སྤང་བའི་ལྟུང་བྱེད་རྣམས་བཤད་པ།
འདུལ་བ་གཞུང་དམ་པ་བམ་པོ་གསུམ་པ། མདོར་ན། དེ་ཉིད་སྟོར་དང་ཚིག་པ་དང་། །སེམས་འཁྲུགས་བྱིན་གྱིས་མ་བརླབས་པ། །མི་རུང་བ་དང་དུས་ལས་འདས། །མཚན་དང་བཞི་ རྒྱུད་གསུམ ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགུང་བཅུ་ལས་འདས་པའི་གོས་ཀྱང་དེ་ཉིད་ལགས་ལ། དེ་ཉིད་དགུང་གཅིག་གིས་བྲལ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དགེ་སློང་དེས་གོས་ཀྱི་རྒྱུད་མ་ཆད་པར་ཞག་བཅུ་པོའི་ཐ་མ་ལ་གོས་ཤིག་རྙེད་དེ། དེས་གོས་དེ་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་ཏུ་གོས་དེ་མེད་པར་སྐྱ་རེངས་ཤར་ན། གོས་དེ་ནི། ཞག་བཅུ་འདས་ཤིང་ནུབ་གཅིག་གིས་བྲལ་བའོ། །བཙུན་པ། དགེ་སློང་གིས་སྤང་བའི་གོས་སྟོར་བར་གྱུར་ན། ནོངས་པ་བཤགས་པར་བགྱིའམ། ཨུ་པ་ལི། བཤགས་པར་བྱའོ། །ནོངས་པ་བཤགས་ནས་རྙེད་ན། སྤང་ངམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་སྤང་བའི་གོས་མེས་ཚིག་གམ་ཟོས་པར་གྱུར་ན། དུམ་བུ་དེ་སྤང་བར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཉེས་པ་འབའ་ཞིག་བཤགས་པར་བྱའོ། །འོན་ཏེ་ཁྲུ་གང་གྲུ་བཞི་ཡན་ཆད་ལུས་པར་གྱུར་ན། སྤང་བར་བྱའོ། །བཙུན་པ། དགེ་སློང་གིས་གོས་རྙེད་མ་ཐག་ཏུ་སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་དགུང་བཅུར་བགྲང་བར་བགྱིའམ། ནམ་རང་གི་སེམས་ཕྱིར་རྙེད་པ་ནས་གཟུང་ངོ་། །བཙུན་པ། དགེ་སློང་གིས་གོས་བརྒྱད་དམ་དགུ་ཞིག་བྱིན་གྱིས་མ་བརླབས་མ་བསྔོས་པར་ནམ་འཚོ་བའི་བར་དུ་བཅངས་ན། ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་གིས་ཉི་མ་རེ་རེ་ཞིང་གོས་ལས་སླར་ཕྱུང་སྟེ། གཞན་ལ་བྱིན་གྱིས་རློབ་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགུང་བཅུ་འདས་ན། གོས་སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་གོས་དགུང་བཅུ་ལས་ལྷག་པར་བཅངས་ཀྱང་སྤང་པའི་ལྟུང་བར་མི་འགྱུར་པ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གོས་ཀྱི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བར་གྱུར་པ་དང་། རྒྱུ་མི་རུང་བར་གྱུར་ལ་སྤུན་རུང་བར་གྱུར་པ་དང་། གཉིས་ཀ་མི་རུང་བར་གྱུར་བ་སྟེ། མི་རུང་བ་ནི་རྔ་མོའི་
བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དྭགས་ཀྱི་བལ་དང་འདྲེས་པ་དང་། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ཞག་བཅུ་ལས་ལྷག་པར་བཅངས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཞག་བཅུའི་བར་དུ་གོས་ལྷག་པ་བཅང་བར་བྱའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་གོས་ལྷག་པ་བཅངས་ན། ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཞག་བཅུ་ཚུན་ཆད་དུ་དུས་ལས་འདས་པར་གྱུར་ནའོ། །བཙུན་པ། བཅངས་ན་ནོངས་པར་མི་འགྱུར་བའི་གོས་ཀྱང་དེ་ཉིད་ལགས་ལ། བཅངས་ན་ནོངས་པར་འགྱུར་བའི་གོས་ཀྱང་དེ་ཉིད་ལགས་པ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་དེས་རིན་ཆེ་བའི་གོས་ཤིག་བཅངས་པ་ལས་མཚན་འཕོས་ནས་དགེ་སློང་མར་གྱུར་ཏེ་བཅངས་ན། ཉེས་པར་འགྱུར་རོ། །བཙུན་པ། དགེ་སློང་གིས་གོས་རྙེད་ནས་དགུང་བཅུ་འདས་པ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་དགུང་བཅུ་འདས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་རྙེད་ནས་དགུང་བཅུ་འདས་པ་དང་མཚན་འཕོས་ནས་དགེ་སློང་ཕར་གྱུར་ཏེ་དགུང་བཅུ་འདས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགུང་བཅུ་ལ་དགུང་བཅུར་འདུ་ཤེས་ཏེ་སྐྱ་རེངས་ཤར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགུང་བཅུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །དགུང་བཅུ་མ་ལགས་པ་ལ་དགུང་བཅུར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །ཞག་བཅུར་མ་ལོན་པ་ལ་ཞག་བཅུ་མ་ལོན་པར་འདུ་ཤེས་ན། ལྟུང་བ་མེད་དོ། །བཙུན་པ། གཏན་པ་བཏིང་བའི་གནས་སུ་དགེ་སློང་གིས་གོས་ཤིག་རྙེད་ན། གོས་དེ་སྤང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་དེའི་གོས་སྤང་བར་གྱུར་ནས་དགེ་སློང་དེས་གོས་དེ་མ་སྤངས། བྲལ་བར་མ་བྱས། ཉེས་པ་མ་མཐོལ་བའི་བར་དུ་དགེ་འདུན་གྱིས་གཏན་པ་བཏིང་བ་དང་། དགེ་སློང་དེ་གོས་རྙེད་ན་སྤང་བར་འགྱུར་རོ། །བཙུན་པ་
བསླབ་པ་སྩལ་བ་རྣམས་ཀྱིས་དགུང་བཅུ་ལས་ལྷག་པར་གོས་ལྷག་པ་བཅངས་ན། ཅིར་འགྱུར། སྤང་པའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་དགུང་བཅུ་ལས་འདས་པར་གོས་ལྷག་པ་བཅངས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ཀྱིས་ཞག་བཅུ་ལས་འདས་པར་གོས་ལྷག་པ་བཅངས་ན། ཉེས་བྱས་སུ་འགྱུར་རོ། །མདོར་ན། དགེ་འདུན་གྱི་དང་ས་དང་མཚམས། །མནན་དང་བསྐོར་བར་མ་བྱས་དང་། །མཚམས་མ་བཅད་དང་མ་གཡོགས་དང་། །བཞི་རྒྱུད་མཚན་ཡང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་པར་གནང་ངམ། ཨུ་པ་ལི། མི་གནང་ངོ་། །བཙུན་པ། དེ་འདྲ་བའི་རྐྱེན་བྱུང་ན། གནང་ངམ། ཨུ་པ་ལི། གནང་ངོ་། །བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་ཆོས་གོས་བྱིན་གྱིས་བརླབས་ཏེ་ཆོས་གོས་མ་མཆིས་པར་མཚམས་ཀྱི་སླད་རོལ་ཏུ་བྲལ་བར་བགྱིས་ན་ཆོས་གོས་དང་བྲལ་བཞེས་བགྱིའམ། བྲལ་བ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །ནོངས་པ་མཐོལ་བར་བགྱིའམ། མཐོལ་བར་བྱའོ། །བཙུན་པ། དགེ་སློང་གིས་ཆོས་གོས་ས་ལ་བཞག་སྟེ་ནམ་མཁའ་ལ་སྐྱ་རེངས་ཤར་རམ། ཆོས་གོས་ནམ་མཁའ་ལ་བཞག་སྟེ་ས་ལ་སྐྱ་རེངས་ཤར་ན། ཆོས་གོས་དང་བྲལ་བའམ། མ་བྲལ་བ་ཞེས་བགྱི། བྲལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་ཆོས་གོས་མཚམས་ཀྱི་ནང་དུ་བཞག་སྟེ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་ཤར་རམ། མཚམས་ཀྱི་སླད་རོལ་ཏུ་ཆོས་གོས་བཞག་ལ་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། བྲལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་མཚམས་མནན་ན། མཚམས་བཟུང་། མཚམས་སུ་འགྲེང་ངམ་འདུག་ལ། མཚམས་ཀྱི་བར་དུ་ཆོས་གོས་བཞག་སྟེ་སྐྱ་རེངས་ཤར་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། བྲལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་མཚམས་ཀྱི་ནང་དུ་མཆིས་ལ། ཆོས་གོས་ཀྱང་
