་པས་འདིར་མི་ཙམ་གྱིས་ཚོད་ཀྱིས་མི་ཆུད་དོ། །བཞིན་བཟངས་ཁྱོད་སུ་ཞིག་ཡིན། རྒྱལ་པོ་ཆེན་པོ་ཁོ་བོ་ནི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཡིན་ནོ། །དེ་ནས་རྒྱལ་པོ་ཟས་གཙང་ཁང་བཟངས་ཀྱི་
ལྷོ་སྒོ་ག་ལ་བ་དེར་སོང་བ་དང་། འཕགས་སྐྱེས་པོས་སྨྲས་པ། རྒྱལ་པོ་ཆེན་པོ་མ་འཇུག་པར་སྡོད་ཅིག །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་འབའ་ཞིག་ལ་ཆོས་སྟོན་པར་མཛད་པས་འདིར་མི་ཙམ་གྱིས་ཚོད་ཀྱིས་མི་ཆུད་དོ། །བཞིན་བཟངས་ཁྱོད་སུ་ཞིག་ཡིན། རྒྱལ་པོ་ཆེན་པོ་ཁོ་བོ་ནི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཡིན་ནོ། །དེ་ནས་རྒྱལ་པོ་ཟས་གཙང་ཁང་བཟངས་ཀྱི་ནུབ་སྒོ་ག་ལ་བ་དེར་སོང་བ་དང་། མིག་མི་བཟང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་མ་འཇུག་པར་སྡོད་ཅིག །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་འབའ་ཞིག་ལ་ཆོས་སྟོན་པར་མཛད་པས་འདིར་མི་ཙམ་གྱིས་ཚོད་ཀྱིས་མི་ཆུད་དོ། །བཞིན་བཟངས་ཁྱོད་སུ་ཞིག་ཡིན། རྒྱལ་པོ་ཆེན་པོ་ཁོ་བོ་ནི་རྒྱལ་པོ་ཆེན་པོ་མིག་མི་བཟང་ཡིན་ནོ། །དེ་ནས་རྒྱལ་པོ་ཟས་གཙང་ཁང་བཟངས་ཀྱི་བྱང་སྒོ་ག་ལ་བ་དེར་སོང་བ་དང་། རྣམ་ཐོས་ཀྱི་བུས་སྨྲས་པ། རྒྱལ་པོ་ཆེན་པོ་མ་འཇུག་པར་སྡོད་ཅིག །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་འབའ་ཞིག་ལ་ཆོས་སྟོན་པར་མཛད་པས་འདིར་མི་ཙམ་གྱིས་ཚོད་ཀྱིས་མི་ཆུད་དོ། །བཞིན་བཟངས་ཁྱོད་སུ་ཞིག་ཡིན། རྒྱལ་པོ་ཆེན་པོ་ཁོ་བོ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཡིན་ནོ། །དེ་ནས་རྒྱལ་པོ་ཟས་གཙང་ཀྱེ་མ་བདག་གིས་བཅོམ་ལྡན་འདས་ལྷའི་འཁོར་འབའ་ཞིག་ལ་ཆོས་སྟོན་པར་མཛད་པ་མཐོང་ན་ཅི་མ་རུང་སྙམ་དུ་འདོད་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་གི་སེམས་ཐུགས་ཀྱིས་མཁྱེན་ནས་ཁང་བཟངས་ཤེལ་གྱི་རང་བཞིན་དུ་སྤྲུལ་པ་མཛད་པ་དང་། འདི་ལྟར་རྒྱལ་པོ་ཟས་གཙང་གིས་བཅོམ་ལྡན་འདས་ལྷའི་འཁོར་འབའ་ཞིག་ལ་ཆོས་སྟོན་པ་མེ་ལོང་གི་གཟུགས་ཀྱི་ནང་ན་འདུག་བ་ལྟར་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། སུ་ལ་ཡང་འདི་ལྟ་སྟེ། ད་ལྟར་བདག་གི་དོན་ཐམས་ཅད་གྲུབ་པ་ལྟ་བུའི་བུ་མེད་དོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གི་སེམས་ཀྱི་རྒྱུད་ཧ་ཅང་མཐོ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་སླར་བསྡུ་བ་མཛད་ནས་རྒྱལ་པོ་ཟས་གཙང་ལ་ཆོས་བསྟན་པར་བརྩམ་པ་མཛད་དོ། །དེ་ནས་
བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཅིའི་ཕྱིར་རྒྱལ་པོ་ཟས་གཙང་བདེན་པ་མཐོང་བར་མི་བྱེད་སྙམ་དུ་དགོངས་པ་དང་། ད་ལྟར་རྒྱལ་པོ་ཟས་ག་ཙང་སུ་ལ་ཡང་འདི་ལྟ་སྟེ། ད་ལྟར་བདག་གི་དོན་ཐམས་ཅད་གྲུབ་པ་ལྟ་བུའི་བུ་མེད་དོ་སྙམ་དུ་ཧ་ཅང་དགའ་བས་སེམས་ཀྱི་རྒྱུད་ཧ་ཅང་མཐོ་བར་གྱུར་པར་ཐུགས་སུ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ཀྱིས་རྒྱལ་པོ་ཟས་གཙང་ལ་སོམས་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་རྒྱལ་པོ་ཟས་གཙང་ག་ལ་བ་དེར་སོང་ངོ་། །རྒྱལ་པོ་ཟས་གཙང་གིས་ཚེ་དང་ལྡན་ལ་མཽད་གལ་གྱི་བུ་ཆེན་པོ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཚུར་གཤེགས། བཙུན་པ་མཽད་གལ་གྱི་བུ་བྱོན་པ་ལེགས་སོ། །བཙུན་པ་མཽད་གལ་གྱི་བུ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བ་མཛད་པས་ཏིང་ངེ་འཛིན་འདི་ལྟ་བུ་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་སེམས་མཉམ་པར་བཞག་ན་རང་གི་སྟན་ལས་མི་སྣང་བར་གྱུར་ཅིང་ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། སྤྱོད་ལམ་བཞི་པོ་འདི་ལྟ་སྟེ། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱེད་དོ། །མེའི་ཁམས་ལ་ཡང་སྙོམས་པར་འཇུག་སྟེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་། སེར་པོ་དག་དང་། དམར་པོ་དག་དང་། དཀར་པོ་དག་དང་། བཙོད་ཀ་དག་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་སྟོན་ཏེ། ལུས་ཀྱི་སྨད་ནས་མེ་འབར་ཞིང་ལུས་ཀྱི་སྟོད་ནས་ཆུ་གྲང་མོའ་རྒྱུན་འབབ་པར་བྱེད་དོ། །ལུས་ཀྱི་སྟོད་ནས་མེ་ འབར་ཞིང་ལུས་ཀྱི་སྨད་ནས་ཆུ་གྲང་མོའ་རྒྱུན་འབབ་པར་བྱེད་དོ། །ཤར་ཕྱོགས་སུ་ཇི་ལྟ་བ ་བཞིན་དུ་ལྷོ་དང་ནུབ་དང་། བྱང་ཕྱོགས་སུའང་
དེ་བཞིན་ཏེ། ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ད་ཕྱིར་བསྡུས་ཏེ་སྟན་པ་ཤམས་པ་ཉིད་ལ་འདུག་གོ །དེ་ནས་རྒྱལ་པོ་ཟས་གཙང་གིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཉན་ཐོས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། གཞན་དག་ཀྱང་མཆིས་སམ། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཐུབ་པའི་ཉན་ཐོས་མཐུ་ཆེ་བ། །གསུམ་རིག་སེམས་ཀྱི་རྣམ་གྲངས་ཤེས། །ཟག་པ་ཟད་པར་གྱུར་པ་དང་། །དགྲ་རྣམས་བཅོམ་པ་མང་དུ་ཡོད། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཉག་གཅིག་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བར་མ་ཟད་ཀྱི། འདི་ལྟར་ཉན་ཐོས་རྣམས་ལ་ཡང་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་དག་ཡོད་དོ་སྙམ་ནས། དེ་ན་རྒྱལ་པོ་ཟས་གཙང་གི་སེམས་ཀྱི་རྒྱུད་སྙོམས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་རྒྱལ་པོ་ཟས་གཙང་ཁྲིད་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་གི་སེམས་ཐུགས་ཀྱིས་མཁྱེན་ཅིང་། བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འདི་ལྟར་རྒྱལ་པོ་ཟས་གཙང་གིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་གསོལ་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། །དགེ་སྦྱོང་དང་། བྲམ་ཟེ་དག་
གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་བའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའ་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །ཚིགས་སུ་བཅད་པ་ཡང་གསོལ་པ། བུ་ཕོ་བཟང་པོས་ཕ་ལ་ནི། །ལན་དུ་ཕན་གདགས་གང་བགྱི་བ། །དེ་ནི་ཁྱོད་ཀྱིས་བདག་ལ་བགྱིས། །སེམས་ནི་མཐོ་རིས་གཞོལ་བར་གྱུར། །བུ་ཕོ་བཟང་པོས་ཕ་ལ་ནི། །ལན་དུ་ཕན་གདགས་གང་བགྱི་བ། །དེ་ནི་ཁྱོད་ཀྱིས་བདག་ལ་བགྱིས། །སེམས་ནི་ཐར་ལ་གཞོལ་བར་གྱུར། །ངན་སོང་དག་ལས་ལེགས་ཕྱུང་ཞིང་། །ཁྱོད་ཀྱིས་མཐོ་རིས་ཐར་པ་ལ། །རབ་ཏུ་འབད་པས་བདག་བཞག་སྟེ། །ཁྱོད་ཀྱིས་དཀའ་བ་ལེགས་པར་མཛད། །ཚོང་པས་ཁེ་སྤོགས་རྙེད་བ་ལྟར། །མཐོ་རིས་རྙེད་པ་བདག་གིས་རྙེད། །དགེ་བའི་བཤེས་གཉེན་རྣམས་ལ་ནི། །ཉེ་བར་རྟེན་པ་བཟང་བ་ལགས། །དེ་ནས་རྒྱལ་པོ་ཟས་གཙང་གིས་བདེན་བ་མཐོང་ནས་ཟས་དཀར་ལ་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་རྒྱལ་སྲིད་བྱེད་དུ་ཆུག་ཤིག །ད་ནི་རྒྱལ་པོའ་དྲང་སྲོང་གིས་ཚངས་པར་སྤྱད་པ་སྤྱོད་དོ། །ལྷ་ཅིའི་སླད་དུ་རྒྱལ་སྲིད་བགྱིད་དུ་མི་སྩོལ། ངས་བདེན་པ་དག་མཐོང་ངོ་། །ལྷས་ནམ་གཟིགས་། དེང་ཉིད་དོ། །ལྷས་དེང་ཉིད་གཟིགས་
ཀྱི་བདག་གིས་གང་གི་གདུགས་ལ་བཅོམ་ལྡན་འདས་འདིར་གཤེགས་པ་དེ་ཉིད་ཀྱི་གདུགས་ལ་བདེན་པ་དག་མཐོང་ལགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྲེ་བོ་ཟས་དང་བདུད་རྩི་ཟས་ལ་སྨྲས་པ། གཞོན་ནུ་གཉིས་ཁྱེད་ཀྱིས་རྒྱལ་སྲིད་བྱེད་དུ་ཆུག་ཤིག །ང་ནི་རྒྱལ་པོའ་དྲང་སྲོང་གིས་ཚངས་པར་སྤྱད་པ་སྤྱོད་དོ། །ཅིའི་སླད་དུ་རྒྱལ་སྲིད་བགྱིད་དུ་མི་སྩོལ། ངས་བདེན་པ་མཐོང་ངོ་། །ལྷས་ནམ་གཟིགས། དེང་ཉིད་དོ། །ལྷས་དེང་ཉིད་གཟིགས་ཀྱི་བདག་ཅག་གིས་ཆེས་སྔར་མཐོང་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་རྣམས་ཀྱི་བུ་ཐུ་བོ་གང་ཡིན། གཞོན་དུ་བཟང་ལྡན་ལགས་སོ། །རྒྱལ་པོ་ཟས་གཙང་གིས་གཞོན་ནུ་བཟང་ལྡན་ཤཱཀྱའི་རྒྱལ་པོར་དབང་བསྐུར་རོ། །དེའི་ཚེ་ན་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཉིན་གཅིག་མི་ཆད་པར་རྒྱལ་པོའ་ཕོ་བྲང་དུ་གདུགས་ཚོད་གསོལ་བ་དང་། རྒྱལ་པོ་ཟས་གཙང་གིས་རལ་བ་ཅན་ལས་རབ་ཏུ་བྱུང་བ་དཀའ་ཐུབ་ཀྱིས་ལུས་མི་སྡུག་པར་སྣང་བ་དག་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་ཉིད་ཆེན་པོ་འདི་དག་སེམས་ནི་བཟང་བ་ཡིན་ན་ལུས་མི་བཟང་སྟེ། དཀའ་ཐུབ་དྲག་པོ་དག་གིས་ལུས་མི་སྡུག་པར་སྣང་བ་དག་ཡིན་ནོ། །བཅོམ་ལྡན་འདས་ཀྱི་འཁོར་ནི་བཅོམ་ལྡན་འདས་ཉིད་ཅི་འདྲ་བར་འཁོར་ཡང་དེ་འདྲ་བ་ཉིད་དུ་གྱུར་ན་དེ་ལྟ་ན་བཅོམ་ལྡན་འདས་མཛས་པར་འགྱུར་རོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཤཱཀྱ་རྣམས་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་མ་བྱུང་བར་གྱུར་ན་ཅིར་འགྱུར། ལྷ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཁྱེད་ཀྱི་བུ་དག་ཅིར་འགྱུར། ལྷ་ཞབས་འབྲིང་བར་འགྱུར་རོ། །འོ་ན་ད་གཞོན་ནུ་དོན་ཐམས་ཅད་གྲུབ་པས་བདུད་རྩི་ཐུགས་སུ་ཆུད་དེ། བདུད་རྩིས་འགྲོ་བ་ཚིམ་བར་མཛད་ན་ཁྱེད་ཀྱི་བུ་དག་ཅིའི་ཕྱིར་ཞབས་འབྲིང་མི་བྱེད། ལྷ་ཅི་ལགས་དེ་དག་རབ་ཏུ་དབྱུང་ངམ། རབ་ཏུ་ཕྱུང་ཤིག །ལྷ་ཤཱཀྱའི་རིགས་རྒྱུན་ཆད་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཁྱིམ་རེ་རེ་ནས་རེ་རེ་རབ་ཏུ་ཕྱུང་ཤིག །ལྷས་བཀའ་
སྩལ་པ་བཞིན་འཚལ་ལོ། །རྒྱལ་པོ་ཟས་གཙང་གིས་ཤཱཀྱ་གཞོན་ནུ་རྣམས་ཀྱིས་ཁྱིམ་རེ་རེ་ནས་རེ་རེ་རབ་ཏུ་དབྱུང་བར་བྱའོ་ཞེས་དྲིལ་བསྒྲགས་པ་བྱས་སོ། །གང་གི་ཚེ་རྒྱལ་པོ་ཟས་གཙང་གིས་དྲིལ་བསྒྲགས་པ་དེའི་ཚེ་ན་བཟང་ལྡན་དང་མ་འགགས་པ་དང་། ནམ་གྲུ་ལ་སོགས་པ་ཤཱཀྱའི་གཞོན་ནུ་ལྔ་བརྒྱ་རབ་ཏུ་བྱུང་ངོ་། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་རབ་ཏུ་ཕྱུང་བ་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། རིགས་མཐོན་པོ་ལས་རབ་ཏུ་བྱུང་བ་ནི་རྙེད་པའི་ཕྱིར་དང་ཉེ་བ་ཡིན་ནོ། །ཞེས་གསུངས་པས་དེ་དག་ལས་རྙེད་པ་དང་བཀུར་སྟི་ཆེན་པོ་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། རིགས་ཀྱི་བུ་འདི་དག་གཞན་གྱི་ཕྱིར་ཁོ་ནར་རབ་ཏུ་བྱུང་བ་ཡིན་ན། གཞན་ཁོ་ན་ལ་ཆགས་སོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་དེ་དག་ལས་རྙེད་པ་དང་བཀུར་སྟི་བྱུང་བ་གཅད་པར་བཞེད་ནས་སེར་སྐྱའི་གནས་སུ་ཅི་དགྱེས་བར་བཞུགས་ནས་མཉན་ཡོད་ག་ལ་བ་དེར་གཤེགས་ཏེ། མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བརྒྱད་པ། དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། མཐར་གྱིས་མཉན་ཡོད་ན་བསོད་སྙོམས་ལ་རྒྱུ་བ་ན། ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་བ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་བྲང་བརྡུངས་ཏེ་སྨྲས་པ། འཆར་ཀ་ཅིའི་སླད་དུ་ཁྱོད་ཀྱིས་བདག་སྤངས་ཏེ་རབ་ཏུ་བྱུང་། འཆར་ཀས་སྨྲས་པ། བྱང་ཆུབ་སེམས་དཔས་བཙུན་མོ་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་བ་ནི་ཤིན་ཏུ་དཀའ་བ་ཡིན་གྱི་རྡུལ་གྱི་རྫབ་འདྲ་བ་ཁྱོད་ལ་མི་བྲ་བ་ཅི་ཡོད། འཆར་ཀ་བདག་
ཀྱང་རབ་ཏུ་འབྱུང་ངོ་། །དེ་ལྟར་གྱིས་ཤིག །ཁྱིམ་གྱི་བྱ་བ་ལེགས་པར་བསྡུ་བར་བགྱིའོ། །འཆར་ཀ་དེ་དེར་དུས་དང་མཐུན་པའི་དུས་སུ་འོང་ཞིང་སྨྲས་པ། སྦེད་མ་རབ་ཏུ་མི་འབྱུང་ངམ། སྦེད་མས་སྨྲས་པ། ད་དུང་ཁྱིམ་གྱི་བྱ་བ་ལེགས་པར་མ་བསྡུས་སོ། །སྦེད་མ་དུས་དེ་ཙམ་གྱིས་ཀོ་ས་ལར་བྱུང་བའི་ཁྱིམ་གྱི་བྱ་བ་ཡང་ལེགས་པར་བསྡུས་པར་འགྱུར་རོ། །འཆར་ཀ་དེང་ལེགས་པར་བསྡུས་ཏེ་སང་རབ་ཏུ་འབྱུང་ངོ་། །འཆར་ཀ་འདི་སྙམ་དུ་སྔོན་ཡང་བདག་ལྷུང་བཟེད་ནག་པོ་ཅན་རྣམས་ཀྱིས་ཟིལ་གྱིས་མནན་པར་འགྱུར་པས་གལ་ཏེ་བདག་གིས་དགེ་སློང་མ་རབ་ཏུ་ཕྱུང་བར་གྱུར་ན་དྲུག་སྔེ་དག་གིས་དགེ་སློང་མ་རབ་ཏུ་ཕྱུང་ངོ་ཞེས་རྒྱ་ཆེར་ཟིལ་གྱིས་གནོན་པར་འགྱུར་རོ་སྙམ་དུ་འགྱོད་པ་སྐྱེས་ནས། དེ་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའ་ཁབ་ག་ལ་བ་དེར་རྒྱུ་ཞིང་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་རྒྱལ་པོའ་ཁབ་ཏུ་ཕྱིན་ནས་དེ་རྒྱལ་པོའ་ཁབ་ཏུ་དབྱར་གནས་པར་ཁས་བླངས་ཏེ་འདུག་གོ །སྦེད་མ་ཡང་ཕྱི་དེ་ཉིད་པར་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས་དེ་དགེ་སློང་རྣམས་ཀྱི་གན་དུ་སོང་སྟེ་དྲིས་པ། འཕགས་པ་དག་དེ་གར་མཆིས། དེ་སུ་ཡིན། འཕགས་པ་འཆར་ཀའོ། །དེ་རྒྱལ་པོའ་ཁ་བ་ཏུ་སོང་ངོ་། །སྦེད་མས་ངུ་བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། སྦེད་མ་ཅིའི་ཕྱིར་དུ་། འཕགས་པ་འཆར་ཀའི་མཆིད་ནས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ལ་མཆི་ཤིག་དང་། བདག་གིས་རབ་ཏུ་དབྱུང་ངོ་ཞེས་མཆི་ནས་བདག་གིས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ཏེ་མཆིས་ན་དེ་རྒྱལ་པོའ་ཁབ་ཏུ་མཆིས་པས་ད་ནི་བདག་ཁྱིམ་ན་གནས་པ་ཡང་མ་ལགས་ལ། རབ་ཏུ་བྱུང་བ་ཡང་མ་ལགས་སོ། །དགེ་སློང་རྣམས་ཀྱིས་དེལ་སྨྲས་པ། སྦེང་མ་འཆར་ཀ་སྤུ་གྲིའི་ཕྱིར་རྒྱལ་པོའ་ཁབ་ཏུ་སོང་བས་སྦུ་གྲིསརབས་ཁྱོད་ཀྱི་སྐྲ་འདྲེག་པར་འགྱུར་རོ། །དགེ་སློང་མ་གསོ་སྦྱོང་འབུལ་བ་དག་རྒྱལ་བྱེད་ཀྱི་ཚལ་དུ་ལྷགས་ནས་དེ་དག་གིས་སྦེད་མ་དུ་བ་མཐོང་ནས་སྨྲས་པ། སྦེད་མ་ཅིའི་ཕྱིར་དུ། འཕགས་པ་འཆར་ཀའི་མཆིད་ནས་ཁྱིམ་གྱི་བྱ་བ་ལེགས་པར་
བསྡུས་ལ་མཆི་ཤིག་དང་། བདག་གིས་རབ་ཏུ་དབྱུང་ངོ་ཞེས་མཆི་ནས་བདག་གིས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ཏེ་མཆིས་ན། དེ་རྒྱལ་བོའ་ཁབ་ཏུ་མཆིས་པས་ད་ནི་བདག་ཁྱིམ་ན་གནས་པ་ཡང་མ་ལགས་ལ་རབ་ཏུ་བྱུང་བ་ཡང་མ་ལགས་སོ། །གཡེངས་མ་དགེ་སློང་དག་སུ་ཞིག་དགེ་སློང་མ་རབ་ཏུ་འབྱིན་པར་བྱེད། འདི་ལྟར་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་རབ་ཏུ་འབྱིན་པར་བྱེད་ཀྱིས་ཚུར་ཤོག །འཕགས་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཁྱོད་རབ་ཏུ་འབྱིན་པར་འགྱུར་རོ། །དེ་དག་གིས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་གན་དུ་ཁྲིད་ནས་སྨྲས་པ། འཕགས་མ་ཁྱིམ་བདག་གི་མཆིས་འབྲང་སྦེད་མ་འདི་རབ་ཏུ་འབྱུང་བར་འཚལ་ལོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་དེ་རབ་ཏུ་བྱུང་རྫོགས་པར་བསྙེན་པར་བྱས་སོ། །འཆར་ཀ་འདི་སྙམ་དུ་བདག་གིས་ལྷུང་བཟེད་ནག་པོ་ཅན་རྣམས་རྗེས་སུ་སྲུང་བས་ཁྱིམ་བདག་གི་ཆུང་མ་སྦེད་མ་རབ་ཏུ་མ་ཕྱུང་བས་རྒྱ་ཅང་དང་། ལྕག་པོར་དང་། ཤུར་བུ་དང་། ཤུར་བུ་ཕྲེའུ་དག་གི་བར་ཆད་ཀྱང་བྱས་ལ། དེ་ཡང་ལྷུང་བཟེད་ནག་པོ་ཅན་འགའ་ཞིག་གིས་རབ་ཏུ་ཕྱུང་བར་གྱུར་ན་དེ་དང་ཕྲད་དུ་ཡང་མི་སྟེར་རོ་སྙམ་དུ་འགྱོད་པ་སྐྱེས་ནས་དེ་མི་དགའ་བཞིན་དུ་དབྱར་གནས་པར་ཁས་བླངས་སོ། །མཉན་ཡོད་ན་རྒན་ཞུགས་ཤིག་མི་དགའ་བཞིན་དུ་དབྱར་གནས་པར་ཁས་བླངས་པ་དེས་ལྷུང་བཟེད་དང་ཆོས་གོས་མཆན་ཁུང་དུ་བཅུག་སྟེ་དགག་དབྱེ་བྱས་པ་ན་དགག་དབྱེ་ལེགས་བར་བྱས་སོ། །དགག་དབྱེ་ཤིན་ཏུ་བྱས་སོ་ཞེས་དེ་རྒྱལ་པོའ་ཁབ་ག་ལ་བ་དེར་སོང་སྟེ། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་རྒྱལ་པོའ་ཁབ་ཏུ་ཕྱིན་པ་དང་། ཚེ་དང་ལྡན་པ་འཆར་ཀ་གཙུག་ལག་ཁང་གི་སྒོ་ན་ལམ་ལ་རྣམ་པར་ལྟ་ཞིང་འདུག་པ་དེས་ཐག་རིང་པོ་ཁོ་ན་ནས་རྒན་ཞུགས་མགོ་སྭ་བའི་མེ་ཏོག་ལྟར་སྐྱ་བ། སྨིན་མ་འཕྱང་བ་ཞིག་འོང་བ་ངེ་མཐོང་ནས་འཆར་ཀས་བསམས་པ། དགེ་སློང་འོང་བ་འདི་གནས་བརྟན་གང་ཡིན་པ་སུའོ་སྙམ་ནས། དེས་སྨྲས་པ། གནས་བརྟན་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ་ཕྱག་འཚལ་ལོ། །དེས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །
འཆར་ཀས་འདི་ནི་རྒན་ཞུགས་ཤིག་སྟེ། སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་པ་ཞིག་གོ་སྙམ་དུ་ཤེས་ནས་འཆར་ཀས་དེ་གཙུག་ལག་ཁང་དུ་བཅུག་སྟེ་སྨྲས་པ། རྒན་ཞུགས་ཁྱོད་ག་ལས་འོངས། དེས་སྨྲས་བ། མཉན་ཡོད་ནས་སོ། །འཆར་ཀས་བསམས་པ། གལ་ཏེ་དང་པོ་ཁོ་ནར་སྦེད་མའི་གཏམ་དྲིས་ན་འཕྱ་བར་འགྱུར་བས་འདི་ལྟར་སྔ་ཕྱིར་བྱས་ཏེ་དྲི་བར་བྱའོ་སྙམ་ནས་སྨྲས་པ། ཚེ་དང་ལྡན་པ་ཇི་ལྟ་བཅོམ་ལྡན་འདས་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། སྙུན་མི་མངའ་བ་དང་། སྟོབས་དང་ལྡན་པར་མཉན་ཡོད་དུ་དབྱར་གནས་པར་ཞལ་གྱིས་བཞེས་སམ། བཙུན་པ་འཆར་ཀ་དེ་བཞིན་ཏེ། བཅོམ་ལྡན་འདས་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། སྙུན་མི་མངའ་བ་དང་། སྟོབས་དང་ལྡན་པར་མཉན་ཡོད་དུ་དབྱར་གནས་པར་ཞལ་གྱིས་བཞེས་སོ། །ཚེ་དང་ལྡན་པ་ཇི་ལྟ་དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་མཉན་ཡོད་ན་གནས་སམ། སྟོན་པ་ལ་ལྟ་བར་འདོད་དམ། དམ་བའི་ཆོས་ཉན་པར་འདོད་དམ། བཙུན་ཕ་འཆར་ཀ་དེ་བཞིན་ཏེ། དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་མཉན་ཡོད་ན་གནས་ཤིང་། སྟོན་པ་ལ་བལྟ་བར་འདོད་པ་དང་། དམ་པའི་ཆོས་ཉན་པར་འདོད་དོ། །ཚེ་དང་ལྡན་པ་ཇི་ལྟ་གནས་བརྟན་ཀུན་ཤེས་ཀཽ་ཎྜིནྱ་དང་། གནས་བརྟན་འོད་སྲུང་ཆེན་པོ་དང་། གནས་བརྟན་ཤཱ་རིའི་བུ་དང་། གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་དང་། གཞན་ཡང་དགེ་སློང་གནས་བརྟན་གནས་བརྟན་དག་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་མཉན་ཡོད་ན་གནས་
སམ། བཙུན་པ་འཆར་ཀ་དེ་བཞིན་ཏེ། གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་མཉན་ཡོད་ན་གནས་སོ། །ཚེ་དང་ལྡན་པ་ཇི་ལྟ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་དང་། བླ་མཁྱེན་དྲང་སྲོང་བྱིན་དང་། རྙིང་པ་དང་། ཁྱིམ་བདག་གི་ཆུང་མ་རི་དགས་འཛིན་གྱི་མས་ག་དང་། ལེགས་སྐྱེས་དག་ཤེས་སམ། བཙུན་པ་འཆར་ཀ་དེ་བཞིན་ཏེ་ཤེས་སོ། །ཚེ་དང་ལྡན་བ་འོ་ན་ཁྱོད་ཀྱིས་ཁྱིམ་བདག་གི་ཆུང་མ་སྦེད་མ་ཤེས་སམ། བཙུན་པ་འཆར་ཀ་ཤེས་ཏེ་དེ་ནི་བཙུན་པ་འཆར་ཀའི་སྔོན་གྱི་ཆུང་མ་ཡིན་ནོ། །རྒན་ཞུགས་གཏམ་ཤེས་སོ། །དེད་དུང་ཡང་ཁྱོད་ཀྱི་ཁྱིམ་བདག་གི་ཆུང་མ་ཡིན་སྙམ་མམ། དེ་ནི་རབ་ཏུ་བྱུང་ངོ་། སུས་རབ་ཏུ་ཕྱུང་། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སོ། །འཆར་ཀས་བསམས་པ། ད་དུང་སྤྱོད་ཡུལ་ལྷག་མ་དང་བཅས་པ་ཡིན་ནོ་སྙམ་ནས་སྨྲས་པ། རྒན་ཞུགས་ཚུར་ཤོག །རྐང་པ་དག་ཁྲུས་ཤིག་ཅེས་དེས་དེ་ལ་རྐང་པ་བསྐུ་བ་དང་། ལག་པ་བསྐུ་བ་མང་པོ་བྱིན་ནས་དེས་དེའི་ལྷུང་བཟེད་དང་ཆོས་གོས་ཡ་གང་བཙུགས་ཏེ་ཟུང་མཐོན་པོ་ལ་བཞག་ནས་སྨྲས་པ། རྒན་ཞུགས་གཙུག་ལག་ཁང་འདི་ནི་ཟས་དང་བཅས་པ། རྙེད་པ་དང་བཅས་པ་ཡིན་གྱིས་གཙུག་ལག་ཁང་འདིར་མངོན་པར་དགའ་བར་གྱིས་ཤིག །དེས་སྨྲས་པ། བཙུན་པ་འཆར་ཀ་བདག་ནི་མཆོད་རྟེན་ལ་ཕྱག་འཚལ་དུ་འོངས་ཏེ་འགྲོ་བ་ཡིན་པས་བདག་གནས་འདི་མི་འདོད་དོ། །འཆར་ཀས་དེའི་མདུན་དུ་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་དག་བཞག་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཙུག་ལག་ཁང་གནས་པ་དང་བཅས་པར་བྱའི་མི་གནས་པར་མི་བྱའོ་ཞེས་བཀའ་སྩལ་ཏོ་ཞེས་སྨྲས་ནས་མིག་ལམ་དུ་མི་སྣང་བར་སོང་སྟེ། དེ་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ནས་འཆར་ཀས་རང་གི་གཙུག་ལག་ཁང་ཆག་ཆག་བཏབ། ལེགས་པར་བྱུགས། ལྕི་བ་སར་པའི་བྱུག་པས་བྱུགས་ཏེ་སྒོ་བཅད་ནས་ཁྲིའི་སྟེང་ན་ཕྱི་གན་དུ་ཉ་ལ་ཞིང་སྐང་ཀྱི་གདངས་ཀྱིས་ཁ་ཏོན་བྱེད་ཅིང་འདུག་གོ། །
དགེ་སློང་མ་འདུན་ཕ་འབུལ་བ་དག་ལྷགས་ནས་དེ་དག་གིས་དེའི་སྐད་ཀྱི་གདངས་ཐོས་ནས་དེ་དག་གིས་དེ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་འཆར་ཀ་ཁྱོད་གར་བཞུད་བཞུད། འཆར་ཀས་སྨྲས་པ། རྒྱལ་པོའ་ཁབ་ཏུའོ། །དེ་དག་དབྱར་ཁང་དུ་དོང་ནས་སྦེད་མ་ལ་སྨྲས་པ། སྦེད་མ་དགའ་བ་སྐྱེད་ཅིག །ཁྱོད་ཀྱི་སློབ་དཔོན་འོངས་སོ། །ཁོ་མོའ་སློབ་དཔོན་གང་། འཆར་ཀའོ། །དེ་ཇི་ལྟར་ཁོ་མོའ་སློབ་དཔོན། ཅི་ཁོ་མོས་དེའི་གན་ནས་བཀླགས་སམ། གཡེངས་མ་ཁྱོད་ཀྱིས་མི་ཤེས་དགེ་སློང་མ་རྣམས་ནི་དགེ་སློང་ལ་རག་མང་དུ་ལས་ཀྱིས་ཁྱོད་སོང་ལ་ལྟོས་ཤིག །སྦེད་མས་ནས་ཀྱི་ངར་ཕྱེ་དང་ཁྲུས་ཀྱི་ཆལ་དང་། འབྲུ་མར་ཐོགས་ཏེ་འཆར་ཀའི་གཙུག་ལག་ཁང་དུ་སོང་ནས་སྦེད་མས་འཆར་ཀའི་གཙུག་ལག་ཁང་གི་སྒོ་བརྡུངས་པ་དང་། འཆར་ཀས་སྨྲས་པ། དེ་སུ་ཡིན། སྦེད་མས་སྨྲས་པ། བདག་སྦེད་མའོ། །ཁྱིམ་བདག་གི་ཆུང་མ་སྦེད་མ་འོངས་པ་ལེགས་སོ། །བདག་ད་དུང་ཡང་ཁྱོད་ཀྱི་ཁྱིམ་བདག་གི་ཆུང་མ་ལགས་སམ། འོ་ན་ཅི་ཡིན། བདག་རབ་ཏུ་བྱུང་ངོ །ཁྱོད་སུས་རབ་ཏུ་ཕྱུང་། འཕགས་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སོ། །ཁོ་བོ་རེ་ཞིག་བྱ་བ་དེ་ལྟ་བུ་ཞིག་བྱུང་ནས་དེའི་ཕྱིར་ཁོ་བོ་རྒྱལ་པོའ་ཁབ་ཏུ་སོང་ན་ཁྱོད་ལ་བརྟད་པ་ཅི་བྱུང་ན་དེའི་ཕྱིར་ཁྱོད་རབ་ཏུ་བྱུང་། ཁྱོད་གྱི་ཞལ་ནས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ལ་ཤོག་ཤིག་དང་། ཁོ་བོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་གསུངས་ནས། བདག་གིས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ཏེ་མཆིས་ན་ཁྱོད་རྒྱལ་པོའ་ཁབ་ཏུ་བཞུད་དེ། གལ་ཏེ་བདག་འཕགས་མས་རབ་ཏུ་མ་ཕྱུང་དུ་ལགས་ན་བདག་ཁྱིམ་ན་གནས་པ་ཡང་མ་ལགས་ལ་རབ་ཏུ་བྱུང་བ་ཡང་མ་ལགས་པར་འགྱུར་རོ། །འཆར་ཀས་སྨྲས་པ། སྦེད་མས་ཅི་ཁོ་བོ་བདག་ཉིད་ཀྱི་ལག་ངར་ལ་སོས་འདེབས་པར་བྱེད་དམ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་རབ་ཏུ་ཕྱུང་ཡང་རུང་། ཁོ་བོས་རབ་ཏུ་ཕྱུང་ཡང་རུང་སྟེ་ལེགས་ཀྱིས་ནང་དུ་ཞུགས་ཤིག་དང་ཆོས་བསྟན་པར་བྱའོ། །སྦེད་མས་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེས་དེ་
ལ་ཆོས་བསྟན་པར་བརྩམས་ཏེ། དེས་དེ་ལ་ཇི་ཙམ་པ་དེ་ཙམ་དུ་ཆོས་བསྟན་ནས་སྔོན་གྱི་བགད་པ་དང་། དགའ་བར་བྱས་པ་དང་། རྩེས་པ་དང་། དགའ་མགུར་སྤྱད་པ་དྲན་པར་བྱ་བར་བརྩམས་ཏེ། སྦེད་མ་བདག་ཅག་གཉིས་ཀྱིས་སྐྱེད་མོས་ཚལ་དང་། འདུན་ས་དང་། ལྷའི་གནས་ག་གེ་མོ་ཞིག་ཏུ་ཟས་འདི་དང་འདི་ལྟ་བུ་ཟོས་པ་དང་། བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང་། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་གང་ཡིན་པ་དེ་དྲན་ནམ་ཞེས་སྨྲས་པ་དང་འཆར་ཀ་ཀུན་དུ་ཆགས་པར་གྱུར་ཏོ། །ཇི་ལྟ་ཇི་ལྟར་ཆགས་པར་གྱུར་པ་དེ་ལྟ་དེ་ལྟར་དྲལ་ཏོ། །བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་བཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་བརྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་བརྟེན་ཅིང་འདུག་པའོ། །སྦེད་མ་དེས་འཆར་ཀ་དེ་ཆགས་སོ་སྙམ་དུ་ཤེས་ནས་སྦེད་མས་སྨྲས་པ། སླད་རོལ་དུ་མཆིས་ཏེ་སླར་མཆིའོ། །འཆར་ཀས་བསམས་པ། འདི་བཤད་བ་བྱེད་འདོད་དམ། གཅི་བ་བྱེད་འདོད་གོར་མ་ཆག་སྙམ་ནས་དེས་སྨྲས་པ། སོང་ཤིག །སྦེད་མ་ཕྱིར་བྱུང་ནས་ཤིང་དཔུང་བཅད་བརྫེས་ཏེ་རྒྱུག་པར་བརྩམས་པ་དང་། འཆར་ཀ་དེ་སྒྲ་ལ་མཁས་པ་ཡིན་པས་དེས་དེའི་སྒྲ་ཐོས་ནས་དེས་དེའི་ཕྱི་བཞིན་དུ་བྱུང་སྟེ། དགེ་སྦྱོང་མ་མགོ་རེག་མོ་གར་འབྲོས་ཞེས་དེ་དེའི་ཕྱི་བཞིན་རྒྱུག་པར་བརྩམས་པ་དང་། དེ་ལ་བརླའི་རེག་པས་ཁུ་བ་བྱུང་ནས་དེ་ཀུན་ནས་དཀྲིས་པ་དང་བྲལ་ཏེ་གླང་པོ་ཆེ་ཆགས་པ་དང་བྲལ་བ་བཞིན་དུ་གཞི་དེ་དག་ཉིད་ན་འདུག་གོ །སྦེད་མས་དེ་ཀུན་ནས་དཀྲིས་པ་དང་བྲལ་ཞིང་ཕྱིར་ལོག་པ་མཐོང་ནས་འདི་ཀུན་ནས་དཀྲིས་པ་དང་བྲལ་ལོ་སྙམ་དུ་རིག་ནས་དྲུང་དུ་སོང་སྟེ་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་
སྨྲས་སོ། །འཕགས་པ་གལ་ཏེ་བདག་གིས་དང་དུ་བླངས་པར་གྱུར་ན་བདག་ཀྱང་དགེ་སློང་མར་མི་རུང་བ་ཉིད་དུ་འགྱུར་ལ། ཁྱོད་ཀྱང་དགེ་སློང་དུ་མི་རུང་བ་ཉིད་དུ་འགྱུར་རོ། །སྲིང་མོ་བཅོམ་ལྡན་འདས་ཀྱིས་ཀྱང་བདག་ཉིད་སྲུང་ན་གཞན་སྲུང་བར་བྱེད་ལ། གཞན་སྲུང་ན་བདག་ཉིད་སྲུང་བར་བྱེད་དོ་ཞེས་ལེགས་པར་གསུངས་སོ། །ཇི་ལྟར་བདག་ཉིད་སྲུང་ན་གཞན་སྲུང་བར་བྱེད་ཅེ་ན། སྟེན་པར་བྱེད་པ་དང་། གོམས་པར་བྱེད་པ་དང་། ལམ་མང་དུ་བྱེད་པ་དང་། རྗེས་སུ་སྲུང་བར་བྱེད་པ་དང་། རེག་པར་བྱེད་པ་དང་། མངོན་སུམ་དུ་བྱེད་པ་སྟེ། དེ་ལྟར་བདག་ཉིད་སྲུང་ན་གཞན་སྲུང་བར་བྱེད་དོ། །ཇི་ལྟར་གཞན་སྲུང་ན་བདག་ཉིད་སྲུང་བར་བྱེད་ཅེ་ན། ཐོ་མི་འཚམས་པ་དང་། མི་གཤེ་བ་དང་། མི་འཚེ་བ་དང་། རྗེས་སུ་བརྩེ་བ་དང་། རྗེས་སུ་སྙིིང་བརྩེ་བ་དང་། བྱམས་པའི་སེམས་ཀྱིས་ཏེ། དེ་ལྟར་གཞན་སྲུང་ན་བདག་ཉིད་སྲུང་བར་བྱེད་དོ། །འཕགས་པ་ཤམ་ཐབས་འདི་ཚུར་སྩོལ་བཀྲུ་བར་བགྱིའོ། །འཆར་ཀས་ཤམ་ཐབས་དེ་སྦེད་མ་ལ་བྱིན་ནོ། །སྦེད་མས་ཁུ་བ་དེ་མཐོང་ནས་འགྱོད་པ་སྐྱེས་ཏེ། བདག་གི་ལུས་ཀྱི་ཕྱོགས་བཙུན་པ་འཆར་ཀས་སྔོན་མ་མཐོང་བའམ་སྔོན་མ་མན་མས་པའམ། སྔོན་མ་བྱུགས་པ་ཅི་ཞིག་ཡོད་ན་བདག་གིས་དང་དུ་མ་བླངས་པ་ནི་མ་ལེགས་པ་ཞིག་བྱས་སོ་སྙམ་དུ་འགྱོད་པ་སྐྱེས་སོ། །སྦེད་མ་དེ་ལྟར་རྣམ་པར་རྟོག་པ་ན་དེ་ཀུན་དུ་ཆགས་ཤིང་དྲལ་བར་གྱུར་པའི་སེམས་ཀྱིས་ཁུ་བ་དེ་རང་གི་མངལ་གྱི་སྒོར་བླུགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་བས་དེ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། སྦེད་མ་ཁོ་མོ་ཅག་གོ་ཁྱོད་ཆོས་བཟང་པོའ་ཆོས་ཀྱིས་འཕགས་པ་འཆར་ཀའི་གན་དུ་འགྲོ་བར་སེམས་ཀྱི་ཁོ་མོ་ཅིག་གིས་དེས་ཁྱོད་གནས་སྐབས་འདི་ལྟ་བུར་བྱས་པར་མི་སེམས་སོ། །སྦེད་མས་སྨྲས་པ། ཕུ་ནུ་མོ་དག་དགེ་སློང་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། གང་ཚུན་ཆད་རབ་ཏུ་བྱུང་ནས་དེས་ཁོ་བ་མོ་སྔན་ཆད་ལན་འགའ་ཡང་ལག་གིས་ཀྱང་
མ་བྱུགས་སོ། །དེ་དག་གིས་སྨྲས་པ། མ་བྱུགས་ན་ཡང་དེས་ཁྱོད་གནས་སྐབས་འདི་འདྲ་བར་བྱས་ན། གལ་ཏེ་བྱུགས་ན་དེས་ཁྱོད་གནས་སྐབས་ཇི་ལྟ་བུར་བྱས་པར་འགྱུར་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་དོ་། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་དེ་ནི་ཕམ་པར་མ་གྱུར་གྱིས་འདི་ལྟར་ཕྱོགས་དབེན་པར་བཞག་སྟེ་བསོད་སྙོམས་ཀྱིས་བྲེལ་བ་མེད་པ་གྱིས་ཤིག་དང་། བུ་གཞོན་ནུ་འོད་སྲུང་ཞེས་བྱ་བ་བཙའ་བར་འགྱུར་ཞིང་དའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཏེ་འདི་ལྟ་སྟེ། དགེ་སློང་གཞོན་ནུ་འོད་སྲུང་དེ་ནི་ངའི་གཏམ་སྣ་ཚོགས་དང་། གཏམ་སྙན་པ་དང་། སྦོབས་པ་དགེ་བ་ཅན་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། །དགེ་སློང་རྣམས་ཀྱི་ཉེས་དམིགས་བྱུང་བ་གང་ཡིན་པ་དེ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཛུད་བ་ལས་གྱུར་པ་ཡིན་ནོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིད་པ་འཁྲུར་འཛུད་དམ། འཚེད་དུ་འཛུད་དམ། འཆག་ཏུ་འཛུད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་པ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ལས་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་པ་དེ་ཕན་ཅད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གི་གོས་དང་། གོ་ཏམ་པའི་གོས་དང་།
ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །རྙིང་པ་ཞེས་བྱ་བ་ནི་དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་གང་ཡང་རུང་བར་སྤྱད་པ་གང་ཡིན་པའོ། །འཁྲུར་འཛུད་དམ་ཞེས་བྱ་བ་ནི་ཐན་ཆུར་སྙུག་པ་བྱེད་དུ་འཛུད་ནའོ། །འཚེད་དུ་འཛུད་དམ་ཞེས་བྱ་བ་ནི་ཐ་ན་ཚོན་དུ་སྙུག་པ་བྱེད་དུ་འཛུད་ནའོ། །འཆག་ཏུ་འཛུད་དམ་ཞེས་བྱ་བ་ནི་ཐ་ན་ཐལ་མོས་རྡེབས་པར་བྱེད་དུ་འཛུད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ་དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་རྙིང་པ་འཁྲུར་འཛུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཚེད་དུ་འཛུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཆག་ཏུ་འཛུད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཁྲུར་འཛུད་པ་དང་འཚེད་དུ་འཛུད་དམ། འཁྲུར་འཛུད་པ་དང་འཆག་ཏུ་འཛུད་དམ། འཚེད་དུ་འཛུད་པ་དང་འཁྲུར་འཛུད་དམ། འཚེད་དུ་འཛུད་པ་དང་འཆག་ཏུ་འཛུད་དམ། འཆག་ཏུ་འཛུད་པ་དང་འཁྲུར་འཛུད་དམ། འཆག་ཏུ་འཛད་པ་དང་འཚེད་དུ་འཛད་དམ། འཁྲུར་འཛད་པ་དང་འཚེད་དུ་འཛད་པ་དང་། འཆག་ཏུ་འཛད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་གོས་རྙིང་པ་འཁྲུར་འཛད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཚེད་དུ་འཛད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཆག་ཏུ་འཛད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འཁྲུར་འཛད་པ་དང་འཚེད་དུ་འཛད་དམ། འཁྲུར་འཛད་པ་དང་འཆག་ཏུ་འཛད་དམ། འཆེད་དུ་འཛད་པ་དང་འཁྲུར་འཛད་དམ། འཚེད་དུ་འཛད་པ་དང་འཆག་ཏུ་འཛད་དམ། འཆག་ཏུ་འཛད་པ་དང་འཁྲུར་འཛད་དམ། འཆག་ཏུ་འཛད་པ་དང་འཚེད་དུ་འཛད་དམ། འཁྲུར་འཛད་པ་དང་འཚེད་དུ་འཛད་པ་དང་། འཆག་ཏུ་འཛད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་རྙིང་པ་འཁྲུར་འཛད་ན་ཉེས་བྱས་སུ་འགྱུར་རོ། །འཚེད་དུ་འཛད་ན་ཉེས་བྱས་སྐུ་འགྱུར་རོ་། །འཆག་ཏུ་འཛད་ན་ཡང་ཉེས་བྱས་སུ་
འགྱུར་རོ། །འཁྲུར་འཛད་པ་དང་འཚེད་དུ་འཛད་དམ། འཁྲུར་འཛད་པ་དང་འཆག་ཏུ་འཛད་དམ། འཚེད་དུ་འཛད་པ་དང་འཁྲུར་འཛད་དམ། འཚེད་དུ་འཛད་པ་དང་འཆག་ཏུ་འཛད་དམ། འཆག་ཏུ་འཛད་པ་དང་འཁྲུར་འཛད་དམ། །འཆག་ཏུ་འཛུད་པ་དང་འཚེད་དུ་འཛད་དམ། འཁྲུར་འཛད་པ་དང་འཚེད་དུ་འཛད་པ་དང་། འཆག་ཏུ་འཛད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཡིད་གཉིས་ཟ་བས་གོས་རྙིང་པ་འཁྲུར་འཛད་ན་ཉེས་བྱས་སུ་འགྱུར་རོ། །འཚེད་དུ་འཛད་ན་ཉེས་བྱས་སུ་འགྱུར་རོ། །འཆག་ཏུ་འཛད་ན་ཉེས་བྱས་སུ་འགྱུར་རོ། །འཁྲུར་འཛད་པ་དང་འཚེད་དུ་འཛད་དམ། འཁྲུར་འཛད་པ་དང་འཆག་ཏུ་འཛད་དམ། འཚེད་དུ་འཛད་པ་དང་འཁྲུར་འཛད་དམ། འཚེད་དུ་འཛད་པ་དང་འཆག་ཏུ་འཛད་དམ། འཆག་ཏུ་འཛད་པ་དང་འཁྲུར་འཛད་དམ། འཆག་ཏུ་འཛད་པ་དང་འཚེད་དུ་འཛད་དམ། འཁྲུར་འཛད་པ་དང་འཚེད་དུ་འཛད་པ་དང་། འཆག་ཏུ་འཛད་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་བ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། རིགས་མཐོན་པོ་ལས་རབ་ཏུ་བྱུང་བ་འདི་ནི་རྙེད་པ་རྣམས་ཀྱི་ཕྱེད་དང་ཉེ་བ་ཡིན་ནོ། །ཞེས་བཀའ་སྩལ་པས་དེ་ན་ཡང་ཤཱཀྱའི་ཁྱིམ་ནས་རབ་ཏུ་བྱུང་བ་དེ་དག་ལ་རྙེད་པ་དང་བཀུར་སྟི་ཆེན་པོ་བྱུང་ནས་དེ་དག་ཤིན་ཏུ་གོས་ཀྱིས་ཆབ་ལ་སྦྱོར་བའི་རྗེས་སུ་བརྩོན་པར་གནས་ཤིང་། ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་དག་ཀྱད་འཆར་བར་བྱེད་པས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དུས་དང་དུས་སུ་ཆོས་བསྟན་ཀྱང་དེ་དག་གིས་བདེན་པ་དག་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཅིའི་ཕྱིར་ཤཱཀྱ་རབ་ཏུ་བྱུང་བ་དག་བདེན་པ་དག་མཐོང་བར་མི་བྱེད་སྙམ་དུ་དགོངས་ནས་དེ་དག་
ཤིན་ཏུ་གོས་ཀྱིས་ཆབ་ལ་སྦྱོར་བའི་རྗེས་སུ་བརྩོན་པར་གནས་ཤིང་དེ་དག་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་དག་འཆང་བའི་ཕྱིར་ཏེ། གལ་ཏེ་ངས་ཤཱཀྱ་རབ་ཏུ་བྱུང་བ་རྣམས་ལ་སྨད་ན་དབྲལ་དཀའ་བར་འགྱུར་རོ་སྙམ་དུ་དགོངས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བ་ལ་མཁས་པ་བླ་ན་མེད་པ་ཡིན་པས་དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ཟླ་བ་གསུམ་པོ་འདི་ལ་ནང་དུ་ཡང་དག་འཇོག་བཞེད་ཀྱིས། དའི་སྤྱན་སྔར་དགེ་སློང་བསོད་སྙོམས་སྟོབས་ཕ་གཅིག་དང་། འདི་ཉིད་གསོ་སྦྱོང་བཅྭ་ལྔ་བའི་ཚེ་མ་གཏོགས་པར་དགེ་སློང་གང་གིས་ཀྱང་ཉེ་བར་འོང་བར་མི་བྱའོ། །དགེ་སློང་གི་དགེ་འདུན་གྱིས་ཀྱང་ཚེ་དང་ལྡན་པ་དག་དབྱར་གྱི་ནང་དག་ཏུ་དགེ་སློང་བསོད་སྙོམས་སྟོབས་བ་གཅིག་དང་། འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེམ་གཏོགས་པར་བདག་ཅག་ལས་གང་གིས་ཀྱང་བཅོམ་ལྡན་འདས་ལ་ལྟར་འགྲོ་བར་མི་བྱ་སྟེ། དབྱར་གྱི་ནང་དག་ཏུ་དགེ་སློང་བསོད་སྙོམས་སྟོབས་པ་གཅིག་དང་། འདི་ཉིད་ཀྱི་གོས་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་པར་བདག་ཅག་ལས་གང་བཅོམ་ལྡན་འདས་ལ་ལྟར་འགྲོ་བ་དེ་བདག་ཅག་གིས་ལྟུང་བྱེད་ཀྱི་ལྟུང་བ་བྱེད་དུ་གཞུག་གོ་ཞེས་ཁྲིམས་སུ་བྱ་བ་བཅས་སོ། །བཅོམ་ལྡན་འདས་ཟླ་བ་གསུམ་ནང་དུ་ཡན་དག་འཇོག་ལ་ཞུགས་པ་ན་དགེ་སློང་བསོད་སྙོམས་སྟོབས་པ་གཅིག་དང་། དེ་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་པར་དེར་དགེ་སློང་འགའ་ཡང་མི་འགྲོའོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་སྡེེ་ཟླ་བ་ཤོལ་མ་བོར་བས་དབྱར་ལྗོངས་སུ་གནས་པར་ཁས་བླངས་ལ། བཅོམ་ལྡན་འདས་ནི་ཟླ་བ་ཤོལ་བོར་བས་དབྱར་ལྗོངས་སུ་གནས་པར་ཞལ་གྱིས་བཞེས་སོ། །དེ་ནས་ཚེ་དང་ལྡན་པ་ཉེ་སྡེེ་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་བ་དང་ལྡན་ཞིང་མཛེས་པ་འཁོར་མཛེས་པ་དང་ལྡན་པས་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ཏོ། །
དེ་ནས་ཚེ་དང་ལྡན་པ་ཉེ་སྡེ་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ་རྐང་པ་གཉིས་བཀྲུས་ནས་བཅོམ་ལྡན་འདས་ཀྱི་གཙུག་ལག་ཁང་ག་ལ་བ་དེར་སོང་བ་དང་། དགེ་སློང་དྲུག་སྡེ་དག་གིས་ཚེ་དང་ལྡན་པ་ཉེ་སྡེ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ད་ལྟར་ཁོ་ན་ན་དོན་ཉུང་དུས་དགེ་འདུན་གྱི་ཁྲིམས་སུ་བྱ་བ་འདྲལ་བར་འགྱུར་རོ། །ཞེས་སྨྲས་སོ། །གཞན་དག་གི་སྨྲས་པ། དེས་དེ་ལྟུང་བྱེད་ཀྱི་ལྟུང་བ་བྱེད་དུ་གཞུག་གོ །གཞན་དག་གིས་སྨྲས་པ། ད་ལྟར་སྦྱོར་བ་ལ་འཇུག་གིས་གང་གི་ཚེ་དྲལ་བར་གྱུར་པ་དེའི་ཚེ་ན་དེས་དེ་བྱེད་དུ་གཞུག་གོ །དེ་ནས་ཚེ་དང་ལྡན་པ་ཉེ་སྡེས་བཅོམ་ལྡན་འདས་ཀྱི་གཙུག་ལག་ཁང་དུ་དལ་བུས་ཁང་ཀྱིས་སྒོ་གཏན་བརྡུངས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་ཆབ་སྒོ་དབྱེ་བ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཉེ་སྡེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་དགེ་སློང་གློ་བུར་དུ་འོངས་པ་ལ་དགེ་སློང་ཁྱོད་ད་ལྟ་ག་ལས་འོངས། གང་དུ་དབྱར་གནས་པར་ཁས་བླངས་ཞེས་བྱ་བའི་སོ་སོར་ཀུན་དགའ་བར་མཛད་པ་འདིས་སོ་སོར་ཀུན་དགའ་བར་མཛད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་སྡེ་ལ་ཉེ་སྡེ་ཁྱོད་ད་ལྟར་ག་ལས་འོངས། གང་དུ་དབྱར་གནས་པར་ཁས་བླངས་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། ཚེ་དང་ལྡན་པ་ཉེ་སྡེས་གསོལ་བ། བཙུན་པ་བདག་ད་ལྟར་ལྗོངས་ནས་མཆིས་སོ། །བདག་ལྗོངས་སུ་དབྱར་གནས་པར་མཆིད་ཀྱིས་འཚལ་ཏོ། །ཉེ་སྡེ་ལྗོངས་སུ་དགེ་སློང་རྣམས་ཀྱིས་དགག་དབྱེ་བྱས་སམ། བཙུན་པ་བགྱིས་སོ། །ཉེ་སྡེ་གང་གིས་ཁྱོད་མཛེས་པ་འཁོར་མཛེས་པ་དང་ལྡན་པར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་འདི་ན་གལ་ཏེ་བདག་གི་གཡར་སྔར་རབ་ཏུ་འབྱུང་བ་ལ་ལྟོས་བ་ཞིག་མཆིས་ན། བདག་དེ་ལ་འདི་སྐད་ཅེས་བཞིན་བཟངས་ཁྱོད་ཚུར་མཆི། དགོན་པ་པ་འཚོལ་ཅིག་ཅེས་མཆི་ཞིང་དགོན་པ་པ་ཉིད་ཀྱི་བསྔགས་པ་ཡང་རྗོད་པར་བགྱིད། བསོད་སྙོམས་
པ་དང་། ཆོས་གོས་གསུམ་པ་དང་། ཕྱག་དར་ཁྲོད་པ་དང་། ཤིང་དྲུང་པ་འཚོལ་ཅིག་ཅེས་མཆི་ཞིང་ཤིང་དྲུང་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད་པར་བགྱིད་དོ། །གལ་ཏེ་དེ་ལྟར་བགྱིའོ་ཞེས་མཆི་ན། དེ་རབ་ཏུ་འབྱིན་པར་བགྱིད་དོ། །གལ་ཏེ་རྫོགས་པར་བསྙེན་པར་འཚལ་བ་དང་། གནས་ལ་ཞུགས་པ་དང་། བཀླག་པ་ལ་ཞུགས་པ་དང་། མཆིད་དོན་ལ་ཞུགས་པ་དང་། ཡིད་ལ་བགྱི་བ་ལ་ཞུགས་པ་ཞེས་མཆུས་ན། བདག་དེ་ལ་ཡང་འདི་སྐད་ཅེས་བཞིན་བཟངས་ཁྱོད་ཚུར་མཆི། དགོན་པ་པ་འཚོལ་ཅིག་ཅེས་མཆི་ཞིང་དགོན་པ་པ་ཉིད་ཀྱི་བསྔགས་པ་ཡང་རྗོད་པར་བགྱིད། བསོད་སྙོམས་པ་དང་། ཆོས་གོས་གསུམ་པ་དང་། ཕྱག་དར་ཁྲོད་པ་དང་། ཤིང་དྲུང་བ་འཚོལ་ཅིག་ཅེས་མཆི་ཞིང་ཤིང་དྲུང་པ་ཉིད་ཀྱི་བསྔགས་པ་ཡང་རྗོད་པར་བགྱིད་དོ། །གལ་ཏེ་དེ་ལྟར་བགྱིའོ་ཞེས་མཆི་ན་དེ་ལ་ཡིད་ལ་བགྱི་བསྩོལ་བར་བགྱིད་དེ། བཙུན་པ་གང་གིས་བདག་མཛེས་པ་འཁོར་མཛེས་པ་དང་ལྡན་པར་གྱུར་པའི་རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཉེ་སྡེ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །ཉེ་སྡེ་གང་ལ་ལ་ཞིག་སྦྱངས་པའི་ཡོན་ཏན་དེ་དག་གི་བསྔགས་བརྗོད་པར་མི་བྱེད་པ་དེ་ནི། ངའི་བསྔགས་བརྗོད་པར་མི་བྱེད་པ་ཡིན་ནོ། །གང་ལ་ལ་སྦྱངས་པའི་ཡོན་ཏན་དེ་དག་གི་བསྔགས་བརྗོད་པར་བྱེད་པ་དེ་ནི་ངའི་བསྔགས་བརྗོད་བར་བྱེད་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངས་སྦྱངས་པའི་ཡོན་ཏན་དེ་དག་ཡུལ་རིང་པོ་ནས་བསྟོད་པ་དང་། བཀུར་བ་དང་། བསྔགས་པ་དང་རབ་ཏུ་བསྔགས་པའི་ཕྱིར་རོ། །ཉེ་སྡེ་ཁྱོད་དགེ་འདུན་གྱི་ཁྲིམས་སུ་བྱ་བ་མི་སྲུང་ངམ། བཙུན་པ་བདག་གིས་དགེ་འདུན་གྱི་ཁྲིམས་ནི་གང་ལགས། ཁྲིམས་སུ་བགྱི་བ་ནི་གང་ལགས་མ་འཚལ་ཏོ། །ཉེ་སྡེ་འདི་ན་ངས་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ང་ཟླ་བ་གསུམ་པོ་འདི་ལ་ནང་དུ་ཡང་དག་འཇོག་བཞེས་ཀྱིས། ངའི་སྤྱན་སྔར་དགེ་སློང་བསོད་
སྙོམས་སྟོབས་པ་གཅིག་དང་། འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་པར་དགེ་སློང་གང་གིས་ཀྱང་འོང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གི་དགེ་འདུན་གྱིས་ཀྱང་ཚེ་དང་ལྡན་པ་དག་དབྱར་གྱི་ནང་དག་ཏུ་དགེ་སློང་བསོད་སྙོམས་སྟོབས་པ་གཅིག་དང་། འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་པར་བདག་ཅག་ལས་གང་གིས་ཀྱང་བཅོམ་ལྡན་འདས་ལ་ལྟར་འགྲོ་བར་མི་བྱ་སྟེ། དབྱར་གྱི་ནང་དག་ཏུ་དགེ་སློང་བསོད་སྙོམས་སྟོབས་པ་གཅིག་དང་། འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་པར་བདག་ཅག་ལས་གང་བཅོམ་ལྡན་འདས་ལ་ལྟར་འགྲོ་བ་དེ་བདག་ཅག་གིས་ལྟུང་བྱེད་ཀྱི་ལྟུང་བ་བྱེད་དུ་གཞུག་གོ་ཞེས་ཁྲིམས་སུ་བྱ་བ་བཅས་སོ། །བཙུན་པ་བདག་ནི་གློ་བུར་དུ་མཆིས་པ་ལགས་ཏེ། དོན་དེ་ནི་དགེ་སློང་གཉུག་མར་གནས་པ་རྣམས་ཀྱིས་བསྲུང་བར་བགྱི་བ་ལགས་སོ། །ཉེ་སྡེ་དགེ་སློང་གློ་བུར་དུ་འོངས་པ་དང་། གཉུག་མར་གནས་པས་ཀྱང་དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་བར་བྱ་བ་ཁོ་ན་ཡིན་ནོ། །ཉེ་སྡེེ་འདི་ལྟར་ངས་དགེ་སློང་གློ་བུར་དུ་ལྷགས་པ་རྣམས་ཀྱི་ཀུན་དུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་གློ་བུར་དུ་འོངས་པས་གཙུག་ལག་ཁང་དུ་ཞུགས་ནས་དགེ་སློང་དག་ལ་གནས་འདི་ན་ཁྲིམས་སུ་བྱ་བ་ཇི་ལྟ་བུ་ཡོད་ཅེས་དྲི་བར་བྱའོ། །གལ་ཏེ་འདྲི་ན་དེ་ལྟ་ན་ལེགས། གལ་ཏེ་མི་འདྲི་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཉེ་སྡེ་དེ་ལྟ་མོད་ཀྱི་ངས་དགེ་སློང་དགོན་པ་པ་ལ་དགོན་པའི་ཡོངས་སུ་སྤང་བ་སྦྱིན་པར་བྱ་སྟེ། དགེ་སློང་དགོན་པ་པ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བའི་ཕྱིར་ལྟར་འགྲོ་བའི་དུས་མ་ཡིན་པ་མེད་དོ། །དགེ་སློང་བསོད་སྙོམས་པ་དང་། རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། ཟས་ཕྱིས་མི་ལེན་པ་དང་། སྟན་གཅིག་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་བ་པ་དང་། ཕྱག་དར་ཁྲོད་བ་དང་། ཤིང་དྲུང་པ་དང་། དུར་ཁྲོད་པ་དང་། ཅོག་པུ་བ་དང་། བླ་ག་བ་མེད་པ་དང་། གཞི་ཇི་བཞིན་པ་ལ་གཞི་ཇི་བཞིན་པའི་ཡོངས་སུ་སྤང་བ་སྦྱིན་པར་བྱ་སྟེ། དགེ་སློང་
གཞི་བཞིན་པ་ལ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བའི་དུས་མ་ཡིན་པ་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཉེ་སྡེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་པ་དང་རྗེས་སུ་ཡི་རང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་དྲུག་སྡེ་དག་ཚེ་དང་ལྡན་པ་ཉེ་སྡེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཉེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཉེ་སྡེ་ཇེ་སྐབས་ཕྱེ་ཤིག །ལྟུང་བ་སྡེ་ལྔ་པོ་དག་ལ་སྐབས་ཕྱེའོ། །ཁྱོད་ལ་ལྟུང་བ་བྱུང་བ་དེ་ཆོས་བཞིན་དུ་སླར་གྱིས་ཤོག །ལྟུང་བ་མ་མཐོང་ངོ་། ཁྱོད་ཀྱིས་དགེ་འདུན་གྱི་ཁྲིམས་སུ་བྱ་བ་མ་དྲལ་ཏམ། དགེ་འདུན་གྱི་ཁྲིམས་སུ་བྱ་བ་ཇི་ལྟ་བུ་ཡིན། །དྲུག་སྡེ་དག་གིས་སྐབས་དེ་རྒྱལ་པར་བརྗོད་པ་དང་། ཚེ་དང་ལྡན་བ་ཉེ་སྡེས་དྲུག་སྡེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ཉེ་སྡེ་དེ་ལྟ་མོད་ཀྱི་ངས་དགེ་སློང་དགོན་པ་པ་ལ་དགོན་པ་པའི་ཡོངས་སུ་སྤང་བ་སྦྱིན་པར་བྱ་སྟེ། དགེ་སློང་དགོན་པ་པ་ལ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བའི་ཕྱིར་ལྟར་འགྲོ་བའི་དུས་མ་ཡིན་པ་མེད་དོ། །དགེ་སློང་བསོད་སྙོམས་པ་དང་། རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། ཟས་ཕྱིས་མི་ལེན་པ་དང་། སྟན་གཅིག་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་པ་དང་། ཕྱག་དར་ཁྲོད་པ་དང་། ཤིང་དྲུང་པ་དང་། དུར་ཁྲོད་པ་དང་། ཅོག་པུ་པ་དང་། བླ་གབ་མེད་པ་དང་། གཞི་ཇི་བཞིན་པ་ལ་གཞི་ཇི་བཞིན་པའི་ཡོངས་སུ་སྤང་བ་སྦྱིན་པར་བྱ་སྟེ། དགེ་སློང་གཞི་ཇི་བཞིན་པ་ལ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བའི་དུས་མ་ཡིན་པ་མེད་དོ་ཞེས་གསུངས་སོ། །དེ་ནས་ཤཱཀྱ་རབ་ཏུ་བྱུང་བ་དེ་དག་འདི་སྙམ་དུ་སེམས་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་རྣམ་པར་སྨད་ཅིང་། འདོད་པ་ཆུང་བ་ལ་བསྟོད་པ་ནི་དོན་གྱིས་ན་བཅོམ་ལྡན་འདས་ཀྱིས་བདག་ཅག་སྨད་པ་མཛད་པ་ཡིན་གྱིས་བདག་ཅག་གིས་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་
རགས་ལྷག་པ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཏད་སྟེ་རྒྱུད་དག་པས་བཅོམ་ལྡན་འདས་ག་ལ་བ་དེར་འདོང་ངོ་སྙམ་མོ། །དེ་ནས་དགེ་སློང་དེ་དག་ལྷུང་བཟེད་དང་། ཆོས་གོས་དང་། ཕོར་བུ་དང་། སྐ་རགས་ལྷག་པ་དག་ཁྱེར་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཐུགས་བརྩེ་བའི་སླད་དུ་བདག་ཅག་ལས་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་བ་འདི་དག་བཞེས་ཤིག །ཚེ་དང་ལྡན་པ་དག་དེའི་ཕྱིར་བདག་གིས་བཅོམ་ལྡན་འདས་ལ་ཞུས་དེའི་བར་དུ་སྡོད་ཅིག །དེ་ནས་ཚེ་དང་ལྡན་བ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། །ཀུན་དགའ་བོ་དེའི་ཕྱིར་ལོང་ལ་བླངས་ནས་ཀྱང་གཙུག་ལག་ཁང་ཆེན་པོ་ཞིག་ཏུ་སྤུངས་ཏེ་ཞོག་ལ་དགེ་སློང་གང་དེས་བྲེལ་བའི་དགེ་སློང་དེ་ལ་དེ་སྦྱིན་བར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཤཱཀྱ་རབ་ཏུ་བྱུང་བ་རྣམས་ལས་ལྟུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་དག་བླངས་ནས་གཙུག་ལག་ཁང་ཆེན་པོ་ཞིག་ཏུ་སྤུངས་ཏེ་བཞག་གོ །དེ་ནས་ཤཱཀྱ་རབ་ཏུ་བྱུང་བ་དེ་དག་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་དག་ནད་ཇི་ལྟ་བ་དང་། འབྲས་ཇི་ལྟ་བ་དང་། ཟུག་རྡུ་ཇི་ལྟ་བཞིན་དུ་སྤངས་ནས་ཆོས་གོས་གསུམ་པ་ལྷུང་ལེན་ཅིང་རྒྱུད་དག་པ་དང་། ཡོ་བྱད་བསྙུངས་པའི་ཚུལ་དག་གིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །
བཅོམ་ལྡན་འདས་ཀྱིས་ཤཱཀྱ་རབ་ཏུ་བྱུག་བ་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འདི་ལྟར་ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེ་དག་གིས་བདེན་པ་མཐོང་ནས་གསོལ་པ། བཙུན་པ་བདག་ཅག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་བ་ཕྱུང་། ལྷ་དང་། མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་དག་ཚེ་དང་ལྡན་པ་ཉེ་སྡེ་ལ་བརྟེན་ཏེ་འདོད་བ་ཆེ་བ་དང་ཕྲལ་ཞིང་འདོད་པ་ཆུང་བ་ཉིད་ལ་བཀོད་དེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཞག་པ་མཛད་པ་ནི་ངོ་མཚར་ཏོ། །དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ་བ། སྲེད་པ་མེད་པ། ལེན་པ་མེད་པ། ཐམས་ཅད་མཁྱེན་པ་མཁྱེན་པ་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་
པས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་དག་རིགས་ཀྱི་བུ་ཉེ་སྡེ་ལ་བརྟེན་ཏེ་འདོད་པ་ཆེ་བ་དང་ཕྲལ་ཞིང་འདོད་པ་ཆུང་བ་ཉིད་ལ་བཀོད་དེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་གཞག་པ་མཛད་པ་ངོ་མཚར་ཅི་ཆེ། འདི་ལྟར་འདས་པའི་དུས་ན་ང་འདོད་ཆགས་དང་བཅས་པ། ཞི་སྡང་དང་བཅས་པ། གཏི་མུག་དངབཅས་པ། སྲེད་པ་དང་བཅས་པ། ལེན་པ་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་རྣམ་པར་མ་གྲོལ་བས་ཀྱང་ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་འདི་དག་རིགས་ཀྱི་བུ་ཉེ་སྡེ་ལ་བརྟེན་ཏེ་འདོད་པ་ཆེ་བ་དང་། ཕྲལ་ཞིང་འདོད་པ་ཆུང་བ་ཉིད་ལ་བཀོད་དེ་མངོན་པར་ཤེས་པ་ལྔ་པོ་དག་ལ་གཞག་པར་མཛད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། འཁྲུག་ལོང་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རབ་ཏུ་ཞི་བ་བྱེད་དུ་བཅུག་སྟེ། དེས་བུ་གཅིག་པ་སྙིང་དུ་སྡུག་པ་དང་འདྲ་བར་རྒྱལ་སྲིད་སྐྱོང་དུ་བཅུག་གོ །རྒྱལ་པོ་ཚངས་བྱིན་ལ་བཙུན་མོ་ཚངས་ལྡན་ཞེས་བྱ་བ་དང་། རྫིང་བུ་ཚངས་ལྡན་ཞེས་བྱ་བ་ཡོད་དེ། རྒྱལ་པོ་ཚངས་བྱིན་དེ་ལ་བུ་མེད་ནས་དེས་བུ་འདོད་པས་ཞི་བ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་དང་། ཚངས་པ་དང་། གཞན་ཡང་ལྷའི་བྱེ་བྲག་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དག་དང་། ཚལ་གྱི་ལྷ་དག་དང་། བཞི་མདོའ་ལྷ་དག་དང་། སུམ་མདོའ་ལྷ་དག་དང་། གཏོར་མ་ལེན་པའི་ལྷ་དག་དང་། ལྷན་ཅིག་སྐྱེས་པའི་ལྷ་དག་དང་། ཆོས་མཐུན་པ་དག་དང་། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དག་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་གསོལ་བ་འདེབས་པའི་རྒྱུ་ལས་བུ་དག་དང་བུ་མོ་དག་སྐྱེའོ་ཞེས་བྱ་
བའི་གཏམ་དེ་ལྟ་བུ་ཡོད་དེ། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་འགྱུར་དུ་ཟིན་ན། རེ་རེ་ལ་ཡང་འདི་ལྟ་སྟེ། དཔེ་ན་འཁོར་ལོས་སྒྱུར་བའི་རྒྱལ་བོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འདི་ལྟར་གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས་མའི་མངལ་དུ་མངའ་ན་གནས་པ་འཇུག་པར་འགྱུར་ཏེ། གསུམ་བོ་དེ་དག་གང་ཞེ་ན། ཕ་མ་གཉིས་ཆགས་པར་གྱུར་ཅིང་ཕྲད་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་ཤིང་འཇུག་འདོད་པ་སྟེ། གནས་གསུམ་པོ་དེ་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །དེ་དེ་ལྟར་གསོལ་བ་འདེབས་པ་ལྷུར་ལེན་པ་ལ་ཞུགས་པ་ན་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཡི་དམ་བརྟན་པ་ཞིག་སེམས་ཅན་དམྱལ་བ་ནས་ཤི་འཕོས་ནས་བཙུན་མོ་ཚངས་ལྡན་གྱི་མངལ་དུ་ཞུགས་སོ། །བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་བཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་བ་དང་། མངལ་ན་གནས་པ་ཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །ཡིད་དགའ་ནས་རྒྱལ་པོ་ཚངས་བྱིན་ལ་སྨྲས་པ། ལྷ་དགྱེས་པ་བསྐྱེད་དུ་གསོལ། བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་མཆིས་པས་ངེས་པར་ཁྱེ་འུར་འགྱུར་རོ། །རྒྱལ་པོ་ཚངས་བྱིན་ཡང་ཡིད་དགའ་ཞིང་ཡིད་དགའ་ནས་འདི་སྐད་ཅེས་ཀྱེ་མ་ཁོ་བོ་ཡུན་རིང་པོ་ནས་མངོན་པར་འདོད་པའི་བུའི་ངོ་མཐོང་བ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའ་བྱ་བ་དག་བྱེད་ཕ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་པ་དང་། ཁོ་བོའ་རིགས་རྒྱུད་
ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལས་འདས་པ་དག་ལ་ཉུང་དུའམ་མང་པོ་། ཡང་རུང་བའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་འདི་ལྟ་སྟེ་མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བཅས་པའི་ཁ་ཟས་ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་སྐྱུར་བ་དང་། ཧ་ཅང་ལན་ཚྭ་མི་ཆེ་བ་དང་། ཧ་ཅང་མི་མངར་བ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་རྣམ་པར་སྤངས་བའི་ཟས་དག་དང་། དོ་ཤལ་དང་། སེ་མོ་དོ་དང་། རྒྱན་གྱིས་བཀླུབས་པའི་ལུས་ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་དང་། ཤོད་ཀྱིས་གཞིར་མི་འབབ་པ་དང་། དེས་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་འཛུད་དོ། །དེ་ནས་དུས་གཞན་ཞིག་ན་བཙུན་མོ་ཚངས་ལྡན་ལ་འདོད་པ་འདི་ལྟ་བུ་འདི་སྐྱེས་ཏེ། ཀྱེ་མ་ལྷས་གྲོང་ཁྱེར་གྱི་ཤར་སྒོར་སྦྱིན་པ་དག་བྱིན་པར་གྱུར་ཅིང་། བསོད་ནམས་དག་བྱེད་པར་གྱུར་ཅིག །ལྷོ་སྒོ་དང་། ནུབ་སྒོ་དང་། བྱང་སྒོ་དང་། དབུས་ཀྱི་བཞི་མདོར་ཀྱང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་ཅིང་བཙོན་ཐམས་ཅད་ཐར་བར་བྱེད་པར་གྱུར་ཅིག་སྙམ་མོ། །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་བཙུན་མོ་ཚངས་ལྡན་ལ་འདོད་པ་དེ་ལྟ་བུ་དེ་སྐྱེས་པར་ཐོས་ནས་གྲོང་ཁྱེར་གྱི་ཤར་སྒོར་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །དེ་བཞིན་དུ་ལྷོ་སྒོ་དང་། ནུབ་སྒོ་དང་། བྱང་སྒོ་དང་། དབུས་ཀྱི་བཞིར་མདོར་ཡང་སྦྱིན་པ་དག་སྦྱིན། བསོད་ནམས་དག་
བྱེད་ཅིང་། བཙོན་ཐམས་ཅད་ཐར་བར་བྱས་སོ། །ཡང་བཙུན་མོ་ཚངས་ལྡན་ལ་འདོད་པ་འདི་ལྟ་བུ་འདི་སྐྱེས་ཏེ་ཀྱེ་མ་བདག་ལྷ་དང་ལྷན་ཅིག་སྐྱེད་མོས་ཚལ་དང་། དཀའ་ཐུབ་ཀྱི་ནགས་སུ་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པར་གྱུར་ཅིག་སྙམ་མོ། །དེ་ནས་རྒྱལ་པོ་ཚངས་བྱིན་གྱི་བཙུན་མོ་ཚངས་ལྡན་ལ་འདོད་པ་རྣམ་པ་དེ་ལྟ་བུ་དེ་སྐྱེས་པར་ཐོས་ནས། བཙུན་མོ་ཚངས་ལྡན་དང་ལྡན་ཅིག་སྐྱེད་མོས་ཚལ་དང་། དཀའ་ཐུབ་ཀྱི་ནགས་སུ་ཞུགས་ཏེ། རྩེ་བ་དང་། དགའ་བ་དང་། དགའ་མགུར་སྦྱོད་པ་དག་བྱས་སོ། །ཡང་བཙུན་མོ་ཚངས་ལྡན་ལ་འདོད་པའི་རྣམ་པ་འདི་ལྟ་བུ་འདི་སྐྱེས་ཏེ། ཀྱེ་མ་བདག་ལྷ་དང་ཐབས་ཅིག་ཆུར་འཇུག་པའི་གྲུར་ཞུགས་ཏེ། རྫིང་བུ་ཚངས་ལྡན་དུ་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པར་གྱུར་ཅིག་སྙམ་མོ། །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་བཅུན་མོ་ཚངས་ལྡན་ལ་འདོད་པའི་རྣམ་པ་དེ་ལྟ་བུ་དེ་བྱུང་བར་ཐོས་ནས། བཙུན་མོ་ཚངས་ལྡན་དང་ལྷན་ཅིག་ཆུར་འཇུག་པའི་གྲུ་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོས་བཀང་བར་ཞུགས་ཏེ་རྫིང་བུ་ཚངས་ལྡན་དུ་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པ་བྱས་སོ། །དེ་གྲུ་དེ་ཉིད་དུ་བཅས་བ་ལས་ཁྱེའུ་ཚེ་རབས་དྲན་པ། གཟུགས་བཟང་བ། བལྟན་སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ་སྣའི་གཟངས་མཐོ་བ་ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་ཁྱེའུ་འདི་ཆུའི་ནང་དུ་བཙས་པ་དེའི་ཕྱིར་ཁྱེའུའི་མིང་ཆུ་སྐྱེས་ཞེས་བྱའོ་ཞེས་དེའི་མིང་ཆུ་སྐྱེས་ཞེས་བྱ་བར་བཏགས་སོ། །གཞོན་ནུ་ཆུ་སྐྱེས་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་
པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིན་ན་གནས་པའི་པད་མ་བཞིན་དུ་མྱུང་དུ་སྐྱེད་པར་བྱེད་དོ། །དེ་ནས་གཞོན་ནུ་ཆུ་སྐྱེས་འདི་སྙམ་དུ་སེམས་ཏེ། བདག་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་སྙམ་ན། སེམས་ཅན་དམྱལ་བ་དག་ནས་ཤི་འཕོས་ཏེ་འདིར་སྐྱེས་པར་ཤེས་སོ། །ལས་ཅི་བྱས་ན་དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སྙམ་ན། ལོ་དྲུག་བཅུར་རྒྱལ་ཚབ་ཀྱི་རྒྱལ་སྲིད་དུ་བཅུག་པས་དེ་དག་ཏུ་སྐྱེས་པར་ཤེས་སོ། །ད་ལྟར་གང་དུ་སྐྱེས་སྙམ་ན་མི་རྣམས་ཀྱི་ནང་དུ་རྒྱལ་པོའ་རིགས་སུ་སྐྱེས་པར་ཤེས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་ཡང་རྒྱལ་སྲིད་བྱེད་དུ་བཅུག་ན་ཡང་སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར་ན་མ་ལེགས་ཀྱིས། བདག་གིས་སྒྱུ་ཐབས་ཅུང་ཞིག་བྱའོ་སྙམ་ནས། དེས་བདག་ཉིད་འཕྱེ་བོ་ཉིད་དུ་བསྟན་ཏེ་འདུག་གོ །གང་གི་ཉིན་མོ་གཞོན་ནུ་ཆུ་སྐྱེས་བཙས་པ་དེ་ཉིད་ཀྱི་ཉིན་མོ་བློན་པོ་ལྔ་བརྒྱ་དག་གི་བུ་དག་ཀྱང་བཙས་ཏེ་དེ་དག་ཀྱང་རང་རང་གི་རིགས་དང་མཐུན་པའི་མིང་དག་བཏགས་པར་གྱུར་ཏོ། །བློན་པོ་དེ་དག་གིས་ཀུན་དུ་སྤྱོད་པ་ནི་ཉི་མ་རེ་རེ་ཞིང་རྒྱལ་པོ་ཚངས་བྱིན་དང་། གཞོན་ནུ་ཆུ་སྐྱེས་ལྟར་འོང་ངོ་། །དེ་ནས་དུས་གཞན་ཞིག་ན་གཞོན་ནུ་ལྔ་བརྒྱ་པོ་དེ་དག་མཆོངས་པ་དང་། དཀྱུས་མོ་བྱེད་ནུས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་བྱིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་ངའི་བུ་གཞོན་ནུ་ཆུ་སྐྱེས་ཀྱང་འཕྱེ་བོར་མ་གྱུར་དུ་ཟིན་ན། དེ་ཡང་ད་ཙམ་མཚོངས་པ་དང་། དཀྱུས་མོ་བྱེད་ནུས་པར་འགྱུར་གྱིས། འདི་ལྟར་བདག་གི་དེ་འཕྱེ་བོ་ཡིན་ཡང་བླས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་གཞག་པར་བྱའོ་སྙམ་མོ། །དེ་ནས་གཞོན་ནུ་ཆུ་སྐྱེས་ཀྱིས་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་འདི་ནི་གཅུགས་མེད་པར་གནོད་པ་བྱེད་པ་ཡིན་གྱིས་
བདག་གིས་སྐུགས་པ་ཉིད་དུ་བསྟན་ཏེ་འདུག་པར་བྱའོ་སྙམ་ནས། དེས་ཆེད་དུ་བསམས་ཏེ་ལྐུགས་པ་ཉིད་དུ་བསྟན་ཏེ་འདུག་གོ །དེ་ནས་དུས་གཞན་ཞིག་ན་གཞོན་ནུ་ལྔ་བརྒྱ་པོ་དེ་དག་སྨྲ་ནུས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་བྱིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གི་གཞོན་ནུ་ཆུ་སྐྱེས་ཀྱང་ལྐུགས་པར་མ་གྱུར་དུ་ཟིན་ན་དེ་ཡང་ད་ཙམ་སྨྲ་ནུས་པར་འགྱུར་རོ་སྙམ་མོ། །དེའི་ཚེ་ན་གཞོན་ནུ་ཆུ་སྐྱེས་ཀྱི་མིང་གཞོན་ནུ་ཆུ་སྐྱེས་གཞོན་ནུ་ཆུ་སྐྱེས་ཞེས་བྱ་བ་གང་ཡིན་པ་དེ་ནུབ་པར་གྱུར་ཅིང་། གཞོན་ནུ་ལྐུགས་འཕྱེ་གཞོན་ནུ་ལྐུགས་འཕྱེ་ཞེས་བྱ་བའི་མིང་ཆགས་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཚངས་བྱིན་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་ནས། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་དེ་ཐུགས་ཁོང་དུ་ཆུད་ཅིང་བཞུགས། རྒྱལ་པོས་སྨྲས་པ། འདི་ལྟར་ངའི་རྒྱལ་སྲིད་ཀྱི་དབང་ཕྱུག་འདི་འདྲ་བ་ལ་བུ་ཡང་མེད་བུ་མོ་ཡང་མེད་པས་ང་འདས་ནས་གདུང་ཆང་པར་ཡང་འགྱུར་ལ། བུ་གཅིག་བདོག་པ་དེ་ཡང་ལྐུགས་འཕྱེར་གྱུར་ན། ང་ཇི་ལྟར་སེམས་ཁོང་དུ་ཆུད་ཅིང་མི་འདུག་ཏུ་རུང་། བློན་པོ་རྣམས་ཀྱིས་སྨན་པ་གཉེར་ཏེ་སྨན་པ་ལ་རྨས་ནས་སྨྲས་པ། ལྷ་གཞོན་ནུ་འདིའི་དབང་པོ་གསལ་བར་གདའ་སྟེ། འདི་ལ་བྲོ་ནད་ཀྱིས་རྣམ་པ་ནི་ཅུང་ཟད་ཀྱང་མ་མཆིས་པས་བསྡིགས་པར་བགྱི་བའི་རིགས་སོ། །རྒྱལ་པོ་ཚངས་བྱིན་གྱིས་གཤེད་དག་བཀུག་ནས་གསང་སྟེ་བསྒོ་བ། ངས་གཞོན་ནུ་སྐུགས་འཕྱེ་འདི་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་ཡོངས་སུ་གཏང་བར་བྱས། ཁྱེད་ཀྱིས་གསད་པར་མི་བྱའོ། །ལྷ་བཀའ་བཞིན་འཚལ། རྒྱལ་པོ་ཚངས་བྱིན་གྱིས་འཁོར་གྱི་ནང་དུ་སོང་སྟེ་གཤེད་མ་རྣམས་ལ་བསྒོ་བ། ངས་གཞོན་ནུ་འདི་ཡོངས་སུ་བཏང་གིས་ཁྱོད་ཀྱིས་འོར་ཅིག །ལྷ་བཀའ་བཞིན་འཚལ་ཞེས་དེ་ནས་གཤེད་མའི་མི་དེ་དག་གིས་རྒྱལ་བོ་ཚངས་བྱིན་ལས་མཉན་ནས་གཞོན་ནུ་སྐུགས་འཕྱེ་ཤིང་རྟར་བཅུག་སྟེ། གྲོང་ཁྱེར་བཱ་རཱ་ཎ་སཱིའི་ནང་ནས་ཕྱིར་ཁྲིད་དེ། དེ་ནས་གཞོན་ནུ་ལྐུགས་འཕྱེས་གྲོང་ཁྱེར་བཱ་རཱ་ཎ་སཱིའི་
འབྱོར་པ་དང་རྒྱས་པ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཅི་བཱ་རཱ་ཎ་སཱི་འདི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཡིན། གཤེད་མའི་མི་རྣམས་ཀྱི་གཞོན་ནུ་ལྐུགས་འཕྱེ་རྒྱལ་པོ་ལ་ཕུན་ལས་ལྷ་གཞོན་ནུ་ལྐུགས་འཕྱེས་ཚིག་འདི་ལྟ་བུ་བརྗོད་དོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་གཞོན་ནུ་ལྐུགས་འཕྱེ་པང་དུ་བཞག་སྟེ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་གང་གསང་པར་བྱ། གང་གསོད་དུ་གཞུག་བར་བྱ། གང་སྲོག་དང་དབྲལ་བར་བྱ། གང་ལ་ཅི་ཞིག་སྦྱིན་པར་བྱ། དེ་སྐད་སྨྲས་ཀྱང་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །རྒྱལ་པོ་ཚངས་བྱིན་གྱིས་ཡང་གཤེད་མ་རྣམས་ལ་སྨྲས་པ། ངས་གཞོན་ནུ་འདི་ཡོངས་སུ་བཏང་གིས་ཁྱེད་ཀྱིས་འོར་ཅིག །གཤེད་མའི་མི་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་ཡང་གཞོན་ནུ་སྐུགས་འཕྱེ་ཤིང་རྟར་བཅུག་སྟེ། གྲོང་ཁྱེར་བཱ་རཱ་ཎ་སཱིའི་ནང་ནས་ཕྱིར་ཁྲིད་པ་དང་། གཞོན་ནུ་སྐུགས་འཕྱེས་མིའི་རོ་མི་བཞིས་ཁྱེར་བ་ཞིག་མཐོང་ནས་སྨས་པ། ཅི་རོ་འདི་ཤི་བ་ཉིད་ཀྱི་རོ་ཡིན་ནམ། འོན་ཏེ་གསོན་པོའ་རོ་ཡིན། ཡང་གཤེད་མའི་མི་རྣམས་ཀྱིས་གཞོན་ནུ་ལྐུགས་འཕྱེ་ལ་པོ་ལ་ཕུལ་ནས་ལྷ་གཞོན་ནུ་ཚིག་འདི་ལྟ་བུ་འདི་བརྗོད་དོ་ཞེས་སྨྲས་སོ། །རྒྱལ་པོ་ཚངས་བྱིན་གྱིས་ཡང་གཞོན་ནུ་ལྐུགས་འཕྱེ་པང་དུ་བཞག་སྟེ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་གང་གསང་པར་བྱ། གང་གསོད་དུ་གཞུག་པར་བྱ། གང་སྲོག་དང་དབྲལ་བར་བྱ། གང་ལ་ཅི་ཞིག་སྦྱིན་པར་བྱ། དེ་སྐད་སྨྲས་ཀྱང་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །ཡང་རྒྱལ་པོ་ཚངས་བྱིན་གྱིས་གཤེད་མ་རྣམས་ལ་སྨྲས་པ། ངས་གཞོན་ནུ་ཡོངས་སུ་བཏང་གིས་ཁྱེད་ཀྱིས་འོར་ཅིག །གཤེད་མའི་མི་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་ཡང་གཞོན་ནུ་ལྐུགས་འཕྱེ་ཤིང་རྟར་བཅུག་སྟེ། གྲོང་ཁྱེར་བ་རཱ་ཎ་སཱིའི་ནང་ནས་ཕྱིར་ཁྲིད་པ་དང་། །གཞོན་ནུ་ལྐུགས་འཕྱེས་འབྲུའི་ཕུང་པོ་ཆེན་པོ་ཞིག་མཐོང་ནས་སྨྲས་པ། གལ་ཏེ་འབྲུའི་ཕུང་པོ་འདི་དང་པོ་ཉིད་ནས་དྲུང་མ་ཟོས་ན་ཆེན་པོར་འགྱུར་རོ། །གཤེད་མའི་མི་རྣམས་ཀྱིས་ཡང་གཞོན་ནུ་ལྐུགས་འཕྱེ་རྒྱལ་པོ་ལ་ཕུལ་ནས། ལྷ་གཞོན་ནུ་ཚིག་འདི་ལྟ་བུ་འདི་བརྗོད་
