བཞི་བཅུ་རྩ་ལྔ་པ། སྡོང་པོས་བརྒྱན་པའི་ལེའུ། སྨད་ཆ།
སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དང་པོ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་སློང་བལྟ་ན་སྡུག་པ་དེའི་གདམས་ངག་རྗེས་སུ་སློབ་ཤིང་སྤེལ་བ་དང་། བསྡུད་པ་དང་རབ་ཏུ་དབྱེ་བ་དང་། བཤད་པ་དང་། སོ་སོར་རྣམ་པར་བསྒོམ་པ་དང་བརྗོད་པ་དང་། ཡང་དག་པར་བསྟན་པ་དང་། རྗེས་སུ་བསམ་པ་དང་། མངོན་པར་འཇུག་པར་བྱ་བ་དང་། བཀུར་བ་དང་ཁོང་དུ་ཆུད་པར་བྱ་བ་དང་། ཡང་དག་པར་གཞོལ་བར་བྱ་བ་དང་། ཡང་དང་ཡང་བསླས་པ་དང་། ཤིན་ཏུ་རྟོགས་པར་བྱ་བ་དང་། རབ་ཏུ་བསྟན་པ་དང་། སྣང་བར་བྱ་བ་དང་། རྗེས་སུ་རྣམ་པར་ལྟ་བ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟའི་འཁོར་དང་བཅས་པ་དེ་མཐར་གྱིས་ཡུལ་དགེ་སྦྱོང་གི་དཀྱིལ་འཁོར་གྱི་གྲོང་ཁྱེར་སྒོ་བཟང་པོ་གང་ན་བ་དེར་ཕྱིན་ཏེ། ཁྱེའུ་དབང་པོའི་དབང་ཕྱུག་ཡོངས་སུ་ཚོལ་ཚོལ་བ་ལས་དེའི་སྟེང་གི་བར་སྣང་ལས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་བོས་པ། རིགས་ཀྱི་བུ་
ཁྱེའུ་དབང་པོའི་དབང་ཕྱུག་ནི། ཆུ་ཀླུང་གི་ཆུ་འདུས་པ་ཉེ་བ་ཞིག་ན། བྱིས་པ་སྟོང་ཕྲག་བཅུ་ཙམ་གྱིས་བསྐོར་ཏེ། བྱེ་མ་ལ་རྩེ་བས་རྩེ་ཞིང་འདུག་གོ་ཞེས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་སྒོ་བཟང་པོ་དང་། ཉེ་བའི་ཆུ་ཀླུང་གི་ཆུ་འདུས་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། དེས་ཁྱེའུ་དབང་པོའི་དབང་ཕྱུག་བྱིས་པ་སྟོང་ཕྲག་བཅུ་ཙམ་གྱིས་བསྐོར་ཅིང་བྱེ་མ་ལ་རྩེ་བས་རྩེ་བ་མཐོང་ངོ་། །མཐོང་ནས་ཀྱང་ཁྱེའུ་དབང་པོའི་དབང་ཕྱུག་གང་ན་བ་དེར་སོང་སྟེ། ཁྱེའུ་དབང་པོའི་དབང་ཕྱུག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཁྱེའུ་དབང་པོའི་དབང་ཕྱུག་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཁྱེའུ་དབང་པོའི་དབང་ཕྱུག་གི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁོ་བོ་ནི་འཇམ་དཔལ་གཞོན་ནུར་གྱུར་པས་ཡི་གེ་དང་། གྲངས་དང་། བརྡ་དང་། རྩིས་ཀྱི་ཚུལ་བསླབས་ཏེ། བཟོ་ཐམས་ཅད་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་ཡེ་ཤེས་ཀྱི་སྒོར་བཅུག་གོ །དེ་ལྟར་རིགས་ཀྱི་བུ་ཁོ་བོས་ནི་
འཇིག་རྟེན་ན་ཡི་གེ་དང་། མྱིང་གི་རྣམ་པ་དང་། གྲངས་དང་། རྩིས་དང་། བརྡ་དང་། ཤོད་ཐབས་ཤེས་པར་བྱ་བ་དང་། བཟོ་སྣ་ཚོགས་ཤེས་པར་བྱ་བ་དང་། ཁམས་ཀྱི་ཆོ་ག་དང་། དུག་གསོ་བའི་ཐབས་དང་། སྐེམ་པ་དང་། བརྗེད་བྱེད་དང་། འབྱུང་པོའི་གདོན་གྱིས་བཏབ་པ་གསོ་བ་དང་། གྲོང་དང་། གྲོང་ཁྱེར་དང་། ཚོང་དུས་དང་། བཟའ་ཤིང་གི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། གནས་རྣམ་པར་དགོད་པ་ཤེས་པར་བྱ་བ་དང་། ར་བ་དང་། ཁང་པ་དང་། སྐར་ཁུང་དང་། ཁང་པ་བརྩེགས་པའི་ཚད་ཤེས་པར་བྱ་བ་དང་། འཁྲུལ་འཁོར་དང་། ཤིང་རྟ་སྦྱར་བའི་ཚུལ་སྣ་ཚོགས་ཤེས་པར་བྱ་བ་དང་། དགེ་མི་དགེ་དང་། འཇིགས་མི་འཇིགས་ཀྱི་ལྟས་དང་། མཚན་མ་ཤེས་པར་བྱ་བ་དང་། རྨོས་དང་། ཚོང་དང་། རྣམ་པར་སྤྱད་པ་སྦྱར་བའི་ཆོ་ག་ཤེས་པར་བྱ་བ་དང་། སེམས་ཅན་གྱི་ཡན་ལག་དང་། ཉིང་ལག་གི་མཚན་གྱི་རྒྱུད་དང་། རྒྱུས་དང་། རྣམ་པར་དཔྱད་པ་ཤེས་པར་བྱ་བ་དང་། བདེ་འགྲོ་དང་ངན་སོང་གི་ལས་ཀྱི་ལམ་རྣམ་པར་དག་པར་བྱ་བའི་ཚུལ་ཤེས་པར་བྱ་བ་དང་། དགེ་བ་དང་མི་དགེ་བའི་ཆོས་དང་། ཚོགས་མཆོད་པ་ཤེས་པར་བྱ་བ་དང་། བདེ་འགྲོ་དང་ངན་སོང་གི་ཚོགས་ཤེས་པར་བྱ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཚོགས་ཤེས་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སའི་ཚོགས་ཤེས་པར་བྱ་བ་དང་། རྒྱུ་དང་བྱེད་པ་དང་། སྦྱོར་བའི་རྒྱུད་ཤེས་པར་བྱ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཤེས་ཏེ། དེ་དག་ལ་སེམས་ཅན་ཡོངས་སུ་གཟུད་པ་བྱེད་དོ། །རབ་ཏུ་དགོད་པ་བྱེད་དོ། །ཡོངས་སུ་གཞོག་པ་བྱེད་དོ། །སློབ་ཏུ་འཛུད་དོ། །སྦྱོང་དུ་འཛུད་དོ། །བརྟན་པར་བྱེད་དོ། །ལྷུར་ལེན་པར་བྱེད་དོ། །རྫོགས་པར་བྱེད་དོ། །ཡོངས་སུ་སྒྲུབ་པར་བྱེད་དོ། །ཡོངས་སུ་སྤྱོད་པར་བྱེད་དོ། །གསལ་བར་བསྟན་པར་བྱེད་དོ། །རྣམ་པར་འཕེལ་བར་བྱེད་དོ། །མཚན་མར་བྱེད་དོ། །མཐར་ཕྱིན་པར་བྱེད་དོ། །རྣམ་པར་སྦྱོང་བར་བྱེད་དོ། །དྲི་མ་མེད་པར་བྱེད་དོ། །ཤིན་ཏུ་དག་པར་བྱེད་དོ། །འོད་གསལ་ཞིང་དང་བར་བྱེད་དོ། །ཤིན་ཏུ་ཡངས་པར་བྱེད་དོ། །དེ་ལྟར་རིགས་ཀྱི་བུ་ཁོ་བོས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩིས་ཀྱི་ཚུལ་ཤེས་པ་དེ་
གང་ཞེ་ན། བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བའོ། །བྱེ་བ་བྱེ་བ་ན་ཁོད་ཁོད་དོ། །ཁོད་ཁོད་ཁོད་ཁོད་ན་ཐ་དགུའོ། །ཐ་དགུ་ཐ་དགུ་ན་ཁྲིག་ཁྲིག་གོ །ཁྲིག་ཁྲིག་ཁྲིག་ཁྲིག་ན་ཐམས་ཐམས་སོ། །ཐམས་ཐམས་ཐམས་ཐམས་ན་མྱད་མྱིད་དོ། །མྱད་མྱིད་མྱད་མྱིད་ན་གང་ཡའོ། །གང་ཡ་གང་ཡ་ན་བན་བུན་ནོ། །བན་བུན་བན་བུན་ན་ཕྱར་ཕྱུར་རོ། །ཕྱར་ཕྱུར་ཕྱར་ཕྱུར་ན་ལྕག་ལྕིག་གོ །ལྕག་ལྕིག་ལྕག་ལྕིག་ན་བྱང་བྱིང་ངོ་། །བྱང་བྱིང་བྱང་བྱིང་ན་ཆེམ་ཆེམ་མོ། །ཆེམ་ཆེམ་ཆེམ་ཆེམ་ན་ཕྱལ་ཕྱོལ་ལོ། །ཕྱལ་ཕྱོལ་ཕྱལ་ཕྱོལ་ན་ཁྱུད་ཁྱུད་དོ། །ཁྱུད་ཁྱུད་ཁྱུད་ཁྱུད་ན་ཟར་ཟེར་རོ། །ཟར་ཟེར་ཟར་ཟེར་ན་ཁྲིབ་ཁྲིབ་པོ། །ཁྲིབ་ཁྲིབ་ཁྲིབ་ཁྲིབ་ན་ཡ་གངས་སོ། །ཡ་གངས་ཡ་གངས་ན་ཆོ་མའོ། །ཆོ་མ་ཆོ་མ་ན་ཁྲམ་ཁྲིམ་མོ། །ཁྲམ་ཁྲིམ་ཁྲམ་ཁྲིམ་ན་ནབ་ནུབ་བོ། །ནབ་ནུབ་ནབ་ནུབ་ན་སང་སང་ངོ་། །སང་སང་སང་སང་ན་བརྒྱུད་ཡས་སོ། །བརྒྱུད་ཡས་བརྒྱུད་ཡས་ན་བཏང་ཡས་སོ། །བཏང་ཡས་བཏང་ཡས་ན་བཀྲ་ཡར་རོ། །བཀྲ་ཡར་བཀྲ་ཡར་ན་གསའ་ཡས་སོ། །གསའ་ཡས་གསའ་ཡས་ན་མཚུངས་མེད་དོ། །མཚུངས་མེད་མཚུངས་མེད་ན་ལམ་ལུམ་མོ། །ལམ་ལུམ་ལམ་ལུམ་ན་ཡལ་ཡོལ་ལོ། །ཡལ་ཡོལ་ཡལ་ཡོལ་ན་ཁྲལ་ཁྲུལ་ལོ། །ཁྲལ་ཁྲུལ་ཁྲལ་ཁྲུལ་ན་ཐུད་ཐུད་དོ། །ཐུད་ཐུད་ཐུད་ཐུད་ན་བསམ་ཕྱོད་དོ། །བསམ་ཕྱོད་བསམ་ཕྱོད་ན་བྲང་བྲེང་ངོ་། །བྲང་བྲེང་བྲང་བྲེང་ན་བགྲོད་ཡས་སོ། །བགྲོད་ཡས་བགྲོད་ཡས་ན་བསྔོ་ཡས་སོ། །བསྔོ་ཡས་བསྔོ་ཡས་ན་ཟང་ཡག་གོ །ཟང་ཡག་ཟང་ཡག་ན་འཕྲོ་བཀྱེའོ། །འཕྲོ་བཀྱེ་འཕྲོ་བཀྱེ་ན་རྩེ་འཕྱོའོ། །རྩེ་འཕྱོ་རྩེ་འཕྱོ་ན་ཡོང་ཏན་ནོ། །ཡོང་ཏན་ཡོང་ཏན་ན་བྲུག་གཡོས་སོ། །བྲུག་གཡོས་བྲུག་གཡོས་ན་སང་ཡལ་ལོ། །སང་ཡལ་སང་ཡལ་ན་འཐིང་ཡུག་གོ །འཐིང་ཡུག་འཐིང་ཡུག་ན་ཡིད་འཕྱོའོ། །ཡིད་འཕྱོ་ཡིད་འཕྱོ་ན་ནབ་ནེབ་བོ། །ནབ་ནེབ་ནབ་ནེབ་ན་ཁྲིག་ཐམས་སོ། །ཁྲིག་ཐམས་ཁྲིག་ཐམས་ན་ཡལ་ཡལ་ལོ། །ཡལ་ཡལ་ཡལ་ཡལ་ན་བགྲང་ཡས་སོ། །བགྲང་ཡས་བགྲང་ཡས་ན་ཐུག་ཡལ་ལོ། །ཐུག་ཡལ་ཐུག་ཡལ་ན་ཤང་ཤང་ངོ་། །ཤང་ཤང་ཤང་ཤང་ན་ཡག་ཡག་གོ། །
ཡག་ཡག་ཡག་ཡག་ན་ཐམ་ཐིམ་མོ། །ཐམ་ཐིམ་ཐམ་ཐིམ་ན་རློམ་བསྙལ་ལོ། །རློམ་བསྙལ་རློམ་བསྙལ་ན་གཞལ་འཕྱོས་སོ། །གཞལ་འཕྱོས་གཞལ་འཕྱོས་ན་གཞལ་ཡལ་ལོ། །གཞལ་ཡལ་གཞལ་ཡལ་ན་གཞལ་མེད་དོ། །གཞལ་མེད་གཞལ་མེད་ན་གཞལ་འཁོར་ཏོ། །གཞལ་འཁོར་གཞལ་འཁོར་ན་གཞལ་ཐིམ་མོ། །གཞལ་ཐིམ་གཞལ་ཐིམ་ན་གར་གཞལ་ལོ། །གར་གཞལ་གར་གཞལ་ན་གཞལ་སངས་སོ། །གཞལ་སངས་གཞལ་སངས་ན་གཞལ་ཐག་གོ །གཞལ་ཐག་གཞལ་ཐག་ན་གཞལ་ཕུལ་ལོ། །གཞལ་ཕུལ་གཞལ་ཕུལ་ན་གཞལ་ཞིའོ། །གཞལ་ཞི་གཞལ་ཞི་ན་འཕྱོ་འགྱུར་རོ། །འཕྱོ་འགྱུར་འཕྱོ་འགྱུར་ན་ཉར་ཉེར་རོ། །ཉར་ཉེར་ཉར་ཉེར་ན་ཕྱག་ཕྱིག་གོ །ཕྱག་ཕྱིག་ཕྱག་ཕྱིག་ན་ཟལ་ཟུལ་ལོ། །ཟལ་ཟུལ་ཟལ་ཟུལ་ན་སལ་སལ་ལོ། །སལ་སལ་སལ་སལ་ན་གཡོ་ལྡེག་གོ །གཡོ་ལྡེག་གཡོ་ལྡེག་ན་ཕན་ཕུན་ནོ། །ཕན་ཕུན་ཕན་ཕུན་ན་བརྣང་ཡའོ། །བརྣང་ཡ་བརྣང་ཡ་ན་རེམ་འདྲོལ་ལོ། །རེམ་འདྲོལ་རེམ་འདྲོལ་ན་རྫི་ངད་དོ། །རྫི་ངད་རྫི་ངད་ན་རྫི་རྡུལ་ལོ། །རྫི་རྡུལ་རྫི་རྡུལ་ན་ཕུན་ཡོལ་ལོ། །ཕུན་ཡོལ་ཕུན་ཡོལ་ན་ངད་ངད་དོ། །ངད་ངད་ངད་ངད་ན་བགྲང་བརྩིའོ། །བགྲང་བརྩི་བགྲང་བརྩི་ན་ཟབ་བགྲང་ངོ་། །ཟབ་བགྲང་ཟབ་བགྲང་ན་དགའ་རྐྱང་ངོ་། །དགའ་རྐྱང་དགའ་རྐྱང་ན་གཞུང་འདལ་ཏོ། །གཞུང་འདལ་གཞུང་འདལ་ན་ཁྲུག་ཕྱད་དོ། །ཁྲུག་ཕྱད་ཁྲུག་ཕྱད་ན་འོལ་ཕྱོད་དོ། །འོལ་ཕྱོད་འོལ་ཕྱོད་ན་གདབ་ཡས་སོ། །གདབ་ཡས་གདབ་ཡས་ན་གཅལ་ཡས་སོ། །གཅལ་ཡས་གཅལ་ཡས་ན་བགྲང་ཡས་སོ། །བགྲང་ཡས་བགྲང་ཡས་ན་བྱིམ་འཕྱོའོ། །བྱིམ་འཕྱོ་བྱིམ་འཕྱོ་ན་ཡམ་མེའོ། །ཡམ་མེ་ཡམ་མེ་ན་བསྙལ་ཡས་སོ། །བསྙལ་ཡས་བསྙལ་ཡས་ན་ལྡབ་ལྡེབ་བོ། །ལྡབ་ལྡེབ་ལྡབ་ལྡེབ་ན་འཕན་ཆད་དོ། ། འཕན་ཆད་འཕན་ཆད་ན་ཕང་ཕུང་ངོ་། །ཕང་ཕུང་ཕང་ཕུང་ན་ཁེའུ་ཚང་ངོ་། །ཁེའུ་ཚང་ཁེའུ་ཚང་ན་ཞུང་ཟུང་ངོ་། །ཞུང་ཟུང་ཞུང་ཟུང་ན་མཆོག་ཡལ་ལོ། །མཆོག་ཡལ་མཆོག་ཡལ་ན་མཐའ་རྟུལ་ཏོ། །མཐའ་རྟུལ་མཐའ་རྟུལ་ན་ཡུན་འགྱངས་སོ། །ཡུན་འགྱངས་ཡུན་འགྱངས་ན་བུན་ལོབ་བོ། །བུན་ལོབ་བུན་ལོབ་ན་ལམ་
ལོམ་མོ། །ལམ་ལོམ་ལམ་ལོམ་ན་བསྙད་ཡས་སོ། །བསྙད་ཡས་བསྙད་ཡས་ན་ལང་ལིང་ངོ་། །ལང་ལིང་ལང་ལིང་ན་ལྗབ་ལྗིབ་བོ། །ལྗབ་ལྗིབ་ལྗབ་ལྗིབ་ན་མྱི་བརྩལ་ཏོ། །མྱི་བརྩལ་མྱི་བརྩལ་ན་འབྱམ་ཡས་སོ། །འབྱམ་ཡས་འབྱམ་ཡས་ན་ང་འགྲང་ངོ་། །ང་འགྲང་ང་འགྲང་ན་སྨོས་ཡལ་ལོ། །སྨོས་ཡལ་སྨོས་ཡལ་ན་བཀྲ་ཆལ་ལོ། །བཀྲ་ཆལ་བཀྲ་ཆལ་ན་ལོ་རྒྱས་སོ། །ལོ་རྒྱས་ལོ་རྒྱས་ན་འབུམ་རྡིབ་བོ། །འབུམ་རྡིབ་འབུམ་རྡིབ་ན་གང་གུམ་མོ། །གང་གུམ་གང་གུམ་ན་ལ་ལོའོ། །ལ་ལོ་ལ་ལོ་ན་བགྲང་འཕྱོས་སོ། །བགྲང་འཕྱོས་བགྲང་འཕྱོས་ན་བགྲང་འཕྱོས་ལ་བསྒྲེས་པའོ། །བགྲང་འཕྱོས་ལ་བསྒྲེས་པ་བགྲང་འཕྱོས་ལ་བསྒྲེས་ན་དཔག་ཡས་སོ། །དཔག་ཡས་དཔག་ཡས་ན་དཔག་ཡས་ལ་བསྒྲེས་པའོ། །དཔག་ཡས་ལ་བསྒྲེས་པ་དཔག་ཡས་ལ་བསྒྲེས་ན་ཡལ་ཕྱོད་དོ། །ཡལ་ཕྱོད་ཡལ་ཕྱོད་ན་ཡལ་ཕྱོད་ལ་བསྒྲེས་པའོ། །ཡལ་ཕྱོད་ལ་བསྒྲེས་པ་ཡལ་ཕྱོད་ལ་བསྒྲེས་ན་མུ་ཡལ་ཏོ། །མུ་ཡལ་མུ་ཡལ་ན་མུ་ཡལ་ལ་བསྒྲེས་པའོ། །མུ་ཡལ་ལ་བསྒྲེས་པ་མུ་ཡལ་ལ་བསྒྲེས་ན་བགྲང་ཡོལ་ལོ། །བགྲང་ཡོལ་བགྲང་ཡོལ་ན་བགྲང་ཡོལ་ལ་བསྒྲེས་པའོ། །བགྲང་ཡོལ་ལ་བསྒྲེས་པ་བགྲང་ཡོལ་ལ་བསྒྲེས་ན་མྱི་མཇལ་ཏོ། །མྱི་མཇལ་མྱི་མཇལ་ན་མི་མཇལ་ལ་བསྒྲེས་པའོ། །མི་མཇལ་ལ་བསྒྲེས་པ་མྱི་མཇལ་ལ་བསྒྲེས་ན་བསམ་ཕྱོད་དོ། །བསམ་ཕྱོད་བསམ་ཕྱོད་ན་བསམ་ཕྱོད་ལ་བསྒྲེས་པའོ། །བསམ་ཕྱོད་ལ་བསྒྲེས་པ་བསམ་ཕྱོད་ལ་བསྒྲེས་ན་མཐའ་འབྱམ་མོ། །མཐའ་འབྱམ་མཐའ་འབྱམ་ན་དཔག་ཐག་གོ །དཔག་ཐག་དཔག་ཐག་ན་དཔག་ཐག་ལ་བསྒྲེས་པའོ། །དཔག་ཐག་ལ་བསྒྲེས་པ་དཔག་ཐག་ལ་བསྒྲེས་ན་བརྗོད་དུ་མྱེད་པའོ། །བརྗོད་དུ་མེད་པ་བརྗོད་དུ་མྱེད་པ་ན་བརྗོད་དུ་མེད་པ་ལ་བསྒྲེས་པའོ། །བརྗོད་དུ་མེད་པ་ལ་བསྒྲེས་པ་བརྗོད་དུ་མེད་པ་ལ་བསྒྲེས་ན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་ཤིན་ཏུ་བསྟན་པའོ། །དེའི་མདུན་ན་བྱེ་མའི་ཕུང་པོ་ཆེན་པོ་དཔག་ཚད་དུ་མའི་
ཚད་དང་ལྡན་པ་ཞིག་འདུག་འདུག་པ་ལས། འདི་ལ་བྱེ་མའི་འབྲུ་འདི་སྙེད་ཅིག་ཡོད་དོ་ཞེས་བྱ་བ་ནས། བྱེ་མའི་འབྲུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་ལ་འདི་སྙེད་ཅིག་ཡོད་དོ་ཞེས་རབ་ཏུ་ཕྱེ་ནས་བགྲང་བརྩིས་ཏེ་གྲངས་སུ་བཅད་དོ། །དེས་བྱེ་མའི་ཕུང་པོ་དེ་བརྩིས་ཀྱི་བརྡར་བསྟན་པས། ཤིན་ཏུ་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲང་བའི་ཚུལ་འདི་ནི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཀུན་ནའང་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་ནི་བགྲང་བའི་ཚུལ་འདིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དག་ཀྱང་བགྲང་ཞིང་རྩིའོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་འཚམས་དང་། ཤར་ལྷོའི་ཕྱོགས་འཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་འཚམས་དང་། ནུབ་བྱང་གི་ཕྱོགས་འཚམས་དང་། འོག་དང་སྟེང་གི་ཕྱོགས་སུ་ཡང་བྱང་ཆུབ་སེམས་དཔའ་རྣམས་བགྲང་བའི་ཚུལ་འདིས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དག་ཀྱང་བགྲང་ཞིང་རྩིའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲང་བའི་ཚུལ་འདི་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མྱིང་དུ་བྱ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་ཐམས་ཅད་ནའང་ཡོད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བགྲང་བའི་ཚུལ་འདིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བགྲང་ཞིང་རྩིའོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་ཀྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དེ་བཞིན་དུ་ཕྱོགས་བཅུའི་བསྐལ་པའི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དང་། སངས་རྒྱས་ཀྱི་མཚན་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དང་། ཆོས་ཀྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དང་། སེམས་ཅན་གྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དང་། ལས་ཀྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་ཀུན་ལའང་འཇུག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲང་བའི་ཚུལ་འདི་ཉིད་ནི། ཕྱོགས་བཅུ་ན་མྱིང་དུ་བྱ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་རུང་བ་ཇི་སྙེད་པ་
ཐམས་ཅད་ལའང་འཇུག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་བགྲང་བའི་ཚུལ་འདིས་ཕྱོགས་བཅུ་ན་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་བགྲང་ཞིང་རྩིའོ། །དེ་ལྟར་རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བ་ཆོས་ཐམས་ཅད་ཤེས་པར་བྱ་བའི་བཟོ་མངོན་པར་ཤེས་པ་དང་ལྡན་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཀྱི་གྲངས་ལ་ཞུགས་པ། ཆོས་ཀྱི་ཚུལ་ཐམས་ཅད་ཀྱི་གྲངས་ལ་ཞུགས་པ། དུས་གསུམ་གྱི་གྲངས་ལ་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་གྲངས་ལ་ཞུགས་པ། ཆོས་ཀྱི་ཕུང་པོ་ཐམས་ཅད་ཀྱི་གྲངས་ལ་ཞུགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གྲངས་ལ་ཞུགས་པ། ཆོས་ཐམས་ཅད་ཀྱི་མིང་གི་འཁོར་ལོ་ལ་དབང་བསྒྱུར་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པའམ། སྤྱོད་ཡུལ་སྨོས་པའམ། ཡུལ་བརྗོད་པའམ། སྟོབས་བསྔགས་པའམ། བསམ་པ་བརྟན་པའམ། ཚོགས་ཡོངས་སུ་བརྗོད་པའམ། སྨོན་ལམ་བཤད་པར་བྱ་བའམ། སྤྱོད་པ་ཡོངས་སུ་བསྟན་པའམ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་མངོན་པར་བརྗོད་པའམ། ཡང་དག་པར་བསྒྲུབ་པ་ཡོངས་སུ་དག་པའམ། ཡང་དག་པར་བསྟན་པའམ། ཏིང་ངེ་འཛིན་གྱི་ཁྱད་པར་སྨོས་པའམ། ཡེ་ཤེས་སྣང་བ་ཁོང་དུ་ཆུད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་རྒྱ་མཚོ་བརྟན་པ་ཞེས་བྱ་བ་ཡོད་དེ། དེ་ན་དགེ་བསྙེན་མ་ཕུལ་དུ་བྱུང་བ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་ཚིག་ཐོས་ནས་སྤུ་གཡོས་ཏེ། དགའ་བ་ཆེན་པོའི་ཤུགས་སྐྱེས་ནས། རབ་ཏུ་དགའ་བའི་ཡིད་དང་ལྡན་པར་གྱུར་པ་ངོ་མཚར་གྱི་བསམ་པ། རིན་པོ་ཆེ་རབ་ཏུ་དཀོན་པ་ཐོབ་པ། འགྲོ་བ་མང་པོ་ལ་ཕན་པའི་སེམས་དང་བསམ་པས་བྱུང་བ་སངས་རྒྱས་སྐྱེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པར་འགྲོ་བ་ལ་དབང་བསྒྱུར་བ།
ཆོས་ཀྱི་དཀྱིལ་འཁོར་རྣམ་པར་དག་པའི་བློ་གྲོས་ལ་རྟེན་པ། ཐམས་ཅད་དུ་རྗེས་སུ་སོང་བའི་རིག་པ་རྣམ་པར་ཕྱེ་བས་འབྱུང་བ་བསྟན་པ་ལ་བརྩོན་པ། དུས་གསུམ་གྱི་དབྱིངས་སུ་མ་འདྲེས་པའི་སངས་རྒྱས་ཀྱི་ཡུལ་དང་ལྡན་པ། བསོད་ནམས་མི་ཟད་པའི་རྒྱ་མཚོ་ལས་བྱུང་བའི་སེམས་དང་ལྡན་པ། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ལ་དབང་བསྒྱུར་བ། ཁམས་གསུམ་གྱི་ཁྱིམ་དུ་སྡུད་པའི་སྒོ་ཤིན་ཏུ་གཅོད་པ་དེས། ཁྱེའུ་དབང་པོའི་དབང་ཕྱུག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཁྱེའུ་དབང་པོའི་དབང་ཕྱུག་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ཁྱེའུ་དབང་པོའི་དབང་ཕྱུག་གི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་གདམས་ངག་གི་སྤྲིན་གྱི་ཆར་ཡོངས་སུ་འཛིན་པ་བྱེད་ཅིང་། གང་ཆེན་མཚོ་ལྟར་སྤྲིན་ཆེན་པོའི་ཆར་གྱིས་ངོམས་མྱི་ཤེས་པ་དགེ་བའི་བཤེས་གཉེན་གྱི་ཉི་མའི་ཡེ་ཤེས་ཀྱི་འོད་གཟེར་གྱིས་དགེ་བ་ཡོངས་སུ་སྨིན་པར་བྱས་པའི་ས་གཞི་ལས་དབང་པོའི་མྱུ་གུ་འཐོན་ཅིང་སྐྱེས་པ། དགེ་བའི་བཤེས་གཉེན་གྱི་ཟླ་བ་ཉ་ཞིང་རྒྱས་པའི་གདམས་ངག་གི་འོད་གཟེར་གྱི་དྲ་བས་ལུས་དང་། སེམས་ཤིན་ཏུ་ཚིམ་པར་བྱས་པ། དཔྱིད་ཀྱི་ཉི་མའི་འོད་ཀྱིས་གདུངས་པའི་རི་དགས་ཀྱི་ཚོགས་གསལ་ཞིང་བསིལ་བའི་གངས་ཆུ་ལ་འཐུང་བར་འདོད་པ་ལྟར། དགེ་བའི་བཤེས་གཉེན་གྱི་གདམས་ངག་གི་ཆུ་ལ་འཐུང་བར་འདོད་པ། བུང་བ་མང་པོ་འཁོར་ཞིང་ལྡིང་བས་རྒྱས་པར་གྱུར་པའི་པད་མོ་དང་ལྡན་པའི་པདྨོའི་མཚོ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་གིས་སེམས་ཀྱི་མེ་ཏོག་བུན་ད་རི་ཀ་ཁ་ཕྱེ་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་རྒྱས་པའི་རིན་པོ་ཆེའི་གླིང་ལྟར་དགེ་བའི་བཤེས་གཉེན་གྱི་
གདམས་ངག་རིན་པོ་ཆེ་འཕེལ་བའི་སྣང་བས་སེམས་ཤིན་ཏུ་སྣང་བར་བྱས་པ། འཛམ་བུའི་ཤིང་ཆེན་པོའི་མེ་ཏོག་དང་། འབྲས་བུའི་ཚོགས་ཆེན་པོ་དང་ལྡན་པ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པ། ཕུན་སུམ་ཚོགས་པ་དང་ལྡན་པ། ཀླུའི་དབང་པོ་ཆེན་པོ་རྩེད་མོ་དམ་པས་རྩེ་བ་ལས་བྱུང་བའི་ནམ་མཁའི་སྤྲིན་ཆེན་པོ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ཐོས་པའི་ཚོགས་སུ་གྱུར་པའི་རྣང་ཤིན་ཏུ་ཆེ་བ། སུམ་ཅུ་རྩ་གསུམ་པའི་འཇིག་རྟེན་གྱི་བརྒྱན་པའི་སྣ་ཚོགས་ཀྱི་སྤོ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལས་བྱུང་བའི་ཆོས་དྲི་མ་མྱེད་པ་སྣ་ཚོགས་བརྩེགས་པའི་སྤོར་གྱུར་པ། སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱི་འཁོར་གྱིས་བསྐོར་བའི་བརྒྱ་བྱིན་ལྷ་མ་ཡིན་གྱི་དབང་པོའི་ཚོགས་རབ་ཏུ་འཇོམས་པ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལས་བྱུང་བའི་ཡོན་ཏན་དྲི་མ་མྱེད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཟིལ་གྱིས་མྱི་གནོན་ལ་གཞན་ལ་ཟིལ་གྱིས་གནོན་པ་དེ། མཐར་གྱིས་གྲོང་ཁྱེར་རྒྱ་མཚོ་བརྟན་པ་གང་ན་བ་དེར་ཕྱིན་ཏེ། དགེ་བསྙེན་མ་ཕུལ་དུ་བྱུང་བ་ཡོངས་སུ་ཚོལ་ཚོལ་བ་ལས་དེ་ལ་སྐྱེ་བོ་མང་པོས་བསྟན་ཏེ། རིགས་ཀྱི་བུ་དགེ་བསྙེན་མ་ཕུལ་དུ་བྱུང་བ་དེ་གྲོང་ཁྱེར་གྱི་དབུས་ཀྱི་རང་གི་ཁྱིམ་ན་འདུག་གོ་ཞེས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བསྙེན་མ་ཕུལ་དུ་བྱུང་བའི་གནས་གང་ན་བ་དེར་སོང་སྟེ། ཐལ་མོ་སྦྱར་ནས་སྒོ་གང་ན་སྡོད་སྡོད་པ་དང་། དེས་དགེ་བསྙེན་མ་ཕུལ་དུ་བྱུང་བའི་ཁྱིམ་དེ་ཤིན་ཏུ་རྒྱ་ཆེ་ལ་ཡངས་ཤིང་རིན་པོ་ཆེའི་ར་བས་ཡོངས་སུ་བསྐོར་བ་ཕྱོགས་བཞི་ནས་སྒོ་ཤིན་ཏུ་མཛེས་པ་རྣམ་པར་ཕྱེ་བ། རིན་པོ་ཆེ་ཚད་མྱེད་གྲངས་མྱེད་པའི་རྒྱན་གྱིས་བརྒྱན་པ། བསོད་ནམས་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པ་མཐོང་ནས། དེ་ཁྱིམ་དེར་སོང་སྟེ། ཀུན་ཏུ་བལྟས་ན་དགེ་བསྙེན་མ་ཕུལ་དུ་བྱུང་བ་ན་ཆུང་ཤིན་ཏུ་གཞོན་པ་ཐོག་མ་དར་ལ་བབ་པ། གཟུགས་མངོན་ཞིང་མཛེས་ལ་བལྟ་ན་སྡུག་པ་ཁ་དོག་དམ་པ། པྲི་ཡ་བ་ཤིན་ཏུ་རྒྱས་པ་དང་ལྡན་པ། སྐྲ་ཕྱེ་མར་བཞག་པ། ལུས་ལ་རྒྱན་མྱེད་པ། གོས་དང་སྨད་གཡོགས་དཀར་པོ་བགོས་པ། རིན་པོ་ཆེའི་ཁྲི་ལ་འདུག་པ་མཐོང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་གཏོགས་པར་དེའི་ལུས་སམ། སེམས་ཀྱི་དབང་ངམ། གཟི་བརྗིད་དང་། ཁ་དོག་གིས་ཟིལ་གྱིས་མ་ནོན་པའི་སེམས་ཅན་ནི་ཁྱིམ་དེ་ན་གང་ཡང་མྱེད་དེ། ལྷའམ་མིའང་རུང་སྟེ། སེམས་ཅན་གང་གིས་དགེ་བསྙེན་མ་ཕུལ་དུ་བྱུང་བ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། དགེ་བསྙེན་མ་ཕུལ་དུ་བྱུང་བ་ལ་སྟོན་པའི་འདུ་
ཤེས་སུ་བསམ་པ་ཞིག །རིན་པོ་ཆེའི་ཁྲི་ལ་འདུག་པ་མཐོང་ངོ་། །གཞན་ཡང་ཁྱིམ་དེ་ན་སྟན་ལྷ་རྫས་དང་། མྱིའི་རྫས་ལས་ཤིན་ཏུ་འཕགས་པ། བྱང་ཆུབ་སེམས་དཔའི་ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་གྲུབ་པ་བྱེ་བ་སྟོང་ཕྲག་བཅུ་བཏིང་བ་དང་། མདུན་དུ་ཕྲུ་བ་གཅིག་ཅིག་བཞག་པ་ལས་ཁ་ཟས་དང་སྐོམ་གྱི་བག་གམ། གོས་དང་རྒྱན་གྱི་ལོངས་སྤྱོད་ཀྱི་བག་གཞན་ཅི་ཡང་མྱི་སྣང་ངོ་། །བུད་མྱེད་སྟོང་ཕྲག་བཅུ་ཙམ་ཞིག་མདུན་དུ་འདུག་པར་མཐོང་ནའང་དེ་དག་ཐམས་ཅད་ཀྱང་ལྷའི་བུ་མོའི་ཁ་དོག་དང་ལྡན་པ། ལྷའི་བུ་མོའི་གཟུགས་དང་ལྡན་པ། ལྷའི་བུ་མོའི་ཚུལ་དང་ལྡན་པ། ལྷའི་བུ་མོའི་སྤྱོད་པ་དང་ལྡན་པ། ལྷའི་བུ་མོའི་ལོངས་སྤྱོད་དང་ལྡན་པ། ལྷའི་བུ་མོའི་ཚུལ་དུ་ཤིས་པ་དང་ལྡན་པ། ལྷ་རྫས་ཀྱི་གོས་ཡིད་བཞིན་དུ་གྱོན་པ། ལྷ་རྫས་ཀྱི་ལྷབ་ལྷུབ་ཀྱིས་ཤིན་ཏུ་ཀླུབས་པ། ལྷའི་བུ་མོའི་སྐད་ལྟ་བུའི་དབྱངས་སྙན་པ་དང་ལྡན་པ་ལྷའི་བུ་མོའི་ཆུ་ཞེང་མཛེས་པ་དང་ལྡན་པ་ཤ་སྟག་སྟེ། དེའི་འཁོར་གྱི་བུད་མྱེད་ཀྱང་དེས་ཅི་བསྒོ་བ་བཞིན་དུ་བྱེད་ཅིང་མདུན་ན་འཁོད་དོ། །རིམ་གྲོ་བྱེད་དོ། །བཀུར་སྟི་བྱེད་དོ། །གདོང་དུ་ལྟའོ། །ཅི་བསྒོ་བ་ཉན་ཅིང་གནས་སོ། །རྗེ་སར་འཁོད་དོ། །ཡོངས་སུ་ལྟའོ། ། རྣམ་པར་ལྟའོ། །འདུད་དོ། །རབ་ཏུ་འདུད་དོ། །ཕྱག་འཚལ་ལོ། །དེ་དག་གི་ལུས་ལས་སྤོས་ཀྱི་ངད་ལྡང་བས་ནི། གྲོང་ཁྱེར་དེའི་འཁོར་ཐམས་ཅད་དུ་དྲི་ཞིམ་པོས་ཁྱབ་པར་འདུག་སྟེ། སེམས་ཅན་གང་གིས་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་གནོད་སེམས་མྱེད་པའི་སེམས་དང་། ཤར་གཉེར་བ་མྱེད་པའི་སེམས་དང་། འཚེ་བ་མྱེད་པའི་སེམས་དང་། ཕྲག་དོག་དང་། འཇུངས་པ་དང་བྲལ་བའི་སེམས་དང་། སྒྱུ་དང་གཡོ་མྱེད་པའི་སེམས་དང་། ཆགས་པ་དང་། ཁོང་ཁྲོ་བ་མྱེད་པའི་སེམས་དང་། ཞུམ་པ་དང་། གཟེངས་མཐོ་བ་མྱེད་པའི་སེམས་དང་། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྡོམ་པ་ལ་གནས་པའི་སེམས་དང་། གཞན་གྱིས་ཡོངས་སུ་བཟུང་བ་ལ་རེ་བ་མྱེད་པའི་སེམས་སུ་གྱུར་ཏེ། གང་གིས་དེ་དག་གི་སྐད་ཐོས་པ་དེ་དག་
ཐམས་ཅད་ཀྱང་དགའ་བ་དང་། མོས་པ་དང་། དུལ་བའི་སེམས་དང་ལྡན་པར་འགྱུར་རོ། །གང་གིས་དེ་དག་མཐོང་བར་གྱུར་པ་དེ་དག་ཀྱང་། འདོད་ཆགས་དང་བྲལ་བ་ཙམ་དུ་རང་རང་གིས་ཤེས་པར་འགྱུར་རོ། །དེ་ལྟར་མཐོང་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་བསྙེན་མ་ཕུལ་དུ་བྱུང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་བསྙེན་མ་ཕུལ་དུ་བྱུང་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་མ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། བསོད་ནམས་ཀྱི་མཛོད་མྱི་ཟད་པའི་རྒྱན་ཅེས་བྱ་བ་ཐོབ་པ་སྟེ། རིགས་ཀྱི་བུ་ཁོ་མོ་ནི་ཕྲུ་བ་གཅིག་པོ་འདི་ལས་མོས་པ་སྣ་ཚོགས་ཅན་རྣམས་ཁ་ཟས་ཅི་ལ་དགའ་བ་བཞིན་དུ་ཚོད་མ་སྣ་ཚོགས་དང་། རོ་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་ཀྱིས་ཚིམ་པར་བྱེད་དེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ཕྲུ་བ་གཅིག་པོ་འདི་ལས་ཅི་ལ་དགའ་བའི་ཁ་ཟས་ཀྱིས་སེམས་ཅན་བརྒྱའང་ཡོངས་སུ་ཚིམ་པར་བྱེད་དོ། །སེམས་ཅན་སྟོང་དང་སེམས་ཅན་བརྒྱ་ཕྲག་སྟོང་དང་། སེམས་ཅན་བྱེ་བ་དང་། སེམས་ཅན་བྱེ་བ་ཕྲག་བརྒྱ་དང་། སེམས་ཅན་བྱེ་བ་ཕྲག་སྟོང་དང་། སེམས་ཅན་བྱེ་བ་བརྒྱ་ཕྲག་སྟོང་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ནས། སེམས་ཅན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་མོས་པ་སྣ་ཚོགས་ཅན་རྣམས་ཀྱང་ཅི་ལ་དགའ་བའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །ཡོངས་སུ་སྟོབས་པར་བྱེད་དོ། །ཡོངས་སུ་དགའ་བར་བྱེད་དོ། །
ཡོངས་སུ་མགུ་བར་བྱེད་དོ། །ཡོངས་སུ་སྤྲོ་བར་བྱེད་དོ། །ཤིན་ཏུ་ཚིམ་པར་བྱེད་དོ། །ཡིད་བདེ་བར་བྱེད་དོ། །འོན་ཀྱང་ཕྲུ་བ་འདི་ལས་འགོང་བར་འགྱུར་བ་མེད་དོ། །འགྲི་བ་མྱེད་དེ་དམའ་བར་མྱི་འགྱུར་རོ། །ཟད་པར་མྱི་འགྱུར་རོ། །འབྲི་བར་མྱི་འགྱུར་རོ། །ས་མཚམས་ཡོད་པར་མྱི་འགྱུར་རོ། །མཐར་ཐུག་པར་མྱི་འགྱུར་རོ། །མུར་ཐུག་པར་མྱི་འགྱུར་རོ། །རིགས་ཀྱི་བུ་གཞུང་དེ་དང་འདྲ་བར་སེམས་ཅན་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། དེ་བཞིན་དུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནས་སེམས་ཅན་མོས་པ་སྣ་ཚོགས་ཅན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་འོངས་ཀྱང་། ཅི་ལ་དགའ་བའི་ཁ་ཟས་ཚོད་མ་སྣ་ཚོགས་དང་། རོ་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །ཡོངས་སུ་དགའ་བར་བྱེད་དོ། །ཉམས་བདེ་བར་བྱེད་དོ། །ཤིན་ཏུ་ཚིམ་པར་བྱེད་དོ། །ཡིད་ཤིན་ཏུ་བདེ་བར་བྱེད་དོ། །འོན་ཀྱང་ཕྲུ་བ་འདི་ལས་འགོང་བར་འགྱུར་བ་མྱེད་དོ། །འགྲིབ་པ་མྱེད་དོ། །དམའ་བར་མྱི་འགྱུར་རོ། །ཟད་པར་མྱི་འགྱུར་རོ། །ས་མཚམས་ཡོད་པར་མྱི་འགྱུར་རོ། །མཐར་ཐུག་པར་མྱི་འགྱུར་རོ། །མུར་ཐུག་པར་མྱི་འགྱུར་རོ། །རིགས་ཀྱི་བུ་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་མོས་པ་སྣ་ཚོགས་ཅན་དང་། བསམ་པ་སྣ་ཚོགས་ཅན་ཐམས་ཅད་འོངས་པར་གྱུར་ན་ཡང་། དེ་དག་ཐམས་ཅད་ཅི་ལ་དགའ་བའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་པ་ནས། ཡིད་བདེ་བར་བྱ་བའི་བར་དུ་བྱེད་དོ། །ཁ་ཟས་སྣ་ཚོགས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་བཏུང་བ་རྣམ་པ་སྣ་ཚོགས་དང་། རོ་རྣམ་པ་སྣ་ཚོགས་དང་། སྟན་སྣ་ཚོགས་དང་། མལ་ཆ་སྣ་ཚོགས་དང་། བཞོན་པ་སྣ་ཚོགས་དང་། གོས་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། ཕྲེང་བ་སྣ་
ཚོགས་དང་། སྤོས་སྣ་ཚོགས་དང་། བདུག་སྤོས་སྣ་ཚོགས་དང་། བྱུག་པ་སྣ་ཚོགས་དང་། ཕྱེ་མ་སྣ་ཚོགས་དང་། རིན་པོ་ཆེ་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་དང་། གདུགས་སྣ་ཚོགས་དང་། རྒྱལ་མཚན་སྣ་ཚོགས་དང་། ལྷའི་བ་དན་སྣ་ཚོགས་དང་། ཡོ་བྱད་ཀྱི་ཡུལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་ཚིམ་པར་བྱེད་པ་ནས། ཡིད་དགའ་བར་འགྱུར་བའི་བར་དུ་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་ཉན་ཐོས་དང་། རང་སངས་རྒྱས་སྐུའི་ཐ་མ་འཛིན་པ་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་འབྲས་བུ་བརྙེས་པར་མཛད་དོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བརྒྱ་དང་། འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནས། དེ་བཞིན་དུ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་ཉན་ཐོས་དང་། རང་སངས་རྒྱས་སྐུའི་ཐ་མ་འཛིན་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་འབྲས་བུ་བརྙེས་པར་མཛད་དོ། །ཤར་ཕྱོགས་ན་བཞུགས་པ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་།
བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ན་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་ནོ། །རིགས་ཀྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་སྐུ་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་། སྙིང་པོ་བྱང་ཆུབ་ཏུ་བཞུགས་ནས་བདུད་སྡེ་དང་བཅས་པ་ཕམ་པར་མཛད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་བཞུགས་པ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བརྒྱ་དང་། འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཞིང་སྙིང་པོ་བྱང་ཆུབ་ལ་བཞུགས་ནས། བདུད་སྡེ་དང་བཅས་པ་ཕམ་པར་མཛད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤར་ཕྱོགས་ན་བཞུགས་པ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་
ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་གི་ཕྱོགས་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་སྙིང་པོ་བྱང་ཆུབ་ཏུ་བཞུགས་ཏེ། བདུད་སྡེ་དང་བཅས་པ་རབ་ཏུ་ཕམ་པར་མཛད་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་བཞུགས་པ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བརྒྱ་དང་། འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནས། རིགས་ཀྱི་བུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ན། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་། སྙིང་པོ་བྱང་ཆུབ་ཏུ་བཞུགས་ནས་བདུད་སྡེ་དང་བཅས་པ་ཕམ་པར་མཛད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཁོ་མོའི་འཁོར་བུད་མྱེད་སྟོང་ཕྲག་བཅུ་པོ་འདི་དག་མཐོང་ངམ། སྨྲས་པ་འཕགས་མ་བདག་གིས་མཐོང་ངོ་། །སྨྲས་པ་རིགས་ཀྱི་བུ་བུད་མྱེད་འདི་དག་ལ་སྩོགས་པ་བརྒྱ་སྟོང་གྲངས་
མྱེད་པ་ཕྲག་བཅུ་ཁོ་མོ་དང་སྐལ་བ་མཉམ་པར་སྤྱོད་པ། སྨོན་ལམ་གཅིག་པ། དགེ་བའི་རྩ་བ་གཅིག་པ། འབྱུང་བའི་རྒྱན་གཅིག་པ། མོས་པའི་ལམ་རྣམ་པར་དག་པ་གཅིག་པ། ཁོ་མོ་དང་སྐལ་བ་མཉམ་པར་དྲན་པ་རྣམ་པར་དག་པ། སྐལ་བ་མཉམ་པར་བློ་རྣམ་པར་དག་པ། སྐལ་བ་མཉམ་པར་བློ་ཚད་མྱེད་པར་གྱུར་པ། སྐལ་བ་མཉམ་པར་དབང་པོ་རབ་ཏུ་ཐོབ་པ། སྐལ་བ་མཉམ་པར་སེམས་ཀྱིས་རྒྱས་པར་འགེངས་པ། སྐལ་བ་མཉམ་པར་སྤྱོད་ཡུལ་ཀྱི་ཡུལ་དང་ལྡན་པ། སྐལ་བ་མཉམ་པར་ཆོས་ཀྱི་ཚུལ་ལ་ཞུགས་པ། སྐལ་བ་མཉམ་པར་དོན་ངེས་པར་རྟོགས་པ། སྐལ་བ་མཉམ་པར་ཆོས་ཀྱི་དོན་སྟོན་པ། སྐལ་བ་མཉམ་པར་གཟུགས་རྣམ་པར་དག་པ། སྐལ་བ་མཉམ་པར་སྟོབས་ཚད་མེད་པ། སྐལ་བ་མཉམ་པར་བརྟན་པ་གཞན་གྱིས་མྱི་ཐུབ་པ། སྐལ་བ་མཉམ་པར་ཆོས་ཀྱི་སྒྲ་སྒྲོག་པ། སྐལ་བ་མཉམ་པར་དབྱངས་རྣམ་པར་དག་པ། ཚད་མྱེད་པའི་ཡོན་ཏན་བརྗོད་དུ་ཡོད་པས་རྣམ་པར་སྤྱོད་པ་ཐམས་ཅད་ལ་སྐལ་བ་མཉམ་པར་ཡོན་ཏན་རྣམ་པར་དག་པ། ལས་ཀྱི་རྣམ་པར་སྨིན་པ་ལ་ཁ་ན་མ་ཐོ་བ་མྱེད་ཅིང་རྣམ་པར་དག་པས། སྐལ་བ་མཉམ་པར་ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་དག་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པས། སྐལ་བ་མཉམ་པར་བྱམས་པ་ཆེན་པོས་རྒྱས་པར་འགེངས་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས། མྱི་སྐྱོ་བའི་ཕྱིར་སྐལ་བ་མཉམ་པར་སྙིང་རྗེ་ཆེན་པོས་རྒྱས་པར་འགེངས་པ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ལུས་ཡོངས་སུ་སྟོན་པས། སྐལ་བ་མཉམ་པར་ལུས་ཀྱི་ལས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ངེས་པའི་ཚིག་གི་ཐ་སྙད་ལ་སྐལ་བ་མཉམ་པར་ངག་གི་ལས་རྣམ་པར་དག་པ། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐལ་བ་མཉམ་པར་འདོད་པ། སངས་རྒྱས་ལ་མཆོད་ཅིང་རིམ་གྲོ་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐལ་བ་མཉམ་པར་རྒྱུ་བ། ཆོས་ཐམས་ཅད་ཀྱི་ཚུལ་ཁོང་དུ་ཆུད་པར་བྱ་བ་ལ་སྐལ་བ་མཉམ་པར་མངོན་སུམ་
དུ་གྱུར་པའི་ཡེ་ཤེས་དང་ལྡན་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཐོབ་པར་བྱ་བ་ལ་སྐལ་བ་མཉམ་པར་སྤྱོད་པ། རྣམ་པར་དག་པ་ཤ་སྟག་ཅིག་ཀྱང་ཡོད་དེ། རིགས་ཀྱི་བུ་བུད་མེད་སྟོང་ཕྲག་བཅུ་པོ་འདི་དག་ཀྱང་སྐད་ཅིག་གཅིག་ཏུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་རྣམས་ལ་ཞལ་ཟས་ཡོངས་སུ་འབུལ་བའི་ཕྱིར་ཕྱོགས་བཅུར་རྒྱས་པར་འདོང་ངོ་། །ཕྲུ་བ་འདི་ཉིད་ནས་ཁ་ཟས་བླངས་ཤིང་། སྲིད་པའི་ཐ་མ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་བསོད་སྙོམས་འབུལ་བའི་ཕྱིར་ཕྱོགས་བཅུར་རྒྱས་པར་འདོང་ངོ་། །ཕྲུ་བ་འདི་ཉིད་ནས་ཁ་ཟས་བླངས་ཤིང་ཕྱོགས་བཅུ་རྒྱས་པར་བཀང་སྟེ་ཡི་དགས་ཀྱི་ཚོགས་ཐམས་ཅད་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ཕྲུ་བ་འདི་ཉིད་ནས་ལྷ་རྣམས་ནི་ལྷའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །ཀླུ་རྣམས་ནི་ཀླུའི་ཁ་ཟས་ཀྱིས། གནོད་སྦྱིན་རྣམས་ནི་གནོད་སྦྱིན་གྱི་ཁ་ཟས་ཀྱིས། དྲི་ཟ་རྣམས་ནི་དྲི་ཟའི་ཁ་ཟས་ཀྱིས། ལྷ་མ་ཡིན་རྣམས་ནི་ལྷ་མ་ཡིན་གྱི་ཁ་ཟས་ཀྱིས། ནམ་མཁའ་ལྡིང་རྣམས་ནི་ནམ་མཁའ་ལྡིང་གི་ཁ་ཟས་ཀྱིས། མྱིའམ་ཅི་རྣམས་ནི་མྱིའམ་ཅིའི་ཁ་ཟས་ཀྱིས། ལྟོ་འཕྱེ་ཆེན་པོ་རྣམས་ནི་ལྟོ་འཕྱེ་ཆེན་པོའི་ཁ་ཟས་ཀྱིས། མྱི་རྣམས་ནི་མྱིའི་ཁ་ཟས་ཀྱིས། མྱི་མ་ཡིན་པ་རྣམས་ནི་མྱི་མ་ཡིན་པའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །རིགས་ཀྱི་བུ་ཡུད་ཙམ་ཞིག་སྡོད་དང་དེའུ་རེ་མངོན་དུ་འགྱུར་རོ། །དགེ་བསྙེན་མ་ཕུལ་དུ་བྱུང་བ་དེས་ཚིག་དེ་བརྗོད་མ་ཐག་ཏུ་དེའི་མོད་ལ་འདི་ལྟ་སྟེ། དགེ་བསྙེན་མ་ཕུལ་དུ་བྱུང་བས། སྔོན་གྱི་སྨོན་ལམ་གྱིས་བོས་པས་སེམས་ཅན་གྲངས་མྱེད་པ་ཞིག་ཤར་ཕྱོགས་ཀྱི་སྒོ་ནས་ནང་དུ་འོངས་པར་གྱུར་ཏོ། །དེ་བཞིན་དུ་འདི་ལྟ་སྟེ། དགེ་བསྙེན་མ་ཕུལ་དུ་བྱུང་བའི་སྔོན་གྱི་སྨོན་ལམ་གྱིས་བོས་པས། སེམས་ཅན་གྲངས་མྱེད་པ་ཞིག །ལྷོ་ཕྱོགས་དང་ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་སྒོ་ནས་ནང་དུ་འོངས་པར་གྱུར་ཏེ། དེ་ལྟར་འོངས་པ་དེ་
དག་དགེ་བསྙེན་མ་ཕུལ་དུ་བྱུང་བས། སྟན་དེ་དག་ལ་བཀོད་དེ། སོ་སོ་ནས་ཅི་དགའ་བའི་ཁ་ཟས་ཚོད་མ་སྣ་ཚོགས་དང་། རོ་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་དང་ལྡན་པས་ཡོངས་སུ་ཚིམ་པར་བྱས་སོ། །ཡོངས་སུ་བསྟབས་པར་བྱས་སོ། །ཡོངས་སུ་དགའ་བ་བྱས་སོ། །ཡོངས་སུ་མགུ་བར་བྱས་སོ། །ཡོངས་སུ་སྤྲོ་བར་བྱས་སོ། །ཤིན་ཏུ་ཚིམ་པར་བྱས་སོ། །ཡིད་བདེ་བར་བྱས་སོ། །ཁ་ཟས་སྣ་ཚོགས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་བཏུང་བ་རྣམ་པ་སྣ་ཚོགས་དང་། རོ་རྣམ་པ་སྣ་ཚོགས་དང་། སྟན་སྣ་ཚོགས་དང་། མལ་ཆ་སྣ་ཚོགས་དང་། བཞོན་པ་སྣ་ཚོགས་དང་། གོས་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། ཕྲེང་བ་སྣ་ཚོགས་དང་། སྤོས་སྣ་ཚོགས་དང་། བདུག་སྤོས་སྣ་ཚོགས་དང་། བྱུག་པ་སྣ་ཚོགས་དང་། ཕྱེ་མ་སྣ་ཚོགས་དང་། རིན་པོ་ཆེ་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་དང་། གདུགས་སྣ་ཚོགས་དང་། རྒྱལ་མཚན་སྣ་ཚོགས་དང་། ལྷའི་བ་དན་སྣ་ཚོགས་དང་། ཡོ་བྱད་ཀྱི་ཡུལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་ཚིམ་པར་བྱས་པ་ནས། ཡིད་དགའ་བར་འགྱུར་བའི་བར་དུ་བྱས་སོ། །ལྷ་རྣམས་ནི་ལྷའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱས་སོ། །ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་རྣམས་ཀྱང་མྱི་མ་ཡིན་པའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱས་པ་ནས། ཡིད་བདེ་བར་འགྱུར་བའི་བར་དུ་བྱས་སོ། །འོན་ཀྱང་ཕྲུ་བ་དེ་ལས་འགོང་བར་གྱུར་པ་མྱེད། འགྲིབ་པ་མྱེད། དམས་པ་མྱེད། ཟད་པར་གྱུར་པ་མྱེད། ས་མཚམས་སུ་གྱུར་པ་མྱེད། མཐར་ཐུག་པ་མྱེད། མུར་ཐུག་པ་མྱེད་དོ། །དེ་ནས་དགེ་བསྙེན་མ་ཕུལ་དུ་བྱུང་བ་དེས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསོད་ནམས་ཀྱི་མཛོད་མི་ཟད་པའི་རྒྱན་ཅེས་བྱ་བ་འདི་ཤེས་པར་ཟད་ན། བྱང་ཆུབ་སེམས་དཔའི་བསོད་ནམས་ཆེན་པོའི་རྒྱ་མཚོ་མི་ཟད་པས། མྱི་ཟད་པའི་བསོད་
ནམས་དང་ལྡན་པ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཤིན་ཏུ་བསྩགས་པས། ནམ་མཁའ་ལྟ་བུར་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པས། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ལྟ་བུ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྲུང་བས། བསོད་ནམས་ཆེན་པོའི་འཁོར་ཡུག་དང་ལྡན་པ། འགྲོ་བ་ཐམས་ཅད་དུ་རིན་པོ་ཆེ་སྙིམ་པ་ནས་ཆར་ལྟར་འཐོར་བས་བསོད་ནམས་ཆེན་པོའི་སྤྲིན་དུ་གྱུར་པ། ཆོས་ཀྱི་གྲོང་ཁྱེར་གྱི་སྒོ་འབྱེད་པས། བསོད་ནམས་ཆེན་པོའི་མཛོད་ལ་མངོན་སུམ་དུ་ལྟ་བ། འགྲོ་བ་ཐམས་ཅད་ཀྱི་ཕོངས་པའི་མུན་པ་སེལ་བས་བསོད་ནམས་ཆེན་པོའི་སྒྲོན་མར་གྱུར་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་འབྱུང་བ་ཆེན་པོ་ཞེས་བྱ་བ་ཡོད་དེ། དེ་ན་ཁྱིམ་བདག་མཁས་པ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བསྙེན་མ་ཕུལ་དུ་བྱུང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་བསྙེན་མ་ཕུལ་དུ་བྱུང་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། དགེ་བསྙེན་མ་ཕུལ་དུ་བྱུང་བའི་དྲུང་ནས་བལྟ་བས་མི་ངོམས་བཞིན་དུ་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བསོད་ནམས་ཀྱི་མཛོད་མྱི་ཟད་པའི་རྒྱན་གྱི་རྣམ་པར་ཐར་པའི་སྣང་བ་རབ་ཏུ་ཐོབ་པ་དེ། བསོད་ནམས་རྒྱ་མཚོ་དེ་ལ་ནི་རྗེས་སུ་སེམས། བསོད་ནམས་ནམ་མཁའ་དེ་ལ་ནི་ཀུན་ཏུ་བལྟ། བསོད་ནམས་ཀྱི་ཕུང་པོ་དེ་ནི་ཡོངས་སུ་འཛིན། བསོད་ནམས་ཀྱི་རི་བོ་དེ་ལ་ནི་མངོན་པར་འཛེག །བསོད་ནམས་ཀྱི་ཚོགས་དེ་ནི་ཡང་དག་པར་སྡུད། བསོད་ནམས་ཀྱི་ཆུ་བོ་དེ་ལ་ནི་ཡོངས་སུ་འབོག །བསོད་ནམས་ཀྱི་
མུ་སྟེགས་དེ་ལས་ནི་རབ་ཏུ་འབབ། བསོད་ནམས་ཀྱི་དཀྱིལ་འཁོར་དེ་ནི་ཡོངས་སུ་སྦྱོང་། བསོད་ནམས་ཀྱི་གཏེར་དེ་ལ་ནི་ཡང་དག་པར་བལྟ། བསོད་ནམས་ཀྱི་ཚུལ་དེ་ནི་རྗེས་སུ་དྲན་པར་བྱེད། བསོད་ནམས་ཀྱི་ཆོས་དེ་ནི་ཡོངས་སུ་འཛིན། བསོད་ནམས་ཀྱི་རྒྱུད་དེ་ནི་ཡོངས་སུ་སྦྱོང་བ་བྱེད་ཅིང་། མཐར་གྱིས་གྲོང་ཁྱེར་འབྱུང་བ་ཆེན་པོ་གང་ན་བ་དེར་ཕྱིན་ནས། དགེ་བའི་བཤེས་གཉེན་འདོད་ཅིང་དགེ་བའི་བཤེས་གཉེན་ལྟ་བས་བསྒོས་པའི་སེམས་ཀྱི་རྒྱུད་དང་། དགེ་བའི་བཤེས་གཉེན་གྱི་བྱིན་གྱིས་བརླབས་པའི་བསམ་པ་དང་། དགེ་བའི་བཤེས་གཉེན་ལ་ཐོགས་པ་མེད་པའི་སྦྱོར་བ་དང་། དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱ་བས་སྐྱོ་བ་མེད་པའི་བརྩོན་འགྲུས་དང་། དགེ་བའི་བཤེས་གཉེན་ལ་རག་ལུས་པའི་དགེ་བའི་རྩ་བ་ཐམས་ཅད་དང་། དགེ་བའི་བཤེས་གཉེན་གྱིས་ངེས་པར་གྱུར་པའི་བསོད་ནམས་ཀྱི་ཚོགས་ཐམས་ཅད་དང་། དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤེལ་བའི་ཐབས་མཁས་པའི་སྤྱོད་པ་དང་། གཞན་གྱི་དྲིང་མི་འཇོག་པར་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱ་བ་ལ་མཁས་པ་དང་། རྣམ་པར་འཕེལ་བའི་དགེ་བའི་རྩ་བ་ཐམས་ཅད་དང་། རྣམ་པར་དག་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་དང་། ཡང་དག་པར་འཕེལ་བའི་བྱང་ཆུབ་སེམས་དཔའི་དབང་པོ་དང་། ཡོངས་སུ་སྨིན་པར་འགྱུར་བའི་དགེ་བའི་རྩ་བ་ཐམས་ཅད་དང་། ཡང་དག་པར་འཕེལ་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པ་དང་། ཤིན་ཏུ་ཡངས་པར་འགྱུར་བའི་སྙིང་རྗེ་ཆེན་པོས་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པར་ཡང་དག་པར་མཐོང་ནས། སངས་རྒྱས་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པས་ཆོས་ཀྱི་སྣང་བ་ཡང་དག་པར་བླང་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྣང་བ་རྣམ་པར་འཕེལ་བར་བྱེད་ཅིང་ཁྱིམ་བདག་མཁས་པ་ཡོངས་སུ་ཚོལ་ཚོལ་བ་ལས། གྲོང་ཁྱེར་གྱི་དབུས་ལམ་གྱི་བཞི་མདོ་ཞིག་ན་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་ཞིག་ལ། རིན་པོ་ཆེ་གྲངས་མེད་པ་ལས་བྱས་པའི་
ཁྲི་ནོར་བུ་རིན་པོ་ཆེའི་རྐང་པ་རྡོ་རྗེ་དང་། ཨིན་དྲ་ནཱི་ལ་སྣ་ཚོགས་ཀྱིས་སྤྲས་པ་བཀྱེ་བ། གསེར་གྱི་ལྕག་ཕོད་ཀྱི་དྲ་བས་ལེགས་པར་བླས་པ། ནོར་བུ་རིན་པོ་ཆེ་དྲི་མ་མེད་པའི་སྙིང་པོ་ཅན་རིན་པོ་ཆེ་ལྔ་བརྒྱ་ཙམ་གྱིས་གཟུགས་ལེགས་པར་བརྒྱན་པ། ལྷ་རྫས་ཀྱི་སྟན་སྣ་ཚོགས་བཏིང་བ། གམ་ཡོ་ནས་ལྷ་རྫས་ཀྱི་གོས་ཀྱི་རྒྱལ་མཚན་དང་། བ་དན་མང་པོ་བསྒྲེང་བ། རིན་པོ་ཆེ་དུ་མའི་དྲ་བས་ཀུན་ནས་ཡོག་པ་རིན་པོ་ཆེའི་བླ་རེ་ཆེན་པོ་བྲེས་པ། བླ་ནས་གསེར་དང་རིན་པོ་ཆེའི་མེ་ཏོག་གི་ལྡ་ལྡི་མང་པོ་བཀྱེ་བ་ཞིག་ལ་འདུག་ཅིང་། འཛམ་བུ་ཆུ་ཀླུང་གི་གསེར་གྱི་གདུགས་ཡུ་བ་དྲི་མ་མེད་པ་བཻ་ཌཱུརྱ་ལས་བྱས་པ་ནི་དྲུང་ན་བསྒྲེང་ཞིང་བཟུང་། རིན་པོ་ཆེའི་གཡག་རྔ་དྲི་མ་མེད་པའི་རྡུལ་ཡབ་ངང་པའི་རྒྱལ་པོ་ལྟ་བུས་ནི་ལེགས་པར་གཡབ་སྤོས་ཀྱི་རིམ་གྲོའི་ཡོ་བྱད་སྣ་ཚོགས་ཀྱིས་ནི་བདུགས་ཤིང་བསངས། རོལ་མོ་བརྡུང་བ་དང་། དཀྲོལ་བ་ལྷ་རྫས་ཀྱི་དབྱངས་ལས་འདས་པར་སྒྲ་འབྱིན་པ་ལྔ་བརྒྱ་ཙམ་ནི་གཡས་གཡོན་ནས་བརྡུངས་ཤིང་དཀྲོལ། གྲོང་ཁྱེར་འབྱུང་བ་ཆེན་པོ་ན་འཁོད་པའི་སེམས་ཅན་རྣམས་ཤིན་ཏུ་དགའ་བར་བྱ་བའི་དོན་དུ་ལྷ་རྫས་ཀྱི་མྱེ་ཏོག་གི་སྤྲིན་གྱི་ཆར་ནི་ཀུན་ནས་འབབ་པར་གྱུར། གཡོག་སྲོག་ཆགས་སྟོང་ཕྲག་བཅུ་ཙམ་སྔོན་དགེ་བའི་རྩ་བ་སྐལ་བ་མཉམ་པར་སྤྱོད་སྤྱོད་པ་ངག་ཉན་ཅིང་ཅི་དགའ་བར་བྱེད་པ། ལྷ་རྫས་ལས་འདས་པའི་རྒྱན་གྱིས་ཤིན་ཏུ་བརྒྱན་པ། བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་གྲུབ་པ། ལྷ་དང་མིའི་གཟུགས་ལས་ཤིན་ཏུ་འདས་པ་ཤ་སྟག་གིས་ཀུན་ནས་བསྐོར་ཅིང་འདུག་པ་མཐོང་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ཁྱིམ་བདག་མཁས་པ་གང་ན་བ་དེར་སོང་སྟེ། ཕྱིན་ནས་ཁྱིམ་བདག་མཁས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱིམ་བདག་མཁས་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བགྱི་བ་དང་། སེམས་ཅན་ཐམས་ཅད་
ཤིན་ཏུ་བདེ་བ་ལ་དགོད་པ་དང་། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ནས་མངོན་པར་གདོན་པ་དང་། སེམས་ཅན་ཐམས་ཅད་ཆོས་རིན་པོ་ཆེའི་གླིང་དུ་ཡང་དག་པར་བསྐྱལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྲེད་པའི་བརླན་ཤིན་ཏུ་བསྐམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྙིང་རྗེའི་བརླན་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དགའ་བ་དང་། སྲེད་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ཤིང་བསྒྲུབ་པར་བགྱི་བ་དང་། སེམས་ཅན་ཐམས་ཅད་འཁོར་བའི་དགོན་པ་ལས་ཡང་དག་པར་བཟླ་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡོན་ཏན་དང་ཆོས་ལ་དགའ་ཞིང་མོས་པ་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཁམས་གསུམ་གྱི་གྲོང་རྡལ་ནས་གདོན་པ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཕོ་བྲང་དུ་གཟུད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཀྱིས་ཀྱང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་། རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་བསླབ་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། ཁྱིམ་བདག་མཁས་པས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་བ་དང་། དགེ་བའི་བཤེས་གཉེན་
བལྟ་བས་མྱི་ངོམས་པ་དང་། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བས་མྱི་སྐྱོ་བ་དང་། དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱ་བས་སྒྱིད་ལུག་པ་མེད་པ་དང་། དགེ་བའི་བཤེས་གཉེན་བཙལ་བས་ཡིད་མྱི་བདེ་བ་མྱི་སྐྱེད་པ་དང་། དགེ་བའི་བཤེས་གཉེན་བཙལ་བ་ལས་ཕྱིར་མྱི་ལྡོག་པ་དང་། དགེ་བའི་བཤེས་གཉེན་ལ་མོས་ཤིང་དང་བའི་ཡིད་ལས་རྣམ་པར་མྱི་ལྡོག་པ་དང་། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བ་ལས་ཕྱིར་མྱི་ལྡོག་པ་དང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་གི་ཚུལ་ལ་ཞུམ་པ་མྱེད་པ་དང་། དགེ་བའི་བཤེས་གཉེན་ལ་རིམ་གྲོ་དང་བསྙེན་བཀུར་བྱ་བས་མྱི་སྐྱོ་བ་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཁོ་བོའི་འཁོར་འདི་དག་མཐོང་ངམ། སྨྲས་པ་འཕགས་པ་མཐོང་ངོ་། །སྨྲས་པ་རིགས་ཀྱི་བུ་འདི་དག་ཀུན་ཀྱང་ཁོ་བོས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་སྟེ། འདི་དག་ནི་ཁོ་བོས་དེ་བཞིན་གཤེགས་པའི་རིགས་སུ་བསྐྱེད་པའོ། །འདི་དག་ནི་ཁོ་བོས་ཕ་རོལ་ཏུ་ཕྱིན་པས་བསྡུས་ཏེ་གསོས་པའོ། །འདི་དག་ནི་ཁོ་བོས་ཆོས་དཀར་པོ་ཐམས་ཅད་ཀྱིས་བསྐྱེད་པའོ། །འདི་དག་ནི་ཁོ་བོས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རྣམ་པར་བསྐྱེད་པའོ། །འདི་དག་ནི་ཁོ་བོས་འཇིག་རྟེན་གྱི་རིགས་ལས་གྱེན་དུ་བསྐྱོད་པའོ། །འདི་དག་ནི་ཁོ་བོས་དེ་བཞིན་གཤེགས་པའི་རིགས་ལ་བཀོད་པའོ། །འདི་དག་ནི་ཁོ་བོས་འཇིག་རྟེན་གྱི་ལམ་གྱི་འཁོར་ལོ་ལས་བཟློག་པའོ། །འདི་དག་ནི་ཁོ་བོས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་བཙུད་པའོ། །འདི་དག་ནི་ཁོ་བོས་ངན་སོང་གསུམ་གྱི་རྒྱུད་དུ་ལྟུང་བ་ལས་ཡོངས་སུ་བཟུང་བའོ། །འདི་དག་ནི་ཁོ་བོས་ཆོས་ཉིད་ཁོང་དུ་ཆུད་པར་བྱ་བ་ལ་བཀོད་པ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་ཁོ་བོ་ནི་ཡིད་ཀྱི་མཛོད་ནས་བྱུང་བའི་བསོད་ནམས་མང་པོ་ཐོབ་པ་སྟེ། དེའི་མཐུས་ཁོ་བོ་ནི་ཟས་འདོད་པ་རྣམས་ལ་ཁ་ཟས་ཀྱི་སྦྱིན་པ་བྱེད་དོ། །བཏུང་བ་འདོད་པ་རྣམས་ལ་བཏུང་བ་དང་།
རོའི་དམ་པ་འདོད་པ་རྣམས་ལ་རོའི་དམ་པ་དང་། བཟའ་བ་འདོད་པ་རྣམས་ལ་བཟའ་བ་དང་། བཅའ་བ་འདོད་པ་རྣམས་ལ་བཅའ་བ་དང་། བལྡག་པ་འདོད་པ་རྣམས་ལ་བལྡག་པ་དང་། མུར་པ་འདོད་པ་རྣམས་ལ་མུར་པ་དང་། གོས་འདོད་པ་རྣམས་ལ་གོས་དང་། མེ་ཏོག་འདོད་པ་རྣམས་ལ་མེ་ཏོག་དང་། ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ་དང་། སྤོས་འདོད་པ་རྣམས་ལ་སྤོས་དང་། བདུག་པ་འདོད་པ་རྣམས་ལ་བདུག་པ་དང་། བྱུག་པ་འདོད་པ་རྣམས་ལ་བྱུག་པ་དང་། ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་དང་། རྒྱན་དང་ལྷབ་ལྷུབ་འདོད་པ་རྣམས་ལ་རྒྱན་དང་ལྷབ་ལྷུབ་དང་། རིན་པོ་ཆེ་འདོད་པ་རྣམས་ལ་རིན་པོ་ཆེ་དང་། གསེར་འདོད་པ་རྣམས་ལ་གསེར་དང་། དངུལ་འདོད་པ་རྣམས་ལ་དངུལ་དང་། མུ་ཏིག་འདོད་པ་རྣམས་ལ་མུ་ཏིག་དང་། རྟེན་འདོད་པ་རྣམས་ལ་རྟེན་དང་། སྟན་འདོད་པ་རྣམས་ལ་སྟན་དང་། མལ་ཆ་འདོད་པ་རྣམས་ལ་མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་འདོད་པ་རྣམས་ལ་ན་བའི་གསོས་སྨན་དང་ཡོ་བྱད་དང་། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང་། དགའ་བ་འདོད་པ་རྣམས་ལ་དགའ་བ་དང་། གླང་པོ་དང་རྟ་དང་། ཤིང་རྟ་དང་། བ་ལང་དང་། བོང་བུ་དང་མ་ཧེ་དང་། ར་ལུག་འདོད་པ་རྣམས་ལ་གླང་པོ་དང་། རྟ་དང་ཤིང་རྟ་དང་བ་ལང་དང་། བོང་བུ་དང་མ་ཧེ་དང་། ར་ལུག་དང་། རྒྱལ་མཚན་དང་། གདུགས་དང་། བ་དན་འདོད་པ་རྣམས་ལ་རྒྱལ་མཚན་དང་། གདུགས་དང་བ་དན་དང་། བྲན་ཕོ་དང་བྲན་མོ་འདོད་པ་རྣམས་ལ་བྲན་ཕོ་དང་བྲན་མོ་དང་འཁོར་གྱི་བྱིས་པ་འདོད་པ་རྣམས་ལ་འཁོར་གྱི་བྱིས་པ་དང་། བུད་མེད་འདོད་པ་རྣམས་ལ་བུད་མྱེད་དང་། བུ་མོ་གཞོན་ནུ་འདོད་པ་རྣམས་ལ་བུ་མོ་གཞོན་ནུ་དང་། ཅོད་པན་དང་གཙུག་གི་རིན་པོ་ཆེ་འདོད་པ་རྣམས་ལ་ཅོད་པན་དང་གཙུག་གི་རིན་པོ་ཆེ་དང་། ཐོར་པག་དང་བཅས་པའི་གཙུག་གི་རིན་པོ་ཆེ་འདོད་པ་རྣམས་ལ་ཐོར་པག་དང་བཅས་པའི་གཙུག་གི་རིན་པོ་ཆེ་དང་། སྐྲ་མཐོན་ཏིང་དྲི་མ་མྱེད་པའི་དཀྱིལ་འཁོར་འདོད་པ་རྣམས་ལ་སྐྲ་མཐོན་ཏིང་དྲི་མ་མྱེད་པའི་དཀྱིལ་འཁོར་གྱི་སྦྱིན་པ་བྱེད་
པ་ནས། ཡོ་བྱད་སྣ་ཚོགས་ཐམས་ཅད་འདོད་པ་རྣམས་ལ་ཡང་ཡོ་བྱད་སྣ་ཚོགས་ཐམས་ཅད་ཀྱི་སྦྱིན་པ་བྱེད་དོ། །རིགས་ཀྱི་བུ་ཡུད་ཙམ་ཞིག་སྡོད་དང་། དེའུ་རེ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་སྐད་དུ་ཁྱིམ་བདག་མཁས་པས། ཚིག་དེ་བརྗོད་མ་ཐག་ཏུ་དེའི་མོད་ལ་སེམས་ཅན་གྲངས་མེད་པ་ཞིག་ཁྱིམ་བདག་མཁས་པའི་སྔོན་གྱི་སྨོན་ལམ་གྱིས་བོས་པས། ཕྱོགས་ཐ་དད་པ་དང་། ཡུལ་ཐ་དད་པ་དང་། གནས་ཐ་དད་པ་དང་། གྲོང་ཁྱེར་ཐ་དད་པ་དང་། གྲོང་རྡལ་ཐ་དད་པ་དང་། ཚོང་འདུས་ཐ་དད་པ་དང་། ལྗོངས་ཐ་དད་པ་དང་། འཁོར་གྱི་གྲོང་ཐ་དད་པ་དང་། ཁྱིམ་ཐ་དད་པ་དང་། སེམས་ཅན་གྱི་རྒྱུད་ཐ་དད་པ་དང་། སེམས་ཅན་གྱི་རིས་ཐ་དད་པ་དང་། སེམས་ཅན་རྣམ་པ་མྱི་མཐུན་པ་ཐ་དད་པ་དང་། ལམ་གྱི་རྒྱུད་ཐ་དད་པ་དང་། གནས་ཀྱི་རྣམ་པ་དང་། མྱིང་དུ་བྱ་བ་ཐ་དད་པ་ནས། སེམས་ཅན་སྐྱེ་མཆེད་རྣམ་པ་ཐ་དད་པ་སྣ་ཚོགས་དང་ལྡན་པ། ཁ་ཟས་སྣ་ཚོགས་དོན་དུ་གཉེར་བ་ཁ་ཟས་སྣ་ཚོགས་འདོད་པ། བསམ་པ་ཐ་དད་པ་བཟའ་བ་དང་བཏུང་བ་གཙང་མ་འདོད་པ་དང་། ཤ་འདོད་པ་དང་། ཁ་ཟས་རྣམ་པ་ཐ་དད་པ་སྣ་ཚོགས་དོན་དུ་གཉེར་བ། ལམ་གྱི་རྒྱུད་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་དུ་སྐྱེས་པའི་སྐྱེ་མཆེད་ལ་གནས་པ་འདི་ལྟ་སྟེ། མིའི་ནང་ནས་འབྲས་ཆན་དང་། སྲན་ཆན་དང་། ཁུར་བ་དང་། སྐྱོ་མ་དང་། ཉ་དང་། ཤ་ལ་སོགས་པ་ཁམ་གྱིས་བཟའ་བའི་ཁ་ཟས་སྣ་ཚོགས་དོན་དུ་གཉེར་བ་དང་། མིའི་ནང་ནས་ཇི་ལྟ་བ་བཞིན་དུ་འགྲོ་བའི་རྒྱུད་ཐམས་ཅད་ན་རྣམ་པར་སྤྱོད་པ་དག་ལས་ཀྱང་། ཁ་ཟས་དང་བཏུང་བ་སྣ་ཚོགས་དོན་དུ་གཉེར་བ་དག་དེ་ལྟར་བྱང་ཆུབ་སེམས་དཔའི་མཐུ་དང་། བྱང་ཆུབ་སེམས་དཔའི་སྦྱིན་པ་ཐོགས་པ་མྱེད་པར་གཏོང་བའི་རྔའི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྔོན་གྱི་སྨོན་ལམ་གྱིས་བོས་པས་ཀུན་ཀྱང་འོངས་པར་གྱུར་ཏེ། འོངས་ནས་ཀྱང་ཁྱིམ་བདག་མཁས་པ་ལ་སློངས་མོ་འདེབས་སོ། །གདོང་དུ་ལྟའོ། །སྡོད་དེ། གསོལ་བ་འདེབས་སོ། །དེ་ནས་ཁྱིམ་བདག་མཁས་པས་སློང་བ་དེ་དག་ཀུན་ནས་འདུས་
པར་ཤེས་ནས། ཡུད་ཙམ་དུ་བསམས་ཏེ་ནམ་མཁའ་ལ་བལྟས་པ་དང་། ནམ་མཁའི་དབྱིངས་ནས། ཁ་ཟས་དང་བཏུང་བ་རྣམ་པ་སྣ་ཚོགས་རོ་སྣ་ཚོགས་དང་ལྡན་པ། ཁ་དོག་སྣ་ཚོགས་དང་ལྡན་པ། དྲི་སྣ་ཚོགས་དང་ལྡན་པ་མང་པོ་འཐོན་ཏེ། ལག་མཐིལ་དུ་འོངས་པར་གྱུར་ཏོ། །དེས་དེ་དག་ཡོངས་སུ་བླངས་ཤིང་དེ་ལྟར་ཀུན་ནས་འདུས་པའི་སློངས་མོ་བ་མོས་པ་སྣ་ཚོགས་དང་ལྡན་པ། དེ་དག་ཅི་འདོད་པའི་ཟས་དང་། བཏུང་བའི་རྣམ་པ་དང་། ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བྱས་སོ། །ཅི་འདོད་པ་ཡོངས་སུ་བྱིན་ནོ། །རབ་ཏུ་དགའ་བར་བྱས་སོ། །ཤིན་ཏུ་ཚིམ་པར་བྱས་སོ། །དགའ་བ་ཤིན་ཏུ་སྐྱེ་བར་བྱས་སོ། །ཉམས་ཤིན་ཏུ་བདེ་བར་བྱས་སོ། །ཡིད་རབ་ཏུ་དགའ་བར་བྱས་སོ། །དེ་ལྟར་དེ་དག་ཤིན་ཏུ་ཚིམ་པར་བྱས་ནས། དེས་ཀྱང་མཆོག་སྟེ། དེའི་འོག་ཏུ་ཆོས་བསྟན་པ་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསྩགས་པའི་རྒྱུ་ཡོངས་སུ་བརྗོད་དེ་ཆོས་བསྟན་ཏོ། །ཕོངས་པ་ཐམས་ཅད་འབྱུང་བ་མི་སྲིད་པའི་རྒྱུ་ཡོངས་སུ་བརྗོད་པ་དང་། སྐྱིད་པ་ཆེན་པོ་ཡོངས་སུ་འགྲུབ་པར་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། ཆོས་ཀྱི་ཡེ་ཤེས་ཀྱི་ཚུལ་འཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསྩགས་པའི་རྒྱུ་ཡོངས་སུ་བརྗོད་པ་དང་། དགའ་བ་བཟའ་བའི་ཟས་རབ་ཏུ་འཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། མཚན་དང་དཔེ་བྱད་བཟང་པོས་ཤིན་ཏུ་བརྒྱན་པའི་ལུས་འཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། ཐུབ་པ་མྱེད་པའི་སྟོབས་རྣམ་པར་དག་པ་འཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང། བླ་ན་མྱེད་པའི་ཁ་ཟས་ཡོངས་སུ་ཤེས་པ་འཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་འཇོམས་པའི་བསོད་ནམས་ཀྱི་སྟོབས་མྱི་ཟད་པ་རབ་ཏུ་འཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་བྱས་ཏེ་ཆོས་སྟོན་ཏོ། །དེས་ཁ་ཟས་དོན་དུ་གཉེར་ཅིང་འོངས་པ་རྣམས་ལ་ནམ་མཁའི་དབྱིངས་ནས་ཁ་ཟས་རྣམ་པ་སྣ་ཚོགས་བླངས་ཤིང་ཚིམ་པར་བྱས་ཏེ། དེ་དག་ལ་ཚེ་དང་། མདོག་དང་། སྟོབས་དང་། བདེ་བ་དང་། སྤོབས་པ་ཕུན་སུམ་ཚོགས་པ།
འཐོབ་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །དེས་བཏུང་བ་དོན་དུ་གཉེར་ཅིང་འོངས་པ་རྣམས་ལ་བཏུང་བ་མང་པོ་ཞིམ་པ་ཁ་ན་མ་ཐོ་བ་མེད་པ། ཡིད་ཤིན་ཏུ་དགའ་བར་བྱེད་པ་དག་གིས་ཚིམ་པར་བྱས་ནས། དེ་དག་ལ་འཁོར་བས་སྐོམ་ཞིང་འཁོར་བ་ལ་དགའ་བ་ལས་རྣམ་པར་བཟློག་པ་དང་། སངས་རྒྱས་ཀྱི་ཆོས་ལ་དགའ་ཞིང་སངས་རྒྱས་ཀྱི་ཆོས་ལ་མོས་པ་ཡོངས་སུ་བསྐྱེད་པའི་ཕྱིར་ཆོས་བསྟན་ཏོ། །དེས་རོའི་མཆོག་དོན་དུ་གཉེར་ཅིང་འོངས་པ་རྣམས་ལ་རོའི་མཆོག་སྣ་ཚོགས་དངར་བ་དང་། སྐྱུར་བ་དང་། ལན་ཚ་དང་། ཚ་བ་དང་། ཁ་བ་དང་། བསྐ་བ་རྣམ་པ་ཐ་དད་པས་ཡོངས་སུ་ཚིམ་པར་བྱས་ཏེ། དེའི་འོག་ཏུ་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །དེས་བཞོན་པ་དོན་དུ་གཉེར་ཅིང་ཕྱོགས་ཀྱི་རྒྱུད་སྣ་ཚོགས་ནས་འོངས་པ་རྣམས་ལ་བཞོན་པ་སྣ་ཚོགས་ཀྱི་སྦྱིན་པས་ཡོངས་སུ་བསྡུད་དེ། དེ་དག་ཐེག་པ་ཆེན་པོ་ལ་གནས་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །དེས་གོས་དོན་དུ་གཉེར་ཅིང་ཕྱོགས་སྣ་ཚོགས་ནས་འོངས་པ་ཀུན་ནས་འདུས་པར་ཤེས་ནས། ཡུད་ཙམ་དུ་བསམས་ཏེ། ནམ་མཁའི་དབྱིངས་ལ་བལྟས་པ་དང་། ནམ་མཁའི་དབྱིངས་ལས་གོས་སྣ་ཚོགས་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་གྱི་ཁ་དོག་ཏུ་འདུག་པ་ཁ་དོག་སྣ་ཚོགས་ཅན་ཁ་དོག་དུ་མར་རྣམ་པར་དག་པ་དག་འཐོན་ཅིང་ལག་པའི་མཐིལ་དུ་འོངས་པས། དེས་དེ་དག་གིས་སློངས་མོ་བ་དེ་དག་ལ་ཡོངས་སུ་བསྡུད་ནས། དེ་བཞིན་གཤེགས་པའི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་བླ་ན་མྱེད་པ་དང་། མདོག་གསེར་གྱི་ཁ་དོག་ལྟ་བུ་ཐོབ་པར་འགྱུར་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། ། དེ་བཞིན་དུ་ཡོ་བྱད་སྣ་ཚོགས་ཐམས་ཅད་ཀྱིས་ཇི་ལྟར་འོངས་པའི་སློངས་མོ་བ་རྣམས་ལ་སྡུད་པ་བྱས་ནས། ཅི་རིགས་སུ་ཆོས་བསྟན་ཏོ། །དེ་ལྟར་ཁྱིམ་བདག་མཁས་པས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཡུལ་བསྟན་པ་བྱས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་
ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་བོས་ནི་ཡིད་ཀྱི་མཛོད་ནས་བྱུང་བའི་བསོད་ནམས་ཀྱི་རྣམ་པར་ཐར་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་ཡོ་བྱད་ལ་དབང་ཐོབ་པ་རིན་པོ་ཆེའི་ལག་པ་ཐོབ་པར་གྱུར་པ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ལག་པས་ཡོངས་སུ་ཁེབས་པར་བྱས་ཤིང་། སངས་རྒྱས་ཀྱི་མཆོད་པ་སྣ་ཚོགས་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པ་དེ་བཞིན་དུ་རྒྱན་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། ཅོད་པན་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། ཁང་པ་བརྩེགས་པ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། ན་བཟའ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དང་དཀྲོལ་བ་དང་། གླུ་ཡིད་དུ་འོང་བའི་དབྱངས་སྙན་པ་སྣ་ཚོགས་ཀྱི་སྤྲིན་དང་། མེ་ཏོག་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། སྤོས་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། བདུག་སྤོས་དང་ཕྲེང་བ་དང་བྱུག་པ་དང་། ཕྱེ་མ་དང་ཆོས་གོས་དང་། གདུགས་དང་རྒྱལ་མཚན་དང་། བ་དན་ཁ་དོག་སྣ་ཚོགས་དང་། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་མཆོད་པའི་སྤྲིན་གྱི་ཆར་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་གནས་སུ་སངས་རྒྱས་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བར་བྱ་བའི་ཕྱིར་ཡོ་བྱད་ཐམས་ཅད་ཀྱི་སྤྲིན་གྱི་ཆར་འབེབས་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པའམ། རྣམ་པར་འཕྲུལ་པ་བསྟན་པ་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་སེང་གེའི་གཟུགས་ཤེས་བྱ་བ་ཡོད་དེ། དེ་ན་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཅེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས་ཁྱིམ་བདག་མཁས་པ་ལ་
ཆོས་ཀྱི་རིམ་གྲོས་སློབ་མའི་ཚུལ་བསྟན་ཏེ། དེའི་བྱིན་གྱི་རླབས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་བར་ཡོངས་སུ་བལྟ་ཞིང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་ལ་རག་ལུས་པར་བལྟ་བ་དང་། དགེ་བའི་བཤེས་གཉེན་དབེན་པར་སེམས་པ་རྒྱུན་མྱི་འཆད་པར་བསྟན་པ་དང་། དགེ་བའི་བཤེས་གཉེན་གྱི་བཀའ་ཤིན་ཏུ་ཉན་པའི་སེམས་དང་ལྡན་པར་བསྟན་པ་དང་། དགེ་བའི་བཤེས་གཉེན་གྱི་དབང་དུ་འགྱུར་བའི་རྗེས་སུ་འབྲང་བར་བྱ་བ་དང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་། ཚིག་མཉན་པར་བྱ་བ་དང་། དགེ་བའི་བཤེས་གཉེན་ལས་བྱུང་བའི་དད་པའི་དབང་པོ་ལ་བསམ་པ་བྱེད་ཅིང་། དགེ་བའི་བཤེས་གཉེན་གྱིས་བཏམ་སྟེ་བཏང་བས། དགེ་བའི་བཤེས་གཉེན་བསྙེན་ཅིང་བཀུར་བ་དང་། རྗེས་སུ་འབྲང་བར་བྱ་བའི་སེམས་ཀྱིས། ཁྱིམ་བདག་མཁས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱིམ་བདག་མཁས་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ཁྱིམ་བདག་མཁས་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བསོད་ནམས་ཀྱི་ཆུ་བོ་དེ་ལ་ནི་ཡིད་ཆེས་པར་སེམས། བསོད་ནམས་ཀྱི་ཞིང་དེ་ལ་ནི་ཡང་དག་པར་བལྟ། བསོད་ནམས་ཀྱི་རི་བོ་དེ་ནི་ཡོངས་སུ་སྦྱོང་། བསོད་ནམས་ཀྱི་མུ་སྟེགས་དེ་ལ་ནི་ཡང་དག་པར་འཛེག །བསོད་ནམས་ཀྱི་མཛོད་དེ་ནི་རྣམ་པར་འབྱེད། བསོད་ནམས་ཀྱི་གཏེར་དེ་ལ་ནི་ཤིན་ཏུ་ལྟ། བསོད་ནམས་ཀྱི་དཀྱིལ་འཁོར་དེ་ནི་ཡོངས་སུ་སྤྱོད། བསོད་ནམས་ཀྱི་ཕུང་པོ་དེ་ནི་ཡང་དག་པར་ལེན། བསོད་ནམས་ཀྱི་སྟོབས་དེ་ནི་ཡོངས་སུ་བསྐྱེད། བསོད་ནམས་ཀྱི་ཤུགས་དེ་ནི་རྣམ་པར་འཕེལ་བར་བྱེད་ཅིང་། མཐར་གྱིས་གྲོང་ཁྱེར་སེང་གེའི་གཟུགས་གང་ན་བ་དེར་ཕྱིན་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཡོངས་སུ་ཚོལ་ཚོལ་བ་ལས། ཚོང་འདུས་ཀྱི་སྲང་ཞིག་ན་འདུག་པ་མཐོང་ནས། དེས་དེའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། གཡས་ཕྱོགས་སུ་བསྐོར་བ་
བྱས་ནས། མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ན། འཕགས་པ་ལམ་གང་གིས་བདག་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་ལམ་གྱི་མན་ངག་ལེགས་པར་མྱི་སྩལ་ཏམ། དེ་ནས་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་ལག་པ་ནས་བཟུང་སྟེ། རང་གི་ཁྱིམ་གང་ན་བ་དེར་ཁྲིད་དེ་ཁྱིམ་དེ་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་བོའི་ཁྱིམ་ལ་ལྟོས་ཤིག་ཅེས་ནས། དེས་བལྟས་ན་ཁྱིམ་དེ་དག་ཅིང་འོད་གསལ་བ་འཛམ་བུ་ཆུ་ཀླུང་གི་གསེར་ལས་བྱས་པ་སྟེ། ཡངས་ཤིང་མཐོ་ལ་དངུལ་གྱི་ར་བས་བསྐོར་བ། ཤེལ་གྱི་རྩིག་པས་ཤིན་ཏུ་ལེགས་པར་བརྩིགས་ཏེ། མཛེས་པར་བྱས་པ། བཻ་ཌཱུརྱའི་ཕུང་པོ་བརྒྱ་ཕྲག་སྟོང་གིས་རབ་ཏུ་བརྒྱན་པ། མུ་ས་ར་གལ་པའི་ཀ་བ་བཀྱེ་བ། མུ་ཏིག་དམར་པོ་ལས་བྱས་པའི་སེང་གེའི་ཁྲི་ཤིན་ཏུ་བཤམས་པ། ནོར་བུ་རིན་པོ་ཆེ་རང་བཞིན་སྣང་བའི་སེང་གེའི་རྒྱལ་མཚན་བསྒྲེང་བ། ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་བླ་རེ་བྲེས་པ། གསེར་གྱི་དྲ་བ་ཡིད་བཞིན་གྱི་ནོར་བུས་བརྒྱན་པས་ཀུན་ནས་ཡོག་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་གྲངས་མྱེད་པས་རབ་ཏུ་བརྒྱན་པ། ཨསྨ་གར་བྷ་ལས་བརྩིགས་པའི་རྫིང་བུ་ཆུ་བསིལ་བས་གང་བ་དང་ལྡན་པ། རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་གིས་བསྐོར་བ། རྒྱ་ཆེ་ཞིང་ཡངས་པ་རིམ་པ་བཅུར་བརྩེགས་པ། ཤིན་ཏུ་མཐོ་བ། སྒོ་བརྒྱད་དང་ལྡན་པར་འདུག་པ་མཐོང་ནས། དེས་ཁྱིམ་དེའི་ནང་དུ་ཕྱིན་ཏེ། ཀུན་ཏུ་བལྟས་ན་རིམ་ཁང་ཐ་མའི་ནང་ན་བཟའ་བ་དང་བཏུང་བའི་རྣམ་པ་ཡོངས་སུ་གཏོང་བ་མཐོང་ངོ་། །རིམ་ཁང་གཉིས་པའི་ནང་ན་གོས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་
གཏོང་བ་མཐོང་ངོ་། །རིམ་ཁང་གསུམ་པའི་ནང་ན་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་དང་། ལྷབ་ལྷུབ་ཡོངས་སུ་གཏོང་བ་མཐོང་ངོ་། །རིམ་ཁང་བཞི་པའི་ནང་ན་བཙུན་མོའི་འཁོར་དགའ་བའི་ཡོ་བྱད་དུ་བྱ་བ་བུད་མེད་རིན་པོ་ཆེ་ས་ཆེན་པོའི་སྟེང་ན་གཟུང་དུ་བྱ་བ་ཡོངས་སུ་གཏོང་བ་མཐོང་ངོ་། །རིམ་ཁང་ལྔ་པའི་ནང་ན་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཡང་དག་པར་བགྲོ་བའི་དགའ་བ་ལ་མོས་པ། འཇིག་རྟེན་ལ་ཕན་པ་དང་། བདེ་བའི་སེམས་ཀྱི་སྤྱོད་པ་དང་ལྡན་པ། གཙུག་ལག་ཐམས་ཅད་མངོན་པར་བསྒྲུབ་པ་གཟུངས་ཀྱི་ཚུལ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ཏིང་ངེ་འཛིན་ལས་རྣམ་པར་ལྡང་བ་དང་། ཏིང་ངེ་འཛིན་ལ་རྣམ་པར་དཔྱད་པ་དང་། ཡེ་ཤེས་ཀྱི་སྣང་བ་མངོན་པར་སྒྲུབ་པ་འདུས་ཤིང་འཁོད་པར་མཐོང་ངོ་། །རིམ་ཁང་དྲུག་པའི་ནང་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པ་རབ་ཏུ་ཐོབ་པ་ཤེས་རབ་ཤིན་ཏུ་ཟབ་པ། རབ་ཏུ་ཞི་བའི་ཆོས་ཐམས་ཅད་མངོན་པར་ཤེས་པ། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྙིང་པོ་མང་པོས་སྒོ་ཀུན་ནས་བྱུང་བ། བསྒྲིབས་པ་མྱེད་པའི་སྤྱོད་ཡུལ་ཅན་མྱི་གཉིས་པ་ལ་ཡང་དག་པར་སྤྱོད་པ། ཆོས་ཡང་དག་པར་བགྲོ་བ་ལ་རྣམ་པར་འཕྲུལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུད་ཀྱི་རྗེས་སུ་འབྲང་ཞིང་རྣམ་པར་དབྱེ་བ་དང་། རབ་ཏུ་གསལ་བར་བྱེད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མང་པོ་ཡང་དག་པར་བགྲོ་བ་བྱེད་པ་རྣམས་ཀུན་ནས་འདུས་ཤིང་འཁོད་པ་མཐོང་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཞི་བའི་སྙིང་པོ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འགྲོ་བ་ཐམས་ཅད་དུ་ཡེ་ཤེས་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མྱི་གཡོ་བའི་གློང་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྡུལ་དང་བྲལ་བའི་འོད་ཅེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཐུབ་པར་དཀའ་བ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འགྲོ་བ་ཐམས་ཅད་མོས་པར་བྱེད་ཅིང་
རྗེས་སུ་འབྲང་བའི་དཀྱིལ་འཁོར་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཕྱི་བཞིན་འབྲང་བའི་ཚུལ་གྱི་དཀྱིལ་འཁོར་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཀུན་ཏུ་ལྟ་བའི་བཏང་སྙོམས་ཐོབ་པ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མི་ཟད་པའི་མཛོད་དང་ལྡན་པ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཆོས་ཐམས་ཅད་ཀྱི་ཚུལ་རྒྱ་མཚོ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འགྲོ་བ་རྒྱ་མཚོའི་རྗེས་སུ་སོང་བ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཐོགས་པ་མྱེད་པའི་སྤོབས་པ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཆོས་ཀྱི་སྤྲིན་ལ་དམྱིགས་པས་རིམ་པས་མྱི་དམྱིགས་པའི་གནས་ཤེས་བྱ་བ་དང་། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དེ་དག་ལ་སྩོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བར་ཡང་དག་པར་བགྲོ་བ་བྱེད་ཅིང་། རྒྱན་བརྗོད་དུ་མྱེད་པ་ཤིན་ཏུ་རྣམ་པར་ཕྱེ་བའི་འཁོར་གྱི་དཀྱིལ་འཁོར་ན་འཁོད་པ་མཐོང་བར་གྱུར་ཏོ། །རིམ་ཁང་བདུན་པའི་ནང་ན་བྱང་ཆུབ་སེམས་དཔའ་སྒྲ་བརྙན་ལྟ་བུའི་བཟོད་པ་རབ་ཏུ་ཐོབ་པ་ཐབས་དང་ཡེ་ཤེས་རྣམ་པར་གདོན་མི་ཟ་བ་ལ་ཤིན་ཏུ་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡང་དག་པར་འཛིན་པ་ཤ་སྟག་འདུས་ཤིང་འཁོད་པ་མཐོང་ངོ་། །རིམ་ཁང་བརྒྱད་པའི་ནང་ན་བྱང་ཆུབ་སེམས་དཔའ་མ་ཉམས་པར་འགྲོ་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གཟུགས་བརྙན་རབ་ཏུ་འབྱུང་བ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ལུས་ཤིན་ཏུ་རྣམ་པར་ཕྱེ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་གུད་དུ་མི་འཕགས་པའི་ཡུལ་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་ཡང་དག་པར་གཞོལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྔོན་དུ་བརྗོད་པའི་གཏམ་གྱི་སྐྱེས་བུར་གྱུར་པ་ཤ་སྟག་ཀུན་ནས་འདུས་ཤིང་འཁོད་པ་
མཐོང་ངོ་། །རིམ་ཁང་དགུ་པའི་ནང་ན་བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་འདུས་ཤིང་འཁོད་པ་མཐོང་ངོ་། །རིམ་ཁང་བཅུ་པའི་ནང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཐོག་མ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། སྤྱོད་པ་དང་། འབྱུང་བ་དང་། སྨོན་ལམ་རྒྱ་མཚོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་ཡུལ་དང་། སངས་རྒྱས་ཀྱི་ཞིང་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་བཅས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་སྒྲོག་པ་དང་བཅས་པ་དང་། སེམས་ཅན་འདུལ་བ་མཛད་པའི་བྱིན་གྱི་རླབས་དང་བཅས་པར་མཐོང་ངོ་། །མཐོང་ནས་ཀྱང་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཁྱོད་ལ་འདི་ལྟ་བུའི་ཕུན་སུམ་ཚོགས་པ་མངའ་ན། ཕུན་སུམ་ཚོགས་པའི་རྣམ་པ་དེ་ཅི་ལྟ་བུ་ཞིག་ཏུ་སྦྱང་བ་མཛད་མཛད། དགེ་བའི་རྩ་བ་ནི་སུ་ཞིག་ལ་ཡོངས་སུ་བསྐྲུན་བསྐྲུན། དེས་སྨྲས་པ། རིགས་ཀྱི་བུ་ཁོ་བོས་དྲན་ཏེ། འདས་པའི་དུས་ཀྱི་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཡང་ཕ་རོལ་ཅིག་ན། འཇིག་རྟེན་གྱི་ཁམས་འཁོར་ལོ་སྣ་ཚོགས་ཞེས་བྱ་བར། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་འོད་གཟེར་མཐའ་ཡས་པས་ཡོངས་སུ་བརྒྱན་པའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མྱེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེ་ཡེ་ཤེས་རྣམ་པར་སྣང་བ་ལ་སྩོགས་པ་ཉན་ཐོས་བྱེ་བ་ཕྲག་བརྒྱ་དང་། ཡེ་ཤེས་ཉི་མའི་གཟི་བརྗིད་ལ་སྩོགས་པ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་སྟོང་དང་། ཐབས་གཅིག་ཏུ་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་རྒྱལ་པོས་སྤྱན་དྲངས་ནས། བཟའ་ཤིང་གི་ར་བ་ཆེན་པོ་རིན་པོ་ཆེ་རྒྱལ་མཚན་རྒྱན་གྱིས་མཛེས་པ་ཞེས་བྱ་བར་གཤེགས་ཏེ། དེ་བཞིན་གཤེགས་པ་དེ་
གྲོང་ཁྱེར་དུ་གཤེགས་ནས། ཚོང་འདུས་ཀྱི་སྲང་ནས་ཚུར་བཞུད་པའི་ཚེ། ཁོ་བོས་དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མཆོད་པ་བྱ་བའི་ཕྱིར། སིལ་སྙན་དང་རོལ་མོའི་སྒྲ་ཞིག་ཀྱང་ཕྱུང་། སྤོས་ཀྱི་རི་ལུ་གཅིག་ཅིག་ཀྱང་བསྲེགས་ཏེ། བདུག་སྤོས་ཀྱིས་བསངས་སོ། །སྤོས་ཀྱི་རི་ལུ་གཅིག་པོ་དེ། དེ་ལྟར་བསྲེགས་པས་ཞག་བདུན་དུ་འཛམ་བུའི་གླིང་ཐམས་ཅད་ཀྱང་སྤོས་ཀྱི་ན་བུན་གྱི་སྤྲིན་ཁ་དོག་སྣ་ཚོགས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་དང་འདྲ་བས་ཡོངས་སུ་ཁེབས་པར་གྱུར་ཏོ། །སྤོས་ཀྱི་ན་བུན་གྱི་སྤྲིན་དེ་དག་ལས་ཀྱང་སྒྲ་འདི་སྐད་དུ་བརྗོད་དེ། དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དུས་གསུམ་དུ་དྲི་མ་མྱེད་པའི་ཡེ་ཤེས་ཀྱི་ཕུང་པོ་དང་ལྡན་པའི་ཐམས་ཅད་མཁྱེན་པ་སྟེ། སྒྲིབ་པ་ཐམས་ཅད་མྱི་མངའ་བའོ། །ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡོངས་སུ་སྦྱངས་པ་སྟེ། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཐམས་ཅད་ཀྱང་། ཐམས་ཅད་མཁྱེན་པའི་དོན་ཆེན་པོ་ཚད་མྱེད་པ་བསྒྲུབ་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་གཞོལ་བར་འགྱུར་རོ་ཞེས། དེ་སྐད་དུ་ཁོ་བོའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་ཤུགས་ཡང་དག་པར་བསྐྱེད་པའི་ཕྱིར། སྤོས་ཀྱི་ན་བུན་གྱི་སྤྲིན་དེ་ལས། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་སྒྲའི་རྣམ་པ་དེ་ལྟ་བུ་བྱུང་ངོ་། །རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས། བསྟན་པའི་ཆོ་འཕྲུལ་གྱི་དགེ་བའི་རྩ་བ་དེ་ཡང་ཁོ་བོས་གནས་གསུམ་དུ་ཡོངས་སུ་བསྔོས་ཏེ། གསུམ་གང་ཞེ་ན། འདི་ལྟར་ཕོངས་པ་ཐམས་ཅད་ཤིན་ཏུ་རྒྱུན་གཅད་པ་དང་། དམ་པའི་ཆོས་མཉན་པ་དང་མྱི་འབྲལ་བ་དང་། དགེ་བའི་བཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བ། ཡོངས་སུ་རྫོགས་པར་འགྱུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོས་སོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྨོན་ལམ་གྱི་དཀྱིལ་
འཁོར་ཐོགས་པ་མྱེད་པའི་རྒྱན་ཅེས་བྱ་བ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་པོ་ཆེ་ཚད་མྱེད་པའི་འབྱུང་གནས་སུ་གྱུར་པ། སངས་རྒྱས་ཀྱི་སྐུ་རྒྱ་མཚོ་དང་། ཐ་མྱི་དད་པ་ལ་ཞུགས་པ། ཐ་མྱི་དད་པའི་ཆོས་ཀྱི་སྤྲིན་གྱི་ཆར་ཡང་དག་པར་འཛིན་པ། ཐ་མྱི་དད་པའི་ཡོན་ཏན་རྒྱ་མཚོ་ལ་ཞུགས་པ། ཀུན་ཏུ་བཟང་པོའི་སྤྱོད་པའི་དྲ་བ་རྣམ་པར་རྒྱས་པར་གྱུར་པ། ཏིང་ངེ་འཛིན་ཐ་མྱི་དད་པའི་ཡུལ་ལ་ཞུགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐ་མྱི་དད་པས་དགེ་བའི་རྩ་བ་རྒྱུན་གཅིག་ཏུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་མྱི་དད་ཅིང་རྣམ་པར་མྱི་རྟོག་པར་སྤྱོད་པ། དུས་གསུམ་ཐ་མྱི་དད་པས་མཉམ་པ་ཉིད་ལ་ཞུགས་པ། བསྐལ་པ་ཐམས་ཅད་ཐ་མྱི་དད་པར་ཡོངས་སུ་གནས་པས་མྱི་སྐྱོ་བ། ཀུན་ཏུ་ལྟ་བ་ཐ་མྱི་དད་པའི་ཡུལ་གྱི་ས་ལ་གནས་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་སྦའི་རྩ་བ་ཞེས་བྱ་བ་ཡོད་དེ། དེའི་གྲོང་ཁྱེར་ཀུན་ནས་སྒོ་ཞེས་བྱ་བ་ན། ཚོང་དཔོན་སྤོས་འཚོང་ཀུན་ཏུ་ལྟ་བ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སངས་རྒྱས་མཐའ་ཡས་པ་མཐོང་བ་ལ་ཞུགས་པ། བྱང་ཆུབ་སེམས་དཔའ་མཐའ་ཡས་པ་དང་འགྲོགས་པ་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་
ལམ་མཐའ་ཡས་པའི་ཚུལ་གྱིས་སྣང་བར་གྱུར་པ། ཆོས་ཀྱི་ཚུལ་མཐའ་ཡས་པས་མངོན་པར་བརླན་པས་ཤིན་ཏུ་རྟོགས་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་མོས་པ་མཐའ་ཡས་པའི་ལམ་གྱིས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའི་དབང་པོ་མཐའ་ཡས་པའི་སྣང་བ་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་བསམ་པ་མཐའ་ཡས་པའི་སྟོབས་ལ་གནས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་པའི་རྗེས་སུ་སོང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་མཐའ་ཡས་པའི་སྟོབས་ཡོངས་སུ་སྐྱེས་པ། བྱང་ཆུབ་སེམས་དཔའ་གཞན་གྱིས་ཐུབ་པ་མྱེད་པ་མཐའ་ཡས་པའི་རྒྱལ་མཚན་ཅན། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བ་མཐའ་ཡས་པའི་རྒྱུད་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཆོས་མཐའ་ཡས་པའི་སྣང་བ་རབ་ཏུ་ཐོབ་པ་དེ་མཐར་གྱིས་ཡུལ་སྦའི་རྩ་བ་གང་ན་བ་དེར་ཕྱིན་ནས། གྲོང་ཁྱེར་ཀུན་ནས་སྒོ་ཡོངས་སུ་ཚོལ་ཞིང་ཕྱོགས་དང་། ཕྱོགས་མཚམས་དང་། ཡུལ་ཕྱོགས་ཉེན་ཀོར་ཀུན་དང་། སྒང་དང་གཤོང་དང་། མཉམ་པ་དང་མྱི་མཉམ་པ་ཐམས་ཅད་དུ་ཡོངས་སུ་སྐྱོ་བ་མྱེད་པའི་བསམ་པ་དང་། འཇིགས་པ་མྱེད་པའི་སེམས་དང་། ལྡོག་པ་མྱེད་པའི་བརྩོན་འགྲུས་དང་། ཐུབ་པ་མྱེད་པའི་སེམས་ཀྱིས། དགེ་བའི་བཤེས་གཉེན་གྱི་གདམས་ངག་མ་བརྗེད་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་གྱི་སྤྱོད་པ་མ་ནོར་བས་སེམས་རབ་ཏུ་བསྒོས་པ་དང་། སྒོ་ཀུན་ནས་རྣམ་པར་དམྱིགས་པའི་དབང་པོ་དང་ལྡན་པ་དང་། བག་མྱེད་པ་ཐམས་ཅད་དང་བྲལ་བ་དང་། མྱིག་དང་རྣ་བ་གཡེང་བ་མྱེད་པར་ཀུན་ཏུ་ཚོལ་ཚོལ་ནས་ཡུལ་སྦའི་རྩ་བའི་དབུས་ཤིག་ན། གྲོང་ཁྱེར་ཀུན་ནས་སྒོ་ཚོང་འདུས་ཀྱི་རྡལ་སྟོང་ཕྲག་བཅུའི་གནས་སུ་གྱུར་པ། དེ་ཤིན་ཏུ་བཟང་པོར་གྲུབ་པ། ར་བ་བརྟན་པས་བསྐོར་བ། ཤིན་ཏུ་མཐོ་བ་བཞི་མདོ་བརྒྱད་ཀྱིས་བརྒྱན་པ་འདུག་པར་མཐོང་སྟེ། དེའི་ནང་ན་སྤོས་འཚོང་ཀུན་ཏུ་ལྟ་བ་ཡང་སྤོས་འཚོང་གི་ཁྱམས་ཤིག་ན་འདུག་པ་མཐོང་
ནས། སྤོས་འཚོང་ཀུན་ཏུ་ལྟ་བ་གང་ན་བ་དེར་ཕྱིན་ཏེ། སྤོས་འཚོང་ཀུན་དུ་ལྟ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་མཚལ་ཏོ། །སྨྲས་པ་རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁོ་བོས་ནི་སེམས་ཅན་ཐམས་ཅད་ཀྱི་ནད་ཤེས་ཏེ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། ཆ་མཉམ་པར་འཁྲུགས་པ་དང་། གཞན་གྱིས་གནོད་པར་བྱས་པ་དང་། མི་མ་ཡིན་པ་ལས་གྱུར་པ་དང་། དུག་འཐུངས་པ་དང་། སྔགས་དང་། མཚོན་དང་། རོ་ལངས་པའི་སྦྱོར་བ་སྣ་ཚོགས་དང་། མེ་ལས་གྱུར་པ་དང་། ཆུས་བསྐྱོད་པ་ལས་གྱུར་པ་དང་། སྔངས་པ་དང་འཇིགས་པ་སྣ་ཚོགས་ལས་གྱུར་པ་ཐམས་ཅད་ཀྱང་ཤེས་སོ། །ནད་དེ་དག་ཐམས་ཅད་ཞི་བར་བྱ་བ་ཡང་ཤེས་ཏེ། འདི་ལྟར་སྣུམ་པར་བྱ་བ་ཡང་རབ་ཏུ་ཤེས་སོ། །སྐྱུག་པར་བྱ་བ་དང་། བཀྲུ་བ་དང་། བརྟ་བ་དང་། གཏར་བ་དང་། སྣའི་ཆོ་ག་དང་། ཉ་ར་དང་། དུགས་དང་། ལུམས་དང་། བྱུག་པ་དང་། དུག་གསོ་བ་དང་། འབྱུང་པོའི་གདོན་མྱེད་པར་བྱ་བ་དང་། བཅུད་དང་། ཁྲུས་དང་། བཞག་པ་དང་། བསྐྱེད་པ་དང་། ཁ་དོག་སྦྱང་བ་དང་། ཉམ་བསྟོད་པའང་རབ་ཏུ་ཤེས་ཏེ། རིགས་ཀྱི་བུ་ཕྱོགས་བཅུ་ནས་སེམས་ཅན་གང་ཇི་སྙེད་ཅིག་ཁོ་བོའི་དྲུང་དུ་འོང་བ་དེ་དག་ཐམས་ཅད་ཀྱི་ནད་ཐམས་ཅད་ཀྱང་རབ་ཏུ་ཞི་བར་བྱེད་དེ། ནད་སོས་ནས་ཀྱང་ལེགས་པར་བཀྲུ་བ་དང་ལུས་ལ་བྱུག་པས་བྱུག་པ་བྱས་ནས། ཅི་ཚུལ་གྱི་རྒྱན་གྱིས་ཡན་ལག་ཤིན་ཏུ་བརྒྱན་ཏེ། ཅི་རིགས་པའི་གོས་ལུས་ལ་བསྐོན་ནས། ཁ་ཟས་བྲོ་བའི་མཆོག་དང་ལྡན་པ་སྣ་ཚོགས་ཀྱིས་ཡོངས་སུ་ཚིམ་པར་
བྱས་ཏེ། ནོར་དཔག་ཏུ་མེད་པས་ཀྱང་ཕུན་སུམ་ཚོགས་པར་བྱེད་དོ། །དེའི་འོག་ཏུ་ཡང་དེ་དག་ལ་མི་གཙང་བ་བསྟན་ཅིང་། འདོད་ཆགས་སྤང་བའི་ཕྱིར་ཆོས་སྟོན་ཏོ། །བྱམས་པ་ཆེན་པོ་ཡོངས་སུ་བསྔགས་ཤིང་ཞེ་སྡང་སྤང་བའི་ཕྱིར་ཆོས་སྟོན་ཏོ། །ཆོས་རྣམ་པར་དབྱེ་བའི་བྱེ་བྲག་བསྟན་ཅིང་གཏི་མུག་སྤང་བའི་ཕྱིར་ཆོས་སྟོན་ཏོ། །ཁྱད་པར་ཁོང་དུ་ཆུད་པའི་ཚུལ་གྱི་སྒོ་ཡང་དག་པར་བསྟན་ཅིང་ཆ་མཉམ་པའི་སྤྱོད་པ་དང་། ཉོན་མོངས་པ་སྤང་བའི་ཕྱིར་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་དང་ལྡན་པའི་གཏམ་ཐམས་ཅད་ཡོངས་སུ་བརྗོད་ཅིང་བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །འཁོར་བའི་སྡུག་བསྔལ་ཚད་གཟུང་དུ་མྱེད་པ་ཡོངས་སུ་བསྟན་ཅིང་། སྙིང་རྗེ་ཆེན་པོ་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསྩགས་པ་ཡང་དག་པར་བསྔགས་ཤིང་ཡོན་ཏན་ཚད་མེད་པ་འཐོབ་པ་དང་། འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་བྱ་བ་ཡོངས་སུ་བསྟན་ཅིང་ཐེག་པ་ཆེན་པོའི་སྨོན་ལམ་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། བསྐལ་པ་ཐམས་ཅད་དུ་གནས་པར་བྱ་བའི་སྤྱོད་པའི་དྲ་བ་ཤིན་ཏུ་རྒྱས་པར་བཤད་ཅིང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་འཐོབ་པ་དང་། འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔགས་ཤིང་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་འཐོབ་པ་དང་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པ་ཐམས་ཅད་དུ་འགྲོ་བ་འཐོབ་པ་དང་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། སྐུ་མདོག་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་རྒྱུ་ཡོངས་སུ་སྟོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་སྐུ་
ཐུབ་པར་དཀའ་བ་ཡོངས་སུ་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་སྐུ་ཟིལ་གྱིས་མ་ནོན་ལ། ཟིལ་གྱིས་གནོན་པ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་ཆོས་ཀྱི་སྐུ་ཡོངས་སུ་དག་པ་ཡོངས་སུ་སྟོན་ཏོ། །ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་འགྲོ་བ་ཐམས་ཅད་ལ་མངོན་དུ་གྱུར་པའི་སྐུ་གཙང་ཞིང་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་བསྐལ་པ་ཐམས་ཅད་ཀྱི་དུས་སུ་འགྲོ་བ་ཐམས་ཅད་ཀྱི་སེམས་དང་འགྲོགས་པའི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་འབྱུང་བའི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་འགྲོ་བ་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་མཛད་པའི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །མྱི་དགེ་བའི་ཆོས་ཐམས་ཅད་ལས་རྣམ་པར་ལྡོག་པ་ཡོངས་སུ་བརྗོད་ཅིང་བལྟ་ན་ཕུལ་དུ་བཟང་བའི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །དེ་ལྟར་དེ་དག་ཆོས་ཀྱི་སྦྱིན་པས་ཡོངས་སུ་བསྡུས་ཏེ། ནོར་དང་རིན་པོ་ཆེ་མཐའ་ཡས་པའི་ཚོགས་ཀྱིས་ཉེ་བར་བརྟན་པ་བྱས་ཤིང་སོ་སོར་འགྱེད་དོ། །ཡང་རིགས་ཀྱི་བུ་ཁོ་བོ་ནི་སྤོས་དང་། བདུག་སྤོས་དང་། བསྒོ་བ་དང་། བསྐུ་བ་སྦྱོར་ཤེས་ཏེ། འདི་ལྟར་སྤོས་ཀྱི་རྒྱལ་པོ་གཞལ་དུ་མེད་པ་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་སིནྡུ་བ་ར་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་མི་ཕམ་པ་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་རྣམ་པར་གསལ་བྱེད་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་ཉི་མ་ཡོད་པ་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་དུས་དང་འཐུན་པ་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་སྦྲུལ་གྱི་སྙིང་པོའི་ཙན་དན་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་སྤྲིན་གྱི་ཨ་ག་རུ་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་དབང་པོ་མི་འཁྲུག་པ་ལ་སྩོགས་པ། སྤོས་སྦྱར་བ་ཐམས་ཅད་
ཀྱང་རབ་ཏུ་ཤེས་སོ། །ཡང་རིགས་ཀྱི་བུ་ཁོ་བོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་བལྟ་ཞིང་མཆོད་པ་དང་། བསྙེན་བཀུར་བའི་སྤོས་ཀྱི་གཟུགས་ཤེས་ཏེ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་བལྟ་ཞིང་མཆོད་པ་དང་། བསྙེན་བཀུར་བའི་སྤོས་ཀྱི་གཟུགས་འདིས་ཁོ་བོའི་བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་ཏེ། དེའི་མཐུས་ཁོ་བོ་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་རྒྱན་གྱི་སྤྲིན་བྱིན་གྱིས་རློབ་པ་བྱེད་དེ་འདི་ལྟར་སྤོས་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱི་རྒྱན་ནས་རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོར་བྱ་བའི་རྒྱན་གྱི་སྤྲིན་གྱི་བར་དུ་བྱིན་གྱིས་རློབ་པ་བྱེད་དོ། །རིགས་ཀྱི་བུ་ཁོ་བོ་ནི་ནམ་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་འདོད་པར་གྱུར་པ་དེའི་ཚེ། ཁོ་བོས་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་བལྟ་ཞིང་མཆོད་པ་དང་། བསྙེན་བཀུར་བའི་སྤོས་ཀྱི་གཟུགས་འདི་ལས་སྤོས་ཀྱི་མཛོད་ཀྱི་ཁང་པ་བརྩེགས་པའི་སྤྲིན་ཚད་གཟུང་དུ་མྱེད་པ་བཏོན་ཅིང་། ཕྱོགས་བཅུའི་ཆོས་ཀྱི་དབྱིངས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སྤོས་ཐམས་ཅད་ཀྱི་མཛོད་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱི་རྒྱན་བྱིན་གྱིས་རློབ་པ་བྱེད་དོ། །ཆོས་ཀྱི་དབྱིངས་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་ཁང་པའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་ར་བའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་བ་གམ་གྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་རྟ་བབས་ཀྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་སྐར་ཁུང་གི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་པུ་ཤུའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་ཟླ་གམ་གྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་གདུགས་ཀྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་རྒྱལ་མཚན་བསྒྲེང་བའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་ལྷའི་བ་དན་གྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་བླ་བྲེའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་གཟུགས་ཀྱི་དྲ་བའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་
འོད་ཀྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་སྣང་བ་དྲི་མ་མྱེད་པའི་སྤྲིན་གྱི་རྒྱན་དང་། སྤོས་ཐམས་ཅད་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབབ་པའི་རྒྱན་བྱིན་གྱིས་རློབ་སྟེ། རིགས་ཀྱི་བུ་ཁོ་བོས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་བལྟ་ཞིང་མཆོད་པ་དང་། བསྙེན་བཀུར་བའི་སྤོས་ཀྱི་གཟུགས་ཀྱི་ཆོས་ཀྱི་སྒོ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་པ། བལྟ་ན་དོན་ཡོད་པ། འགྲོགས་ན་དོན་ཡོད་པ། རྗེས་སུ་དྲན་ན་དོན་ཡོད་པ། བརྟུལ་ཞུགས་རྗེས་སུ་བྱས་ན་དོན་ཡོད་པ། མྱིང་ཐོས་ན་དོན་ཡོད་པ། མཐོང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞི་བར་འགྱུར་བ། མཐོང་བ་ཙམ་གྱིས་སེམས་ཅན་རྣམས་ངན་སོང་གི་རྒྱུད་ལས་ལྡོག་པར་འགྱུར་བ། མཐོང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་སྐབས་ཕྱེ་བ་ཐོབ་པར་གྱུར་པ། མཐོང་བ་ཙམ་གྱིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ཞི་བར་འགྱུར་བ་མཐོང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་འཇིགས་པ་དང་། འཁོར་བའི་ལམ་གྱི་རྒྱུད་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བར་འགྱུར་བ་མཐོང་བ་ཙམ་གྱིས་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་ཕྱོགས་ལ་རྟེན་པར་འགྱུར་བའི་ཕྱིར་མྱི་འཇིགས་པ་ཐོབ་པར་འགྱུར་བ། མཐོང་བ་ཙམ་གྱིས་སེམས་ཅན་རྣམས་རྒ་ཤིའི་གྲོག་པོ་དང་གཡང་སར་མི་ལྟུང་བ། མཐོང་བ་ཙམ་གྱིས་སེམས་ཅན་རྣམས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་གནས་པས་མྱ་ངན་ལས་འདས་པའི་བདེ་བ་འཐོབ་པར་འགྱུར་བ་དེ་དག་གི་སྤྱོད་པ་ཤེས་པའམ་ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་ཏ་ལའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་རྒྱལ་པོ་མེ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས། ཚོང་དཔོན་སྤོས་འཚོང་ཀུན་
ཏུ་བལྟ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚོང་དཔོན་སྤོས་འཚོང་ཀུན་ཏུ་བལྟ་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ཚོང་དཔོན་སྤོས་འཚོང་ཀུན་ཏུ་བལྟ་བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་རྗེས་སུ་དྲན་པར་བྱེད་ཅིང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་གི་སྒོ་དེ་དག་རྗེས་སུ་དྲན་པར་བྱ་བ་དང་། བདག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ངོ་། །ཞེས་རང་གི་སེམས་ཡོངས་སུ་ཚིམ་པར་བྱ་བ་དང་། བདག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྲུངས་པས། ང་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མྱི་འགྱུར་རོ། །སྙམ་དུ་རྣམ་པར་སེམས་ཤིང་། སེམས་དགའ་བ་ནི་རབ་ཏུ་ཐོབ། སེམས་དང་བ་དང་སེམས་རབ་ཏུ་དགའ་བ་དང་། སེམས་རངས་པ་དང་། སེམས་མགུ་བ་དང་། སེམས་མོས་པ་དང་། སེམས་ཀྱི་ཤུགས་དང་། སེམས་རྣམ་པར་ཞི་བ་དང་། སེམས་རྒྱ་ཆེན་པོ་དང་། སེམས་ཀྱི་རྒྱན་དང་། སེམས་ལ་ཐོགས་པ་མྱེད་པ་དང་སེམས་ལ་སྒྲིབ་པ་མྱེད་པ་དང་། སེམས་རྣམ་པར་ཕྱེ་བ་དང་། སེམས་ཡང་དག་པར་གཞོལ་བ་དང་། སེམས་ཀྱི་དབང་དང་། སེམས་དབང་སྒྱུར་བ་དང་། སེམས་ཀྱི་ཆོས་ཁོང་དུ་ཆུད་པ་དང་། སེམས་ཀྱིས་ཞིང་རྒྱས་པར་དགང་བ་དང་། སེམས་སངས་རྒྱས་མཐོང་བས་བརྒྱན་པ་དང་། སེམས་སྟོབས་བཅུའི་ཡིད་ལ་བྱ་བ་དང་མི་འབྲལ་བའང་ཐོབ་ནས། དེ་མཐར་ཀྱིས་ལྗོངས་ནས་ལྗོངས་དང་། གྲོང་ནས་གྲོང་དང་། ཡུལ་ནས་ཡུལ་དུ་ཚོལ་ཞིང་གྲོང་ཁྱེར་ཏ་ལའི་རྒྱལ་མཚན་གང་ན་བ་དེར་ཕྱིན་ཏེ། རྒྱལ་པོ་མེ་གང་ན་བཞུགས་ཞེས་དྲིས་ན། དེ་ལ་འགྲོ་བ་གཞན་དག་གིས་འདི་སྐད་དུ་བསྟན་ཏེ། རིགས་ཀྱི་བུ་འདེ་རེ་རྒྱལ་པོ་མེ་ནི་རྒྱལ་པོའི་དོན་བསྒྲུབ་པའི་ཕྱིར་སེང་གེའི་གདན་ལ་བཞུགས་ཤིང་། རྒྱལ་པོའི་ཕྲིན་ལས་མཛད་དོ། །ཁམས་རབ་ཏུ་སྐྱོང་ངོ་། །ཆད་པས་གཅད་པར་འོས་པ་ནི་ཆད་པས་གཅོད་དོ། །བྱ་དགས་སྡུད་པར་འོས་པ་ནི་བྱ་དགས་སྡུད་དོ། །གཡོན་ཡོད་པ་རྣམས་
ལ་ནི་གྱོད་རྨེད་དོ། །རྩོད་པ་རྣམས་ཀྱི་ཞལ་ཅེ་ནི་ཡོངས་སུ་གཅོད་དོ། །དམའ་བ་རྣམས་ནི་དབུགས་འབྱིན་ཏོ། །དྲེགས་པ་རྣམས་ནི་འདུལ་བ་མཛད་དོ། །སྲོག་གཅོད་པ་ལས་ནི་རྣམ་པར་ཟློག་གོ །མ་བྱིན་པར་ལེན་པ་དང་ནི་རྣམ་པར་འབྱེད་པ་མཛད་དོ། །གཞན་གྱིས་ཡོངས་སུ་བཟུང་བ་ལ་མངོན་པར་ཞེན་པ་ནི་རྣམ་པར་ཞི་བར་མཛད་དོ། །བརྫུན་དུ་སྨྲ་བ་ལས་ནི་ཕྱིར་ཟློག་པ་མཛད་དོ། །ཕྲ་མའི་ཚིག་དང་ནི་རྣམ་པར་འབྲལ་བར་མཛད་དོ། །ཞེ་གཅོད་པའི་ངག་ནི་རྒྱུན་གཅོད་པ་མཛད་དོ། །ཚིག་ཀྱལ་པ་ལས་ནི་ཡོངས་སུ་གློན་ནོ། །ཆགས་སེམས་དང་ནི་མྱི་འདྲེ་བ་མཛད་དོ། །གནོད་སེམས་དང་ནི་རྒྱང་སྲིང་ངོ་། །ལོག་པར་ལྟ་བ་དང་ནི་འདྲེ་བ་མྱེད་པར་མཛད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་རྒྱལ་པོ་མེ་གང་ན་བ་དེར་ཕྱིན་ན། དེས་མཐོང་བ། རྒྱལ་པོ་མེ་དེ་ནི་རིན་པོ་ཆེའི་སེང་གེའི་ཁྲི་ཆེན་པོ་རྡོ་རྗེ་མཐུ་བོ་ཆེའི་ནོར་བུ་སྣ་ཚོགས་ཀྱིས་སྤྲས་པ། རིན་པོ་ཆེ་འོད་གསལ་བ་རྣམ་པ་སྣ་ཚོགས་གྲངས་མྱེད་པ་ལས་བྱས་པའི་རྐང་པ་བཀྱེ་བ། རིན་པོ་ཆེ་གཅིག་མ་ཡིན་པས་ལེགས་པར་སྤྲས་ཤིང་བརྒྱན་པས་ཡིད་དུ་འོང་བའི་ལྷུན་དང་ལྡན་པ། གསེར་གྱི་ལྕག་པོད་ཀྱི་དྲ་བས་ལེགས་པར་བླས་ཤིང་ཆུབ་པར་བཏགས་པ། ནོར་བུ་རིན་པོ་ཆེ་དུ་མའི་སྒྲོན་མེས་ཤིན་ཏུ་སྣང་བར་བྱས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་བྱས་པའི་པད་མོའི་སྙིང་པོ་ཅན། ལྷ་རྫས་ཀྱི་རིན་པོ་ཆེའི་སྟན་རིམ་པ་དུ་མར་བཏིང་བ། གམ་ཡོ་ནས་ལྷ་རྫས་ཀྱི་སྤོས་སྣ་ཚོགས་ཀྱི་བདུག་སྤོས་ཀྱིས་ཤིན་ཏུ་བདུགས་པ། རིན་པོ་ཆེའི་རྒྱལ་མཚན་བསྒྲེང་བ། བརྒྱ་ཕྲག་སྟོང་གིས་མཛེས་པར་བྱས་པ། རིན་པོ་ཆེའི་བ་དན་བརྒྱ་ཕྲག་སྟོང་རྣམ་པར་བྲེས་པས་བརྒྱན་པ། རིན་པོ་ཆེའི་མེ་ཏོག་གི་ཆུན་པོ་སྣ་ཚོགས་ཀྱི་ལྡ་ལྡི་རབ་ཏུ་བཀྱེ་བས་ཤིན་ཏུ་མཛེས་པར་བྱས་པ། སྟེང་ནས་ལྷ་རྫས་ཀྱི་རིན་པོ་ཆེའི་བླ་རེ་སྣ་ཚོགས་བྲེས་པ་ཞིག་ལ་འདུག་ཅིང་། དེ་ནི་གཞོན་ཞིང་དར་ལ་བབ་པ། གཟུགས་མཛེས་ཤིང་བལྟ་ན་ཡིད་དུ་འོང་བ། སྐྲ་མཐོན་ཏིང་གཡས་ཕྱོགས་སུ་འཁྱིལ་བ་དང་ལྡན་པ། མགོ་གདུགས་ལྟར་འདུག་པ་གཙུག་ཏོར་གྱི་སྤྱི་བོ་ཅན། འཕྲལ་བ་ཡངས་པ། མྱིག་དཀར་
ནག་འབྱེས་ཤིང་རིང་ལ། རྫི་མ་བའི་རྫི་མ་ལྟར་འདུག་པ། སྣའི་དབྱིབས་ལེགས་ཤིང་བཟང་ལ་རན་པར་མཛེས་པ་དང་ལྡན་པ། མཆུ་མཚལ་ལྟར་མདོག་བཟང་ཞིང་ཤིན་ཏུ་ལེགས་པ་དང་ལྡན་པ། སོ་མཉམ་ཞིང་ཐགས་བཟང་ལ་ཤིན་ཏུ་དཀར་བ་བཞི་བཅུ་ཚང་བ་དང་ལྡན་པ། འགྲམ་པའི་ལྷ་ང་སེང་གེའི་འགྲམ་པ་ལྟར་འདུག་པ་ཁུར་བ་ཤས་རྒྱས་པ། སྨིན་ཚུགས་གཞུ་ལྟར་འདུག་ཅིང་རིང་ལ་ཤིན་ཏུ་མཛེས་པ། མཛོད་སྤུ་ཟླ་བའི་ཁ་དོག་ལྟར་འདུག་པའི་ཐིག་ལེ་ཅན། རྣ་བའི་ཤལ་རིང་ཞིང་ལྷོད་པར་འཕྱང་བ། ཟླ་བ་ཉ་བ་ལྟར་བཞིན་མདངས་དང་ལྡན་ཞིང་ཤིན་ཏུ་བཟང་བ། མགུལ་ཟླུམ་ཞིང་དུང་ལྟར་མཛེས་པ། སྙིང་ཀ་དཔལ་གྱི་བེ་འུས་བརྒྱན་པ། རོ་སྟོད་སེང་གེའི་རོ་སྟོད་ལྟར་འདུག་པ། ཐལ་གོང་ཤིན་ཏུ་རྒྱས་ལ། དཔུང་མགོའི་ལྷུན་ལེགས་ཤིང་ཟླུམ་པ། ལག་པ་རིང་བ་དྲ་བར་འབྲེལ་བའི་སོར་མོ་ཅན། རྐ་ལག་འཁོར་ལོས་བརྒྱན་པ། རྐ་ལག་འཇམ་ཞིང་གཞོན་ལ་ཤས་རྒྱས་པ། བདུན་ཤིན་ཏུ་མཐོ་བ། རྐེད་པ་རྡོ་རྗེ་ལྟར་འདུག་པ། ལུས་ཆེ་ཞིང་དྲང་བ། བརླ་ཟླུམ་པ། ཕོ་མཚན་གསང་བའི་སྦུབས་ན་འདུག་པ། བྱིན་པ་རི་དགས་ཨེ་ནེ་ཡའི་བྱིན་པ་ལྟར་འདུག་པ། སོར་མོ་རིང་བ། རྐང་པའི་རྟིང་བ་ཡངས་པ། འོད་འདོམ་གང་བ་དང་ལྡན་པ་མདོག་གསེར་གྱི་ཁ་དོག་ལྟར་འདུག་པ། བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་གྱེན་དུ་འཁྱིལ་བ། ཤིང་ནྱ་གྲོ་དྷའི་རྒྱལ་པོ་ལྟར་ཆུ་ཞེང་གབ་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ཤིན་ཏུ་བརྒྱན་པ། མགོ་ལ་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་ཅོད་པན་ཐོགས་པ། འཛམ་བུ་ཆུ་ཀླུང་གི་གསེར་ལས་བྱས་པའི་འཕྲལ་བའི་རྒྱན་ཟླ་གམ་གྱིས་མཛེས་པར་བརྒྱན་པ། རྣ་བ་ལས་རིན་པོ་ཆེ་ཨིན་དྲ་ནཱི་ལའི་རྣ་ཆ་དྲི་མ་མེད་པ་འཕྱང་བ། ནོར་བུ་རིན་པོ་ཆེ་རིན་ཐང་མྱེད་པའི་སེ་མོ་དོའི་འོད་ཀྱིས་སྣང་བར་བྱས་པས། དྲི་མ་མྱེད་པའི་རོ་སྟོད་རྒྱས་པ་དང་ལྡན་པ། ལྷ་རྫས་ཀྱི་ནོར་བུ་དམ་པའི་དཔུང་རྒྱན་དང་། གདུ་བུས་ལག་པ་མཛེས་པར་བརྒྱན་པ་ཞིག་སྟེ། རིན་པོ་ཆེའི་གདུགས་ཆེན་པོ་རིན་པོ་ཆེ་བཻ་ཌཱུརྱ་དྲི་མ་མྱེད་པའི་ཡུ་བ་ཅན།
རིན་པོ་ཆེའི་ཤར་བུ་བརྒྱ་ཕྲག་བཅུས་རྣམ་པར་ཕྱེ་བ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་བླ་གབ་ཅན་ནོར་བུ་རིན་པོ་ཆེ་སྒྲ་སྣང་བ་རྣམ་པར་དག་པའི་སྙིང་པོ་ཅན། རིན་པོ་ཆེའི་དྲིལ་བུའི་ཕྲེང་བ་ལས་སྒྲ་སྙན་ཅིང་། ཡིད་དུ་འོང་བ་འབྱུང་བ། ནོར་བུ་རིན་པོ་ཆེའི་འོད་ཕྱོགས་ཀུན་ཏུ་འཕྲོ་བ་ཅན་དྲུང་ནས་བཟུང་ཞིང་བསྒྲེང་བ། རྒྱལ་པོའི་གཟི་བརྗིད་དང་དབང་ཆེན་པོ་ལ་གནས་པ། སྲིད་ལ་གཞན་གྱི་འཁོར་གྱིས་གཙེ་བ་མེད་པ། དགྲའི་འཇིགས་པ་དང་བྲལ་བའི་དབང་ཕྱུག་དང་ལྡན་པར་འདུག་པ་མཐོང་ངོ་། །དེའི་འཁོར་ཀུན་ནས་ཀྱང་བློན་པོ་སྟོང་ཕྲག་བཅུ་ཚོགས་ཤིང་རྒྱལ་པོའི་དགོས་པ་བསྒྲུབ་པ་ལ་བརྩོན་པ་མཐོང་ངོ་། །དེའི་མདུན་ན་ཆད་པས་གཅོད་པའི་མྱི་སེམས་ཅན་དམྱལ་བའི་སྲུངས་མ་ལྟ་བུ། གཤིན་རྗེའི་གཡོག་འཁོར་ལྟ་བུ་འཇིགས་འཇིགས་ལྟའི་གོས་གྱོན་པ། གཏུམ་ཞིང་མྱི་བཟད་ལ་འཇིགས་པ་ཆེན་པོ་བསྐྱེད་པ་མྱིག་དམར་བ་སོ་གཙིགས་པ། གདོང་གི་གཉེར་མ་གསུམ་ཁྲོ་གཉེར་དུ་བསྡུས་པ། རལ་གྱི་དང་། སྟ་རེ་དང་། ལྕགས་ཀྱི་ཆང་མདུང་དང་། མདའ་དང་། བེ་རྒ་དང་། མདུང་ལ་སྩོགས་པའི་མཚོན་ཆ་དང་། ལག་ཆ་ཐོགས་པའི་ལུས་དང་། བཞིན་གྱི་དབྱིབས་མྱི་སྡུག་ཅིང་འཇིགས་སུ་རུང་བ། སྤྲིན་ནག་པོ་ལྟར་འདུག་པ། མྱི་སྙན་ཅིང་བརླང་ལ་བསྡངས་པའི་སྒྲ་དྲག་པོ་འབྱིན་པ། གཟི་ལྟ་བར་དཀའ་བ། འཇིགས་པ་ཆེན་པོ་བསྐྱེད་པ། སྲོག་ཆགས་བརྒྱ་ཕྲག་སྟོང་གི་སྙིང་འགེམས་པར་བྱེད་པ། དེ་ལྟ་བུ་དག་ཆད་པས་གཅད་པར་འོས་པའི་སེམས་ཅན་ཆད་པས་གཅོད་པ་ལ་བརྩོན་པ་མཐོང་ངོ་། ། དེ་ན་སྲོག་ཆགས་རྐུ་བ་གཞན་གྱི་ནོར་ལ་འཕྲོག་པ། སེམས་ཅན་གྱི་ལོངས་སྤྱོད་ཆུད་གསོན་པ། ལམ་སྒུགས་ཤིང་འཕྲོག་པ། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྷས་ལ་མྱེས་གཏོང་བ། གྲོང་དུ་ཆོམ་པོ་བྱེད་པ། ཁྱིམ་ཕུགས་འདེབས་པ། སྡིག་སྡིག་ལྟར་བྱེད་པ། དུག་ལྡུད་པ། དཀྲུགས་མ་བྱེད་པ། ཐོང་མི་བྱེད་པ། བྱི་བོ་བྱེད་པ། ལོག་པར་ཞུགས་པ། གནོད་པར་སེམས་པ། འདོད་ཆེན་ཆེ་བ། སྡིག་པ་སྣ་ཚོགས་ཀྱི་ལས་མྱི་བཟད་པ་བྱེད་པ། བརྒྱ་སྟོང་མང་པོ་བཅིང་བ་དམ་པོ་ལྔས་བཅིངས་ཤིང་རྒྱལ་པོ་མྱེའི་
དྲུང་དུ་ཁྲིད་པ་དག་ཀྱང་མཐོང་ངོ་། །དེ་དག་ལའང་རྒྱལ་པོ་མྱེས་ཅི་རིགས་པར་ཆད་པས་གཅད་པར་གྱུར་པ་མཐོང་ངོ་། །དེས་དེ་ན་རྒྱལ་པོ་མེས་བསྒོ་ཞིང་ལ་ལ་ནི་རྐ་ལག་གཅད། ལ་ལ་ནི་རྣ་བ་དང་སྣ་བཅད། ལ་ལ་ནི་མྱིག་ཕྱུང་། ལ་ལ་ནི་ཡན་ལག་དང་ཉིང་ལག་དང་། མགོ་བཅད། ལ་ལ་ནི་ལུས་ཐམས་ཅད་མེས་བཏང་། ལ་ལ་ནི་བ་ཚྭའི་ཆུ་ཁོལ་མས་ལུས་ལ་གཏོར་ཅིང་པགས་པ་བརྙིལ་བ་ལ་སྩོགས་པ། དེ་ལྟ་བུའི་ཆད་པ་སྣ་ཚོགས་དུ་མ་མི་བཟད་པ་དྲག་པ་བརླང་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པ་དག་ཀྱང་བྱེད་པར་མཐོང་ངོ་། །གསད་པའི་ས་དེ་ནའང་བསད་པའི་རྐ་ལག་དང་། རྣ་བ་དང་། མྱིག་དང་། སྣ་དང་། མགོ་དང་། ཡན་ལག་དང་། ཉིང་ལག་གི་ཕུང་པོ་རི་རབ་ཙམ་དུ་སྤུངས་པ་མཐོང་ངོ་། །ཁྲག་གི་མཚོ་དཔག་ཚད་གསུམ་ཙམ་དུ་ཟབས་སུ་ཟབ་ལ་ཆུ་ཞིང་དུ་དཔག་ཚད་དུ་མ་ཡོད་པ་ཡང་མཐོང་ངོ་། །དེ་ན་ཤི་བའི་རྐེང་རུས་ཡན་ལག་དང་ཉིང་ལག་དང་། མགོ་དང་བྲལ་བ་བརྒྱ་སྟོང་དུ་མ་ལ། སྤྱང་ཀི་དང་ཝ་དང་། ཁྱི་དང་བྱ་རོག་དང་། བྱ་རྒོད་དང་། ཁྲ་དང་བྱ་ཀུ་ར་ར་མང་པོས་གང་སྟེ། འདྲད་ཅིང་འཐོག་པ་མཐོང་ངོ་། །དེ་ལའང་ལ་ལ་ནི་ཁ་དོག་གྱུར་ཏེ། སྔོན་པོར་གྱུར་པ་ཙམ། ལ་ལ་ནི་རྣགས་པ་ཙམ། ལ་ལ་ནི་བམ་པ་ཙམ། ལ་ལ་ནི་འབུ་ཞུགས་པ་ཙམ་དུ་གྱུར་ཏེ། ཤིན་ཏུ་སྐྱི་གཡའ་ཞིང་འཇིགས་འཇིགས་ལྟར་འདུག་པ་མཐོང་ངོ་། །གསང་བ་དེ་དག་གསོད་པའི་ཚེ། མྱི་སྡུག་པ་ཆོ་དགུར་བྱས་པས་ན་འཇིགས་འཇིགས་སྐད་དང་། སྙིང་རྗེ་རྗེ་སྐད་དུ་སྒྲ་འབྱིན་ཅིང་ཆོ་ངེས་འདེབས་པའི་སྒྲ་ཆེན་པོ་ཐོས་ན། སྐྱི་གཡའ་ཞིང་མི་དགའ་བ་ཆེན་པོ་བསྐྱེད་པ། སེམས་ཅན་དམྱལ་བ་ཆེན་པོ་རིས་གཞོམ་པའི་སྒྲ་ལྟ་བུའང་ཐོས་སོ། །དེས་དེ་ལྟར་ཁ་བཏགས་ཏེ་བརྡུངས་པ་དང་། ཤིན་ཏུ་འཇིགས་པའི་དྲག་ཤུལ་མཐོང་ནས། འདི་སྙམ་དུ་གྱུར་ཏེ་བདག་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་ཞིང་འབད་དེ། དགེ་བའི་བཤེས་གཉེན་རྣམས་ལ་དགེ་བ་ནི་ཅི་ཞིག་བགྱི། མི་དགེ་བ་ནི་གང་ཞིག་སྤང་ཞེས་འདྲི་འདྲི་ན། རྒྱལ་པོ་མེ་འདི་ལ་ནི་དགེ་བའི་ཆོས་ཀྱང་མྱེད་དེ།
ཁ་ན་མ་ཐོ་བ་ཆེན་པོའི་ལས་ལ་སྤྱོད་པ་ཡིད་ཀྱི་ཡོངས་སུ་རྟོག་པ་ཤིན་ཏུ་གཏུམ་པ་དང་ལྡན་པ། སེམས་ཅན་ཕ་རོལ་གྱི་སྲོག་གཅད་པ་ལ་ཞུགས་པ། སེམས་ཅན་ཕ་རོལ་ཤིན་ཏུ་མནར་བ་ལ་བརྩོན་པ། ཚེ་ཕྱི་མ་ལ་ལྟ་བ་མྱེད་པ། ངན་སོང་གི་གཡང་སའི་གད་ཀ་ན་འདུག་པ་ཞིག་ན། འདི་ལས་ཅིག་བྱང་ཆུབ་སེམས་དཔའི་སྤྱོད་པའང་ཐོས་པར་འགྱུར་རམ་སྙམ་སྟེ། དེ་དེ་ལྟར་སེམས་ཤིང་ཡིད་ལ་བྱེད་དེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་མངོན་པར་བརྩོན་པ། སྙིང་རྗེ་ཆེན་པོ་སྐྱེས་པའི་སེམས་དང་ལྡན་པ་དེ་ལ་སྟེང་གི་ནམ་མཁའི་དབྱིངས་ལས་ལྷ་མང་པོས་བོས་པ། རིགས་ཀྱི་བུ་དྲང་སྲོང་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ཏུ་བྱ་བ་མི་དྲན་ནམ། དེས་གྱེན་དུ་ནམ་མཁའི་དབྱིངས་ལ་བལྟས་ནས། དྲན་ནོ་ཞེས་བརྗོད་དོ། །ལྷ་རྣམས་ཀྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་དེ་ལྟར་ཐེ་ཙོམ་མ་བསྐྱེད་ཅིག །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་རྣམས་ནི་ཡང་དག་པ་མ་ནོར་བར་སྟོན་གྱི་ལོག་པ་མ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པས་སྤྱོད་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་བོ། །སེམས་ཅན་ཡོངས་སུ་སྡུད་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ལ་ཕན་འདོགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ཚར་གཅོད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་གཟེངས་བསྟོད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ཡོངས་སུ་སྦྱོང་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ཡོངས་སུ་སྐྱོང་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་འཛུད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་འདུལ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སོང་རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲིས་ཤིག་ཅེས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལྷའི་ངག་མཉན་ཏེ། རྒྱལ་
པོ་མེ་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་མེའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། རྒྱལ་པོ་མེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོ་མྱེས་རྒྱལ་པོའི་བྱ་བ་བྱས་ཏེ། སེང་གེའི་ཁྲི་ལས་ལངས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་ལག་པ་གཡས་པ་ནས་བཟུང་སྟེ། རྒྱལ་པོའི་ཕོ་བྲང་ཏ་ལའི་རྒྱལ་མཚན་དུ་ཁྲིད་དོ། །དེ་མཐར་གྱིས་རང་གི་གནས་སུ་ཕྱིན་ནས། ཚོང་དཔོན་གྱི་བུ་ནོར་བཟངས་བཙུན་མོའི་འཁོར་གྱི་ནང་དུ་ཁྲིད་དེ་ཁྲི་ལ་བཞག་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ངའི་ཁྱིམ་དང་ལོངས་སྤྱོད་ལ་ལྟོས་ཤེས་ནས། དེས་བལྟས་ན་ཁྱིམ་དེ་རྒྱ་ཆེ་ཞིང་ཡངས་ལ་རིན་པོ་ཆེ་བདུན་གྱི་ར་བས་ཡོངས་སུ་བསྐོར་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པས་ཤིན་ཏུ་མཛེས་པར་བྱས་པ། རིན་པོ་ཆེའི་ཁང་པ་བརྩེགས་པ་བརྒྱ་སྟོང་དུ་མས་རབ་ཏུ་བརྒྱན་པ། ནོར་བུ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་འོད་ཤིན་ཏུ་འབར་བས་གཟི་བརྗིད་རབ་ཏུ་འབར་བར་བྱས་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པ་ཐ་དད་པ་རྣམ་པར་ཕྱེ་ཞིང་བྲིས་པས་རྣམ་པར་མཛེས་པར་བྱས་པ། མུ་ཏིག་དམར་པོའི་ཀ་བ་བཀྱེ་བ། ནང་དུ་སེང་གེའི་ཁྲི་མུ་ས་ར་གལ་བ་ལས་བྱས་པ། རིན་པོ་ཆེ་བརྒྱ་སྟོང་དུ་མས་རྣམ་པ་སྣ་ཚོགས་སུ་བརྒྱན་པ། ཤིན་ཏུ་བཤམས་པ། ནོར་བུ་རིན་པོ་ཆེའི་སྒྲ་སྣང་བའི་སེང་གེའི་རྒྱལ་མཚན་ཤིན་ཏུ་བསྒྲེང་བ། སྟེང་ནས་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་བླ་རེ་བྲེས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་
བས་ཀུན་ནས་ཡོག་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་གྲངས་མྱེད་པས་རབ་ཏུ་བརྒྱན་པའི་བ་གམ་གྱི་རྒྱན་དང་ལྡན་པ། ཨསྨ་གར་བྷ་ལས་བྱས་པའི་རྫིང་ཆུ་བསིལ་བས་གང་བ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གིས་འཁོར་བར་འདུག་པ་མཐོང་ངོ་། །དེའི་འཁོར་བུད་མྱེད་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཁ་དོག་རྒྱས་པ། བཟང་བའི་ཕུལ་དུ་བྱ་བ་དང་ལྡན་པ། སྒྱུ་རྩལ་ཐམས་ཅད་ཀྱི་ཚུལ་ལ་མཁས་པ་སྔོན་དུ་ལྡང་བ། ཕྱི་ནས་ཉལ་བ་བྱམས་པའི་སེམས་དང་ལྡན་པ། ཅི་བསྒོ་བ་བཞིན་དུ་བྱེད་ཅིང་། ངག་ཉན་པ་བྱེ་བ་ཕྲག་བཅུ་ཡང་འཁོད་པར་མཐོང་ངོ་། །དེ་ནས་རྒྱལ་པོ་མྱེས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཇི་སྙམ་དུ་སེམས། ཅི་ག་སྡིག་པ་བྱེད་པ་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་མངོན་པར་གྲུབ་པ་འདི་ལྟ་བུ་ཡོད་དམ། ལུས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་དམ། འཁོར་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་དམ། སྐྱིད་པ་ཆེན་པོ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་དམ། དབང་ཕྱུག་དང་དབང་ཆེན་པོ་ཐོབ་པ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་དམ། སྨྲས་པ་འཕགས་པ་དེ་ལྟ་བུ་ནི་མ་མཆིས་སོ། །དེས་སྨྲས་པ། རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། སྒྱུ་མའི་རྣམ་པ་ཐོབ་པ་སྟེ། རིགས་ཀྱི་བུ་ངའི་ཡུལ་ན་གནས་པའི་སེམས་ཅན་འདི་དག་ཀྱང་ཕལ་ཆེར་སྲོག་གཅོད་པ་བྱེད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ། བརྫུན་དུ་སྨྲ་བ། ཕྲ་མ་ཅན་ཚིག་བརླང་པོར་སྨྲ་བ། བྱུང་རྒྱལ་དུ་བརྗོད་པ། ཆགས་སེམས་དང་ལྡན་པ། གནོད་སེམས་ཅན། ལོག་པར་ལྟ་བ། སྡིག་པའི་ལས་བྱེད་པ། ཁྲོ་ཞིང་གཏུམ་པ། བབ་རྒྱལ་ཅན། མི་དགེ་བའི་ལས་ཀྱི་བྱ་བ་སྣ་ཚོགས་དང་ལྡན་པ་དག་སྟེ། དེ་དག་ནི་རྣམ་པ་གཞན་གྱིས་སྡིག་པའི་སྤྱོད་པ་ལས་བཟློག་པ་དང་། དགག་པ་དང་། བསྟན་པར་མི་ནུས་ཏེ། དེ་ལྟར་རིགས་ཀྱི་བུ་ང་ནི་སེམས་ཅན་འདི་དག་གདུལ་བ་དང་། ཡོངས་སུ་སྨིན་པར་བྱ་བ་དང་། ཤིན་ཏུ་དུལ་བར་བྱ་བ་དང་། ཕན་པ་ལ་དགོད་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ། གསོད་པའི་གཤེད་མ་སྤྲུལ་པ་རྣམས་
གསད་པའི་མྱིར་སྤྲུལ་པ་རྣམས་ལ། གསོད་དུ་གཟུད་པ་དང་། ཆད་པས་གཅོད་པའི་མི་སྤྲུལ་པ་རྣམས་མི་དགེ་བའི་ལས་ཀྱི་ལམ་ལ་སྤྱོད་པར་སྤྲུལ་པའི་མྱི་རྣམས་ལ་ཆད་པ་སྣ་ཚོགས་ཀྱིས་གཅོད་དུ་གཟུད་པ་དང་། རྐ་ལག་དང་སྣ་དང་རྣ་བ་དང་། ཡན་ལག་དང་ཉིང་ལག་དང་། མགོ་བཅད་པ་ལས་བྱུང་བའི་སྡུག་བསྔལ་མི་བཟད་པ་ཉམས་སུ་ཚོར་བར་གྱུར་པ་ལྟ་བུ་དག་ཀྱང་ཡོངས་སུ་སྟོན་པ་བྱེད་དེ། དེ་མཐོང་ནས་ངའི་ཁམས་ན་གནས་པའི་སེམས་ཅན་དེ་དག་ཉེས་པ་གཏོང་ཞིང་སྐྱོ་བའི་ཤུགས་ཐོབ་པར་འགྱུར་རོ། །འཇིགས་པ་སྐྱེ་ཞིང་བག་ཚ་བ་སྐྱེ་བར་འགྱུར་རོ། །དེ་དག་སྡིག་པའི་ལས་བྱེད་པ་རྣམས་གཏོང་ཞིང་བག་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ང་ནི་སེམས་ཅན་འདི་དག་ཐབས་དེས་ཉེས་པ་སྟོང་ཞིང་འཇིགས་པའི་སེམས་དང་ལྡན་པ་དང་། སྐྱོ་བའི་ཡིད་དང་ལྡན་པར་ཤེས་ནས། མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བཟློག་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་བྱས་ནས་དགའ་ཞིང་བདེ་བའི་མཐར་ཕྱིན་པ། སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བ་ལ་དགོད་པ་བྱེད་ཀྱི། རིགས་ཀྱི་བུ་ང་ནི་ལུས་དང་ངག་གམ། ཡིད་ཀྱིས་ཀྱང་སེམས་ཅན་སུ་ལའང་ཅོ་མི་འདྲི། ཐོ་མི་འཚམ་མོ། །རིགས་ཀྱི་བུ་ང་ནི་ཕྱི་མའི་མཐའི་མནར་མྱེད་པའི་སྡུག་བསྔལ་གྱིས་བགྲིངས་ཤེས་པ་སྟེ། བྱོལ་སོང་གི་སྐྱེ་གནས་གླེན་པའི་ཁམས་སུ་གཏོགས་པ་ལས་ཀྱང་ཆུང་ངུ་ན། རྩྭའི་རྩེ་མོས་བལྟ་བའི་སྲོག་ཆགས་ཕྲེའུ་འགའ་ལ་ཡང་སེམས་བསྐྱེད་པ་གཅིག་ཙམ་དུ་ཡང་སྡུག་བསྔལ་བར་བྱ་བར་མྱི་དགའ་ན། ཞིང་དུ་གྱུར་ཅིང་དགེ་བའི་ལས་ཀྱི་ལམ་བསྐྱེད་པར་ནུས་པའི་མི་ལྟ་ཞིག་ཅི་སྨོས། རིགས་ཀྱི་བུ་ང་ནི་རྨི་ལམ་ན་ཡང་མི་དགེ་བའི་ཆོས་ཡོངས་སུ་རྒྱུ་བ་མྱི་བསྐྱེད་ན། ཆེད་དུ་བསམས་ཏེ་ལྟ་སྨོས་རེ་སྐན། རིགས་ཀྱི་བུ་དེ་ལྟར་ངས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མའི་རྣམ་པ་འདི་ཤེས་པར་ཟད་ན། ངས་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ། སྲིད་པ་དང་ལམ་གྱི་རྒྱུད་ཐམས་ཅད་སྒྱུ་མའི་རྣམ་པ་ཁོང་དུ་ཆུད་པ་སྤྲུལ་པ་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པས་བྱུང་བ། གཟུགས་བརྙན་ལྟ་བུའི་འཇིག་རྟེན་ཐམས་
ཅད་རྣམ་པར་རིག་པ། རྨི་ལམ་ལྟ་བུའི་ཆོས་ཉིད་ཁོང་དུ་ཆུད་པ། ཐོགས་པ་མེད་པའི་སྒོའི་ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་རྗེས་སུ་ཞུགས་པ། མྱིག་འཕྲུལ་ལྟ་བུའི་སྤྱོད་པའི་དྲ་བ་རྟོགས་པར་གྱུར་པ། ཡེ་ཤེས་བསྒྲིབས་པ་མེད་པའི་སྤྱོད་ཡུལ་གྱི་ཡུལ་དང་ལྡན་པ། ཀུན་ཏུ་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་གྱི་ལམ་གྱིས་བྱུང་བ། གློང་ཀུན་ཏུ་འཁྱིལ་པའི་རྒྱུད་ཀྱི་གཟུགས་ལ་དབང་བསྒྱུར་བ། སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་ཡུལ་ཁོང་དུ་ཆུད་པ་རྣམས་ཀྱི་སྤྱོད་ཡུལ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན། གྲོང་ཁྱེར་འོད་བཟང་པོ་ཞེས་བྱ་བ་ཡོད་དེ། དེ་ན་རྒྱལ་པོ་འོད་ཆེན་པོ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྒྱལ་པོ་མྱེའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། རྒྱལ་པོ་མེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས་རྒྱལ་པོ་མེའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཡེ་ཤེས་སྒྱུ་མ་དེ་རྗེས་སུ་དྲན་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། སྒྱུ་མའི་རྣམ་པ་དེ་ལ་བསམ་པ་དང་། ཆོས་ཉིད་སྒྱུ་མའི་རྣམ་པ་དེ་ལ་རབ་ཏུ་བརྟག་པ་དང་། ལས་ཀྱི་སྒྱུ་མ་མཉམ་པ་དེ་ཁོང་དུ་ཆུད་པར་བྱ་བ་དང་། ཆོས་ཀྱི་སྒྱུ་མ་མཉམ་པ་དེ་ལ་རྗེས་སུ་བསམ་པ་དང་། ཆོས་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་སྤྲུལ་པ་མཉམ་པ་དེ་ཁོང་དུ་ཆུད་པར་བྱ་བ་དང་། ཡེ་ཤེས་ལས་བྱུང་བའི་སྣང་བ་བསམ་གྱིས་མི་ཁྱབ་པ་དེའི་རྗེས་སུ་འབྲང་བར་བྱ་བ་དང་། སྨོན་ལམ་གྱི་སྒྱུ་མའི་རྣམ་པ་མཐའ་ཡས་པ་མངོན་པར་བསྒྲུབ་པ་དེ། མངོན་པར་བསྒྲུབ་པར་བྱ་བ་དང་། སྤྱོད་པ་སྤྲུལ་པའི་ཆོས་ཉིད་ཆགས་པ་མྱེད་པ་དེ་རྣམ་པར་སྦྱོང་བར་བྱ་བ་དང་། དུས་གསུམ་གྱི་སྒྱུ་མའི་རྣམ་པའི་མཚན་ཉིད་དེ་ཡང་རྣམ་པར་དབྱེ་བར་བྱེད་ཅིང་། མཐར་གྱིས་ཡུལ་ནས་ཡུལ་དུ་དྲི་བ་དང་། ཀུན་ཏུ་བཙལ་བ་དང་། རྗེས་སུ་རྣམ་པར་ལྟ་བ་བྱེད་ཅིང་། ཕྱོགས་དང་ཕྱོགས་མཚམས་དང་ལམ་དང་། སྨན་
ལྗོངས་དང་། ཐང་དང་། ཐག་ཐུག་དང་། ཁལ་ཁོལ་དང་། རི་དང་རི་སུལ་དང་། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་ཁམས་དང་། རྒྱལ་པོའི་གནས་ཐམས་ཅད་དུ་ཡོངས་སུ་སྐྱོ་བ་མྱེད་པའི་སེམས་དང་ལུས་ལ་དུབ་མེད་པར་ཚོལ་ཚོལ་ཏེ། གྲོང་ཁྱེར་ཆེན་པོ་འོད་བཟང་པོའི་ཉེན་ཀོར་ཞིག་ཏུ་ཕྱིན་པ་ན། རྒྱལ་པོ་འོད་ཆེན་པོ་གང་ན་བཞུགས་ཤེས་དྲིས་ན། དེ་ལ་འགྲོ་བ་མང་པོས་བསྟན་པ། རིགས་ཀྱི་བུ་འདེ་རེ་འདི་ནི་གྲོང་ཁྱེར་འོད་བཟང་པོ་ཞེས་བྱ་བ་ཡིན་ཏེ། འདི་ན་རྒྱལ་པོ་འོད་ཆེན་པོ་བཞུགས་སོ་ཞེས་ནས། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་གང་ན་བ་དེར་ཕྱིན་ནས། གྲོང་ཁྱེར་ཆེན་པོ་འོད་བཟང་པོ་མཐོང་ངོ་། །མཐོང་ནས་ཀྱང་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། འདི་སྙམ་དུ་བསམས་སོ། །འདི་ན་བདག་གི་དགེ་བའི་བཤེས་གཉེན་བཞུགས་པ་ལྟ་སྟེ། དེ་རིང་ནི་དགེ་བའི་བཤེས་གཉེན་དེ་ཡང་མཐོང་བར་འགྱུར་རོ། །དེ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཐོས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་འབྱུང་བའི་སྒོ་དང་། བྱང་ཆུབ་སེམས་དཔའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་རྣམ་པར་སྤྱོད་པ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པས་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་བརྩམས་པ་ཆེན་པོ་མཐར་དབྱུང་བ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའང་ཐོས་པར་འགྱུར་རོ་ཞེས་དེ་ལྟར་བསམ་པ་ཡིད་ལ་བྱེད་ཅིང་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་དེ་ལ་བལྟས་ན། གསེར་དང་དངུལ་དང་བཻ་ཌཱུརྱ་དང་། ཤེལ་དང་མུ་ཏིག་དམར་པོ་དང་། ཨསྨ་གར་བྷ་དང་། མུ་ས་ར་གལ་པ་དང་། རིན་པོ་ཆེ་འདི་བདུན་གྱིས་ཤིན་ཏུ་བཟང་ཞིང་བལྟ་ན་མཛེས་པ། རིན་པོ་ཆེའི་འོབས་ཟབས་སུ་ཟབ་པ། ཆུས་གང་བ་གཞི་