མཚམས་ཀྱི་ནང་དུ་བཞག་པ་ལས། ཆོས་གོས་དེ་དང་འབྲལ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཆོས་གོས་ཀྱི་སྡོམ་པ་མ་བསྐོས་པའོ། །བཙུན་པ། མཚམས་མ་བཅད་པའི་གནས་སུ་ཇི་ཙམ་གྱིས་ན། དགེ་སློང་ཆོས་གོས་དང་བྲལ་བ་ཞེས་བགྱི། ཨུ་པ་ལི། ཇི་ཙམ་གཙུག་ལག་ཁང་གི་ཉེ་འཁོར་ཏམ། ཁང་པའམ། སྒོ་ཁྱམས་སམ། བསྐོར་བའི་ཁང་པའམ། དགེ་སློང་གིས་ཀུན་ཏུ་སྤྱད་པའི་ཀུན་དགའ་ར་བའམ། ཕྱི་རའམ། ཤིང་ཐགས་སམ། འོ་བས་རྣམས་ཤེས་པར་བྱའོ། །བཙུན་པ། དགེ་སློང་གིས་གནས་གཅིག་ལ་ཐོག་ཀྱང་གཅིག་པར་གནས་ལ། དེ་ཉིད་དུ་ཆོས་གོས་ཀྱང་བཞག་ན། དེ་ཆོས་གོས་དང་བྲལ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གནས་དེར་མུ་སྟེགས་ཅན་སྣ་ཚོགས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་རྣམས་གནས་པ་དང་སྤུན་སོ་སོར་བགོས་པ་རྣམས་སུའོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་སྟེ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་ཤར་བ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་ལ། མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་ཤར་བ་དང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་སུའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། དགེ་སློང་གིས་དགེ་སློང་དང་། དགེ་ཚུལ་ཕའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་ཕས་ནི་དགེ་སློང་
དང་། དགེ་ཚུལ་བའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་མས་ནི། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློབ་མས་ནི། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་ཀྱི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་མས་ནི། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་ཀྱི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱ་སྟེ། སླར་དབྱུང་བ་དང་། བསྔོ་བ་ཡང་དེ་བཞིན་དུ་བྱའོ། །བཙུན་པ། བསླབ་པ་སྩལ་བས་ཆོས་གོས་མ་མཆིས་པར་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་ཤར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་སྤང་བའི་ལྟུང་བ་རྒྱས་པར་བརྗོད་དོ། །དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། །མདོར་ན། སེམས་འཁྲུགས་པ་དང་དུས་ལས་འདས། །རུང་བ་དག་ཀྱང་དེ་བཞིན་ཏེ། །མི་རུང་བ་དང་གདིང་བ་ཡང་། །དེ་བཞིན་རྫོགས་པ་བཞི་དང་མཚན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རིང་ན་ཡང་ཟླ་བ་གཅིག་ཏུ་གོས་ཞོག་ཅིག་ཅེས་གསུངས་ན། བཙུན་པ།དགེ་སློང་གིས་གོས་རྙེད་མ་ཐག་ཏུ་སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་ཟླ་བ་བགྲང་བར་བགྱི། ནམ་རང་གི་སེམས་ཕྱིར་རྙེད་པ་ཚུན་ཆད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། དགེ་སློང་གིས་རིང་ན་ཟླ་བ་གཅིག་ཏུ་གོས་ཆོངས་ཤིག་ཅེས་གསུངས་ན། བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་གོས་བཞག་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཟླ་བ་གཅིག་ཚུན་ཆད་དུས་བྱས་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རིང་ན་ཡང་ཟླ་བ་གཅིག་ཏུ་གོས་ཞོག་ཅིག་ཅེས་གསུངས་ན། གོས་དེ་ཇི་ལྟ་བུ་ལགས། རུང་བ་བདུན་པོ་ལས་གང་ཡང་རུང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་མ་བཀག་སྟེ། གནང་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རིང་ན་ཡང་ཟླ་བ་གཅིག་ཏུ་གོས་