དོ་ཞེས་སྨྲས་སོ། །རྒྱལ་པོ་ཚངས་བྱིན་གྱིས་ཡང་གཞོན་ནུ་ལྐུགས་འཕྱེ་པང་དུ་བཞག་སྟེ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་གང་གསང་པར་བྱ། གང་གསོད་དུ་གཞུག་པར་བྱ། གང་སྲོག་དང་དབྲལ་བར་བྱ། གང་ལ་ཅི་ཞིག་སྦྱིན་པར་བྱ། དེ་སྐད་སྨྲས་ཀྱང་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །རྒྱལ་པོ་ཚངས་བྱིན་གྱིས་ཡང་གཤེད་མ་རྣམས་ལ་སྨྲས་པ། ངས་གཞོན་ནུ་ཡོངས་སུ་བཏང་གིས་ཤེས་ལྡན་དག་སོང་ལ་གཞོན་ནུ་ནགས་ཁྲོད་དུ་མྱུར་དུ་ས་ཐམས་སུ་ཆུག་ཤིག །ལྷ་བཀའ་བཞིན་འཚལ་ཞེས་གཤེད་མའི་མི་རྣམས་ཀྱིས་ཡང་གཞོན་ནུ་ལྐུགས་འཕྱེ་ཤིང་རྟར་བཅུག་སྟེ་ནགས་ཁྲོད་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། དོང་བརྐོ་བར་བརྩམས་སོ། །དེ་ནས་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཁ་ལོ་སྒྱུར་བ་ཅི་ཕྱིར་ཁྱོད། །བརྟད་དང་བཅས་པས་དོང་བརྐོ་བྱེད། །ཅི་ཕྱིར་ཁྱེད་ཅག་དོང་བརྐོ་བ། །དྲིས་པ་ང་ལ་མྱུར་དུ་སྨྲོས། །ཁ་ལོ་སྒྱུར་བས་སྨྲས་པ། རྒྱལ་པོའ་སྲས་བུ་མི་སྨྲ་བ། །ལྐུགས་འཕྱེ་བཙས་ནས་དེ་ཡིས་ནི། །མྱུར་བར་འདི་ནི་ནགས་ཁྲོད་དུ། །དོང་དུ་ཆུག་ཅེས་བཀའ་སྩལ་ཏོ། །དེ་ནས་གཞོན་ནུ་ལྐུགས་འཕྱེ་འདི་སྙམ་དུ་སེམས་ཏེ། འདི་དག་ནི་དྲག་ཤུལ་ཅན། ལག་པ་དམར་བ། སྣུན་པ་དང་། རབ་ཏུ་སྣུན་པ་ལ་ཞུགས་པ། གཞན་གྱི་སྲོག་གཅོད་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ་དག་ཡིན་པས། གལ་ཏེན་འདི་དག་གིས་བདག་གསད་པར་འགྱུར་དུ་འོང་ངོ་སྙམ་དུ་རིག་ནས་དེ་སྐྲག་སྟེ་གཤེད་མ་རྣམས་ལ་སྨྲས་པ། གལ་ཏེ་ལྷས་བདག་ལ་དམ་པ་ཅིག་སྩོལ་ན། བདག་རྐང་པས་གྲོང་ཁྱེར་དུ་འཇུག་ཅིང་ཚིག་ཀྱང་སྨྲའོ། །གཤེད་མ་པ་རྣམས་ཀྱིས་རྒྱལ་པོའ་གན་དུ་སོང་སྟེ་རྒྱལ་བར་བརྗོད་པ་དང་། རྒྱལ་པོས་སྨྲས་པ། གཞོན་ནུ་གལ་ཏེ་རྒྱལ་སྲིད་འདོད་ན་ངས་དེ་ཡང་གཞོན་ནུ་ལ་སྦྱིན་ནོ། །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་ཡིད་དགའ་ཞིང་ཡིད་དགའ་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དེང་ལ་གྲོང་ཁྱེར་ཐམས་ཅད་མྱུར་དུ་རྡོབ་དང་། གསེག་མ་དང་། གྱོ་མོ་མེད་པར་ཞོག་ལ། བདུག་
སྤོས་དང་། །ཕྱེ་མ་འཁྲིགས་པ་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་དང་། མེ་ཏོག་སྣ་ཚོགས་བཀྲམ་པ་གྱིས་ཤིག །རྒྱལ་པོ་རྣམས་ནི་ཚིག་གིས་འགྲུབ་ལ། ལྷ་རྣམས་ནི་སེམས་ཀྱིས་འགྲུབ། རྣལ་འབྱོར་པ་རྣམས་ནི་སེམས་བསྐྱེད་པ་ཙམ་གྱིས་ཐམས་ཅད་འགྲུབ་པས་བློན་པོ་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་རྒྱལ་པོ་ལས་མཉན་ནས། གྲོང་ཁྱེར་ཐམས་ཅད་རྡོ་བ་དང་། གྱོ་མོ་དང་། གསེག་མ་མེད་པར་བཞག་ཅིང་། བདུག་སྤོས་དང་། ཕྱེ་མ་འཁྲིགས་པ་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་དང་། མེ་ཏོག་སྣ་ཚོགས་བཀྲམ་པ་བྱས་སོ། །ལྗོངས་ཀྱི་མི་འབུམ་ཕྲག་དུ་མ་དག་ཀྱང་གཞོན་ནུ་ལྐུགས་འཕྱེ་རྐང་པས་གྲོང་ཁྱེར་དུ་འཇུག་ཅིང་ཚིག་ཀྱང་སྨྲ་བར་འགྱུར་རོ། །ཞེས་ཡ་མཚན་སྐྱེས་ནས་འདུས་པར་གྱུར་ཏོ། །འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་དགུ་པ། དེ་ནས་གཞོན་ནུ་ལྐུགས་འཕྱེ་རྐང་པས་གྲོང་ཁྱེར་དུ་ཞུགས་ནས་རྒྱལ་པོ་ཚངས་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཚངས་བྱིན་གྱི་རྐང་པ་གཉིས་ལ་གཏུགས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་སྨས་པ། བདག་ལྐུགས་མ་ལགས་འཕྱེ་མ་ལགས། །གླེན་པ་མ་ལགས་བློ་མེད་མིན། །གསལ་བར་བགྱིད་པའི་ཆིག་རྣམས་ཀྱིས། །སྨྲ་བ་བདག་ལགས་མི་དབང་པོ། །བདག་ལྐུགས་མ་ལགས་འཕྱེ་མ་ལགས། །གླེན་པ་མ་ལགས་བློ་མེད་མིན། །དབང་པོ་ཚང་བ་གསལ་བ་དང་། །ལྡན་པ་བདག་ལགས་མི་དབང་པོ། །རྒྱལ་པོས་སྨྲས་པ། བུ་ཁྱེད་ཅིའི་ཕྱིར་ཚིག་སྨྲ་བར་མི་བྱེད་ཅིང་རྐང་པས་འགྲོ་བར་མི་བྱེད། ལྷ་དེའི་སླད་དུ་གསོན་ཅིག །བདག་གིས་སྔོན་གྱི་ཚེ་རབས་སུ། དགུང་ལོ་དྲུག་བཅུར་བདག་གིས་ནི། །མི་རྣམས་ནང་དུ་རྒྱལ་ཚབ་ཀྱི། །རྒྱལ་སྲིང་རིགས་མཐུན་བགྱིད་སྩལ་བས། །དགུང་ལོ་སྟོང་ཕྲག་དྲུག་བཅུ་རུ། །སེམས་ཅན་དམྱལ་བར་རབ་ཏུ་བསྟེགས། །སེམས་དམྱལ་སྡུག་བསྔལ་མི་བཟད་པ། །དྲག་པོ་འཇིགས་རུང་དྲན་གྱུར་ནས། །རྒྱལ་སྲིད་མངོན་པར་མི་འཚལ་ཞིང་། །སླན་ཅད་སེམས་དམྱལ་མཆི་མི་
བགྱི། །ཡབ་ཀྱིས་བདག་ནི་རབ་འབྱུང་བར། །རྗེས་སུ་གནང་བ་མཛད་དུ་གསོལ། །རྒྱལ་བོས་སྨྲས་པ། བུ་དྲང་སྲོང་དག་གང་གི་ཕྱིར་དཀའ་ཐུབ་ཀྱིས་གདུང་བ་དང་། སྦྱིན་སྲེག་དང་། མཆོད་སྦྱིན་བྱེད་པ་ནི་རྒྱལ་སྲིད་ཀྱི་ཕྱིར་ཡིན་ན། ཁྱོད་ཅིའི་ཕྱིར་ལག་མཐིལ་ན་འདུག་པ་སྡངས་ཏེ་རབ་ཏུ་འབྱུང་བར་བྱེད། དེ་ནས་གཞོན་ནུ་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཁོན་གཅུགས་འཐབ་རྩོད་བགྱིད་ཡིས། །འདོད་ལ་སྤྱོད་པ་བདག་མི་འཚལ་། །ཁོན་གཅུགས་འཐབ་རྩོད་འཇིགས་བགྱིད་པའི། །ཚངས་སྤྱོད་བདག་གིས་སྤྱད་བར་བགྱི། །ཀིམ་པའི་འབྲས་བུ་འདྲབ་ཡི། །འདོད་པ་སྤྱོད་བར་བདག་མི་འཚལ། །འབྲས་བུ་བདུད་རྩིའི་རོ་བདའ་བའི། །ཚངས་སྤྱོད་བདག་གིས་སྤྱད་པར་བགྱི། །རྒྱལ་པོས་སྨྲས་པ། བདེ་བ་གང་དང་གང་དག་ཉམས་སུ་མྱོང་བར་འགྱུར་བ་དེ་དག་ཐམས་ཅད་ནི་རྒྱལ་པོ་ཉིད་ཡིན་ན། ཁྱོད་ཅིའི་ཕྱིར་རྒྱལ་སྲིད་སྤངས་ཏེ་རབ་ཏུ་འབྱུང་བར་བྱེད། དེ་ནས་གཞོན་ནུ་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། གང་ལས་སྡུག་བསྔལ་སྐྱེ་འགྱུར་བའི། །བདེ་བ་དེ་ལ་བདེར་མི་སེམས། །གང་ལས་བདེ་བ་སྐྱེ་འགྱུར་བའི། །སྡུག་བསྔལ་དེ་ལ་བདེ་བར་སེམས་། །ཡབ་ཀྱིས་བདག་ནི་དཀའ་ཐུབ་ཀྱི། །ནགས་སུ་མཆི་བ་གནང་བར་མཛོད། །རྒྱལ་བོས་སྨྲས་པ། བུ་འདི་ནི་ཡང་ཏོག་གི་སྟེང་བདུག་སྤོས་དང་། ཕྱེ་མ་འཁྲིགས་པར་མེ་ཏོག་སྣ་ཚོགས་བཀྲམ་ཞིང་གནས་མལ་འཇམ་པོ་ལེགས་པར་བཤམས་པ་དག་ཏུ་གང་ནས་ཀྱང་འཇིགས་པ་མེད་པར་ཉལ་བར་བྱ་ཞིང་། སིལ་སྙན་གྱི་སྒྲ་སྙན་བ་དག་གིས་སང་པར་བྱ་བ་དང་། གོས་འཇམ་པོ་བགོ་བར་བྱ་བ་དང་། ཞིམ་པོ་བཟའ་བར་བྱ་བ་དང་། ཞིམ་པོ་བཏུང་བར་བྱ་བ་ཡིན་ན་དགོན་པར་རབ་ཏུ་བྱུང་བས་རྟག་ཏུ་ཤིང་དྲུང་དུ་རྩྭ་བཏིང་བའམ། ལོ་མ་བཏིང་བ་ལ་བྲེང་ངས་ཀྱིས་འཇིགས་བ་དང་བཅས་པའི་སེམས་ཀྱིས་རི་དགས་གདུག་པ་དག་དང་ལྷན་ཅིག་ཉལ་བར་བྱ་བ་དང་། ཝའི་སྐད་ཀྱིས་སང་པར་བྱ་བ་དང་། གཡང་གཞི་དང་ཤིང་ཤུན་བགོ་བར་བྱ་བ་དང་། རྩ་བ་དང་འབྲས་བུ་དག་བཟའ་བར་
བྱ་བ་དང་། ཆུ་དྲོན་པོ་རྙོག་བ་ཅན་དག་བཏུང་བར་བྱ་དགོས་ན། ཅིའི་ཕྱིར་ཁྱོད་རྒྱལ་སྲིད་སྤངས་ཏེ་རབ་ཏུ་འབྱུང་བར་བྱེད། དེ་ནས་གཞོན་ནུ་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ནགས་ན་ཤིང་ཤུན་རྩྭ་གྱོན་ཞིང་། །རྩ་བ་འབྲས་བུ་འཆའ་བ་དང་། །རི་དགས་གདུག་པ་རྣམས་དང་ནི། །ལྷན་ཅིག་གནས་པ་མཆོག་ལགས་ཀྱི། །འཇིག་རྟེན་ཕ་རོལ་འཇིགས་བགྱིད་པའི། །མཁས་པས་རྒྱལ་སྲིད་སླད་དུ་ནི། །གསོད་དང་འཆིང་དང་བརྡེག་པ་དག །བགྱིད་པ་དེ་ལྟ་མ་ལགས་ཀྱིས། །ཡབ་ཀྱིས་བདག་ནི་དཀའ་ཐུབ་ཀྱི། །ནགས་སུ་མཆི་བ་གནང་བར་མཛོད། །རྒྱལ་པོས་སྨྲས་པ། བུ་ཇེ་ཁོ་བོའ་ཐེ་ཚོམ་གསུམ་བོ་འདི་དག་ཆོད་ཅིག་དང་། དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བ་མི་དཀའོ། །ཁྱོད་ཀྱིས་གྲོང་ཁྱེར་བཱ་རཱ་ཎ་སཱིའི་འབྱོར་པ་དང་རྒྱལ་པ་མཐོང་ནས་འདི་སྐད་ཅེས་བཱ་རཱ་ཎ་སཱི་འདི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཡིན་ཞེས་སྨྲས་པ་དེ་ཁྱོད་ཀྱིས་ཅི་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་གསོན་ཅིག །ལྷས་བདག་རྒྱུ་མ་མཆིས་པར་ཁུམ་ཤིག་ཅེས་བཀའ་སྩལ་ན། འགའ་ཡང་ཅིའི་སླད་དུ་གཞོན་ནུ་འདི་དགུམ་པར་བགྱི་ཞེས་ཆོས་དང་ལྡན་པའི་ཚིག་མི་སྨྲས་བས་བདག་གིས་དེ་ལས་བསམས་ཏེ་སྨྲས་སོ། །བུམ་ཉེས་སོ། །ཁྱོད་ཀྱིས་མིའི་རོ་མི་བཞིས་ཁྱེར་བ་ཞིག་མཐོང་ནས་འདི་སྐད་ཅེས་ཅི་རོ་འདི་ཤི་བ་ཉིད་ཀྱི་རོ་ཡིན་ནམ། འོན་ཏེ་གསོན་པོའ་རོ་ཡིན་ཞེས་སྨྲས་པ། དེ་ཁྱོད་ཀྱིས་ཅི་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་གསོན་ཅིག །གང་ནོངས་པ་བགྱིད་པའི་ལས་བགྱིས་པའི་རོ་དེ་ནི་གུམ་པ་ཉིད་ཀྱི་རོ་ལགས་ལ། གང་ལེགས་པ་བགྱིད་པའི་ལས་བགྱིས་པའི་རོ་དེ་ནི་གསོན་པོའ་རོ་ལགས་པས་བདག་གིས་དེ་ལས་བསམས་ཏེ་སྨྲས་སོ། །བུ་མ་ཉེས་སོ། །ཁྱོད་ཀྱིས་འབྲུའི་ཕུང་པོ་ཆེན་པོ་ཞིག་མཐོང་བ་ན། འདི་སྐད་ཅེས་གལ་ཏེ་འབྲུའི་ཕུང་པོ་འདི་དང་པོ་ཉིད་ནས་དྲུང་མ་ཟོས་ན་ཆེན་པོར་འགྱུར་རོ་ཞེས་སྨྲས་བ་དེ་ཁྱོད་ཀྱིས་ཅི་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་གསོན་ཅིག །ལྷ་ཞིང་པ་གང་དག་འབྲུ་སྐྱིན་པོ་བགྱིས་ཏེ་འཚལ་ནས། ལས་བགྱིད་པ་དེ་དག་ནི་