གསེར་གྱི་གྲམ་པས་གང་བ། ལྷ་རྫས་ཀྱི་ཨུཏྤ་ལ་དང་། པདྨོ་དང་། ཀུ་མུ་ད་དང་། བུནྡ་རི་ཀས་ཀུན་ནས་ཡོག་པ། དུས་དང་འཐུན་པའི་ཙན་དན་གྱི་འདམ་དང་། ལུ་མས་འཁོར་བ་བདུན་གྱིས་ཀུན་ནས་ཡོངས་སུ་བསྐོར་བ། རིན་པོ་ཆེ་སྣ་བདུན་གྱི་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་ཡོངས་སུ་བསྐོར་བ། རྡོ་རྗེ་རིན་པོ་ཆེའི་ར་བ་བདུན་གྱིས་ཀུན་ནས་ཡོངས་སུ་བསྐོར་བ། འདི་ལྟ་སྟེ། སེང་གེ་ཡིད་དུ་འོང་བའི་རྡོ་རྗེའི་ར་བ་དང་། རྡོ་རྗེ་གཞན་གྱིས་ཐུབ་པ་མེད་པའི་ར་བ་དང་། འབུག་པའི་ངང་ཚུལ་གྱི་རྡོ་རྗེའི་ར་བ་དང་། ཐུབ་པར་དཀའ་བའི་ངང་ཚུལ་གྱི་རྡོ་རྗེའི་ར་བ་དང་། རྡོ་རྗེ་བརྟན་པ་ཆགས་པ་མེད་པའི་ར་བ་དང་། རྡོ་རྗེའི་འོད་གཟེར་དྲ་བའི་སྙིང་པོའི་ར་བ་དང་། རྡུལ་དང་བྲལ་བའི་ཁ་དོག་གི་རྒྱན་གྱི་རྡོ་རྗེའི་ར་བས་ཡོངས་སུ་བསྐོར་བ་སྟེ། རྡོ་རྗེ་རིན་པོ་ཆེའི་ར་བ་དེ་དག་ཐམས་ཅད་ཀྱང་། ནོར་བུ་རིན་པོ་ཆེ་གྲངས་མེད་པས་ཡོངས་སུ་སྤྲས་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ལན་ཀན་དང་། བ་སོ་མཛེས་པར་བཀྱེ་བ་དངུལ་རིན་པོ་ཆེའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། རིན་པོ་བཻ་དཱུ་རྱའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། རིན་པོ་ཆེ་ཤེལ་གྱི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། རིན་པོ་ཆེ་བྱི་རུའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། མུ་ཏིག་དམར་པོའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། མུ་ཏིག་རིན་པོ་ཆེ་རྒྱ་མཚོའི་སྙིང་པོའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ་སྟེ། གྲོང་ཁྱེར་ཆེན་པོ་དེའི་སྒོ་ཆེན་པོ་བརྒྱད་ཀྱི་བར་བར་ན་ཡང་དཔག་ཚད་བཅུ་བཅུ་ཡོད་དོ། །སྒོ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་སྣ་ཚོགས་མཛེས་པར་བྱས་པ་སྟེ། བལྟ་ན་ཡིད་དུ་འོང་བའོ། །གྲོང་ཁྱེར་ཆེན་པོ་དེ་ནི་དེ་ལྟར་རྒྱ་ཆེ་ཞིང་ཡངས་ལ་ཡན་ལག་རྣམ་པ་བརྒྱད་དུ་རྣམ་པར་ཕྱེ་བ། བཻ་ཌཱུརྱ་སྔོན་པོའི་ས་ལ་གནས་པ་སྟེ། གྲོང་ཁྱེར་ཆེན་པོ་དེའི་ནང་ན་ཡང་སྲང་ཆེན་པོ་བྱེ་བ་ཕྲག་བཅུ་ཡོད་དེ། སྲང་རེ་རེའི་གློ་གཉིས་ནས་ཀྱང་ཁྱིམ་ཆེན་པོ་བརྒྱ་ཕྲག་སྟོང་སྟོང་མཁོས་ལེགས་པར་འགྲིགས་པ་སྟེ། ཀུན་ཀྱང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་དག་གོ །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་
རབ་ཏུ་བརྒྱན་པ་དག་གོ །རིན་པོ་ཆེའི་གདུགས་དང་རྒྱལ་མཚན་བསྒྲེང་བ་དང་། བ་དན་ཆེ་ཕྲ་དང་ལྡན་པ་དག་གོ །ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པ་དག་གོ །སེམས་ཅན་ཁྲག་ཁྲིག་དུ་མ་གནས་པ་དག་གོ །གྲོང་ཁྱེར་ཆེན་པོ་དེ་ཡང་ནོར་བུ་རིན་པོ་ཆེའི་ཁ་དོག་གྲངས་མྱེད་པའི་ཁང་པས་མཛེས་པར་བྱས་པ་སྟེ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཁང་པ་བརྩེགས་པ་ལ་རིན་པོ་ཆེ་བཻ་དཱུ་རྱའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གྲངས་མྱེད་པ་དང་ལྡན་པའོ། །དངུལ་གྱི་ཁང་པ་བརྩེགས་པ་ལ་མུ་ཏིག་དམར་པོའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མྱི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གྲངས་མྱེད་པ་དང་ལྡན་པའོ། །བཻ་ཌཱུརྱའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེའི་མཛོད་སྣ་ཚོགས་ཀྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། །ཤེལ་གྱི་ཁང་པ་བརྩེགས་པ་ལ་རིན་པོ་ཆེའི་རྒྱལ་པོ་སྙིང་པོ་ཡངས་པའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། །ནོར་བུ་རིན་པོ་ཆེ་འགྲོ་བའི་ཡིད་དུ་འོང་བའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེ་ཉི་མའི་སྙིང་པོའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མྱེད་པ་དང་ལྡན་པའོ། །རིན་པོ་ཆེ་ཨིན་དྲ་ནཱི་ལའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེ་དཔལ་གྱི་འོད་ཟེར་གྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། །རིན་པོ་ཆེའི་རྒྱལ་པོ་འགྲོ་བ་རྒྱ་མཚོའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེའི་རྒྱལ་པོ་སྐར་མའི་འོད་གཟེར་གྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མྱེད་པ་དང་ལྡན་པའོ། ། རིན་པོ་ཆེ་རྡོ་རྗེའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེའི་རྒྱལ་པོ་གཞན་གྱིས་མི་ཐུབ་པའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མྱེད་པ་དང་ལྡན་པའོ། །དུས་དང་འཐུན་པའི་ཙན་དན་གྱི་ཁང་པ་བརྩེགས་པ་ལ་ལྷ་རྫས་ཀྱི་མེ་ཏོག་མནྡཱ་ར་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་
པ་དང་ལྡན་པའོ། །སྤོས་ཀྱི་རྒྱལ་པོ་མཚུངས་པ་མེད་པའི་ཁང་པ་བརྩེགས་པ་ལ་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། །རིན་པོ་ཆེའི་ཁང་པ་བརྩེགས་པ་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེའི་ལན་ཀན་དུ་མས་བརྒྱན་པ། རིན་པོ་ཆེའི་སྟེགས་བུ་རིམ་པ་བདུན་གྱིས་བསྐོར་བ། རིན་པོ་ཆེའི་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་འཁོར་བར་འགྲིགས་པའོ། །རིན་པོ་ཆེའི་ལན་ཀན་དེ་དག་དང་། རིན་པོ་ཆེའི་ཏ་ལ་དེ་དག་ཐམས་ཅད་དུའང་། ཕན་ཚུན་རིན་པོ་ཆེའི་སྲད་བུའི་འབྲེལ་པའོ། །རིན་པོ་ཆེའི་སྲད་བུ་དེ་དག་ཐམས་ཅད་ཀྱང་གསེར་གྱི་དྲིལ་གྱི་ཕྲེང་བས་བརྒྱན་པའོ། །གསེར་གྱི་དྲིལ་གྱི་ཕྲེང་བ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་ཆུན་པོའི་ལྡ་ལྡི་སྣ་ཚོགས་ཀྱིས་རྣམ་པར་བྲེས་ཤིང་སྦྲེལ་བའོ། །རིན་པོ་ཆེའི་ཆུན་པོའི་ལྡ་ལྡི་དེ་དག་ཐམས་ཅད་ལས་ཀྱང་། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་མངོན་པར་སྤྱངས་པ་དག་སྟེ། དེ་ལྟར་གྲོང་ཁྱེར་ཆེན་པོ་དེ་དག་ཐམས་ཅད་ནི་ནོར་བུ་རིན་པོ་ཆེའི་དྲ་བ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །ལྷ་རྫས་ཀྱི་སྤོས་ཀྱི་དྲ་བ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་དྲ་བ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་འབྲུའི་དྲ་བ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རྡོ་རྗེའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་གདུགས་ཀྱི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་ཁང་པ་བརྩེགས་པའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །གོས་རིན་པོ་ཆེའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །མེ་ཏོག་གི་ཕྲེང་བའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་སྣ་ཚོགས་བཙུགས་ཤིང་བསྒྲེང་བ་སྟེ། གྲོང་ཁྱེར་ཆེན་པོ་འོད་བཟང་པོ་དེའི་དབུས་སུ། རྒྱལ་པོ་འོད་ཆེན་པོ་བཞུགས་པའི་ཕོ་བྲང་བརྩིགས་པ་འཁོར་ཀུན་ཏུ་དཔག་
ཚད་བཞི་ཡོད་པ་སྟེ། རིན་པོ་ཆེ་སྣ་བདུན་ལས་བྱས་པའོ། །རིན་པོ་ཆེ་སྣ་ཚོགས་ཀྱི་སྟེགས་བུ་རིམ་བདུན་གྱིས་ཡོངས་སུ་བསྐོར་བའོ། །རིན་པོ་ཆེའི་དྲིལ་བུ་ཡིད་དུ་འོང་བའི་སྒྲ་སྙན་པར་འཁྲོལ་བའི་དྲ་བ་རིམ་བདུན་གྱི་སྒྲ་ཀུན་ནས་འབྱུང་བའོ། །རིན་པོ་ཆེ་སྣ་བདུན་གྱི་ཏ་ལའི་འཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་བའོ། །རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་པའི་རྒྱན་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །རྫིང་རིན་པོ་ཆེ་སྣ་ཚོགས་དུ་མ་ལས་བྱས་པ། གསེར་གྱི་གྲམ་པ་ཀུན་ཏུ་བཀྲམ་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། ལྷ་རྫས་ཀྱི་ཨུཏ་པ་ལ་དང་། པད་མོ་དང་ཀུ་མུ་ད་དང་མེ་ཏོག་པུན་ད་རི་ཀས་ཆུའི་སྟེང་ཀུན་ཏུ་ཡོག་པ། རིན་པོ་ཆེའི་མེ་ཏོག་དང་འབྲས་བུ་ཤིང་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ། ཕྱོགས་བཞི་ནས་རིན་པོ་ཆེའི་ཕ་གུས་བརྩིགས་པའི་ཐེམ་སྐས་རྣམ་པར་བཀྱེ་བ་ཅན་གྱིས་ཤིན་ཏུ་མཛེས་པར་བྱས་པ་དང་ལྡན་པ། ལྷ་རྫས་ཀྱི་སྒྲ་སྙན་ཅིང་ཡིད་དུ་འོང་བ་འབྱིན་པའི་བྱ་བྲན་སྣ་ཚོགས་ཀྱི་སྒྲ་ཤིན་ཏུ་འབྱུང་བ་ཡོད་པ། ལྷའི་དབང་པོའི་ཕོ་བྲང་དང་འགྲན་པ་སྟེ། དེའི་དབུས་ན་རིན་པོ་ཆེ་འགྲོ་བ་ལ་སྣང་བའི་ཁང་པ་བརྩེགས་པ། ཤིན་ཏུ་བཟང་ལ་མཛེས་ཤིང་ཡིད་དུ་འོང་བ། རིན་པོ་ཆེ་གྲངས་མེད་པའི་རྒྱན་བསམ་གྱིས་མི་ཁྱབ་པས་གྱ་ནོམ་པར་བརྒྱན་པ་ཡོད་དེ། དེའི་ནང་ན་རྒྱལ་པོ་འོད་ཆེན་པོའི་དམ་པའི་ཆོས་གཅེས་པའི་དབྱིག་ཏུ་བྱ་བ་བཞུགས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་རིན་པོ་ཆེའི་འོབས་དེ་དག་ལ་ནི་ཆགས་པའི་སེམས་མྱེད། རིན་པོ་ཆེའི་ར་བ་དེ་དག་ལ་ནི་ངོ་མཚར་དུ་འཛིན་པའི་སེམས་མྱེད། རིན་པོ་ཆེའི་ཏ་ལའི་འཕྲེང་བ་དེ་དག་ལ་ནི་འདོད་ཅིང་ཆགས་པ་མེད། རིན་པོ་ཆེའི་དྲིལ་གྱི་དྲ་བའི་སྒྲ་ལ་ནི་རོ་མྱོང་བར་བྱེད་པ་མྱེད། ལྷ་རྫས་ཀྱི་རོལ་མོའི་སྒྲ་དང་གླུ་ང་རོ་སྙན་པའི་དབྱངས་ལ་ནི་ཆགས་པའི་སེམས་མྱེད། རིན་པོ་ཆེ་རྣམ་པ་ཐ་དད་པའི་གཞལ་མྱེད་ཁང་དང་། ཁང་པ་བརྩེགས་པ་སྣ་ཚོགས་ཀྱི་ལོངས་སྤྱོད་ནི་ཡིད་ལ་བྱ་བ་མེད་པར་ཤིན་ཏུ་དགའ་བར་གྱུར་པའི། སྐྱེས་པ་དང་བུད་མྱེད་ཀྱི་ཚོགས་ཀྱི་ཆོས་ཀྱི་དགའ་བའི་མོས་པས་ཤིན་ཏུ་དགའ་ཞིང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་དགའ་བས་དབེན་པའི་སེམས་དང་ལྡན་པ། ཆོས་
ངེས་པར་བརྟགས་པ་ལ་ཤིན་ཏུ་མོས་པས་སེམས་ཅན་གང་དང་ཕྲད་ཀྱང་། དགེ་བའི་བཤེས་གཉེན་རྟག་ཏུ་འདྲི་ཞིང་མཐར་གྱིས་གྲོང་ཁྱེར་གྱི་ལམ་གྱི་སུམ་མདོའི་དྲུང་ཞིག་དུ་ཕྱིན་ནས་ཀུན་ཏུ་བལྟས་ན། གྲོང་ཁྱེར་གྱི་ལམ་གྱི་སུམ་མདོའི་དབུས་ཀྱི་མཆོད་རྟེན་གྱི་ཁང་པ་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན། རྒྱན་ཆེན་པོ་དང་ལྡན་པའི་ཁྲི་ཆེན་པོ་བཻ་ཌཱུརྻ་སྔོན་པོའི་རྐང་པ་བཀྱེ་བ། བཻ་ཌཱུརྻ་དཀར་པོའི་སེང་གེས་བླངས་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ལྕགས་པོད་ཀྱི་དྲ་བ་ལེགས་པར་བཏགས་པ། ལྷ་རྫས་ལས་ཀྱང་འདས་པའི་རིན་པོ་ཆེའི་སྟན་སྣ་ཚོགས་བཏིང་བ། རིན་པོ་ཆེའི་འབྲུ་གྲངས་མེད་པས་རྣམ་པར་བརྒྱན་པ། ནོར་བུ་རིན་པོ་ཆེའི་རྒྱན་བསམ་གྱིས་མི་ཁྱབ་པའི་དྲ་བས་ཀུན་ནས་ཁེབས་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་སྣམ་བུ་ལ། ལྷ་རྫས་རིན་པོ་ཆེ་སྣ་ཚོགས་ཀྱི་གུར་ཤིན་ཏུ་སྤ་བར་བཀྱེ་བའི་གནམ་ཡོལ་བྲེས་པ། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་པད་མོའི་སྙིང་པོ་དང་ལྡན་པ། དེ་ལྟ་བུའི་ཆོས་ཀྱི་ཁྲི་ཆེན་པོ་ལ་རྒྱལ་པོ་འོད་ཆེན་པོ་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་ཤིན་ཏུ་བརྒྱན་པ་དཔེ་བྱད་བཟང་པོ་སྣ་ཚོགས་བརྒྱད་ཅུ་ཐམ་པས་ལུས་ཤིན་ཏུ་མཛེས་པ་གསེར་གྱི་རི་བོ་ལྟར་རིན་པོ་ཆེ་སྣ་ཚོགས་རྣམ་པར་བཀོད་པས་རྣམ་པར་མཛེས་པ་ཉི་མའི་དཀྱིལ་འཁོར་ལྟར་གཟི་བརྗིད་རབ་ཏུ་འབར་བ། ཟླ་བ་ཉ་ཞིང་རྒྱས་པའི་དཀྱིལ་འཁོར་ལྟར་ལྟ་ན་བཟང་བ། ཚངས་པ་ལྟར་ཚངས་པའི་འཁོར་གྱི་ནང་ན་རྣམ་པར་མཛེས་པ། རྒྱ་མཚོ་ལྟར་ཟབ་མོའི་ཆོས་དང་ཡོན་ཏན་མཐའ་ཡས་པའི་རིན་པོ་ཆེའི་ཚོགས་དང་ལྡན་པ། སྤྲིན་ཆེན་པོ་ལྟར་ཆོས་ཀྱི་རང་བཞིན་གྱི་འབྲུག་སྒྲ་སྒྲོག་པ། ནམ་མཁའ་ལྟར་ཆོས་ཀྱི་ཚུལ་གྱི་སྐར་མའི་ཚོགས་ཀྱིས་བརྒྱན་པ། རི་རབ་ལྟར་ཁ་དོག་བཞི་པོའི་སེམས་ཅན་རྒྱ་མཚོའི་སེམས་ལ་གཟུགས་བརྙན་རབ་ཏུ་སྣང་བ་རིན་པོ་ཆེའི་གླིང་ལྟར་གཞི་ཡེ་ཤེས་སྣ་ཚོགས་རིན་པོ་ཆེས་ཡོངས་སུ་གང་བ་དེ་སྐྱིལ་མོ་ཀྲུང་དུ་འདུག་པ་མཐོང་ངོ་། །དེའི་མདུན་ན་ཡང་གསེར་དང་ནོར་བུ་དང་མུ་ཏིག་དང་། བཻ་ཌཱུརྱ་དང་དུང་དང་མན་ཤེལ་དང་བྱི་རུ་དང་། ས་ལེ་སྦྲམ་དང་དངུལ་རིན་པོ་ཆེའི་ཕུང་པོ་དང་། ལྷ་རྫས་ཀྱི་གོས་ཁ་དོག་སྣ་ཚོགས་ཀྱི་ཕུང་པོ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱན་
སྣ་ཚོགས་ཀྱི་ཕུང་པོ་དང་། ཁ་ཟས་དང་སྤྱན་གཟིགས་སྣ་ཚོགས་ཀྱི་ཕུང་པོ་དང་། ཞིམ་པའི་མཆོག་ཁྱད་པར་དུ་འཕགས་པ་རྣམ་པ་སྣ་ཚོགས་ཀྱི་ཕུང་པོ་དགོད་པ་དང་། དངར་བའི་ཐབས་སྣ་ཚོགས་ཀྱི་ཡུལ་དུ་བཀོད་པ་མཐོང་ངོ་། །ལྷ་རྫས་ཀྱི་ཤིང་རྟ་རིན་པོ་ཆེ་བྱེ་བ་བརྒྱ་སྟོང་དུ་མ་དང་། ལྷ་རྫས་ཀྱི་སིལ་སྙན་བྱེ་བ་བརྒྱ་སྟོང་དུ་མ་དང་། ལྷ་རྫས་ཀྱི་སྤོས་ཀྱི་རྣམ་པ་བྱེ་བ་བརྒྱ་སྟོང་དུ་མ་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་ཀྱི་ཕུང་པོ་དུ་མ་དང་། ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་ཀྱི་ཕུང་པོ་སྤྱད་དུ་རུང་ཞིང་ཁ་ན་མ་ཐོ་བ་མེད་པ་མང་པོ་སེམས་ཅན་རྣམས་ཅི་དགའ་བར་སྤྱོད་དུ་གཟུད་པའི་ཕྱིར་བཤམས་ཏེ། བཀོད་པ་དང་། བ་བཞོན་གསེར་གྱི་རུ་མྱིག་ཅན་སྟོང་ཕྲག་དུ་མ། འོ་མ་བྲེས་འཇལ་བ་མང་པོ་ཡང་སེམས་ཅན་ཕོངས་པ་རྣམས་ཡོངས་སུ་བསྡུ་བའི་ཕྱིར་བཀོད་པ་མཐོང་ངོ་། །བུ་མོ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཞིན་བཟང་བ། ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་ཀླུབས་པ། ལྷ་རྫས་ཀྱི་གོས་རིན་པོ་ཆེ་གྱོན་པ། ལྷ་རྫས་ཀྱི་ཙན་དན་སྦྲུལ་གྱི་སྙིང་པོས་ལུས་བྱུགས་པ། སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཚུལ་ཤེས་པ། འདོད་པའི་སྤྱོད་པ་དང་། ཆོ་ག་ཐམས་ཅད་ལ་མཁས་པ་དག་ཀྱང་བསྩོགས་ཤིང་བཀོད་པར་མཐོང་ངོ་། །དེའི་མདུན་ན་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ཡོངས་སུ་བསྡུ་བ་དང་། སེམས་ཅན་རྣམས་ཡོངས་སུ་གཟུང་བ་དང་། སེམས་ཅན་རྣམས་དགའ་བ་བསྐྱེད་པ་དང་། སེམས་ཅན་རྣམས་སྤྲོ་བ་བསྐྱེད་པ་དང་། སེམས་ཅན་རྣམས་ཀྱི་ཡིད་དང་བར་བྱ་བ་དང་། སེམས་ཅན་རྣམས་ཀྱི་སེམས་ཤིན་ཏུ་བདེ་བར་བྱ་བ་དང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རྣམ་པར་ཞི་བར་བྱ་བ་དང་། སེམས་ཅན་རྣམས་ཆོས་ཀྱི་རང་བཞིན་གྱི་དོན་ལ་ཡོངས་སུ་དགོད་པ་དང་། སེམས་ཅན་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་དོན་མཉམ་པར་བྱ་བ་དང་། སེམས་ཅན་རྣམས་གཞན་ལ་འཁུ་བ་རྣམ་པར་བཟློག་པར་བྱ་བ་དང་ལུས་དང་ངག་གིས་ངན་དུ་སྤྱོད་པ་ཐམས་ཅད་རྣམ་པར་བཟློག་པ་དང་། སེམས་ཅན་རྣམས་ཀྱི་ལྟ་བའི་ཟུག་རྔུ་ཡང་དག་པར་དབྱུང་བ་དང་། སེམས་ཅན་རྣམས་ཀྱི་ལམ་ཡོངས་སུ་སྦྱང་བའི་ཕྱིར། སྲང་དང་ལམ་གྱི་བཞི་མདོ་དང་། ལམ་གྱི་སུམ་མདོ་དང་། སྒོ་དང་ཁྱམས་དག་ནའང་དེ་བཞིན་ཏེ།
སྲང་རེ་རེའི་ངོས་གཡས་གཡོན་ནས་ཀྱང་སྟེགས་བུ་བྱེ་བ་ཉི་ཤུ་ཉི་ཤུ་ཙམ་ལ་ཡོ་བྱད་ཐམས་ཅད་ཡོངས་སུ་སྤུངས་ཏེ་བཀོད་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྒྱལ་པོ་འོད་ཆེན་པོ་ལ་ལུས་ཐམས་ཅད་ཀྱིས་ཕབ་ནས་ཕྱག་བྱས་ཏེ། རྒྱལ་པོ་འོད་ཆེན་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། སྨྲས་པ། རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་ཡོངས་སུ་དག་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་སྟེ། རིགས་ཀྱི་བུ་ངས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་འདི་ཡང་སངས་རྒྱས་བརྒྱ་ཕྲག་དུ་མ་དང་། སངས་རྒྱས་སྟོང་ཕྲག་དུ་མ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་དུ་མ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོངས་སུ་དྲིས་སོ། །ཡོངས་སུ་ཞུས་སོ། །རྣམ་པར་སྦྱངས་སོ། །ཡོངས་སུ་སྦྱངས་སོ། །རྣམ་པར་བཀོད་དོ། །རྣམ་པར་བལྟས་སོ། །རྣམ་པར་དཔྱད་དོ། །རྗེས་སུ་བཙལ་ཏོ། །ཡོངས་སུ་བརྟགས་སོ། །རྣམ་པར་བྲིས་སོ། །རྒྱ་ཆེར་བྱས་སོ། །རིགས་ཀྱི་བུ་དེ་ལྟར་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་འདི་ལ་གནས་ཤིང་ཆོས་དང་འཐུན་པར་ཁམས་སྐྱོང་ཞིང་སྟོན་ཏོ། །ཆོས་དང་འཐུན་པར་འཇིག་རྟེན་ལ་ཕན་པར་བྱེད་དོ། །ཆོས་དང་འཐུན་པར་འཇིག་རྟེན་ན་རྗེས་སུ་སྤྱོད་དོ། །ཆོས་དང་འཐུན་པར་སེམས་ཅན་བཅོས་པ་བྱེད་དོ། །
ཆོས་དང་འཐུན་པར་སེམས་ཅན་རྣམས་ལ་ནན་ཏན་བྱེད་དོ། །ཆོས་ཀྱི་དཀྱིལ་འཁོར་ལ་སེམས་ཅན་རྣམས་ཡོངས་སུ་འཛུད་དོ། །ཆོས་ཀྱི་ཚུལ་སེམས་ཅན་རྣམས་ལ་ཉེ་བར་བསྒྲུབ་བོ། །ཆོས་དང་འཐུན་པར་སེམས་ཅན་རྣམས་ལ་ཡོངས་སུ་བསྒོ་བ་བྱེད་དོ། །ཆོས་ཀྱི་ནན་ཏན་ལ་སེམས་ཅན་རྣམས་ཡོངས་སུ་སྦྱོར་རོ། །ཆོས་ཀྱི་རང་བཞིན་ངེས་པར་རྟོགས་པ་ལ་སེམས་ཅན་རྣམས་རབ་ཏུ་དགོད་དོ། །བྱམས་པའི་སེམས་དང་། བྱམས་པ་ཆེན་པོའི་དབང་དང་། བྱམས་པའི་སྟོབས་དང་། ཕན་པའི་སེམས་དང་། བདེ་བའི་སེམས་དང་། སྙིང་རྗེའི་སེམས་དང་། ཕན་འདོག་པའི་སེམས་དང་། ཡོངས་སུ་བསྲུང་བའི་སེམས་དང་། སེམས་ཅན་ཡོངས་སུ་འཛིན་པ་མི་གཏོང་བའི་སེམས་དང་། སྡུག་བསྔལ་ཐམས་ཅད་རྣམ་པར་བཟློག་པའི་སྨོན་ལམ་རྒྱུན་མི་གཅོད་པའི་སེམས་དང་། བདེ་བའི་མཐར་ཕྱིན་པ་ལ་རབ་ཏུ་དགོད་པར་ཡང་དག་པར་སྤྱོད་པ་རྒྱུན་མི་གཅོད་པ་ལ་སེམས་ཅན་རྣམས་རབ་ཏུ་དགོད་དོ། །བག་ཡངས་ཀྱི་བདེ་བ་ཡང་དག་པར་བསྐྱེད་པས་སེམས་ཅན་དེ་དག་གི་ལུས་ཀྱང་ཤིན་ཏུ་བདེ་བར་བྱེད་དོ། །དེ་དག་གི་འཁོར་བའི་བདེ་བ་ལ་ཞེན་པའི་སེམས་ཀྱི་རྒྱུད་ཀྱང་རྣམ་པར་བཟློག་པ་བྱེད་དོ། །དེ་དག་གི་སེམས་ཀྱི་རྒྱུན་ཀྱང་ཆོས་ཀྱི་དགའ་བ་དང་མོས་པ་ལ་ཡོངས་སུ་གཞོལ་བར་བྱེད་དོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་ལས་རྣམ་པར་སྦྱོང་བ་བྱེད་དོ། །མི་དགེ་བའི་ཆོས་ཐམས་ཅད་ལས་ཡོངས་སུ་སྦྱོང་བ་བྱེད་དོ། །འཁོར་བའི་རྒྱུན་ལས་རྣམ་པར་བཟློག་པ་བྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ལ་ཡོངས་སུ་གཟུད་པ་བྱེད་དོ། །དེ་དག་གིས་སྲིད་པའི་ལམ་གྱི་རྒྱུད་དུ་སྐྱེ་བ་ཐམས་ཅད་རྒྱུན་གཅད་པའི་ཕྱིར། སེམས་ཀྱི་མ་རིག་པ་ཡོངས་སུ་བསྲག་པ་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དེ་དག་གི་སེམས་ཀྱི་མྱུ་གུ་བསྐྱེད་དོ། །མི་འཕྲོགས་པའི་དད་པའི་སྟོབས་ཡང་དག་པར་བསྐྱེད་པའི་ཕྱིར་དེ་དག་གི་སེམས་ཀྱི་རྒྱ་མཚོ་ཡང་རབ་ཏུ་དང་བར་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་ལ་གནས་ཏེ། ཆོས་དང་འཐུན་པར་འཇིག་རྟེན་སྐྱོང་ཞིང་སྟོན་ཏོ། །རིགས་ཀྱི་བུ་ངའི་ཁམས་ན་གནས་པའི་སེམས་ཅན་རྣམས་ནི་ངས་འཇིགས་ཤིང་སྔང་བའམ།
བག་ཚ་ཞིང་སྐྱི་གཡའ་བ་མེད་དེ། རིགས་ཀྱི་བུ་སེམས་ཅན་གང་ཕོངས་ཤིང་ཡོ་བྱད་སྣ་ཚོགས་ཀྱིས་བྲེལ་བ། བཟའ་བ་འདོད་པའམ། བཏུང་བ་འདོད་པའམ། གོས་འདོད་པ་ནས་ཡོ་བྱད་སྣ་ཚོགས་ཐམས་ཅད་གང་འདོད་ཀྱང་རུང་སྟེ། དེ་དག་ཐམས་ཅད་ངའི་དྲུང་དུ་འོང་ངོ་། །དེ་དག་ལའང་ངས་སྔ་ནས་བཤམ་བཤམ་པའི་མཛོད་སྒོ་ཕྱེ་ཞིང་ཅི་འདོད་པ་ཁྱེར་ཅིག་ཅེས་བསྟབས་ཏེ། གང་གི་དོན་དུ་ཁྱེད་སྡིག་པའི་ལས་ལ་སྤྱོད་པར་གྱུར་ཅིང་། སྲོག་གཅོད་པའམ། མ་བྱིན་པར་ལེན་པའམ། འདོད་པས་ལོག་པར་གཡེམ་པའམ། བརྫུན་དུ་སྨྲ་བའམ། ཕྲ་མའམ། ངག་རྩུབ་པོའམ། ཚིག་ཀྱལ་པའམ། ཆགས་སེམས་དང་། གནོད་སེམས་སམ། ལོག་པར་ལྟ་བའམ། དེ་མ་ཡིན་པའི་ལྟ་བའི་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། གྲོང་ཁྱེར་ཆེན་པོ་འོད་བཟང་པོ་འདིའི་སྒོ་དང་། སྲང་དང་། ཁྱམས་དང་། ལམ་གྱི་སུམ་མདོ་དང་། བཞི་མདོ་ཀུན་ཏུ་སྤུངས་ཏེ། སྔ་ནས་བྱིན་པ་ཡིན་གྱི། སུ་ཅི་འདོད་པ་ཀུན་ཀྱང་ཁྱེར་ཅིག་ཅེས་བསྟབས་ཤིང་བྱིན་ནོ། །རིགས་ཀྱི་བུ་གྲོང་ཁྱེར་འོད་བཟང་པོ་འདི་ན་སེམས་ཅན་ཇི་སྙེད་ཅིག་གནས་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སྟེ་ཐེག་པ་ཆེན་པོ་ལ་ཞུགས་པའོ། །དེ་བས་ན་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་འདི་ཡང་དེ་དག་ལ་བསམ་པ་རྣམ་པ་ཇི་ལྟ་བུར་དག་པའི་ཚུལ་བཞིན་དུ་སྣང་སྟེ། ལ་ལ་ལ་ནི་དོག་པར་སྣང་ངོ་། ། ལ་ལ་ལ་ནི་ཡངས་པར་སྣང་ངོ་། །ལ་ལ་ལ་ནི་གཞི་ས་ལ་གནས་པར་སྣང་ངོ་། །ལ་ལ་ལ་ནི་གཞི་རིན་པོ་ཆེ་བཻ་ཌཱུརྱ་ལས་བླངས་པར་སྣང་ངོ་། །ལ་ལ་ལ་ནི་སའི་ར་བས་བསྐོར་བར་སྣང་ངོ་། །ལ་ལ་ལ་ནི་རིན་པོ་ཆེ་རྡོ་རྗེ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་ར་བས་བསྐོར་བར་སྣང་ངོ་། །ལ་ལ་ལ་ནི་གསེག་མ་དང་གྱོ་མོས་གང་ཞིང་ཐག་ཐུག་དང་གྲོག་པོ་དང་། གཡང་ས་མང་པོ་ཅན་དུ་སྣང་ངོ་། །ལ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དམ་པ་གྲངས་མེད་པས། གཞི་བརྒྱན་ཅིང་ཡོངས་སུ་བཀྲམ་པ་དང་། ལག་མཐིལ་བཞིན་དུ་གཞི་མཉམ་པར་སྣང་ངོ་། །ལ་ལ་ལ་ནི་ས་ལས་བྱས་པར་སྣང་ངོ་། །ལ་ལ་ལ་ནི་རིན་པོ་ཆེ་གྲངས་མེད་པའི་ཁང་པ་དང་། གཞལ་མེད་ཁང་དང་། ཁང་བཟང་དང་། ཁང་པ་
བརྩེགས་པ་དང་། ཁང་སྟེང་དང་། བ་གམ་དང་། སྐར་ཁུང་གི་ཤར་བུ་དང་། ཟླ་གམ་རིན་པོ་ཆེ་སེང་གེའི་དྲ་བས་བརྒྱན་པར་སྣང་ངོ་། །གྲོང་ཁྱེར་གྱི་ཕྱི་རོལ་ན་གནས་པའི་སེམས་ཅན་སྔོན་ངས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྡུ་བའི་དངོས་པོ་བཞིས་ཡོངས་སུ་བསྡུས་པ། བསམ་པ་དག་པ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་བསྙེན་བཀུར་བ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་མོས་པ་ཐམས་ཅད་མཁྱེན་པ་ཉིད་དུ་རབ་ཏུ་གཞོལ་བ་དེ་དག་ལ་ཡང་རིན་པོ་ཆེ་ལས་བྱས་པར་སྣང་ངོ་། །དེ་མ་ཡིན་པ་གཞན་དག་ལ་ནི་ས་ལས་བྱས་པར་སྣང་སྟེ། རིགས་ཀྱི་བུ་ངའི་ཁམས་ན་གནས་པའི་སེམས་ཅན་ཡུལ་དང་ཕྱོགས་དང་། གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་དག་ན་རྙོག་པ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་དུས་ཀྱི་རང་བཞིན་གྱིས་དཀྲུགས་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཞིག་བྱེད་པར་འདོད་པར་གྱུར་ན་ཡང་། དེའི་ཚེ་ང་དེ་དག་ལ་ཕན་པར་བྱ་བའི་སེམས་ཀྱིས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇིག་རྟེན་གྱི་དབང་པོའི་གློང་ཞེས་བྱ་བ་བྱམས་པ་ཆེན་པོའི་སྔོན་དུ་འགྲོ་བ་ལ་སྙོམས་པར་འཇུག་སྟེ། རིགས་ཀྱི་བུ་དེ་ལྟར་ང་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་དང་། དེ་ཉིད་ཀྱི་མོད་ལ་སེམས་ཅན་དེ་དག་གི་འཇིགས་པ་དེ་དག་དང་མི་བདེ་བ་དེ་དག་དང་། ཤར་གཉེར་བ་དེ་དག་དང་ཐབ་མོ་དང་རྩོད་པ་དེ་དག་དང་། སེམས་ཀྱི་འཁྲུག་པ་དེ་དག་དང་། འཚེ་བའི་སེམས་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇིག་རྟེན་གྱི་དབང་པོའི་གློང་བྱམས་པ་ཆེན་པོའི་སྔོན་དུ་འགྲོ་བ་དེའི་ཆོས་ཉིད་ཐོབ་པས་རབ་ཏུ་ཞི་བར་གྱུར་ཏོ། །ཉེ་བར་ཞི་བར་གྱུར་ཏོ། །རྣམ་པར་ལྡོག་པར་གྱུར་ཏོ། །འགག་པར་གྱུར་ཏོ། །རིགས་ཀྱི་བུ་ཡུད་ཙམ་ཞིག་སྡོད་དང་དེའུ་རེ་མངོན་སུམ་དུ་འགྱུར་རོ། །དེ་ནས་རྒྱལ་པོ་འོད་ཆེན་པོས་དེའི་ཚེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྱམས་པ་ཆེན་པོའི་སྔོན་དུ་འགྲོ་བ་འཇིག་རྟེན་གྱི་དབང་པོའི་གློང་ལ་མཉམ་པར་གཞོག་གོ །དེ་ལྟར་རྒྱལ་པོ་འོད་ཆེན་པོས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྱམས་པ་ཆེན་པོའི། སྔོན་དུ་འགྲོ་བ་འཇིག་རྟེན་གྱི་དབང་པོའི་གློང་ལ་མཉམ་པར་བཞག་མ་
ཐག་ཏུ་དེའི་མོད་ལ་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་ཡུལ་དང་། ཕྱོགས་སུ་བཅས་པ། གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་གི་འཁོར་དང་བཅས་པ་རྣམ་པ་དྲུག་ཏུ་གཡོས་སོ། །དེ་གཡོས་པའི་ཚེ་རིན་པོ་ཆེའི་ར་བ་དེ་དག་དང་རིན་པོ་ཆེའི་ཁང་པ་དང་། རིན་པོ་ཆེའི་སྙིང་པོ་དང་། རིན་པོ་ཆེའི་ཁྱིམ་དང་། རིན་པོ་ཆེའི་གནས་དང་། རིན་པོ་ཆེའི་གཞལ་མེད་ཁང་དང་། རིན་པོ་ཆེའི་ཁང་པ་བརྩེགས་པ་དང་། རིན་པོ་ཆེའི་བ་གམ་དང་། རིན་པོ་ཆེའི་པུ་ཤུ་དང་། རིན་པོ་ཆེའི་སྐར་ཁུང་དང་། རིན་པོ་ཆེའི་སྟེགས་བུ་དང་། རིན་པོ་ཆེའི་རྟ་བབས་དང་། རིན་པོ་ཆེའི་ཟླ་གམ་དང་། རིན་པོ་ཆེའི་སེང་གེའི་དྲ་བ་དང་། རིན་པོ་ཆེའི་ལན་ཀན་དང་། རིན་པོ་ཆེའི་འབྲུ་དང་། རིན་པོ་ཆེའི་བླ་རེ་དང་། རིན་པོ་ཆེའི་སྲད་བུས་བརྒྱུས་པའི་དྲིལ་བུ་གཡེར་ཀའི་དྲ་བ་དང་། རིན་པོ་ཆེའི་དྲིལ་བུ་དང་། རིན་པོ་ཆེའི་རྒྱལ་མཚན་དང་། རིན་པོ་ཆེའི་བ་དན་དང་། རིན་པོ་ཆེའི་ཏ་ལ་དེ་དག་ཀྱང་རབ་ཏུ་གཡོས་ཏེ། སྒྲ་འབྱིན་ཏོ། །རབ་ཏུ་འཁྲོལ་ལོ། །དེ་དག་དེ་ལྟར་སྒྲ་འབྱིན་ཅིང་ཡིད་དུ་འོང་ལ་སྙན་པ་དང་། མཉན་ན་དགའ་བའི་དབྱངས་རྗོད་ཅིང་། རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་འདུད་ཏེ་ཕྱག་འཚལ་ལོ། །གྲོང་ཁྱེར་ཆེན་པོ་འོད་བཟང་པོའི་ནང་ན། སེམས་ཅན་ཇི་སྙེད་ཅིག་གནས་པ་དེ་དག་ཐམས་ཅད་ཀྱང་། དགའ་བ་དང་རངས་པའི་སེམས་ཀྱིས་ཡོངས་སུ་རྒྱས་ནས། རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་ལོགས་སུ་མངོན་ཏུ་ལྟ་སྟེ། ལུས་ཐམས་ཅད་ཀྱིས་ཕབ་ཅིང་ཕྱག་འཚལ་ལོ། །དེའི་ཁམས་ཀྱི་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཡུལ་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་ན་གནས་པ་དེ་དག་ཐམས་ཅད་ཀྱང་ལུས་དང་སེམས་བདེ་བར་གྱུར་ཏེ། དགའ་ཞིང་རངས་པ་སྐྱེས་ནས། རྒྱལ་པོ་འོད་ཆེན་པོ་གང་ན་བ་དེ་ལོགས་སུ་ཕྱག་འཚལ་ལོ། །བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་གཅིག་ལ་གཅིག་བྱམས་པའི་སེམས་དང་། ཕན་པའི་སེམས་སུ་ལྡན་པར་གྱུར་ནས། རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་ལོགས་སུ་ལྟ་ཞིང་མངོན་པར་འདུད་དོ། །རི་དང་སྒང་མཐོན་པོའི་སའི་ཕྱོགས་ཐམས་ཅད་ཀྱང་རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་མངོན་པར་འདུད་དོ། །མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། ལོ་མའི་ཤིང་དང་། ས་བོན་གྱི་ཚོགས་དང་། འབྱུང་བའི་ཚོགས་དང་། ལོ་ཏོག་དང་། ལྡུམ་བུ་དང་། རྩ་དང་གེལ་པ་དང་། སྨན་དང་ནགས་ཚལ་ཐམས་ཅད་ཀྱང་རྒྱལ་པོ་འོད་ཆེན་པོ་གང་ན་
བ་དེ་ལོགས་སུ་ལྟ་ཞིང་མངོན་པར་འདུད་པར་གྱུར་ཏོ། །དེའི་ཁམས་ན་མཚོ་དང་། མཚེའུ་དང་། ལུ་མ་དང་། ལྡེང་ཀ་དང་། འབབ་ཆུ་དང་། ཆུ་ཀླུང་དང་། རྫིང་དང་། ཁྲོན་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྒྱལ་པོ་འོད་ཆེན་པོ་གང་ན་བ་དེ་ལོགས་སུ་མངོན་པར་གཞོལ་ཞིང་རླབས་ཀྱི་སྒྲ་འབྱིན་པར་གྱུར་ཏོ། །ཀླུའི་རྒྱལ་པོ་སྟོང་ཕྲག་བཅུ་ཡང་། ཨ་ག་རུ་ནག་པོའི་བདུག་སྤོས་ཀྱི་དུད་པ་ན་བུན་དུ་འགྲིགས་པའི་སྤོས་ཀྱི་སྤྲིན་ལས་གློག་སྣ་ཚོགས་འགྱུ་བའི་འོད་ཀྱིས་སྣང་བར་བྱེད་ཅིང་། འབྲུག་སྒྲ་སྒྲོག་པ་དང་། སྤོས་ཆུའི་ཆར་གྱི་རྒྱུན་ཤིན་ཏུ་ཕྲ་བ་མངོན་པར་འབེབས་པར་གྱུར་ཏོ། །བརྒྱ་བྱིན་དང་རབ་མཚེ་མ་དང་དགའ་ལྡན་དང་། རབ་འཕྲུལ་དགའ་དང་། དབང་བསྒྱུར་གྱི་ལྷའི་རྒྱལ་པོ་ལ་སྩོགས་པ་ལྷའི་བུ་སྟོང་ཕྲག་བཅུས་ཀྱང་སྟེང་གི་བར་སྣང་ལ་འཁོད་དེ་ནམ་མཁའི་དབྱིངས་ཐམས་ཅད་ལྷ་རྫས་ཀྱི་རོལ་མོ་སིལ་སྙན་གྱི་སྤྲིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སྒྲ་ཕྱུང་བས་དབྱངས་སྙན་པ་རྒྱ་ཆེར་བསྒྲགས་པའི་རྒྱན་གྱིས་བརྒྱན་པ་དང་། ལྷའི་བུ་མོ་གྲངས་མེད་པ་ལྷའི་གླུ་སྙན་པ་ལེན་པའི་སྤྲིན་གྱི་སྒྲ་བསྒྲགས་པའི་དབྱངས་སྙན་ཅིང་ཡིད་དུ་འོང་བའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་སྤོས་ཀྱི་སྤྲིན་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་ཕྲེང་བ་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་ཕྱེ་མ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་ལྷབ་ལྷུབ་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་གོས་སྣ་ཚོགས་དྲི་མ་མེད་ཅིང་འཇམ་པ་ཁ་དོག་རྣམ་པ་ཐ་དད་པའི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་
ཆེའི་གདུགས་རྣམ་པར་བྱེ་བ་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་སེང་གེ་ཡིད་དུ་འོང་བའི་རྒྱལ་མཚན་གྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་འབར་བའི་ལྕེ་ཤིན་ཏུ་འཕྲོ་བའི་རིན་པོ་ཆེའི་བ་དན་གྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པར་རྒྱལ་པོ་འོད་ཆེན་པོ་ལ་མཆོད་པ་བྱ་བའི་ཕྱིར་བྱིན་གྱིས་བརླབས་སོ། །གླང་པོའི་རྒྱལ་པོ་ཆེན་པོ་ཤུགས་འཛིན་གྱིས་ཀྱང་གླང་པོའི་དབང་པོའི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པའི་མཐུས་ནམ་མཁའི་དབྱིངས་ཐམས་ཅད་ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་པད་མོའི་སྤྲིན་གྲངས་མེད་པས་ཀུན་ནས་ཡོག་པར་བྱིན་གྱིས་བརླབས་སོ། །ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེའི་སེ་མོ་དོ་གྲངས་མེད་པ་རབ་ཏུ་འཕྱང་བ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་སྣམ་བུའི་ལྡ་ལྡི་དང་། ཆུན་པོ་གྲངས་མེད་པ་རབ་ཏུ་འཕྱང་བ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བའི་རྒྱུད་གྲངས་མེད་པ་མངོན་པར་འཕྱང་བའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་ལྷབ་ལྷུབ་དང་། ཕྲེང་བ་གྲངས་མེད་པ་མངོན་པར་འཕྱང་བའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་ལྡ་ལྡི་གྲངས་མེད་པ་མངོན་པར་བྲིས་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་སྤོས་ཀྱི་རྒྱལ་པོའི་ཁ་དོག་སྣ་ཚོགས་ཕྱོགས་ཐམས་ཅད་དུ་དྲི་ཞིམ་པོས་རྒྱས་པར་འགེངས་པའི་སྤྲིན་གྲངས་མེད་པས་ཀུན་ནས་ཁེབས་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་གོས་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་བདུག་སྤོས་ཀྱི་དུད་པ་ན་བུན་དུ་འགྲིགས་པའི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་ཕྱེ་མ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་ཕྲ་མོ་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷའི་བུ་མོའི་ཚོགས་ལྷ་རྫས་ཀྱི་རོལ་མོ་བྱེད་པ་དང་། གླུ་སྙན་པའི་དབྱངས་ཡིད་དུ་འོང་བར་ལེན་ཅིང་བསྟོད་པའི་སྤྲིན་གྱིས་ཡོག་
པའི་ཆར་མངོན་པར་འབབ་པའི་རྒྱན་གྱིས་བརྒྱན་པར་ནམ་མཁའི་དབྱིངས་བྱིན་གྱིས་བརླབས་སོ། །སྲིན་པོའི་དབང་པོ་བརྒྱ་སྟོང་གྲངས་མེད་པ་རྒྱ་མཚོ་ལ་གནས་པ་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྟེན་གྱིས་གཞི་ལ་གནས་པ། ཁ་ཟས་སུ་ཤ་དང་ཁྲག་འཐུང་ཞིང་ཟ་བ་ཆུ་ལ་སྤྱོད་པ་དང་། རི་དགས་དང་། ཕྱུགས་དང་བྱ་དང་བ་ལང་དང་རྟ་དང་། གླང་པོ་དང་བོང་བུ་དང་། སྐྱེས་པ་དང་། བུད་མེད་ཀྱི་ཚོགས་ཀྱི་མདངས་འཕྲོགས་པ། ཞེ་སྡང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དང་ལྡན་པ། རྟག་ཏུ་འགྲོ་བ་ལ་འཚེ་ཞིང་འཐོ་འཚམ་པ་ལ་ཞུགས་པ་རྣམས་ཀྱང་བྱམས་པ་དང་། ཕན་པའི་སེམས་དམ་པ་དང་ལྡན་ཞིང་བཞིན་གྱི་མདོག་ཤིན་ཏུ་དང་བ་དང་། འགྲོ་བ་ཐམས་ཅད་ལ་མི་འཚེ་ཞིང་མཐོ་འཚམ་པ་མེད་པ་ལ་ཞུགས་ཏེ། འཇིག་རྟེན་ཕ་རོལ་ལ་ལྟ་བར་གྱུར་ནས། ཐལ་མོ་སྦྱར་ཅིང་ཤིན་ཏུ་དགའ་བའི་སེམས་ཀྱིས་རྒྱལ་པོ་འོད་ཆེན་པོ་གང་ན་བ་དེ་ལོགས་སུ་བཏུད་ནས་ཕྱག་འཚལ་བར་གྱུར་ཏོ། །ལུས་དང་སེམས་ཀྱི་བདེ་བ་རྒྱ་ཆེན་པོ་མཚུངས་པ་མེད་པ་ཡང་མྱོང་བར་གྱུར་ཏོ། །གནོད་སྦྱིན་དང་གྲུལ་བུམ་དང་། ཤ་ཟ་དང་འབྱུང་པོའི་དབང་པོ་བརྒྱ་སྟོང་དུ་མ་ཡང་བྱམས་པ་དང་། ཕན་པའི་སེམས་དམ་པ་དང་ལྡན་ཞིང་བཞིན་གྱི་མདོག་ཤིན་ཏུ་དང་བ་དང་། འགྲོ་བ་ཐམས་ཅད་ལ་མི་འཚེ་ཞིང་འཐོ་འཚམ་མེད་པ་ལ་ཞུགས་ཏེ། འཇིག་རྟེན་ཕ་རོལ་ལ་ལྟ་བར་གྱུར་ནས། ཐལ་མོ་སྦྱར་ཅིང་ཤིན་ཏུ་དགའ་བའི་སེམས་ཀྱིས་རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་འདུད་ཅིང་ཕྱག་འཚལ་བར་གྱུར་ཏེ། ལུས་དང་སེམས་ཀྱི་བདེ་བ་རྒྱ་ཆེན་པོ་མཚུངས་པ་མེད་པ་ཡང་མྱོང་བར་གྱུར་ཏོ། །དེ་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཀུན་གྱི་འཇིགས་པ་དང་། གནོད་པ་དང་། མི་བདེ་བ་དང་། ཤར་གཉེར་བ་དང་། ཐབ་མོ་དང་། རྩོད་པ་དང་སེམས་ཀྱི་འཁྲུག་པ་དང་། འཚེ་བའི་སེམས་ཐམས་ཅད་ཀྱང་རབ་ཏུ་ཞི་བར་གྱུར་ཏོ། །རྣམ་པར་ཞི་བར་གྱུར་ཏོ། །རྣམ་པར་ལོག་པར་གྱུར་ཏོ། །འགགས་པར་གྱུར་ཏོ། །ཕྱིར་ལོག་པར་གྱུར་ཏོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཐམས་ཅད་ནས། ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་བར་གྱི་སེམས་ཅན་ཀུན་གྱི་འཇིགས་པ་དང་། གནོད་པ་དང་། མི་བདེ་བ་དང་། ཤར་གཉེར་བ་དང་། ཐབ་མོ་དང་། རྩོད་པ་དང་། སེམས་ཀྱི་འཁྲུག་པ་དང་། འཚེ་བའི་སེམས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྱམས་པ་ཆེན་པོའི་སྔོན་དུ་འགྲོ་བ། འཇིག་རྟེན་གྱི་དབང་པོའི་ཀློང་གི་ཆོས་ཉིད་ཐོབ་པའི་ཕྱིར། རབ་ཏུ་ཞི་བར་གྱུར་ཏོ། །རྣམ་པར་ཞི་བར་གྱུར་ཏོ། །རྣམ་པར་ལོག་པར་གྱུར་ཏོ། །འགགས་པར་གྱུར་ཏོ། །ཕྱིར་ལོག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་འོད་ཆེན་པོ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ངས་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཡེ་ཤེས་སྣང་བའི་སྒོ་བྱམས་པ་ཆེན་པོའི་རྒྱལ་མཚན་འདི་ཤེས་པར་ཟད་ན། ངས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་བའི་བསམ་པས་རྒྱས་པར་འགེངས་པས་བྱམས་པ་ཆེན་པོའི་གདུགས་ཚད་མེད་པ་དང་ལྡན་པ། འཁོར་མི་ཕྱེད་པ་དང་ལྡན་པས། འགྲོ་བ་ཐམས་ཅད་འཁོར་དུ་གྱུར་པ། རབ་འབྲིང་དང་ཐ་མའི་སྦྱོར་བས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་ཞུགས་པ། འགྲོ་བ་ཐམས་ཅད་ཡོངས་སུ་བཟུང་བ་ལ་ཞུགས་པས། བྱམས་པའི་སེམས་ས་ལྟ་བུ་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་འོད་ཟེར་འགྲོ་བ་ཐམས་ཅད་དུ་འབྱུང་བས། ཟླ་བ་ཉ་ཞིང་རྒྱས་པ་ལྟ་བུར་གྱུར་པ། ཤེས་བྱ་ཐམས་ཅད་ཡེ་ཤེས་ཀྱི་འོད་ཀྱིས་སྣང་བར་བྱེད་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལྟ་བུར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མུན་པ་ཐིབས་པོ་རབ་ཏུ་སེལ་བས། སྒྲོན་མ་ཆེན་པོ་ལྟ་བུར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མཚོའི་གཡོ་སྒྱུའི་རྙོག་པ་དང་བར་བྱེད་པས། ནོར་བུ་རིན་པོ་ཆེ་ཆུ་འདོང་དང་འདྲ་བ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པས། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་དང་འདྲ་བ། འགྲོ་བ་ཐམས་ཅད་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཁང་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕོ་བྲང་ཆེན་པོར་གཞོག་
པས་རླུང་མར་ཆེན་པོ་དང་འདྲ་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པའམ། བསོད་ནམས་ཀྱི་རི་བོ་གཞལ་བའམ། ཡོན་ཏན་གྱི་སྐར་མའི་ཚོགས་ཀྱིས་བརྒྱན་པའི་ནམ་མཁའ་ལ་བལྟ་བའམ། སྨོན་ལམ་ཆེན་པོའི་རླུང་གི་དཀྱིལ་འཁོར་ལས་མཚམས་བཅད་པའམ། ཆོས་མཉམ་པ་ཉིད་ཀྱི་སྟོབས་ལ་ཚད་གཟུང་བའམ། ཐེག་པ་ཆེན་པོའི་རྒྱན་གྱི་བསྔགས་པ་ཡོངས་སུ་བརྗོད་པའམ། ཀུན་ཏུ་བཟང་པོའི་སྤྱོད་པའི་ཚུལ་གྱི་ཁྱད་པར་བརྗོད་པའམ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆེན་པོ་བསྒོམ་པའི་སྒོ་དབྱེ་བའམ། སྙིང་རྗེ་ཆེན་པོའི་སྤྲིན་ཡོངས་སུ་སྨོས་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་རྒྱལ་པོའི་གནས་བརྟན་པ་ཞེས་བྱ་བ་ཡོད་དེ། དེ་ན་དགེ་བསྙེན་མ་མི་གཡོ་བ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྒྱལ་པོ་འོད་ཆེན་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། རྒྱལ་པོ་འོད་ཆེན་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས། རྒྱལ་པོ་འོད་ཆེན་པོའི་དྲུང་ནས་སོང་ངོ་།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་གསུམ་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་ནས་བྱུང་སྟེ་ཡུད་ཙམ་དུ་ལམ་གྱི་འགོ་བཙལ་ནས། རྒྱལ་པོ་འོད་ཆེན་པོའི་གདམས་ངག་དེ་ལ་རྗེས་སུ་བསམ་པ་བྱེད་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ་བྱམས་པ་ཆེན་པོའི་རྒྱལ་མཚན་དེ་རྗེས་སུ་དྲན་པར་བྱ་བ་དང་། ཏིང་ངེ་འཛིན་གྱི་སྒོ་འཇིག་རྟེན་གྱི་དབང་པོའི་གློང་གི་སྣང་བ་ཆེན་པོ་དེ་ཡོངས་སུ་བསྒོམ་པ་དང་། བྱང་ཆུབ་སེམས་དཔའ་ལུས་རྣམ་པར་དག་པ། བསམ་གྱིས་མི་ཁྱབ་པས་བརྒྱན་པའི་སེང་གེའི་ཁྲིའི་རྒྱན་རྣམ་པར་ཕྱེ་བ། རྣམ་པ་སྣ་ཚོགས་དེ་དག་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། བསོད་ནམས་ཀྱི་དབང་དང་། སྟོབས་བསམ་གྱིས་མི་ཁྱབ་པ། དེ་དག་རྗེས་སུ་
སྤེལ་བ་དང་། བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཡེ་ཤེས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་དེ་ཤིན་ཏུ་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་བདག་ཉིད་ཆེ་བ་ཐུན་མོང་དུ་གྱུར་པ། བསམ་གྱིས་མི་ཁྱབ་པ་དེ་ལ་རྗེས་སུ་བསམ་པ་དང་། བྱང་ཆུབ་སེམས་དཔའི་གནས་རྣམ་པ་ཐ་དད་པ་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་མཚན་མར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དེ། རྗེས་སུ་དྲན་པར་བྱ་བ་དང་བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་ཤིང་ཡོངས་སུ་དག་པ་དེ་ལ་བརྟག་པ་དང་། བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་བསམ་པ་སྣང་བའི་ཚུལ་བསམ་གྱིས་མི་ཁྱབ་པ་དེ་ལ་ཡིད་ཆེས་པར་བྱེད་བྱེད་པས། སེམས་དགའ་ཞིང་མོས་པའི་ཤུགས་དང་། སེམས་ཀྱི་ཉམས་བདེ་བ་དང་། སེམས་ཤིན་ཏུ་ཚིམ་པ་དང་། སེམས་ཁོང་ནས་དགའ་བ་དང་། སེམས་རྙོག་པ་མེད་པ་དང་། སེམས་འོད་དང་བ་དང་། སེམས་བརྟན་པ་དང་། སེམས་རྒྱ་ཆེ་བ་དང་། སེམས་མི་ཟད་པ་ཐོབ་སྟེ། དེ་དེ་ལྟར་དགེ་བའི་བཤེས་གཉེན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པ་ལ་བརྩོན་པས། གདོང་མཆི་མས་གང་ནས་རྗེས་སུ་སེམས་པ། ཀྱི་ཧུད་ཀྱེ་དགེ་བའི་བཤེས་གཉེན་མཐོང་བ་འདི་ནི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་དག་པ་དང་། ཡོངས་སུ་རྫོགས་པར་འགྱུར་བའི་རྒྱུར་གྱུར་པའོ། །བྱང་ཆུབ་སེམས་དཔའི་དྲན་པ་ཐམས་ཅད་རྣམ་པར་དག་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་གཟུངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་སྦྱོང་བའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྣང་བ་ཐམས་ཅད་ཡོངས་སུ་བསྐྱེད་པའོ་སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་བ་ཡོངས་སུ་སྒྲུབ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཚུལ་ཐམས་ཅད་རབ་ཏུ་བརྗོད་པའོ། །ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བ་བསམ་གྱིས་
མི་ཁྱབ་པར་ཡང་དག་པར་སྐྱེད་པའོ། །བྱང་ཆུབ་སེམས་དཔའི་དབང་པོ་བརྟན་པའི་མྱི་གུ་སྐྱེད་པར་བྱེད་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་གི་གཡང་ས་ཐམས་ཅད་ནས་སྐྱོབ་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ཆོས་མཉམ་པ་ཉིད་ཀྱི་ཚུལ་ཁོང་དུ་ཆུད་པར་བྱ་བ་ལ་གཞོག་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་ལམ་བདེ་བ་དང་། མི་བདེ་བ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་ཐེག་པ་ཆེན་པོ་ཡོངས་སུ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་གདམས་ངག་གིས་འདེམས་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ཐམསཅད་མཁྱེན་པའི་གནས་སུ་ཕྱིན་པར་སྐྱེལ་བའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ལ་འཇུག་པར་བྱེད་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་དུས་གསུམ་གྱི་ཤེས་བྱ་རྒྱ་མཚོའི་ཚུལ་རབ་ཏུ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པའོ་ཞེས་དེ་དེ་ལྟར་ངུ་ཞིང་སྨྲེ་སྔགས་འདོན་པའི་ཚེ། ནམ་མཁའི་དབྱིངས་ལ་འཁོད་པའི་ལྷའི་ཚོགས་དང་། རྟག་ཏུ་ཕྱི་བཞིན་འབྲང་ཞིང་ཡང་དག་པར་བསྐུལ་བ་དང་། སངས་རྒྱས་ཀྱི་ཕོ་ཉ་ལྟར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་འདི་སྐད་འཛེར་ཏོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཐུགས་ཤིན་ཏུ་དགྱེས་པར་འགྱུར་བ་ཡིན། དགེ་བའི་བཤེས་གཉེན་གྱི་ཚིག་དང་། མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔས་ནི་ཐམས་ཅད་མཁྱེན་པ་ཉིད་དུའང་ཤིན་ཏུ་བསྙེན་པ་ཡིན། དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཙོམ་མི་ཟ་བའི་བྱང་ཆུབ་
སེམས་དཔའ་ལ་ནི་དགེ་བའི་བཤེས་གཉེན་རྣམས་ཀྱང་ཉེ་བར་བསྙེན་པ་ཡིན། དགེ་བའི་བཤེས་གཉེན་ཡིད་ལ་བྱ་བ་དང་མི་འབྲལ་བའི་བྱང་ཆུབ་སེམས་དཔའ་ལ་ནི་དོན་ཐམས་ཅད་ཀྱང་མངོན་དུ་འགྱུར་བ་ཡིན་གྱིས། རིགས་ཀྱི་བུ་རྒྱལ་པོའི་ཕོ་བྲང་བརྟན་པར་དགེ་བསྙེན་མ་མི་གཡོ་བ་གང་ན་བ་དེར་སོང་ཤིག་དང་། དེ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོས་པར་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཏིང་ངེ་འཛིན་གྱི་ཡེ་ཤེས་སྣང་བ་ལས་ལངས་ནས་མཐར་གྱིས་རྒྱལ་པོའི་ཕོ་བྲང་བརྟན་པར་དགེ་བསྙེན་མ་མི་གཡོ་བ་གང་ན་བ་དེར་སོང་ནས། དགེ་བསྙེན་མ་མི་གཡོ་བ་ཡོངས་སུ་ཚོལ་ཞིང་རྨེད་རྨེད་པ་ལས། དེ་ལ་འགྲོ་བ་མང་པོས་བསྟན་པ། རིགས་ཀྱི་བུ་དགེ་བསྙེན་མ་མི་གཡོ་བ་དེ་ནི་རང་གི་ཁྱིམ་ན་ཕ་མ་དང་། འགྲོགས་ཤིང་གཞོན་ནུར་གྱུར་པ་སྟེ། རང་གི་གཉེན་བཤེས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། སྐྱེ་བོའི་ཚོགས་ཆེན་པོ་ལ་ཆོས་སྟོན་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་བ་ཆེན་པོ་དང་། མོས་ཤིང་སྤྲོ་བས། ཡོངས་སུ་རྒྱས་པའི་སེམས་དང་ལྡན་པ་དེ་དགེ་བསྙེན་མ་མི་གཡོ་བའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས། དགེ་བསྙེན་མ་མི་གཡོ་བའི་ཁྱིམ་གྱི་སྒོ་ན་སྡོད་པའི་ཚེ། དེས་ཁྱིམ་དེ་ཐམས་ཅད་འོད་ལུས་དང་སེམས་ཤིན་ཏུ་བདེ་བར་བྱེད་པ། གསེར་གྱི་ཁ་དོག་ཏུ་འདུག་པ་ཞིག་གིས་ཁྱབ་ཅིང་གསལ་བར་གྱུར་ནས། འོད་དེས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཕོག་པར་གྱུར་མ་ཐག་ཏུ་ཚོར་བ་ཐམས་ཅད་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། ཞི་བའི་གནས་ཀྱི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། འགྲོ་བ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། ཀུན་ཏུ་ལྟ་བའི་བཏང་སྙོམས་དང་ལྡན་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། དེ་བཞིན་གཤེགས་པའི་མཛོད་ཀྱི་ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་སྩོགས་པ། ཏིང་ངེ་འཛིན་གྱི་སྒོ་ལྔ་བརྒྱ་ཙམ་ལ་ཞུགས་པར་གྱུར་ཏེ། ཡོངས་སུ་སྐྱེས་སོ། །དེ་དག་ཀྱང་ཤིན་ཏུ་ཕྲ་ཞིང་གཞོན་པ་སྟེ། འདི་ལྟར་དཔེར་ན་ཐོག་མ་མངལ་དུ་ཞུགས་པའི་རྣམ་པར་ཤེས་པ་ལྟ་བུ་སྟེ། ཏིང་ངེ་འཛིན་དེ་དག་ཀྱང་ཤིན་ཏུ་ཕྲ་ཞིང་གཞོན་པར་སྐྱེས་པར་གྱུར་ཏོ། །དེས་དྲི་
ཞིམ་པོ་ཞིག་ཚོར་ནའང་དེ་ནི་ལྷ་ལའང་མེད་ལྷའི་བུ་མོ་ལ་ཡང་མེད། ཀླུ་ལ་ཡང་མེད་ཀླུའི་བུ་མོ་ལ་ཡང་མེད། གནོད་སྦྱིན་ལ་ཡང་མེད་གནོད་སྦྱིན་གྱི་བུ་མོ་ལ་ཡང་མེད། དྲི་ཟ་ལ་ཡང་མེད། དྲི་ཟའི་བུ་མོ་ལ་ཡང་མེད། ལྷ་མ་ཡིན་ལ་ཡང་མེད། ལྷ་མ་ཡིན་གྱི་བུ་མོ་ལ་ཡང་མེད། ནམ་མཁའ་ལྡིང་ལ་ཡང་མེད། ནམ་མཁའ་ལྡིང་གི་བུ་མོ་ལ་ཡང་མེད། མིའམ་ཅི་ལ་ཡང་མེད། མིའམ་ཅིའི་བུ་མོ་ལ་ཡང་མེད། ལྟོ་འཕྱེ་ཆེན་པོ་ལ་ཡང་མེད། ལྟོ་འཕྱེ་ཆེན་པོའི་བུ་མོ་ལ་ཡང་མེད། མི་ལ་ཡང་མེད། མིའི་བུ་མོ་ལ་ཡང་མེད་ཅིང་མི་སྲིད་པ་དེ་ལྟ་བུའི་དྲི་ཞིམ་པོ་ཚོར་བར་གྱུར་ཏོ། །བུད་མེད་དེའི་གཟུགས་དང་མཉམ་པ་ཡང་ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། ཁ་དོག་དང་མདོག་དེ་ལྟ་བུ་ཡང་དེ་བཞིན་གཤེགས་པའི་སྐུ་མདོག་དང་ཁ་དོག་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ཁ་དོག་དང་མདོག་མ་གཏོགས་པར་དེའི་ཁ་དོག་དང་། མདོག་ཏུ་མཉམ་པ་ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། ལུས་ཀྱི་ཆུ་ཞེང་དང་དབྱིབས་དེ་ལྟ་བུ་ཡང་དེ་བཞིན་གཤེགས་པའི་སྐུའི་ཁྲུན་ཆུ་ཞེང་དང་། དབྱིབས་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པའི་ལུས་ཀྱི་ཆུ་ཞེང་དང་། དབྱིབས་མ་གཏོགས་པར་དེའི་ལུས་ཀྱི་ཆུ་ཞེང་དང་དབྱིབས་སུ་མཉམ་པ། ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། འོད་ཀྱི་རྒྱན་དེ་ལྟ་བུའང་དེ་བཞིན་གཤེགས་པའི་འོད་ཀྱི་རྒྱན་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པའི་འོད་ཀྱི་རྒྱན་མ་གཏོགས་པར་དེའི་འོད་ཀྱི་རྒྱན་དང་། མཉམ་པ་ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། དེའི་ཁའི་ངད་ཀྱི་དྲི་ཞིམ་པོ་དང་མཉམ་པའི་དྲི་དེ་ལྟ་བུ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ལྷའི་གནས་སམ། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་གནས་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། ཁྱིམ་གྱི་རྒྱན་དང་། ལོངས་སྤྱོད་དེ་ལྟ་བུའང་དེ་བཞིན་གཤེགས་པའི་ལོངས་སྤྱོད་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པའི་ལོངས་སྤྱོད་མ་གཏོགས་པར་དེའི་ཁྱིམ་གྱི་རྒྱན་
དང་། ལོངས་སྤྱོད་དུ་མཉམ་པ་ཡང་ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། གཡོག་འཁོར་ཕུན་སུམ་ཚོགས་པ། དེ་ལྟ་བུའང་དེ་བཞིན་གཤེགས་པའི་འཁོར་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པ་མ་གཏོགས་པར་དེའི་གཡོག་འཁོར་ཕུན་སུམ་ཚོགས་པ་དང་། མཉམ་པ་ཡང་ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་སྟེ། དགེ་བསྙེན་མ་མི་གཡོ་བ་དེ་ལ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་བལྟ་བར་ནུས་པའི་སེམས་ཅན་དེ་ལྟ་བུའང་ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་གྱི་རིས་ན་མེད་དོ། །དགེ་བསྙེན་མ་མི་གཡོ་བ་དེ་མཐོང་མ་ཐག་དུ་ཉོན་མོངས་པ་ཞི་བར་མི་འགྱུར་བ་དེ་ལྟ་བུའི་སེམས་ཅན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་གྱི་རིས་ན་མེད་དེ། འདི་ལྟ་སྟེ་དཔེར་ན། ཚངས་པ་ཆེན་པོ་སྟོང་ཕྲག་བཅུ་ལ་དབང་སྒྱུར་བ་ལ་ནི་འདོད་པ་ལ་སྤྱོད་པའི་ཉོན་མོངས་པ་རྣམས་མི་རྒྱུའོ། །དེ་བཞིན་དུ་དགེ་བསྙེན་མ་མི་གཡོ་བའང་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་མི་རྒྱུའོ། །དགེ་བསྙེན་མ་མི་གཡོ་བ་དེ་ལ་བལྟ་བས་ངོམས་པར་འགྱུར་བའི་སེམས་ཅན་དེ་ལྟ་བུའང་ཤེས་རབ་ཀྱིས་ངོམས་པ་མ་གཏོགས་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་རིས་ན་མེད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་བསྙེན་མ་མི་གཡོ་བའི་ལུས་ཀྱི་བྱིན་བསམ་གྱིས་མི་ཁྱབ་པ་དང་། གཟུགས་དང་ཁ་དོག་དང་དབྱིབས་དང་། ཆུ་ཞེང་བསམ་གྱིས་མི་ཁྱབ་པ་དང་། སའི་གཞི་དང་། གྲོང་ཁྱེར་དང་རིན་པོ་ཆེ་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་གྱི་དྲ་བའི་རྒྱན་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བསྒྲུབ་པ་མཐོང་སྟེ། བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བའི་དྲི་ཞིམ་པོ་ཚོར་ནས། འཁོར་རྒྱ་མཚོ་ཕུན་སུམ་ཚོགས་པ་མཐའ་ཡས་པ་མཐོང་སྟེ། ཁྱིམ་དང་གཞལ་མེད་ཁང་གི་རྒྱན་ཕུན་སུམ་ཚོགས་པ་མི་འཕྲོགས་པ་མཐོང་ནས་ཡོན་ཏན་རྒྱ་མཚོ་ཚད་མེད་པ་ཁོང་དུ་ཆུད་དེ། དགེ་བསྙེན་མ་མི་གཡོ་བ་ལ་ཚིགས་སུ་བཅད་པ་འདིས་བསྟོད་དོ། །ཁྱོད་
ཀྱིས་རྟག་ཏུ་ཚུལ་ཁྲིམས་དྲི་མེད་ཡོངས་བསྲུངས་ཏེ། །བཟོད་པ་ཤིན་ཏུ་ཡངས་པའང་ཡོངས་སུ་བསྒོམས་མཛད་ཅིང་། །བརྩོན་འགྲུས་བརྟན་པ་རྡོ་རྗེ་ལྟ་བུ་བསྒྲུབས་པས་ན། །རི་བོའི་རྒྱལ་པོ་ལྟ་བུར་འགྲོ་བར་འཕགས་ཤིང་འབར། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། དགེ་བསྙེན་མ་མི་གཡོ་བ་ལ་ཚིགས་སུ་བཅད་པ་དེས་མངོན་པར་བསྟོད་དེ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། འཕགས་མ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། དེ་ནས་དགེ་བསྙེན་མ་མི་གཡོ་བས། བྱང་ཆུབ་སེམས་དཔའི་ངག་འཇམ་ཞིང་ཡིད་དུ་འོང་ལ་ཉམས་སུ་བདེ་བས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་དགའ་བར་འགྱུར་བའི་ཚིག་ཏུ་བརྗོད་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་ཡི་དམ་བརྟན་པ་ལ་སློབ་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སའི་གཟུངས་ཀྱི་སྒོ་ཐོབ་པའོ། །ཁོ་མོ་ནི་སྤོབས་པའི་ཡེ་ཤེས་སྣང་བ། ཆོས་ཀྱི་གཞི་ཐམས་ཅད་སྣང་བར་བརྗོད་པ་ཐོབ་པའོ། །ཁོ་མོ་ནི་ཆོས་ཐམས་ཅད་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་གྱི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པའོ། །སྨྲས་པ་འཕགས་མ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་དེའི་ཡུལ་ནི་ཇི་ལྟ་བུ་ཞིག་མཆིས། ཡི་དམ་ལ་བརྟན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སའི་གཟུངས་ཀྱི་སྒོ་དང་། ཆོས་ཀྱི་གཞི་ཐམས་ཅད་སྣང་བར་བརྗོད་
པའི་སྤོབས་པ་སྣང་བའི་སྒོ་དང་། ཆོས་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་གྱི་ཏིང་ངེ་འཛིན་གྱི་སྒོའི་ཡུལ་ནི་ཇི་ལྟ་བུ་ཞིག་མཆིས། སྨྲས་པ། རིགས་ཀྱི་བུ་གནས་འདི་ནི་ཡིད་ཆེས་པར་དཀའོ། །སྨྲས་པ་འཕགས་མ་བསྟན་དུ་གསོལ། སངས་རྒྱས་ཀྱི་བྱིན་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ན་ཡིད་ཆེས་པར་མཆི་གྲང་། རྟོགས་པ་དང་འཚལ་བ་དང་། རྣམ་པར་རྟོགས་པ་དང་། རྗེས་སུ་རྟོགས་པ་དང་། རིག་པ་དང་། དམིགས་སུ་ཕེབས་པ་དང་། གོམས་པ་དང་། མི་འགལ་བ་དང་། རྣམ་པར་མི་རྟོག་པ་དང་། སྒྲོ་འདོགས་པ་མ་མཆིས་པ་དང་། མཉམ་པར་བགྱིད་པར་ཡང་མཆི་གྲང་། དེ་ནས་དགེ་བསྙེན་མ་མི་གཡོ་བས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་ཤིག་ན་དྲི་མ་མེད་པའི་འོད་ཀྱི་བསྐལ་པ་ལ། དེ་བཞིན་གཤེགས་པ་ཕྱག་རབ་ཏུ་བརྐྱང་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཁོ་མོ་ཡང་དེའི་ཚེ་རྒྱལ་པོ་གློག་གིས་བྱིན་པའི་བུ་ཅིག་མ་ཞིག་ཏུ་གྱུར་ནས། དེའི་ཚེ་ནུབ་མོ་མི་ཉལ་ཙམ་ཞིག་ན་རྒྱལ་པོའི་སྒོ་ཡང་བཅད། ཕ་དང་མ་ཡང་ཉལ། སྐྱེས་པ་དང་བུད་མེད་དག་ཀྱང་གཉིད་ཀྱིས་ལོག །རོལ་མོ་བརྡུང་བ་དང་དཀྲོལ་བའི་སྒྲ་ཡང་ཞི། ལྷན་ཅིག་སྤྱོད་པའི་བུད་མེད་ལྔ་བརྒྱ་ཙམ་དག་ཀྱང་ཉལ་བར་གྱུར་པ་ཞིག་ན། ཁོ་མོ་མལ་གྱི་སྟེང་ན་འདུག་ཅིང་། ནམ་མཁའི་དབྱིངས་ལ་རྒྱུ་བའི་སྐར་མའི་ཚོགས་ཀྱི་ཕྲེང་བ་རྣམ་པར་འཁོད་པ་ལ་ལྟ་ལྟ་བ་ལས། སྟེང་གི་བར་སྣང་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་རབ་ཏུ་བརྐྱང་བ། རིའི་དབང་པོ་རི་རབ་ལྟར་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་འཁོར་མང་པོས་བསྐོར་བ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་ཡོངས་སུ་བསྐོར་བ། ཕྱོགས་ཐམས་ཅད་དུ་འོད་ཟེར་གྱི་དྲ་བ་ཐོགས་པ་མེད་པས་རྒྱས་པར་ཁྱབ་པའི་སྐུ་བཞུགས་པ་མཐོང་ངོ་། །དེ་བཞིན་གཤེགས་པ་དེའི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་དྲི་ཞིམ་པོ་རྣམ་པ་འདི་ལྟ་བུ་བྱུང་སྟེ། དེས་ཁོ་མོའི་ལུས་
དང་སེམས་ཤིན་ཏུ་བདེ་བར་གྱུར། ཡིད་ཤིན་ཏུ་དགའ་བར་གྱུར་ཏེ། མལ་གྱི་སྟེང་ནས་ལངས་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ་ས་ལ་བབས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་རབ་ཏུ་བརྐྱང་བ་དེ་ལ་ཕྱག་འཚལ་ཏེ། དེའི་སྤྱི་གཙུག་ལ་བལྟས་ནའང་། མཐར་ཐུག་པར་མ་རུང་། གཡས་གཡོན་གྱི་ཚད་ཀྱང་ཟིན་པར་མ་རུང་། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་ལ་བསམས་ནའང་ངོམས་པར་མ་རུང་སྟེ། དེའི་ཚེ་ཁོ་མོ་འདི་སྙམ་དུ་བསམས་སོ། །ལས་ཇི་ལྟ་བུ་ཞིག་བྱས་ན་ལུས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ནི་འཐོབ་པར་འགྱུར། མཚན་དང་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་ནི་སྐྱེ་བར་འགྱུར། འོད་ཀྱི་རྒྱན་ཕུན་སུམ་ཚོགས་པ་ནི་འབྱུང་བར་འགྱུར། འཁོར་ཕུན་སུམ་ཚོགས་པ་ནི་འགྲུབ་པར་འགྱུར། ཡིད་ཀྱི་རང་བཞིན་གྱི་གནས་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི་འབྱུང་བར་འགྱུར། བསོད་ནམས་ཕུན་སུམ་ཚོགས་པ་ནི་སྐྱེ་བར་འགྱུར། ཡེ་ཤེས་ཕུན་སུམ་ཚོགས་པ་ནི་རྣམ་པར་དག་པར་འགྱུར། ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཕུན་སུམ་ཚོགས་པ་ནི་ཡང་དག་པར་འགྲུབ་པར་འགྱུར། གཟུངས་ཕུན་སུམ་ཚོགས་པ་ནི་ཡོངས་སུ་རྫོགས་པར་འགྱུར། སྤོབས་པ་ཕུན་སུམ་ཚོགས་པ་ནི་དབང་དུ་འགྱུར་སྙམ་པ་དང་། རིགས་ཀྱི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་རབ་ཏུ་བརྐྱང་བ་དེས་ཁོ་མོའི་བསམ་པ་ཐུགས་སུ་ཆུད་ནས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་ཁྱོད་ཀྱིས་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཐུབ་པ་མེད་པའི་སེམས་སྐྱེད་ཅིག །མངོན་པར་ཞེན་པ་ཐམས་ཅད་བསལ་བའི་ཕྱིར་ཕམ་པ་མེད་པའི་སེམས་སྐྱེད་ཅིག །ཆོས་ཟབ་མོའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞུམ་པ་མེད་པའི་སེམས་སྐྱེད་ཅིག །སེམས་ཅན་བསམ་པ་མི་ཟད་པ་དང་ལྡན་པའི་རྒྱ་མཚོའི་གློང་དུ་ལྟུང་བས་མི་སྒུལ་བའི་སེམས་སྐྱེད་ཅིག །སྲིད་པའི་ལམ་གྱི་རྒྱུད་ཐམས་ཅད་དུ་སྐྱེ་བའི་སྐྱེ་མཆེད་དུ་མགོ་རྨོངས་པ་མེད་པའི་སེམས་སྐྱེད་ཅིག །སངས་རྒྱས་ཐམས་ཅད་བལྟ་བར་མོས་པ་རྒྱུན་མི་གཅད་པའི་ཕྱིར་ངོམས་མི་ཤེས་པའི་སེམས་སྐྱེད་ཅིག །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡོངས་སུ་གཟུང་བའི་ཕྱིར་ཆོག་མི་ཤེས་པའི་སེམས་སྐྱེད་ཅིག །
སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་སྣང་བ་རྟོགས་པར་བྱ་བའི་ཕྱིར་ངེས་པར་རྟོགས་པའི་སེམས་སྐྱེད་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་གཟུང་བའི་ཕྱིར་ཡང་དག་པར་གཟུང་བའི་སེམས་སྐྱེད་ཅིག །དེ་བཞིན་གཤེགས་པའི་ཞལ་ནས་བྱུང་བ་ཤེས་པར་བྱ་བ་ལྟ་ལ་ཅི་སྨོས་ཀྱི་ཆུང་ངུ་ན་བརྡར་བྱེད་པ་ཙམ་ལ་ཡང་འཁྲུལ་པ་མེད་པའི་སེམས་སྐྱེད་ཅིག །བུ་མོ་ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་རིན་པོ་ཆེ་རྣམ་པར་དབྱེ་བའི་ཕྱིར། རྣམ་པར་དབྱེ་བའི་སེམས་སྐྱེད་ཅིག་ཅེས་བྱུང་སྟེ། དེ་ལྟར་རིགས་ཀྱི་བུ་ཁོ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་རབ་ཏུ་བརྐྱང་བ་ལས། ཆོས་ཀྱི་ཚུལ་གྱི་གདམས་ངག་གི་སྒོ་རྣམ་པ་དེ་ལྟ་བུ་དག་ཐོས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ནི་མངོན་པར་མོས་པར་གྱུར། སྟོབས་བཅུའི་རང་བཞིན་ལ་ནི་མངོན་པར་སྨོན་པར་གྱུར། སངས་རྒྱས་ཀྱི་གསུང་ལ་ནི་མངོན་པར་དད་པར་གྱུར། སངས་རྒྱས་ཀྱི་འོད་ཀྱི་རྒྱན་ནི་ཡོངས་སུ་སྦྱང་བར་དགའ། སངས་རྒྱས་ཀྱི་སྐུ་ཕུན་སུམ་ཚོགས་པ་ནི་ཡོངས་སུ་བསྒྲུབ་པར་དགའ། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བཟང་པོ་རྣམ་པར་དག་པ་ལ་ནི་མངོན་པར་མོས་པར་གྱུར། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཕུན་སུམ་ཚོགས་པ་ལ་ནི་མངོན་པར་སྨོན་པར་གྱུར། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་ནི་མངོན་པར་དད་པར་གྱུར། སངས་རྒྱས་ཀྱི་སྤྱོད་ལམ་ཕུན་སུམ་ཚོགས་པ་ལ་ནི་མངོན་པར་མོས་པར་གྱུར། སངས་རྒྱས་ཀྱི་སྐུ་ཚེའི་ཚད་ཕུན་སུམ་ཚོགས་པ་ལ་ནི་མངོན་པར་དགའ་ནས། རྡོ་རྗེ་ལྟར་རི་དང་མཚོན་ཅ་ཐམས་ཅད་ཀྱི་མཐུས་ཐུབ་པར་དཀའ་བའི་སེམས་ཉོན་མོངས་པ་ཐམས་ཅད་དང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་ཕྱེད་མི་ཚུགས་པ་བསྐྱེད་དེ། རིགས་ཀྱི་བུ་དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་སེམས་བསྐྱེད་པ་དེའི་མཐུས་བསྐལ་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཏུ་ཡིད་ཀྱི་དགུ་ལས་ཀྱང་འདོད་
པ་ལ་སྤྱད་པར་ཡང་མི་དྲན་ན། གཉིས་ཀྱིས་གཉིས་འདུ་བ་ལྟ་ཅི་སྨོས། རིགས་ཀྱི་བུ་དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་རང་གི་གཉེན་བཤེས་ལའང་ཁོང་ཁྲོ་བའི་སེམས་ཅིག་མ་བསྐྱེད་ན། དེ་མ་ཡིན་པའི་སེམས་ཅན་མ་ཉེས་པའི་གཞན་ལྟ་ཅི་སྨོས། དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་བདག་ཏུ་ལྟ་བ་དང་། ལྡན་པའི་སེམས་བསྐྱེད་པ་གཅིག་ཙམ་ཡང་བསྐྱེད་པར་མི་དྲན་ན། དེ་མ་ཡིན་པའི་ཡོ་བྱད་གཞན་ལ་བདག་གིར་བྱས་ཏེ། མངོན་པར་ཆགས་པ་ལྟ་ཅི་སྨོས། ཤི་འཕོ་བ་དང་མངལ་ན་གནས་པའི་ཚེའང་སེམས་རྨོངས་པའམ། འདུ་ཤེས་སྣ་ཚོགས་སམ། ལུང་དུ་མ་བསྟན་པའི་སེམས་ཀྱང་བྱུང་དུ་མི་དྲན་ན། ལེགས་པར་བསམས་ཤིང་གནས་པ་ལྟ་ཅི་སྨོས། བསྐལ་པ་དེ་སྙེད་ཅིག་ཏུ་སངས་རྒྱས་གཅིག་ཀྱང་ཆུང་ངུ་ན་རྨི་ལམ་དུ་མཐོང་བའི་རྣམ་པར་དམིགས་པར་ཡང་བརྗོད་དུ་མི་དྲན་ན། བྱང་ཆུབ་སེམས་དཔའི་མིག་བཅུས་མཐོང་བར་གྱུར་པ་ལྟ་ཅི་སྨོས། དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡང་དག་པར་འཛིན་ཀྱང་ཆུང་ངུ་ན་མྱིང་དུ་བྱ་བའི་རྣམ་པ་ཙམ་ཀྱི་ཆོས་ཀྱི་ཚིག་དང་། ཡི་གེ་གཅིག་ཀྱང་བརྗོད་པར་མི་དྲན་ན། དེ་བཞིན་གཤེགས་པའི་ཞལ་གྱི་མཛོད་ནས་བྱུང་བ་ལྟ་ཅི་སྨོས། དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་ཆོས་ཀྱི་རྒྱ་མཚོ་དེ་སྙེད་ཅིག་འཐུང་འཐུང་ཡང་། ཆུང་ངུ་ན་འཇིག་རྟེན་པའི་ཆོས་རྣམས་ལ། ཚིག་འགའ་འང་མ་བསམས་མ་བརྟགས་པར་མི་དྲན་ནོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་དེ་སྙེད་ཅིག་གི་ཆོས་ཀྱི་ཚུལ་རྒྱ་མཚོ་ལས་ཀྱང་། ཆུང་ངུ་ན་འཇིག་རྟེན་པའི་བཟོའི་རྒྱུས་དང་། ཚུལ་ཡང་རུང་སྟེ། ཆོས་ཀྱི་ཚུལ་ཀྱི་སྒོ་གང་ལ་ཡང་ཁོ་མོས་ཏིང་ངེ་འཛིན་མངོན་པར་མ་བསྒྲུབས་པ་དེ་ལྟ་བུ་མེད་དོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་དེ་བཞིན་གཤེགས་པ་དེ་སྙེད་ཀྱི་ཆོས་ཀྱི་འཁོར་ལོ་བཟུང་ཡང་ཇི་ལྟར་ཡོངས་སུ་བཟུང་བ་ལས་སེམས་ཅན་འདུལ་བའི་དབང་དུ་བྱ་བ་མ་གཏོགས་པར་ཆུང་ངུ་ན་རྗེས་སུ་བརྒྱུད་པའི་རྒྱུས་ཙམ་གྱི་ཚིག་དང་། ཡི་གེ་འགའ་ཡང་བོར་བར་མི་དྲན་ནོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་སངས་རྒྱས་རྒྱ་མཚོ་དེ་སྙེད་ཅིག་མཐོང་ཡང་ཆུང་ངུ་ན་སྤྲུལ་པའི་སངས་རྒྱས་ཀྱི་སྨོན་ལམ་
གྱི་རྒྱུད་ཀྱང་རུང་སྟེ། སྨོན་ལམ་འགའ་ཡང་ཁོ་མོས་སེམས་ཅན་རྒྱ་མཚོ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར། མངོན་པར་མ་བསྒྲུབས་པ་མེད་དོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་སངས་རྒྱས་རྒྱ་མཚོ་དེ་སྙེད་ཅིག་གི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་འགའ་ཙམ་ཡང་ཁོ་མོས་བདག་གི་སྤྱོད་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་མངོན་པར་མ་བསྒྲུབས་པ་དེ་ལྟ་བུ་མི་དྲན་ནོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་སེམས་ཅན་གང་ཁོ་མོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་བསྐུལ་བ་དེ་ལྟ་བུ་གཅིག་ཀྱང་མིག་ལམ་དུ་འོངས་པར་མི་དྲན་ནོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱ་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ཀྱང་མངོན་པར་བསྒྲུབས་སུ་མི་དྲན་ནོ། །རིགས་ཀྱི་བུ་དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་བསྐལ་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ལོན་ཡང་ཚིག་དང་། ཡི་གེ་འགའ་ལ་ཡང་ཐེ་ཙོམ་བསྐྱེད་པའམ། གཉིས་ཀྱིས་འདུ་ཤེས་སམ། རྣམ་པར་རྟོག་པའི་འདུ་ཤེས་སམ། སྣ་ཚོགས་ཀྱི་འདུ་ཤེས་སམ། རབ་ཀྱི་འདུ་ཤེས་སམ། བཟང་ངན་གྱི་འདུ་ཤེས་སམ། སྡུག་མི་སྡུག་གི་འདུ་ཤེས་བསྐྱེད་དུ་མི་དྲན་ནོ། །རིགས་ཀྱི་བུ་ཁོ་མོ་ནི་དེ་ཕྱིན་ཅད་དུ་སངས་རྒྱས་བྱུང་བ་དང་མ་བྲལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའ་རྣམས་དང་མ་བྲལ་ལོ། །ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་དང་མ་བྲལ་ལོ། །སངས་རྒྱས་ཀྱི་སྨོན་ལམ་ཐོས་པ་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོས་པ་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐོས་པ་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའི་སའི་ཡེ་ཤེས་སྣང་བའི་ཚུལ་ཐོས་པ་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའི་གཟུངས་དང་ཏིང་ངེ་འཛིན་མི་ཟད་པའི་མཛོད་དང་། གཏེར་ཐོས་པ་ཐོབ་པ་དང་མ་བྲལ་ལོ་མཐའ་དང་དབུས་མེད་
པའི་འཇིག་རྟེན་གྱི་ཁམས་ཀྱི་དྲ་བ་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བའི་ཚུལ་ཐོས་པ་དང་མ་བྲལ་ལོ། །མཐའ་དང་དབུས་མེད་པའི་སེམས་ཅན་གྱི་ཁམས་འབྱུང་བའི་རྒྱུ་ཐོས་པ་ཐོབ་པ་དང་མ་བྲལ་ལོ། །འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་དྲ་བའི་དཀྱིལ་འཁོར་ཡོངས་སུ་ཟད་པར་བྱ་བའི་ཡེ་ཤེས་སྣང་བ་དང་མ་བྲལ་ལོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་འབྱུང་བའི་རྒྱུའི་ཡེ་ཤེས་ཐོབ་པ་དང་མ་བྲལ་ལོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ལུས་ཡོངས་སུ་སྟོན་པ་དང་མ་བྲལ་ལོ། །སེམས་ཅན་ཐམས་ཅད་ཀྱི་ཤེས་པར་བྱེད་པའི་དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་དང་མ་བྲལ་ལོ། །རིགས་ཀྱི་བུ་ཁོ་མོ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་འདི་དང་། ཆོས་ཐམས་ཅད་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་གྱི་ཏིང་ངེ་འཛིན་གྱི་སྒོ་འདི་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་ཡི་དམ་ལ་བརྟན་པ་འདི་རྣམ་པར་ཕྱེ་བ་དང་། གཟུངས་ཀྱི་སྒོ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་འདི་དང་། སྤོབས་པའི་ཡེ་ཤེས་སྣང་བའི་སྒོ་ཆོས་ཀྱི་གཞི་ཐམས་ཅད་སྣང་བར་བརྗོད་པ་འདི་རྣམ་པར་ཕྱེ་བ་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡོད་ན་རིགས་ཀྱི་བུ་ཁྱོད་མངོན་སུམ་དུ་བལྟ་བར་འདོང་ངམ། སྨྲས་པ། འཕགས་མ་འཚལ་ལོ། །དེ་ནས་དགེ་བསྙེན་མ་མི་གཡོ་བ་དེ་ན་དེ་ལྟར་འདུག་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་ལ་སྩོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་ལ་སྩོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་དོན་ཡོད་པའི་དཀྱིལ་འཁོར་གྱི་རྒྱན་ལ་སྩོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་སྟོབས་བཅུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་འགྱུར་བ་ལ་སྩོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་སངས་རྒྱས་ཀྱི་རིགས་མི་ཟད་པའི་མཛོད་ལ་སྩོགས་པ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་ཕྲག་བཅུ་ལ་རྣམ་པར་བལྟ་བ་དང་། རྣམ་པར་དཔྱད་པ་དང་། རྗེས་སུ་འཇུག་པ་དང་། ངེས་པར་རྟོགས་པར་བྱས་སོ། །དེ་ལྟར་དགེ་བསྙེན་མ་མི་གཡོ་བ་སྙོམས་པར་ཞུགས་མ་ཐག་ཏུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་
སྙེད་རྣམ་པ་དྲུག་དུ་གཡོས་པ་དང་། བཻ་ཌཱུརྱ་ཡོངས་སུ་དག་པའི་རྒྱུ་ལས་གྱུར་པར་གནས་པར་མཐོང་ངོ་། །འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་བརྒྱ་ན། དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་བརྒྱ་བཞུགས་པར་མཐོང་སྟེ། ལ་ལ་ནི་དགའ་ལྡན་གྱི་གནས་ན་བཞུགས་པ་ནས། ལ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མཛད་པའི་བར་དུའང་མཐོང་ངོ་། །དེ་ཡང་འཇིག་རྟེན་གྱི་ཁམས་བཻ་དཱུ་རྱའི་རང་བཞིན་དེ་དག་ཡོངས་སུ་དག་ཅིང་སྒྲིབ་པ་མེད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་དེ་དག་སོ་སོ་ནས་འོད་ཟེར་དང་། འོད་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱས་པར་ཁྱབ་པ་མངའ་བ་དང་། དེ་བཞིན་གཤེགས་པ་དེ་དག་སོ་སོའི་འཁོར་གྱི་དཀྱིལ་འཁོར་ཤིན་ཏུ་རྣམ་པར་ཕྱེ་བ་རྒྱ་མཚོ་ཡང་མཐོང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་རེ་རེའི་གསུང་གི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་ཐམས་ཅད་བརྗོད་པ་སེམས་ཅན་ཐམས་ཅད་ཀྱི་རྣ་ལམ་དུ་རྣམ་པར་གྲགས་པའང་ཐོས་པར་གྱུར་ཏོ། །དེ་ནས་དགེ་བསྙེན་མ་མི་གཡོ་བ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་མཐོང་ངམ། ཐོས་སམ་ཤེས་སམ། སྨྲས་པ་འཕགས་མ་མཐོང་ངོ་། །ཐོས་སོ་རིག་གོ །རིགས་ཀྱི་བུ་ཁོ་མོ་ནི་དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡི་དམ་བརྟན་པ་ལ་སློབ་ཅིང་། ཆོས་ཐམས་ཅད་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་ལ་གནས་ནས། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སའི་གཟུངས་ཁོང་དུ་ཆུད་པ་དང་། སྤོབས་པའི་ཡེ་ཤེས་སྣང་བ་ཆོས་ཀྱི་གཞི་ཐམས་ཅད་སྣང་བ་བརྗོད་པ་ལ་མཁས་པའི་ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པར་ཟད་ན་ཁོ་མོས་བྱང་ཆུབ་སེམས་དཔའ་ཡོན་ཏན་ཚད་མེད་བསམ་གྱིས་མྱི་ཁྱབ་པ་དང་ལྡན་པ་ནམ་མཁའི་དབྱིངས་ལ་འདབ་ཆགས་ཁྱུ་མཆོག་འཁོད་པ་ལྟར་གནས་མེད་པར་སྤྱོད་པ། ནམ་མཁའ་ལྡིང་གི་དབང་པོ་ཆེན་པོ་ལྟར་ཡོངས་སུ་སྨིན་པའི་
བྱང་ཆུབ་སེམས་དཔའ་གདོན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རྒྱ་མཚོ་ལ་འཇུག་པ་ཚོང་པ་ལྟར་སྟོབས་བཅུའི་ཡེ་ཤེས་རིན་པོ་ཆེ་མངོན་པར་འདོད་ཅིང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེའི་གླིང་དུ་རྒྱུ་བ། མཐུ་དང་ལྡན་པའི་ཉ་བ་ལྟར། ཡིད་དུ་འོང་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་རྒྱ་དང་ལྡན་པའི་ལག་པས་སྲེད་པའི་ཆུ་ལས་བྱུང་བའི་སེམས་ཅན་ཡོངས་སུ་སྨིན་པར་མངོན་པར་གདོན་པའི་ཕྱིར། ཆོས་ཀྱི་རྒྱ་མཚོ་ལ་རྣམ་པར་རྒྱུ་བ། ལྷའི་དབང་པོ་ལྟར་ཉོན་མོངས་པའི་ལྷ་མ་ཡིན་གྱི་གཡུལ་ཆེན་པོ་རྟུལ་བ་བཟློག་པའི་ཕྱིར། ཁམས་གསུམ་གྱི་གནས་ཡོངས་སུ་བཀང་ཞིང་རྣམ་པར་རྒྱུ་བ་ཉི་མའི་དཀྱིལ་འཁོར་ལྟར་སེམས་ཅན་གྱི་སྲེད་པའི་ཆུ་དང་། ཉོན་མོངས་པའི་འདམ་ཤིན་ཏུ་བསྐམ་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ནམ་མཁའི་དབྱིངས་ལ་ཡང་དག་པར་འཕགས་པ་ཟླ་བ་ཉ་ཞིང་རྒྱས་པ་ལྟར་འདུལ་བའི་ཡིད་ཀྱི་མེ་ཏོག་ཀུ་མུ་ཏ་རྣམ་པར་ཁ་དབྱེ་བའི་ཕྱིར། ཡེ་ཤེས་ཀྱི་ནམ་མཁའ་ལ་མངོན་པར་ཤར་བ། སའི་གཞི་ལྟར་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་དབང་པོའི་མྱུ་གུ་བསྐྱེད་ཅིང་། རྣམ་པར་སྤེལ་བའི་ཕྱིར་བྱམས་མི་བྱམས་དང་། མཐོན་དམན་མེད་པར་འཇིག་རྟེན་ན་མཉམ་པར་གནས་པ་རླུང་མར་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། ལྟ་བའི་ཤིང་དང་ཤིང་ཕྲན་གྱི་ནགས་ཚལ་དང་། ཀུན་དགའ་རྩ་བ་ནས་གདོན་པའི་ཕྱིར་ཆགས་པ་མེད་པར་ཕྱོགས་ཐམས་ཅད་ཏུ་རྣམ་པར་རྒྱུ་བ། འཁོར་ལོས་སྒྱུར་བ་ལྟར་བསྡུ་བའི་དངོས་པོའི་ཡོ་བྱད་དང་། རྐྱེན་གྱིས་འགྲོ་བ་ཐམས་ཅད་ཡོངས་སུ་བསྡུ་བའི་ཕྱིར། འཇིག་རྟེན་ན་རྣམ་པར་སྤྱོད་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཡུལ་དགའ་འཛིན་ཚད་མེད་པ་ན། གྲོང་ཁྱེར་དགའ་བ་འཛིན་པ་ཞེས་བྱ་བ་ཡོད་དེ། དེ་ན་ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་བསྙེན་
མ་མི་གཡོ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏོ། །དགེ་བསྙེན་མ་མི་གཡོ་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། དགེ་བསྙེན་མ་མི་གཡོ་བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བསྙེན་མ་མི་གཡོ་བ་མངོན་དུ་བྱས་ཏེ། དགེ་བསྙེན་མ་མི་གཡོ་བའི་གདམས་ངག་རྗེས་སུ་དྲན་པར་བྱེད་ཅིང་། དགེ་བསྙེན་མ་མི་གཡོ་བས་བསྟན་པ་དང་། ཡང་དག་པར་བསྟན་པ་དང་། བསྒྲགས་པ་དང་། བཤད་པ་དང་། བརྗོད་པ་དང་། ཡང་དག་པར་བརྗོད་པ་དང་། གཞག་པ་དང་། རྣམ་པར་ཕྱེ་བ་དང་། སྨོས་པ་དང་། རྒྱ་ཆེར་བསྟན་པ་དེ་དག་ཐམས་ཅད་ལ་གདོན་མི་ཟ་བར་ཡིད་ཆེས་ཤིང་རྗེས་སུ་འབྲང་བར་བྱ་བ་དང་། རྗེས་སུ་བསམ་པ་དང་། ཁོང་དུ་ཆུད་པར་བྱ་བ་དང་། སྒོམ་པ་དང་། ཡོངས་སུ་བསྒོམ་པ་དང་། གཞན་དུ་མི་འགྱུར་བ་དང་། རྟོགས་པར་བྱ་བ་དང་། སྣང་བར་བྱ་བ་དང་། མཉམ་པར་བྱ་བ་མྱེད་ཅིང་། མཐར་གྱིས་གནས་ནས་གནས་དང་ཡུལ་ནས་ཡུལ་དུ་རྒྱུ་སྟེ། རྒྱུ་ཞིང་སོང་སོང་ནས་ཡུལ་དགའ་འཛིན་ཚད་མེད་པ་གང་ན་བ་དེར་ཕྱིན་ནས། གྲོང་ཁྱེར་དགའ་བ་འཛིན་པ་རྨེད་ཅིང་ཚོལ་ཚོལ་ཏེ། ཉི་མ་ནུབ་ཏུ་ཆ་བ་ཞིག་ན་གྲོང་ཁྱེར་དགའ་བ་འཛིན་པར་ཕྱིན་ནས། གྲོང་ཁྱེར་དགའ་བ་འཛིན་པའི་ནང་དུ་སོང་སྟེ། གྲོང་ཁྱེར་གྱི་ལམ་གྱི་བཞི་མདོའི་དབུས་ཤིག་ཏུ་ཕྱིན་ནས་སྲང་གི་སྒོ་ནས། སྲང་གི་སྒོ་དང་ལམ་གྱི་བཞི་མདོ་ནས་ལམ་གྱི་བཞི་མདོ་དང་། གྲོང་ཕྲག་ནས་གྲོང་ཕྲག་ཏུ་ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་ཚོལ་ཞིང་རྨེད་རྨེད་པ་དང་། མཚན་མོ་མི་ཉལ་ཙམ་ཞིག་ན་གྲོང་ཁྱེར་དགའ་བ་འཛིན་པའི་བྱང་ཕྱོགས་ལོགས་ན། རི་ཤིན་ཏུ་མོད་པ་ཞེས་བྱ་བ་ཞིག་ཡོད་པ་དེའི་རྩེ་མོ་རྩྭ་དང་གེལ་པ་དང་། སྨན་སྣ་ཚོགས་དགའ་དགའ་ལྟར་སྐྱེས་པས་བརྒྱན་པ་འོད་ཆེན་པོ་དང་ལྡན་པ་ལ་ཉི་མ་ཤར་བ་ལྟ་བུར་གནས་པ་མཐོང་ངོ་། །དེས་སྣང་བ་དེ་མཐོང་ནས་དགའ་བའི་ཤུགས་ཆེན་པོ་སྐྱེས་ཏེ་འདི་སྙམ་དུ་བསམས་སོ། །བདག་གི་དགེ་བའི་བཤེས་གཉེན་རིའི་རྩེ་མོ་འདི་ལ་གདོན་མི་ཟ་བར་མཐོང་བར་འགྱུར་བ་ལྟ་ཞིག་སྙམ་ནས། གྲོང་ཁྱེར་དེ་ནས་བྱུང་སྟེ། རི་ཤིན་དུ་
མོད་པ་གང་ན་བ་དེར་ཕྱིན་པ་དང་། རི་ཤིན་ཏུ་མོད་པ་དེ་ལ་འཛེགས་ནས། རིའི་རྩེ་མོ་སྣང་བ་ཆེན་པོ་ཅན་གང་ན་བ་དེར་ཕྱིན་པ་དང་། རྒྱང་རིང་པོ་ཞིག་ནས་ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་ཚངས་པ་ཆེན་པོ་བས་ཀྱང་ལྷག་པའི་ཁ་དོག་དང་ལྡན་པ་དཔལ་གྱིས་ཤིན་ཏུ་འབར་བ་ཞིག་ཚངས་པ་སྟོང་ཕྲག་བཅུས་ཀུན་ནས་བསྐོར་ཏེ། འཆགས་ནས་འཆག་ཅིང་འདུག་པ་མཐོང་ནས། དེའི་དྲུང་དུ་ཕྱིན་ཏེ། རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། དེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། སྨྲས་པ་རིགས་ཀྱི་བུ་དེ་ལྟར་ཁྱོད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ལེགས་སོ། །ལེགས་སོ་རིགས་ཀྱི་བུ་ཁོ་བོ་ནི་ཐམས་ཅད་དུ་འགྲོ་བ་སྟེ། ཐམས་ཅད་ཀྱི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའོ། །སྒོ་ཐམས་ཅད་དུ་རྣམ་པར་སྤྱོད་པས་སྣང་བའི་ཏིང་ངེ་འཛིན་གྱི་སྒོ་དང་། དངོས་པོ་མེད་པ་ལ་གནས་པས། མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་དང་། ཆོས་ཀྱི་དབྱིངས་ཀུན་གྱི་གཞིར་ཐུག་པར་ཐལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སྣང་བའི་སྒོ་དང་ལྡན་པའོ། །རིགས་ཀྱི་བུ་དེ་ལྟར་ཁོ་བོ་ནི་སེམས་ཅན་གྱི་སྣོད་ཀྱི་འཇིག་རྟེན་གྱི་རྒྱུད་ཐམས་ཅད་དང་། སེམས་ཅན་གྱི་ལམ་གྱི་རྒྱུད་ཐམས་ཅད་དང་། སེམས་ཅན་གྱི་ཤི་འཕོ་བའི་སྒོ་ཐམས་ཅད་དང་། སེམས་ཅན་གྱི་སྐྱེ་བའི་སྒོ་ཐམས་ཅད་དང་། སྲིད་པའི་ལམ་གྱི་རྒྱུད་ཐ་དད་པ་ཐམས་ཅད་དང་། སྐྱེ་བའི་སྐྱེ་མཆེད་སྣ་ཚོགས་ཀྱི་འཇིག་རྟེན་གྱི་གནས་རྣམ་པ་ཐ་དད་པ་དག་
གི་སེམས་ཅན་ཁ་དོག་དང་། དབྱིབས་དང་། ཆུ་ཞེང་རྣམ་པ་སྣ་ཚོགས་དང་ལྡན་པ། སྐྱེ་བ་ཀུན་ཏུ་འབྲེལ་པ། རྣམ་པ་སྣ་ཚོགས་དང་ལྡན་པ། སྦྱོར་བ་སྣ་ཚོགས་དང་ལྡན་པ། མོས་པ་སྣ་ཚོགས་ཅན་འདི་ལྟ་སྟེ་ལྷའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། ཀླུའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། གནོད་སྦྱིན་གྱི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། དྲི་ཟའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། ལྷ་མ་ཡིན་གྱི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། ནམ་མཁའ་ལྡིང་གི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། མིའམ་ཅིའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། ལྟོ་འཕྱེ་ཆེན་པོའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། སེམས་ཅན་དམྱལ་བའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། མིའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། མི་མ་ཡིན་པའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། ལྟ་བའི་རྣམ་པ་སྣ་ཚོགས་ལ་གནས་པ་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ཀྱི་དོན་ཐབས་སྣ་ཚོགས་དང་། ཡེ་ཤེས་ཀྱི་ཚུལ་དང་སྦྱོར་བ་སྣ་ཚོགས་ཀྱིས་བྱེད་དེ། འདི་ལྟར་སེམས་ཅན་ལ་ལ་ལ་ནི་བཟོའི་རྒྱུས་ཐ་དད་པ་ཐམས་ཅད་དང་ལྡན་པའི་གཟུགས་སྣང་བས་འཇིག་རྟེན་གྱི་བཟོ་སྣ་ཚོགས་བསླབས་ཤིང་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྟབས་པའི་ཕྱིར་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་བསྡུ་བའི་ཐབས་ཀྱིས་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་ཡེ་ཤེས་ཀྱི་སྒོ་སྣང་བ་ཡོངས་སུ་བསྐྱེད་པས་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བརྗོད་ཅིང་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ས་བོན་ཆུད་མི་ཟ་བར་བརྟན་ཅིང་ཡོངས་སུ་བསྐྱེད་པས། བྱང་ཆུབ་སེམས་དཔའི་སེམས་ཡོངས་སུ་བརྗོད་ཅིང་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་
བའི་སྨོན་ལམ་ཡོངས་སུ་བསྐྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་བརྗོད་པས་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། ངན་དུ་སྤྱོད་པའི་རྣམ་པར་སྨིན་པ་དང་། མཐུན་པའི་རྒྱུས་སེམས་ཅན་དམྱལ་བའི་ལམ་གྱི་རྒྱུད་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་ཡོངས་སུ་བསྟན་པས། སྐྱོ་བ་ཡོངས་སུ་བསྐྱེད་ཅིང་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་ཡོན་ཏན་ཐམས་ཅད་ནི་གདོན་མི་ཟ་བར་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུའི་མཐར་ཐུག་པར་འགྱུར་བར་བརྗོད་པས། དགའ་བ་ཆེན་པོ་བསྐྱེད་ཅིང་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཡོན་ཏན་དང་སྐུ་ལ་མངོན་པར་མོས་པས་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་འདེབས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དང་། བསྔགས་པ་ཡང་དག་པར་བརྗོད་པས་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། མི་ཟློགས་ཤིང་ལྷུན་གྱིས་གྲུབ་པ་དང་། རྒྱུན་ཆད་པ་མེད་པར་སངས་རྒྱས་ཀྱི་ཕྲིན་ལས་ནན་ཏན་དུ་མཛད་པའི་མཐུ་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་འཐོབ་པར་མོས་པ་བསྐྱེད་པའི་ཕྱིར། སངས་རྒྱས་ཀྱི་བདག་ཉིད་ཆེ་བ་བརྗོད་པས་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། ཚུར་ཟིལ་གྱིས་གནོན་ལ་ཕར་ཟིལ་གྱིས་མི་གནོན་པའི་སངས་རྒྱས་ཀྱི་སྐུ་ཕུན་སུམ་ཚོགས་པ་འཐོབ་པར་མོས་པ་བསྐྱེད་པའི་ཕྱིར། སངས་རྒྱས་ཀྱི་མངའ་ཆེན་པོ་ཡོངས་སུ་བརྗོད་ཅིང་དོན་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཁོ་བོ་ནི་གྲོང་ཁྱེར་དགའ་བ་འཛིན་པ་འདིའི་བཞི་མདོའི་ཕོངས་ཐམས་ཅད་དང་། སྲང་ཐམས་ཅད་དང་། ལམ་གྱི་སུམ་མདོ་ཐམས་ཅད་དང་། གྲོང་མཚམས་ཐམས་ཅད་དང་། ཁྱིམ་ཐམས་ཅད་དང་། མཐུན་པར་འདུས་པའི་རྡལ་ཐམས་ཅད་དང་གྲོང་ཐམས་ཅད་དང་། གྲོང་གི་རྒྱུད་ཐམས་ཅད་དུ་རྣམ་པ་ཇི་ལྟར་ཚོགས་ཤིང་འདུས་པའི་བུད་མེད་དང་། སྐྱེས་པ་དང་ཁྱེའུ་དང་བུ་མོ་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང་། སྦྱོར་བ་ཇི་ལྟ་བ་དང་། མཐུ་ཇི་ལྟ་བ་དང་། རྣམ་པར་སྤྱོད་པ་ཇི་ལྟ་བ་བཞིན་དུ་དེ་དག་དང་། མཐུན་པའི་ལུས་ཀྱི་ཆུ་ཞེང་དང་དབྱིབས་མངོན་
པར་བསྒྲུབས་ཤིང་། ཆོས་སྟོན་ཀྱང་། སེམས་ཅན་དེ་དག་གིས་དེ་སུས་བསྟན་པ་དང་། དེ་ག་ལས་འོངས་པ་མི་ཤེས་ཏེ། གཞན་དུ་ན་ཐོས་ནས་མ་ནོར་བར་ནན་ཏན་དུ་བྱེད་པ་ནི་མེད་པའང་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་འཛམ་བུའི་གླིང་འདི་ན། ཞགས་པ་འཐུབ་པ་ལྟ་བ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པ། དགུ་བཅུ་རྩ་དྲུག་འཁོད་པ་དེ་དག་ཐམས་ཅད་ཀྱི་ནང་དུ་ཡང་སེམས་ཅན་ལྟ་བའི་རྣམ་པ་སྣ་ཚོགས་ལ་ཆགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐམས་ཅད་དང་མཐུན་པར་གནས་ཏེ། རིགས་ཀྱི་བུ་ཅི་ལྟར་ཁོ་བོ་གྲོང་ཁྱེར་དགའ་བ་འཛིན་པ་འདི་ན་སེམས་ཅན་གྱི་དོན་བྱེད་ཅིང་འདུག་པ་དེ་བཞིན་དུ་འཛམ་བུའི་གླིང་གི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་དང་། ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ན་ཡང་སེམས་ཅན་གྱི་དོན་བྱེད་དོ། །འཛམ་བུའི་གླིང་ན་ཇི་ལྟ་བ་དེ་བཞིན་དུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། དེ་བཞིན་དུ་སྟོང་དང་སྟོང་གཉིས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སེམས་ཅན་གྱི་རྟེན་དུ་བྱ་བ་ཐམས་ཅད་དང་། སེམས་ཅན་གྱི་གནས་སུ་བྱ་བ་ཐམས་ཅད་དང་། སེམས་ཅན་གྱི་གཞིར་བྱ་བ་ཐམས་ཅད་དང་། སེམས་ཅན་གྱི་ཁམས་སུ་བྱ་བའི་མིང་དུ་གཏོགས་པ་ཐམས་ཅད་དང་། སེམས་ཅན་ཡོངས་སུ་རྒྱུ་བ་ཐམས་ཅད་དང་། སེམས་ཅན་ཡོངས་སུ་འདུ་བ་ཐམས་ཅད་དང་། སེམས་ཅན་རྒྱ་མཚོ་ན་གནས་པ་ཐམས་ཅད་དང་། སེམས་ཅན་གྱི་རྒྱུད་གནས་པ་ཐམས་ཅད་དང་། སེམས་ཅན་གྱི་ཕྱོགས་སུ་བྱ་བ་ཐམས་ཅད་དང་། སེམས་ཅན་གྱི་ཕྱོགས་མཚམས་སུ་བྱ་བ་ཐམས་ཅད་དང་། སེམས་ཅན་སྤྱོད་པའི་གནས་ཐམས་ཅད་དུའང་། ཐབས་སྣ་ཚོགས་དང་། ཚུལ་སྣ་ཚོགས་དང་། སྒོ་སྣ་ཚོགས་དང་། རིགས་པ་སྣ་ཚོགས་དང་། འཕྲད་པ་སྣ་ཚོགས་དང་། ཐབས་ཀྱི་ཚུལ་སྣ་ཚོགས་དང་། བྱ་བ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །གཟུགས་དང་ཁ་དོག་སྣ་ཚོགས་ཡོངས་སུ་བསྟན་ཅིང་མོས་པར་བྱ་བ་དང་། ཚིག་གི་ལམ་སྣ་ཚོགས་བརྗོད་པས་ཀྱང་སེམས་ཅན་རྣམས་ཀྱི་
དོན་བྱེད་དོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་དང་། མཉམ་པའི་ལུས་དང་ལྡན་པ་བདག་དང་། སེམས་ཅན་གྱི་ལུས་སུ་ཐ་མི་དད་པའི་ཏིང་ངེ་འཛིན་ཐོབ་པ། འཕྲུལ་པའི་འཁོར་ལོ་རྒྱ་ཆེན་པོས་སྲིད་པའི་ལམ་གྱི་རྒྱུད་ཐམས་ཅད་དུ་ཁྱབ་པ། འཇིག་རྟེན་གྱི་སྐྱེ་བ་ཐམས་ཅད་རང་གི་ལུས་ལ་རྗེས་སུ་སྤྱོད་པ། འགྲོ་བ་ཐམས་ཅད་ཀྱིས་ལྟ་ན་དགའ་ཞིང་ཡིད་དུ་འོང་བའི་སྤྲུལ་པའི་འཁོར་ལོ་ལ་བརྩོན་པ། འགྲོ་བ་ཐམས་ཅད་ཀྱི་རིགས་དང་རྒྱུད་དང་ཚེར་སྐྱེ་བ་རབ་ཏུ་སྟོན་པ། བསྐལ་པ་ཐམས་ཅད་དུ་གནས་པ་ལ་ཐོགས་པ་མེད་པའི་སྨོན་ལམ་གྱི་འཁོར་ལོ་དང་ལྡན་པ། མིག་འཕྲུལ་ལྟ་བུའི་སྤྱོད་པ་རྣམ་པར་ཕྱེ་བའི་སྣང་བ་རབ་ཏུ་ཐོབ་པ། འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་ཀྱང་། གོས་པ་མེད་པར་གནས་པ་ལ་བརྩོན་པ། དུས་གསུམ་གྱི་འགྲོ་བའི་དབྱིངས་མཉམ་པ་ཉིད་ཁོང་དུ་ཆུད་པ། ཡེ་ཤེས་ཀྱི་དབྱིངས་བདག་མེད་པ་དང་ལྡན་པས། སྣང་བར་བྱས་པའི་སྙིང་རྗེ་ཆེན་པོ་མཐའ་ཡས་པའི་སྙིང་པོ་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྐྱེད་པ་ལ་མངོན་པར་བརྩོན་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་ཁམས་ཆེན་པོ་ཞེས་བྱ་བ་ཡོད་དེ། དེ་ན་སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུཏ་པ་ལ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལུས་དང་སྲོག་ལ་ནི་མི་ལྟ། སྲིད་པའི་ལོངས་སྤྱོད་དང་ཡོངས་སུ་ཟིན་པ་དང་། ཉེ་བར་བླངས་པ་ལ་མངོན་པར་ཆགས་པའི་གནས་ཐམས་ཅད་ལ་ནི་མི་ལྟ་སེམས་ཅན་གྱི་ཡུལ་གྱི་དགའ་བ་ཐམས་ཅད་ལ་ནི་མི་ལྟ།
གཟུགས་དང་སྒྲ་དང་དྲི་དང་། བྲོ་དང་། རེག་བྱ་ཐམས་ཅད་ལ་ནི་མི་ལྟ། གཡོག་འཁོར་དང་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཐམས་ཅད་ལ་ནི་མི་ལྟ་སྟེ། རྒྱལ་སྲིད་དང་དབང་ཕྱུག་གི་དབང་གི་བདེ་བ་ཐམས་ཅད་ལ་ནི་མི་ལྟ་ལ་སངས་རྒྱས་ཀྱི་ཞིང་བླ་ན་མེད་པར་ཡོངས་སུ་དག་པ་མངོན་པར་བསྒྲུབས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་དང་ཡོངས་སུ་དག་པར་བྱ་བ་ལ་ལྟ་བ། མཆོད་པ་དང་བསྙེན་བཀུར་བ་དང་། རིམ་གྲོ་བྱ་བས་མི་ངོམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་བ་དང་། རང་བཞིན་མེད་པ་ཡོངས་སུ་ཤེས་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ལ་བལྟ་བ་ཡོན་ཏན་རྒྱ་མཚོ་ཐམས་ཅད་ཀྱི་དོན་དུ་ནན་ཏན་བྱ་བ་ལས་ཉམ་པ་མེད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ལ་བལྟ་བ་དང་། བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་གནས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ཆེན་པོ་ལ་ལྟ་བ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་དུ་འཇུག་པར་བྱ་བ་ལ་ལྟ་བ། ཏིང་ངེ་འཛིན་གྱི་སྒོ་རེ་རེར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་པ་ཐམས་ཅད་གཟུང་བ་ལ་རྣམ་པར་འཕྲུལ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་ལྟ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བཟུང་བས་མི་ངོམས་པར་བྱ་བའི་ཕྱིར། ཆོས་ཀྱི་ཡེ་ཤེས་སྣང་བའི་འཁོར་ལོ་ཐམས་ཅད་ལ་ལྟ་བ། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་དག་དང་། གཞན་དག་ཀྱང་དགེ་བའི་བཤེས་གཉེན་ལས་འབྱུང་བ་སྟེ། དགེ་བའི་བཤེས་གཉེན་ནི་དེ་དག་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་པར་ཡང་དག་པར་ལྟ་ཞིང་མཐར་གྱིས་ཡུལ་ཁམས་ཆེན་པོ་གང་ན་བ་དེར་ཕྱིན་ནས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་
ཨུད་པ་ལ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས་མཐོང་ནས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལ་གང་ན་བ་དེར་ཕྱིན་ཏེ། དྲུང་དུ་སོང་ནས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུཏ་པ་ལ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལའི་མདུན་དུ་འདུག་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་སངས་རྒྱས་ཐམས་ཅད་དང་མཉམ་པའི་ཡེ་ཤེས་འཚལ་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བགྱི་བར་ཡང་དགའ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པར་བགྱི་བར་ཡང་དགའ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡོངས་སུ་འཚལ་བར་བགྱི་བར་ཡང་དགའ། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་དག་པར་བགྱི་བར་ཡང་དགའ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཐམས་ཅད་སྣང་བར་བགྱིད་པར་ཡང་དགའ། བྱང་ཆུབ་སེམས་དཔའི་གཟུངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་བརྟེན་པར་ཡང་དགའ། སྒྲིབ་པའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་གཏོར་བར་ཡང་དགའ། ཞིང་གི་དཀྱིལ་འཁོར་ཐམས་ཅད་དུ་རྣམ་པར་རྒྱུ་བར་ཡང་འཚལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱིས་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བར་མ་འཚལ་ཏོ། །སྨྲས་པ་རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁོ་བོ་ནི་སྤོས་ཐམས་ཅད་ཤེས་ཏེ། སྤོས་སྦྱར་བ་ཐམས་ཅད་དང་། བདུག་སྤོས་ཐམས་ཅད་དང་། བདུག་སྤོས་སྦྱར་བ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། བྱུག་པ་སྦྱར་བ་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་དང་། ཕྱེ་མ་སྦྱར་བ་ཐམས་ཅད་དང་། སྤོས་དང་། བྱུག་པ་དང་། ཕྱེ་མའི་རྣམ་པ་ཐམས་ཅད་ཀྱང་ཤེས་
ཏེ། ལྷའི་སྤོས་ཀྱང་ཤེས་སོ། །ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་སྤོས་ཀྱང་ཤེས་སོ། །ནད་གསོ་བའི་སྤོས་དང་། ཡིད་མི་བདེ་བ་བསྩལ་བའི་སྤོས་དང་། འཇིག་རྟེན་གྱི་དགའ་བ་ཡོངས་སུ་བསྐྱེད་པའི་སྤོས་དང་། ཉོན་མོངས་པ་འབར་བར་བྱ་བའི་སྤོས་དང་། ཉོན་མོངས་པ་ཞི་བར་བྱ་བའི་སྤོས་དང་། འདུས་བྱས་ཀྱི་དགའ་བ་དང་། བདེ་བ་སྣ་ཚོགས་ཡོངས་སུ་བསྐྱེད་པའི་སྤོས་དང་། འདུས་བྱས་ཐམས་ཅད་ལས་སྐྱོ་བ་ཡོངས་སུ་བསྐྱེད་པའི་སྤོས་དང་། བག་བྱ་བའི་གནས་ཐམས་ཅད་སེལ་བའི་སྤོས་དང་། སངས་རྒྱས་ཡིད་ལ་བྱ་བའི་རྒྱུད་ཡང་དག་པར་འབྱུང་བའི་སྤོས་དང་། ཆོས་ཀྱི་ཚུལ་ཁོང་དུ་ཆུད་པར་བྱ་བའི་སྤོས་དང་། འཕགས་པས་སྤྱད་པའི་སྤོས་དང་། བྱང་ཆུབ་སེམས་དཔའི་སྤོས་རྣམ་པ་ཐ་དད་པ་དང་། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་རྣམ་པར་དགོད་པའི་སྤོས་ཀྱང་ཤེས་ཏེ། ཁོ་བོས་སྤོས་དེ་དག་ཐམས་ཅད་རྣམ་པ་ཇི་ལྟ་བུའང་རབ་ཏུ་ཤེས་སོ། །འབྱུང་བ་དང་། སྐྱེ་བ་དང་། འགྲུབ་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་སྤང་བ་དང་། རབ་ཏུ་སྦྱར་བ་དང་། ཡོངས་སུ་སྤྱད་པ་དང་། ཡུལ་དང་མཐུ་དང་ལས་དང་རྒྱུ་ཡང་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་མིའི་འཇིག་རྟེན་ན་སྤོས་གླང་པོའི་སྙིང་པོ་ཞེས་བྱ་བ། ཀླུ་ཡོངས་སུ་འཁྲུག་པར་བྱེད་པ་ཡོད་དེ། དེའི་རི་ལུ་ཏིལ་གྱི་འབྲུ་ཙམ་གྱིས་ཀྱང་ཡུལ་ཁམས་ཆེན་པོ་ཐམས་ཅད་སྤོས་ཀྱི་སྤྲིན་གྱི་དྲ་བ་ཤིན་ཏུ་སྟུག་པས་ཀུན་ནས་ཁེབས་པར་གྱུར་ཏེ། ཞག་བདུན་དུ་སྤོས་ཆུའི་རྒྱུན་ཤིན་ཏུ་ཕྲ་བའི་ཆར་མངོན་པར་འབབ་བོ། །དེའི་ཚེ་སེམས་ཅན་སུའི་ལུས་སམ་གོས་ལ་སྤོས་ཆུའི་རྒྱུན་དེ་དག་གིས་བབ་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་མེ་ཏོག་གསེར་གྱི་ཁ་དོག་དུ་འདུག་པས་རྣམ་པར་བརྒྱན་པའི་གོས་དང་ལུས་སུ་འགྱུར་རོ། །ཁང་པ་དང་གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་གང་དུ་བབ་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་མེ་ཏོག་གསེར་གྱི་ཁ་དོག་ལྟ་བུར་རྣམ་པར་བརྒྱན་པར་གནས་སོ། །སེམས་
ཅན་ཁྱིམ་གྱི་ནང་ན་གནས་པ་གང་གིས་སྤོས་ཀྱི་སྤྲིན་གྱི་དྲ་བ་དེ་ལ་རླུང་གིས་མངད་པའི་དྲི་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་ཞག་བདུན་དུ་དགའ་བ་དང་། མོས་པ་ཆེན་པོས་ཡོངས་སུ་རྒྱས་པར་འགྱུར་ཏེ། ལུས་དང་སེམས་ལ་བདེ་བ་དང་དགའ་བ་སྣ་ཚོགས་ཀྱང་རབ་ཏུ་མྱོང་བར་འགྱུར་རོ། །དེ་དག་གི་ལུས་ལ་ཡང་ཁམས་འཁྲུག་པ་ལས་གྱུར་པའམ། གཞན་གྱིས་གནོད་པར་བྱ་བ་ལས་གྱུར་པའི་ནད་ཀྱང་འབྱུང་བར་འགྱུར་བ་མེད་དོ། །སེམས་ཀྱི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཡང་མི་འབྱུང་ངོ་། །འཇིགས་པའམ། སྔང་བའམ་བག་ཚ་བའམ། ཡིད་འཁྲུག་པའམ། གནོད་སེམས་ཀྱང་མི་རྒྱུ་སྟེ། དེ་དག་ཐམས་ཅད་ཞག་བདུན་དུ་དགའ་བ་དང་བདེ་བ་སྐྱེས་ཏེ། གཅིག་ལ་གཅིག་བྱམས་པའི་སེམས་སུ་འགྱུར་རོ། །རིགས་ཀྱི་བུ་ཁོ་བོ་ནི་དེ་དག་དེ་ལྟར་དགའ་བ་དང་། ཉམས་བདེ་བ་སྐྱེས་པ་རྣམས་ལ་བསམ་པ་དག་པར་བྱ་བའི་ཕྱིར་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟར་ཆོས་སྟོན་ཏོ། །གཞན་ཡང་རིགས་ཀྱི་བུ་རི་མ་ལ་ཡ་ལས་འབྱུང་བའི་ཙན་དན་ས་སྟེངས་དམ་པ་ཞེས་བྱ་བ་ཡོད་དེ། དེ་ལུས་ལ་བསྐུས་ན་མེའི་འོབས་སུ་མཆོངས་ཀྱང་ཚིག་པ་མེད་དོ། །རིགས་ཀྱི་བུ་རྒྱ་མཚོའི་མཐའ་ནས་འབྱུང་བའི་སྤོས་གཞན་གྱིས་ཐུབ་པ་མེད་པ་ཞེས་བྱ་བ་ཡོད་དེ། དེ་རྔའམ་དུང་ལ་བསྐུས་ན་དེའི་སྒྲས་གཞན་གྱི་འཁོར་ཐམས་ཅད་ཕམ་པར་འགྱུར་རོ། །རིགས་ཀྱི་བུ་མཚོ་མ་དྲོས་པའི་ངོགས་ནས་འབྱུང་བའི་ཨ་ག་རུ་ནག་པོ་པད་མོའི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེའི་རི་ལུ་ཏིལ་གྱི་འབྲུ་ཙམ་གཅིག་གི་དྲིས་ཀྱང་འཛམ་བུའི་གླིང་ཐམས་ཅད་རྒྱས་པར་གང་བར་འགྱུར་ཏེ། སེམས་ཅན་གང་གིས་སྤོས་ཀྱི་དྲི་དེ་ཚོར་བ་དེ་དག་ཐམས་ཅད་ཀྱང་སྡིག་པ་ལ་སྨོད་ཅིང་སྡོམ་པའི་སེམས་རབ་ཏུ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་རིའི་རྒྱལ་པོ་ཁ་བ་ཅན་ལས་འབྱུང་བའི་སྤོས་ཀྱི་རྣམ་པ་འོད་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེའི་དྲི་ཚོར་ན་སེམས་ཅན་དེ་དག་འདོད་ཆགས་དང་བྲལ་བའི་སེམས་སུ་འགྱུར་ཏེ། ཁོ་བོ་ནི་དེ་དག་ལ་ཅི་ནས་ཀྱང་རྡུལ་དང་བྲལ་བའི་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་
འཛིན་ཐོབ་པར་འགྱུར་བ་དེ་ལྟར་ཆོས་སྟོན་ཏོ། །རིགས་ཀྱི་བུ་སྲིན་པོའི་འཇིག་རྟེན་ནས་འབྱུང་བའི་སྤོས་ཀྱི་རྣམ་པ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་ཡོད་དོ། །དེ་ནི་འཁོར་ལོས་སྒྱུར་བའི་ལོངས་སྤྱོད་ཀྱི་དོན་དུ་འབྱུང་སྟེ། དེས་བདུགས་མ་ཐག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་ནམ་མཁའི་དབྱིངས་ལ་གནས་སོ། །རིགས་ཀྱི་བུ་ལྷའི་འཁོར་ཆོས་བཟང་པོ་ནས་འབྱུང་བའི་སྤོས་ཀྱི་རྣམ་པ་རྣམ་པར་འབྱེད་པ་ཞེས་བྱ་བ་ཡོད་དེ། དེས་བདུགས་མ་ཐག་ཏུ་ལྷ་རྣམས་སངས་རྒྱས་ཀྱི་དྲི་ཞིམ་པོ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ལྷའི་རྒྱལ་པོ་རབ་མཚེ་མའི་གནས་ན་སྤོས་ཀྱི་རྣམ་པ་དག་པའི་མཛོད་ཅེས་བྱ་བ་ཡོད་དེ། དེས་བདུག་མ་ཐག་ཏུ་མཚེ་མའི་ལྷའི་བུ་ཐམས་ཅད་ལྷའི་རྒྱལ་པོ་རབ་མཚེ་མའི་དྲུང་དུ་འདོང་ངོ་། །དེ་དག་དེར་ཕྱིན་ནས་ཀྱང་ལྷའི་རྒྱལ་པོ་རབ་མཚེ་མས་ཆོས་ཀྱི་གཏམ་བྱའོ། །རིགས་ཀྱི་བུ་དགའ་ལྡན་གྱི་གནས་ན། སྤོས་ཀྱི་རྣམ་པ་སིན་དུ་བ་ར་ཞེས་བྱ་བ་ཡོད་དེ། དེའི་སྤོས་ཀྱི་དུད་པ་བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པ་ཆོས་ཀྱི་སྟན་ལ་འདུག་པའི་མདུན་དུ་ཕྱུང་ན། སྤོས་ཀྱི་སྤྲིན་ཆེན་པོས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་གང་ཞིང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་འབབ་བོ། །རིགས་ཀྱི་བུ་ལྷའི་རྒྱལ་པོ་རབ་འཕྲུལ་དགའི་གནས་ན། སྤོས་ཀྱི་རྣམ་པ་ཡིད་འཕྲོག་པ་ཞེས་བྱ་བ་ཡོད་དེ། དེས་ལྷའི་རྒྱལ་པོ་རབ་འཕྲུལ་དགའི་གནས་སུ་བདུགས་ན། ཞག་བདུན་དུ་ཆོས་ཀྱི་སྤྲིན་གྱི་ཆར་བསམ་གྱིས་མི་ཁྱབ་པ་འབབ་པར་འགྱུར་རོ། །རིགས་ཀྱི་བུ་ཁོ་བོས་ནི་སྤོས་སྦྱར་བ་དེ་ཤེས་སུ་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་སྐྱོན་གྱི་དྲི་མ་མེད་པ་འདོད་པའི་འཇིག་རྟེན་ཐམས་ཅད་ནས་གྱེན་དུ་འཕགས་པ། ཉོན་མོངས་པའི་བདུད་ཀྱི་ཞགས་པ་དང་བྲལ་བ། སྲིད་པའི་ལམ་གྱི་རྒྱུད་ཐམས་ཅད་ལས་ཤིན་ཏུ་འདས་པ། ཡེ་ཤེས་སྒྱུ་མའི་རྣམ་པ་དང་། གཟུགས་ཀྱིས་རྣམ་པར་སྤྱོད་པ། འཇིག་རྟེན་ཐམས་ཅད་ཀྱིས་གོས་པ་མེད་
པ། ཆགས་པ་མེད་པའི་ངང་ཚུལ་ཅན། སྒྲིབ་པ་མེད་པར་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཡུལ་དུ་ལྡན་པ། ཀུན་གྱི་གཞིའི་གནས་ཐམས་ཅད་ལ་མི་གནས་པར། སྲིད་པའི་ཀུན་གཞི་དང་གནས་ཐམས་ཅད་དུ་རྒྱུ་བ་རྣམས་ཀྱི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པའམ། ཚུལ་ཁྲིམས་ཀྱི་སྤྱོད་པ་རྣམ་པར་དག་པའི་སྒོ་ཡོངས་སུ་སྨོས་པའམ། ཁ་ན་མ་ཐོ་བ་མེད་པའི་སྤྱོད་པ་བརྗོད་པའམ། གནོད་པར་སྤྱོད་པ་མེད་པའི་ལུས་དང་ངག་དང་ཡིད་ཀྱི་རྒྱུད་བསྟན་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན། གྲོང་ཁྱེར་ཁང་པ་བརྩེགས་པ་ཞེས་བྱ་བ་ཡོད་དེ། དེ་ན་མཉན་པ་དཔའ་བོ་ཞེས་བྱ་བ་འདུག་གིས་དེའི་དྲུང་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུཏ་པ་ལ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུཏ་པ་ལའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་ཁང་པ་བརྩེགས་པར་འགྲོ་བའི་ལམ་དུ་འཇུག་པའི་ཚེ། ལམ་གྱི་གྱེན་ཐུར་དང་། ལམ་མཉམ་པ་དང་། ལམ་གྱི་ཐག་ཐུག་དང་། ལམ་རྡུལ་ཡོད་པ་དང་། ལམ་རྡུལ་མེད་པ་དང་། ལམ་བདེ་བ་དང་། ལམ་མི་བདེ་བ་དང་། ལམ་དོག་པ་དང་། ལམ་བགེགས་མེད་པ་དང་། ལམ་འཁྱུག་པ་དང་། ལམ་འཁྱུག་པ་མེད་པ་ལ་རྣམ་པར་དཔྱད་དེ་བལྟས་ནས་འདི་སྙམ་དུ་བསམས་སོ། །འདི་ལྟར་བདག་དགེ་བའི་བཤེས་གཉེན་དེའི་དྲུང་དུ་འགྲོ་བ་འདི་ནི། བྱང་ཆུབ་སེམས་དཔའི་ལམ་གྱི་ནན་ཏན་གྱི་རྒྱུར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ནན་ཏན་གྱི་རྒྱུར་འགྱུར་རོ། །སེམས་ཅན་ལ་ཕན་གདགས་པའི་ལམ་གྱི་རྒྱུར་འགྱུར་རོ། །སེམས་ཅན་ཐམས་ཅད་བྱམས་སྡང་དང་། མཐོན་དམན་དུ་གྱུར་
པའི་གཡང་ས་ལས་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་མི་མཉམ་པའི་ནན་ཏན་ལས་བསྒྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྡུལ་རབ་ཏུ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་ལྟ་བ་སྣ་ཚོགས་ཀྱི་སྡོང་དུམ་དང་། ཚེར་མ་དང་། གྱོ་མོ་དང་གསེག་མ་བསྩལ་བ་དང་། ཆོས་ཀྱི་དབྱིངས་བསྒྲིབས་པ་མེད་པ་ལ་གཞོལ་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཕོ་བྲང་དུ་ཐོགས་པ་མེད་པར་བསྐྱལ་བའི་རྒྱུར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སོ། །དགེ་བའི་བཤེས་གཉེན་ལ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རག་ལུས་སོ་ཞེས་དེ་དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པས་སྤྱོད་པ་ཐུབ་པར་དཀའ་བ་དེ་མཐར་གྱིས་གྲོང་ཁྱེར་ཁང་པ་བརྩེགས་པ་དེར་ཕྱིན་ནས་མཉན་པ་དཔའ་བོ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས་གྲོང་ཁྱེར་ཆེན་པོ་ཞིག་གི་སྒོ་རྒྱ་མཚོ་ཆེན་པོའི་ངོགས་ན། མཉན་པ་དཔའ་བོ་དེ་ཚོང་པ་བརྒྱ་ཕྲག་སྟོང་ཙམ་དང་། སྲོག་ཆགས་བརྒྱ་སྟོང་དུ་མ་གཏམ་སྣ་ཚོགས་མཉན་པར་འདོད་པ་ཤ་སྟག་གིས་ཀུན་ནས་བསྐོར་ཅིང་། རྒྱ་མཚོའི་གཏམ་ཡོངས་སུ་བརྗོད་པས། སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་སེམས་ཅན་རྣམས་ལ་སྟོན་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་མཉན་པ་དཔའ་བོ་གང་ན་བ་དེར་སོང་སྟེ། ཕྱིན་ནས་མཉན་པ་དཔའ་བོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཉན་པ་དཔའ་བོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། མཉན་པ་དཔའ་བོའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་། རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་
སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡེ་ཤེས་ཆེན་པོ་འཐོབ་པ་འབྱུང་བའི་རྒྱུ་འདྲི་བ་དང་། འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུད་འབྱུང་བའི་རྒྱུ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གླིང་གི་གནས་སུ་འགྲོ་བ་འབྱུང་བའི་རྒྱུ་དང་། དབྱེར་མེད་པའི་ཐེག་པ་ཆེན་པོ་འབྱུང་བའི་རྒྱུ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བས་འཇིགས་པ་དང་འབྲལ་བར་འགྱུར་བའི་ལམ་གྱི་ནན་ཏན་འབྱུང་བའི་རྒྱུ་དང་། ཞི་བའི་ཏིང་ངེ་འཛིན་གྱི་སྒོ་དང་། རྒྱུད་སྣ་ཚོགས་ཁོང་དུ་ཆུད་པར་བྱ་བའི་ཡེ་ཤེས་ཀྱི་ལམ་འབྱུང་བའི་རྒྱུ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དུ་འགྲོ་བས་རྣམ་པར་སྤྱོད་པའི་སྨོན་ལམ་གྱི་ཤིང་རྟའི་འཁོར་ལོ་ཐོགས་པ་མེད་པའི་ལམ་འབྱུང་བ་དང་། རྣམ་པར་དག་པར་འགྱུར་བའི་རྒྱུ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་གཟི་བརྗིད་ཀྱི་དབའ་རླབས་ཀྱིས་རྣམ་པར་བརྒྱན་པ་ཐམས་ཅད་ཀྱི་རང་བཞིན་དང་། ཚུལ་གྱི་ལམ་འབྱུང་བ་དང་། རྣམ་པར་དག་པར་འགྱུར་བའི་རྒྱུ་དང་། ཆོས་ཀྱི་ཕྱོགས་དང་། སྒོ་ཐམས་ཅད་ཀྱི་ཕྱི་མའི་མཐའི་ལམ་འབྱུང་བ་དང་། རྣམ་པར་དག་པར་འགྱུར་བའི་རྒྱུ་དང་། ཐམས་ཅད་མཁྱེན་པའི་རྒྱ་མཚོར་འཇུག་པའི་ལམ་འབྱུང་བ་དང་། རྣམ་པར་དག་པར་འགྱུར་བའི་རྒྱུ་འདི་འདྲི་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁོ་བོ་ནི་རྒྱ་མཚོའི་ངོགས་ཀྱི་གྲོང་ཁྱེར་ཁང་པ་བརྩེགས་པ་འདི་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་སྙིང་རྗེ་ཆེན་པོའི་རྒྱལ་མཚན་ཡོངས་སུ་སྦྱོང་ཞིང་གནས་ཏེ། རིགས་ཀྱི་བུ་ཁོ་བོ་ནི་འཛམ་བུའི་གླིང་གི་སེམས་ཅན་ཕོངས་པ་རྣམས་མཐོང་ནས། དེ་དག་གི་དོན་དུ་དཀའ་བ་སྤྱོད་དེ། དེ་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱའོ། །འཇིག་རྟེན་གྱི་ཟང་ཟིང་གིས་ཡོངས་སུ་བསྡུ་བར་བྱའོ། །ཆོས་ཀྱི་ལོངས་སྤྱོད་ཀྱིས་དེ་དག་ཡོངས་སུ་ཚིམ་པར་བྱའོ། །དེ་དག་ལ་བསོད་ནམས་ཀྱི་ཚོགས་ཀྱི་ལམ་མན་ངག་དུ་བསྟན་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་
རྣམ་པར་སྤེལ་བར་བྱའོ། །དགེ་བའི་རྩ་བའི་སྟོབས་ཡོངས་སུ་སྤེལ་བར་བྱའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །བྱང་ཆུབ་ཀྱི་བསམ་པ་རྣམ་པར་དག་པར་བྱའོ། །སྙིང་རྗེ་ཆེན་པོའི་སྟོབས་ཉེ་བར་བརྟན་པར་བྱའོ། །འཁོར་བའི་སྡུག་བསྔལ་རྣམ་པར་ཞི་བར་བྱའོ། །འཁོར་བའི་སྤྱོད་པས་ཡོངས་སུ་མི་སྐྱོ་བའི་སྟོབས་ཤིན་ཏུ་བརྟན་པར་བྱའོ། །སེམས་ཅན་རྒྱ་མཚོ་བསྡུ་བ་ལ་འདི་དག་སྦྱར་བར་བྱའོ། །ཡོན་ཏན་རྒྱ་མཚོའི་ནན་ཏན་གྱི་སྒོ་ལ་དགོད་པར་བྱའོ། །འདི་དག་ལ་ཆོས་རྒྱ་མཚོའི་ཡེ་ཤེས་སྣང་བ་ཉེ་བར་བསྒྲུབ་པར་བྱའོ། །སངས་རྒྱས་རྒྱ་མཚོ་ཐམས་ཅད་ཀྱང་འདི་དག་གིས་མངོན་པར་མཐོང་བར་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ལ་ཡང་འདི་དག་གཟུད་པར་བྱའོ་ཞེས་དེ་ལྟ་བུའི་བསམ་པ་དང་། ཡིད་ལ་བྱ་བ་ལ་བརྩོན་པར་ཁོ་བོས་རྒྱ་མཚོའི་ངོགས་ཀྱི་གྲོང་ཁྱེར་ཁང་པ་བརྩེགས་པ་འདི་ན་གནས་སོ། །རིགས་ཀྱི་བུ་ཁོ་བོ་ནི་དེ་ལྟར་འགྲོ་བ་ལ་ཕན་པ་དང་། བདེ་བར་བརྩོན་པས་རྒྱ་མཚོ་ཆེན་པོའི་རིན་པོ་ཆེའི་གླིང་ཐམས་ཅད་ཀྱང་ཤེས་སོ། །རིན་པོ་ཆེའི་འབྱུང་གནས་ཐམས་ཅད་དང་། རིན་པོ་ཆེའི་རིགས་ཐམས་ཅད་དང་། རིན་པོ་ཆེའི་གཏོས་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ། །ཀླུའི་གནས་ཐམས་ཅད་དང་། ཀླུའི་འཁྲུག་པ་ཐམས་ཅད་དང་། གནོད་སྦྱིན་གྱི་གནས་ཐམས་ཅད་དང་། གནོད་སྦྱིན་འཁྲུག་པ་ཐམས་ཅད་དང་། སྲིན་པོའི་གནས་ཐམས་ཅད་དང་། སྲིན་པོའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོའི་གནས་ཐམས་ཅད་དང་། འབྱུང་པོའི་བར་ཆད་ཐམས་ཅད་རྣམ་པར་ཞི་བར་བྱ་བ་ཡང་རབ་ཏུ་ཤེས་ཏེ། གློང་ཡོད་པ་ཐམས་ཅད་གློང་ཐམས་ཅད་བཀོལ་བ་དང་དབའ་རླབས་ཆེན་པོ་ཡོངས་སུ་སྤང་བ་དང་། ཆུའི་ཁ་དོག་རྣམ་པ་ཐ་དད་པའང་རབ་ཏུ་ཤེས་སོ། །གཉི་ཟླ་དང་གཟའ་སྐར་གྱི་ཚོགས་ཡོངས་སུ་འཁོར་བ་དང་། ཉིན་ཞག་དང་སྐད་ཅིག་དང་། ཡུད་ཙམ་དང་ཐང་ཅིག་ཀྱང་རབ་ཏུ་ཤེས་སོ། །ཕན་ཚུན་དུ་འགྲོ་བའི་ཤོལ་འདུམས་དང་། བདེ་མི་བདེ་དང་། གྲུའི་འཁྲུལ་འཁོར་བརྟན་པར་བྱ་བ་དང་། གྲུ་བཟུར་བ་དང་། གྲུ་ཕུལ་བ་དང་།
རླུང་བརྡོ་བ་དང་རླུང་བསྐྱེད་པ་དང་། གྲུ་བསྒྱུར་ཞིང་བཟློག་པ་དང་། གྲུ་བརྟོད་པ་དང་། གྲུ་བཏང་བ་ཡང་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་ལྟར་ཁོ་བོ་ནི་ཤེས་པ་དེ་ལྟ་བུ་དང་ལྡན་པས་རྟག་ཏུ་སེམས་ཅན་གྱི་དོན་དང་དགོས་པ་བྱེད་དེ། ཚོང་པའི་ཚོགས་གྲུ་བརྟན་པོས་ལམ་བདེ་ཞིང་ཉེ་ཞོར་མི་འགྱུར་ལ་མི་འཇིགས་པ་ནས། ཆོས་ཀྱི་གཏམ་གྱིས་དགའ་བ་དང་། སྤྲོ་བ་བསྐྱེད་ཅིང་བསམ་པ་ཇི་ལྟ་བ་བཞིན་དུ་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱས་ནས། དེ་དག་རིན་པོ་ཆེ་ཐམས་ཅད་ཀྱིས་ཚོགས་ཏེ། ཕུན་སུམ་ཚོགས་པར་གྱུར་པ་དང་། ཕྱིར་ཡང་འཛམ་བུའི་གླིང་དུ་འགྱེད་འགྱེད་ཀྱང་རིགས་ཀྱི་བུ་ཁོ་བོའི་གྲུ་ནི་ནམ་ཡང་བུབ་པའམ། ཉེ་ཞོར་གྱུར་མ་མྱོང་སྟེ། སེམས་ཅན་གང་གིས་ཁོ་བོ་མཐོང་བར་གྱུར་པ་དང་། སེམས་ཅན་གང་གིས་ཁོ་བོའི་ཆོས་བསྟན་པ་ཐོས་པ་དེ་དག་ཀྱང་འཁོར་བའི་རྒྱ་མཚོ་ཐམས་ཅད་དུ་ཉེ་ཞོར་འགྱུར་བའི་འཇིགས་པ་དང་བྲལ་བར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་འཇུག་པའི་ཡེ་ཤེས་ཀྱང་མངོན་སུམ་དུ་འགྱུར་རོ། །སྲེད་པའི་རྒྱ་མཚོ་བསྐམ་པའི་དོན་དུའང་རབ་ཏུ་འཇུག་པར་འགྱུར་ཏེ། དུས་གསུམ་རྒྱ་མཚོའི་ཡེ་ཤེས་སྣང་བ་འང་རབ་ཏུ་ཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱ་མཚོ་ཟད་པར་བྱ་བའི་ཕྱིར་ཡང་མངོན་པར་མོས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱ་མཚོའི་རྙོག་པ་དང་བར་བྱ་བའི་ཕྱིར་ཡང་རབ་ཏུ་བརྩོན་པར་འགྱུར་རོ། །ཞིང་རྒྱ་མཚོ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་བརྩོན་འགྲུས་རྩོམ་པར་འགྱུར་རོ། །ཕྱོགས་རྒྱ་མཚོ་ཐམས་ཅད་རྒྱས་པར་གང་བ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །འགྲོ་བ་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ཐ་དད་པའང་ཁོང་དུ་ཆུད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོའི་རྗེས་སུའང་འབྲང་བར་འགྱུར་རོ། །འགྲོ་བའི་བསམ་པ་རྒྱ་མཚོ་ཇི་ལྟ་བ་བཞིན་དུ་ཡང་གཟུགས་བརྙན་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མཐོང་བ་དང་། ཐོས་པ་དང་འགྲོགས་པ་དང་། རྗེས་སུ་དྲན་པའི་ཆུ་ཀླུང་གི་དབྱངས་ཤེས་བྱ་བ་ཐོབ་པར་ཟད་ན་ཁོ་བོས་བྱང་ཆུབ་སེམས་
དཔའ་འཁོར་བའི་རྒྱ་མཚོ་ཐམས་ཅད་དུ་རྣམ་པར་སྤྱོད་པ་ཉོན་མོངས་པའི་རྒྱ་མཚོ་ཐམས་ཅད་ཀྱིས་གོས་པ་མེད་པ། ལྟ་བའི་རྣམ་པའི་རྒྱ་མཚོ་ཐམས་ཅད་ཀྱི་ཆགས་པའི་ཆུ་སྲིན་གྱི་འཇིགས་པ་དང་བྲལ་བ། ཆོས་རྒྱ་མཚོ་ཐམས་ཅད་ཀྱི་རང་བཞིན་དང་། གཞི་ལས་རྣམ་པར་རྒྱུ་བ། འགྲོ་བ་རྒྱ་མཚོ་ཐམས་ཅད་བསྡུ་བའི་དངོས་པོས་ཡོངས་སུ་སྡུད་པའི་རྒྱ་མཚོ་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་དང་འགྲོགས་པ། སེམས་ཅན་གྱི་མངོན་པར་ཆགས་པའི་རྒྱ་མཚོ་ཐམས་ཅད་རབ་ཏུ་བསྲུབ་པ། དུས་རྒྱ་མཚོ་ཐམས་ཅད་དང་། ཐ་མི་དད་པར་རྣམ་པར་སྤྱོད་པ། འགྲོ་བ་རྒྱ་མཚོ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་དམིགས་པ་ཤེས་པ། འགྲོ་བ་རྒྱ་མཚོ་ཐམས་ཅད་ཀྱི་འདུལ་བའི་དབྲེས་ལས་མི་འདའ་བར་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་དགའ་བའི་ཕྲེང་བ་ཞེས་བྱ་བ་ཡོད་དེ། དེ་ན་ཚོང་དཔོན་རྒྱལ་བ་དམ་པ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཉན་པ་དཔའ་བོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། མཉན་པ་དཔའ་བོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས་གདོང་མཆི་མས་བཀང་སྟེ། ངུ་ཞིང་། དགེ་བའི་བཤེས་གཉེན་བལྟ་བས་མ་ངོམས་བཞིན་དུ་མཉན་པ་དཔའ་བོའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཞི་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱམས་པ་ཆེན་པོས་སེམས་ཅན་གྱི་ཁམས་ཚད་མེད་པ་རྒྱས་པར་དགང་བའི་སེམས་དང་ལྡན་པ། སྙིང་རྗེ་ཆེན་པོའི་རླན་གྱིས་མངོན་པར་བརླན་པའི་རྒྱུད་ཅན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོའི་རྒྱན་ཤིན་ཏུ་བསྩགས་པ་ཉོན་མོངས་པའི་རྡུལ་དང་མུན་པ་དང་དྲི་མ་དང་འདམ་ཐམས་ཅད་དང་བྲལ་བ། ཆོས་མཉམ་པ་ཉིད་ཁོང་དུ་ཆུད་
པས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱེན་ཐུར་མེད་པ་ལ་ཞུགས་པ། དགེ་བའི་ཆོས་ཚད་མེད་པ་ལ་འཇུག་པའི་སྒོར་ཞུགས་པ། མི་དགེ་བ་ཐམས་ཅད་ཀྱིས་མི་ཤིགས་པའི་བརྩོན་འགྲུས་བརྟན་པའི་མཐུ་སྔོན་དུ་འདོར་བ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་རབ་ཏུ་བྱང་བ། རྒྱ་ཆེན་པོའི་བདེ་བ་རབ་ཏུ་ཐོབ་པ། ཤེས་རབ་ཀྱི་ཉི་མའི་འོད་ཟེར་སྣང་བས། མ་རིག་པའི་མུན་པ་མ་ལུས་པ་བསལ་བ། ཐབས་ཀྱི་སེར་བུ་བདེ་ཞིང་བསིལ་བས་བླགས་པའི་ཡེ་ཤེས་ཀྱི་མེ་ཏོག་གིས་རྒྱས་པ། སྨོན་ལམ་ཆེན་པོའི་རྒྱ་མཚོར་འབྱུང་བའི་ཡེ་ཤེས་ཀྱི་ཚུལ་དང་མཐུན་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཐོགས་པ་མེད་པར་རྒྱས་པར་འགེངས་པའི་ཡེ་ཤེས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕོ་བྲང་དུ་ཐོགས་པ་མེད་པར་འགྲོ་བ་ལ་མངོན་དུ་གྱུར་པ། བྱང་ཆུབ་སེམས་དཔའི་ལམ་ལ་མངོན་པར་མོས་པ་དེ། གྲོང་ཁྱེར་དགའ་བའི་ཕྲེང་བ་གང་ན་བ་དེར་ཕྱིན་ཏེ། ཚོང་དཔོན་རྒྱལ་བ་དམ་པ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས། གྲོང་ཁྱེར་དགའ་བའི་ཕྲེང་བའི་ཤར་ཕྱོགས་ལོགས་ཀྱི་འདབ་ཅིག་ན། ཤིང་ཨ་ཤོ་ཀའི་ནགས་ཚལ་རྒྱལ་མཚན་སྣ་ཚོགས་ཞེས་བྱ་བ་འདུག་པ་དེའི་ནང་ན་ཁྱིམ་བདག་སྟོང་ཕྲག་དུ་མ་ཞིག་གིས་བསྐོར་ཏེ། གྲོང་ཁྱེར་གྱི་བྱ་བ་སྣ་ཚོགས་ཡོངས་སུ་འགྲོ་ཞིང་དེ་ལས་བརྟེན་ཏེ། བདག་ཏུ་བྱ་བ་ཐམས་ཅད་ཡང་དག་པར་གཞོམ་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ཡོངས་སུ་གཏང་བ་དང་། དངོས་པོར་འཛིན་པ་ཐམས་ཅད་རབ་ཏུ་སྤང་བ་དང་། མངོན་པར་ཞེན་པ་ཐམས་ཅད་ཤིན་ཏུ་གཞིག་པ་དང་། སྲེད་པའི་འཆིང་བ་ཐམས་ཅད་གཅད་པར་བྱ་བ་དང་། ལྟ་བའི་རྣམ་པ་ཐམས་ཅད་ཀྱི་སྒོ་གླེགས་གཅག་པ་དང་། ཐེ་ཙོམ་དང་ཡིད་གཉིས་དང་། ནེམ་ནུར་གྱི་རབ་རིབ་ཐམས་ཅད་རྣམ་པར་བསལ་བ་དང་། གཡོ་སྒྱུའི་རྙོག་པ་ཤིན་ཏུ་གདང་བ་དང་། ཕྲག་དོག་དང་སེར་སྣའི་དྲི་མ་ཡོངས་སུ་སྦྱང་བ་དང་། སེམས་ཀྱི་མཚོ་ཤིན་ཏུ་གསལ་བར་བྱ་བ་དང་། སེམས་རྙོག་པ་མེད་པ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། དད་པ་རྙོག་པ་མེད་པའི་སྟོབས་བསྐྱེད་དེ། སངས་རྒྱས་བལྟ་
བར་མོས་པ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་སྟོབས་བསྔགས་ཤིང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་བླང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་ཡོངས་སུ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་ཡང་དག་པར་སྟོན་ཅིང་། བྱང་ཆུབ་སེམས་དཔའི་དྲན་པའི་སྟོབས་རྣམ་པར་དག་པའི་མཐར་ཕྱིན་པར་བྱ་བའི་ཕྱིར། ཆོས་ཀྱི་གཏམ་བྱེད་ཅིང་འདི་ལྟ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མངོན་པར་མོས་པར་བྱ་བའི་ཕྱིར་ཆོས་སྟོན་ཅིང་འདུག་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་གཏམ་དེའི་རྗེས་ཆད་ཆད་དུ་བསྡད་ནས་ཚོང་དཔོན་རྒྱལ་བ་དམ་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། རིང་མོ་ཞིག་ཏུ་བཏུད་ནས་ཆོས་ལ་ཤིན་ཏུ་གུས་པའི་བསམ་པས་ཚིག་འདི་སྐད་དུ་བརྗོད་དོ། །འཕགས་པ་བདག་ནི་ནོར་བཟངས་ནོར་བཟངས་ཤེས་བགྱི་བ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་ན་ཅི་ནས་ཀྱང་བདག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པར་འགྱུར་བ་དང་། བསླབས་ནས་ཀྱང་ཅི་ནས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱི་བ་དང་། གདུལ་བའི་དོན་ལ་མངོན་དུ་མོས་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཞལ་བལྟ་བ་ལས་མི་འཕང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐོས་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་ཡོངས་སུ་གཟུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ལ་ནན་ཏན་དུ་བགྱི་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དང་། བསྐལ་པ་ཐམས་ཅད་དུ་གནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པས་ཡོངས་སུ་མི་སྐྱོ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་བཙལ་བར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཡང་དག་པར་མནོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་རྣམས་ལ་སྣང་བ་ཐོབ་པར་འགྱུར་བ་དེ་ལྟར་འཕགས་པས་བདག་ལ་བཤད་དུ་གསོལ། དེ་ནས་ཚོང་དཔོན་རྒྱལ་བ་དམ་པས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་
འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁོ་བོ་ནི་འདི་ལྟ་སྟེ། དངོས་པོ་མེད་པ་ལ་གནས་པས་མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་ཐོབ་པའི་མཐུས། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་ཐམས་ཅད་དུ་འགྲོ་བ་ཡོངས་སུ་སྦྱོང་སྟེ། དེ་ལྟར་ཁོ་བོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པའི་སྒོ་ཐམས་ཅད་དུ་འགྲོ་བ་འདི་ལ་གནས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སུམ་ཅུ་རྩ་གསུམ་གྱི་ལྷའི་འཇིག་རྟེན་ཐམས་ཅད་དང་། མཚེ་མའི་ལྷའི་གནས་ཐམས་ཅད་དང་། དགའ་ལྡན་གྱི་ལྷའི་འཇིག་རྟེན་ཐམས་ཅད་དང་། འཕྲུལ་དགའི་ལྷའི་འཇིག་རྟེན་ཐམས་ཅད་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འཇིག་རྟེན་ཐམས་ཅད་དང་། བདུད་ཀྱི་གནས་ཐམས་ཅད་དང་། འདོད་པའི་ཁམས་ཀྱི་ལྷའི་རིས་སུ་གཏོགས་པ་ཐམས་ཅད་དང་། ལྷའི་གནས་ཐམས་ཅད་དང་། ཀླུའི་འཇིག་རྟེན་ཐམས་ཅད་དང་། ཀླུའི་གནས་ཐམས་ཅད་དང་། གནོད་སྦྱིན་གྱི་འཇིག་རྟེན་ཐམས་ཅད་དང་། གནོད་སྦྱིན་གྱི་གནས་ཐམས་ཅད་དང་། སྲིན་པོའི་འཇིག་རྟེན་ཐམས་ཅད་དང་། སྲིན་པོའི་གནས་ཐམས་ཅད་དང་། གྲུལ་བུམ་གྱི་འཇིག་རྟེན་ཐམས་ཅད་དང་། གྲུལ་བུམ་གྱི་གནས་ཐམས་ཅད་དང་། ཡི་དགས་ཀྱི་འཇིག་རྟེན་ཐམས་ཅད་དང་། ཡི་དགས་ཀྱི་གནས་ཐམས་ཅད་དང་། དྲི་ཟའི་འཇིག་རྟེན་ཐམས་ཅད་དང་། དྲི་ཟའི་གནས་ཐམས་ཅད་དང་། ལྷ་མ་ཡིན་གྱི་འཇིག་རྟེན་ཐམས་ཅད་དང་། ལྷ་མ་ཡིན་གྱི་གནས་ཐམས་ཅད་དང་། ནམ་མཁའ་ལྡིང་གི་འཇིག་རྟེན་ཐམས་ཅད་དང་། ནམ་མཁའ་ལྡིང་གི་གནས་ཐམས་ཅད་དང་། མིའམ་ཅིའི་འཇིག་རྟེན་ཐམས་ཅད་དང་། མིའམ་ཅིའི་གནས་ཐམས་ཅད་དང་། ལྟོ་འཕྱེ་ཆེན་པོའི་འཇིག་རྟེན་ཐམས་ཅད་དང་། ལྟོ་འཕྱེ་ཆེན་པོའི་གནས་ཐམས་ཅད་དང་། མིའི་འཇིག་རྟེན་ཐམས་ཅད་དང་། མིའི་གནས་ཐམས་ཅད་དང་། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་།
ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་འདོད་པའི་ཁམས་སུ་གཏོགས་པའི་སེམས་ཅན་གྱི་རྒྱུད་ཐམས་ཅད་དུ་ཆོས་ནི་སྟོན་ཏོ། །ཆོས་མ་ཡིན་པ་ནི་བཟློག་གོ །རྩོད་པ་ནི་ཞི་བར་བྱེད་དོ། །འཐབ་པ་ནི་རྣམ་པར་བཟློག་གོ །འཁྲུག་པ་ནི་ཉེ་བར་ཞི་བར་བྱེད་དོ། །གཡུལ་དུ་ལྷགས་པ་ནི་རྣམ་པར་བཟློག་གོ །ཤགས་འགྱེད་པ་ནི་ཞི་བར་བྱེད་དོ། །མདུད་པར་འཛིན་པ་ནི་རབ་ཏུ་སེལ་ཏོ། །བཅིངས་པ་ཐམས་ཅད་ནི་ཡོངས་སུ་གཅོད་དོ། །བཙོན་ར་ཐམས་ཅད་ནི་མངོན་པར་འདྲལ་ལོ། །འཇིགས་པ་ནི་རྣམ་པར་བཟློག་གོ །མི་དགེ་བའི་ལས་ཀྱི་འདུ་བྱེད་ནི་རྒྱུན་གཅོད་དོ། །སྲོག་གཅོད་པ་ལས་ནི་སེམས་ཅན་རྣམས་རྣམ་པར་ཟློག་གོ །མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཞེ་གཅོད་པ་དང་། ཚིག་ཀྱལ་པ་དང་ཆགས་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་ལས་ནི་སེམས་ཅན་རྣམ་པར་ཟློག་གོ །མི་བྱ་བ་ཐམས་ཅད་ནི་བྱེད་དུ་མི་འཛུད་དོ། །དགེ་བའི་ཆོས་བྱ་བ་ཐམས་ཅད་ནི་བྱེད་དུ་འཛུད་དོ། །སེམས་ཅན་ཐམས་ཅད་ནི་བཟོ་ཐམས་ཅད་ལ་སློབ་ཏུ་འཛུད་དེ། འཇིག་རྟེན་རྣམས་རབ་ཏུ་དགའ་བར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། ཞགས་པ་འཐུབ་པ་ཐམས་ཅད་ལ་གོང་མའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་བརྗོད་པའི་ཕྱིར་རྗེས་སུ་འབྲང་བར་བྱ་བ་དང་། ལྟ་བའི་རྣམ་པ་ཐམས་ཅད་རྣམ་པར་བཟློག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྗོད་ཅིང་བསྟན་པའི་ཕྱིར་འཇིག་རྟེན་ལ་ཕན་པར་འགྱུར་བའི་གཙུག་ལག་ཐམས་ཅད་ཀྱང་སྟོན་ཏོ། །རྣམ་པར་འགོད་དོ། །རབ་ཏུ་གསལ་བར་བྱེད་དོ། །བརྗོད་དོ། །དེ་བཞིན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་གཟུགས་ཀྱི་ཁམས་ཀྱི་ལྷ་ཐམས་ཅད་ཟིལ་གྱིས་མནན་ཏེ་ཆོས་སྟོན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུར་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་ཏུ་ཆོས་སྟོན་ཏེ། སངས་རྒྱས་ཀྱི་ཆོས་ཀྱང་སྟོན་ཏོ། །བྱང་ཆུབ་སེམས་དཔའི་
ཆོས་དང་ཉན་ཐོས་ཀྱི་ཆོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དམྱལ་བ་ཡང་སྟོན་ཏོ། །སེམས་ཅན་དམྱལ་བར་འགྲོ་བའི་ལམ་དང་། སེམས་ཅན་དམྱལ་བ་པའི་སེམས་ཅན་གྱི་མི་བདེ་བའང་སྟོན་ཏོ། །བྱོལ་སོང་གི་སྐྱེ་གནས་ཀྱང་སྟོན་ཏོ། །བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་གྱི་རྒྱུད་ཐ་དད་པ་དང་། བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་དུ་འགྲོ་བའི་ལམ་དང་། བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པའི་སྡུག་བསྔལ་ཡང་སྟོན་ཏོ། །གཤིན་རྗེའི་འཇིག་རྟེན་ཡང་སྟོན་ཏོ། །གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའི་ལམ་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཡང་སྟོན་ཏོ། །མཐོ་རིས་ཀྱི་འཇིག་རྟེན་ཡང་སྟོན་ཏོ། །མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ་བའི་ལམ་དང་། མཐོ་རིས་ཀྱི་འཇིག་རྟེན་གྱི་དགའ་བ་སྤྱོད་པ་དང་། ལོངས་སྤྱོད་ཀྱང་སྟོན་ཏོ། །མིའི་འཇིག་རྟེན་ཡང་སྟོན་ཏོ། །མྱིའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་དུ་འགྲོ་བའི་ལམ་དང་མིའི་འཇིག་རྟེན་གྱི་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བ་སྣ་ཚོགས་ཀྱང་སྟོན་ཏེ། དེ་ལྟར་རིགས་ཀྱི་བུ་ཁོ་བོ་ནི་འཇིག་རྟེན་གྱི་ཆོས་ཀྱང་སྟོན་ཏོ། །འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་ནུབ་པར་འགྱུར་བ་དང་། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་དང་། འཇིག་རྟེན་ནས་འབྱུང་བ་ཡང་སྟོན་ཏོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་བསྟན་པ་དང་། འཁོར་བའི་སྐྱོན་རྣམ་པར་བཟློག་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོན་ཏན་ཡང་དག་པར་བརྗོད་པ་དང་། སྲིད་པའི་ལམ་གྱི་རྒྱུད་དུ་མགོ་འཁོར་བ་དང་སྡུག་བསྔལ་དུ་གྱུར་པ་ཡང་དག་པར་སྟོན་པ་དང་། སྒྲིབ་པ་མེད་པའི་ཆོས་ཉིད་བརྗོད་པ་དང་། འཇིག་རྟེན་རྒྱུའི་བྱ་བ་ཡོངས་སུ་བསྟན་པ་དང་། འཇིག་རྟེན་འབྱུང་བ་དང་། ལྡོག་པའི་བདེ་བ་དང་། སྡུག་བསྔལ་ཐམས་ཅད་སྨོས་པ་དང་། འགྲོ་བ་ཐམས་ཅད་ཀྱི་གནས་ཀྱི་མིང་དུ་བྱ་བ་རྣམ་པར་བསྒོམ་པ་དང་། དེ་བཞིན་གཤེགས་པའི་ཆོས་གནས་པ་མེད་པ་མངོན་པར་བསྟན་པ་དང་། ལས་དང་ཉོན་མོངས་པའི་འཁོར་ལོ་ཐམས་ཅད་རྣམ་པར་བཟློག་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་འཁོར་བ་ཤིན་ཏུ་བརྗོད་པའི་ཕྱིར་ཆོས་
སྟོན་ཏོ། །རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པའི་སྒོ་ཐམས་ཅད་དུ་འགྲོ་བ་དངོས་པོ་མེད་པ་ལ་གནས་པས་མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་གྱི་མཐུས་བརྒྱན་པ་འདི་ཤེས་པར་ཟད་ན་ཁོ་བོས་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་ཤེས་པ་ཞིང་གི་དབྱིངས་ཐམས་ཅད་དུ་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་ལུས་ཀྱིས་རྒྱས་པར་འགེངས་པ་ཀུན་ཏུ་ལྟ་བའི་ཡེ་ཤེས་ཀྱིས་རབ་ཏུ་ཐོབ་པ་ཚིག་གི་ལམ་དང་། སྒྲ་ཐམས་ཅད་རྣམ་པར་དམྱིགས་པ་ལ་ཤིན་ཏུ་གཞོལ་བའི་རྣ་བ་དང་ལྡན་པ། དུས་གསུམ་རྒྱས་པར་འགེངས་པའི་ཆོས་ཀྱི་སྒོ་སྣང་བ་ལ་དབང་རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་ཡེ་ཤེས་ལ་དབང་གིས་དབང་སྒྱུར་བའི་སྐྱེས་བུ་དཔའ་བོ་སེམས་ཅན་ཚད་མེད་བསམ་གྱིས་མི་ཁྱབ་པའི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམྱིགས་པར་བྱ་བ་ལ་མ་འདྲེས་པའི་དབྱངས་ཀྱི་དཀྱིལ་འཁོར་དང་ལྡན་པའི་ལྕེ་ཡངས་ཤིང་སྲབ་ལ་ཡིད་དུ་འོང་བ་དང་ལྡན་པ། བསམ་པ་ཐ་དད་པའི་སེམས་ཅན་རྒྱ་མཚོའི་ཡིད་དུ་འོང་བའི་ཁ་དོག་དང་། དབྱིབས་སུ་ལྡན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པའི་ལུས་སྒྱུ་མ་ལྟ་བུ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་མི་གཉིས་པའི་སྤྱོད་ལམ་གྱིས། བསམ་གྱིས་མི་ཁྱབ་པའི་ལུས་ལ་གཞོལ་བ། དུས་གསུམ་ཐམས་ཅད་དུ་རྗེས་སུ་འབྲང་བའི་ཡེ་ཤེས་ཀྱི་ལུས་དང་ལྡན་པ་ནམ་མཁའི་དབྱིངས་ལྟར་ཚད་མེད་པའི་སྤྱོད་ཡུལ་དཔག་ཏུ་མེད་པའི་ཡུལ་དང་ལྡན་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཡུལ་ཤུ་མ་ཕྱི་མའི་མཐའ་ན། གྲོང་ཁྱེར་ཀ་ལིང་གའི་ནགས་ཚལ་ཞེས་བྱ་བ་ཡོད་ཏེ། དེ་ན་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཚོང་དཔོན་རྒྱལ་བ་དམ་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་
འཚལ་ཏེ། ཚོང་དཔོན་རྒྱལ་བ་དམ་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ཚོང་དཔོན་རྒྱལ་བ་དམ་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཐར་གྱི་ཡུལ་ཤུ་མ་ཕྱི་མའི་མཐའི་གྲོང་ཁྱེར་ཀ་ལིང་གའི་ནགས་ཚལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ཡོངས་སུ་ཚོལ་ཞིང་སེམས་ཅན་ཀུན་ལ་རྨེད་པའི་ཚེ། གང་ནས་གང་དུ་སོང་བ་དེ་དང་དེར་རོགས་པ་བརྒྱ་ཕྲག་དུ་མ་དང་། བུ་མོ་བརྒྱ་ཕྲག་དུ་མ་ཞིག་སྲང་དང་ལམ་གྱི་བཞི་མདོ་དང་། ལམ་གྱི་སུམ་མདོ་དག་ན་ཚོགས་ཏེ། རྗེས་སུ་འབྲང་ངོ་། །སྐྱེས་པ་བརྒྱ་ཕྲག་དུ་མ་དང་། བུད་མེད་བརྒྱ་ཕྲག་དུ་མ་ཞིག་གིས་ཀྱང་རིགས་ཀྱི་བུ་འདེ་རེ་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ནི། གྲོང་ཁྱེར་ཀ་ལིང་གའི་ནགས་ཚལ་འདི་ཉིད་ཀྱི་བཟའ་ཤིང་གི་ར་བ་ཆེན་པོ་རྒྱལ་བའི་འོད་ཀྱིས་བྱིན་པ་ཉི་མའི་མདོག་ན་སེམས་ཅན་ཚད་མེད་པའི་དོན་དུ་ཆོས་སྟོན་ཅིང་འདུག་གོ་ཞེས་བསྟན་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བཟའ་ཤིང་གི་ར་བ་ཉི་མའི་མདོག་དེར་ཕྱིན་ནས་ཀུན་ཏུ་བཙལ་ཏེ། བལྟས་ན་བཟའ་ཤིང་གི་ར་བ་དེ་ན། ཤིང་ཟླ་བ་ཤར་བ་ཞེས་བྱ་བ་ཁང་པ་བརྩེགས་པའི་དབྱིབས་ལྟར་འདུག་པ། འོད་སྣ་ཚོགས་ཀྱི་ཁ་དོག་ཅན་འོད་ཀྱི་མདོག་དང་ལྡན་པ། འཁོར་ཀུན་ཏུ་དཔག་ཚད་ཀྱི་ཁྱོན་ཙམ་དུ་འོད་ཀྱིས་རྒྱས་པར་འགེངས་པ་མང་པོ་དང་། ལོ་མའི་ཤིང་ཡོངས་སུ་འགེངས་པ་ཞེས་བྱ་བ་གདུགས་ཀྱི་རྣམ་པ་དང་དབྱིབས་སུ་འདུག་པའི་འདབ་མས་ཀུན་ནས་ཁེབས་པ། བཻ་ཌཱུརྱ་སྔོན་པོའི་ཁ་དོག་ལྟར་འདུག་པའི་སྤྲིན་གྱི་མདོག་དང་ལྡན་པ་མང་པོ་དང་མེ་ཏོག་གི་ཤིང་མེ་ཏོག་གི་མཛོད་ཅེས་བྱ་བ། རིའི་རྒྱལ་པོ་ཁ་བ་ཅན་ལྟར་མདངས་དགའ་བའི་དབྱིབས་སྣ་ཚོགས་དང་ལྡན་པ་ཁ་དོག་སྣ་ཚོགས་ཀྱི་མེ་ཏོག་མི་ཟད་པའི་ཆར་རབ་ཏུ་འབེབས་པ། སུམ་ཅུ་རྩ་གསུམ་གྱི་ལྷའི་ཕོ་བྲང་གི་རྒྱན་གྱི་ཀུན་ནས་འདུ་བ་དང། སུས་ཀྱང་མི་ཤིགས་པ་ལྟ་བུ་མང་པོ་དང་། ཤིང་ཏོག་གི་ཤིང་རྟག་ཏུ་སྨིན་པའི་རོ་དཔེ་མེད་པའི་འབྲས་བུའི་ཚོགས་ཤེས་བྱ་བ་གསེར་གྱི་རི་བོའི་ལྷུན་ལྟར་འདུག་པ། རྟག་ཏུ་ཤིང་ཏོག་ཕུན་སུམ་ཚོགས་
པར་གནས་པ་མང་པོ་དང་། རིན་པོ་ཆེའི་རྒྱལ་པོའི་ཤིང་རྣམ་པར་སྣང་བའི་མཛོད་ཅེས་བྱ་བ་རིན་པོ་ཆེའི་རྒྱལ་པོ་དཔེ་མེད་པའི་དབྱིབས་ལྟར་འདུག་པ། ལྷ་རྫས་ཀྱི་རིན་པོ་ཆེའི་ཕྲེང་བ་དང་། སེ་མོ་དོ་དང་། རྒྱན་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་མཛོད་ནས་བྱུང་བ་ལྟར་ཕུན་སུམ་ཚོགས་པ་དང་ལྡན་པ། རིན་པོ་ཆེའི་ཁ་དོག་གྲངས་མེད་པའི་འབྱུང་གནས་སུ་གྱུར་པ་མང་པོ་དང་། གོས་ཀྱི་ཤིང་དགའ་བར་བྱེད་པ་ཞེས་བྱ་བ་ལྷ་རྫས་ཀྱི་གོས་རིན་པོ་ཆེའི་ཁ་དོག་སྣ་ཚོགས་ཀྱི་ཚོགས་རབ་ཏུ་འགྱེད་ཅིང་འཕྱང་བས་ཤིན་ཏུ་བརྒྱན་པ་མང་པོ་དང་། རོལ་མོའི་ཤིང་དགའ་བ་སྐྱེད་པ་ཞེས་བྱ་བ་ལྷ་རྫས་ལས་ཀྱང་ལྷག་པའི་རོལ་མོ་ཡིད་དུ་འོང་བའི་སྒྲ་སྙན་པ་འབྱིན་པ་མང་པོ་དང། སྤོས་ཀྱི་ཤིང་ཀུན་ཏུ་ཞིམ་པས་བརྒྱན་པ་ཞེས་བྱ་བ་ཕྱོགས་ཐམས་ཅད་དུ་ཐོགས་པ་མེད་པར་རྣམ་པ་ཐམས་ཅད་དུ་ཡིད་དུ་འོང་བའི་སྤོས་ཀྱི་ངད་འབྱུང་བ་མང་པོ་དག་ཀྱང་ཡོད་པར་མཐོང་། མཚེའུ་དང་ལུ་མ་དང་། ལྟེང་ཀ་དང་། རྫིང་བུ་རིན་པོ་ཆེ་བདུན་གྱི་ཕ་གུས་མཐའ་བརྩིགས་པ། ཕྱོགས་བཞི་ནས་རིན་པོ་ཆེའི་ཐེམ་སྐས་བཙུགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་འཕང་དུས་དང་འཐུན་པའི་ཙན་དན་གྱི་དྲི་ཞིམ་པོས་བསྐུས་པས་ཀུན་ནས་བསྐོར་བ། གཞི་རིན་པོ་ཆེའི་རྒྱལ་པོ་བཻ་ཌཱུརྱ་སྔོན་པོ་ལས་ལེགས་པར་བླངས་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་བྱེ་མ་བདལ་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལྷ་རྫས་ཀྱི་དྲི་ཡིད་དུ་འོང་བ་ཅན་གྱིས་ཡོངས་སུ་གང་བ། རིན་པོ་ཆེའི་པད་མོ་དང་། ཨུཏྤ་ལ་དང་། ཀུ་མུ་ཏ་དང་། མེ་ཏོག་པུན་ད་རི་ཀ་ཁ་དོག་སྣ་ཚོགས་ལྷ་རྫས་ཀྱི་བསུང་དང་ལྡན་པས། ཆུ་ཀུན་ནས་ཡོག་པ། བྱ་བྲན་སྣ་ཚོགས་ཀྱི་ཁྱུ་ལྷ་རྫས་ལས་ཀྱང་འདས་པའི་གཟུགས་ཡིད་དུ་འོང་བ་དང་ལྡན་པ། སྒྲ་སྙན་པ་འབྱིན་ཅིང་བརྗོད་པས་གང་བ། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་ཕྲེང་བ་ལེགས་པར་བཀྱེ་བས་ཡོངས་སུ་བསྐོར་ཅིང་བརྒྱན་པ་དང་ལྡན་པ་ཤིང་སྣ་ཚོགས་དེ་དག་གི་དྲུང་ཐམས་ཅད་དུའང་རིན་པོ་ཆེའི་སེང་གེའི་ཁྲི་སྣ་ཚོགས་ཡིད་དུ་འོང་བའི་གཟུགས་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་བསམ་གྱིས་མི་ཁྱབ་
པ་དུ་མས་བརྒྱན་པ། ལྷ་རྫས་ཀྱི་སྟན་རིན་པོ་ཆེ་སྣ་ཚོགས་འབེལ་བར་བཏིང་བ། ལྷ་རྫས་ཀྱི་སྤོས་དང་། བདུག་སྤོས་ཀྱི་རྣམ་པ་ཐམས་ཅད་ཀྱིས་བདུགས་པ། ལྷ་རྫས་ལས་ཀྱང་འདས་པའི་དར་རིན་པོ་ཆེ་མངོན་པར་སྤྱངས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་བླ་རེ་བཀྱེ་བ། རིན་པོ་ཆེ་སྣ་ཚོགས་དང་འཛམ་བུ་ཆུ་ཀླུང་གི་གསེར་གྱི་དྲ་བ་སྣ་ཚོགས་ཀུན་ནས་བྲེས་པ། རིན་པོ་ཆེའི་དྲིལ་གྱི་དྲ་བ་ཡིད་དུ་འོང་ཞིང་སྙན་པའི་སྒྲ་འབྱིན་པ། མང་པོས་བརྒྱན་པ། འཁོར་དུ་ལྷ་རྫས་ཀྱི་རིན་པོ་ཆེའི་སྟན་བརྒྱ་ཕྲག་དུ་མ་བཏིང་ཞིང་བཤམས་པ་མཐོང་ངོ་། །རིན་པོ་ཆེའི་ཤིང་དྲུང་ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་པདྨོའི་སྙིང་པོ་ཅན་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་ནོར་བུ་རིན་པོ་ཆེའི་སྤོས་ཀྱི་རྒྱལ་པོའི་པད་མོའི་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་ཀླུའི་རྒྱན་གྱི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེའི་བྱ་ལའི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་རྣམ་པར་སྣང་བའི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་ཕྱོགས་རྣམ་པར་སྣང་བའི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་དབང་པོའི་རྡོ་རྗེའི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་འགྲོ་བའི་ཡིད་དུ་འོང་བའི་པདྨོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །རིན་པོ་ཆེའི་ཤིང་དྲུང་ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་མདོག་དཀར་པོའི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །བཟའ་ཤིང་གི་ར་བ་དེའི་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་གང་ཞིང་རྒྱ་མཚོ་ཆེན་པོ་ལྟར་རིན་པོ་ཆེའི་གླིང་གིས་ཡོངས་སུ་གང་བ་མཐོང་ངོ་། །བཻ་ཌཱུརྱ་སྔོན་པོའི་དམ་པས་སྤྲས་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ས་ཕྱོགས་ཀ་ཙ་ལིན་ད་ལྟར་རེག་ན་བདེ་ཞིང་འཇམ་པ། གོམ་པ་བོར་ཞིང་བཏེག་པའི་ཚེ་མཐོ་དམན་མེད་པ། རྡོ་རྗེ་རིན་པོ་ཆེ་མཆོག་གི་
པདྨོའི་དྲི་ཡིད་དུ་འོང་བར་ཞིམ་ཞིང་རེག་ན་བདེ་བའི་སིལ་མ་ཀུན་ཏུ་བཀྲམ་པ། ང་ངུར་དང་། རྨ་བྱ་དང་། ཁྲུང་ཁྲུང་དང་། ཀུ་ན་ལ་དང་། ཀ་ལ་པིང་ཀ་དང་། ཀོ་ཀི་ལ་དང་། ཛི་བན་ཛི་བ་ཀ་སྒྲ་སྙན་ཅིང་ཡིད་དུ་འོང་བའི་ང་རོ་འབྱིན་པ་མང་པོས་གང་བ། ལྷ་རྫས་ཀྱི་རིན་པོ་ཆེའི་ཙན་དན་གྱི་ཤིང་མང་པོའི་ནགས་ཚལ་ཤིན་ཏུ་ལེགས་པར་འགྲིགས་པས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་པདྨོའི་སྤྲིན་གྱི་ཆར་དང་། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་མི་ཟད་པའི་ཆར་རྒྱུན་ཏུ་འབབ་པ། འདྲེས་པའི་ནགས་ཚལ་ལས་ཀྱང་ཁྱད་པར་དུ་འཕགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་བུ་བརྩེགས་མ་བརྒྱན་པར་བཀོད་པའི་ནང་ནས། སྤོས་ཀྱི་རྒྱལ་པོའི་བདུག་སྤོས་རིན་ཐང་མེད་པ་རྟག་ཏུ་འཐུལ་ཞིང་ཞིམ་པ་ལྷའི་མདུན་ས་ཆོས་བཟང་པོའི་རྒྱན་ལས་ཀྱང་ལྷག་པར་བརྒྱན་པ། ལྷ་རྫས་ལས་ཀྱང་འདས་པའི་རིན་པོ་ཆེའི་དྲ་བ་སྣ་ཚོགས་ཀྱིས་ཀུན་ནས་བྲེས་པ། མུ་ཏིག་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་དང་། ལྡ་ལྡི་ཀུན་ནས་བྲེས་པས་རབ་ཏུ་བརྒྱན་པ། རིན་པོ་ཆེའི་དྲིལ་བུ་རྣམ་པ་སྣ་ཚོགས་སུ་རྣམ་པར་བཀྱེ་བའི་གསེར་གྱི་དྲ་བ་འབར་བས། ཀུན་ནས་དཀྲིགས་པ། རོལ་མོའི་ཤིང་དང་། རིན་པོ་ཆེའི་ཏ་ལ་ལས་དྲིལ་བུའི་དྲ་བ་རླུང་གིས་ལེགས་པར་བསྐྱོད་པས་ཡིད་དུ་འོང་བའི་སྒྲ་སྙན་པའི་དབྱངས་འབྱུང་བ་དང་ལྡན་པ། དབང་བསྒྱུར་གྱི་ལྷའི་རྒྱལ་པོའི་ལྷ་མོ་དཔེ་ཚུལ་ཤིན་ཏུ་བཟང་བ་རྣམས་ཀྱིས་གླུ་སྙན་པའི་སྒྲ་རབ་ཏུ་ཡིད་དུ་འོང་བ་ལེན་མ། ལྷ་རྫས་ཀྱི་ཡིད་བཞིན་གྱི་གོས་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབབ་པས་རྣམ་པར་མཛེས་པ། རྒྱ་མཚོ་ཆེན་པོ་ལྟར་ཁ་དོག་དང་། མདོག་སྣ་ཚོགས་སུ་ལྡན་པས་བལྟ་ན་གཏང་མྱི་བྲ་བ། ཁང་པ་བརྩེགས་པ་རིན་པོ་ཆེའི་རྒྱན་དང་ལྡན་པ་བརྒྱ་སྟོང་གྲངས་མྱེད་པས་རབ་ཏུ་བརྒྱན་པ། སུམ་ཅུ་རྩ་གསུམ་གྱི་ལྷའི་ཕོ་བྲང་ལྟར་བལྟ་ན་བཟང་བ། རིན་པོ་ཆེ་སྣ་ཚོགས་རྣམ་པར་ཕྱེ་བས་རྣམ་པ་ཐམས་ཅད་དུ་བརྒྱན་པའི་གདུགས་ཤིན་ཏུ་ལེགས་པ། རྣམ་པར་བསྒྲེང་ཞིང་བཀྲམ་པས་ཀུན་ནས་བལྟ་ན་མཛེས་པ། དབང་པོ་ཆེན་པོའི་འཇིག་རྟེན་ལྟར་
ཤིན་ཏུ་མཛེས་པའི་དེའུ་སྣ་ཚོགས་ཀྱིས་བརྒྱན་པ། ཡིད་དུ་འོང་བའི་འོད་སྣང་བ་ཆེན་པོ་རྟག་པར་འབྱུང་བ། ཚངས་པ་ཆེན་པོའི་གཞལ་མྱེད་ཁང་ལྟར་ནོར་བུ་རིན་པོ་ཆེའི་རྒྱལ་པོ་འགྲོ་བ་ཡིད་དུ་འོང་བའི་འོད་ཀྱིས་འབར་བ་སྟེ། བཟའ་ཤིང་གི་ར་བ་ཆེན་པོ་ཉི་མའི་མདོག་ཅེས་བྱ་བ་དེ། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་རྫུ་འཕྲུལ་གྱི་མཐུ་སྟོབས་དང་། བྱིན་གྱི་རླབས་ཆེ་ཞིང་བསམ་གྱིས་མི་ཁྱབ་པས། འཇིག་རྟེན་གྱི་ཁམས་གྲངས་མེད་པའི་གནས་སུ་གྱུར་པའི་ནམ་མཁའི་དབྱིངས་ལྟར་ཡངས་ཤིང་ཚད་མེད་དེ། རྒྱ་ཆེན་པོ་དང་ལྡན་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དེ་ལྟར་ཡོན་ཏན་ཚད་མྱེད། བསམ་གྱིས་མི་ཁྱབ་པ་ཚོགས་པའི་བཟའ་ཤིང་གི་ར་བའི་རྒྱན་བྱང་ཆུབ་སེམས་དཔའི་ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་གྲུབ་པ། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་ལས་སྐྱེས་པ། སངས་རྒྱས་ལ་མཆོད་ཅིང་རིམ་གྲོར་བྱས་པའི་རྒྱུ་འཐུན་པ་བསམ་གྱིས་མྱི་ཁྱབ་པ་ལས་བྱུང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་དགེ་བའི་རྩ་བ་མ་ལུས་པས་མྱི་འཕྲོགས་པ། ཆོས་ཀྱི་རང་བཞིན་སྒྱུ་མའི་རྣམ་པ་ལྟ་བུས་གྲུབ་པ། དགེ་བའི་བསོད་ནམས་དྲི་མ་མྱེད་པ་རྒྱ་ཆེན་པོས་གྲུབ་ཅིང་བྱུང་བ། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་སྔོན་གྱི་སྤྱོད་པ་བཟང་པོ་ལེགས་པར་བྱས་པ་དང་། རྒྱུ་འཐུན་པའི་སྟོབས་དང་། ཤུགས་ཀྱིས་བྱུང་བ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པ། མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པ། བདུད་ཀྱི་ལམ་ཡོངས་སུ་རྒྱུ་བ་ཐམས་ཅད་ཀྱིས་མྱི་ཚུགས་པ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་བལྟར་མེད་པ་མཐོང་སྟེ། ཤིང་སྣ་ཚོགས་དེ་དག་གི་དྲུང་གི་སེང་གེའི་ཁྲི་ཆེན་པོ་དེ་དག་ལའང་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ། ལུས་ཤིན་ཏུ་མཛེས་པ། སྤྱོད་ལམ་ཞི་བ། ཡིད་ཞི་བ། ཤིན་ཏུ་དབེན་པ། དབང་པོ་ཐུལ་བ། གླང་པོ་ལྟར་ཤིན་ཏུ་དུལ་བ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པའི་སེམས་དང་ལྡན་པ། རིན་པོ་ཆེའི་རྒྱལ་པོ་
ཡིད་བཞིན་གྱི་ནོར་བུ་ལྟར་འདོད་པ་ཐམས་ཅད་སྒྲུབ་པ། པད་མོ་ལ་ཆུས་མི་ཆགས་པ་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། སེང་གེ་ལྟར་འཇིགས་པ་དང་། སྐྱི་གཡའ་བ་མྱེད་པ། མི་འཇིགས་པ་རྣམ་པར་དག་པས། རིའི་དབང་པོ་ཆེན་པོ་ལྟར་མྱི་སྒུལ་བ། ཚུལ་ཁྲིམས་རྣམ་པར་དག་པས་ཡིད་དུ་འོང་བའི་སྤོས་ཀྱི་རྒྱལ་པོ་ལྟར་འགྲོ་བའི་སེམས་ཚིམ་པར་བྱེད་པ། ཁ་བའི་ཙན་དན་ལྟར་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་པ། སྨན་གྱི་རྒྱལ་པོ་བལྟ་ན་བཟང་བ་ལྟར་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་རྣམ་པར་ཞི་བར་བྱེད་པ། ཆུའི་ལྷའི་ཞགས་པ་ལྟར་བལྟ་ན་དོན་ཡོད་པ། དེ་བཞིན་གཤེགས་པའི་འོད་ལྟར་ལུས་དང་སེམས་ཀྱི་བག་ཡངས་བདེ་བ་བསྐྱེད་པ། ཚངས་པ་ཆེན་པོ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ལྡང་བ་དང་བྲལ་བ། རིན་པོ་ཆེའི་རྒྱལ་པོ་ནོར་བུ་ཆུ་འདང་ལྟར་ཉོན་མོངས་པས་རྙོག་པ་ཅན་དུ་གྱུར་པའི་སེམས་ཅན་གྱི་སེམས་རབ་ཏུ་དང་བར་བྱེད་པ། ཞིང་གཤིན་པ་ལྟར་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པ་འདུག་པར་མཐོང་ངོ་། །འཁོར་གྱི་སྟན་དེ་དག་ལའང་འཁོར་སྣ་ཚོགས་འཁོད་པར་མཐོང་སྟེ། འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་བུ་དབང་པོ་ཆེན་པོ་ལ་སྩོགས་པ། གཙང་མའི་གནས་ཀྱི་རིགས་སུ་གཏོགས་པའི་ལྷའི་བུ་རྣམས་འཁོད་ཅིང་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་རྣམ་པར་ཐར་པ་མྱི་ཟད་པ་ཡང་དག་པར་འབྱེད་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ཚངས་པ་ཡིད་དུ་འོང་བ་ལ་སྩོགས་པ། ཚངས་པའི་རིས་སུ་གཏོགས་པའི་ལྷའི་བུ་རྣམས་འཁོད་ཅིང་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ། གཞི་ཀུན་ནས་འབྱེད་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་དབང་སྒྱུར་ལ་སྩོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དང་ལྷའི་བུ་མོའི་འཁོར་དང་བཅས་པ་དག་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་
ཀྱི་སྒོ་བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པའི་དབང་གིས་རྣམ་པར་བརྒྱན་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལ་སྩོགས་པ་འཕྲུལ་དགའི་ལྷའི་བུ་ལྷའི་བུ་མོའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཐམས་ཅད་དགེ་བས་རྣམ་པར་བརྒྱན་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་རབ་དགའ་ལྡན་ལ་སྩོགས་པ། དགའ་ལྡན་གྱི་རིས་སུ་གཏོགས་པའི་ལྷའི་བུ་ལྷའི་བུ་མོའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས་ཆོས་ཀྱི་སྒོ་རང་གི་སེམས་ཀྱི་མཛོད་ཀྱི་གློང་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་རབ་མཚེ་མ་ལ་སྩོགས་པ་ལྷའི་བུ་ལྷའི་བུ་མོའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་རྒྱན་མཐའ་ཡས་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་བརྒྱ་བྱིན་ལ་སྩོགས་པ་སུམ་ཅུ་རྩ་གསུམ་གྱི་རིས་སུ་གཏོགས་པའི་ལྷའི་བུ་ལྷའི་བུ་མོའི་འཁོར་དང་བཅས་པ་རྣམ་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སྐྱོ་བའི་སྒོ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ཀླུའི་རྒྱལ་པོ་གང་ཆེན་མཚོ་ལ་སྩོགས་པ་ཀླུའི་རྒྱལ་པོ་འོད་བརྒྱ་པ་དང་། དགའ་བོ་དང་བསྙེན་དགའ་བོ་དང་། ཡིད་དུ་འོང་བ་དང་། ཤུགས་ལྡན་དང་། མ་དྲོས་པ་ལ་སྩོགས་པ་ཀླུའི་བུ་མོའི་འཁོར་དང་བཅས་པ་ཀླུའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་རྫུ་འཕྲུལ་དང་། ཡུལ་གྱི་འོད་ཀྱི་བརྒྱན་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་རྒྱལ་པོ་ཆེན་པོ་ངལ་བསོ་པོ་ལ་སྩོགས་པ་གནོད་སྦྱིན་གྱི་དབང་པོ་གནོད་སྦྱིན་གྱི་བུ་མོ་དང་། གནོད་སྦྱིན་གྱི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་།
དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་མཛོད་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་དྲི་ཟའི་རྒྱལ་པོ་གནས་སྲུང་པོ་ལ་སྩོགས་པ་དྲི་ཟ་མང་པོ་དྲི་ཟའི་བུ་མོ་དང་། དྲི་ཟའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་དགའ་བ་མི་ཟད་པ་ཆར་རབ་ཏུ་འབེབ་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སྩོགས་པ་ལྷ་མ་ཡིན་རྣམས་ལྷ་མ་ཡིན་གྱི་བུ་མོ་དང་། ལྷ་མ་ཡིན་གྱི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཆོས་ཀྱི་དབྱིངས་ཤེས་པའི་ཚུལ་གྱི་ཤུགས་ཀྱིས་བརྒྱན་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ནམ་མཁའ་ལྡིང་གི་དབང་པོ་ཤུགས་འཛིན་ཆེན་པོ་ལ་སྩོགས་པ་ནམ་མཁའ་ལྡིང་གི་དབང་པོ་ནམ་མཁའ་ལྡིང་གི་བུ་མོ་དང་། ནམ་མཁའ་ལྡིང་གི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སྲིད་པའི་རྒྱ་མཚོས་འཇིགས་པའི་ཡུལ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་མིའམ་ཅིའི་རྒྱལ་པོ་སྡོང་པོ་ལ་སྩོགས་པ། མིའམ་ཅིའི་དབང་པོ་མིའམ་ཅིའི་བུ་མོ་དང་། མིའམ་ཅིའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་སྤྱོད་པ་སྣང་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྟོ་འཕྱེ་ཆེན་པོའི་དབང་པོ་ཁྲོ་གཉེར་གདོང་ལ་སྩོགས་པ། ལྟོ་འཕྱེ་ཆེན་པོའི་བུ་མོ་དང་། ལྟོ་འཕྱེ་ཆེན་པོའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སངས་རྒྱས་ལ་དགའ་བ་སྐྱེ་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་སྐྱེས་པ་དང་། བུད་མྱེད་དང་། ཁྱེའུ་དང་བུ་མོ་
བརྒྱ་སྟོང་མང་པོ་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་སྲིན་པོའི་དབང་པོ་རྟག་ཏུ་མདངས་འཕྲོག་པ་སྡོང་པོའི་རྒྱལ་པོ་ལ་སྩོགས་པ་སྲིན་པོའི་དབང་པོ་སྲིན་པོའི་བུ་མོ་དང་སྲིན་པོའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སྙིང་རྗེ་འབྱུང་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཡེ་ཤེས་ཁྱད་པར་དུ་འཕགས་པའི་མཐུ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་སེམས་ཅན་རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཡོན་ཏན་རྒྱ་ཆེན་པོའི་འོད་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་སེམས་ཅན་ཐེག་པ་ཆེན་པོ་ལ་མོས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་ཡེ་ཤེས་སྣང་བའི་སྒོ་ཀུན་ཏུ་སྒོ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ཐོག་མར་སེམས་བསྐྱེད་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་གྱི་ཕུང་པོ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་རྡུལ་དང་བྲལ་བའི་དཀྱིལ་འཁོར་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་གསུམ་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཞི་བའི་རྒྱན་ཅེས་བྱ་བ་ཡང་
དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་བཞི་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་མཁྱེན་པའི་ཤུགས་ཀྱི་ཡུལ་འབྱུང་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་སེམས་ཀྱི་རྒྱུད་མེ་ཏོག་གི་སྙིང་པོ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་རྣམ་པར་སྣང་བའི་སྙིང་པོ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་ས་ཀུན་ནས་བརྒྱན་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་ཆོས་ཀྱི་དབྱིངས་སུ་ལུས་ཤིན་ཏུ་རྣམ་པར་ཕྱེ་བའི་ཡུལ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་མི་དམིགས་པའི་སྟོབས་ཀྱི་གནས་ཀྱིས་བརྒྱན་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་སྒྲིབ་པ་མེད་པའི་དཀྱིལ་འཁོར་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལག་ན་རྡོ་རྗེའི་འཁོར་གྱི་དཀྱིལ་འཁོར་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་
ཀྱི་སྒོ་ཡེ་ཤེས་རྡོ་རྗེ་མཐུ་བོ་ཆེའི་རྒྱན་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །དེ་ལྟར་སྐྱེ་བའི་སྐྱེ་མཆེད་རྣམ་པ་ཐ་དད་པ་ཐམས་ཅད་ཀྱི་སེམས་ཅན་དུ་གདགས་པ་དང་། སེམས་ཅན་གྱི་ལམ་གྱི་རྒྱུད་ཇི་སྙེད་པ་དེ་དག་གི་སེམས་ཅན་ཡོངས་སུ་སྨིན་པ་རྣམ་པར་འདུལ་བ། སྣོད་དུ་གྱུར་པ་ཇི་སྙེད་ཅིག་བཟའ་ཤིང་གི་ར་བ་དེར་འོངས་ཤིང་། འཁོར་གྱི་སྟན་ལ་སོ་སོར་འཁོད་པ། བསམ་པ་ཐ་དད་པ་མོས་པ་མི་མཚུངས་པ། བསམ་པ་ཤིན་ཏུ་གཞོལ་བར་གྱུར་པ། དད་པའི་རོ་རྔམས་ཆེན་པོ་དང་ལྡན་པ་རྣམས་ལ། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས་ཅི་ནས་ཀྱང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ། དེ་ལྟ་དེ་ལྟར་ཆོས་བསྟན་པ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་དེས་ཀུན་ཏུ་ལྟ་བའི་བཏང་སྙོམས་དང་ལྡན་པ་ལ་སྩོགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་བསྟན་པ་ལ་སྩོགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་གཞི་ཐ་དད་པ་ལ་སྩོགས་པ་དང་། སྒྲིབ་པའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཐོར་བ་ལ་སྩོགས་པ་དང་། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་སེམས་ཡང་དག་པར་འབྱུང་བ་ལ་སྩོགས་པ་དང་། ཁྱད་པར་ཡོད་པའི་རྒྱན་ལ་སྩོགས་པ་དང་། ཆགས་པ་མེད་པའི་ཚུལ་གྱི་སྙིང་པོ་ལ་སྩོགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་སྩོགས་པ་དང་། སེམས་ཀྱི་མཛོད་ལ་སྩོགས་པ་དང་། ཀུན་ཏུ་མོས་པ་མངོན་པར་སྒྲུབ་པའི་སྙིང་པོ་ལ་སྩོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་བརྒྱ་སྟོང་གྲངས་མེད་པ་ནོན་པའི་ཕྱིར་ཏེ། བཟའ་ཤིང་གི་ར་བ་ཉི་མའི་མདོག་དེར་བྱང་ཆུབ་སེམས་དཔའ་འམ། སེམས་ཅན་གཞན་ཇི་སྙེད་ཅིག་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ལ་ལྟ་བ་དང་། ཆོས་མཉན་པའི་ཕྱིར་འོང་བ་དེ་དག་ཐམས་ཅད་ཀྱང་སྔོན། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། དགེ་བའི་ཆོས་ཡང་དག་པར་བླང་བ་ལ་ཤིན་ཏུ་བཀོད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བར་དུ་བྱས་པ་ཤ་སྟག་གོ །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་
ཀྱིས། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་བཟའ་ཤིང་གི་ར་བ་ཕུན་སུམ་ཚོགས་པ་དང་། ནགས་ཚལ་ཕུན་སུམ་ཚོགས་པ་དང་། གཙུག་ལག་ཁང་ཕུན་སུམ་ཚོགས་པ་དང་། འཆག་ས་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། མལ་ཆ་ཕུན་སུམ་ཚོགས་པ་དང་། འཁོར་གྱི་དཀྱིལ་འཁོར་ཕུན་སུམ་ཚོགས་པ་དང་། དབང་ཆེན་པོ་ཕུན་སུམ་ཚོགས་པ་དང་། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཕུན་སུམ་ཚོགས་པ་དང་། དབྱངས་ཀྱི་རྒྱན་ཕུན་སུམ་ཚོགས་པ་རྣམ་པ་དེ་ལྟ་བུ་མཐོང་སྟེ། ཆོས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པའང་ཐོས་ནས། ཆོས་ཀྱི་སྤྲིན་གྱི་ཆར་ཆེན་པོས་སེམས་མངོན་པར་བརླན་པ་དེའི་ཡིད་ལ་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། བསམ་པ་རྣམ་པར་དག་པ་ཕུན་སུམ་ཚོགས་པར་བྱས་ཀྱིས་ད་ནི་གཡས་ཕྱོགས་སུ་བསྐོར་བ་ལན་བརྒྱ་སྟོང་དུ་མ་ཞིག་ཏུ་བྱའོ་སྙམ་པ་དང་། དེའི་མོད་ལ་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། བཟའ་ཤིང་གི་ར་བ་དང་། འཁོར་གྱི་དཀྱིལ་འཁོར་དུ་བཅས་པ་དེ་དག་ཐམས་ཅད་ཀྱང་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་ལྟར་གཡས་ཕྱོགས་སུ་བསྐོར་བ་བྱའོ། །སྙམ་དུ་བསམས་ནས་བསྐོར་བ་བྱེད་པའི་ཚེ། འཁོར་ཐམས་ཅད་ནའང་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་འདུག་པ་མཐོང་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། འཕགས་མ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། དེས་སྨྲས་པ། རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རློམ་སེམས་
ཐམས་ཅད་ཡོངས་སུ་བཅོམ་པ་ཞེས་བྱ་བ་ཐོབ་པའོ། །སྨྲས་པ། འཕགས་མ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རློམ་སེམས་ཐམས་ཅད་ཡོངས་སུ་བཅོམ་པ་དེའི་ཡུལ་ཇི་ལྟ་བུ་ཞིག་མཆིས། སྨྲས་པ་རིགས་ཀྱི་བུ་དེ་ནི་ཡེ་ཤེས་སྣང་བ་སྟེ། དུས་གསུམ་དུ་བྱུང་བའི་རྒྱན་སེམས་སྐད་ཅིག་གི་ཆ་ཤས་ལ་རྣམ་པར་དམིགས་པའི་རང་བཞིན་ནོ། །སྨྲས་པ། འཕགས་མ་ཡེ་ཤེས་སྣང་བ་དེའི་ཡུལ་ཡང་ཇི་ལྟ་བུ་ཞིག་མཆིས། སྨྲས་པ། རིགས་ཀྱི་བུ་ཁོ་མོ་ཡེ་ཤེས་སྣང་བ་འདི་ལ་སྒྲུབ་པ་དང་ཡོངས་སུ་སྒྲུབ་པའི་ཚེ་ཆོས་ཐམས་ཅད་རབ་ཏུ་འཐད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྐྱེས་ཏེ། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ། ཐམས་ཅད་རེ་རེ་ལ་ཡང་ལུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་མཆོད་པ་རྣམ་པ་ཐ་དད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མཆོད་པ་སྦྱར་བའི་ཕྱིར་འགྲོ་སྟེ། འདི་ལྟར་ལྷའི་ལུས་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་དབང་པོའི་ལུས་མེ་ཏོག་གི་སྤྲིན་ཡོངས་སུ་འཛིན་པ་དང་། སྤོས་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། བདུག་སྤོས་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། ཕྲེང་བའི་སྤྲིན་ཡོངས་སུ་འཛིན་པ་དང་། བྱུག་པའི་སྤྲིན་ཡོངས་སུ་འཛིན་པ་དང་། ཕྱེ་མའི་སྤྲིན་ཡོངས་སུ་འཛིན་པ་དང་། ན་བཟའི་སྤྲིན་ཡོངས་སུ་འཛིན་པ་དང་། གདུགས་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། རྒྱལ་མཚན་གྱི་སྤྲིན་ཡོངས་སུ་འཛིན་པ་དང་། བ་དན་གྱི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་ལྷབ་ལྷུབ་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་དྲ་བའི་རྒྱན་གྱི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་གནམ་ཡོལ་གྱི་རྒྱན་གྱི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་རྒྱན་
རྣམ་པར་ཕྱེ་བའི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་སྒྲོན་མའི་རྒྱན་གྱི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་གདན་གྱི་རྒྱན་གྱི་སྤྲིན་ཡོངས་སུ་འཛིན་པ་མང་པོས་མཆོད་པ་སྦྱར་བའི་ཕྱིར་འགྲོའོ། །དགའ་ལྡན་གྱི་གནས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་རྣམས་ལ་མཆོད་པ་བྱ་བའི་ཕྱིར། ཇི་ལྟར་འགྲོ་བ་དེ་བཞིན་དུ་ཡུམ་གྱི་སྐུར་གཤེགས་པ་དང་། བལྟམ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཤིང་སྙིང་པོ་བྱང་ཆུབ་ལ་བཞུགས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་བཞིན་དུ་ལྷའི་གནས་ན་བཞུགས་པ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་གནས་ན་བཞུགས་པ་དང་། འགྲོ་བ་ཐམས་ཅད་ཀྱི་སེམས་དང་བསམ་པ་ཡོངས་སུ་ཚིམ་པར་མཛད་ནས། ཡོངས་སུ་མྱ་ངན་ལས་འདའ་བའི་བར་དེ་དག་ཐམས་ཅད་ལའང་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་དེ་ལྟ་བུ་དག་གིས་རྣམ་པ་དེ་ལྟ་བུའི་མཆོད་པ་བྱེད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འགྲོའོ། །སེམས་ཅན་གང་གིས་ཁོ་མོ་སངས་རྒྱས་མཆོད་པ་དང་། རིམ་གྲོ་བྱེད་པའི་ལས་འདི་ཤེས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །སེམས་ཅན་གང་ཁོ་མོའི་དྲུང་དུ་འོང་བ་དེ་དག་ཐམས་ཅད་ལའང་ཁོ་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་དང་། རྗེས་སུ་བསྟན་པ་འདི་ཉིད་སྟོན་ཏེ། རིགས་ཀྱི་བུ་ཁོ་མོ་ཡེ་ཤེས་ཀྱི་མིག་གིས་སེམས་ཅན་ཐམས་ཅད་ལ་ལྟ་ཡང་། སེམས་ཅན་གྱི་འདུ་ཤེས་ཀྱང་མི་བསྐྱེད་ལ། རློམ་སེམས་ཀྱང་མི་བྱེད་དེ། འགྲོ་བ་ཐམས་ཅད་ཀྱི་སྐད་རྒྱ་མཚོ་ཡང་ཉན་ཏེ། ཚིག་གི་ལམ་ཐམས་ཅད་ལ་མངོན་པར་
ཞེན་པ་མེད་པས། རློམ་སེམས་སུ་བྱེད་པ་མེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཐོང་སྟེ། ཆོས་ཀྱི་ལུས་ཡོངས་སུ་ཤེས་པས་རློམ་སེམས་སུ་བྱེད་པ་མེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡོངས་སུ་འཛིན་ཀྱང་། ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་པས་རློམ་སེམས་སུ་བྱེད་པ་མེད་དོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་ཀྱང་། ཆོས་ཉིད་སྒྱུ་མའི་རང་བཞིན་ཁོང་དུ་ཆུད་པས་རློམ་སེམས་སུ་བྱེད་པ་མྱེད་དོ། །རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རློམ་སེམས་ཐམས་ཅད་ཡོངས་སུ་བཅོམ་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་ཞུགས་པ། ཆོས་ཐམས་ཅད་ལ་རློམ་སེམས་མེད་པར་གནས་ཀྱང་སྐྱིལ་མོ་ཀྲུང་གཅིག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རང་གི་ལུས་སུ་འདུས་པར་སྟོན་ཀྱང་། སྐད་ཅིག་གཅིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འདོང་བ། ལུས་ལ་སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་འབྱུང་ཞིང་རྒྱུ་བ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བ་སྤུའི་ཉག་མ་གཅིག་གིས་སྦམས་ཤིང་མངོན་པར་འཕེན་པ། རང་གི་བ་སྤུའི་བུ་གར་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་འདུ་བ་དང་། འཇིག་པའི་བསྐལ་པ་ཡོངས་སུ་སྟོན་པ། སྐད་ཅིག་གཅིག་ལ་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་གནས་པ། མཉམ་པ་ཉིད་ཀྱིས་ཡང་དག་པར་འཛུད་པ། སྐད་ཅིག་གཅིག་གིས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་འཁོར་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཡུལ་བགྲོད་དཀའ་བ་ན། གྲོང་ཁྱེར་རིན་པོ་ཆེའི་རྒྱན་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་པ་མ་ལྷའི་བཤེས་གཉེན་མ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་
ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཤེས་རབ་ཀྱི་སྣང་བ་ཆེན་པོ་དེས་སེམས་སྣང་བར་གྱུར་པ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྣང་བ་དེ་ལ་ནི་སེམས། ཆོས་ཉིད་ཀྱི་རང་བཞིན་གྱི་སྟོབས་སྣང་བ་དེ་ལ་ནི་ཡང་དག་པར་རྗེས་སུ་ལྟ། སེམས་ཅན་ཐམས་ཅད་ཀྱི་སྐད་རྣམ་པར་དམྱིགས་པའི་མཛོད་ཀྱི་གཟུངས་ཀྱི་ཚུལ་དེ་ནི་བརྟན་པར་བྱེད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་འཛིན་པའི་གཟུངས་ཀྱི་ཚུལ་དེ་ནི་ཤིན་ཏུ་རྒྱ་ཆེ་བར་བྱེད། སྙིང་རྗེ་ཆེན་པོ་འགྲོ་བ་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པའི་སྟོབས་དེ་ནི་ཉེ་བར་སྟོན། ཆོས་ཐམས་ཅད་ཀྱི་ཚུལ་སྣང་བའི་སྒོ་ནས་ཡང་དག་པར་འབྱུང་བའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་དེ་ལ་ནི་རབ་ཏུ་རྟོག །ཆོས་ཀྱི་དབྱིངས་རྒྱ་ཆེན་པོའི་དཀྱིལ་འཁོར་རྒྱས་པར་འགེངས་པའི་སྨོན་ལམ་ཡོངས་སུ་དག་པ་དེའི་རྗེས་སུ་ནི་འབྲང་། ཆོས་ཐམས་ཅད་ཀྱི་ཕྱོགས་སྣང་བར་བྱེད་པའི་ཡེ་ཤེས་ཀྱི་འོད་དེ་ནི་ཤིན་ཏུ་གསལ་བར་བྱེད། ཆོས་ཐམས་ཅད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་རྒྱས་པར་འགེངས་པའི་མངོན་པར་ཤེས་པའི་སྟོབས་དེ་ནི་མངོན་པར་སྒྲུབ། བྱང་ཆུབ་སེམས་དཔའི་ལམ་དང་། དྲན་པ་ཐམས་ཅད་ཉེ་བར་བླངས་པས་བརྩམས་པ་མཐར་དབྱུང་བའི་སྨོན་ལམ་དེ་ནི་ཡོངས་སུ་རྫོགས་པར་བྱེད་ཅིང་། མཐར་གྱིས་ཡུལ་བགྲོད་དཀའ་བའི་གྲོང་ཁྱེར་རིན་པོ་ཆེའི་རྒྱན་གང་ན་བ་དེར་ཕྱིན་ཏེ། བཅོམ་པ་མ་ལྷའི་བཤེས་གཉེན་མ་ཡོངས་སུ་ཚོལ་ཚོལ་བ་དང་། དེ་ལ་བཅོམ་པ་མ་ལྷའི་བཤེས་གཉེན་གྱི་ཡོན་ཏན་མངོན་པར་མི་ཤེས་ལ་ཡེ་ཤེས་ཀྱི་
སྤྱོད་ཡུལ་གྱི་ཚུལ་ལ་མི་མཁས་པའི་མི་ཇི་སྙེད་པ་དེ་དག་འདི་སྙམ་དུ་སེམས་ཏེ། མི་འདི་དེ་ལྟར་ཞི་ཞིང་དུལ་བའི་དབང་པོ་དང་ལྡན་ལ་དེ་ལྟར་ཤེས་བཞིན་དང་ལྡན་ཏེ། དེ་ལྟར་འཁྲུལ་པ་མེད་ཅིང་དེ་ལྟར་ཡིད་འཁྲུག་པ་མེད་ལ་དེ་ལྟར་གཉའ་ཤིང་གང་ཙམ་དུ་ལྟ་སྟེ། དེ་ལྟར་གནོད་པས་མི་ཚུགས་ཤིང་དེ་ལྟར་མཚན་མར་མི་འཛིན་ལ། གཟུགས་ཀྱི་རྣམ་པ་ཐམས་ཅད་ལ་གཡེང་བ་མེད་པའི་མིག་དང་ལྡན་ཏེ། ཡིད་ལ་བྲེལ་བ་མེད་ཅིང་། བསམ་པ་ཟབ་ལ་མངོན་པར་མཛེས་ཏེ། རྒྱ་མཚོ་ལྟར་འདུག་ཅིང་སེམས་མི་ཉམས་མི་འཁྲུག་པ་དེ་ལ་བཅོམ་པ་མ་ལྷའི་བཤེས་གཉེན་མས་ཀོ་ཅི་ཞིག་བྱ། འདི་ལྟ་བུ་དག་ནི་འདོད་ཆགས་ལ་དགའ་བ་མེད་དེ། སེམས་ཕྱིན་ཅི་ལོག་དང་ལྡན་ཡང་མི་སྲིད་དོ། །འདི་ལྟ་བུ་དག་ནི་སྡུག་ཅིང་གཙང་བའི་འདུ་ཤེས་ཡོངས་སུ་རྒྱུ་བ་མེད་དེ། འདི་ལྟ་བུ་དག་ནི་འདོད་པས་འཁོལ་ཀྱང་མི་སྲིད་དོ། །འདི་ལྟ་བུ་དག་ནི་བུད་མེད་ཀྱི་དབང་དུ་འགྱུར་བ་མེད་དེ། འདི་ལྟ་བུ་དག་ནི་བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་ཀྱང་མི་སྲིད་དོ། །འདི་ལྟ་བུ་དག་ནི་བདུད་ཀྱི་སྤྱོད་ཡུལ་ལ་ཆགས་པ་མེད་དེ། འདི་ལྟ་བུ་དག་ནི་འདོད་པའི་འདམ་དུ་བྱིང་བ་ཡང་མི་སྲིད་དོ། །འདི་ལྟ་བུ་དག་ནི་བདུད་ཀྱི་ཞགས་པས་བཅིངས་པར་འགྱུར་བ་མེད་དེ། མི་དགོས་པ་བྱེད་ཀྱང་མི་སྲིད་དོ་སྙམ་མོ། །གང་ཡང་བཅོམ་པ་མ་ལྷའི་བཤེས་གཉེན་མའི་ཡོན་ཏན་གྱི་ཁྱད་པར་མངོན་པར་ཤེས་ཤིང་། ཡེ་ཤེས་ཀྱི་སྤྱོད་ཡུལ་མངོན་དུ་གྱུར་པ་དེ་དག་ནི་འདི་སྐད་ཅེས་འཛེར་ཏེ། རིགས་ཀྱི་བུ་དེ་ལྟར་ཁྱོད་བཅོམ་པ་མ་ལྷའི་བཤེས་གཉེན་མ་ལ་ཡོངས་སུ་དྲི་བར་སེམས་པ་ནི་ཁྱོད་ཀྱང་ཐོབ་པར་བྱ་བ་ལེགས་པར་ཐོབ་པ་སྟེ། ལེགས་སོ་ལེགས་སོ། །ཁྱོད་ནི་ངེས་པར་སངས་རྒྱས་སུ་སྨོན་པའོ། །ཁྱོད་ནི་བདག་ངེས་པར་སེམས་ཅན་ཐམས་ཅད་ཀྱི་གནས་སུ་བསྒྱུར་བར་འདོད་པའོ། །ཁྱོད་ནི་ངེས་པར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་ཟུག་རྔུ་དབྱུང་བར་འདོད་པའོ། །ཁྱོད་ནི་ངེས་པར་སྡུག་ཅིང་གཙང་བའི་འདུ་ཤེས་རྣམ་པར་གཏོར་བར་འདོད་པའོ། །རིགས་ཀྱི་བུ་འདེ་རེ་བཅོམ་པ་
མ་ལྷའི་བཤེས་གཉེན་མ་ནི་གྲོང་ཁྱེར་གྱི་ལམ་གྱི་སུམ་མདོའི་བྱང་ཕྱོགས་ལོགས་ཤིག་ན་རང་གི་ཁྱིམ་ན་འདུག་གོ །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཚིག་དེ་ཐོས་ནས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། བཅོམ་པ་མ་ལྷའི་བཤེས་གཉེན་མའི་ཁྱིམ་གང་ན་བ་དེར་ཕྱིན་ནས། དེའི་ཁྱིམ་ཆེ་ཞིང་ཡངས་ལ་རིན་པོ་ཆེའི་ར་བ་རིམ་པ་བཅུས་བསྐོར་བ། རིན་པོ་ཆེ་ཏ་ལའི་ཕྲེང་བ་རིམ་པ་བཅུས་ཀུན་ནས་བསྐོར་བ། འོབས་སྤོས་ཆུས་གང་བ། ལྷ་རྫས་ཀྱི་རིན་པོ་ཆེའི་པད་མོ་དང་། ཨུཏ་པ་ལ་དང་། ཀུ་མུ་ཏ་དང་། མེ་ཏོག་པུན་ད་རི་ཀས་ཆུ་ཡོངས་སུ་ཁེབས་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། གཞི་གསེར་གྱི་བྱེ་མ་བདལ་བ། སྤོས་ཡིད་དུ་འོང་བ་དང་། འདྲེས་པའི་ཆུ་དྲི་ཞིམ་པས་གང་བ། རིན་པོ་ཆེ་སིལ་མ་མང་པོས་ཤིན་ཏུ་བརྒྱན་པ། རིམ་པ་བཅུས་ཀུན་ནས་བསྐོར་བ། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་ཁང་པ་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པས་རྣམ་པར་དགྲིགས་ཤིང་བ་གམ་དང་རྟ་བབས་དང་། སྐར་ཁུང་གི་ཤར་བུ་དང་། ཟླ་གམ་སེང་གེའི་ཤིང་ཏགས་དང་། སྣང་བའི་རྒྱལ་མཚན་ལ་སྩོགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཀྱིས་འབར་བ་རིན་པོ་ཆེ་རྣམ་པ་སྣ་ཚོགས་གྲངས་མེད་པའི་འབྱུང་གནས་ཀྱིས་བརྒྱན་པ། རིན་པོ་ཆེའི་དག་ར་བཻ་དཱུ་རྱས་སྤྲས་པའི་གཞི་དང་ལྡན་པ། ལྷ་རྫས་ཀྱི་སྤོས་ཞིམ་པོ་ཐམས་ཅད་ཀྱིས་འཁོར་ཐམས་ཅད་ནས་བདུགས་ཤིང་བསངས་པ། ཨ་ཀ་རུ་ནག་པོ་མཆོག་གི་བདུག་སྤོས་ཀྱིས་དྲི་ཞིམ་པར་བདུག་པ། སྤོས་ཀྱི་བྱུག་པས་འཁོར་ཀུན་ནས་བྱུགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ལན་ཀན་གྱིས་རྩིག་ངོས་ཀུན་ཏུ་བྲེས་པ། སྟེང་འཛམ་བུ་ཆུ་ཀླུང་གི་གསེར་གྱི་དྲ་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་སྤྲས་པས་ཀུན་ནས་བཀབ་པ། གསེར་གྱི་དྲིལ་གྱི་དྲ་བ་བརྒྱ་སྟོང་རླུང་གིས་བསྐྱོད་ཅིང་འཁྲོལ་བའི་སྒྲ་ཡིད་དུ་འོང་ཞིང་སྙན་པ་འབྱུང་བ། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གི་སྤྲིན་སིལ་མ་
ཀུན་ཏུ་བཀྲམ་པས། རིན་པོ་ཆེའི་མེ་ཏོག་གི་རྒྱན་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་རྒྱལ་མཚན་བསྒྲེང་བས་སྒོ་ཤིན་ཏུ་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཀྱི་དྲ་བ་སྣང་བ། མུ་མེད་པར་བརྗོད་དུ་ཡོད་པ། རིན་པོ་ཆེ་བྱུ་རུའི་སྡོང་པོ་དང་། རྡོ་རྗེ་དང་། མན་ཤེལ་ལ་སྩོགས་པའི་གཏེར་བརྒྱ་སྟོང་ཀུན་གྱིས་ཤེས་པ། ཕུན་སུམ་ཚོགས་པས་མཛོད་མི་ཟད་པ་དང་ལྡན་པ། བཟའ་ཤིང་གི་ར་བ་ཆེན་པོ་བཅུས་བརྒྱན་པ་མཐོང་སྟེ། དེ་ན་བཅོམ་པ་མ་ལྷའི་བཤེས་གཉེན་མ་གཟུགས་མཛེས་ཤིང་བཟང་ལ་བལྟ་ན་སྡུག་པ། གྱ་ནོམ་པའི་ཁ་དོག་དམ་པ་རྒྱས་པ་དང་ལྡན་པ། གསེར་གྱི་ཁ་དོག་ལྟར་འདུག་པའི་མདོག་ཅན་སྐྲ་མཐོན་ཏིང་དུ་འདུག་པ། ལུས་ཀྱི་ཡན་ལག་དང་ཉིང་ལག་ཚུལ་དང་འདྲ་བར་རྣམ་པར་གྲུབ་པ། འདོད་པའི་ཁམས་ཀྱི་ལྷ་དང་མི་ཐམས་ཅད་ལས་འཕགས་པའི་ཁ་དོག་དང་གཟུགས་དང་དབྱིབས་མཛེས་པ་དང་ལྡན་པ། ཚངས་པ་ལས་ཀྱང་འདས་པའི་དབྱངས་ཀྱི་ཡན་ལག་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཀྱི་ཚུལ་ལ་མཁས་པ། རྒྱན་ཐམས་ཅད་དང་ལྡན་ཞིང་ཡིད་དུ་འོང་བའི་དབྱངས་ཅན་རྣམ་པར་ཐར་པ་ཡི་གེའི་འཁོར་ལོའི་རྒྱན་ལ་མཁས་པ་དང་ལྡན་པ། བཟོ་དང་གཙུག་ལག་ཐམས་ཅད་ལ་མཁས་པར་བྱུང་བ། ཆོས་ཀྱི་ཡེ་ཤེས་སྒྱུ་མ་ལ་མཁས་པར་བསླབས་པ། བྱང་ཆུབ་སེམས་དཔའི་ཐབས་དང་ཚུལ་རྣམ་པ་ཐམས་ཅད་དུ་ཐོབ་པ། རིན་པོ་ཆེའི་ལྷབ་ལྷུབ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པའི་ལུས་ཡིད་དུ་འོང་བ་དང་ལྡན་པ། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་དྲ་བ་འོད་ཤིན་ཏུ་གསལ་བས་ལུས་རབ་ཏུ་བརྒྱན་པ། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེའི་རྒྱན་དང་། ལྷབ་ལྷུབ་གྲངས་མེད་པས་རབ་ཏུ་བརྒྱན་པས། ལུས་ཤིན་ཏུ་འབར་བ། ནོར་བུ་རིན་པོ་ཆེ་དམ་པ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པ། རིན་པོ་ཆེ་བཻ་དཱུ་རྱའི་ཕྲེང་བ་མདོ་ཟུངས་རྡོ་རྗེ་རིན་པོ་ཆེ་སྣ་ཚོགས་དང་། ནོར་བུ་རིན་པོ་ཆེ་སེང་གེ་མཛེས་པ་སྣ་ཚོགས་བཀྱེ་བ་མགུལ་ན་ཐོགས་པ། དགེ་བའི་རྩ་བ་སྤྱད་པ་
ལ་སྐལ་བ་འཐུན་པ་དང་། སྨོན་ལམ་གཅིག་པའི་འཁོར་མང་པོ་གཞན་གྱིས་མི་ཕྱེད་ཅིང་ཡིད་དུ་འོང་བ་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་གཏེར་མི་ཟད་པའི་མཛོད་དང་ལྡན་པ་འདུག་པ་མཐོང་སྟེ། དེས་ཁྱིམ་དེ་དག་ཐམས་ཅད་དང་། རིན་པོ་ཆེའི་གནས་དང་། གཞལ་མེད་ཁང་གི་རྒྱན་དེ་དག་ཐམས་ཅད་ཀྱང་རང་གི་ལུས་ལས་བྱུང་བའི་འོད་དགའ་བར་བྱེད་པ། ལུས་བདེ་བ་དང་སིམ་པ་སྐྱེད་པ། སེམས་ཁོང་ནས་དགའ་བར་བྱེད་པས་གསལ་ཞིང་སྣང་བར་བྱས་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བཅོམ་པ་མ་ལྷའི་བཤེས་གཉེན་མའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་མས་བདག་ལ་བསྟན་དུ་གསོལ། དེས་སྨྲས་པ་རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཞེས་བྱ་བ་ཐོབ་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ལྷ་རྣམས་ལ་ལྷ་མོའི་གཟུགས་དང་ཁ་དོག་དང་། དབྱིབས་དང་ཆུ་ཞེང་ལས་ཀྱང་ལྷག་པར་ཁ་དོག་གསལ་བ་དང་། རྣམ་པར་དག་པས་ཅི་ལ་མོས་པ་བཞིན་དུ་སྣང་བར་བྱེད་དོ། །དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ལ་ཡང་བུད་མེད་ཀྱི་གཟུགས་དང་། ཁ་དོག་དང་དབྱིབས་དང་། ཆུ་ཞེང་ལྷག་པར་
འོད་གསལ་ཞིང་རྣམ་པར་དག་པས་ཅི་ལ་མོས་པ་བཞིན་དུ་སྣང་བར་བྱེད་དོ། །སེམས་ཅན་གང་འདོད་ཆགས་ཀྱིས་ཀུན་ནས་འཁོར་བའི་སེམས་དང་ལྡན་པ་དག །ཁོ་མོའི་དྲུང་དུ་འོང་ནའང་དེ་དག་ཐམས་ཅད་ལ་ཁོ་མོ་ནི་འདོད་ཆགས་དང་འབྲལ་བར་འགྱུར་བའི་ཕྱིར་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ་ཐོས་ནས་ཀྱང་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆགས་པ་མེད་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་ཁོ་མོ་མཐོང་མ་ཐག་ཏུ་འདོད་ཆགས་དང་བྲལ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དགའ་བ་དང་ལྡན་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་གཏམ་བྱས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆགས་པ་མེད་པའི་དབྱངས་ཤེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་ལག་ནས་བཟུང་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྗེས་སུ་འགྲོ་ཞིང་གནས་པ་ཞེས་བྱ་བའང་རབ་ཏུ་འཐོབ་བོ། །ལ་ལ་ནི་གཅིག་ཏུ་འགྲོགས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྲལ་བས་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་བལྟས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རབ་ཏུ་ཞི་བའི་རྣམ་པར་བརྒྱན་ཅེས་བྱ་བ་ཡང་རབ་ཏུ་ཐོབ་བོ། །ལ་ལ་ནི་གླལ་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཕས་ཀྱི་རྒོལ་བ་རྣམ་པར་འཐོར་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་མྱིག་བཙུམས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཡུལ་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་པང་དུ་འཁྱུད་
པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་ཡོངས་སུ་སྡུར་ཅིང་མྱི་གཏོང་བའི་སྙིང་པོ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་འོ་བྱས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་བསོད་ནམས་ཀྱི་མཛོད་ལ་རེག་པར་བྱེད་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །དེ་ལྟར་ཁོ་མོ་ནི་སེམས་ཅན་གང་ཇི་སྙེད་ཅིག་ཁོ་མོའི་དྲུང་དུ་འོང་བ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཐམས་ཅད་མཁྱེན་པའི་ས་ཆགས་པ་མེད་པ་ལ་མངོན་དུ་གྱུར་པ་འདི་ཉིད་ལ་རབ་ཏུ་འགོད་དོ། །སྨྲས་པ། འཕགས་མ་ཁྱོད་དེ་ལྟ་བུའི་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ཁྱོད་ཀྱིས་དགེ་བའི་རྩ་བ་ནི་གང་དུ་བསྐྱེད། ཕྲིན་ལས་ནི་ཇི་ལྟ་བུ་ཞིག་བསྩགས། སྨྲས་པ། རིགས་ཀྱི་བུ་ཁོ་མོས་དྲན་ན་འདས་པའི་དུས་ཤིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་མཐོ་བར་གཤེགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཤིན་ཏུ་མཐོ་བར་གཤེགས་པ་དེ་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སྐུ་དོན་ཏུ་རྒྱལ་པོའི་གནས་སྒོ་བཟང་པོ་ཞེས་བྱ་བར་གཤེགས་ནས་སྒོའི་ཐེམ་པ་ལ་ཞབས་ཀྱིས་གནོན་པའི་ཚེ། གྲོང་ཁྱེར་དེ་ཐམས་ཅད་ཀྱང་། རབ་ཏུ་གཡོས་ནས་ཡངས་ཤིང་རྒྱ་ཆེ་ལ་རིན་པོ་ཆེ་དུ་མ་ལས་བྱས་པར་ཡོངས་སུ་གྲུབ་པར་གྱུར་ཏེ། སྟེང་གི་བར་སྣང་ཡང་རིན་པོ་ཆེ་མང་པོའི་འོད་ཀྱིས་རྣམ་པར་བརྒྱན་པ་དང་། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང། ལྷ་རྫས་ཀྱི་རོལ་མོ་སྣ་ཚོགས་ཀྱི་སྒྲ་རབ་ཏུ་འབྱུང་བ་དང་། ལྷའི་ལུས་ཀྱི་
སྤྲིན་ཚད་མེད་པ་རྒྱ་ཆེ་བས་ཁེབས་པར་གྱུར་ཏོ། ། རིགས་ཀྱི་བུ་ཁོ་མོ་ཡང་དེའི་ཚེ་ཚོང་དཔོན་གྱི་ཆུང་མ་ཞིག་ཏུ་གྱུར་ཏེ། བློ་གྲོས་བཟང་མོ་ཞེས་བྱའོ། །དེ་ནས་ཁོ་མོ་ཆོ་འཕྲུལ་གྱིས་ཡང་དག་པར་བསྐུལ་ནས་ཁྱིམ་ཐབ་དང་ལྷན་ཅིག་ཏུ་དོང་དོང་སྟེ། དེ་བཞིན་གཤེགས་པ་གྲོང་བར་གྱི་སྲང་དུ་གཤེགས་པ་ལ་དད་པ་རྒྱ་ཆེན་པོ་སྐྱེས་ཏེ། ཁོ་མོས་ནི་རིན་པོ་ཆེའི་དྲིལ་བུ་གཅིག་ཅིག་ཕུལ་ལོ། །དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་མཐོ་བར་གཤེགས་པའི་ཞམ་འབྲིང་ན་འདུག་ཏེ། དེས་ཁོ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའི་ཐབས་དང་ཡེ་ཤེས་མཐའ་ཡས་པ་ལ་གནས་པ། བསོད་ནམས་རྒྱ་ཆེ་ཞིང་ཡངས་པའི་མཛོད་དང་ལྡན་པ། ཡེ་ཤེས་ཀྱི་ཡུལ་ལ་ཐུབ་པ་མེད་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་དགེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡོད་དེ། དེ་ན་ཁྱིམ་བདག་ནན་ཁུགས་ཤེས་བྱ་བ་དེ་བཞིན་གཤེགས་པའི་མཆོད་རྟེན་ཙན་དན་གྱི་ཁྲི་འཕང་ཅན་ལ་མཆོད་པ་བྱེད་པ་ཞིག་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བཅོམ་པ་མ་ལྷའི་བཤེས་གཉེན་མའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་པ་མ་ལྷའི་བཤེས་གཉེན་མ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། བཅོམ་པ་མ་ལྷའི་བཤེས་གཉེན་མའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་གྲོང་ཁྱེར་དགེ་བའི་ཕ་རོལ་ཏུ་ཕྱིན་པར་
ཁྱིམ་བདག་ནན་ཁུགས་ཀྱི་ཁྱིམ་ག་ལ་བ་དེར་ཕྱིན་ནས། ཁྱིམ་བདག་ནན་ཁུགས་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ནས། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེས་སྨྲས་པ་རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡོངས་སུ་མི་ཟད་པ་ཐོབ་པ་སྟེ། རིགས་ཀྱི་བུ་ཁོ་བོའི་སེམས་ཀྱི་རྒྱུད་ལས་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཀྱང་། སེམས་ཅན་འདུལ་བའི་དབང་དུ་མཛད་པ་མ་གཏོགས་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཀྱང་ཤིན་ཏུ་མྱ་ངན་ལས་འདས་པའི་ཚུལ་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ། །ཡོངས་སུ་མྱ་ངན་ལས་འདའ་བ་མེད་དོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མེད་དོ། །རིགས་ཀྱི་བུ་དེ་ལྟར་ཁོ་བོ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ཙན་དན་གྱི་ཁྲི་འཕང་ཀྱི་སྒོ་འབྱེད་པ་སྟེ། ཁོ་བོ་མཆོད་རྟེན་གྱི་སྒོ་འབྱེད་འབྱེད་པས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་རིགས་མི་ཟད་པའི་རྒྱན་ཅེས་བྱ་བ་ཐོབ་བོ། །རིགས་ཀྱི་བུ་ཁོ་བོ་ནི་ཏིང་ངེ་འཛིན་འདི་ཉིད་ལ་སེམས་ཀྱི་སྐད་ཅིག་སྐད་ཅིག་ཏུ་མཉམ་པར་གཞོག་སྟེ། སེམས་ཀྱི་སྐད་ཅིག་ཐམས་ཅད་ལའང་ཁྱད་པར་གྱི་རྣམ་པ་དུ་མ་རབ་ཏུ་འཐོབ་བོ། །སྨྲས་པ། འཕགས་པ་ཏིང་ངེ་འཛིན་དེའི་ཡུལ་ཇི་ལྟ་བུ་ཞིག་མཆིས། སྨྲས་པ་རིགས་ཀྱི་བུ་ཁོ་བོ་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་པའི་ཚེ། འཇིག་རྟེན་
གྱི་ཁམས་ཀྱི་རྒྱུད་འདི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་བསོད་སྐྱབས་ལ་སྩོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། གསེར་ཐུབ་དང་། ལོག་པར་དད་སེལ་དང་། ཐམས་ཅད་མངའ་བ་དང་། གཙུག་ཏོར་ཅན་དང་། རྣམ་པར་གཟིགས་དང་། རྒྱལ་དང་། རྫོགས་མཛད་དང་། གྲགས་མཆོག་དང་། པད་མོའི་བླ་ལ་སྩོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སངས་རྒྱས་མཐོང་བའི་མཚམས་འབྲེལ་པས། སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པའི་ཚུལ་གྱིས་མངོན་སུམ་དུ་མཐོང་སྟེ། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་ཡང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་སྟོང་ཡང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་བརྒྱ་ཕྲག་སྟོང་ཡང་མཐོང་ངོ་། །དེ་བཞིན་དུ་སངས་རྒྱས་བྱེ་བ་དང་། སངས་རྒྱས་བྱེ་བ་ཕྲག་བརྒྱ་དང་། སངས་རྒྱས་བྱེ་བ་ཕྲག་སྟོང་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་སྟོང་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་དང་། སངས་རྒྱས་བྱེ་བ་དུང་ཕྱུར་དང་། སངས་རྒྱས་བྱེ་བ་ཐམས་ཐམས་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་དང་། དེའི་འོག་མའི་སེམས་ཀྱིས་སངས་རྒྱས་འབྱུང་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་དེ་བཞིན་གཤེགས་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་དང་པོ་བསྐྱེད་པའི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལའང་འཇུག་གོ་ཐུགས་དང་པོ་བསྐྱེད་པས་འཐོབ་པའི་རྣམ་པར་འཕྲུལ་པ་ལའང་འཇུག་གོ །སྨོན་ལམ་རྣམ་པ་ཐ་དད་པ་མངོན་པར་བསྒྲུབས་པ་རྣམ་པར་དག་པ་ལའང་འཇུག་གོ །སྤྱོད་པ་རྣམ་པར་དག་པ་ལའང་འཇུག་གོ །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་
མཛད་པ་ལའང་འཇུག་གོ །བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་བསྒྲུབས་པ་ལའང་འཇུག་གོ །བཟོད་པ་བརྙེས་པ་རྣམ་པར་དག་པ་ལའང་འཇུག་གོ །བདུད་ཀྱི་དཀྲུགས་མ་རྣམ་པར་འཐོར་བའི་ཁྱུ་མཆོག་གི་མཐུ་ཕྱུང་བ་ལའང་འཇུག་གོ །མངོན་པར་རྫོགས་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པའི་རྒྱན་ལའང་འཇུག་གོ །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་མཛད་པ་རྣམ་པ་ཐ་དད་པ་ལའང་འཇུག་གོ །སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་རྣམ་པ་ཐ་དད་པ་ལའང་འཇུག་གོ །འཁོར་ཀུན་ནས་འདུས་པ་རྣམ་པ་ཐ་དད་པ་ལའང་འཇུག་གོ །འོད་ཀྱི་དཀྱིལ་འཁོར་རྣམ་པ་ཐ་དད་པ་ལའང་འཇུག་གོ །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྱུ་མཆོག་གི་མཐུ་ཕྱུང་བ་ལའང་འཇུག་གོ །སངས་རྒྱས་ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ལའང་འཇུག་གོ །དེ་བཞིན་གཤེགས་པ་དེ་དག་གིས་ཆོས་བསྟན་པ་ཡང་ཤིན་ཏུ་རྣམ་པར་གསལ་བ་དང་། མ་འདྲེས་པར་དྲན་ཏེ། ཡང་དག་པར་འཛིན་ཏོ། །དྲན་པས་ཡོངས་སུ་བཅངས་སོ། །རིག་པས་རབ་ཏུ་ཤེས་པར་བྱེད་དོ། །བློ་གྲོས་ཀྱིས་ཤིན་ཏུ་རྣམ་པར་འབྱེད་དོ། །བློས་རྟོགས་པར་བྱེད་དོ། །ཤེས་རབ་ཀྱིས་སྣང་བར་བྱེད་དོ། །མ་བྱོན་པའི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པའི་བྱམས་པ་ལ་སྩོགས་པ་དག་ཀྱང་མཐོང་ཞིང་ཤེས་ཏེ། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་ཡང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་སྟོང་ཡང་མཐོང་བ་ནས། དེའི་འོག་མའི་སེམས་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་ཀྱང་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་དང་པོ་བསྐྱེད་པའི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལའང་འཇུག་གོ །དེ་བཞིན་གཤེགས་པ་དེ་དག་གིས་ཆོས་བསྟན་པ་ཡང་ཤིན་ཏུ་གསལ་བ་དང་། མ་འདྲེས་པར་རྗེས་སུ་དྲན་
ཏེ་ཡང་དག་པར་འཛིན་ཏོ། །དྲན་པས་ཡོངས་སུ་བཅངས་སོ། །རིག་པས་རབ་ཏུ་ཤེས་པར་བྱེད་དོ། །བློ་གྲོས་ཀྱིས་རྣམ་པར་འབྱེད་དོ། །བློས་རྟོགས་པར་བྱེད་དོ། །ཤེས་རབ་ཀྱིས་སྣང་བར་བྱེད་དོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འདི་སྔོན་གྱི་མཐའ་དང་ཕྱི་མའི་མཐར་གཏོགས་པའི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཐོང་ཞིང་ཤེས་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འདས་པ་དང་། མ་འོངས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྙེད་ཀྱི་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱང་ཤེས་ཤིང་མཐོང་ངོ་། །དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་དང་པོ་བསྐྱེད་པའི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལའང་འཇུག་གོ །སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་ལའང་རྒྱུན་མི་འཆད་པ་དང་། མི་ཟད་པ་དང་། དད་པས་ཤེས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དང་། ཞེ་ནོན་པས་ཁོང་དུ་ཆུད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཤུགས་རྣམ་པར་འཕེལ་བར་བྱེད་པ་དང་། འཇིག་རྟེན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། དེའི་ཡུལ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མི་འཕྲོགས་པ་ཤེས་ཤིང་ཁོང་དུ་ཆུད་པར་བྱེད་དོ། །རྣམ་པར་སྣང་མཛད་ལ་སྩོགས་པ་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱང་མཐོང་ཞིང་ཤེས་ཏེ། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་ཡང་མཐོང་ཞིང་ཤེས་སོ། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་སྟོང་ཡང་མཐོང་བ་ནས། དེའི་འོག་མའི་སེམས་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བར་དུ་ཡང་མཐོང་སྟེ། ནམ་དེ་བཞིན་གཤེགས་པ་
གང་གི་ཞལ་བལྟ་བར་དགའ་བ་དེའི་ཚེའང་དེ་བཞིན་དུ་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྟན་པ་དང་། བསྟན་པ་མཛད་པ་དང་། བསྟན་པར་འགྱུར་བ་དེ་དག་ཀྱང་ཐོས་སོ། །ཐོས་ནས་ཀྱང་འཛིན་ཏོ། །དྲན་པས་ཡོངས་སུ་བཅངས་སོ། །རིག་པས་རབ་ཏུ་ཤེས་པར་བྱེད་དོ། །བློ་གྲོས་ཀྱིས་རྣམ་པར་འབྱེད་དོ། །བློས་རྟོགས་པར་བྱེད་དོ། །ཤེས་རབ་ཀྱིས་སྣང་བར་བྱེད་དོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་མཐར་ཕྱིན་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་དུས་གསུམ་སྐད་ཅིག་གཅིག་ཏུ་ཤེས་པ་རབ་ཏུ་ཐོབ་པ། སྐད་ཅིག་གཅིག་གི་ཆ་ཤས་ལ་ཏིང་ངེ་འཛིན་རྣམ་པར་ཕྱེ་བ་ལ་སྤྱད་པ། དེ་བཞིན་གཤེགས་པའི་ཉི་མ་ལས་བྱུང་བ་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ། སངས་རྒྱས་ཐམས་ཅད་དང་མཉམ་པའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པ། བདག་དང་སེམས་ཅན་དང་། སངས་རྒྱས་མི་གཉིས་པར་སྤྱོད་པ། རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་རྒྱན་གྱི་དཀྱིལ་འཁོར་དང་ལྡན་པ། ཡེ་ཤེས་ཀྱི་འཁྲུལ་འཁོར་ཀྱིས་འཇིག་རྟེན་གྱི་དྲ་བ་འགེངས་པ། དེ་བཞིན་གཤེགས་པ་རྒྱ་མཚོ་ཐམས་ཅད་དང་། མི་འགལ་བར་རྣམ་པར་སྤྱོད་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྣམ་པར་རྟོགས་པར་བྱེད་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་བསྟན་པ་རྣམ་པར་རིག་པར་བྱེད་པའི་ཡེ་ཤེས་ཀྱི་ཡུལ་ཅན་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་རི་གྲུ་འཛིན་ཅེས་བྱ་བ་ཡོད་དེ། དེ་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དྲིས་ཤིག་ཅེས་
ནས་དེའི་ཚེ། ཚིགས་སུ་བཅད་པ་འདི་གཉིས་སྨྲས་སོ། །སོང་ཤིག་ནོར་བཟངས་དཔལ་གྱི་ཆུ་རྒྱལ་དབུང་ཞིག་ན། །མཁས་པ་རྣམས་ཀྱིས་རི་རྒྱལ་གྲུ་འཛིན་མཛེས་པ་ཡོད། །རིན་ཆེན་རྒྱུས་བྱས་ཤིང་དང་ནགས་ཚལ་མེ་ཏོག་མང་། །བཟའ་ཤིང་ར་བ་རྫིང་དང་ཆུ་བྲན་འབབ་པར་ལྡན། །རི་མཆོག་དེ་ལ་བརྟན་པར་སྤྱན་རས་གཟིགས་ཀྱི་དབང་། །འགྲོ་བ་རྣམས་ལ་ཕན་པའི་དོན་དུ་རྣམ་པར་སྤྱོད། །དེའི་གན་སོང་དང་ནོར་བཟངས་ཁྱོད་ལ་མགོན་པོ་ཡིས། །ཡོན་ཏན་རྒྱ་ཆེན་ཚུལ་ལ་འཇུག་པ་སྟོན་པར་བྱེད། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁྱིམ་བདག་ནན་ཁུགས་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཁྱིམ་བདག་ནན་ཁུགས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས་ཁྱིམ་བདག་ནན་ཁུགས་ཀྱི་དྲུང་ནས་སོང་ངོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ལྔ་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཁྱིམ་བདག་ནན་ཁུགས་ཀྱི་གདམས་ངག་རྗེས་སུ་སེམས་ཤིང་། བྱང་ཆུབ་སེམས་དཔའི་མོས་པའི་མཛོད་དེ་ནི་ཤེས་པར་བྱེད། བྱང་ཆུབ་སེམས་དཔའི་རྗེས་སུ་དྲན་པའི་སྟོབས་དེ་ནི་རྗེས་སུ་དྲན་པར་བྱེད། སངས་རྒྱས་ཀྱི་ཚུལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྟོབས་ནི་ཡང་དག་པར་འཛིན། སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཚམས་ནི་ཁོང་དུ་ཆུད་པར་བྱེད། རྣས་ཐོས་པའི་སངས་རྒྱས་ཀྱི་མཚན་དེ་དག་གི་རྗེས་སུ་ནི་འབྲང་། སངས་རྒྱས་ཀྱི་ཆོས་བསྟན་པའི་ཚུལ་དེ་དང་ནི་འཐུན་པར་བྱེད། སངས་རྒྱས་ཀྱིས་ཡང་དག་པར་བསྒྲུབ་པའི་རྒྱན་དེ་ནི་ཁོང་དུ་ཆུད་པར་བྱེད། སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཁྱུ་མཆོག་གི་མཐུ་ཕྱུང་བ་དེ་ལ་ནི་ཡིད་ཆེས་པར་བྱེད། དེ་བཞིན་གཤེགས་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དེ་ནི་མངོན་དུ་བྱེད་ཅིང་། མཐར་གྱིས་རི་གྲུ་འཛིན་གང་ན་བ་དེར་
སོང་ནས། རི་གྲུ་འཛིན་གྱི་སྟེང་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས། ནུབ་ཕྱོགས་ལོགས་ཀྱི་རིའི་སྨན་ལྗོངས་མཚོ་དང་། མཚེའུ་དང་འབབ་ཆུས་མཛེས་པར་གྱུར་པ། བཻ་ཌཱུརྱ་སྔོན་པོའི་དཀྱིལ་འཁོར་ལྟར་སྔོ་ཞིང་འཇམ་ལ་གཞོན་པའི་སྤང་། ནགས་ཚལ་ཆེན་པོའི་མཐོངས་ན་འདུག་པ་ཞིག་ན། རིན་པོ་ཆེའི་རྡོ་རྗེའི་རྡོ་སྟེགས་ཤིག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ཅིང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྡོ་སྟེགས་ལ་འཁོད་པའི་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས། ཀུན་ནས་བསྐོར་ཅིང་ཆོས་སྟོན་ཏེ། ཆོས་ཀྱི་རྣམ་གྲངས་འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་པའི་ཡུལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སྒོ་གསལ་བར་སྟོན་པ་ཞེས་བྱ་བ་ཡང་དག་པར་སྟོན་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས་དགའ་བས་རྒྱས་ཞིང་མི་འཛུམ་པའི་མིག་གིས་ཐལ་མོ་སྦྱར་ནས། དགེ་བའི་བཤེས་གཉེན་ལ་དད་པའི་ཤུགས་དང་ལྡན་པས་སེམས་མི་འཁྲུག་པ། དགེ་བའི་བཤེས་གཉེན་མཐོང་ན། སངས་རྒྱས་ཐམས་ཅད་མཐོང་བར་འཛིན་པ། དགེ་བའི་བཤེས་གཉེན་ལས་བྱུང་བའི་ཆོས་ཀྱི་སྤྲིན་ཐམས་ཅད་ཡང་དག་པར་གཟུང་བའི་འདུ་ཤེས་དང་ལྡན་པ། ཡོན་ཏན་དང་ནན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལུས་པའི་འདུ་ཤེས་ཅན། དགེ་བའི་བཤེས་གཉེན་དང་ཕྲད་པ་ཤིན་ཏུ་དཀའ་བར་སེམས་པ། དགེ་བའི་བཤེས་གཉེན་ལས་སྟོབས་བཅུའི་ཡེ་ཤེས་རིན་པོ་ཆེ་འབྱུང་ཞིང་ཐོབ་པར་འགྱུར་བའི་འདུ་ཤེས་དང་ལྡན་པ། དགེ་བའི་བཤེས་གཉེན་ལས་སྣང་བ་མི་ཟད་པ་འབྱུང་བའི་འདུ་ཤེས་ཅན། དགེ་བའི་བཤེས་གཉེན་གྱི་རྟེན་གྱི་བསོད་ནམས་ཀྱི་རྒྱུད་རྣམ་པར་འཕེལ་བར་འགྱུར་བའི་འདུ་ཤེས་དང་ལྡན་པ། དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ཡང་དག་པར་སྟོན་པའི་
འདུ་ཤེས་དང་ལྡན་པ། དགེ་བའི་བཤེས་གཉེན་ནི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལ་འཇུག་པའི་ཡོངས་སུ་སྟོན་པར་འདུ་ཤེས་པ། དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡང་དག་པར་འདུས་པ། ཡོངས་སུ་བསྐྱེད་པའི་འདུ་ཤེས་དང་ལྡན་པ་དེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་གང་ན་བ་དེར་ཕྱིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་ཚོང་དཔོན་གྱི་བུ་ནོར་བཟངས་རིང་ཞིག་ནས་ཚུར་འོང་བ་མཐོང་ནས། སྨྲས་པ། ཚུར་ཤོག་དཔེ་མེད་པའི་ཐེག་པ་ཆེན་པོ་ཡངས་ཤིང་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ། སྐྱེ་བ་ལས་བྱུང་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་ཤིང་སྐྱབས་མེད་པར་གྱུར་པའི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་བསམ་པ་དང་ལྡན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ། འཇིག་རྟེན་ཐམས་ཅད་ལས་འདས་ཏེ་དཔེ་མེད་ཚད་མེད་པ་ལ་མངོན་པར་མོས་པ། སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པས། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་བློ་གྲོས་ཅན། བལྟ་ན་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་མངོན་དུ་བལྟས་པ། སྨོན་ལམ་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་སྦྱང་བའི་སེམས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡོངས་སུ་གཟུང་བར་མོས་པ། དགེ་བའི་རྩ་བ་བསྩགས་པས་ངོམས་མི་ཤེས་པའི་བསམ་པ་དང་ལྡན་པ། དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ཡང་དག་པར་ཞུགས་པ། འཇམ་དཔལ་གྱི་ཡེ་ཤེས་རྒྱ་མཚོ་ལས་བྱུང་བའི་ཡོན་ཏན་གྱི་འབྱུང་གནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཐོབ་པར་བྱ་བ་ལ་མངོན་དུ་བལྟས་པ། ཏིང་ངེ་འཛིན་གྱི་སྣང་བ་དང་ཤུགས་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་ཡང་དག་པར་གཟུང་བ་ལ་མངོན་པར་མོས་པའི་སེམས་དང་ལྡན་པ། སངས་རྒྱས་མཐོང་བས་དགའ་བ་དང་། མོས་པའི་ཤུགས་ཀྱིས་ཡིད་རབ་ཏུ་བདེ་བར་གྱུར་པ། ལེགས་པར་སྤྱོད་པ་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཤུགས་ཀྱིས་མངོན་པར་བརླན་
པའི་སེམས་དང་ལྡན་པ། ཡོན་ཏན་ལ་ནན་ཏན་དུ་བྱ་བའི་ཤུགས་ཀྱིས་རྣམ་པར་དག་པའི་བསོད་ནམས་དང་ཡེ་ཤེས་ཀྱི་མཛོད་བདག་ལ་མངོན་དུ་གྱུར་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བའི་ལམ་གྱི་ཤུགས་གཞན་ལ་ཡོངས་སུ་བསྟན་པའི་བསམ་པ་ཅན། སྙིང་རྗེ་ཆེན་པོའི་ཤུགས་མ་ཉམས་པའི་རྩ་བ་དང་ལྡན་པ། དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བའི་ཤུགས་ཡང་དག་པར་གཟུང་བའི་བློ་གྲོས་ཅན་ཁྱོད་འོངས་པ་ལེགས་སོ་ལེགས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་གང་ན་བ་དེར་སོང་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་མདོག་འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཁ་དོག་ཏུ་འདུག་པ་འོད་ཀྱི་དྲ་བ་རྣམ་པ་སྣ་ཚོགས་ཚད་མེད་པ་འཕྲོ་བའི་རྒྱན་གྱི་སྤྲིན་རབ་ཏུ་འགྱེད་པའི་ལག་པ་གཡས་པ་བརྐྱང་ཏེ། མཚན་དང་དཔེ་བྱད་བཟང་པོ་ལས་བྱུང་བའི་འོད་གཟེར་སྣ་ཚོགས་དྲི་མ་མེད་པ། ལུས་དང་སེམས་ཀྱི་བདེ་བ་ཚད་མེད་པ་རབ་ཏུ་སྐྱེད་
པའི་ཚོགས་ཀྱིས་ཤིན་ཏུ་རྒྱས་པའི་ལག་པ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་སྤྱི་བོ་ལ་བཞག་སྟེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་ཞེས་བྱ་བ་ཤེས་ཏེ། རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་དེ་ནི་འགྲོ་བ་ཐམས་ཅད་ལ་དབྱེ་བ་མེད་པར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་ཞུགས་པ་སྒོ་ཀུན་ནས་ཐོས་ཤིང་རྣམ་པར་རིག་པར་འགྱུར་བས། སེམས་ཅན་ཡོངས་སུ་བསྡུ་བ་དང་། གདུལ་བ་ལ་ཉེ་བར་གནས་པ་སྟེ། རིགས་ཀྱི་བུ་དེ་ལྟར་ང་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་ལ་གནས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་ཀྱང་མི་གཡོ་ལ། སེམས་ཅན་ཐམས་ཅད་ཀྱི་དགོས་པ་ལའང་སྟ་གོན་དུ་གནས་ཏེ། སྦྱིན་པས་ཀྱང་སེམས་ཅན་ཡོངས་སུ་སྡུད་དོ། །ངག་སྙན་པ་དང་དོན་བྱ་བ་དང་། དོན་འཐུན་པས་ཀྱང་སེམས་ཅན་ཡོངས་སུ་བསྡུད་དོ། །གཟུགས་ཀྱི་ལུས་རྣམ་པར་བསྟན་པས་ཀྱང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །ཁ་དོག་དང་དབྱིབས་དང་གཟུགས་བསམ་གྱིས་མི་ཁྱབ་པ་བསྟན་ཏེ། རྣམ་པར་དམིགས་པར་བྱ་བ་དང་། འོད་གཟེར་ཀྱི་དྲ་བ་དགྱེ་བས་ཀྱང་སེམས་ཅན་རབ་ཏུ་ཚིམ་པར་བྱེད་ཅིང་ཡོངས་སུ་སྨྱིན་པར་བྱེད་དོ། །བསམ་པ་ཇི་ལྟ་བ་བཞིན་དུ་དབྱངས་བརྗོད་པ་དང་། ཅི་ལ་དགའ་བའི་སྤྱོད་ལམ་ཡོངས་སུ་བསྟན་པ་དང་། མོས་པ་སྣ་ཚོགས་དང་། ཚུལ་འཐུན་པར་ཆོས་བསྟན་པ་དང་། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་སྣ་ཚོགས་དང་། དགེ་བའི་ཆོས་བསྩགས་པར་བག་མྱི་བྱེད་པའི་སེམས་ཅན་གྱི་སེམས་ཡོངས་སུ་བསྐུལ་བ་དང་། བསམ་པ་དང་འཐུན་པར་སྤྲུལ་པ་སྣ་ཚོགས་ཚད་མེད་པ་ཡོངས་སུ་བསྟན་པ་དང་། རིགས་སྣ་ཚོགས་སུ་སྐྱེས་པའི་
སེམས་ཅན་རྣམས་དང་སྐལ་བ་འཐུན་པའི་གཟུག་ཡོངས་སུ་བསྟན་པ་དང་། གནས་གཅིག་ཏུ་འགྲོགས་པས་ཀྱང་སེམས་ཅན་ཡོངས་སུ་བསྡུས་ཤིང་ཡོངས་སུ་སྨྱིན་པར་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ངས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་འདི་ཡོངས་སུ་སྦྱངས་པས། འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་སྨོན་ལམ་བསྐྱེད་དེ། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་གཡང་སའི་འཇིགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་འཇིགས་པ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མགོ་རྨོངས་པའི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་བཅིངས་པའི་འཇིགས་པ་ཡོངས་སུ་གཅད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་བབ་པར་མི་བདེ་བའི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡོ་བྱད་ཀྱིས་ཕོངས་པའི་འཇིགས་པ་བསལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཚོ་བ་མེད་པའི་འཇིགས་པ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་གྲགས་པ་མེད་པའི་འཇིགས་པ་ལས་ཡོངས་སུ་བཟླ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་འཇིགས་པ་རབ་ཏུ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་དུ་བག་ཚ་བའི་འཇིགས་པ་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་འཆི་བའི་འཇིགས་པ་ལས་རྣམ་པར་བཟླ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལམ་མུན་པས་ཉམ་ང་བ་ཕྱིར་མི་ལྡོག་པའི་སྣང་བས་གསལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་སྐལ་བ་མི་མཉམ་པ་དང་འགྲོགས་པའི་འཇིགས་པ་ཤིན་ཏུ་བསལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་པ་དང་བྲལ་བའི་འཇིགས་པ་དགག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མི་སྡུག་པ་དང་། འགྲོགས་པའི་འཇིགས་པ་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལུས་ལ་མི་བདེ་བའི་འཇིགས་པ་དང་བྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་སེམས་ལ་མི་བདེ་
བའི་འཇིགས་པ་ལས་དགྲོལ་བ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུགས་པ་ལས་ཡོངས་སུ་བཟླ་བའི་ཕྱིར་འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་སྨོན་ལམ་མངོན་པར་བསྒྲུབ་པ་འདི་བྱས་སོ། །སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་རྣམ་པར་ཞི་བར་བྱ་བའི་ཕྱིར་ཡང་འཇིག་རྟེན་དུ་རྗེས་སུ་དྲན་པའི་སྒོ་བྱིན་གྱིས་བརླབས་སོ། །སེམས་ཅན་ཐམས་ཅད་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར། རང་གི་མྱིང་འཁོར་ལོ་ཡང་འཇིག་རྟེན་དུ་རྣམ་པར་དམིགས་པར་བྱས་སོ། །དུས་ཇི་ལྟ་བ་བཞིན་དུ་འགྲོ་བས་རྣམ་པར་དམྱིགས་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་རྣམ་པའི་བྱེ་བྲག་མཐའ་ཡས་པ་དང་མཉམ་པར་ངའི་ལུས་ཀྱང་བྱིན་གྱིས་བརླབས་སོ། །རིགས་ཀྱི་བུ་དེ་ལྟར་ང་ནི་ཐབས་འདིས་སེམས་ཅན་ཐམས་ཅད་འཇིགས་པ་ལས་ཡོངས་སུ་བཀྲོལ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཕྱིར་མི་ལྡོག་པར་བྱེད་དོ། །རིགས་ཀྱི་བུ་ངས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་འདི་ཐོབ་པར་ཟད་ན། ངས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་གྱི་དཀྱིལ་འཁོར་ལ་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁོང་དུ་ཆུད་པར་རྟོགས་པ། དགེ་བའི་ཆོས་མངོན་པར་འདུ་བྱ་བ་རྒྱུན་མི་གཅོད་པའི་རྒྱུད་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུད་ལ་རྟག་ཏུ་མཉམ་པར་གཞག་པ། བསྐལ་པ་ཐམས་ཅད་དུ་གནས་ཤིང་སྤྱོད་པ་ལས་ཕྱིར་མི་ལྡོག་པའི་རྒྱུད་དང་ལྡན་པ། དུས་གསུམ་ཐམས་ཅད་ཀྱི་ཚུལ་རྗེས་སུ་རྟོགས་པའི་རྒྱུད་དང་ལྡན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཀློང་ཡོངས་སུ་འཁྱིལ་པའི་རྒྱུད་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་སེམས་རྣམ་པར་ཞི་བར་བྱེད་པའི་རྒྱུད་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་སེམས་ཡོངས་སུ་འཕེལ་བའི་རྒྱུད་དང་ལྡན་པ།
སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་རྒྱུད་ལས་ཕྱིར་མི་ལྡོག་པར་བྱེད་པའི་རྒྱུད་དང་ལྡན་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། དེ་ལ་འདི་སྐད་ཅེས་བྱའོ། །གཡས་ཕྱོགས་བསྐོར་བ་བྱས་ཏེ་གུས་པར་བཀུར་བསྟོད་ནས། །ནོར་བཟངས་ཤིན་ཏུ་དུལ་བ་ལྷོ་ཕྱོགས་རྒྱུད་དུ་སོང་། །སྤྱན་རས་གཟིགས་དབང་དྲང་སྲོང་སྙིང་རྗེ་རྣམ་སྤྱོད་པ། །རིན་ཆེན་རིའི་སུལ་ན་གནས་པར་དེས་ཀྱང་མཐོང་། །རིན་ཆེན་སྣ་ཚོགས་རྡོ་རྗེའི་རི་ཡི་སྨན་ལྗོངས་ན། །པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྟན་པར་འདུག །ལྷ་དང་ལྷ་མིན་ཀླུ་དང་སྲིན་པོ་མི་འམ་ཅི། །རྒྱལ་བའི་སྲས་ཀྱིས་བསྐོར་ཅིང་དེ་ལ་ཆོས་ཀྱང་སྟོན། །མཐོང་ནས་ནོར་བཟངས་དགའ་བ་ཚད་མེད་སྐྱེས་པར་གྱུར། །བསྙེན་ཏེ་ཡོན་ཏན་རྒྱ་མཚོའི་རྐང་ལ་ཕྱག་འཚལ་ནས། ། ཅི་ནས་བཟང་པོའི་སྤྱོད་པ་བདག་གིས་ཐོབ་འགྱུར་བར། །འཕགས་པས་ཐུགས་རྗེ་བསྐྱེད་དེ་གདམས་ཤིང་བསླབ་པར་གསོལ། །བསོད་ནམས་བརྒྱ་པས་བརྒྱན་པའི་དྲི་མེད་ལག་བརྐྱང་སྟེ། །འོད་སྤྲིན་དྲ་བ་རྒྱ་ཆེན་བཟང་པོ་རབ་བཏོན་ནས། །ནོར་བཟངས་སྤྱི་བོར་བཞག་སྟེ་སེམས་ཅན་རྣམ་དག་པ། །སྤྱན་རས་གཟིགས་ཀྱི་དབང་པོ་མཁས་པས་ཚིག་འདི་སྨྲས། །སངས་རྒྱས་སྲས་པོ་ང་ནི་རྣམ་ཐར་གཅིག་སྒོ་ཤེས། །ཡེ་ཤེས་སྙིང་པོ་རྒྱལ་བ་ཀུན་གྱི་ཐུགས་རྗེ་སྡུག །འགྲོ་བ་ཐམས་ཅད་བསྐྱབ་ཅིང་ཡོངས་སུ་བསྡུ་ཕྱིར་བྱུང་། །ཀུན་ཏུ་བདག་ཉིད་རང་ལ་བྱམས་པ་བཞིན་དུ་རྒྱུ། །འགྲོ་བ་མང་པོ་ཐམས་ཅད་སྡུག་བསྔལ་ཀུན་ལས་སྐྱོབ། །གང་རྣམས་དམ་དུ་བཅིངས་ཤིང་དགྲ་ལག་ཕྱིན་པ་དང་། །ལུས་ལ་གཟེར་ཅིང་དེ་བཞིན་བཙོན་རར་བཙུད་པ་ཡང་། །ང་ཡི་མིང་ཐོས་བཅིངས་ཤིང་བཟུང་བ་ཐར་བར་འགྱུར། །རྒྱལ་པོ་དག་ལ་ཉེས་པའི་གཡོན་བྱས་གསད་སྤངས་པ། །དེ་ཚེ་དེ་དག་ང་ཡི་མིང་ཡང་དྲན་གྱུར་ན། །མདའ་འཕངས་དེ་ཡི་ལུས་ལ་ཕོག་པར་མི་འགྱུར་ཏེ། །མཚོན་རྣོན་བཏབ་ཀྱང་དེ་དག་མི་འཛུག་སྒལ་བར་འགྱུར། །
དབང་པོའི་འཁོར་དུ་ཕྱིན་ཀྱང་གང་རྣམས་རྩོད་གྱུར་པ། །དགྲ་རྣམས་ཀུན་ལས་རྒྱལ་འགྱུར་གྲགས་པ་འཐོབ་པར་འགྱུར། །གྲགས་དང་གྲོགས་དང་རིགས་དང་ནོར་རྣམས་འཕེལ་བར་འགྱུར། །ང་ཡི་མིང་དྲན་དེ་དག་ཐུབ་པ་མེད་པར་འགྱུར། །གང་གིས་ང་ཡི་མིང་ནི་རྗེས་སུ་དྲན་བྱས་པ། །དེ་དག་རྐུན་པོས་འཇིགས་དོགས་དགྲས་འཇིགས་ནགས་ཕྱིན་ཏེ། །སེང་གེ་དོམ་གཟིག་གཅན་ཟན་གཡག་རྒོད་སྦྲུལ་གང་ཡང་། །དགྲ་རྣམས་ཀུན་ལས་རྒྱལ་ཞིང་འཇིགས་པ་མེད་པར་འགྱུར། །གང་རྣམས་ལ་ལས་ང་ཡི་མིང་ཞིག་དྲན་བྱས་ན། །སྡང་བའི་སེམས་ཀྱིས་རིན་ཆེན་ལྟོངས་སུ་བོར་གྱུར་ཏམ། །སོལ་མདག་ལྕི་མེ་རབ་ཏུ་འབར་བར་བོར་གྱུར་ཀྱང་། །མེ་རྣམས་པད་མོས་གང་བའི་ཆུ་ཡི་གཏེར་དུ་འགྱུར། །ང་ཡི་མིང་ནི་སྐད་འགའ་ཡུད་ཙམ་རྗེས་དྲན་ན། ། རྒྱ་མཚོའི་ཆུར་བོར་དེ་ཡི་ནང་དུ་འཆི་མི་འགྱུར། །ཆུ་བོས་མི་འཁྱེར་མེ་ཡི་དབུས་སུ་ཚིག་མི་འགྱུར། །དོན་མེད་ཀུན་ཏུ་མི་འགྱུར་དོན་རྣམས་འགྲུབ་པར་འགྱུར། །ཤིང་སྒྲོག་དབྱིག་ཆིངས་ལྕགས་སྒྲོག་དེ་བཞིན་ལྟུང་རྣམས་དང་། །བརྙས་ཤིང་ཁྱད་བསད་དེ་བཞིན་བྲིད་ཅིང་བསླུས་པ་དང་། །སྤྱོས་ཤིང་བསྡིགས་ཏེ་གཤེ་དང་སྨ་ཕབ་རྣམ་པ་ལས། །ང་ཡི་མིང་ཙམ་དྲན་པར་བྱས་ན་ཐར་པ་ཐོབ། །གང་རྣམས་ཤར་གཉེར་སྣ་ཚོགས་གླགས་ལྟ་ཇི་སྙེད་དང་། །གང་རྣམས་རྟག་ཏུ་ཞེ་སྡང་མི་སྙན་བརྗོད་པའི་རྣམས། །ང་ཡི་མིང་ཐོས་དྲན་བྱས་སྙན་པར་བརྗོད་པར་འགྱུར། །མཐོང་བ་ཙམ་གྱིས་མོད་ལ་བྱམས་པའི་སེམས་ཀྱང་སྐྱེ། །ང་ཡི་མིང་ཙམ་ལ་ལ་གང་གིས་དྲན་བྱས་ནས། །གནོད་པའི་དོན་དུ་རོ་ལངས་སྔགས་དང་བྱད་བྱེད་པའི། །དགྲ་རྣམས་རྟག་ཏུ་དེ་ཡི་ཟིལ་གྱིས་ནོན་པར་འགྱུར། །མ་ལུས་དུག་གིས་དེ་ཡི་ལུས་ལ་མི་ཚུགས་སོ། །ལ་ལ་གང་གིས་ང་ཡི་མིང་ཙམ་དྲན་བྱས་ན། །ཀླུ་དབང་སྲིན་ཚོགས་མཁའ་ལྡིང་ཤ་ཟ་ཐམས་ཅད་དང་། །གྲུལ་བུམ་སྲུལ་པོ་འཚེ་བྱེད་གཏུམ་པོའི་སེམས་དང་ལྡན། །མདངས་འཕྲོག་འཇིགས་བྱེད་རྨི་ལམ་འོང་བའང་ཞི་བར་འགྱུར། །ང་ཡི་མིང་ནི་སྐད་ཅིག་ཡུད་ཙམ་དྲན་བྱས་ཀྱང་། །ཕ་དང་མ་དང་གཉེན་བཤེས་
མཛའ་བ་ཀུན་དང་ཡང་། །འབྲལ་བར་མི་འགྱུར་སྡང་དང་འགྲོགས་པར་དེ་བཞིན་མིན། །ནོར་ཟད་མི་འགྱུར་ཕོངས་པའི་དངོས་སུ་མི་འགྱུར་རོ། །ང་ཡི་མིང་གི་རྗེས་སུ་ལ་ལ་དྲན་བྱེད་ན། །འདི་ནས་ཤི་འཕོས་མནར་མེད་སེམས་དམྱལ་མི་འགྲོ་སྟེ། །བྱོལ་སོང་སྐྱེ་གནས་ཡི་དགས་མི་ཁོམ་གནས་སུ་མིན། །སེམས་ཅན་དག་ལ་ལྷ་དང་མི་ཡི་གནས་སུ་སྐྱེ། །ང་ཡི་མིང་ནི་ལ་ལ་གང་གིས་དྲན་བྱས་ན། །དམུས་ལོང་ཞར་བ་འོན་པ་ཞ་བོར་མི་འགྱུར་ཏེ། །འཐེང་པོ་ལོང་བར་མི་འགྱུར་གསལ་སྨྲ་བལྟ་སྡུག་འགྱུར། །བསྐལ་པ་བྱེ་བ་མང་པོར་དབང་པོར་ཀུན་ལྡན་འགྱུར། །ལ་ལ་གང་གིས་ང་ཡི་མྱིང་ནི་རྗེས་དྲན་ན། །སེམས་ཅན་དག་པ་འདི་ནས་ཤི་འཕོས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་སུ་སངས་རྒྱས་མངོན་སུམ་སྐྱེ་བར་འགྱུར། །སངས་རྒྱས་མཐོང་འགྱུར་དེ་དག་ཆོས་ཀྱང་ཐོས་པར་འགྱུར། །འདི་དང་དེ་བཞིན་གཞན་དག་ཐབས་མང་ཇི་སྙེད་ཀྱིས། །འགྲོ་བར་སེམས་ཅན་ང་འདུལ་གཞལ་དང་ཟད་མི་ནུས། །སངས་རྒྱས་སྲས་པོ་ངས་ནི་རྣམ་ཐར་གཅིག་བསྒོམས་ཏེ། །ཡོན་ཏན་ཅན་གྱི་ཡོན་ཏན་ཐམས་ཅད་ངས་མི་ཤེས། །དེའི་ཚེ་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་ཞེས་བྱ་བ་ཤར་ཕྱོགས་ནས་ནམ་མཁའི་དབྱིངས་ལས་འོངས་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཡུག་གི་རྩེ་མོར་འདུག་གོ །བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཡུག་གི་རྩེ་མོ་ལ་རྐང་པ་གཉིས་བོར་མ་ཐག་དུ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། རིན་པོ་ཆེ་དུ་མའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གཞན་དུ་མྱི་འགྲོ་བ་དེས། ཉི་མ་དང་ཟླ་བའི་འོད་ཐམས་ཅད་ཟིལ་གྱིས་ནོན་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། མེ་དང་རིན་པོ་ཆེ་དང་། གློག་དང་། སྐར་མའི་འོད་ཀྱང་ཟིལ་གྱིས་ནོན་པ་དེ་ལྟ་བུའི་འོད་ལུས་ལས་
བཀྱེ་སྟེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཀྱང་སྣང་བར་བྱས། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐིབས་པོ་ཐམས་ཅད་ཀྱང་སྣང་བར་བྱས་ཏེ། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱང་དེ་མ་ཐག་ཏུ་ཞིའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡང་ཉམས་སུ་མི་གནོད་པར་གྱུར་ཏོ། །མྱ་ངན་གྱི་ཟུག་རྔུ་དང་སྡུག་བསྔལ་སྣ་ཚོགས་ཀྱང་རྩེ་ཟིལ་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་དུའང་རིན་པོ་ཆེའི་སྤྲིན་གྱི་ཆར་ཕབ་སྟེ། མེ་ཏོག་དང་སྤོས་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་རྒྱན་ཐམས་ཅད་དང་ལྡན་པའི་མཆོད་པ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ངོ་། །དེའི་ལུས་དེའི་གཟུགས་བརྙན་ནི་སེམས་ཅན་ཐམས་ཅད་གནས་སུ་སྣང་བ་སྟེ་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པ་ལ་མངོན་པར་གཞོལ་བས། རི་གྲུ་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་དྲུང་དུ་ཡང་ཕྱིན་པར་སྣང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་འཁོར་གྱི་དཀྱིལ་འཁོར་འདིར་ཕྱིན་པ་མཐོང་ངམ། སྨྲས་པ་འཕགས་པ་མཐོང་ངོ་། །སྨྲས་པ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ལ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་
བུ་ནོར་བཟངས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡེ་ཤེས་ཀྱི་གཏིང་མ་རྙེད་པའི་སེམས་ཀྱིས་སྤྱན་རས་གཟིགས་ཀྱི་དབང་པོ་བལྟ་བས་ཀྱང་མ་ངོམས་བཞིན་དུ་བསྒོ་བ་དང་། མི་འགལ་བར་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་གང་ན་བ་དེར་སོང་སྟེ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེས་སྨྲས་པ་རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒོ་ཀུན་ཏུ་འགྲོ་བ་ཐོབ་པའོ། །སྨྲས་པ། འཕགས་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་གང་གི་ཞབས་ཀྱི་དྲུང་ནས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཀུན་ཏུ་འགྲོ་བ་ཞེས་བྱ་བ་འདི་བརྙེས། འཇིག་རྟེན་གྱི་ཁམས་དེ་ནི་འདི་ནས་ཇི་སྲིད་ཅིག་ན་མཆིས། འཇིག་རྟེན་གྱི་ཁམས་དེ་ནས་བཞུད་ནས་ནི་ཇི་སྲིད་ཅིག་ལགས། སྨྲས་པ་རིགས་ཀྱི་བུ་གནས་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་ཀྱང་ཤེས་པར་དཀའ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་མཐུ་དང་། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་མི་ལྡོག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འཕྲོགས་པའི་ཡུལ་ཏེ། དེ་ནི་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ། སངས་རྒྱས་ཀྱིས་མ་ དགོངས་པ། དགེ་བའི་རྩ་བ་མ་བསྩགས་པ། བསམ་པ ་ཡོངས་སུ་མ་དག་པ། བྱང་ཆུབ་སེམས་དཔའི་དབང་པོ་མ་ཐོབ་པ། ཤེས་རབ་ཀྱི་མིག་དང་མི་
ལྡན་པ་རྣམས་ཀྱིས་ཐོས་པའམ། ཡོངས་སུ་གཟུང་བའམ། ཡིད་ཆེས་པའམ། ཁོང་དུ་ཆུད་པར་བྱ་བར་མི་ནུས་སོ། །སྨྲས་པ། སངས་རྒྱས་ཀྱི་མཐུ་དང་། དགེ་བའི་བཤེས་གཉེན་གྱི་གཟུངས་ཀྱིས་དད་པ་དང་། མོས་པར་བགྱི་ན་འཕགས་པས་བདག་ལ་བཀའ་མི་སྩལ་ཏམ། དེས་སྨྲས་པ་རིགས་ཀྱི་བུ་ང་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔལ་གྱི་སྙིང་པོ་དང་ལྡན་པ་དེ་བཞིན་གཤེགས་པ་དཔལ་ཀུན་ནས་ཡང་དག་པར་འབྱུང་བའི་སངས་རྒྱས་ཀྱི་ཞིང་ནས་འོངས་ཏེ། དེ་བཞིན་གཤེགས་པ་དཔལ་ཀུན་ནས་ཡང་དག་པར་འབྱུང་བའི་ཞབས་ཀྱི་དྲུང་ནས་ངས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒོ་ཀུན་ཏུ་འགྲོ་བ་འདི་ཐོབ་པོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དཔལ་གྱི་སྙིང་པོ་དང་ལྡན་པ་དེ་ནས་ང་སོང་ནས་ནི་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་འདས་ཏེ། སེམས་བསྐྱེད་པ་རེ་རེ་ཞིང་ཡང་གོམ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་བོར་རོ། །གོམ་པ་རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དང་ལྡན་པར་ཤེས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལའང་དེ་བཞིན་གཤེགས་པའི་མཆོད་པ་བླ་ན་མེད་པ་ཡིད་ཀྱིས་རང་བཞིན་ཆོས་ཉིད་མངོན་པར་འདུ་བྱ་བ་མེད་པའི་རྒྱས་བཏབ་པ་དེ་བཞིན་གཤེགས་པས་གནང་བ། བྱང་ཆུབ་སེམས་དཔའི་དགའ་བ་ཡོངས་སུ་བསྐྱེད་པས་མཆོད་པ་བྱས་སོ། །འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གྱི་ཁམས་རྒྱ་མཚོ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་མཐོང་སྟེ། དེ་དག་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ཡང་ཁོང་དུ་ཆུད་དོ། །དེ་དག་ཐམས་ཅད་ཀྱི་དབང་པོའི་འཁོར་ལོ་ཡང་ཡོངས་སུ་ཤེས་ཤིང་བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ལུས་ཡོངས་སུ་བསྟན་ཏོ། །ཆོས་ཀྱི་དབྱངས་རབ་ཏུ་བསྒྲགས་སོ། །འོད་ཀྱི་དཀྱིལ་འཁོར་ཡོངས་སུ་བཀྱེའོ། །ཡོ་བྱད་སྣ་ཚོགས་ཕུན་སུམ་ཚོགས་པས་ཀྱང་ཉེ་བར་བསྡུད་དོ། །རང་གི་ལུས་ཀྱང་དེ་དག་
ལ་བྱིན་གྱིས་བརླབས་ཏེ། དེ་ནི་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་སྦྱོར་བ་རྒྱུན་མི་འཆད་པའི་ཕྱིར་རོ། །ཤར་ཕྱོགས་ནས་ཇི་ལྟར་འོངས་པ་དེ་བཞིན་དུ་ལྷོ་ཕྱོགས་དང་ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ནས་ཀྱང་དེ་བཞིན་ཏེ། རིགས་ཀྱི་བུ་ངས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཀུན་ཏུ་འགྲོ་བ་ཞེས་བྱ་བ་འདི་ཤེས་པར་ཟད་ན། ངས་བྱང་ཆུབ་སེམས་དཔའ་ཕྱོགས་ཀུན་ཏུ་མངོན་པར་གཞོལ་བ། ཐ་མི་དད་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ལུས་རྣམ་པར་བཀོད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་མཐུན་པར་སྤྱོད་པ། ཞིང་ཐམས་ཅད་ལུས་ཀྱིས་རྒྱས་པར་འགེངས་པ། ཆོས་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་སོང་བ། དུས་གསུམ་གྱི་རྒྱུད་མཉམ་པ་ཉིད་དུ་གྱུར་པ། ཆོས་ཀྱི་ཕྱོགས་ཀྱི་རྒྱུད་དང་མཉམ་པ་ཉིད་དུ་གྱུར་པའི་ལུས་དང་ལྡན་པ། འགྲོ་བའི་རྒྱུད་ཐམས་ཅད་དུ་རྣམ་པར་སྣང་བ། དེ་བཞིན་གཤེགས་པའི་རྒྱུད་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པ། ཆགས་པ་མེད་པའི་རྒྱུད་ཐམས་ཅད་ཁོང་དུ་ཆུད་པ། གནས་མེད་པའི་རྒྱུད་ལ་རབ་ཏུ་གནས་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་སྒོ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་ལྷ་ལྷ་ཆེན་པོ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་དྲུང་
ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོའི་རྗེས་སུ་སོང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འདོད་པའི་ངང་ཚུལ་ཅན་མངོན་པར་ཤེས་པ་ཆེན་པོ་མངོན་པར་བསྒྲུབ་པའི་ཡུལ་ལ་ཡོན་ཏན་གྱི་ཁྱད་པར་དུ་ལྟ་བ། བརྩོན་འགྲུས་བརྟན་པའི་གོ་ཆ་རབ་ཏུ་དགའ་བའི་ཁྱད་པར་ཐོབ་པ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པས་རྣམ་པར་རྩེ་བའི་རྗེས་སུ་སོང་བའི་བསམ་པ་དང་ལྡན་པ་དེ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ས་ལ་ནི་ནན་ཏན་དུ་བྱེད། ཏིང་ངེ་འཛིན་གྱི་ས་ལ་ནི་རྣམ་པར་དཔྱོད། གཟུངས་ཀྱི་ས་ལ་ནི་རབ་ཏུ་གནས་པར་བྱེད། སྨོན་ལམ་གྱི་ས་ལ་ནི་འཇུག་པར་བྱེད། སོ་སོ་ཡང་དག་པར་རིག་པའི་ས་ལ་ནི་རྗེས་སུ་སློབ། སྟོབས་ཀྱི་ས་ལ་ནི་ཡོངས་སུ་བསྒྲུབ་ཅིང་མཐར་གྱིས་གྲོང་ཁྱེར་སྒོ་དང་ལྡན་པ་གང་ན་བ་དེར་སོང་སྟེ། ལྷ་ལྷ་ཆེན་པོ་ཀུན་དུ་དྲིས་པ་དང་། དེ་ལ་འགྲོ་བ་མང་པོས་བསྟན་པ། རིགས་ཀྱི་བུ་འདེ་རེ། ལྷ་ལྷ་ཆེན་པོ་གྲོང་ཁྱེར་གྱི་ལམ་གྱི་བཞི་མདོ་ན་བདག་ཉིད་ཤིན་ཏུ་ཆེ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་འདུག་གོ །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལྷ་ལྷ་ཆེན་པོ་གང་ན་བ་དེར་སོང་སྟེ། ལྷ་ལྷ་ཆེན་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེ་ནས་ལྷ་ལྷ་ཆེན་པོས་ལག་པ་བཞི་ཕྱོགས་བཞིར་བརྐྱང་སྟེ། རྒྱ་མཚོ་ཆེན་པོ་བཞི་ལས་ཤིན་ཏུ་མྱུར་བའི་ཤུགས་ཀྱིས་ཆུ་བླངས་ཏེ། བདག་གིས་གདོང་བཀྲུས་ནས་ཚོང་དཔོན་གྱི་བུ་ནོར་
བཟངས་ལ་གསེར་གྱི་མེ་ཏོག་གིས་གཏོར་ཏེ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་མཐོང་བར་ཤིན་ཏུ་དཀའ་སྟེ། ཐོས་པར་ཡང་རབ་ཏུ་དཀའོ། །སྐྱེས་བུ་མཆོག་གི་མེ་ཏོག་པུན་ད་རི་ཀ་ནི་འཇིག་རྟེན་གྱི་ཕུལ་དུ་བྱ་བ་ཡིན་པས། ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། འཇིག་རྟེན་གྱི་གནས་སུ་གྱུར་པའོ། །འགྲོ་བའི་རྟེན་དུ་གྱུར་པའོ། །སེམས་ཅན་རྣམས་ལ་སྣང་བ་ཆེན་པོ་འབྱིན་པའོ། །ལམ་རྨོངས་པ་རྣམས་ལ་ལམ་བདེ་བ་སྟོན་པའོ། །ཆོས་ཀྱི་ཚུལ་དུ་གཟུང་བ་ལ་མགོན་དུ་གྱུར་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་པར་བྱ་བ་ལ་དེད་དཔོན་ཆེན་པོར་གྱུར་པ་སྟེ། དེ་ལ་ཁོ་བོ་འདི་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མིང་ནི་སེམས་དྲི་མ་མེད་པ་རྣམས་ལ་རང་གི་ལུས་ཀྱི་གཟུགས་བརྙན་སྟོན་ཅིང་ལུས་རྣམ་པར་དག་པ་རྣམས་ལ་མངོན་པར་སྣང་བ་དང་། ངག་གི་ཉེས་པ་སྤངས་པ་རྣམས་དབྱངས་ཀྱི་སྣང་བ་ཡོངས་སུ་གདོན་པར་བྱེད་པ་དང་། བསམ་པ་དག་པ་རྣམས་ལ་དུས་ཐམས་ཅད་དུ་མངོན་སུམ་དུ་གྱུར་པར་གནས་པས། ལྟ་བ་ངན་པ་འཇོམས་པ་ཡིན་པར་བསམས་སོ། །རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྤྲིན་གྱི་དྲ་བ་ཐོབ་པའོ། །སྨྲས་པ་འཕགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྤྲིན་གྱི་དྲ་བ་དེའི་ཡུལ་ཇི་ལྟ་བུ་ཞིག་མཆིས། དེ་ནས་ལྷ་ལྷ་ཆེན་པོས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་མདུན་དུ་རི་ཆེན་པོ་ཙམ་གྱི་གསེར་གྱི་ཕུང་པོ་དང་། དངུལ་གྱི་ཕུང་པོ་དང་། བཻ་ཌཱུརྱའི་ཕུང་པོ་དང་། ཤེལ་གྱི་ཕུང་པོ་དང་། མུ་ས་ར་གལ་པའི་ཕུང་པོ་དང་། ཨ་སྨ་གར་བྷའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་ངང་གིས་སྣང་བའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་དྲི་མ་མེད་པའི་སྙིང་པོའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་ཕྱོགས་ཀུན་ཏུ་མངོན་པའི་ཕུང་པོ་དང་། གཙུག་གི་ནོར་བུ་རིན་པོ་ཆེ་དང་། ཅོད་པན་གྱི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་སེ་མོ་དོའི་ཕུང་པོ་
དང་། དཔུང་རྒྱན་གྱི་ཕུང་པོ་དང་། རྣ་ཆའི་རྒྱན་གྱི་ཕུང་པོ་དང་། གདུབ་བུའི་ཕུང་པོ་དང་། སྐ་རགས་ཀྱི་ཕུང་པོ་དང་། རྐང་གདུབ་ཀྱི་ཕུང་པོ་དང་། མུ་ཏིག་དམར་པོའི་དྲ་བའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་རྒྱན་གྱི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཕུང་པོ་དང་། མེ་ཏོག་ཐམས་ཅད་དང་། སྤོས་ཐམས་ཅད་དང་། བདུག་པ་ཐམས་ཅད་དང་། ཕྲེང་བ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་དང་། གོས་ཐམས་ཅད་དང་། གདུགས་ཐམས་ཅད་དང་། རྒྱལ་མཚན་ཐམས་ཅད་དང་། ལྷའི་བ་དན་ཐམས་ཅད་དང་། རོལ་མོ་བརྡུང་བ་ཐམས་ཅད་དང་། རོལ་མོ་དཀྲོལ་བ་ཐམས་ཅད་དང་། འདོད་པའི་ཡུལ་ཐམས་ཅད་དང་། བུ་མོ་བྱེ་བ་བརྒྱ་སྟོང་གྲངས་མེད་པ་དག་ཀྱང་ཉེ་བར་བསྟན་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་དག་ལས་ཁྱེར་ལ། སྦྱིན་པ་མང་པོ་ནི་བྱིན་ཅིག །བསོད་ནམས་མང་པོ་ནི་གྱིས་ཤིག །དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིག །སེམས་ཅན་མང་པོ་ནི་སྦྱིན་པས་བསྡུ་བའི་དངོས་པོས་ཡོངས་སུ་བསྡུས་ཏེ། གཏོང་བའི་ཕ་རོལ་ཏུ་ཕྱིན་པ་ལ་ཁོད་ཅིག །འཇིག་རྟེན་ནི་སྦྱིན་པ་ལ་སློབས་ཤིག །གཏང་བར་དགའ་བ་ཡོངས་སུ་གཏང་བ་ནི་སྟོན་ཅིག །རིགས་ཀྱི་བུ་ཁྱོད་ལ་ཁོ་བོས་ཇི་ལྟར་ཡོ་བྱད་ཀྱི་རྣམ་པས་བསྡུད་པ་འདི་བཞིན་དུ་སྦྱིན་པའི་བསམ་པ་དང་། མ་བྲལ་བའི་སེམས་ཅན་ཚད་མེད་པ་དག་གི་བསམ་པའི་རྒྱུད་ཀྱང་གཏོང་བས་ཡོངས་སུ་བསྒོ་བ་བྱེད་དོ། །སངས་རྒྱས་དང་ཆོས་དང་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་དང་དགེ་བའི་བཤེས་གཉེན་རྣམས་ལའང་དགེ་བའི་རྩ་བ་བསྐྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཁོ་བོ་ནི་སེམས་ཅན་འདོད་པའི་དགའ་བས་མྱོས་པ། ཡུལ་གྱི་ལོངས་སྤྱོད་ལ་ཡོངས་སུ་ཆགས་པ་རྣམས་ལ་ཡུལ་དེ་དག་མི་སྡུག་པར་བྱིན་གྱིས་རློབ་བོ། །
ཁྲོ་བས་ནོན་པ་དང་ང་རྒྱལ་ཅན་དང་། རྒྱགས་ཤིང་དྲེགས་པ་དང་། རློམ་པ་ཚར་གཅོད་པས། གདུལ་བ་རྣམས་ལ་ནི་གཏུམ་ཞིང་སྲིན་པོ་ལྟར་མི་སྡུག་ལ་འཇིགས་པའི་ལུས་ཤ་ཟ་ཞིང་ཁྲག་འཐུང་བའི་ཚུལ་དང་ལྡན་པར་བསྟན་ཏེ། རློམ་པ་དང་། སྙེམས་པས་འཁྲུག་པ་དེ་དག་ཐམས་ཅད་ཞི་བར་བྱེད་དོ། །ལེ་ལོ་ཅན་བརྩོན་འགྲུས་བོར་བའི་སེམས་ཅན་རྣམས་ལ་ནི་མེ་དང་། ཆུ་དང་། རྒྱལ་པོ་དང་རྐུན་པོ་དང་། གནོད་པའི་འཇིགས་པ་ཡོངས་སུ་བསྟན་ཅིང་སྐྱོ་བར་བྱས་ཏེ། བརྩོན་འགྲུས་རྩོམ་པ་ལ་འགོད་པར་བྱེད་དོ། །དེ་ལྟར་ཐབས་དེ་དང་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕྱོགས་དང་མི་མཐུན་པ་རབ་ཏུ་གཞོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསྩགས་པ་དང་། སྒྲིབ་པའི་རིའི་གཡང་སའི་ལམ་ཐམས་ཅད་ལས་ཡང་དག་པར་བཟླ་བ་དང་། སྒྲིབ་པ་མེད་པའི་ཆོས་ལ་གཟུད་པའི་ཕྱིར་མི་དགེ་བ་ཐམས་ཅད་ལས་རྣམ་པར་བཟློག་སྟེ། དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པ་ལ་ཡང་དག་པར་འགོད་པ་བྱེད་དོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྤྲིན་གྱི་དྲ་བ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའི་དབང་པོ་ལྟར་ཉོན་མོངས་པའི་ལྷ་མ་ཡིན་རབ་ཏུ་འཇོམས་པ། ཆུ་ལྟར་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་མེའི་ཕུང་པོ་ཞི་བར་བྱེད་པ། མེའི་ཕུང་པོ་ལྟར་འགྲོ་བ་ཐམས་ཅད་ཀྱི་སྲེད་པའི་ཆུ་སྐེམས་པ། རླུང་ལྟར་འཛིན་པའི་མངོན་པར་ཆགས་པ་ཐམས་ཅད་ཀྱི་རི་རྣམ་པར་འཐོར་བ། རྡོ་རྗེ་ལྟར་བདག་གི་འདུ་ཤེས་སྲ་བའི་བྲག་རབ་ཏུ་རྙིལ་བ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་འཛམ་བུའི་གླིང་འདི་ཉིད་ཀྱི་ཡུལ་མ་ག་དྷའི་སྙིང་པོ་བྱང་ཆུབ་ནས་སའི་ལྷ་མོ་བརྟན་མ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །
དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལྷ་ལྷ་ཆེན་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལྷ་ལྷ་ཆེན་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ལྷ་ལྷ་ཆེན་པོའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཐར་གྱིས་ཡུལ་མ་ག་དྷའི་སྙིང་པོ་བྱང་ཆུབ་ཏུ་སའི་ལྷ་མོ་བརྟན་མ་གང་ན་བ་དེར་སོང་བ་དང་དེ་འགྲོ་བའི་ཚེ་སའི་ལྷ་མོ་བརྒྱ་སྟོང་ཕྲག་བཅུ་གཅིག་ལ་གཅིག་འདི་སྐད་ཅེས་འཛེར་ཏོ། །སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་ཞིག་ནི་འདི་ནས་ཚུར་འོང་ངོ་། །དེ་བཞིན་གཤེགས་པའི་སྙིང་པོ་ཅན་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་སྒོ་ངའི་སྦུབས་འདྲལ་བར་འགྱུར་བ་ཞིག་ནི་འདི་ནས་ཚུར་འོང་ངོ་། །ཆོས་ཀྱི་རྒྱལ་པོའི་རིགས་སུ་བྱུང་བ་ཆགས་པ་མེད་ཅིང་དྲི་མ་མེད་པའི་ཆོས་ཀྱི་རྒྱལ་པོའི་གོ་འཕང་དམ་པ་འཐོབ་པར་འགྱུར་བ་ཞིག་ནི་འདི་ནས་ཚུར་འོང་ངོ་། །ཡེ་ཤེས་ཀྱི་མཐུ་བོ་ཆེ་རྡོ་རྗེའི་མཚོན་ཆ་ཅན་དཔའ་བོ་ཕས་ཀྱི་རྒོལ་བའི་འཁོར་ཐམས་ཅད་རབ་ཏུ་འདུལ་བ་ཞིག་ནི་འདི་ནས་ཚུར་འོང་ངོ་ཞེས་ནས། དེའི་མོད་ལ་ལྷ་མོ་བརྟན་མ་ལ་སྩོགས་པ། སའི་ལྷ་མོ་བརྒྱ་སྟོང་ཕྲག་བཅུས་ས་ཆེན་པོ་རབ་ཏུ་བསྐྱོད་དེ། འབྲུག་སྒྲ་ཟབ་མོ་ལྟ་བུའི་སྒྲ་ཆེན་པོ་གྲག་པར་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོད་ཆེན་པོས་སྣང་བར་བྱས་ཏེ། ལུས་རིན་པོ་ཆེའི་རྒྱན་དང་། ལྷབ་ལྷུབ་ཐམས་ཅད་ཀྱིས་ཤིན་ཏུ་བརྒྱན་ནས། གློག་གི་ཕྲེང་བའི་ཚོགས་ནམ་མཁའི་དབྱིངས་ལས་འགྱུ་ཞིང་སྣང་བ་ལྟ་བུ་ཤ་སྟག་དུ་བྱས་ཏེ། ཤིང་ཐམས་ཅད་ཀྱི་མྱུ་གུ་ནི་སྐྱེ་བར་བྱེད། མེ་ཏོག་གི་ཤིང་ཐམས་ཅད་ནི་ཁ་འབུ་བར་བྱེད། ཆུ་ཀླུང་གི་རྒྱུན་ཐམས་ཅད་ནི་འབབ་པར་བྱེད། མཚོ་དང་མཚེའུ་དང་ལུ་མ་ཐམས་ཅད་ནི་རྒྱས་པར་བྱེད། སྤོས་ཆུའི་ཆར་པ་ནི་རབ་ཏུ་འབབ་པར་བྱེད། མེ་ཏོག་གི་སྤྲིན་རབ་ཏུ་འཐོར་བའི་རླུང་ཆེན་པོ་ནི་ལྡང་བར་བྱེད། སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་
སྒྲ་སྒྲོག་པར་བྱེད། ལྷ་རྫས་ཀྱི་གཞལ་མེད་ཁང་དང་རྒྱན་གྱི་ཚོགས་མང་པོ་ནི་རབ་ཏུ་འཁྲོལ་བར་བྱེད། བ་ལང་དང་། ཁྱུ་མཆོག་དང་། གླང་པོ་དང་། སྟག་དང་། རི་དགས་ཀྱི་དབང་པོ་ནི་རབ་ཏུ་སྒྲ་འབྱིན་པར་བྱེད། ལྷ་དང་། ལྷ་མ་ཡིན་དང་། ཀླུ་དང་འབྱུང་པོའི་དབང་པོ་རྣམས་ནི་འབྲུག་སྒྲ་འབྱིན་པར་བྱེད། རིའི་དབང་པོ་ཆེན་པོ་རྣམས་ནི་ཕན་ཚུན་ཐུག་པར་བྱེད། གཏེར་གྱི་ཚོགས་བྱེ་བ་བརྒྱ་སྟོང་ནི་མངོན་དུ་བྱུང་བར་བྱེད་ཅིང་སའི་འོག་ནས་འཐོན་ཏོ། །དེ་ནས་སའི་ལྷ་མོ་བརྟན་མས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདིར་འོངས་པ་ལེགས་སོ། །སའི་ཕྱོགས་འདི་ནི་སྔོན་ཁྱོད་ཀྱི་གནས་སུ་གྱུར་ཏེ། ཁོ་མོའི་མངོན་སུམ་དུ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ན། དེའི་རྣམ་པར་སྨྱིན་པའི་ཕྱོགས་འགའ་ཙམ་བལྟ་བར་འདོད་དམ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་སའི་ལྷ་མོ་བརྟན་མའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། སའི་ལྷ་མོ་བརྟན་མ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། སའི་ལྷ་མོ་བརྟན་མའི་མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་འཚལ་ལོ། །དེ་ནས་སའི་ལྷ་མོ་བརྟན་མས་རྐང་པའི་མཐིལ་གྱིས་ས་ཆེན་པོ་ལ་བརྡབས་ཏེ། རིན་པོ་ཆེའི་གཏེར་བྱེ་བ་བརྒྱ་སྟོང་གྲངས་མེད་པ་རབ་ཏུ་བརྒྱན་པ་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་རིན་པོ་ཆེའི་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་དག་ཀྱང་ཁྱོད་ཀྱི་རྗེས་སུ་འབྲང་བའོ། །ཁྱོད་ཀྱི་སྔོན་དུ་འགྲོ་བའོ། །ཁྱོད་ཀྱིས་ཅི་དགར་སྤྱད་པའོ། །ཁྱོད་ཀྱི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའོ། །ཁྱོད་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་བསྲུངས་པའོ། །འདི་ལས་ལོང་སྟེ། ཁྱོད་ཀྱིས་ཅི་དགོས་པ་དེ་དག་གྱིས་ཤིག །རིགས་ཀྱི་བུ་གཞན་ཡང་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་
བའི་སྙིང་པོ་ཅན་ཐོབ་པ་སྟེ། དེ་ལྟར་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་དང་ལྡན་པས། དེ་བཞིན་གཤེགས་པ་མར་མེ་མཛད་ཚུན་ཆད་དུ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲང་ཞིང་། རྟག་ཏུ་བསྲུང་བ་ལ་ཞུགས་པ་སྟེ། དེ་ཚུན་ཆད་དུ་རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་སྤྱོད་པ་ལ་རྣམ་པར་སྤྱོད་དོ། །ཡེ་ཤེས་ཀྱི་ཡུལ་ལ་འཇུག་གོ །སྨོན་ལམ་གྱི་དཀྱིལ་འཁོར་ཁོང་དུ་ཆུད་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པ་རྗེས་སུ་རྟོགས་པར་བྱེད་དོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚུལ་གྱི་རྗེས་སུ་འབྲང་ངོ་། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐམས་ཅད་དང་། སེམས་རྒྱ་ཆེན་པོས་རྒྱས་པར་འགེངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོབས་ཀྱིས་དབང་བསྒྱུར་བ་དང་། ཞིང་གི་དྲ་བ་ཐམས་ཅད་རྒྱས་པར་དགང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ་ཡང་དག་པར་མནོད་པ་དང་། དུས་ཐམས་ཅད་དུ་མངོན་པར་འཚང་རྒྱ་བ་ཡང་དག་པར་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཐམས་ཅད་དང་། མདོ་སྡེ་ཡང་དག་པར་བརྗོད་པའི་ཆོས་ཀྱི་སྤྲིན་གྱི་ཚུལ་ཐམས་ཅད་དང་། ཆོས་སྣང་བ་ཆེན་པོས་སྣང་བར་བྱ་བའི་ཚུལ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཚུལ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡང་དག་པར་བསྟན་པའི་ཚུལ་ཡང་རྗེས་སུ་རྟོགས་པར་བྱེད་དོ། །ཡང་དག་པར་འཛིན་ཏོ། །ཡང་དག་པར་ནོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་འདི་ཡང་བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་དེའི་ཡང་ཕ་རོལ་ཅིག་ཏུ་འཇིག་རྟེན་གྱི་ཁམས་ཟླ་བའི་རྒྱལ་མཚན་ཞེས་བྱ་བར་བསྐལ་པ་སྣང་བས་རྣམ་པར་བརྒྱན་པ་ལ་དེ་བཞིན་གཤེགས་པ་སྤྱན་བཟང་པོ་ལས་ཐོབ་སྟེ། རིགས་ཀྱི་བུ་དེ་ལྟར ་ཁོ་མོ་བྱང་ཆུབ་
སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་འདི་ལ་ཡོངས་སུ་དཔྱོད་དཔྱོད། རྣམ་པར་དཔྱོད་དཔྱོད། ཤིན་དུ་དཔྱོད་དཔྱོད། ཡང་དག་པར་འཕེལ་བར་བྱེད་བྱེད་དེ། ཤིན་ཏུ་རྒྱས་པར་བྱེད་བྱེད་པས། བསྐལ་པ་བཟང་པོ་ལ་ཐུག་གི་བར་དུ་དེ་བཞིན་གཤེགས་པ་མཐོང་བ་དང་མ་བྲལ་ལོ། །དེ་སྲིད་ཀྱི་བར་གྱིས་ཁོ་མོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་བསྙེན་བཀུར་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སྙིང་པོ་བྱང་ཆུབ་ཏུ་གཤེགས་པའི་རྣམ་པར་འཕྲུལ་པ་ཡང་མཐོང་སྟེ། ཁོ་མོ་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་སུམ་དུ་མཐོང་བའོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞམ་རིང་དུ་འབྲང་བ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྗེས་སུ་འབྲང་བ། དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་པར་དཀའ་བ་ལ་རབ་ཏུ་ཞུགས་པ། སེམས་ཀྱི་སྐད་ཅིག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་ཤུགས་དང་ལྡན་པ། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་གྱུར་པའི་ལུས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ དགོངས་པ ་དྲི་མ་མེད་པའི་སྙིང་པོར་གྱུར་པ། སངས་རྒྱས་འབྱུང་བ་ཐམས་ཅད་རྟག་ཏུ་མངོན་པར་བསྒྲུབས་པ། སངས་རྒྱས་ཀྱི་འཕྲིན་ལས་ཐ་མི་དད་པའི་ཕོ་ཉར་གྱུར་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་འཛམ་བུའི་གླིང་འདི་ཉིད་ཀྱི་ཡུལ་མ་ག་དྷ་ཞེས་བྱ་བ་ན་གྲོང་ཁྱེར་སེར་སྐྱའི་གནས་ཞེས་བྱ་བ་ཡོད་དེ། དེ་ན་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་
པ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་སའི་ལྷ་མོ་བརྟན་མའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། སའི་ལྷ་མོ་བརྟན་མ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། སའི་ལྷ་མོ་བརྟན་མའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སའི་ལྷ་མོ་བརྟན་མའི་གདམས་ངག་རྗེས་སུ་དྲན་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་དེ་རྗེས་སུ་དྲན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསྒོམ་པ་དེ་རབ་ཏུ་གོམས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་ཚུལ་དེའི་རྗེས་སུ་བསམ་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པས་རྣམ་པར་རྩེ་བ་དེ་ལ་རྣམ་པར་དཔྱད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་ཤིན་ཏུ་ཕྲ་བ་དེ་ལ་རྣམ་པར་བལྟ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་རྒྱ་མཚོ་དེ་ལ་འཇུག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་ཐ་དད་པ་དེ་ལ་ཡིད་ཆེས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་ཤིན་ཏུ་སྦྱང་བ་དེ་རྗེས་སུ་རྟོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་རྒྱ་མཚོ་དེ་ལ་འབབ་པར་བྱ་བ་བྱེད་ཅིང་། གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་གང་ན་བ་དེར་ཕྱིན་ཏེ། གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ལ་གཡས་ཕྱོགས་སུ་བསྐོར་ནས། ཤར་ཕྱོགས་ལོགས་ཀྱི་གྲོང་ཁྱེར་གྱི་སྒོ་ནས་སོང་སྟེ། ཉི་མ་ནུབ་ནས་རིང་པོ་མ་ལོན་པ་ཞིག་ཏུ་གྲོང་ཁྱེར་གྱི་ལམ་གྱི་སུམ་མདོའི་དབུས་ཤིག་ན། བྱང་ཆུབ་སེམས་དཔའི་གདམས་ངག་མཐུན་པར་ལེན་པ་དེ་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་མཐོང་བར་འདོད་ཅིང་། དགེ་བའི་བཤེས་གཉེན་ཡོད་ན་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བར་ངེས་པའི་བློ་གྲོས་དང་ལྡན་པ། ཡེ་ཤེས་ཀྱི་མིག་ཀུན་ཏུ་ལྟ་བའི་ཡུལ་གྱི་རང་བཞིན་གྱི་བྱིན་གྱི་རླབས་དང་ལྡན་པ། ཕྱོགས་ཐམས་ཅད་དུ་མངོན་པར་
གཞོལ་ཞིང་། དགེ་བའི་བཤེས་གཉེན་ལ་བལྟ་བའི་སེམས་ཀྱིས་མོས་པ་དང་། ཡེ་ཤེས་ཆེན་པོའི་སྙིང་པོར་གྱུར་པའི་འདུ་ཤེས་ཀྱི་སེམས་དང་ལྡན་པ། དམིགས་པ་ཐམས་ཅད་ལ་རབ་ཏུ་ཞུགས་པའི་ཡེ་ཤེས་ཀྱི་མིག་དང་ལྡན་པ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་དུ་ཡེ་ཤེས་རྒྱ་མཚོ་འབྱམ་ཀླས་པས་རྒྱས་པར་འགེངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་མིག་གིས་ཕྱོགས་ཐམས་ཅད་དུ་ཤེས་བྱའི་རྒྱ་མཚོ་ལ་རྣམ་པར་ལྟ་བ། ཡེ་ཤེས་ཆེན་པོའི་མིག་འཐོབ་པར་བྱ་བ་ལ་རབ་ཏུ་གཞོལ་ཞིང་བསམ་པ་རྩེ་གཅིག་ཏུ་བཞག་ནས་འདུག་འདུག་པ་དང་། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་དེ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ཀྱི་སྟེང་གི་ནམ་མཁའི་དབྱིངས་ལས་ནོར་བུ་རིན་པོ་ཆེ་སྣ་ཚོགས་དཔེ་མེད་པའི་ཁང་པ་བརྩེགས་པ་ཞིག་ན། རིན་པོ་ཆེའི་སེང་གེའི་ཁྲི་ཆེན་པོ་སྤོས་ཞིམ་པོ་ཐམས་ཅད་ཀྱི་པདྨོའི་སྙིང་པོ་ཅན་ཞིག་ལ་ལུས་ཀྱི་མདོག་གསེར་གྱི་ཁ་དོག་ཏུ་འདུག་པ། སྐྲ་འཇམ་ཞིང་མང་ལ་མཐོན་ཏིང་དུ་འདུག་པ། མིག་དཀར་ནག་འབྱེས་པ། གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ལུས་རྒྱན་དང་ལྷབ་ལྷུབ་ཐམས་ཅད་ཀྱིས་ཀླུབས་ཤིང་བརྒྱན་པ། ཁ་དོག་བསྒྱུར་བའི་གོས་བགོས་པ་ཚངས་པའི་གཙུག་ཏོར་གྱི་ཅོད་པན་ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་པ་ཐོགས་པ་ལུས་ལ་རྒྱུ་སྐར་དང་། གཟའ་དང་སྐར་ཆེན་དང་། སྐར་མའི་ཚོགས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བར་གྱུར་པ་འདུག་པ་མཐོང་ངོ་། །དེས་སེམས་ཅན་གྱི་ཁམས་ཡངས་པར་མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་ནས་སེམས་ཅན་ཇི་སྙེད་ཅིག་ཡོངས་སུ་བགྲོལ་བ་དེ་དག་ཐམས་ཅད་ཀྱང་དེའི་བ་སྤུའི་སྦུབས་སུ་ཆུད་པར་མཐོང་ངོ་། །ཇི་སྙེད་ཅིག་མཐོ་རིས་ཀྱི་འཇིག་རྟེན་དུ་བཀོད་པ་དང་། ཇི་སྙེད་ཅིག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨྱིན་པར་བྱས་པ། དེ་དག་ཐམས་ཅད་ཀྱང་དེའི་བ་སྤུའི་སྦུབས་སུ་ཆུད་པར་མཐོང་ངོ་། །ལུས་མངོན་པར་བསྒྲུབ་པ་དང་།
གཟུགས་མངོན་པར་བསྒྲུབ་པ་དང་། ཁ་དོག་མངོན་པར་བསྒྲུབ་པའི་ཐབས་སྣ་ཚོགས་ཀྱིས་ཇི་སྙེད་ཅིག་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་དེའི་བ་སྤུའི་སྦུབས་སུ་ཆུད་པར་མཐོང་ངོ་། །ང་རོ་མངོན་པར་བསྒྲུབ་པ་དང་། དབྱངས་ཀྱི་ཡན་ལག་མངོན་པར་བསྒྲུབ་པ་དང་། སྐད་ཀྱི་ཚུལ་སྣ་ཚོགས་ཡོངས་སུ་སྦྱར་བ་ཇི་སྙེད་ཅིག་གིས་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་། དེའི་བ་སྤུའི་སྒོ་ནས་རྗེས་སུ་བརྗོད་པ་ཐོས་སོ། །དུས་མངོན་པར་བསྒྲུབ་པ་དང་། བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་སྒོ་དང་། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ཡོངས་སུ་ལྟ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ལྟ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའི་སྐྱེས་བུ་སེང་གེ་ཆེན་པོའི་རྣམ་པར་བསྒྱིངས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པས། རྣམ་པར་རྩེ་བ་ཇི་སྙེད་ཅིག་གིས་དེས་སེམས་ཅན་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་། དེའི་བ་སྤུའི་སྦུབས་སུ་ཆུད་པར་མཐོང་ངོ་། །དེས་ཐབས་སྣ་ཚོགས་དང་ལྡན་པའི་ཆོས་ཀྱི་ཚུལ་རྒྱ་མཚོ་དེ་དག་མཐོང་ཞིང་ཐོས་ནས་དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་དེ་ལ་ལུས་ཐམས་ཅད་ཀྱིས་ཕབ་ནས་ཕྱག་འཚལ་ཏེ། ལངས་ནས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པའི་མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དེ་ལྟར་བདག་གིས་དགེ་བའི་བཤེས་གཉེན་གྱི་བྱིན་གྱི་རླབས་ཀྱིས་
སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བར་ཡང་དག་པར་མཐོང་བས། དགེ་བའི་བཤེས་གཉེན་གྱི་ཕྱག་ཏུ་བདག་ཉིད་བོར་བ་ལགས་ན། ལྷ་མོ་ཤུལ་གང་ལ་བརྟེན་ན། བྱང་ཆུབ་སེམས་དཔའི་སྟོབས་བཅུའི་སར་འབྱུང་བར་འགྱུར་བའི་ཐམས་ཅད་མཁྱེན་པའི་ཤུལ་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་དགེ་བའི་བཤེས་གཉེན་ཀྱི་བྱིན་གྱིས་ནོན་ཏེ། དགེ་བའི་བཤེས་གཉེན་གྱི་ཚིག་མཉན་པར་འདོད་པ་དང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་དེ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱེད་པས། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་འགྱུར་རོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་ཐོབ་པ་སྟེ། བསམ་པ་མི་མཉམ་པ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱམས་པའི་སེམས་དང་ལྡན་པའོ། །མི་དགེ་བའི་ལས་ཀྱི་ལམ་ལ་ཞུགས་པ་རྣམས་ལ་སྙིང་རྗེའི་སེམས་དང་ལྡན་པའོ། །དགེ་བའི་ལས་ཀྱི་ལམ་ལ་ཞུགས་པ་རྣམས་ལ་དགའ་བའི་སེམས་དང་ལྡན་པའོ། །སེམས་མཉམ་པ་དང་མི་མཉམ་པར་ལྡན་པའི་སེམས་ཅན་རྣམས་ལ་མི་གཉིས་པའི་སེམས་དང་ལྡན་པའོ། །ཀུན་ནས་ཉོན་མོངས་པ་རྣམས་ལ་རྣམ་པར་བྱང་བའི་སེམས་དང་ལྡན་པའོ། །ཉམ་ང་བར་གྱུར་པ་རྣམས་ལ་ཡང་དག་པར་ཞུགས་པའི་སེམས་དང་ལྡན་པའོ། །དམའ་བ་ལ་མོས་པ་རྣམས་ལ་ཡངས་པ་ལ་མོས་པ་ཡོངས་སུ་བསྐྱེད་པའི་སེམས་དང་ལྡན་པའོ། །དབང་པོ་ཞུམ་པ་རྣམས་ལ་བརྩོན་
འགྲུས་ཆེན་པོའི་ཤུགས་རྣམ་པར་སྤེལ་བའི་སེམས་དང་ལྡན་པའོ། །འཁོར་བ་ལ་མངོན་པར་མོས་པ་རྣམས་ལ་འཁོར་བའི་རྒྱུད་ཀྱི་འཁོར་ལོ་ལས་རྣམ་པར་བཟློག་པའི་སེམས་དང་ལྡན་པའོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མངོན་པར་མོས་པའི་སེམས་ཅན་རྣམས་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་དགོད་པའི་སེམས་དང་ལྡན་པའོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་དེ་ལྟ་བུའི་སེམས་དང་ཡིད་ལ་བྱ་བར་ལྡན་ལ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་འདི་དང་ཡང་ལྡན་པས་སེམས་ཅན་གང་ཇི་སྙེད་ཅིག་མུན་ནག་སྨག་ཏུ་གྱུར་པའི་ནམ་ལ་མི་ནི་ཉལ་བར་གྱུར། འབྱུང་པོའི་ཚོགས་ནི་རྒྱུ་བར་གྱུར། རྐུན་ཆོམ་མང་པོས་ནི་རྒྱས་པར་གྱུར། སེམས་ཅན་མི་བསྲུན་པའི་ཚུལ་ཅན་ནི་ཕྱོགས་སུ་རྒྱུ་བར་གྱུར། སྤྲིན་སྟུག་པོ་ནག་པོས་ནི་ཀུན་ནས་ཁེབས་པར་གྱུར། དུད་པ་དང་རྡུལ་གྱི་ཚོགས་ཀྱིས་ནི་ཀུན་ནས་འགྲིགས་པར་གྱུར། རྫི་ཆར་མི་བཟད་པས་ནི་རབ་ཏུ་གཏགས་པར་གྱུར། ཟླ་སྐར་གྱི་ཚོགས་ནི་མི་སྣང་བར་གྱུར། མིག་གིས་བྱ་བའི་མཐུ་ནི་མེད་པར་གྱུར་པའི་མུན་པ་ལ་སེམས་ཅན་གང་ཇི་སྙེད་ཅིག་རྒྱ་མཚོ་ལ་སྤྱོད་དམ། ཐང་ལ་སྤྱོད་དམ། རི་ལ་སྤྱོད་དམ། ནགས་ཚལ་གཞན་ན་སྤྱོད་དམ། ཡུལ་གཞན་ན་སྤྱོད་དམ། གྲོང་གཞན་ན་སྤྱོད་དམ། ཕྱོགས་གཞན་ན་སྤྱོད་དམ། ཕྱོགས་མཚམས་གཞན་ན་སྤྱོད་དམ། ལམ་གཞན་ན་སྤྱོད་ཀྱང་རུང་སྟེ། རྒྱ་མཚོ་ལ་སྤྱོད་སྤྱོད་པ་ལས་གྲུ་བུབ་པར་གྱུར་པའམ། ཐང་ལ་སྤྱོད་སྤྱོད་པ་ལས་ཉམ་ཉེས་པའམ། རི་ལ་སྤྱོད་སྤྱོད་པ་ལས་གཡང་ས་ཆེན་པོར་ལྷུང་བར་གྱུར་པའམ། འབྲོག་དགོན་པ་ལ་སྤྱོད་སྤྱོད་པ་ལས་ཁ་ཟས་ཀྱིས་འཕོངས་པར་གྱུར་པའམ། ནགས་ཚལ་ཐིབས་པོར་སྦའི་ཟང་ཟིང་ལ་ཐོགས་སམ། ཚུལ་མ་ཡིན་པའི་ཉམ་ཉེས་
ཤིག་ཏུ་གྱུར་ཏམ། ཡུལ་གཞན་ན་སྤྱོད་སྤྱོད་པ་ལས་ཆོམ་པོས་བཅོམ་པའམ། གྲོང་གཞན་ན་སྤྱོད་སྤྱོད་པ་ལས་མི་བསྲུན་པའི་ཚུལ་ཅན་གྱིས་གཙེས་པའམ། ཕྱོགས་གཞན་ན་སྤྱོད་སྤྱོད་པ་ལས་འབྲོག་རྨིས་པའམ། ཕྱོགས་མཚམས་གཞན་ན་སྤྱོད་སྤྱོད་པ་ལས་མགོ་རྨོངས་པའམ། ལམ་གཞན་ན་སྤྱོད་སྤྱོད་པ་ལས་ཉེ་ཞོར་གྱུར་ཀྱང་རུང་སྟེ། རིགས་ཀྱི་བུ་ཁོ་མོ་ནི་སེམས་ཅན་དེ་དག་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྐྱབས་སུ་གྱུར་པར་བྱེད་པ་སྟེ། འདི་ལྟར་རྒྱ་མཚོ་ཆེན་པོ་ལ་སྤྱོད་པ་རྣམས་ཀྱི་རླུང་སྤྲིན་ནག་པོ་གཏོར་བ་དང་། ཆུའི་རྙོག་པ་གདང་བ་དང་། རླུང་མི་ཟད་པའི་དཀྱིལ་འཁོར་བཟློག་པ་དང་། རླབས་ཀྱི་ཤུགས་ཆེན་པོ་ཞི་བར་བྱ་བ་དང་། གློག་གི་འཇིགས་པ་ལས་ཐར་བར་བྱ་བ་དང་། ཕྱོགས་བསྟན་པ་དང་། ཆུའི་ལམ་ལེགས་པར་དམིགས་པ་དང་། འགྲམ་བསྟན་པ་དང་། རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱ་བའི་ཕྱིར་ལམ་ཡོངས་སུ་བསྟན་ཏེ། ཡོངས་སུ་སྦུད་པའི་གཟུགས་དང་། དེད་དཔོན་གྱི་གཟུགས་དང་། རྟའི་རྒྱལ་པོ་རྔོག་ཆེན་གྱི་གཟུགས་དང་། གླང་པོའི་རྒྱལ་པོའི་གཟུགས་དང་། རུ་སྦལ་གྱི་རྒྱལ་པོའི་གཟུགས་དང་། ལྷ་མ་ཡིན་གྱི་རྒྱལ་པོའི་གཟུགས་དང་། ནམ་མཁའ་ལྡིང་གི་རྒྱལ་པོའི་གཟུགས་དང་། མིའམ་ཅིའི་རྒྱལ་པོའི་གཟུགས་དང་། ལྟོ་འཕྱེ་ཆེན་པོའི་རྒྱལ་པོའི་གཟུགས་དང་། རྒྱ་མཚོའི་ལྷའི་གཟུགས་དང་། མཉན་པའི་གཟུགས་ཀྱིས་སྐྱབས་སུ་གྱུར་པར་བྱེད་དོ། །དགེ་བའི་རྩ་བ་དེ་ཡང་འདི་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ལས་ཡོངས་སུ་བཟློག་པའི་ཕྱིར་སྐྱབས་སུ་གྱུར་པར་ཤོག་ཤིག་ཅེས་ཡོངས་སུ་བསྔོའོ། །ཐང་ལ་སྤྱོད་པའི་སེམས་ཅན་མུན་པ་ཆེན་པོ་ཤིན་ཏུ་གནས་པའི་ནམ་ལ། ས་གཞི་འོད་མ་དང་། ཚེར་མ་དང་། གསེག་མ་དང་། གྱོ་མོས་གང་བ། སྦྲུལ་གདུག་པ་གཏུམ་པོ་ཤིན་ཏུ་མང་བ། ཐག་ཐུག་དང་། མི་བདེ་བའི་ལམ་
ཅན་རྡུལ་དང་ཕྱར་དར་ཤིན་ཏུ་འཐུལ་བ། རྫི་ཆར་དྲག་པོས་གཏགས་པ། ཚ་བ་དང་། གྲང་བའི་སྡུག་བསྔལ་ཡོད་པ། སྦྲུལ་དང་གཅན་ཟན་གྱིས་བག་ཚ་བ་ཡོད་པ། ཐོང་མི་དང་། ཆོམ་པོ་རྒྱུ་བར་གྱུར་པ་ཞིག་ན། མགོ་འཁོར་བར་གྱུར་པའི་སེམས་ཅན་རྣམས་ལ། ཉི་མའི་གཟུགས་དང་། ཟླ་བའི་གཟུགས་དང་། སྐྱ་རེང་འཆར་བའི་གཟུགས་དང་། སྐར་མདའ་ཆེན་པོའི་གཟུགས་དང་། གློག་གི་ཕྲེང་བ་འབྱུང་བའི་གཟུགས་དང་། རིན་པོ་ཆེའི་འོད་ཀྱི་གཟུགས་དང་། གཟའི་འཁོར་གྱི་གཟུགས་དང་། རྒྱུ་སྐར་དང་སྐར་མའི་ཚོགས་ཀྱི་གཞལ་མེད་ཁང་གི་འོད་ཀྱི་གཟུགས་དང་། ལྷའི་གཟུགས་དང་། བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་སྐྱབས་སུ་གྱུར་པར་བྱེད་དོ། །སེམས་ཀྱང་དགེ་བའི་རྩ་བ་འདིས་ཉོན་མོངས་པའི་མུན་པ་ཐམས་ཅད་རྣམ་པར་བསལ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་ཤོག་ཤིག་པར་བསྐྱེད་དོ། །རིའི་གཡང་ས་ལ་སྤྱོད་ཅིང་འཆི་བས་འཇིགས་སྐྲག་པ་རྣམས་ཀྱི་སྲོག་དབྱུང་བ་དང་། གྲགས་པ་འདོད་པའི་དབང་དུ་གྱུར་པ་དང་། སྙན་པ་དང་། སྒྲའི་རྒྱལ་མཚན་འདོད་པ་དང་། ལོངས་སྤྱོད་ཚོལ་བ་དང་། འདོད་པའི་ཟིལ་གྱིས་ནོན་པ་དང་། ཡོ་བྱད་ཡོངས་སུ་ཚོལ་བ་ལ་བརྩོན་པ་དང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འདོད་ཅིང་བརྩོན་པ་དང་། བུ་དང་ཆུང་མ་གཏོང་མི་ཕོད་པས་ཐོགས་པར་གྱུར་པ་དང་། ལྟ་བའི་ཐིབས་པོར་འཁྱམས་པ་དང་། སྡུག་བསྔལ་བ་དང་། འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་རྣམས་ལ་ཡང་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྐྱབས་སུ་གྱུར་པར་བྱེད་དེ། འདི་ལྟར་རིའི་ཕུག་དང་། བྱ་སྐྱིབས་མངོན་པར་བསྒྲུབ་པ་དང་། ཤིང་ཐོག་དང་། རྩ་བ་བཟར་རུང་བ་མངོན་པར་བསྒྲུབ་པ་དང་། ཆུའི་ལམ་དང་། ཆུ་མིག་མངོན་པར་བསྒྲུབ་པ་དང་། ཚ་བ་དང་། གྲང་བའི་གཉེན་པོ་མངོན་པར་བསྒྲུབ་པ་དང་།
ཡང་དག་པའི་ལམ་བསྟན་པ་དང་། ཀ་ལ་པིང་ཀའི་སྒྲ་སྐད་བསྒྲག་པ་དང་། རྨ་བྱའི་རྒྱལ་པོའི་སྐད་འབྱིན་པའི་དབྱངས་དང་། སྨན་འབར་བས་སྣང་བའི་གཟུགས་དང་། རིའི་ལྷའི་འོད་ཀྱི་གཟུགས་དང་། རིའི་ཕུག་དང་སུལ་དང་། ལྟོངས་སུ་རླག་སྟེ། སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པའི་སེམས་ཅན་རྣམས་ཀྱི་མུན་པའི་རབ་རིབ་རྣམ་པར་བསལ་བ་དང་། སའི་གཞི་མཉམ་པར་མངོན་པར་བསྒྲུབ་པས་སྐྱབས་སུ་གྱུར་པར་བྱེད་དེ། སེམས་ཀྱང་ཇི་ལྟར་བདག་གིས་སེམས་ཅན་རི་ལ་སྤྱོད་པ་འདི་དག་ཡོངས་སུ་བསྐྱབས་པ་དེ་བཞིན་དུ་འཁོར་བའི་རིའི་ལམ་རྒྱུད་གཡང་ས་ལ་གནས་ཤིང་རྒ་ཤིའི་གདོན་གྱིས་ཟིན་པ་དེ་དག་གི་སྐྱབས་སུའང་བདག་འགྱུར་བར་ཤོག་ཤིག་པར་བསྐྱེད་དོ། །ནགས་ཚལ་ཐིབས་པོའི་དྲ་བས་ཐོགས་པའི་སེམས་ཅན་མཚན་མོ་མུན་པའི་མུན་ནག་གིས་ཆོད་དེ། ཤིང་དང་། ཤིང་འཕྲན་འཛིངས་པའི་གསེབ་ཤིན་ཏུ་ཉམ་ང་བ་དང་། ཆུ་དང་། རྩྭ་དང་། སྤོང་པོ་དང་། འཁྲི་ཤིང་གིས་ལམ་ཆོད་པ་དང་། ཤིང་དང་ཤིང་ཕྲན་སྣ་ཚོགས་ཀྱི་ནགས་ཚལ་ཐིབས་པའི་ནང་དུ་ཕྱིན་ཏེ། སྟག་གི་སྒྲ་ཐོས་པས་སྐྲག་པའི་སྙིང་ཅན་དོན་མ་གྲུབ་པས། སེམས་འཁྲུགས་པར་གྱུར་པ་དང་། འཇིགས་པ་དང་འཚེ་བ་དང་། མི་དགའ་བ་སྣ་ཚོགས་ཀྱིས་ཉམས་མི་བདེ་བ་ནགས་ཚལ་སྟུག་པོ་ནས་འབྱུང་བའི་ཕྱོགས་མི་ཤེས་པ་རྣམས་ལ། ཁོ་མོ་ནི་བདེ་བར་འགྲོ་བའི་ལམ་ཡོངས་སུ་སྟོན་པ་བྱེད་དེ། སེམས་ཀྱང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ལྟ་བའི་ཐིབས་པོ་སྣ་ཚོགས་ལ་གནས་པ། སྲེད་པའི་དྲ་བས་འཁྲིས་པར་གྱུར་པ། འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་རྣམས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་འགྲེལ་བར་ཤོག་ཤིག་པར་བསྐྱེད་དོ། །འབྲོག་དགོན་པ་ལ་སྤྱོད་པའི་སེམས་ཅན་མུན་པའི་ནང་ན་འཐོམས་པ་རྣམས་ཀྱང་ཐབས་ཀྱི་སྒོ་སྣ་ཚོགས་ཀྱིས་བདེ་བ་ཡོངས་སུ་བསྐྱེད་ཅིང་ལམ་བསྟན་ཏེ། དེ་དག་
འཇིགས་པ་མེད་པ་དང་། བདེ་བ་ལ་རབ་ཏུ་བཀོད་ནས། སེམས་ཀྱང་དགེ་བའི་རྩ་བ་འདིས་སེམས་ཅན་འཁོར་བའི་འབྲོག་དགོན་པ་ན་འཐོམས་པ་ངན་སོང་ཐམས་ཅད་ཀྱི་ལམ་དུ་ཞུགས་པ་རྣམས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བཀྲོལ་ཏེ་ཤིན་ཏུ་ཕུན་སུམ་ཚོགས་པས། བདེ་བ་ཐམས་ཅད་མཁྱེན་པའི་ལམ་ལ་རབ་ཏུ་དགོད་པར་བྱ་བར་ཤོག་ཤིག་པར་བསྐྱེད་དེ། རིགས་ཀྱི་བུ་ཡུལ་དང་ལྗོངས་ལ་ཆགས་པའི་སེམས་ཅན་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་རྣམས་ལའང་ཁོ་མོ་ནི་སྐྱོ་བར་བྱ་བའི་ཐབས་སྣ་ཚོགས་ཀྱིས་ཡུལ་ལ་མངོན་པར་ཆགས་པ་དེ་ལས་གྱེན་དུ་བསྐྱོད་པར་བྱེད་དེ་སེམས་ཀྱང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཕུང་པོ་ལ་མངོན་པར་ཆགས་པ་ལས་གྱེན་དུ་བསྐྱོད་དེ། གནས་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པར་བྱ་བར་ཤོག་ཤིག་པར་བསྐྱེད་དོ། །རིགས་ཀྱི་བུ་ཁོ་མོ་ནི་གྲོང་ན་སྤྱོད་པའི་སེམས་ཅན་ཁྱིམ་དང་གནས་ཀྱི་འཆིང་བས་གླགས་པ་རྣམས་མཚན་མོ་མུན་པ་ཤིན་ཏུ་གནག་པས་ཆོད་པའི་ནང་ན་ཁྱིམ་གྱི་དོན་སྣ་ཚོགས་ཉམས་སུ་གནོད་པས། སྡུག་བསྔལ་བར་གྱུར་པ་རྣམས་ཀྱང་སྐྱོ་བར་འགྱུར་བའི་སྒོ་སྣ་ཚོགས་ཀྱིས་སྐྱོ་བར་བྱས་ཏེ། ཆགས་པ་མེད་པའི་སེམས་ཡོངས་སུ་བསྐྱེད་ནས། ཆོས་ཀྱི་སྦྱིན་པས་ཡོངས་སུ་བཟུང་སྟེ། ཚིམ་པར་བྱས་ནས་རྟེན་པ་མེད་པའི་ཆོས་ལ་བཀོད་དེ། སེམས་ཀྱང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་སྐྱེ་མཆེད་དྲུག་གི་གྲོང་ལ་གནས་པ་རྣམས་འཁོར་བའི་ལམ་གྱི་རྒྱུད་ཀྱི་སྤྱོད་ཡུལ་ལས་གྱེན་དུ་བསྐྱོད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་དགོད་པར་བྱ་བར་ཤོག་ཤིག་པར་བསྐྱེད་དོ། །རིགས་ཀྱི་བུ་གང་ཡང་མཚན་མོ་མུན་པ་ཤིན་ཏུ་གནག་པའི་ནང་ན། ཤར་ཕྱོགས་ལ་སོགས་པའི་ཕྱོགས་དང་། ཕྱོགས་མཚམས་རེ་རེར་ཕྱོགས་བསླད་པར་གྱུར་པ།
སའི་ཕྱོགས་མཉམ་པ་ལ་མི་མཉམ་པའི་གཡང་སར་འདུ་ཤེས་པ་དང་། སྒང་བུ་ལ་གཤོང་དུ་འདུ་ཤེས་པར་གྱུར་ཏེ། ཕྱོགས་ཀྱི་ལམ་དང་ས་ཚོད་ལ་མགོ་འཁོར་བར་གྱུར་པ་དེ་དག་ལའང་ཁོ་མོ་ནི་ཐབས་སྣ་ཚོགས་ཀྱིས་སྣང་བར་བྱས་ཏེ། ཕྱིར་འབྱུང་བ་རྣམས་ལ་ནི་སྒོ་ཡོངས་སུ་སྟོན་ཏོ། །རྒལ་བར་འདོད་པ་རྣམས་ལ་ནི་མུ་སྟེགས་ཡོངས་སུ་སྟོན་ཏོ། །རྐྱལ་བར་འདོད་པ་རྣམས་ལ་ནི་གྲུ་ཡོངས་སུ་སྟོན་ཏོ། །ཁྱིམ་དུ་འགྲོ་བར་འདོད་པ་རྣམས་ལ་ནི་ཁྱིམ་ཡོངས་སུ་སྟོན་ཏོ། །རྣམ་པར་བལྟ་བར་འདོད་པ་རྣམས་ལ་ནི་ཕྱོགས་ཡོངས་སུ་སྟོན་ཏོ། །ས་གཞི་མཐོ་བ་དང་། དམའ་བ་ཡང་ཡོངས་སུ་སྟོན་ཏོ། །སའི་ཕྱོགས་མཉམ་པ་དང་། མི་མཉམ་པ་དང་། གཟུགས་ཀྱི་རྣམ་པ་སྣ་ཚོགས་ཀྱང་ཡོངས་སུ་སྟོན་ཏོ། །ལམ་གྱིས་དུབ་པ་རྣམས་ལ་གྲོང་དང་གྲོང་ཁྱེར་དང་ལྗོངས་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་ཀྱང་ཡོངས་སུ་སྟོན་ཏོ། །ཚ་བ་དང་སྐོམ་པས་མནར་བ་རྣམས་ལ་ཡང་མཚོ་དང་མཚེའུ་དང་། ལུ་མ་དང་རྫིང་དང་རྫིང་བུ་དང་ཆུ་ཀླུང་དང་། ནགས་ཚལ་དང་བཟའ་ཤིང་གི་ར་བ་དང་། ཀུན་དགའ་ཡིད་དུ་འོང་བ་ཡོངས་སུ་སྟོན་ཏོ། །སྡུག་པ་དང་བྲལ་ཞིང་ཕྲད་པར་འདོད་པ་རྣམས་ལ་ཕ་དང་མ་དང་བུ་དང་ཆུང་མ་དང་། མཛའ་བོ་དང་། བློན་པོ་དང་། གཉེན་བཤེས་དང་ཡིད་དུ་འོང་བའི་གཟུགས་ཀྱི་རྣམ་པ་སྣ་ཚོགས་ཡོངས་སུ་སྟོན་ཏོ། །སེམས་ཀྱང་ཇི་ལྟར་བདག་གིས་སེམས་ཅན་མཚན་མོ་མུན་པ་མུན་ནག་གིས་ཆོད་པ། མིག་རབ་རིབ་ཀྱིས་ཉམས་པ། ཕྱོགས་བསླད་པ། ལམ་འཁོར་བ་རྣམས་ལ་གཟུགས་ཀྱི་རྣམ་པ་སྣ་ཚོགས་རྣམ་པར་དམིགས་པར་བྱ་བའི་ཕྱིར། སྣང་བ་བསྐྱེད་དེ། འོད་བྱས་པ་དེ་བཞིན་དུ་བདག་གིས་ཡུན་རིང་པོ་ནས་འཁོར་བའི་མུན་པ་ན་གནས་པའི་སེམས་ཅན་ཡང་དག་པ་ཉིད་ཀྱི་ཕྱོགས་ལ་བསླད་པ་མ་རིག་པའི་མུན་པར་འཐོམས་པ་ཡེ་ཤེས་ཀྱི་མིག་མི་ཤེས་པའི་ལིང་ཏོག་གིས་ཆོད་པ། འདུ་ཤེས་
དང་། སེམས་དང་ལྟ་བས་ཕྱིན་ཅི་ལོག་ཏུ་གྱུར་པ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ། བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་ཏུ་འཛིན་པ་དམ་པོ་ལ་གནས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་གནས་པ། རྒྱུ་དང་འབྲས་བུ་ལ་མགོ་འཁོར་བ། མི་དགེ་བའི་ལས་ཀྱི་ལམ་གྱི་ཕྱོགས་སུ་ཞུགས་པ། སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ། བརྫུན་དུ་སྨྲ་བ། ཕྲ་མ་ཟེར་བ། ངག་རྩུབ་པོ་འབྱིན་པ། ཚིག་ཀྱལ་པ་སྨྲ་བ། ཆགས་སེམས་དང་ལྡན་པ། གནོད་སེམས་ཀྱི་སེམས་དང་ལྡན་པ། ལོག་པར་ལྟ་བ་ཅན། ཕར་མི་ཤེས་པ། མར་མི་ཤེས་པ། དགེ་སྦྱོང་དང་། བྲམ་ཟེར་མི་ཤེས་པ། དབང་པོ་མི་ཤེས་པ། སྐྱེས་བུ་དམ་པར་མི་ཤེས་པ། ཆོས་མ་ཡིན་པ་ལ་ཆགས་ཤིང་ཞེན་པ། མི་ཚུལ་བའི་འདོད་པས་ཟིལ་གྱིས་ནོན་པ། ལོག་པའི་ཆོས་ཀྱིས་ཡོངས་སུ་འཁྲིས་པ། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ། ཆོས་ཀྱི་འཁོར་ལོ་ནུབ་པར་བྱ་བ་ལ་ཞུགས་པ། བདུད་ཀྱི་རྒྱལ་མཚན་འཛིན་པ། བྱང་ཆུབ་སེམས་དཔའ་ལ་གནོད་པར་བྱེད་པ། ཐེག་པ་ཆེན་པོ་ལ་ཞེ་སྡང་བ། བྱང་ཆུབ་ཀྱི་སེམས་ལ་མོས་པ་སྤོང་བར་བྱེད་པ། བྱང་ཆུབ་སེམས་དཔའ་ལ་མི་སྙན་དུ་རྗོད་པ། སྣོད་མ་སྐམས་པར་སྙིང་རིང་བ། གནོད་པ་མ་བྱས་པར་དགྲར་ལེན་པ། འཕགས་པ་ལ་སྐུར་པ་འདེབས་པ། སྐྱེས་བུ་དམ་པ་མ་ཡིན་པས། སྤྱོད་པའི་ཆོས་ཀྱི་སྤྱོད་ཡུལ་ཅན། མཆོད་རྟེན་དང་། དགེ་འདུན་གྱི་དངོས་པོ་ལ་འཁུ་བ། ཕ་མ་ལ་ལོག་པར་སེམས་པ། མཚམས་མེད་པའི་ལས་བྱེད་པ། གཡང་ས་ཆེན་པོ་ལ་མངོན་པར་ལྟས་པའི་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་ཤེས་རབ་ཀྱི་སྣང་བ་ཆེན་པོས་བསལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་ནས། ཐེག་པ་ཆེན་པོ་ཀུན་ཏུ་བཟང་པོས་སྟོབས་
བཅུའི་ཡེ་ཤེས་ཀྱི་སའི་ལམ་ཡོངས་སུ་སྟོན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་ས་དང་། དེ་བཞིན་གཤེགས་པའི་ཡུལ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་རྒྱ་མཚོ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། སངས་རྒྱས་ཀྱི་ཡུལ་དང་། སྟོབས་བཅུ་ཡོངས་སུ་གྲུབ་པ་དང་། སངས་རྒྱས་ཀྱི་གཟུངས་ཀྱི་སྟོབས་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་མཆོག་ཏུ་གྱུར་པ་ཡོངས་སུ་སྟོན་པར་ཤོག་ཤིག །ཡོངས་སུ་བསྟན་ནས་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་གནས་ལ་རབ་ཏུ་དགོད་པར་ཤོག་ཤིག་པར་བསྐྱེད་དོ། །རིགས་ཀྱི་བུ་ཁོ་མོ་ནི་སེམས་ཅན་ཡུན་རིང་པོ་ནས་ན་ཞིང་ནད་ཀྱིས་ཡོངས་སུ་སྐྱོ་བ། ལུས་ཉམ་ཆུང་བ་དང་། རྒས་པ། རྒ་བའི་ཟིལ་གྱིས་ནོན་པ་དང་། མགོན་མེད་པ་དང་། ཕོངས་ཤིང་དབུལ་བ་དང་། ལོག་པར་ལྟུང་བ་དང་། ཡུལ་གཞན་དུ་ཕྱིན་པ་དང་། ཕྱོགས་ལོག་པར་ཞུགས་པ་དང་། བཙོན་ར་ན་འདུག་པ་དང་། ཆད་པས་བཅད་པ་དང་། ཉེས་པ་བྱུང་སྟེ། རྒྱལ་པོས་གསད་པར་བཀྲི་བ་རྣམས་ཀྱང་སྲོག་དང་བྲལ་གྱི་འཇིགས་པ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་གནས་སོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་སེམས་ཅན་ནད་པ་རྣམས་ཀྱི་ནད་ཐམས་ཅད་ནི་ཐབས་ཐམས་ཅད་ཀྱིས་གསོ་བ་ནན་ཏན་དུ་བྱེད་དོ། །རྒས་པ་དང་རྒ་བའི་ཟིལ་གྱིས་ནོན་པ་རྣམས་ལ་ནི་བསྙེན་བཀུར་བ་དང་། རིམ་གྲོ་དང་། ཡོ་བྱད་ཀྱིས་མི་ཕོངས་པར་ཡོངས་སུ་བསྡུད་པ་བྱེད་དོ། །མགོན་མེད་པའི་སེམས་ཅན་རྣམས་ལ་མགོན་བྱེད་དོ། །ཕོངས་ཤིང་དབུལ་བ་རྣམས་ལ་ནི་ནོར་དང་། གསེར་གྱི་ཕུང་པོས་ཡོངས་སུ་སྡུད་དོ། །ལོག་པར་ལྟུང་བ་རྣམས་ནི་དོན་འཐུན་པས་ཡོངས་སུ་སྡུད་དོ། །ཡུལ་གཞན་དུ་ཕྱིན་པ་རྣམས་ནི། རང་གི་ཡུལ་དུ་ཕྱིན་པར་བྱེད་དོ། །ཕྱོགས་ལོག་པར་ཞུགས་པ་རྣམས་ནི། ཕྱོགས་མ་ནོར་བར་འཛུད་དོ། །
བརྩོན་ར་ན་འདུག་པ་རྣམས་ནི་བརྩོན་ར་ནས་ཐར་བར་བྱེད་དོ། །ཆད་པས་གཅད་པ་ནི་ཆད་པའི་སྡུག་བསྔལ་ལས་གྲོལ་བར་བྱེད་དོ། །ཉེས་པ་བྱུང་སྟེ། རྒྱལ་པོས་གསད་པར་བཀྲི་བ་རྣམས་ནི་སྲོག་གི་དབུགས་ཕྱིན་པ་ཐོབ་པར་བྱེད་དོ། །སེམས་ཀྱང་བདག་ཇི་ལྟར་སེམས་ཅན་འདི་དག་འཇིགས་པ་དང་། གནོད་པ་སྣ་ཚོགས་ལས་ཡོངས་སུ་སྐྱོབ་ཅིང་། མགོན་བྱེད་པ་དེ་བཞིན་དུ་བདག་གིས་འདི་རྣམས་བླ་ན་མེད་པའི་ཆོས་ཀྱི་ཡོངས་སུ་བསྡུ་བས་ཡོངས་སུ་བསྡུས་ཏེ། ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བར་བྱའོ། །སྐྱེ་བ་དང་རྒ་བ་དང་ན་བ་དང་། འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡང་དག་པར་བཟླ་བར་བྱའོ། །ངན་སོང་དང་ལོག་པར་ལྟུང་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བར་བྱའོ། །དགེ་བའི་བཤེས་གཉེན་གྱི་གཟུངས་ལ་རབ་ཏུ་དགོད་པར་བྱའོ། །ཆོས་རིན་པོ་ཆེ་སྦྱིན་པའི་ཡོངས་སུ་བསྡུ་བས་ཡོངས་སུ་བསྡུ་བར་བྱའོ། །ཁ་ན་མ་ཐོ་བ་མེད་པའི་ལས་ལ་རབ་ཏུ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་ལ་ཡང་དག་པར་བསྐུལ་བར་བྱའོ། །རྒ་ཤི་ཡོངས་སུ་མེད་པའི་དབྱིངས་ཤིན་ཏུ་རྟོགས་པ་ལ་རབ་ཏུ་དགོད་པར་བྱ་བར་བསྐྱེད་དོ། །རིགས་ཀྱི་བུ་ཁོ་མོ་ནི་སེམས་ཅན་ལོག་པའི་ལམ་ལ་ཞུགས་པ། ལྟ་བའི་རྣམ་པ་ཐིབས་པོ་སྣ་ཚོགས་ལ་མངོན་པར་ཞེན་པ། ལོག་པར་ལྟ་བའི་སྤྱོད་ཡུལ་ཅན་ལུས་དང་ངག་དང་ཡིད་ཀྱི་ལས་ཉམ་ང་བར་འགྱུར་བ་ལ་ཡོངས་སུ་སྤྱོད་པ། བརྟུལ་ཞུགས་དང་དཀའ་ཐུབ་སྣ་ཚོགས་ལ་གནས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འདུ་ཤེས་པ། ལུས་གདུང་བ་དང་། ཡོངས་སུ་གདུང་བ་ལ་རབ་ཏུ་བརྩོན་པ། མཚོ་དང་། མཚེའུ་དང་། ལུ་མ་དང་། རྫིང་བུ་དང་། ཆུ་ཀླུང་དང་། རིའི་གཟར་དང་། ཕྱོགས་དང་ཕྱོགས་མཚམས་ལ་འདུད་ཅིང་ཕྱག་འཚལ་བ་མོས་པ། སྡིག་པའི་
གྲོགས་པོའི་དབང་དུ་གྱུར་པ་རྣམས་ལ་ཡང་ཐབས་སྣ་ཚོགས་ཀྱིས་མགོན་དུ་གྱུར་པར་བྱེད་དེ། དེ་དག་སྡིག་པའི་ལྟ་བའི་རྣམ་པ་དང་། ངན་སོང་ཐམས་ཅད་ཀྱི་གཡང་སར་ལྟུང་བའི་ལམ་ལས་རྣམ་པར་བཟློག་གོ །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་རབ་ཏུ་བཀོད་ཅིང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་ལའང་ཡོངས་སུ་འགོད་དོ། །སེམས་ཀྱང་ཇི་ལྟར་བདག་གིས་སེམས་ཅན་འདི་དག་ཉམ་ང་བའི་ནན་ཏན་དང་། སྡུག་བསྔལ་ལས་ཡོངས་སུ་བཀྲོལ་བ་དེ་བཞིན་དུ་བདག་གིས་སེམས་ཅན་ཐམས་ཅད་ཀྱང་། འཕགས་པ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བཀོད་དེ། ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པར་བྱས་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་ཆེན་པོས་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །སེམས་ཅན་གྱི་ཁམས་ཐམས་ཅད་མ་དུལ་གྱི་བར་དུ་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་མི་གཡོ་བར་བྱ་བར་བསྐྱེད་དོ། །དེ་ནས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པས་དེའི་ཚེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཕྱོགས་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་འདི་བརྣན་ཏེ། བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གཏི་མུག་མ་རིག་མུན་ནག་བསྩལ་དོན་དུ། །སེམས་ཅན་ཕན་ཕྱིར་ཁོ་མོ་ཆོས་བསྟན་ཏེ། །དུས་ལ་བསྡད་ཅིང་འགྲོ་བ་བདེ་བར་བྱས། །འདི་ནི་རྣམ་ཐར་ཚུལ་མཆོག་ཞི་བ་ཡིན། །ཁོ་མོས་བྱམས་ཡངས་ཤིན་ཏུ་སྤྱད་པ་བྱས། །བསྐལ་པ་མཐའ་ཡས་སྔོན་ཅད་ཤིན་ཏུ་བསྒོམས། །དེས་ནི་འཇིག་རྟེན་རྒྱས་བཀང་སྣང་བར་བྱས། །ནོར་བཟངས་བརྟན་པས་ཚུལ་འདི་ཤེས་པར་གྱིས། །ཁོ་མོའི་སྙིང་རྗེ་རྒྱ་མཚོ་ཚད་མེད་དེ། །འདི་ལས་དུས་གསུམ་རྒྱལ་བ་འཇིག་རྟེན་འབྱུང་། །
དེས་ནི་འགྲོ་བའི་སྡུག་བསྔལ་ཞི་བར་བྱེད། །ནོར་བཟངས་བརྟན་པས་ཚུལ་འདི་ཤེས་པར་གྱིས། །འཇིག་རྟེན་བདེ་བ་མངོན་པར་བསྒྲུབ་པ་དང་། །མ་བྱས་འཕགས་པའི་བདེ་བ་མངོན་བསྒྲུབ་ཅིང་། །དེས་ནི་ཁོ་མོ་དགའ་མགུ་རངས་པར་བྱེད། །རྒྱལ་སྲས་ཁྱོད་ཀྱིས་ཚུལ་འདི་ཤེས་པར་གྱིས། །སངས་རྒྱས་སྟོབས་རྣམས་ཡོངས་སུ་སྦྱོང་བྱེད་ཅིང་། །ཉན་ཐོས་ཡེ་ཤེས་རྣམ་ཐར་འབྲས་བུ་དང་། །འདུས་བྱས་སྐྱོན་ལས་རྟག་ཏུ་ཕྱིར་ཕྱོགས་ཀྱིས། །རྒྱལ་སྲས་ཁྱོད་ཀྱིས་ཚུལ་འདི་ཤེས་པར་གྱིས། །ཁོ་མོའི་མིག་ནི་རྒྱ་ཆེ་ཡོངས་སུ་དག །དེས་ནི་ཕྱོགས་བཅུའི་ཞིང་རྣམས་མང་པོ་མཐོང་། །ཞིང་དབྱིངས་དེ་དག་ཀུན་གྱི་རང་བྱུང་རྣམས། །བྱང་ཆུབ་ཤིང་དབང་དྲུང་ན་བཞུགས་པ་མཐོང་། །སངས་རྒྱས་སྐུ་ནི་མཚན་གྱིས་ཡོངས་བརྒྱན་ཅིང་། །འོད་བཟང་རྣམ་པ་སྣ་ཚོགས་ཀུན་འགྱེད་དེ། །བ་སྤུ་ཀུན་ནས་འོད་གཟེར་མང་འགྱེད་པའི། །སངས་རྒྱས་འཁོར་དང་བཅས་པ་ཁོ་མོས་མཐོང་། །ཞིང་དབྱིངས་དེ་དག་ཀུན་གྱི་སེམས་ཅན་རྣམས། །ཤི་འཕོ་སྐྱེ་བའི་སྒོར་ཡང་ཀུན་མཐོང་སྟེ། །བྱིས་པ་དེ་དག་འགྲོ་རྒྱུད་རྒྱ་མཚོ་ན། །འཁོར་ཞིང་རང་རང་ལས་ཀྱང་མྱོང་བར་བྱེད། །ཁོ་མོའི་རྣ་བ་རྒྱ་མཚོ་རྣམ་དག་སྟེ། །དེར་ནི་སྒྲ་རྣམས་མ་ལུས་ཡོངས་སུ་འདུ། །འགྲོ་བ་ཀུན་ཀྱི་སྒྲ་སྐད་རྒྱ་མཚོ་དག །ཀུན་ཀྱང་ཐོས་ནས་དྲན་པས་ཡོངས་སུ་འཛིན། །དབྱངས་ཀྱི་ཡན་ལག་སྒྲ་སྐད་ཐམས་ཅད་ཀྱིས། །དཔེ་ཟླ་མེད་པའི་གསུང་ནི་རབ་བརྒྱན་ཏེ། །དེས་ནི་རྒྱལ་བ་འཁོར་ལོ་རབ་ཏུ་བསྐོར། །དེ་དག་ཁོ་མོས་ཐོས་ཤིང་དྲན་པས་འཛིན། །ཁོ་མོའི་སྣ་ཡི་མཐུ་ཡང་རྣམ་དག་སྟེ། །ཆོས་ཚུལ་རྒྱ་མཚོ་དག་ལ་ཐོགས་པ་མེད། །རྣམ་ཐར་གནས་རྣམས་ཀུན་ཏུ་རབ་འཇུག་པའི། །ཚུལ་འདི་རྒྱལ་སྲས་ཁྱོད་ཀྱིས་ཤེས་པར་གྱིས། །ཁོ་མོའི་ལྕེ་ནི་རྒྱ་ཆེ་རབ་ཏུ་ཡངས། །སྲབ་ཅིང་མདོག་དམར་རིན་ཆེན་འོད་དུ་དག །སེམས་ཅན་བསམ་པ་ཇི་བཞིན་དེ་ཤེས་བྱེད། །རྒྱལ་སྲས་ཁྱོད་ཀྱིས་ཚུལ་འདི་ཤེས་པར་གྱིས། །ཁོ་མོའི་ཆོས་ལུས་ཤིན་ཏུ་
རྣམ་དག་སྟེ། །དུས་གསུམ་ཀུན་ཏུ་འོད་གསལ་རབ་ཏུ་གནས། །གཟུགས་ལུས་སེམས་ཅན་བསམ་པ་ཇི་བཞིན་ཏེ། །དེ་དག་ཀུན་གྱི་དད་པའི་དབང་དུ་མཐོང་། །ཁོ་མོའི་སེམས་ནི་ཆགས་མེད་ཟག་པ་མེད། །སྒྲ་དབྱངས་སྤྲིན་གྱི་ང་རོ་ཇི་བཞིན་ཏེ། །དེ་ཡི་ཁོངས་སུ་མི་མཆོག་ཀུན་ཆུད་ཀྱང་། །དེ་ལ་ཁོ་མོ་རྣམ་པར་རྟོག་པ་མེད། །ཞིང་གི་དབྱིངས་ཀྱི་སེམས་ཅན་བསམ་མི་ཁྱབ། །དེ་དག་སེམས་ཀྱི་རྒྱ་མཚོ་ཁོ་མོས་ཤེས། །དེ་དག་དབང་པོ་བསམ་པ་རབ་ཤེས་ཀྱང་། །དེ་ལ་ཁོ་མོ་རྣམ་པར་རྟོག་པ་མེད། །ཁོ་མོའི་རྫུ་འཕྲུལ་རབ་ཡངས་ཤིན་ཏུ་གྲུབ། །དེས་ནི་བསམ་ཡས་ཞིང་ཡང་རབ་ཏུ་བསྐྱོད། །ལུས་ཀྱི་འོད་དང་མཐུ་ཡང་དེ་བཞིན་ཏེ། །དེས་ནི་སེམས་ཅན་གདུལ་དཀའ་ཤིན་ཏུ་འདུལ། །ཁོ་མོའི་བསོད་ནམས་རྣམ་ཡངས་ཡོངས་སུ་དག །ཀུན་ཏུ་རྒྱན་བྱེད་ཟད་པ་མེད་པའི་མཛོད། །དེས་ནི་རྒྱལ་བ་རྣམས་ལ་མཆོད་པ་བྱེད། །འགྲོ་བ་ཐམས་ཅད་ཉེ་བར་འཚོ་བའང་ཡིན། །ཁོ་མོའི་ཤེས་རབ་རྣམ་ཡངས་ཤིན་ཏུ་དག །དེས་ནི་ཆོས་མང་རྒྱ་མཚོ་རབ་ཏུ་ཤེས། །འགྲོ་བ་ཀུན་གྱི་ཐེ་ཙོམ་ཡོངས་སུ་གཅོད། །རྒྱལ་སྲས་ཁྱོད་ཀྱིས་ཚུལ་འདི་ཤེས་པར་གྱིས། །དུས་གསུམ་ཀུན་ལ་ཁོ་མོ་ཞུགས་གྱུར་པས། །སངས་རྒྱས་རྒྱ་མཚོ་ཀུན་ཀྱང་མཐོང་ཞིང་ཤེས། །དེ་དག་སྨོན་ལམ་ལ་ཡང་རབ་ཏུ་ཞུགས། །ཚུལ་འདི་དཔག་ཡས་རབ་ཏུ་རྫོགས་པ་ཡིན། །རྡུལ་མང་ཀུན་ལ་ཞིང་རྣམས་རྒྱ་མཚོ་མཐོང་། །དེ་དག་དུས་གསུམ་འཇུག་པ་དེ་བཞིན་ཏེ། །དེ་དག་ཀུན་གྱི་སངས་རྒྱས་རྒྱ་མཚོ་མཐོང་། །འདི་ནི་ཀུན་ཏུ་གནས་པའི་ཚུལ་གྱིས། །རྣམ་པར་སྣང་མཛད་བྱང་ཆུབ་སངས་རྒྱས་ཏེ། །ཕྱོགས་རྣམས་ཀུན་གྱི་ཞིང་རྣམས་ཡོངས་བཀང་ཞིང་། །རྡུལ་སྦུབས་ཀུན་གྱི་བྱང་ཆུབ་ཤིང་དྲུང་ན། །ཞི་བའི་ཆོས་རྣམས་གསུང་དུ་སྒྲོག་པ་ལྟོས། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ནས།
ཇི་སྲིད་ཅིག་ལགས། དེ་ལྟར་ཁྱོད་ཚུལ་འདི་ལྟ་བུས་སེམས་ཅན་གྱི་དོན་བགྱི་བ་ལ་སྟ་གོན་དུ་ཞུགས་པའི་རྣམ་པར་ཐར་པ་དེ་ནི་ཁྱོད་ཀྱིས་བརྙེས་ནས་ཇི་སྲིད་ཅིག་ལགས། དེ་སྐད་ཅེས་སྨྲས་པ་དང་། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བསྐལ་པའི་ཡང་། ཕ་རོལ་ཅིག་ཏུ་བསྐལ་པ་རབ་ཏུ་ཞི་བའི་འོད་ཅེས་བྱ་བ། སངས་རྒྱས་བྱེ་བ་ཕྲག་ལྔ་བརྒྱ་སྐྱེས་པ་བྱུང་སྟེ། དེའི་འཇིག་རྟེན་གྱི་ཁམས་ནི་རིན་ཆེན་དཔལ་འབྱུང་ཞེས་བྱ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་གླིང་བཞི་པ་འབྲིང་པོ་རིན་ཆེན་ཟླ་བ་སྒྲོན་མའི་འོད་ཅེས་བྱ་བ་དེ་ན། རྒྱལ་པོའི་གནས་པད་མོའི་འོད་ཅེས་བྱ་བ་ཡོད་དེ། རྒྱལ་པོའི་གནས་དེར་རྒྱལ་པོ་ཆོས་རབ་མུ་སྟེགས་ཞེས་བྱ་བ་ཆོས་དང་མཐུན་པའི་རྒྱལ་པོ་འཁོར་ལོས་སྒྱུར་བ་གླིང་བཞི་ལ་དབང་བ་རིན་པོ་ཆེ་བདུན་དང་ལྡན་པ་བྱུང་སྟེ། དེས་ས་ཆེན་པོ་དེ་ཡང་རི་དང་རྒྱ་མཚོར་བཅས་པའི་མཐས་གཏུགས་པར་ཆོས་ཀྱིས་རྒྱས་པར་བྱས་ནས། བདེ་བར་གནས་པར་བྱས་སོ། །རྒྱལ་པོ་ཆོས་རབ་མུ་སྟེགས་དེའི་བཙུན་མོ་ཆོས་ཀྱི་བློ་གྲོས་ཟླ་བ་ཞེས་བྱ་བ་བྱུང་སྟེ། དེ་སྲོད་ལ་འདོད་པས་མྱོས་ཤིང་དགའ་བར་རྩེ་རྩེ་བས་དུབ་ནས་ནམ་གྱི་གུང་ལ་བཙུན་མོའི་འཁོར་གྱི་གནས་སུ་ཕྱིན་ཏེ་ཉལ་ལོ། །དེ་ནས་རྒྱལ་པོའི་གནས་པད་མོའི་འོད་དེའི་ཤར་ཕྱོགས་ཀྱི་ནགས་ཚལ་ཆེན་པོ་ཞི་བའི་དཔལ་འབྱུང་བ་ཞེས་བྱ་བར་རིན་པོ་ཆེའི་རྒྱལ་པོ་རྒྱན་ཐམས་ཅད་ཀྱི་འོད་དང་ལྡན་པའི་ལྷུན་ཅན། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པས་བྱུང་བའི་བྱང་ཆུབ་ཀྱི་ཤིང་ཆེན་པོའི་དྲུང་དུ། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་རབ་ཏུ་སྒྲོག་པའི་རྒྱལ་པོ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེའི་མཐུས་འཇིག་རྟེན་གྱི་ཁམས་རིན་ཆེན་དཔལ་འབྱུང་བ་ཐམས་ཅད་འོད་ཆེན་པོ་ཁ་དོག་དུ་མ་ཅན་གྱིས་རྒྱས་ཤིང་གང་བར་གྱུར་ཏོ། །རྒྱལ་པོའི་གནས་པད་མོའི་འོད་ཅེས་བྱ་བ་དེ་ན་མཚན་མོའི་ལྷ་མོ་ཟླ་བ་ཤིན་ཏུ་རྣམ་པར་དག་པའི་འོད་ཅེས་བྱ་
བ་འདུག་འདུག་སྟེ། དེས་རྒྱལ་པོའི་བཙུན་མོ་ཆོས་ཀྱི་བློ་གྲོས་ཟླ་བའི་གན་དུ་སོང་ནས། རྒྱན་བཀྲོལ་བའི་སྒྲས་སད་པར་བྱས་ཏེ། འདི་སྐད་ཅེས་སྨྲས་སོ། །འདི་ལྟར་རྒྱལ་པོའི་བཙུན་མོ་ཤེས་པར་གྱིས་ཤིག །ནགས་ཚལ་ཆེན་པོ་ཞི་བའི་དཔལ་འབྱུང་བར་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་རབ་ཏུ་སྒྲོག་པའི་རྒྱལ་པོ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །དེ་ནས་དེས་རྒྱལ་པོའི་བཙུན་མོ་དེའི་མདུན་དུ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་རྒྱ་ཆེར་བཤད་དོ། །རིགས་ཀྱི་བུ་རྒྱལ་པོའི་བཙུན་མོ་དེའང་དེ་བཞིན་གཤེགས་པའི་འོད་ཀྱིས་སྣང་བར་གྱུར་ཏེ། བསམ་པ་ཐག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས། དེས་དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་དུ་བཅས་པ་ལ་མཆོད་པ་དང་། རིམ་གྲོ་ཆེར་བྱས་སོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོའི་བཙུན་མོ་ཆོས་ཀྱི་བློ་གྲོས་ཟླ་བ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི། དེ་ལྟར་མི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན། རྒྱལ་པོའི་བཙུན་མོ་ཆོས་ཀྱི་བློ་གྲོས་ཟླ་བ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་ཁོ་མོ་ནི་མོས་པའི་སེམས་བསྐྱེད་པ་དེ་དང་། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བ་དེས། བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཚུན་ཆད་དུ་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མ་སྐྱེས་ཏེ། སེམས་ཅན་དམྱལ་བར་མ་ཡིན་ནོ། །བྱོལ་སོང་གི་སྐྱེ་གནས་སུ་མ་ཡིན། ཡི་དགས་སུ་མ་ཡིན་ནོ། །ནམ་ཡང་རིགས་དམའ་བར་མ་སྐྱེས་སོ། །ནམ་ཡང་དབང་པོ་དང་མི་ལྡན་པར་མ་གྱུར་ཏོ། །ནམ་ཡང་སྡུག་བསྔལ་བར་མ་གྱུར་ཏེ། དེ་ལྟར་ཁོ་མོས་རྟག་པར་ལྷའི་ནང་དུ་ལྷའི་བདག་ཉིད་ཆེ་བ་ཉིད་ཐོབ།
མིའི་ནང་དུ་ནི། མིའི་བདག་ཉིད་ཆེ་བ་ཉིད་ཐོབ་སྟེ། འདི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་ཡང་མ་བྲལ་ལོ། །དུས་ངན་པར་ཡང་མ་སྐྱེས་སོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོས་སངས་རྒྱས་གཅིག་ནས་གཅིག་ཏུ་དགེ་བའི་རྩ་བ་བསྐྱེད་དེ་བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཏུ་ལམ་བདེ་ཞིང་མཉམ་པ་ནས་ཉེ་ཞོ་མེད་པར་ཕྱིན་ཀྱང་དེ་ཙམ་གྱིས་ཁོ་མོའི་བྱང་ཆུབ་སེམས་དཔའི་དབང་པོ་ཡོངས་སུ་གྲུབ་པར་མ་གྱུར་ཏེ། རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བསྐལ་པ་དེ་དག་ནི་འདས། བསྐལ་པ་བཟང་པོ་འདིའི་སྔ་རོལ་གྱི་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུའི་ཐོག་མ་ལ་བབ་པ་དེའི་ཚེ། འཇིག་རྟེན་གྱི་ཁམས་གཟི་བརྗིད་རྡུལ་གྱི་དྲི་མ་མྱེད་པ་ཞེས་བྱ་བར། བསྐལ་པ་མྱ་ངན་མེད་ཅིང་། རྡུལ་དང་བྲལ་བ་ཞེས་བྱ་བ་བྱུང་སྟེ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་གཟི་བརྗིད་རྡུལ་གྱི་དྲི་མ་མེད་པའི་དཔལ་དེ་ནི་ཀུན་ནས་ཉོན་མོངས་ལ་རྣམ་པར་དག་པར་གྱུར་ཏེ། དེར་སངས་རྒྱས་ལྔ་བརྒྱ་བྱུང་ངོ་། །སངས་རྒྱས་ལྔ་བརྒྱ་པོ་དེ་དག་གི་ཐོག་མ་ལ་དེ་བཞིན་གཤེགས་པ་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རི་རབ་རྒྱལ་མཚན་སྤྱན་ཡངས་ཤིང་ཞི་བའི་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཁོ་མོ་ཡང་ཚོང་དཔོན་སྙན་པ་རྣམ་པར་གྲགས་པའི་བུ་མོ་ཤེས་རབ་སྣང་བའི་དཔལ་ཞེས་བྱ་བ། གཟུགས་མཛེས་ཤིང་བཟང་ལ་བལྟ་ན་སྡུག་པ་ཁ་དོག་ཤིན་ཏུ་མཛེས་ཤིང་རྒྱས་པ་དང་ལྡན་པ་ཞིག་ཏུ་གྱུར་ཏེ། མཚན་མོའི་ལྷ་མོ་ཟླ་བ་ཤིན་ཏུ་རྣམ་པར་དག་པའི་འོད་ཅེས་བྱ་བ་དེ་ཡང་། སྨོན་ལམ་གྱི་དབང་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་རྒྱལ་པོའི་གནས་རྒྱལ་མཚན་སྣ་ཚོགས་སུ་མཚན་མོའི་ལྷ་མོ་མིག་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏེ། དེས་ཁོ་མོ་མཚན་མོ་མི་ཉལ་ཙམ་ཞིག་ན། ཕ་མ་ཉལ་
བར་གྱུར་པ་དང་། ཁྱིམ་དེ་ཡང་ཡོངས་སུ་བསྐྱོད་དེ་འོད་ཆེན་པོས་སྣང་བར་བྱས་ནས་རང་གི་གཟུགས་བསྟན་ཏེ། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་བརྗོད་ནས། དེ་བཞིན་གཤེགས་པ་ཐོག་མ་མངོན་པར་སངས་རྒྱས་ནས། ཞག་བདུན་ལོན་ཏེ། སྙིང་པོ་བྱང་ཆུབ་ལ་བཞུགས་པ་དེ་བསྟན་ཏོ། །དེ་ནས་ཁོ་མོ་ཕ་མ་དང་གཉེན་བཤེས་ཀྱི་ཚོགས་ཆེན་པོ་དང་འགྲོགས་ཏེ། མཚན་མོའི་ལྷ་མོ་ཤིན་ཏུ་རྣམ་པར་དག་པའི་ཟླ་བའི་འོད་སྔོན་དུ་བདར་ནས། དེ་བཞིན་གཤེགས་པ་དེའི་སྤྱན་སྔར་ཕྱིན་ཏོ། །དེ་ནས་ཁོ་མོས་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། དེ་བཞིན་གཤེགས་པ་དེའི་ཞལ་མཐོང་མ་ཐག་ཏུ་ཏིང་ངེ་འཛིན་འགྲོ་བ་འདུལ་ཞིང་སངས་རྒྱས་མཐོང་བར་བྱེད་པ་ཞེས་བྱ་བ་དང་། ཏིང་ངེ་འཛིན་དུས་གསུམ་གྱི་དབྱིངས་ཡེ་ཤེས་ཀྱིས་སྣང་བའི་དཀྱིལ་འཁོར་ཅེས་བྱ་བ་ཡང་ཐོབ་པར་གྱུར་ཏོ། །དེ་ཐོབ་པས་ཀྱང་ཁོ་མོས་བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ཀྱང་རྗེས་སུ་དྲན་པར་གྱུར་ཏོ། །ཁོ་མོའི་བྱང་ཆུབ་ཀྱི་སེམས་དེ་ཡང་མངོན་དུ་གྱུར་ཏེ། དེ་ལྟར་ཁོ་མོས་དེ་བཞིན་གཤེགས་པ་དེ་ལས་ཆོས་བསྟན་པ་ཐོས་ཏེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་འདི་ཡང་ཐོབ་པར་གྱུར་ཏོ། །དེ་ཐོབ་པས་ཀྱང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལུས་ཀྱིས་རྒྱས་པར་འགེངས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་མིག་ལམ་དུ་སྣང་ཞིང་། བདག་ཉིད་ཀྱང་དེ་དག་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་འདུག་པར་ཤེས་སོ། །འཇིག་རྟེན་གྱི་ཁམས་དེ་དག་ཏུ་སེམས་ཅན་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་མིག་ལམ་དུ་སྣང་སྟེ། དེ་དག་གི་སྒྲ་སྐད་རྣམ་པ་ཐ་དད་པའི་བརྡ་ཡང་རབ་ཏུ་ཤེས་སོ། །སེམས་དང་བསམ་པ་དང་། དབང་པོ་དང་མོས་པ་ཡང་རབ་
ཏུ་ཤེས་སོ། །སྔོན་གྱི་མཐའི་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་ཡོངས་སུ་སྨིན་པར་གྱུར་པའང་རབ་ཏུ་ཤེས་སོ། །དེ་དག་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་འགྱུར་བའི་ལུས་ཀྱང་ཡོངས་སུ་སྟོན་ཏོ། །ཁོ་མོའི་རྣམ་པར་ཐར་པ་དེ་ཡང་སེམས་ཀྱི་སྐད་ཅིག་རེ་རེ་ལ་རྣམ་པར་འཕེལ་ཏེ། རྣམ་པར་ཐར་པའི་སེམས་དེའི་འོག་མའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བརྒྱའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལུས་ཀྱིས་རྒྱས་པར་འགེངས་སོ། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལུས་ཀྱིས་རྒྱས་པར་འགེངས་སོ། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལུས་ཀྱིས་རྒྱས་པར་འགེངས་སོ། །དེ་བཞིན་དུ་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བར་དག་ཀྱང་ལུས་ཀྱིས་རྒྱས་པར་འགེངས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་མིག་ལམ་དུ་སྣང་སྟེ། བདག་ཉིད་ཀྱང་དེ་དག་གི་ཞབས་ཀྱི་དྲུང་ན་འདུག་པར་ཤེས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་ལེན་ཏོ། །འཛིན་ཏོ། །ཡོངས་སུ་འཛིན་ཏོ། །ཉེ་བར་འཛིན་ཏོ། །དེ་བཞིན་གཤེགས་པ་དེ་དག་གི་སྔོན་གྱི་ཚུལ་རྒྱ་མཚོ་དང་། སྨོན་ལམ་རྒྱ་མཚོ་ལ་ཡང་འཇུག་གོ །དེ་བཞིན་གཤེགས་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་དག་ཐམས་ཅད་ཀྱང་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར། མངོན་པར་སྒྲུབ་བོ། །སེམས་ཅན་ཇི་སྙེད་ཅིག་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་དུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། ཁོ་མོའི་མིག་ལམ་དུ་སྣང་སྟེ། སེམས་ཅན་དེ་དག་གི་བསམ་པ་དང་དབང་པོ་དང་མོས་
པའི་བྱེ་བྲག་ཇི་སྙེད་པ་དེ་སྙེད་ཀྱི་བྱེ་བྲག་དུ་དེ་དག་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་ཕྱིར་ལུས་བྱིན་གྱིས་རློབ་སྟེ། དེ་ལྟར་ཁོ་མོའི་རྣམ་པར་ཐར་པ་དེ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་ཆོས་ཀྱི་དབྱིངས་འབྱམ་ཀླས་པ་རྒྱས་པར་འགེངས་པའི་ཚུལ་གྱིས་རྣམ་པར་འཕེལ་ལོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་མཐའ་དང་དབུས་མེད་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་བྱུང་བ། ཆོས་ཀྱི་དབྱིངས་རྒྱ་མཚོའི་ཚུལ་འབྱམ་ཀླས་པར་འདལ་བ་ལ་འཇུག་པར་དབང་སྒྱུར་བ། བྱང་ཆུབ་སེམས་དཔས་ཡང་དག་པར་བསྒྲུབ་པའི་ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་དཔལ་གྱིས་རྣམ་པར་རྩེ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཡང་དག་པར་གཟུང་བ་ལ་སྨོན་ལམ་ཆེན་པོས་བྱུང་བ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་གིས་ཡོངས་སུ་དག་པར་བྱ་བའི་བསོད་ནམས་ཀྱི་རྒྱ་མཚོ་ཆེན་པོ་ཡོངས་སུ་གྲུབ་པ། སེམས་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་ཡེ་ཤེས་ལ་དབང་བསྒྱུར་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པའི་མུན་པ་ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་ཀྱི་ཉི་མའི་མིག་དང་ལྡན་པ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཐེག་པ་ཆེན་པོ་རྣམ་པར་དམིགས་པར་བྱ་བའི་མཐུ་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་ཐེ་ཙོམ་དང་། ནེམ་ནུར་དང་། ཡིད་གཉིས་ཀྱི་རབ་རིབ་རྣམ་པར་སེལ་བའི་བློ་གྲོས་ཀྱི་ཟླ་བ་དང་ལྡན་པ། སྲིད་པའི་རྒྱ་མཚོ་ཐམས་ཅད་ལ་མངོན་པར་ཆགས་པ་ལས་གྱེན་དུ་བསྐྱོད་པའི་སྒྲ་དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཐམས་
ཅད་ཀྱིས་རྡུལ་གྱི་ཆ་ཤས་ལ་རྣམ་པར་འཕྲུལ་པ། ཡོངས་སུ་སྟོན་པ་ལ་དབང་བསྒྱུར་བ། དུས་གསུམ་གྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་དབྱེར་མེད་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པའམ། སྤྱོད་ཡུལ་ལ་འཇུག་པའམ། རྣམ་པར་ཐར་པས་རྣམ་པར་རྩེ་བ་ཡོངས་སུ་བསྟན་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ཡུལ་མ་ག་དྷ་འདི་ཉིད་ཀྱི་སྙིང་པོ་བྱང་ཆུབ་ལ་ཁོ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་བསྐྱེད་པ། ཡང་དང་ཡང་བསྐུལ་བསྐུལ་བའི་མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཅེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྱིས། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཁྱོད་སྐུ་ཤིན་ཏུ་རྣམ་པར་དག་པ་མཐོང་། །མཚན་གྱིས་རྣམ་བརྒྱན་རི་བོ་ཇི་བཞིན་དུ། །འཇིག་རྟེན་ཀུན་ལས་མངོན་འཕགས་འཇིག་རྟེན་དུ། །ཕུན་སུམ་ཚོགས་སྐུ་འཇམ་དཔལ་བཞིན་དུ་མཛེས། །ཁྱོད་ཀྱི་ཆོས་སྐུ་ཤིན་ཏུ་རྣམ་དག་སྟེ། །དུས་གསུམ་ཀུན་ཏུ་མཉམ་ཞིང་རྣམ་མི་རྟོག །དེར་ནི་འཇིག་རྟེན་མ་ལུས་ཀུན་འདུས་ཏེ། །འབྱུང་ཞིང་རྣམ་པར་འཇིག་ཀྱང་ཆགས་མི་མངའ། །ལམ་རྒྱུད་འབྱམ་ཀླས་ཐམས་ཅད་ཀུན་ཏུ་ཡང་། །ཁྱོད་ཀྱི་སྐུ་ནི་གཟུགས་བརྙན་རྣམ་པར་ཕྱེ། །སྐར་ཆེན་ཟླ་སྐར་རྒྱུ་སྐར་ཚོགས་ལ་ཇི་བཞིན་དུ། །སྤུ་རྩེ་ཀུན་ལའང་ཁྱོད་ནི་བདག་གིས་མཐོང་། །ཁྱོད་ཀྱི་ཐུགས་ཡངས་ཤིན་ཏུ་རྣམ་དག་སྟེ། །ཕྱོགས་རྣམས་ཀུན་ཏུ་ནམ་མཁའི་དབྱིངས་སུ་རྒྱས། །དེར་ནི་མི་མཆོག་ཀུན་ཀྱང་ཡོངས་སུ་འདུ། །ཁྱོད་ལ་ཡེ་ཤེས་མི་རྟོག་དམ་པ་མངའ། །ཞིང་གི་རྡུལ་སྙེད་རྣམ་པ་སྣ་ཚོགས་སྤྲིན། །ཁྱོད་ཀྱི་སྤུ་རྩེ་ཀུན་ནས་མངོན་འཐོན་ཅིང་། །
རྒྱན་མངས་སྣ་ཚོགས་ཆར་པ་མངོན་འབེབས་ཤིང་། །ཕྱོགས་བཅུའི་སངས་རྒྱས་ཞབས་དྲུང་རྒྱས་པར་འགེངས། །འགྲོ་བ་ཀུན་སྙེད་ལུས་རྣམས་མཐའ་ཡས་པ། །ཁྱོད་ཀྱི་སྤུ་རྩེ་ཀུན་ནས་མངོན་འཐོན་ཅིང་། །ཕྱོགས་བཅུའི་འཇིག་རྟེན་རྒྱས་པར་ཡོངས་བཀང་ནས། །སྣ་ཚོགས་ཐབས་ཀྱིས་སེམས་ཅན་རྣམ་པར་སྤྱོད། །སྤུ་རྩེ་ཀུན་ལ་བསམ་ཡས་ཞིང་གི་རྣམས། །སྣ་ཚོགས་རྒྱན་ལྡན་རྣམ་པ་ཐ་དད་མཐོང་། །ལམ་རྒྱུད་སེམས་ཅན་ཁྱོད་ཀྱིས་རྣམ་སྦྱངས་པ། །ཇི་སྙེད་དེ་དག་བསམས་བཞིན་ཀུན་ཀྱང་བྱུང་། །གང་ཞིག་ཁྱོད་ཀྱི་མཚན་ཐོས་དགའ་གྱུར་པ། །དེ་དག་ཐོབ་བྱ་ལེགས་ཐོབ་ལེགས་པར་འཚོ། །སེམས་ཅན་གང་གིས་ཁྱོད་ཀྱི་སྐུ་མཐོང་བ། །བྱང་ཆུབ་ལམ་ལ་མངོན་དུ་བལྟས་པར་འགྱུར། །དེ་ལྟར་ཐོས་ནས་རབ་ཏུ་སེམས་དགའ་ལ། །མཐོང་བ་ཙམ་གྱིས་ཉོན་མོངས་ཞི་མཛད་པས། །བསྐལ་པ་བསམ་ཡས་ངན་སོང་གནས་ཀྱང་ཆུང་། །ཁྱོད་ཀྱི་ཞལ་ལྟའི་དོན་དུ་མོས་པར་བགྱི། །ཞིང་རྣམས་སྟོང་གི་རྡུལ་སྙེད་ལུས་བྱས་ཏེ། །དེ་སྙེད་བསྐལ་པ་བརྒྱུད་དེ་ཁྱོད་འདྲ་བའི། །སྤུ་རྩེ་གཅིག་གི་ཡོན་ཏན་ལེགས་བརྗོད་ཀྱང་། །ལེགས་པའི་མཐར་ཕྱིན་ནམ་དུའང་མི་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། །མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། །ཡང་དང་ཡང་བལྟས་ཏེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བས། མ་ངོམས་བཞིན་དུ་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དྲུག་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་
བཟངས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ཐོག་མ་བྱང་ཆུབ་ཏུ་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ནི་ཁོང་དུ་ཆུད་པར་བྱེད། བྱང་ཆུབ་སེམས་དཔའི་སྙིང་པོ་ཡང་དག་པར་འབྱུང་བ་ལ་ནི་རྗེས་སུ་དཔྱོད། བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་མཚོ་ལ་ནི་ཡོངས་སུ་འཇུག །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ལམ་ནི་ཡོངས་སུ་སྦྱོང་། བྱང་ཆུབ་སེམས་དཔའི་སའི་དཀྱིལ་འཁོར་ནི་ཡོངས་སུ་གནོན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ནི་རྒྱ་ཆེར་བྱེད། བྱང་ཆུབ་སེམས་དཔའི་འབྱུང་བ་རྒྱ་མཚོ་ནི་རྗེས་སུ་འབྲང་། ཐམས་ཅད་མཁྱེན་པའི་སྣང་བ་ཆེན་པོ་རྒྱ་མཚོ་ལ་ནི་རྣམ་པར་ལྟ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་གཞོལ་བའི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་སྤྲིན་ནི་རྒྱ་ཆེར་བྱེད། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱི་དཀྱིལ་འཁོར་ནི་ཞིང་ཐམས་ཅད་དུ་ཕྱི་མའི་མཐར་བྱིན་གྱིས་བརླབ་པས་མངོན་པར་སྒྲུབ་ཅིང་། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་གང་ན་བ་དེར་སོང་སྟེ། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ལ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཀྱི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ས་ལ་སྤྱོད་པ་དང་། ཇི་ལྟར་འབྱུང་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏོ། །སྨྲས་པ་རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའི་ས་ལ་སྤྱོད་
པ་དང་། འབྱུང་བ་དང་ཡོངས་སུ་འགྲུབ་པ་འདྲི་བ་ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཆོས་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་གྲུབ་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་གྱུར་པར་མཐོང་བའི་ཏིང་ངེ་འཛིན་ཐོབ་པ་རྣམ་པར་དག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་མཚན་སྣ་ཚོགས་དང་ལྡན་པ་རྣམ་པར་བལྟ་བའི་མིག་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་ཁ་དོག་རྒྱ་མཚོ་མཐའ་དང་དབུས་མེད་པ་རྣམ་པར་དམྱིགས་པར་བྱ་བ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་སྣང་བའི་དཀྱིལ་འཁོར་རྒྱ་མཚོ་ཚད་མེད་པ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ཚད་ཀྱིས་འཇུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བ་སྤུའི་སྒོ་ནས་འོད་ཟེར་རྒྱ་མཚོ་སེམས་ཅན་ཐམས་ཅད་དང་མཉམ་པ་དང་། སེམས་ཅན་སྣ་ཚོགས་ཀྱི་དོན་དུ་བཀྱེ་བ་ལ་འཇུག་པ་དང་། བ་སྤུའི་བུ་ག་རེ་རེ་ནས་འོད་འཕྲོ་བ་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དུ་འདུག་པ་རྒྱ་མཚོ་སྟོན་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་སངས་རྒྱས་ཀྱིས་སྤྲུལ་པ་རྒྱ་མཚོས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་ཞིང་སེམས་ཅན་འདུལ་བའི་བྱིན་གྱི་རླབས་ལ་འཇུག་པ་དང་། དེ་བཞིན་གཤེགས་པའི་གསུང་སེམས་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་དང་ལྡན་པས། དུས་གསུམ་དུ་བྱུང་བའི་ཆོས་ཀྱི་འཁོར་ལོའི་སྒྲ་སྒྲོག་པས། མདོ་སྡེ་ཐམས་ཅད་ཀྱི་སྤྲིན་གྱི་འབྲུག་སྒྲ་འབྱིན་པའི་དཀྱིལ་འཁོར་ལ་འཇུག་པ་དང་། སངས་རྒྱས་ཀྱི་མཚན་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་འཇུག་པ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྟན་པས་སེམས་ཅན་འདུལ་བ་ལ་འཇུག་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་
གྲུབ་པ་ཡིན་ནོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། བསམ་གཏན་ཞི་བའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་ཐོབ་པ་སྟེ། རིགས་ཀྱི་བུ་ཁོ་མོ་ནི་དེའི་མཐུས། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལའང་འཇུག་གོ །འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དང་། ཏིང་ངེ་འཛིན་མཐའ་དང་དབུས་མེད་པའི་རྣམ་པར་འཕྲུལ་བ་རྒྱ་མཚོ་དང་སྔོན་གྱི་ཚུལ་རྒྱ་མཚོ་དང་། མཚན་རྒྱ་མཚོ་ལའང་འཇུག་གོ །དེ་བཞིན་གཤེགས་པ་དེ་དག་གི་ཆོས་ཀྱི་འཁོར་ལོ་རབ་ཏུ་འཁོར་བ་རྣམ་པ་ཐ་དད་པ་ལའང་འཇུག་གོ །དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་སྣ་ཚོགས་དང་། དབྱངས་ཀྱི་ཡན་ལག་རྣམ་པ་ཐ་དད་པ་དང་། དེ་བཞིན་གཤེགས་པ་དེ་དག་གི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་སྐུའང་འཇུག་སྟེ། དེ་བཞིན་གཤེགས་པ་དེ་དག་ལ་དངོས་པོར་མངོན་པར་ཞེན་པའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཞུད་པ་འགགས་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་བཞུད་པ་མེད་པའོ། །རང་བཞིན་གྱིས་བྱུང་བ་མེད་པས་ན། དེ་བཞིན་གཤེགས་པ་དེ་དག་ནི་བྱོན་པ་མེད་པའོ། །མི་སྐྱེ་བའི་ཆོས་ཉིད་དང་། མཉམ་པའི་སྐུ་མངའ་བའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་མ་སྐྱེས་པའོ། །མི་སྐྱེ་བའི་མཚན་ཉིད་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་མ་འགགས་པའོ། །སྒྱུ་མའི་རྣམ་པ་ལྟ་བུར་མཐོང་ཞིང་རྣམ་པར་དམིགས་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་མི་བདེན་པ་མ་ཡིན་པའོ། །འགྲོ་བ་ཐམས་ཅད་ཀྱི་དོན་དུ་བྱུང་བའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་བརྫུན་པ་མ་ཡིན་པའོ། །ཤི་འཕོ་དང་སྐྱེ་བ་ལས་རྣམ་པར་འདས་པའི་ཕྱིར། དེ་བཞིན་
གཤེགས་པ་དེ་དག་ནི་འཕོ་བ་མེད་པའོ། །ཆོས་ཀྱི་རང་བཞིན་གྱིས་འཇིག་པ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ནི་འཇིག་པ་མེད་པའོ། །ངག་གི་ལམ་ཐམས་ཅད་ལས་ཡོངས་སུ་འདས་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མཚན་ཉིད་གཅིག་པའོ། །ཆོས་ཀྱི་མཚན་ཉིད་ཀྱི་རང་བཞིན་གྱི་མཐར་ཐུག་པས། དེ་བཞིན་གཤེགས་པ་དེ་དག་ནི་མཚན་ཉིད་མི་མངའ་བའོ། །རིགས་ཀྱི་བུ་ཁོ་མོ་ནི་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གཏན་ཞི་བའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་འདི་དེ་བཞིན་གཤེགས་པའི་བསམ་གཏན་གྱི་དཀྱིལ་འཁོར་སྣང་བས་ཤིན་ཏུ་རྒྱ་ཆེར་བྱེད་དོ། །ཤིན་ཏུ་ཡངས་པར་བྱེད་དོ། །ཁོང་དུ་ཆུད་པར་བྱེད་དོ། །རྟོགས་པར་བྱེད་དོ། །མཉམ་པར་བྱེད་དོ། །མངོན་པར་སྒྲུབ་པོ། །གཞི་སྙོམས་པར་བྱེད་དོ། །རབ་ཏུ་འཇུག་གོ །རྣམ་པར་འཕེལ་བར་བྱེད་དོ། །ངེས་པར་སེམས་སོ། །ཉེ་བར་རྟོག་གོ །དྲན་པར་བྱེད་དོ། །སྤྱོད་ཡུལ་དུ་བྱེད་དོ། །བརྟན་པར་བྱེད་དོ། །སྣང་བར་བྱེད་དོ། །རབ་ཏུ་བརྗོད་དོ། །རྣམ་པར་དཔྱོད་དོ། །རྣམ་པར་འབྱེད་དོ། །ཚོགས་སུ་བྱེད་དོ། །ཡིད་ཆེས་པར་བྱེད་དོ། །ཡོངས་སུ་རྟོག་པ་ཐམས་ཅད་རྒྱུ་བ་མེད་པའི་སྙིང་རྗེ་ཆེན་པོ་དེ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་ཡང་དག་པར་སྤྱད་པར་སེམས་རྩེ་གཅིག་ཏུ་བྱ་བའི་ཕྱིར་བསམ་གཏན་དང་པོ་སྒོམ་མོ། །ཡིད་ཀྱི་ལས་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང་། ཡེ་ཤེས་ཀྱི་སྟོབས་དང་། མཐུས་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བ་ལ་དགའ་བའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་བྱ་བའི་ཕྱིར། བསམ་གཏན་གཉིས་པ་སྒོམ་མོ། །འཁོར་བར་ལོག་པར་ཞུགས་པ་ལ་བཏང་སྙོམས་སུ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པར་