ཞོག་ཅིག་ཅེས་གསུངས་ན། དགེ་སློང་གིས་ཟླ་བ་གཅིག་ལས་ལྷག་པར་བཞག་ཀྱང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གོས་དེ་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དྭགས་ཀྱི་བལ་དང་འདྲེས་པ་པ་དང་། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ནི། ཟླ་བ་གཅིག་ལས་ལྷག་པར་བཞག་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རིང་ན་ཡང་དགེ་སློང་གིས་གོས་ཟླ་བ་གཅིག་ཏུ་ཞོག་ཅིག་ཅེས་གསུངས་ན། བཙུན་པ། དགེ་སློང་གིས་ཟླ་བ་དྲུག་ཏུ་གོས་བཞག་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གོས་རྙེད་ནས་ཞག་སུམ་ཅུ་ལོན་པ་དང་། དགེ་འདུན་གྱི་གཏན་པ་བཏིང་པར་གྱུར་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཆོས་གོས་གསུམ་དུ་མ་ལོངས་པ་ཟླ་བ་གཅིག་ཏུ་ཞོག་ཅིག་ཅེས་གསུངས་ན། བཙུན་པ། དགེ་སློང་གང་ཆོས་གོས་གསུམ་ལོངས་པར་ཡང་གྱུར་ལ། དེས་ཆོས་གོས་གསུམ་མ་ལོངས་པ་ཞིག་རྙེད་ན། དེ་ཡང་རིང་ན་ཟླ་བ་གཅིག་ཏུ་གཞག་པར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གོས་གསུམ་ཚང་ན། གང་གོས་གཞན་རྙེད་པ་དག་ལོངས་ཀྱང་རུང་། མ་ལོངས་ཀྱང་རུང་སྟེ།དེ་ཐམས་ཅད་ཀྱང་རིང་ན་ཡང་ཞག་བཅུར་ཞོག་ཅིག་།ཆོས་གོས་གསུམ་ལོངས་པ་ཞིག་ལ་གལ་ཏེ་ཆོས་གོས་སུ་ལོངས་པ་རྙེད་ན། དེ་ཡང་རིང་ན། ཞག་བཅུར་ཞོག་ཅིག་།འོན་ཏེ་མ་ལོངས་པ་ཞིག་རྙེད་ན། རིང་ན་ཡང་ཟླ་བ་གཅིག་ཏུ་གཞག་པར་བྱའོ། །དེ་ལས་འདས་པར་བཞག་ན། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཟླ་བ་གཅིག་ལ་ཟླ་བ་གཅིག་ཏུ་འདུ་ཤེས་ཏེ་སྐྱ་རེངས་ཤར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །ཟླ་བ་གཅིག་ལ་ཟླ་བ་གཅིག་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །ཟླ་བ་གཅིག་མ་ཡིན་པ་ལ་ཟླ་བ་གཅིག་ཏུ་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །ཟླ་བ་གཅིག་མ་ལོན་པ་ལ་ཟླ་བ་གཅིག་
མ་ལོན་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་རྙེད་ནས་ཟླ་བ་གཅིག་ཏུ་བཞག་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཟླ་བ་གཅིག་འདས་ན། ཅིར་འགྱུར། སྤང་པའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་གོས་རྙེད་ནས་ཟླ་བ་གཅིག་ཏུ་བཞག་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ཟླ་བ་གཅིག་འདས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། བསླབ་པ་སྩལ་བས་རིང་ན་ཟླ་བ་གཅིག་ཏུ་གོས་བཞག་པ་ལས་འདས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་རིང་ན་ཟླ་བ་གཅིག་ཏུ་གོས་བཞག་པ་ལས་འདས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་ཀྱིས་རིང་ན་ཟླ་བ་གཅིག་འདས་པར་གོས་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །