ལེའུ་ཉི་ཤུ་ལྔ་པ།
དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཤིན་དུ་རྣམ་པར་དག་པའི་སླད་དུ་སྣང་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཕྱག་བགྱི་བར་འོས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བདག་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མ་གོས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་བསྩལ་པ་ལ་རབ་རིབ་མ་མཆིས་པར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ན་མཆོག་ཏུ་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འཇིགས་པ་དང་། གནོད་པ་དང་། འཚེ་བ་ཐམས་ཅད་རབ་ཏུ་བྱང་བའི་སླད་དུ་བདེ་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་མིག་ལྔ་ཡོངས་སུ་ཐོབ་པར་བགྱིད་པ་ལ་སྣང་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སེམས་ཅན་ཤུལ་གོལ་བར་ཞུགས་པ་རྣམས་ཀྱི་མཐའ་ལས་ཟློག་པའི་སླད་དུ་ཤུལ་སྟོན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པ་ནི་སངས་རྒྱས་ཀྱི་ཆོས་སྐྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་མ་སྐྱེས་མ་འགགས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མི་རྟག་མི་འཇིག་པའི་སླད་དུ་འཁོར་བའི་གཉེན་པོའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་རིན་པོ་ཆེ་ཐམས་ཅད་སྟོབས་པའི་སླད་དུ། སེམས་ཅན་མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཐུབ་པ་མ་མཆིས་པའི་སླད་དུ་སྟོབས་བཅུ་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འགྲོ་བ་དང་ལྡོག་པ་མ་མཆིས་པའི་སླད་དུ། རྣམ་པ་བཅུ་གཉིས་ རྒྱུད་གསུམ ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་སམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་སམ། རང་སངས་རྒྱས་ཀྱི་ཐེག་པ་པས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་སྟོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པར་བྱའོ། །སྟོན་པ་ལ་ཇི་ལྟར་ཕྱག་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ། སྟོན་པ་ཡང་གཞན་མ་ཡིན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་གཞན་མ་ཡིན། སྟོན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱང་སྟོན་པའོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་
སངས་རྒྱས་དང་། དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་ཏུ་ཞུགས་པ་རྣམས་འབྱུང་ངོ་། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འབྱུང་ངོ་། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཞུ་བ་འདི་ནི་གང་ལས་སྐྱེས། ཅིའི་རྒྱུ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་བ་རྣམས་ནི་ཐབས་མཁས་པས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་
བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རང་སངས་རྒྱས་དང་བཅས་པ་དེ་དག་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ནས་བདག་གི་ཞུ་བ་སྐྱེས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། དམུས་ལོང་བརྒྱའམ། སྟོང་ངམ། བརྒྱ་ཕྲག་སྟོང་ཡང་རུང་སྟེ། དམིགས་བུ་མེད་པས་ལམ་དུ་འཇུག་པར་ཡང་མི་ནུས་ན། གྲོང་ཁྱེར་དུ་འགྲོ་བར་ལྟ་ག་ལ་ནུས། ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་ལྔ་པོ་འདི་དག་ནི་དམུས་ལོང་ལྟ་བུར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མེད་ན། དེ་དག་ལ་དམིགས་བུ་མེད་པས་བྱང་ཆུབ་ཀྱི་ལམ་ཡང་སྐྱེད་མི་ནུས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པར་ལྟ་ག་ལ་ནུས། ཀཽ་ཤི་ཀ་ཕ་རོལ་དུ་ཕྱིན་པ་ལྔ་ནམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར་པ་དེའི་ཚེ། མིག་དང་ལྡན་པར་འགྱུར་ཏེ། ཕ་རོལ་དུ་ཕྱིན་པ་ལྔ་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་དུ་ཕྱིན་པའི་མིང་འཐོབ་པོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་ར་དྭ་ཏིའི་བུས་གང་འདི་སྐད་དུ། ཕ་རོལ་དུ་ཕྱིན་པ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་དུ་ཕྱིན་པའི་མིང་འཐོབ་པོ་ཞེས་སྨྲས་ན། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ནི་དེར་ཡང་མ་ཟད་དེ། ཕ་རོལ་དུ་ཕྱིན་པ་ལྔ་ནི་སྦྱིན་པའི་ཕ་
རོལ་དུ་ཕྱིན་པས་ཡོངས་སུ་བཟུང་ཡང་ཕ་རོལ་དུ་ཕྱིན་པའི་མིང་འཐོབ་བམ། ཕ་རོལ་དུ་ཕྱིན་པ་ལྔ་ནི་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་ཡང་ཕ་རོལ་དུ་ཕྱིན་པའི་མིང་འཐོབ་བམ། སྨྲས་པ་དེ་ལྟ་མ་ཡིན་ཏེ།ཀཽ་ཤི་ཀ་དེ་ནི་དེ་ལྟ་མ་ཡིན་ནོ། །ཕ་རོལ་དུ་ཕྱིན་པ་ལྔ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་དུ་ཕྱིན་པའི་མིང་འཐོབ་པར་མི་འགྱུར་ཕ་རོལ་དུ་ཕྱིན་པ་ལྔ་ནི་ཚུལ་ཁྲིམས་དང་བཟོད་པ་དང་། བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་དུ་ཕྱིན་པའི་མིང་འཐོབ་པར་མི་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་བའི་ཕ་རོལ་དུ་ཕྱིན་པ་ལྔ་ནི། ཕ་རོལ་དུ་ཕྱིན་པའི་མིང་འཐོབ་སྟེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཀཽ་ཤི་ཀ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཕ་རོལ་དུ་ཕྱིན་པ་ལྔ་པོ་འདི་དག་གི་རབ་ཅེས་བྱའོ། །གཙོ་བོ་དང་དམ་པ་དང་མཆོག་དང་ཕུལ་དང་གྱ་ནོམ་པ་དང་བླ་ན་མེད་པ་དང་གོང་ན་མེད་པ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་གཟུགས་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ནང་སྟོང་པ་ཉིད་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཐམས་ཅད་ཤེས་པ་ཉིད་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཟུགས་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། ཇི་ལྟར་
ཆོས་ཐམས་ཅད་ཀྱི་བར་དུ་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་མངོན་པར་འདུ་བྱ་བ་མེད་པ་དང་། གཟུགས་སྐྱེ་བ་མེད་པ་དང་། གཟུགས་འགག་པ་མེད་པ་དང་། གཟུགས་དམིགས་པ་མེད་པ་དང་། གཟུགས་འཇིག་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆོས་ཐམས་ཅད་ཀྱི་བར་དུ་མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་། དམིགས་པ་མེད་པ་དང་། འཇིག་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆོས་གང་ཐོབ་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་དོ། །ནམ་ཆོས་གང་ཡང་ཐོབ་པར་མི་བྱེད་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གྲངས་སུ་འགྲོའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཐོབ་པར་མི་བགྱིད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དགེ་བའི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །དགེ་བའི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་གང་གི་ཕྱིར་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་མི་གནས་ཏེ། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཀཽ་ཤི་ཀ་གང་དེ་སྐད་དུ་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བྱེད། དམིགས་པར་མི་བྱེད་དོ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད། དམིགས་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། མིང་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་དང་། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐོབ་པར་མི་བྱེད་པ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐོབ་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དམིགས་པ་དང་། མི་ལེན་པ་དང་། མི་གནས་པ་དང་། མི་འདོར་བ་དང་། མངོན་པར་ཆགས་པ་མེད་པ་དེ་ལྟར་ཐོབ་པར་བྱེད་དེ། གང་ཡང་ཐོབ་པར་བྱེད་པ་མེད་དོ། །ཀཽ་ཤི་ཀ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་མི་བྱེད་དེ། གང་ཡང་ཐོབ་པར་མི་བྱེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། དམིགས་པ་མ་མཆིས་པ་དང་།འཇིག་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་བགྱིད་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་མི་བགྱིད་པའོ་ཞེས་དེ་ལྟ་བུའི་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་
དུ་ཕྱིན་པ་འདོར་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདོར་བར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་བྱེད་པ་དེ་ལྟ་བུའི་རྣམ་གྲངས་ཡོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་གསོབ་བོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་གསོག་གོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྙིང་པོ་མེད་པའོ་སྙམ་དུ་དེ་ལྟར་འདུ་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདོར་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་བྱེད་པའོ། །རབ་འབྱོར་དེ་ནི་རྣམ་གྲངས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདོར་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་བྱེད་པའི་རྣམ་གྲངས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡིད་ཆེས་པས་ཆོས་གང་ལ་ཡིད་ཆེས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མི་འགྱུར་རོ། །མྱིག་ལ་ཡིད་ཆེས་པར་མི་འགྱུར་རོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་ལ་ཡིད་ཆེས་པར་མི་འགྱུར་རོ། །གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ། །སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་ལ་ཡིད་ཆེས་པར་མི་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མི་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་
པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མི་འགྱུར་རོ། །མིག་གི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡིད་ཆེས་པར་མི་འགྱུར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ཡིད་ཆེས་པར་མི་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ཡིད་ཆེས་པར་མི་འགྱུར་རོ། །སའི་ཁམས་ལ་ཡིད་ཆེས་པར་མི་འགྱུར་རོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ལ་ཡིད་ཆེས་པར་མི་འགྱུར་རོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་ལ་ཡིད་ཆེས་པར་མི་འགྱུར་རོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡིད་ཆེས་པར་མི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡིད་ཆེས་པར་མི་འགྱུར་རོ། །ནང་སྟོང་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ། །ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡིད་ཆེས་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཡིད་ཆེས་པར་མི་འགྱུར་རོ། །འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་
ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡིད་ཆེས་པར་མི་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡིད་ཆེས་པར་མི་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ། །རང་བྱང་ཆུབ་ལ་ཡིད་ཆེས་པར་མི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མི་འགྱུར་བ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡིད་ཆེས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡིད་ཆེས་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། ཕ་རོལ་དུ་ཕྱིན་པ་ཆེན་མོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒྱུ་གང་གིས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཕ་རོལ་དུ་ཕྱིན་པ་ཆེན་མོ་ཡིན། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཆེ་བར་
མི་བགྱིད། ཆུང་བར་མི་བགྱིད། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ནང་སྟོང་པ་ཉིད་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་འདུ་བར་མི་བགྱིད། ཡངས་པར་མི་བགྱིད། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་འདུ་བར་མི་བགྱིད། ཡངས་པར་མི་བགྱིད།
བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་འདུ་བར་མི་བགྱིད། ཡངས་པར་མི་བགྱིད། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། གཟུགས་རྒྱ་ཆེན་པོར་མི་བགྱིད། རྒྱ་ཆུང་ངུར་མི་བགྱིད། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རྒྱ་ཆེན་པོར་མི་བགྱིད། རྒྱ་ཆུང་ངུར་མི་བགྱིད། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། གཟུགས་མཐུ་དང་ལྡན་པར་མི་བགྱིད། མཐུ་མ་མཆིས་པར་མི་བགྱིད། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མཐུ་དང་ལྡན་པར་མི་བགྱིད། མཐུ་མ་མཆིས་པར་མི་བགྱིད་དེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་ཆེན་མོའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྟེན་ནས། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་ཆེ་བར་མི་བྱེད། ཆུང་བར་མི་བྱེད་དོ། །བྱང་ཆུབ་དང་། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཆེ་བར་མི་བྱེད། ཆུང་བར་མི་བྱེད་དོ། །གཟུགས་མཐུ་དང་ལྡན་པའི་བར་དུ་མི་བྱེད་དེ། མཐུ་མེད་པར་མི་བྱེད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མཐུ་དང་ལྡན་པར་མི་བྱེད། མཐུ་མེད་པར་མི་བྱེད་དོ་ཞེས་བགྱི་བར་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་
དུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་གཟུགས་ཆེ་བར་བགྱིད་པའམ། ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཆེ་བར་བགྱིད་པའམ། ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། མཐུན་པའི་འབྲས་བུ་མ་ལགས་སོ། །གང་གཟུགས་མཐུ་དང་ལྡན་པའི་བར་དུ་བགྱིད་པའམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མཐུ་དང་ལྡན་པའམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ཏེ། བཅོམ་ལྡན་འདས་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཆེ་བར་བགྱིད་པའམ། ཆུང་བར་བགྱིད་པའམ། བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཆེ་བར་བགྱིད་པའམ། ཆུང་བར་བགྱིད་པའམ། གང་གཟུགས་མཐུ་དང་ལྡན་པའི་བར་དུ་བགྱིད་པའམ། མཐུ་མ་མཆིས་པར་བགྱིད་པའམ། བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མཐུ་དང་ལྡན་པའི་བར་དུ་བགྱིད་པའམ། མཐུ་མ་མཆིས་པའི་བར་དུ་བགྱིད་པ་དེ་ནི་དེའི་དམིགས་པ་ཆེན་པོར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། དམིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་ཅེས་བགྱི་བ་མ་མཆིས་ཏེ། དེ་ནི་འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པ་དང་། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་
རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སེམས་ཅན་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །གཟུགས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རང་བཞིན་མ་མཆིས་པ་དང་། བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སེམས་ཅན་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །གཟུགས་དངོས་པོ་མ་མཆིས་པའི་སླད་དུ།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དངོས་པོ་མ་མཆིས་པ་དང་། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །སེམས་ཅན་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །སེམས་ཅན་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དབེན་པར་བལྟའོ། །གཟུགས་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དབེན་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དབེན་པ་དང་། བྱང་ཆུབ་དང་། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དབེན་པར་བལྟའོ། །སེམས་ཅན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་མཆིས་པར་བལྟའོ། །གཟུགས་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་
མཆིས་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མ་མཆིས་པ་དང་། བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་མཆིས་པར་བལྟའོ། །སེམས་ཅན་བསམ་གྱིས་མི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསམ་གྱིས་མི་ཁྱབ་པར་བལྟའོ། །གཟུགས་བསམ་གྱིས་མི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསམ་གྱིས་མི་ཁྱབ་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསམ་གྱིས་མི་ཁྱབ་པར་བལྟའོ། །སེམས་ཅན་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །གཟུགས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམ་པར་འཇིག་པ་མ་མཆིས་པ་དང་། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །གཟུགས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པ་དང་། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་
སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །སེམས་ཅན་གྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །གཟུགས་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པ་དང་། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་བལྟའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ཀྱང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་ཆེན་མོའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ཉི་ཤུ་ལྔ་པའོ།། །།