འབྲུ་སྨིན་པ་ན་འབྲུའི་ཕུང་པོ་ཆེན་པོ་བུ་ལོན་བ་དག་ལ་འབུལ་བར་བགྱིས་པས་དེ་དག་གིས་ནི་དང་པོ་ཉིད་ནས་དྲུང་འཚལ་བ་ལགས་སོ། །དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་དག་གིས་མི་ཉིད་རྙེད་པ་ན། གལ་ཏེ་དེ་རྙེད་ནས་དགེ་བའི་ལས་ཀྱི་ལམ་སོགས་པར་མི་བགྱིད་པ་དེའི་སྔོན་གྱི་དགེ་བའི་རྩ་བ་དེ་ཡང་རྒྱུན་ཆད་པར་འགྱུར་ཞིང་། དགེ་བའི་རྩ་བརྒྱུན་ཆད་ན་བདེ་འགྲོ་ལས་ཡོངས་སུ་ཉམས་ཤིང་ངན་འགྲོ་ལ་རྟེན་པར་འགྱུར་བས་བདག་གིས་དེ་ལས་བསམས་ཏེ་སྨྲས་སོ། །དེ་ནས་རྒྱལ་པོས་བུའི་ཚིག་དེ་ཐོས་ནས། མཆིམས་བརྣངས་བས་བུ་བླངས་ཏེ་ཚིག་སྨྲས་པ། བརྟུལ་ཞུགས་དེས་འཆང་རང་གི་ཆོས་སྤྱོད་ཅིག །བདག་ཀྱང་ཁྱོད་ཀྱི་སློབ་མར་ཁས་ལེན་ནོ། །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་གྱིས་བློན་ཕོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་ལྐུགས་འཕྱེ་རབ་ཏུ་མ་བྱུང་ན་ཅིར་འགྱུར། ལྷ་རྒྱལ་བོར་འགྱུར་རོ། །ཁྱོད་ཀྱི་བུ་དག་ཅིར་འགྱུར། ལྷ་ཞབས་འབྲིང་བར་འགྱུར་རོ། །འོ་ན་ད་དེ་རབ་ཏུ་འབྱུང་ན་ཁྱེད་ཀྱི་བུ་དེ་དག་ཅིའི་ཕྱིར་རབ་ཏུ་མི་འབྱུང་། ལྷ་བཀའ་སྩལ་པ་བཞིན་འཚལ་ལོ། །དེའི་ཚེ་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་དང་ཧ་ཅང་མི་རིང་བ་ན་བསྟི་གནས་ཤིག་ཡོད་པ་དེ་ན་དྲང་སྲོང་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། བརྩེ་བ་དང་ལྡན་པ། སེམས་ཅན་ལ་བྱམས་པ་ཞིག་འདུག་ནས་གཞོན་ནུ་ལྐུགས་འཕྱེ་འཁོར་ལྔ་བརྒྱ་དང་ལྡན་པ་འབྱོར་པ་ཆེན་པོས་དྲང་སྲོང་དེའི་དྲུང་དུ་རབ་ཏུ་བྱུང་ངོ་། །དྲང་སྲོང་དེས་ལྐུགས་འཕྱེ་ལ་གདམས་དག་བྱིན་ནས་ལྐུགས་འཕྱེས་བརྩལ་བ་དང་། འབད་པ་དང་། བསྒྲིམ་པ་བྱས་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་དུས་གཞན་ཞིག་ན་དྲང་སྲོང་དེ་དུས་ཀྱི་ཆོས་དང་ལྡན་པར་གྱུར་ནས་གཞོན་ནུ་ལྐུགས་འཕྱེས་དྲང་སྲོང་དེའི་ལུས་སྤོས་ཀྱི་ཤིང་སྣ་ཚོགས་ཀྱི་ཕུང་བོར་བཅེར་ཏེ་བསྲེགས་ནས་མཆོད་པ་དང་བསྙེན་བཀུར་ཆེན་པོ་བྱས་སོ། །གཞོན་ནུ་ལྐུགས་འཕྱེས་བྲལ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་ཡོངས་སུ་བསྐྱང་བར་བརྩམས་ནས། དེའི་མིང་གཞོན་ནུ་ལྐུགས་འཕྱེ་ཞེས་བྱ་བ་གང་ཡིན་པ་དེ་ནུབ་པར་གྱུར་ཅིང་། སྟོན་པ་ལྐུགས་
འཕྱེ་སྟོན་པ་ལྐུགས་འཕྱེ་ཞེས་བྱ་བའི་མིང་ཆགས་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་སྟོན་པ་ལྐུགས་འཕྱེ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་འདི་དག་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་མི་བྱེད་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་དག་གཡང་གཞི་དང་། ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་དང་། བླུགས་གཟར་དང་། དགང་གཟར་ལྷག་པ་འཆང་ཞིང་། ཤིན་ཏུ་ལོ་མ་དང་། ཁྲེ་རྒོད་དང་། ཨུཏྤ་ལའི་རྩ་བ་ལ་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པའི་ཕྱིར་རོ་སྙམ་མོ། །དེ་ནས་སྟོན་བ་ལྐུགས་འཕྱེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་བྲམ་ཟེའི་ཁྱེའུ་འདི་དག་སྨད་ན་དབྲལ་དཀའ་བར་འགྱུར་རོ་སྙམ་ནས། བྱང་ཆུབ་སེམས་དཔའ་རྣམས་ནི་གདུལ་བ་ལ་མཁས་པ་བླ་ན་མེད་པ་ཡིན་པས་དེ་ནས་སྟོན་པ་ལྐུགས་འཕྱེས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ། དགུང་ཟླ་བ་གསུམ་པོ་འདི་ལ་ནང་དུ་ཡང་དག་འཇོག་འདོད་ཀྱིས་ངའི་དན་དུ་བྲམ་ཟེའི་ཁྱེའུ་རྩ་བ་དང་། འབྲས་བུ་སྟོབས་པ་གཅིག་དང་འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་པར་གང་གིས་ཀྱང་ཉེ་བར་འོང་བར་མི་བྱའོ། །བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ཀྱང་དབྱར་གྱི་ནང་དག་ཏུ་བྲམ་ཟེའི་ཁྱེའུ་རྩ་བ་དང་། འབྲས་བུ་སྟོབས་པ་གཅིག་དང་། འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་པར་བདག་ཅག་ལས་བྲམ་ཟེའི་ཁྱེའུ་གང་གིས་ཀྱང་མཁན་པོ་ལ་ལྟར་འགྲོ་བར་མི་བྱའོ། །དབྱར་གྱི་ནང་དག་ཏུ་བྲམ་ཟེའི་ཁྱེའུ་རྩ་བ་དང་། འབྲས་བུ་སྟོབས་པ་གཅིག་དང་འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་བར་བདག་ཅག་ལས་བྲམ་ཟེའི་ཁྱེའུ་གང་མཁན་པོ་ལ་ལྟར་འགྲོ་བ་དེ་བདག་ཅག་གིས་ལྟུང་བྱེད་ཀྱི་ལྟུང་བ་བྱེད་དུ་གཞུག་གོ་ཞེས་ཁྲིམས་སུ་བྱ་བ་བཅས་སོ། །སྟོན་པ་ལྐུགས་འཕྱེས་ཟླ་བ་གསུམ་ནང་དུ་ཡང་དག་འཛོག་ལ་ཞུགས་པ་ན། དེའི་གན་དུ་བྲམ་ཟེའི་ཁྱེའུ་རྩ་བ་དང་། འབྲས་བུ་སྟོབས་པ་གཅིག་དང་། དེ་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་མ་གཏོགས་པར་བྲམ་ཟེའི་ཁྱེའུ་གང་ཡང་ཉེ་བར་མི་འགྲོའོ། །སྟོན་པ་ལྐུགས་འཕྱེས་ཐག་རིང་པོ་ཁོ་ན་
ནས་རི་དགས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །རི་དགས་ཚུར་ཤོག །རི་དགས་ཁྱོད་འོགས་པ་ལེགས་སོ། །ཁྱོད་དང་ཁོ་བོ་མཚུངས་ཏེ། ཁྱོད་ཀྱང་ལྟོ་ཁེངས་པའི་ཟས་ཀྱིས་ཆོག་ཤེས་པ་དང་། ཀུན་ཏུ་ཆོག་ཤེས་པ་ཡིན་ལ། ཁོ་བོ་ཡང་ལྟོ་ཁེངས་པའི་བསོད་སྙོམས་ཀྱིས་ཆོག་ཤེས་པ་དང་། ཀུན་ཏུ་ཆོག་ཤེས་པ་ཡིན་ནོ། །འདི་ན་ཁ་ཅིག་ཤིན་ཏུ་ལོ་མ་དང་། ཁྲེ་རྒོད་དང་། ཨུཏྤལའི་རྩ་བ་ལ་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དག་ནེ་མ་ཡིན་ནོ། །དེ་ནས་བྲམ་ཟིའི་ཁྱེའུ་དེ་དག་འདི་སྙམ་དུ་སེམས་ཏེ། གོར་མཆག་པར་མཁན་པོའ་བརྟུལ་ཞུགས་རྫོགས་པར་གྱུར་ཏེ། འདི་ལྟར་མཁན་པོ་རི་དགས་དང་ལྷན་ཅིག་ཕེབས་པར་སྨྲ་བར་བྱེད་དོ་སྙམ་དུ་རིག་ནས་སྟོན་པ་ལྐུགས་འཕྱེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། སྟོན་པ་ལྐུགས་འཕྱེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །དེ་ནས་སྟོན་པ་ལྐུགས་འཕྱེ་ཅང་མི་སྨྲ་བར་འདུག་གོ །དེ་ནས་བྲམ་ཟེའི་ཁྱེའུ་དེ་དག་འདི་སྙམ་དུ་སེམས་ཏེ། མཁན་པོ་དུད་འགྲོ་རྣམས་དང་ལྷན་ཅིག་ཕེབས་པར་སྨྲ་བར་བྱེད་ཀྱི། མི་རྣམས་དང་མི་བྱེད་གོར་མ་ཆག་སྙམ་ནས་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་རི་དགས་ཀྱི་བརྟུལ་ཞུགས་ཅན་ཞིག་སྟོན་པ་ལྐུགས་འཕྱེ་ག་ལ་བ་དེར་དོང་བ་དང་། སྟོན་པ་ལྐུགས་འཕྱེས་རི་དགས་ཀྱི་བརྟུལ་ཞུགས་ཅན་དེ་ཐག་རིང་པོ་ཁ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །རི་དགས་ཀྱི་བརྟུལ་ཞུགས་ཅན་ཚུར་ཤོག །རི་དགས་ཀྱི་བརྟུལ་ཞུགས་ཅན་ཁྱོད་འོངས་པ་ལེགས་སོ། །ཁྱོད་དང་ཁོ་བོ་མཚུངས་ཏེ། ཁྱོད་ཀྱང་གཡང་གཞི་གཅིག་འཆང་ལ། ཁོ་བོ་ཡང་གཡང་གཞི་གཅིག་འཆང་ངོ་། །ཁྱོད་ཀྱང་ཤུང་ཤིན་དང་། དབྱུག་གུ་གཅིག་དང་། རིལ་བ་གཅིག་དང་། བླུགས་གཟར་དང་། དགང་གཟར་གཅིག་འཆང་ལ་། ཁོ་བོ་ཡང་ཤིང་ཤུན་གཅིག་དང་། དབྱུག་གུ་གཅིག་དང་། རིལ་བ་གཅིག་དང་། བླུགས་གཟར་དང་། དགང་གཟར་གཅིག་འཆང་ངོ་། །ཁྱོད་ཀྱང་ལྟོ་ཁེངས་
པའི་བསོད་སྙོམས་ཀྱིས་ཆོག་ཤེས་པ་དང་། ཀུན་དུ་ཆོག་ཤེས་པ་ཡིན་ལ། ཁོ་བོ་ཡང་ལྟོ་ཁེངས་པའི་བསོད་སྙོམས་ཀྱིས་ཆོག་ཤེས་པ་དང་། ཀུན་དུ་ཆོག་ཤེས་པ་ཡིན་ནོ། །འདི་ན་ཁ་ཅིག་གཡང་གཞི་དང་། ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་དང་། བླུགས་གཟར་དང་། དགང་གཟང་ལྷག་པར་འཆང་བ་དག་ནི་མ་ཡིན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་དག་འདི་སྙམ་དུ་སེམས་ཏེ། འདི་ལྟར་མཁན་པོས་འདོད་པ་ཆེ་བ་སྨད་ཅིང་། འདོད་པ་ཆུང་བ་ཉིད་བསྟོད་པ་ནི་དོན་གྱིས་ན་མཁན་པོས་བདག་ཅག་སྨད་པ་ཡིན་གྱིས། བདག་ཅག་གིས་གཡང་གཞི་དང་། ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་དང་། བླུགས་གཟར་དང་། དགང་གཟར་ལྷག་པ་དག་ཆུ་ཀླུང་ཟློག་བྱེད་དུ་བོར་ནས་རྒྱུད་དག་པ་དང་། ཡོ་བྱད་བསྙུངས་པའི་ཚུལ་དག་གིས་སྟོན་པ་ལྐུགས་འཕྱེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། སྟོན་པ་ལྐུགས་འཕྱེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །དེ་ནས་སྟོན་པ་ལྐུགས་འཕྱེས་བྲམ་ཟེའི་ཁྱེའུ་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་གིས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པར་གྱུར་པ་དེ་ལྷར་ཆོས་བསྟན་པ་བྱས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་སྟོན་པ་ལྐུགས་འཕྱེ་གང་ཡིན་པ་དེ་ནི་ང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཡིན་ནོ། །དེའི་་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་གང་དག་ཡིན་པ་དེ་དག་ནི་ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་འདི་དག་ཡིན་ནོ། །དེའི་ཚེ་དེའི་དུས་ན་རི་དགས་ཀྱི་བརྟུལ་ཞུགས་ཅན་གང་ཡིན་པ་དེ་ནི་དགེ་སློང་ཉེ་སྡེ་ཡིན་ཏེ། དེའི་ཚེ་ཡང་ངས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་འདི་དག་རིགས་ཀྱི་བུ་ཉེ་སྡེ་ལ་བརྟེན་ནས་འདོད་པ་ཆེ་བ་དང་ཕྲལ་ཞིང་འདོད་པ་ཆུང་བ་ཉིད་ལ་བཀོད་དེ། མངོན་པར་ཤེས་པ་ལྔ་པོ་དག་ལ་གཞག་པར་བྱས་ལ་ད་ལྟར་ཡང་ངས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་འདི་དག་རིགས་ཀྱི་བུ་ཉེ་
སྡེ་ལ་བརྟེན་ནས་འདོད་པ་ཆེ་བ་དང་ཕྲལ་ཞིང་འདོད་པ་ཆུང་བ་ཉིད་ལ་བཀོད་དེ། ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་གཞག་པ་མཛད་དོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་། འདྲེན་མ་སྤངས་ནས་ལས་གཅིག་ཏུ་དཀར་བ་དག་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་དེ་ལྟར་ཁྱོད་ཀྱིས་བསླབ་པར་བྱའོ། །འཁྲུར་འཇུག་པའི་སྤང་བ་སྟེ་བཞི་པ་རྫོགས་སྷོ། །