བྱ་བའི་ཕྱིར། བསམ་གཏན་གསུམ་པ་སྒོམ་མོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། སྡུག་བསྔལ་རབ་ཏུ་ཞི་བར་བྱ་བའི་ཕྱིར་བསམ་གཏན་བཞི་པ་སྒོམ་མོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་གྱི་དཀྱིལ་འཁོར་ཤིན་ཏུ་ཡོངས་པར་བྱ་བ་དང་། ཏིང་ངེ་འཛིན་རྒྱ་མཚོ་ཐམས་ཅད་མངོན་པར་སྒྲུབ་པ་ལ་མཁས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་མཚོ་ཐམས་ཅད་ཀྱི་ཚུལ་ལ་འཇུག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་རྩེ་བའི་ཡེ་ཤེས་ཐམས་ཅད་མངོན་པར་ཤེས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པས་རྣམ་པར་འཕྲུལ་པ་ཐམས་ཅད་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར། སྒོ་ཀུན་ནས་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཡེ་ཤེས་ཀྱི་ཚུལ་ཡོངས་སུ་སྦྱོང་ཞིང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གཏན་ཞི་བའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་འདི་སྒོམ་མོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་རྣམ་པར་ཐར་པ་འདི་སྒོམ་ཞིང་ཐབས་སྣ་ཚོགས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། འདི་ལྟར་ནུབ་མོ་ཞི་བར་གྱུར་པའི་ཚེ་དགའ་བ་ལ་མོས་པའི་སེམས་ཅན་རྣམས་ཀྱིས་མི་སྡུག་པའི་འདུ་ཤེས་སྐྱེད་དོ། །མི་དགའ་བའི་འདུ་ཤེས་དང་། ཡོངས་སུ་སྐྱོ་བའི་འདུ་ཤེས་དང་། བགེགས་སུ་འགྱུར་བའི་འདུ་ཤེས་དང་། འཆིང་བའི་འདུ་ཤེས་དང་། སྲིན་མོའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། རྗེ་མེད་པའི་འདུ་ཤེས་དང་། གཞན་ལ་རག་ལས་པའི་འདུ་ཤེས་དང་། རྒ་ཤིའི་འདུ་ཤེས་དང་། འདོད་པའི་ཡུལ་དང་ལོངས་སྤྱོད་ཐམས་ཅད་ལ་དགའ་བ་མེད་པའི་འདུ་ཤེས་སྐྱེད་དེ། སེམས་ཅན་དེ་དག་ཀྱང་སེམས་དེ་ལ་ཡོངས་སུ་སྒོམ་པས། འདོད་པའི་དགའ་བ་ཐམས་ཅད་ལ། མངོན་པར་དགའ་བ་མེད་པས་ཆོས་ལ་མོས་པའི་དགའ་བ་ལ་འཇུག་ཅིང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །དེ་དག་
དགོན་པ་ལ་གནས་པའི་ཚེའང་ཆོས་དང་མཐུན་པའི་དད་པ་ཡོངས་སུ་སྐྱེད་དེ། སྒྲ་ཆེན་པོ་འཇིགས་པ་མི་སྙན་པའི་སྒྲ་སྐད་ཐམས་ཅད་ཀྱང་ཞི་བར་བྱེད་དོ། །མཚན་མོ་ཞི་བར་གྱུར་པ་ལས་སངས་རྒྱས་ཀྱི་ཆོས་ཟབ་མོ་ཡང་ཡང་དག་པར་སྟོན་ཏོ། །སྤང་བ་དང་འཐུན་པའི་རྐྱེན་ཡང་ཉེ་བར་སྟོན་ཏོ། །ཁྱིམ་གྱི་སྒོ་ཡང་རྣམ་པར་འབྱེད་དོ། །ལམ་ཡང་ཡོངས་སུ་སྟོན་ཏོ། །སྣང་བས་ཀྱང་མངོན་པར་བྱེད་དོ། །མུན་པས་ཆོད་པ་ཡང་རྣམ་པར་སེལ་ཏོ། །འཇིགས་པའང་མེད་པར་བྱེད་དོ། །རབ་ཏུ་བྱུང་བ་ལ་ཡང་ཡང་དག་པར་བསྔགས་པ་བྱེད་དོ། །སངས་རྒྱས་ཀྱི་ལེགས་པའང་རྗོད་དོ། །ཆོས་ཀྱི་ལེགས་པ་དང་། དགེ་འདུན་གྱི་ལེགས་པ་དང་། དགེ་བའི་བཤེས་གཉེན་གྱི་ལེགས་པ་ཡང་རྗོད་དོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ལའང་བསྔགས་པ་བྱེད་དོ། །རིགས་ཀྱི་བུ་ཁོ་མོ་རྣམ་པར་ཐར་པ་འདི་ལ་སྒོམ་ཞིང་སེམས་ཅན་རྣམས་ཀྱི་ཆོས་མ་ཡིན་པའི་འདོད་ཆགས་ཀྱིས་ཞེན་པ་རྣམས་ཀྱི་ཆོས་མ་ཡིན་པའི་འདོད་ཆགས་ཀྱི་ཡོངས་སུ་རྟོག་པ་རྣམས་ཀྱང་མེད་པར་བྱེད་དོ། །ཚུལ་མ་ཡིན་པའི་འདོད་པས་ནོན་པ་རྣམས་དང་། ལོག་པར་ཡོངས་སུ་རྟོག་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཡོངས་སུ་རྟོག་པ་དེ་དག་དང་ཡིད་ལ་བྱ་བ་དེ་དག་ཀྱང་མེད་པར་བྱེད་དོ། །སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བ་དང། སྡིག་ཏོའི་ཡོངས་སུ་རྟོག་པ་སྐྱེས་པར་གྱུར་པ་རྣམས་ཀྱང་མེད་པར་འགྱུར་བའི་རྐྱེན་ཉེ་བར་སྒྲུབ་བོ། །དགེ་བའི་ཡོངས་སུ་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། སྤྱོད་པ་དང་ལྡན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འབྱུང་བའི་སྨོན་ལམ་མངོན་པར་བསྒྲུབ་པ་དང་ལྡན་པ་དང་། བྱམས་པའི་ཚུལ་དང་ལྡན་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་རྒྱས་པར་འགེངས་པ་དང་ལྡན་པ་དང་། ལྷ་དང་མིའི་བདེ་བ་རྣམ་པ་སྣ་ཚོགས་ཡོངས་སུ་བསྐྱེད་པ་དང་། ལྡན་པའི་ཡོངས་སུ་རྟོགས་པ་བསྐྱེད་པ་དང་། སྐྱེས་ནས་ཀྱང་ཚུལ་སྣ་ཚོགས་ཀྱི་རྐྱེན་ཉེ་བར་བསྒྲུབ་པར་བྱེད་པ་ནས་
ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པའི་རྐྱེན་ཀྱང་ཉེ་བར་སྒྲུབ་པ་བྱེད་དེ། རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གཏན་ཞི་བའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམ་པ་མཐའ་ཡས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རབ་ཏུ་ཐོབ་པ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་རྣམ་པར་སྤེལ་བའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཐུས་སེམས་ཀྱི་སྣང་བ་རབ་ཏུ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་གནས་པའི་སེམས་དང་ལྡན་པ། གནས་ཐམས་ཅད་དུ་སྒྲིབ་པ་མེད་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པའི་སེམས་དང་ལྡན་པ། ཞིང་རྒྱ་མཚོ་ཐམས་ཅད་དུ་ཞུགས་པའི་སེམས་དང་ལྡན་པ། སངས་རྒྱས་རྒྱ་མཚོ་ཐམས་ཅད་མཐོང་བར་བྱ་བ་ལ་ཞུགས་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་ཡང་དག་པར་གཟུང་བའི་སེམས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་རྣམ་པར་སེལ་བ། འཁོར་བའི་བདེ་བ་ལ་དགའ་ཞིང་སྲེད་པ་ཟད་ཅིང་མཐར་ཕྱིན་པར་འགྱུར་བའི་ལམ་གྱིས། ཐམས་ཅད་མཁྱེན་པ་ཉིད་དུ་སྣང་བ་སྐྱེད་པའི་སེམས་དང་ལྡན་པ། དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་འདི་ཉིད་ན་ང་དང་ཡང་རྒྱང་མི་རིང་སྟེ། རྣམ་པར་སྣང་མཛད་ཀྱི་སྙིང་པོ་བྱང་ཆུབ་ཀྱི་གཡས་རོལ་ཅིག་ན། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ལམ་ལ་བརྩོན་པར་བྱ་བ་དྲིས་ཤིག། དེ་ནས་མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་
དྲི་མ་མེད་པའི་འོད་ཀྱིས་དེའི་ཚེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གཏན་ཞི་བའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་འདི་ཉིད་བརྣན་ཏེ། བསྟན་པར་བྱ་བའི་ཕྱིར། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། དུས་རྣམས་ཀུན་ཏུ་བྱུང་བའི་བདེ་གཤེགས་རྣམས། །མངོན་དུ་བྱ་བར་མོས་པའི་སེམས་དང་ལྡན། །དེ་དག་མིག་ཡངས་རྣམ་པར་དག་པར་འགྱུར། །དེས་ནི་སངས་རྒྱས་རྒྱ་མཚོ་མཐོང་བར་འོང་། །རྒྱལ་བའི་སྐུ་གསལ་དྲི་མ་མེད་ལ་ལྟོས། །མཚན་གྱིས་ཡོངས་སུ་རྒྱན་པས་ཤིན་ཏུ་མཛེས། །རྒྱལ་བའི་རྣམ་པར་འཕྲུལ་པ་ཆོས་དབྱིངས་རྣམས། །སྐད་ཅིག་རེ་རེས་རྒྱས་འགེངས་དེ་ལའང་ལྟོས། །བྱང་ཆུབ་ཤིང་དྲུང་སངས་རྒྱས་གདན་རབ་ལ། །བདེ་གཤེགས་རྣམ་པར་སྣང་མཛད་མངོན་སངས་རྒྱས། །ཆོས་དབྱིངས་ཡངས་པ་རྒྱས་པ་ཁྱབ་མཛད་ཅིང་། །འགྲོ་བའི་བསམ་པ་ཇི་བཞིན་འཁོར་ལོ་བསྐོར། །རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པ་མཛད། །སངས་རྒྱས་སྐུ་ནི་རྒྱ་ཆེ་བསམ་མི་ཁྱབ། །ཆོས་ཀྱི་དབྱིངས་ཀུན་ཡོངས་སུ་རྒྱས་བཀང་ཞིང་། །དེ་ནི་ཀུན་ཏུ་མཉམ་པར་སྣང་བ་སྟེ། །རྒྱལ་བ་ཐམས་ཅད་ཀུན་ཏུ་སྟོན་པ་མཛད། །ཞིང་རྣམས་ཀུན་གྱི་རྡུལ་རབ་ཕྲ་བ་སྙེད། །འོད་ཀྱི་དཀྱིལ་འཁོར་མངའ་བའི་སངས་རྒྱས་སྐུ། །ཁ་དོག་བཟང་པོ་གཞན་དང་གཞན་སྣང་བས། །ཆོས་དབྱིངས་རྒྱས་པར་སྐད་ཅིག་རེ་རེས་འགེངས། །རྒྱལ་བའི་བ་སྤུའི་སྒོ་ནས་འོད་ཟེར་སྤྲིན། །རྒྱ་ཆེ་བསམ་ཡས་མི་ཟད་མངོན་འབྱུང་བ། །དེ་དག་འགྲོ་བ་མ་ལུས་འགེངས་བྱེད་ཅིང་། །སྲོག་ཆགས་རྣམས་ཀྱི་ཉོན་མོངས་གདུང་བ་སེལ། །སངས་རྒྱས་སྤྲུལ་པ་རྒྱ་མཚོ་མི་ཟད་པ། །རྒྱལ་བའི་སྤུ་ཡི་འཁོར་ནས་ཡོངས་སྟོན་ཅིང་། །ཆོས་དབྱིངས་
ཡངས་པ་རྒྱས་པར་ཀུན་བཀང་སྟེ། །སྲོག་ཆགས་རྣམས་ཀྱི་སྡུག་བསྔལ་ངན་སོང་སེལ། །སངས་རྒྱས་གསུང་སྙན་རབ་ཏུ་སྒྲོག་མཛད་པ། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་འོད་ཅན། །ཆོས་ཆར་ཆེན་པོ་རབ་ཏུ་འབེབས་པ་མཛད། །སྲོག་ཆགས་བྱང་ཆུབ་བསམ་པ་ཡོངས་སུ་སྐྱེད། །བསྐལ་པ་རྒྱ་མཚོ་སྤྱད་པ་སྤྱོད་པའི་ཚེ། །འདིས་ནི་སྔན་ཅད་ཡོངས་སུ་གཟུང་མཛད་པ། །དེ་དག་ཀུན་གྱི་རྒྱལ་བ་རྣམ་པར་སྣང་མཛད་པ། །ཞིང་རྣམས་ཀུན་ཏུ་གཟུགས་བརྙན་མཚན་ཉིད་མཐོང་། །དེ་བཞིན་གཤེགས་པ་འཇིག་རྟེན་ཀུན་ཏུ་འབྱུང་། །སེམས་ཅན་རེ་རེ་ཀུན་ལའང་མངོན་པར་བཞུགས། །མོས་པའི་ཚུལ་བཞིན་སྤྱོད་ཡུལ་གཞན་དང་གཞན། །དེ་དག་ཁོ་མོས་ཀུན་ཏུ་ཤེས་མི་ནུས། །རྒྱལ་སྲས་དམ་པ་ཐམས་ཅད་མ་ལུས་པར། །བདེ་གཤེགས་པ་སྤུ་གཅིག་གི་རྩ་ལས་འབྱུང་། །རྣམ་ཐར་དེ་ལ་གང་རྣམས་བསམ་ཡས་པ། །དེ་དག་ཐམས་ཅད་ཁོ་མོས་ཤེས་མི་ནུས། །ཁོ་མོའི་འདབ་ན་གནས་པའི་ལྷ་མོ་འདི། །འཇིག་རྟེན་མགོན་ལ་མངོན་གྱུར་རབ་ཏུ་དགའ། །མིང་དུ་སྣང་བ་འོད་འཕྲོ་མིག་ཅེས་བྱ། །དེ་ལ་བྱང་ཆུབ་སྤྱོད་པ་ཅི་འདྲ་དྲིས། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཀྱི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་གདམས་ངག་གི་བྱིན་གྱིས་བརླབས་པ། དགེ་བའི་བཤེས་གཉེན་གྱི། ཚིག་ལ་ནན་ཏན་དུ་བྱ་བའི་སེམས་ཡང་དག་པར་སྐྱེས་པ། དགེ་བའི་གཤེས་གཉེན་གྱི་སྨན་པ་ལ་ནད་པ་ལྟ་བུའི་འདུ་ཤེས་ཀྱིས་ཡོངས་སུ་སྤྱད་པའི་སེམས་དང་ལྡན་པ། དགེ་བའི་
བཤེས་གཉེན་མཐོང་བ་ཡིད་ལ་བྱེད་པ་མ་འཁྲུགས་པའི་སེམས་དང་ལྡན་པ། དགེ་བའི་བཤེས་གཉེན་བལྟ་བ་ལ་བསྒྲིབས་པའི་རི་ཐམས་ཅད་རྣམ་པར་གཏོར་བའི་གླགས་རྙེད་པའི་སེམས་དང་ལྡན་པ། དགེ་བའི་བཤེས་གཉེན་མཐོང་བ་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྙིང་རྗེ་ཆེན་པོའི་ཚུལ་རྒྱ་མཚོ་ལ་འཇུག་པ་ཐོབ་པའི་སེམས་དང་ལྡན་པ། དགེ་བའི་བཤེས་གཉེན་མཐོང་བ་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པའི་སེམས་དང་ལྡན་པ་དེ། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མྱིག་འགྲོ་བར་རྣམ་པར་སྣང་བ་གང་ན་བ་དེར་སོང་ངོ་། །དེ་ནས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མྱིག་འགྲོ་བར་རྣམ་པར་སྣང་བས། ཚོང་དཔོན་གྱི་བུ་ནོར་བཟངས་དེ་བས་ཀྱང་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དགེ་བའི་རྩ་བའི་ཚོགས་ལས་བྱུང་བས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ཚོགས་ཆེན་པོ་ལས་བྱུང་བར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་རྣམ་པར་གནོན་པ་ཆེན་པོར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་བརྩོན་འགྲུས་ཀྱི་ལས་འཇུག་པར་དཀའ་བར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་བསྡད་ཅིང་ཤིན་ཏུ་ལེགས་པར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ཕྱོགས་མཐའ་དང་དབུས་མེད་པ་ལ་འཇུག་པར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ཡུན་རིང་པོར་གནས་པས་བྱུང་བར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་
བ་དོན་མཐའ་ཡས་པ་ཡོངས་སུ་རྫོགས་པའི་རྣམ་པར་དམྱིགས་པ་འབྱུང་བར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ལམ་གྱི་རྒྱན་མཐའ་དང་དབུས་མེད་པའི་ཚོགས་ཀྱིས་ཡོངས་སུ་གནོན་པར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་སྒོ་ཀུན་ནས་རྣམ་པར་གནོན་པས་བྱུང་བར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་གཡོ་བ་མེད་པར་འོང་བས་རྣམ་པར་གནོན་པར་བྱིན་གྱིས་བརླབས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཐམས་ཅད་མཁྱེན་པའི་ཚོགས་ཀྱི་བརྩོན་འགྲུས་ལ་རབ་ཏུ་བརྩོན་པས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་སྨོན་ལམ་ཆེན་པོ་རྒྱ་མཚོ་མངོན་པར་བསྒྲུབ་པའི་རྣམ་པར་གནོན་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། སེམས་ཅན་གཅིག་གི་དོན་དུ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་སྡུག་བསྔལ་ཉམས་སུ་བླང་བའི་ཞེ་ནོན་པས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སྒྲ་སྒྲོག་ཅིང་ཡུན་རིང་པོར་གནས་པའི་རྣམ་པར་གནོན་པ་དང་། བརྩོན་འགྲུས་ཆེན་པོའི་གོ་བགོས་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། ཕྱོགས་རྒྱ་མཚོ་འབྱམ་ཀླས་པ་ཐམས་ཅད་དུ་ཤུགས་ཀྱིས་འགྲོ་བས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། བ་སྤུའི་སྦུབས་གཅིག་ཏུ་ཕྱི་མའི་མཐའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་ནས་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགེངས་པ་ལ་གནས་པར་བྱ་བས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའི་རྒྱན་དང་། ལམ་ཡོངས་སུ་གནོན་པར་ཞེ་ནོན་པས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་རྒྱུན་ཏུ་ཞུགས་པའི་ལམ་ཡོངས་སུ་གནས་པས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ལ་དམིགས་པ་ལས་མ་གཡོས་པར། ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པར་འགེངས་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བས་མཚན་མོའི་ལྷ་མོ་
རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་གང་ན་བ་དེར་ཕྱིན་པ་དང་། དེས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ན་སེང་གེའི་ཁྲི་མེ་ཏོག་གི་སྙིང་པོ་ཅན་ལ་འདུག་ཅིང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀུན་ཏུ་བཟང་པོའི་དགའ་བ་ཡངས་ཤིང་དྲི་མ་མེད་པའི་ཤུགས་ཀྱི་རྒྱལ་མཚན་ལ། མཉམ་པར་བཞག་པ་མཐོང་ངོ་། །དེའི་བ་སྤུའི་བུ་ག་ཐམས་ཅད་ནས་སྦྱིན་པ་ལ་སྩོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་མངོན་པར་སྟོན་པའི་སྤྲིན་སེམས་ཅན་ཐམས་ཅད། མངོན་པར་དགའ་བ། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བ། སེམས་ཅན་ཐམས་ཅད་ཀྱིས་བལྟ་ན་ཉམས་སུ་བདེ་བ། སེམས་ཅན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་རྣམ་པ་སྣ་ཚོགས་འབྱུང་བ་ཡང་མཐོང་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་གདགས་ཤིང་རྩོད་པ་མེད་པར་བྱ་བ་དང་། དངོས་པོ་ཐམས་ཅད་ལ་ཕངས་པར་རྩི་བ་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་སྦྱོར་བ་མཚུངས་པས་ཡོངས་སུ་གཏང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་སུ་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བརྙས་པ་མེད་པར་ཡོངས་སུ་གཏང་བ་དང་། ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་གཏང་བ་དང་དགའ་བ་ཆེན་པོ་ཡོངས་སུ་གཏང་བར་བསྟན་པ་དང་། འཇིག་རྟེན་ཐམས་ཅད་དུ་སེམས་ཅན་གྱི་བསམ་པ་ཇི་བཞིན་གྱི་སྦྱིན་པའི་སྤྱོད་པ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམིགས་པ་དང་མཐུན་པའི་སྒྲས་སྦྱིན་པའི་སྤྱོད་པ་ཡོངས་སུ་སྟོན་པའི་སྤྲིན་དང་། དུས་གསུམ་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་གཏང་བར་དཀའ་བ་ཡོངས་སུ་གཏོང་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཐོན་ནས། ཕྱོགས་བཅུའི་འཇིག་
རྟེན་གྱི་ཁམས་འབྱམ་ཀླས་པར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་དམྱིགས་པར་གྱུར་པ་མཐོང་ངོ་། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི། མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཐོབ་པས། བ་སྤུའི་བུ་ག་ཐམས་ཅད་ནས། སེམས་ཅན་ཐམས་ཅད་དང་མཉམ་པའི་སྐྱེ་བ་སྣ་ཚོགས་སུ་སྤྲུལ་པའི་ལུས་ཀྱི་སྤྲིན་མངོན་པར་འཐོན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། གཏོགས་པའི་སེམས་ཅན་ཐམས་ཅད་ལ་རྒྱས་པར་ཁྱབ་པར་བྱས་ནས། མངོན་སུམ་དུ་བརྟུལ་ཞུགས་ཐམས་ཅད་ཀྱི་ཡིད་དམ་ལས་མི་གཡོ་བར་ཡོངས་སུ་བསྟན་པ་དང་། སེམས་ཅན་གྱི་ཁམས་དང་མཉམ་པའི་དཀའ་ཐུབ་དང་། བརྟུལ་ཞུགས་ཀྱི་དཀྱིལ་འཁོར་སྣ་ཚོགས་རབ་ཏུ་སྟོན་པ་དང་། འཇིག་རྟེན་ཐམས་ཅད་དུ་གནས་པ་མེད་པ་དང་། ཡུལ་ཐམས་ཅད་ལ་ལྟོས་པ་མེད་པ་དང་། འཁོར་བ་ཐམས་ཅད་དུ་གནས་པ་ལས་ཕྱིར་ཕྱོགས་པ་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་རྒུད་པའི་སྒོར་གཞོལ་བ་ཡོངས་སུ་སྟོན་པ་དང་། མི་སྡུག་པའི་དཀྱིལ་འཁོར་རབ་ཏུ་སྟོན་པ་དང་། འཇིག་རྟེན་གྱི་སྡུག་པའི་འདུ་ཤེས་ཀྱིས་ཕྱིན་ཅི་ལོག་རྣམ་པར་བཟློག་པ་དང་། མི་རྟག་པ་དང་། གཡོ་བ་དང་། འཇིག་པ་དང་། འགྱུར་བའི་ཆོས་ཉིད་ཡོངས་སུ་སྟོན་པ་དང་། འདུ་བྱེད་ཐམས་ཅད་ཀྱི་ཆོས་ཉིད་སྡུག་བསྔལ་ཞིང་བདག་མེད་པ་ཡོངས་སུ་སྟོན་པ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་གནས་པ་དང་། མི་འབྲལ་བར་མོས་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཤིན་ཏུ་དག་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཡང་དག་པར་བསྐུལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་གྱི་སྒྲས་ཚུལ་ཁྲིམས་ཀྱི་སྤྱོད་པ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པའི་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ཡོངས་སུ་སྟོན་པར་བྱེད་ཅིང་།
སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ནས་སེམས་ཅན་ཐམས་ཅད་དང་མཉམ་པའི་ལུས་ཁ་དོག་སྣ་ཚོགས་སུ་སྤྲུལ་པའི་སྤྲིན་འཐོན་ཏེ། ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱང་ཉམས་སུ་བཟོད་པ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྟོན་པ། སེམས་ཅན་ཐམས་ཅད་ཀྱིས་ལུས་ལ་གནོད་པར་ཐོ་བརྩམས་ཀྱང་ཉམས་སུ་བཟོད་པར་བྱེད་པ་དང་སེམས་ཅན་ཐམས་ཅད་ཀྱི་ཚུལ་དང་མི་འདྲ་བའི་ཚིག་གིས་སྤྱོ་བ་དང་། བརྒྱད་པ་དང་། སྨད་པ་དང་། བསྐྱུང་བ་དང་། བརྡེག་པ་དང་། བསྡིགས་པ་ཉམས་སུ་བཟོད་པར་བྱེད་པ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མི་སྒུལ་བ་ཡོངས་སུ་སྟོན་པ་དང་། རིམ་གྲོར་བྱས་པ་དང་། རིམ་གྲོར་མ་བྱས་པ་ཐམས་ཅད་ཀྱིས་མཐོ་བ་དང་དམའ་བར་མི་འགྱུར་བ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པ་ཡོངས་སུ་སྟོན་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་བཟོད་པ་མི་ཟད་པས་ཡེ་ཤེས་མི་ཟད་པ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བཟོད་པའི་སྤྱོད་པ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་དབྱིབས་མི་སྡུག་ཅིང་། ཁ་དོག་མི་མཛེས་པའི་གཟུགས་རྣམ་པར་ཟློག་པ་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྐུ་མདོག་རྣམ་པར་དག་པ་བླ་ན་མེད་པ་ཡོངས་སུ་སྟོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ནས་སེམས་ཅན་ཐམས་ཅད་དང་མཉམ་པའི་སྐྱེ་བ་སྣ་ཚོགས་ཀྱི་ལུས་ཁ་དོག་དང་དབྱིབས་དང་། ཆུ་ཞེང་སྣ་ཚོགས་སུ་སྤྲུལ་པའི་སྤྲིན་འཐོན་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་ཁྱབ་པར་བྱས་ནས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཆེན་པོ་ལ་བརྩོན་འགྲུས་ཀྱིས་སྔོན་དུ་འདོར་བ། ཡང་དག་
པར་སྟོན་པ་དང་། བདུད་ཀྱི་དཀྲུགས་མ་ཐམས་ཅད་རྣམ་པར་འཐོར་བའི་བརྩོན་འགྲུས་དང་། བྱང་ཆུབ་ཏུ་བརྩམས་པ་མི་འཁྲུགས་མི་ཟློགས་པའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་རབ་ཏུ་བསྒྲལ་བའི་བརྩོན་འགྲུས་དང་མི་ཁོམ་པ་དང་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བའི་ལམ་ཐམས་ཅད་རྣམ་པར་བཟློག་པའི་བརྩོན་འགྲུས་དང་། མི་ཤེས་པའི་རི་རྣམ་པར་གཏོར་བའི་བརྩོན་འགྲུས་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བས་ཡོངས་སུ་མི་སྐྱོ་བའི་བརྩོན་འགྲུས་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བླང་བ་དང་། ཡོངས་སུ་བཟུང་བའི་བརྩོན་འགྲུས་དང་། སྒྲིབ་པ་ཐམས་ཅད་ཀྱི་རི་རབ་ཏུ་གཞོམ་ཞིང་རྣམ་པར་གཏོར་བའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བས་མི་སྐྱོ་བའི་བརྩོན་འགྲུས་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་བརྩོན་འགྲུས་དང་། དེ་བཞིན་གཤེགས་པའི་བརྩོན་འགྲུས་རྣམ་པར་དག་པ་བླ་ན་མེད་པ་ཡོངས་སུ་སྟོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ནས་ལུས་སྣ་ཚོགས་ཁ་དོག་དང་དབྱིབས་རྣམ་པ་ཐ་དད་པར་སྤྲུལ་པའི་སྤྲིན་འཐོན་ཏེ། ཐབས་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་དགའ་བ་ཡོངས་སུ་སྐྱེད་པ་དང་། ཡིད་བདེ་བ་རྣམ་པར་ཟློག་པ་དང་། འདོད་པའི་དགའ་བ་ཐམས་ཅད་རྣམ་པར་སྨོད་པ་དང་། ངོ་ཚ་ཤེས་པའི་ཆོས་ཉིད་འཇིག་རྟེན་དུ་སྒྲོག་པ་དང་། དབང་པོ་བསྡམས་པ་ལ་སེམས་ཅན་རྣམས་རབ་ཏུ་དགོད་པ་དང་། ཚངས་པའི་སྤྱོད་པ་བླ་ན་མེད་པ་ཡང་དག་པར་བསྔགས་པ་བྱེད་པ་དང་། འདོད་པའི་འཇིག་རྟེན་བདུད་ཀྱི་ཡུལ་འཇིག་པ་དང་བཅས་པར་ཡོངས་སུ་སྟོན་པ་དང་། འདོད་པའི་དགའ་བ་དང་བྲལ་བ་རྣམས་ལ་འཇིག་རྟེན་གྱི་འདོད་པ་དང་། དགའ་བའི་ཡུལ་
ཐམས་ཅད་ཡོངས་སུ་སྟོན་པ་དང་། ཆོས་ལ་མོས་ཤིང་དགའ་བ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། མཐར་གྱིས་བསམ་གཏན་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒོ་མངོན་པར་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་རྣམ་པར་གསལ་བ་ལ་ངེས་པར་རྟོགས་པའི་སེམས་ཡོངས་སུ་རྗོད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་མཚོའི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དང་། རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བ་ཡོངས་སུ་སྟོན་པ་བྱེད་ཅིང་། སེམས་ཅན་རྣམས་ཀྱི་དགའ་བ་ཡོངས་སུ་བསྐྱེད་པ་དང་། སྤྲོ་བ་འཕེལ་བར་བྱ་བ་དང་། ཉམས་བདེ་བ་ཡོངས་སུ་བསྐྱེད་པ་དང་། ཡིད་མི་བདེ་བ་བཟློག་པ་དང་། སེམས་སྐྱོན་མེད་པ་ཡོངས་སུ་བསྒྲུབ་པ་དང་། སེམས་ལས་སུ་རུང་བར་བྱ་བ་དང་། བསམ་པ་རྣམ་པར་སྦྱང་བ་དང་། དབང་པོ་གསལ་བར་བྱ་བ་དང་། ལུས་ཀྱི་བདེ་བ་ཡོངས་སུ་བསྐྱེད་པ་དང་། ཆོས་ལ་དགའ་བའི་ཤུགས་རྣམ་པར་འཕེལ་བར་བྱ་བ་བྱེད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ནས། སྐྱེ་བ་ཐམས་ཅད་དང་འདྲ་བའི་ལུས་ཀྱི་སྤྲིན་སྣ་ཚོགས་འཐོན་ཏེ། ཞིང་ཐམས་ཅད་ཀྱི་ཁོངས་སུ་ཆུད་པའི་སེམས་ཅན་ཐམས་ཅད་ཀྱི་ཡིད་བཞིན་དུ་བསྟན་པའི་ཕྱིར་དགེ་བའི་བཤེས་གཉེན་གྱི་གན་དུ་འགྲོ་བས་སྐྱོ་བ་མེད་པ་ཡོངས་སུ་སྟོན་པ་དང་། སློབ་དཔོན་དང་། བླ་མ་དང་། དགེ་བའི་བཤེས་གཉེན་ལ་རིམ་གྲོར་བྱ་བ་དང་། བསྙེན་བཀུར་བས་སྐྱོ་བ་མེད་པ་ཡོངས་སུ་སྟོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་འཁོར་བ་ཡང་དག་པར་བླང་ཞིང་ཡོངས་སུ་བཟུང་བས་སྐྱོ་བ་མེད་པའི་བརྩོན་འགྲུས་ཡོངས་སུ་སྟོན་པ་དང་། སངས་རྒྱས་རྒྱ་མཚོ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཚུལ་ཡང་
དག་པར་བརྗོད་པ་དང་། ཆོས་ཀྱི་སྒོ་རྒྱ་མཚོ་ཐམས་ཅད་རྣམ་པར་འབྱེད་པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་རང་བཞིན་དང་ཚུལ་མངོན་པར་བརྗོད་པ་དང་། ཆོས་ཐམས་ཅད་ཏིང་ངེ་འཛིན་གྱི་སྒོར་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དྲི་བ་དང་ཐེ་ཙོམ་རྒྱ་མཚོ་རྣམ་པར་སེལ་བས་ཤེས་རབ་ཀྱི་ཡུལ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལྟ་བའི་རི་ཤིན་ཏུ་འཇོམས་པའི་ཤེས་རབ་རྡོ་རྗེ་ཡོངས་སུ་སྟོན་པ་དང་། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་རྣམ་པར་སེལ་བའི་ཤེས་རབ་ཀྱི་ཉི་མའི་དཀྱིལ་འཁོར་འཆར་བ་ཡོངས་སུ་སྟོན་པ་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཡོངས་སུ་སྐྱེ་བར་བྱ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ནས་ཁ་དོག་དང་དབྱིབས་བསམ་གྱིས་མི་ཁྱབ་པའི་ལུས་མང་པོ་འགྲོ་བ་ཐམས་ཅད་དང་མཉམ་པའི་སྤྲུལ་པའི་སྤྲིན་འཐོན་ཏེ་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མངོན་དུ་གནས་ཤིང་། སྒྲ་སྐད་སྣ་ཚོགས་ཀྱིས་ཡོངས་སུ་སྦྱང་བའི་བསྟན་པས་འཇིག་རྟེན་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་མངོན་པར་སྟོན་པ་དང་། འཇིག་རྟེན་པའི་བྱ་བ་ཐམས་ཅད་རབ་ཏུ་རྒྱུ་བ་དང་ཁམས་གསུམ་པ་འབྱུང་བ་ཐམས་ཅད་ཡོངས་སུ་བསྟན་པ་དང་། ཁམས་གསུམ་པ་ཐམས་ཅད་ལས་འབྱུང་བའི་ཕྱོགས་ཡང་དག་པར་བརྗོད་པ་དང་། ལྟ་བའི་མྱ་ངན་མི་བཟད་པ་ཐམས་ཅད་ལས་འབྱུང་བའི་ཕྱོགས་ཡང་དག་པར་བསྟན་པས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་ཁྱད་པར་ཡོངས་སུ་བརྗོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་ལམ་ལས་ཡོངས་སུ་བཟླ་བ་ཡང་དག་པར་སྟོན་པ་དང་། རིམ་གྲོར་བྱས་པ་དང་། རིམ་གྲོར་མ་བྱས་པ་ལ་བྱམས་སྡང་གིས་གོས་པ་མེད་པར་ཡོངས་སུ་སྟོན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་ལ་མི་གནས་པ་ཡང་དག་པར་སྟོན་པ་དང་། དགའ་ལྡན་གྱི་གནས་ལ་སྩོགས་པ་གཅིག་ནས་
གཅིག་ཏུ་རྒྱུ་བ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་དང་། སྙིང་པོ་བྱང་ཆུབ་ཏུ་སོང་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་བྱེད་ཅིང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ཀྱི་བ་སྤུའི་སྒོ་རེ་རེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལུས་སྤྲུལ་པའི་སྤྲིན་འཐོན་ཏེ། སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་ལ་མངོན་སུམ་དུ་གནས་ཤིང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ཡོངས་སུ་བརྗོད་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་རྣམ་པར་དག་པའི་མཐར་ཐུག་པའི་སྨོན་ལམ་གྱི་ཁྱད་པར་ཡོངས་སུ་བརྗོད་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ཡོངས་སུ་བརྗོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོར་བྱ་བ་རྒྱུན་མི་འཆད་པ་ཡོངས་སུ་བརྗོད་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་འཇུག་པ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ལ་འཇུག་པ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་དང་། ཞིང་ཐམས་ཅད་དུ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་གནས་ཤིང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་རྣམ་པར་དག་པར་བྱ་བ་ཡོངས་སུ་བརྗོད་པ་རྒྱུན་མི་འཆད་པ་ཡང་དག་པར་སྟོན་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་དེ་བཞིན་གཤེགས་པའི་སྟོབས་ལ་འཇུག་པ་རྒྱུན་མི་འཆད་པ་ཡང་དག་པར་བརྗོད་པ་དང་། དུས་གསུམ་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་འཇུག་པ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་དང་། ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པ་རྒྱུན་མི་འཆད་པ་ཡང་དག་པར་སྟོན་པ་བྱེད་ཅིང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། སྤྱོད་
པ་ཡོངས་སུ་བསྟན་པས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་འགོད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ཀྱི་བ་སྤུའི་སྒོ་རེ་རེ་ནས་ཀྱང་འགྲོ་བ་ཐམས་ཅད་ཀྱི་སེམས་དང་མཉམ་པའི་ལུས་ཀྱི་སྤྲུལ་པའི་སྤྲིན་མང་པོ་འཐོན་ཏེ། སེམས་ཅན་ཐམས་ཅད་ལ་མངོན་པར་གནས་ཤིང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཀྱི་སྟོབས་མུ་མེད་པ་ཡོངས་སུ་སྟོན་པ་དང་། ཐམས་ཅད་མཁྱེན་པའི་སེམས་ཀྱི་སྟོབས་མི་ཟད་པ་དང་། མི་འཇིགས་པ་དང་། ཆུད་མི་ཟ་བའི་ཆོས་ཅན་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་སྒྲུབ་པའི་སྟོབས་ཕྱིར་མི་ལྡོག་ཅིང་ཕྱིར་མི་ཟློགས་ལ་ཐུབ་པ་མེད་པ་དང་། རྒྱུན་མེད་པ་དང་། བླ་ན་མེད་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་འཁོར་བའི་ཉེས་པ་ཐམས་ཅད་ཀྱིས་མི་གོས་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཐོར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མས་ཉེ་བར་ཉོན་མོངས་པ་མེད་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་རི་རྣམ་པར་འཐོར་བ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་སྟོབས་བསྐལ་པ་ཐམས་ཅད་དུ་གནས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པས་སྐྱོ་བ་མེད་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་བསྐྱོད་ཅིང་བསྒུལ་བས། སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་བྱེད་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་བདུད་དང་། ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་རབ་ཏུ་འཇོམས་པ་ཡོངས་སུ་སྟོན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡེ་ཤེས་ཀྱི་སྟོབས་ཆེན་པོ་འཇིག་རྟེན་དུ་རབ་ཏུ་བརྗོད་པ་བྱེད་ཅིང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །
བ་སྤུའི་སྒོ་ཐམས་ཅད་ཀྱི་བ་སྤུའི་སྒོ་རེ་རེ་ནས་ཀྱང་ལུས་ཀྱི་སྤྲུལ་པ་རྒྱ་མཚོ་ཁ་དོག་མཐའ་ཡས་པ་འགྲོ་བ་ཐམས་ཅད་ཀྱི་སེམས་དང་མཉམ་པའི་སྤྲིན་ཕྱོགས་བཅུ་མཐའ་ཡས་པའི་སེམས་ཅན་གྱི་ཁམས་སུ་རྒྱས་པར་འགེངས་པ་འཐོན་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡེ་ཤེས་ཀྱི་རྣམ་པར་གནོན་པ་ཡོངས་སུ་སྟོན་པ་དང་། སེམས་ཅན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ལ་འཇུག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ཡོངས་སུ་ཤེས་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་ལ་འཇུག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་དུས་ལས་མི་འདའ་བའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་གྲགས་པར་སྒྲོག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཡེ་ཤེས་ཀྱི་ཚུལ་རྒྱ་མཚོས་རྒྱས་པར་འགེངས་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་འདུ་བ་དང་། འཇིག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གཞི་དང་དབྱིབས་དང་། རྒྱན་རྣམ་པར་དགོད་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྣམ་པར་སྤྲུལ་ཏེ། སྤྱན་སྔར་ཕྱིན་ནས། མཆོད་ཅིང་རིམ་གྲོར་བྱེད་པ་དང་། ཆོས་ཀྱི་འཁོར་ལོའི་སྤྲིན་ཡང་དག་པར་འཛིན་པའི་ཡེ་ཤེས་ཡོངས་སུ་སྟོན་པ་བྱེད་ཅིང་། དེ་ལྟར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་སྟོན་པས་སེམས་ཅན་རྣམས་ཀྱི་དགའ་བ་སྐྱེད་པ་དང་། སེམས་རབ་ཏུ་དང་བར་བྱེད་པ་དང་། རབ་ཏུ་དགའ་བ་སྐྱེད་པ་དང་། མོས་པ་འཕེལ་བར་བྱེད་པ་དང་། ཡིད་མི་བདེ་བ་རྣམ་པར་ཟློག་པ་དང་། སེམས་
རྣམ་པར་སྤྱོད་པ་དང་། སེམས་སྐྱོན་མེད་པར་སྐྱེ་བར་བྱེད་པ་དང་། དབང་པོ་གསལ་བར་བྱེད་པ་དང་། མོས་པའི་སྟོབས་ཡོངས་སུ་སྐྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པར་བྱེད་པ་མཐོང་ངོ་། །ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་བསྟན་པས་འཇིག་རྟེན་དུ་ཅི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་གྱུར་པ་མཐོང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་རབ་ཏུ་སྒྲོག་པའི་ཚུལ་གྱིས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་ཐོག་མ་སེམས་བསྐྱེད་པའི་ཚོགས་དང་། དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་ཐབས་དང། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ཕྱིན་ཅིང་མཆོད་པ་དང་། རིམ་གྲོ་བྱས་པའི་ཚུལ་དང་། དགེ་བའི་ཆོས་སྤྱད་པའི་ཐབས་ཇི་སྙེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པས་གཏང་བར་དཀའ་བ་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བའི་ཐབས་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་དང་། འཁོར་མང་པོ་དང་། ལོངས་སྤྱོད་ཀྱི་དབང་ཆེན་པོ་ཡོངས་སུ་བཏང་སྟེ། མངོན་པར་འབྱུང་བའི་ཐབས་ཇི་སྙེད་པ་དང་། འཇིག་རྟེན་གྱི་དཀའ་བའི་སྤྱོད་པ་བརྟུལ་ཞུགས་དང་དཀའ་ཐུབ་ཆེན་པོའི་དཀྱིལ་འཁོར་ལ་བཟོད་པ་མངོན་པར་བསྒྲུབས་པ་ཇི་སྙེད་ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ཡང་དག་པར་བླང་བའི་སྦྱོར་བ་ལ་མི་གཡོ་བར་བྱ་བ་ཇི་སྙེད་ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའི་ཡི་དམ་བརྟན་པའི་ཆོས་རྒྱ་མཚོ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཉེས་བྱས་དང་། ངན་དུ་སྨྲ་བ་དང་། ཉེས་པར་སྤྱོད་པ་ཐམས་ཅད་བག་ལ་ཞ་བར་བྱེད་པའི་སྦྱོར་བ་དང། ལུས་དང་སེམས་ཀྱི་གནོད་པ་ཉམས་སུ་བཟོད་པར་བྱེད་པའི་སྦྱོར་བ་ཇི་སྙེད་ཅིག་ཡོད་པ་དང་། ཆོས་ཐམས་ཅད་འཇིག་པ་མེད་པའི་ཆོས་ཉིད་ལ་བཟོད་པ་དང་། ཆོས་ཐམས་ཅད་ལ་ཡིད་ཆེས་པའི་བཟོད་པ་དང་ཆོས་ཐམས་ཅད་
ཀྱི་རང་བཞིན་ངེས་པར་རྟོགས་པའི་བཟོད་པ་ཇི་སྙེད་ཅིག་ཡོད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་རྩོམ་ཞིང་སྦྱོར་བའི་བརྩོན་འགྲུས་ཇི་སྙེད་ཅིག་ཡོད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པའི་བརྩོན་འགྲུས་ཇི་སྙེད་ཅིག་ཡོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཇི་སྙེད་པ་ཐམས་ཅད་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བསྒྲུབ་པ་རྣམ་པར་དག་པའི་སྤྱོད་པ་ཇི་སྙེད་ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པས། རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་ཡོད་པ་དང། ཏིང་ངེ་འཛིན་གྱི་སྒོ་རྒྱ་མཚོ་ལ་འཇུག་པ་ཇི་སྙེད་ཅིག་ཡོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཇི་སྙེད་པ་ཐམས་ཅད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོའི་ཉི་མའི་དཀྱིལ་འཁོར་རྣམ་པར་སྦྱང་བའི་ཚུལ་ཇི་སྙེད་ཅིག་ཡོད་པ་དང་། ཤེས་རབ་ཆེན་པོའི་སྤྲིན་ཡོངས་སུ་འདུ་བའི་ཚུལ་ཇི་སྙེད་ཅིག་ཡོད་པ་དང་། ཤེས་རབ་ཀྱི་གཏེར་ཆེན་པོའི་ཚོགས་ཇི་སྙེད་ཅིག་ཡོད་པ་དང་། ཤེས་རབ་ཀྱི་རྒྱ་མཚོ་ཆེན་པོ་ལ་རྣམ་པར་དཔྱད་པའི་ཚུལ་དང་། སྦྱོར་བ་ཇི་སྙེད་པ་ཐམས་ཅད་དང་། ཐབས་ཆེན་པོ་ལ་མཁས་པའི་ཚུལ་གྱི་སྦྱོར་བ་ཇི་སྙེད་ཅིག་ཡོད་པ་དང་། ཐབས་ཆེན་པོ་ལ་མཁས་པ་ཡོངས་སུ་དག་པར་བྱ་བ་དང་ལྡན་པའི་སྔོན་གྱི་སྦྱོར་བ་ཇི་སྙེད་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ལུས་ཇི་སྙེད་ཅིག་ཡོད་པ་དང་སྨོན་ལམ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གྲུབ་པ་ཇི་སྙེད་ཅིག་ཡོད་པ་དང་། སྨོན་ལམ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཇི་སྙེད་ཅིག་ཡོད་པ་དང་། སྨོན་ལམ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི། སྦྱོར་བ་ཇི་སྙེད་པ་
ཐམས་ཅད་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བའི་ཚོགས་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྐྱེན་དུ་གྱུར་པ་ཇི་སྙེད་ཅིག་ཡོད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྟན་པ་ཇི་སྙེད་ཅིག་ཡོད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་ཇི་སྙེད་པ་ཐམས་ཅད་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཚུལ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་བར་བྱ་བ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱམ་ཀླས་པ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་དག་པར་གཞོལ་བར་བྱ་བ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྣམ་པར་དམིགས་པར་བྱ་བ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱམ་ཀླས་པའི་རྗེས་སུ་འབྲང་བར་བྱ་བ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྒྱས་པར་འགེངས་པ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྷུན་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འགྲུབ་པར་བྱ་བ་དང་ལྡན་པའི་སྔོན་གྱི་སྦྱོར་བ་ཇི་སྙེད་པ་ཐམས་ཅད་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་རྣམ་པ་རབ་ཏུ་ཕྱེ་བ་ལ་འཇུག་པ་འབྱུང་བ་ཡོངས་སུ་བསྒྲུབ་པ་ཇི་སྙེད་ཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གཞོལ་བར་བྱ་བའི་ཚུལ་དང་ལྡན་པའི་ཆོས་རྣམས་དང་། ཆོས་ཡོངས་སུ་བསྡུ་བ་དང་། ཆོས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ལས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཞིང་གི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་
དང་། བསྐལ་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། དུས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། སངས་རྒྱས་འབྱུང་བའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་སེམས་ཡོངས་སུ་འབྱུང་བའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་འབྱུང་བའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་རབ་ཏུ་འཇུག་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་རྒྱ་མཚོའི་ཚུལ་གྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་གང་ཆེན་མཚོའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྒྱུད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་གཏེར་གྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་ལུགས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཇི་སྙེད་ཅིག་ཡོད་པ་དང་། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དང་དབུས་མེད་པའི་དམིགས་པ་ཅན་དེ་དག་ཐམས་ཅད་དེའི་བ་སྤུའི་སྒོ་ཐམས་ཅད་ཀྱི་བ་སྤུའི་སྒོ་རེ་རེ་ནས་མངོན་པར་འཐོན་ཏེ། སེམས་ཅན་གྱི་ལུས་ཀྱི་སྤྲིན་ཁ་དོག་སྣ་ཚོགས་ཅན་དུ་མངོན་པར་མཆོད་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །འདི་ལྟ་སྟེ། འོག་མིན་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། མ་དྲོས་པ་དང་། མི་ཆེ་བའི་གཙང་མའི་གནས་ཀྱི་ལྷ་ལྟ་བུའི་ལུས་
ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །དེ་བཞིན་དུ་འབྲས་བུ་ཆེ་བ་དང་། བསོད་ནམས་འཕེལ་བ་དང་། སྤྲིན་དང་བྲལ་བའི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །དགེ་རྒྱས་དང་ཚད་མེད་དགེ་བ་དང་། དགེ་བ་ཆུང་བའི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ཀུན་སྣང་དང་བ་དང་། ཚད་མེད་སྣང་བ་དང་། སྣང་བ་ཆུང་ངུའི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ཚངས་ཆེན་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་རིས་ཀྱི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །དབང་སྒྱུར་གྱི་ལྷའི་རྒྱལ་པོ་ལྷ་མོའི་ཚོགས་དང་ལྷའི་བུ་དང་བཅས་པ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལྷ་མོའི་ཚོགས་དང་། ལྷའི་བུ་དང་བཅས་པ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །རབ་དགའ་ལྡན་གྱི་ལྷའི་རྒྱལ་པོ་ལྷ་མོའི་ཚོགས་དང་ལྷའི་བུ་དང་བཅས་པ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །རབ་མཚེ་མའི་ལྷའི་རྒྱལ་པོ་ལྷ་མོའི་ཚོགས་དང་ལྷའི་བུ་དང་བཅས་པ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ལྷའི་རྒྱལ་པོ་བརྒྱ་བྱིན་ལྷ་མོའི་ཚོགས་དང་། ལྷའི་བུ་དང་བཅས་པ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །དྲི་ཟའི་རྒྱལ་པོ་གནས་སྲུང་པོ་དང་། དྲི་ཟའི་བུ་དང་། དྲི་ཟའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོ་དང་། གྲུལ་བུམ་གྱི་བུ་དང་གྲུལ་བུམ་གྱི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་
སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ཀླུའི་རྒྱལ་པོ་མིག་མི་བཟང་དང་། ཀླུའི་བུ་དང་། ཀླུའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ངལ་བསོ་པོ་དང་། གནོད་སྦྱིན་གྱི་བུ་དང་གནོད་སྦྱིན་གྱི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །མིའམ་ཅིའི་རྒྱལ་པོ་སྡོང་པོ་དང་། མིའམ་ཅིའི་བུ་དང། མིའམ་ཅིའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་བཟང་པོ་དང་། ལྟོ་འཕྱེ་ཆེན་པོའི་བུ་དང་། ལྟོ་འཕྱེ་ཆེན་པོའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ནམ་མཁའ་ལྡིང་གི་དབང་པོ་ཤུགས་དྲག་སྟོབས་ཆེན་དང་། ནམ་མཁའ་ལྡིང་གི་བུ་དང་ནམ་མཁའ་ལྡིང་གི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་བུ་དང་། ལྷ་མ་ཡིན་གྱི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། གཤིན་རྗེའི་བུ་དང་། གཤིན་རྗེའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །མིའི་དབང་པོ་དང་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་། བུ་མོ་ཐམས་ཅད་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །དེ་བཞིན་དུ་འགྲོ་བའི་རྒྱུད་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ལྟ་བུའི་ལུས་ཀྱི་
སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ཉན་ཐོས་དང་རང་སངས་རྒྱས་དང་དྲང་སྲོང་ཐམས་ཅད་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །རླུང་དང་ཆུ་དང་མེའི་ཕུང་པོ་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །རྒྱ་མཚོ་དང་། ཆུ་ཀླུང་དང་། རི་དང་། ནགས་ཚལ་དང་། ལོ་ཏོག་དང་། སྨན་དང་། ཤིང་དང་། སའི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བཟའ་ཤིང་གི་ར་བ་དང་། གྲོང་ཁྱེར་དང་། སྙིང་པོ་བྱང་ཆུབ་དང་། ཉིན་པར་དང་། མཚན་མོ་དང་། ནམ་མཁའ་དང་། ཕྱོགས་དང་། རྐང་གིས་འགྲོ་བ་དང་། ལུས་ཀྱི་རིས་སུ་གཏོགས་པ་དང་། ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་བ་ནས། དེ་བཞིན་དུ་ལག་ན་རྡོ་རྗེ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། ཕྱོགས་བཅུར་རྒྱས་པར་བཀང་སྟེ། ཆོས་ཀྱི་དབྱིངས་ཀྱི་ཚུལ་འབྱམ་ཀླས་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་མངོན་པར་གནས་ཤིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བར་དུ་མཐོང་སྟེ། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་སེམས་ཐོག་མ་བསྐྱེད་པའི་ཚོགས་ལ་སྩོགས་པའི་སྔོན་གྱི། ཚེ་རབས་ལ་ཡོངས་སུ་བསྒྲུབས་པའི་དགེ་བའི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་དེ། རྒྱུན་མ་ཆད་པའི་ཚུལ་ཇི་སྙེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསྔགས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཤི་འཕོ་དང་སྐྱེ་བ་ཡོངས་སུ་བཟུང་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ལུས་ཡོངས་སུ་བཟུང་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། མིང་གི་འཁོར་ལོ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། དགེ་བའི་བཤེས་གཉེན་གྱི་གན་དུ་འགྲོ་བ་གཅིག་
ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། སངས་རྒྱས་བྱུང་སྟེ་བསྙེན་བཀུར་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཆོས་ཀྱི་ཚིག་དང་། ཡི་གེ་བླངས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང། བྱང་ཆུབ་སེམས་དཔའི་ལམ་གྱི་ནན་ཏན་གྱི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཏིང་ངེ་འཛིན་རབ་ཏུ་ཐོབ་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཏིང་ངེ་འཛིན་ཐོབ་པས་སངས་རྒྱས་མཐོང་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཞིང་མཐོང་བའི་མིག་གི་རྒྱས་པར་བཀང་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཡེ་ཤེས་ཀྱི་འཁོར་ལོ་འདབ་ཆགས་པ་དང་། ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་ཡེ་ཤེས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོར་གཏོགས་པའི་སེམས་ཅན་ཕ་རོལ་གྱི་ཤི་འཕོ་དང་། སྐྱེ་བ་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ལྷའི་རྣ་བ་ཡོངས་སུ་དག་པ་རྟོགས་པར་བྱེད་པའི་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་ཞིང་དབྱིངས་ལ་འཇུག་པའི་སྒོ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཐོག་མ་ལྷའི་མིག་ལ་ཞུགས་པའི་སྒོ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཐོག་མ་ལྷའི་རྣ་བ་རྣམ་པར་དམིགས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཐོག་མ་སེམས་ཅན་ཕ་རོལ་གྱི་སེམས་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཐོག་མ་བདག་དང་སེམས་ཅན་ཕ་རོལ་གྱི་སྔོན་གྱི་གནས་རྗེས་སུ་དྲན་པ་
ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཐོག་མ་དངོས་པོ་མེད་པ་ལ་རབ་ཏུ་གནས་ཏེ། མངོན་པར་འདུ་བྱ་བ་མྱེད་པའི་རྫུ་འཕྲུལ་ཐོབ་པའི་རྐྱེན་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆག་པ་དང་། རྫུ་འཕྲུལ་ཆེན་པོའི་རྣམ་པར་གནོན་པས། ཕྱོགས་རྒྱས་པ་འགེངས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐོབ་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་མཚོའི་ཚུལ་བསམ་གྱིས་མྱི་ཁྱབ་པ་ལ་འཇུག་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་འཛིན་གྱི་རྣམ་པར་འཕྲུལ་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་ཡོངས་སུ་གནོན་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་མིང་དུ་བྱ་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་ནས། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཤིན་ཏུ་ཕྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་དེའི་བ་སྤུའི་སྒོ་ཐམས་ཅད་ནས་སྤྲུལ་པའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཏོ། །སེམས་ཅན་རྣམས་ལ་ཆོས་འཆད་པ་དང་། ཡང་དག་པར་སྟོན་པ་དང་། གསལ་བར་བྱེད་པ་དང་། ཡོངས་སུ་སྟོན་པ་དང་། རྗེས་སུ་རྗོད་པ་དང་། རབ་ཏུ་འབྱེད་པ་དང་། ཤིན་ཏུ་རྒྱ་ཆེར་བྱེད་པ་དང་། འགྲང་བ་དང་། ངེས་པར་སྟོན་པ་དང་། རྣམ་པར་རིག་པར་བྱེད་པ་དང་། ཉེ་བར་བསྒྲུབ་པ་མཐོང་སྟེ། ལ་ལ་ལ་ནི་རླུང་གི་དཀྱིལ་འཁོར་ཤིན་ཏུ་འཁྲུགས་
པའི་སྒྲ་སྐད་ཀྱིས་ཆོས་སྟོན་པ་མཐོང་ངོ་། །ལ་ལ་ལ་ནི་ཆུའི་ཕུང་པོ་རབ་ཏུ་རློབ་པའི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་མེའི་མེ་ལྕེ་ཤིན་ཏུ་རློབ་པའི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་རྒྱ་མཚོའི་འབྲུག་གི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་ས་ཡོངས་སུ་གཡོས་པའི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་རི་ཆེན་པོ་ཕན་ཚུན་ཐུག་ཅིང་འཐབ་པའི་སྒྲ་སྐད་ཀྱིས་ལ་ལ་ལ་ནི་ལྷའི་གྲོང་ཁྱེར་གཡོས་པའི་ང་རོ་སྙན་པའི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་ལྷའི་གཞལ་མེད་ཁང་འཐུབ་ཅིང་འཁྲོལ་བའི་སྒྲ་སྐད་ཀྱིས་ཆོས་སྟོན་པ་མཐོང་ངོ་། །ལ་ལ་ལ་ནི་ལྷའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ཀླུའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་གནོད་སྦྱིན་གྱི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་དྲི་ཟའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ལྷ་མ་ཡིན་གྱི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ནམ་མཁའ་ལྡིང་གི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་མིའམ་ཅིའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ལྟོ་འཕྱེ་ཆེན་པོའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་མིའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ཚངས་པའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ལྷ་མོའི་གླུའི་དབྱངས་ཀྱིས། ལ་ལ་ལ་ནི་ལྷ་རྫས་ཀྱི་རོལ་མོ་ལེགས་པར་བླངས་པའི་དབྱངས་ཀྱིས། ལ་ལ་ལ་ནི་ནོར་བུ་རིན་པོ་ཆེའི་སྒྲ་དབྱངས་ཀྱིས། ལ་ལ་ལ་ནི་སེམས་ཅན་གྱི་རིས་ཐམས་ཅད་ཀྱི་སྐད་སྣ་ཚོགས་ཀྱིས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་རྣམ་པར་ཐར་པའི་ཡུལ་སེམས་ཅན་རྣམས་ལ་རབ་ཏུ་རྗོད་པ་མཐོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྤྲིན་གྱིས་བྱང་ཆུབ་སེམས་དཔའི་སྒྲ་སྐད་སྣ་ཚོགས་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུའི་སྤྲིན་གྱིས་དེ་བཞིན་གཤེགས་པའི་གསུང་རྣམ་པ་ཐ་དད་པའི་དབྱངས་ཀྱི་ཡན་ལག་གི་ཚུལ་གྱིས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་རྣམ་པར་ཐར་པའི་ཡུལ་ཐོག་མ་སེམས་བསྐྱེད་པ་དང་བཅས་པ་ཡོངས་སུ་བྱུང་སྟེ། གྲུབ་ཅིང་ཡང་དག་པར་འདུས་པ་དང་བཅས་རྣམ་པར་ཐར་པའི་རྣམ་པར་རྩེ་བ་དང་བཅས་པ།
སེམས་ཅན་ཐམས་ཅད་ལ་རྣམ་པར་དམིགས་པར་བྱེད་པ་མཐོང་ངོ་། །དེའི་སྤྲུལ་པའི་གཟུགས་ཀྱི་སྤྲིན་རེ་རེས་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྱི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམ་པར་སྦྱོང་བ་མཐོང་ངོ་། །སེམས་ཅན་རྒྱ་མཚོ་མཐའ་ཡས་པ་དག་ཀྱང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་འགྲེལ་པ་མཐོང་ངོ་། །སེམས་ཅན་གྱི་ཁམས་མཐའ་དང་། དབུས་མེད་པ་དག་ཀྱང་མིའི་ཕུན་སུམ་ཚོགས་པ་ལ་རབ་ཏུ་འགོད་པ་མཐོང་ངོ་། །སེམས་ཅན་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་འཁོར་བའི་རྒྱ་མཚོ་ལས་གྱེན་དུ་བསྐྱོད་པ་མཐོང་ངོ་། །སེམས་ཅན་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་རབ་ཏུ་འགོད་པ་མཐོང་ངོ་། །སེམས་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་སྟོབས་བཅུའི་ཡེ་ཤེས་ཀྱི་སར་འཛུད་པ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །ཐོས་སོ་རྣམ་པར་དཔྱད་དོ། །ཞུགས་སོ་ཁོང་དུ་ཆུད་དོ། །ངེས་པར་རྟོགས་སོ། །རྗེས་སུ་ཤེས་སོ། །རྗེས་སུ་འབྲངས་སོ། །རྗེས་སུ་ཞུགས་སོ། ། མཉམ་པ་ཉིད་དུ་བྱིན་གྱིས་བརླབས་ཏེ། དེ་ནི་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོས་དགའ་བ་ཤིན་ཏུ་ཡངས་པའི་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བའི་བྱིན་དང་། སྔོན་སྐལ་བ་མཉམ་པར་སྤྱད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་དང་། དགེ་བའི་རྩ་བ་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོའི་སྣོད་དུ་གྱུར་པའི་ཕྱིར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་དགའ་བའི་ཤུགས་དྲག་པོ་གང་ཆེན་མཚོ་སྣང་བ་ཆེན་པོ་རབ་ཏུ་ཐོབ་པ། ཕྱོགས་བཅུའི་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེས། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །རྒྱལ་བའི་ཆོས་རྣམས་ཤིན་ཏུ་ཟབ། །དེ་ལ་ཁྱོད་ཀྱིས་བསྐལ་པ་ཚད་མེད་བསླབས། །བསམ་པ་ཇི་བཞིན་གཟུགས་རྣམས་ཀྱིས། །འགྲོ་བ་ཀུན་བཀང་འཇིག་རྟེན་རིམ་པས་བསྟན། །བདག་མེད་མགོན་མེད་ལོག་པ་ཡི། །འདུ་ཤེས་རྟག་ཏུ་འཁྲུལ་པ་མཁྱེན་གྱུར་ནས། །རྫུ་འཕྲུལ་རྣམ་པ་དུ་མ་ཡིས། །ལུས་དང་དབང་ཕྱུག་སྟོན་མཛད་འགྲོ་བ་འདུལ། །ཤིན་ཏུ་རིམས་བྲལ་རབ་ཏུ་ཞི། །ཆོས་སྐུ་གཉིས་མེད་རྣམ་པར་དག་པ་མངའ། །འགྲོ་བ་མ་ལུས་གཉིས་གནས་པ། །སྤྲུལ་པའི་སྤྲིན་སྒྲ་འབྲུག་གིས་རྣམ་པར་འདུལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཁྱོད་ནི་ནམ་ཡང་མི་གནས་མི་རྟེན་ཏེ། །ཡན་ལག་ཀུན་རྒྱས་གཟུགས་མཆོག་དང་། །དབང་ཕྱུག་ཡོངས་སུ་བསྒྲགས་པས་འགྲོ་བ་འདུལ། །ཕྱི་དང་ནང་ལས་རྣམ་པར་གྲོལ། །གཉིས་ལས་བྱུང་བའི་མཚོ་ལས་འཕགས་གྱུར་ཀྱང་། །འཁོར་བའི་རྒྱ་མཚོ་མཐའ་ཡས་པའི། །གཟུགས་བརྙན་འགྲོ་བའི་རྒྱུད་དུ་རབ་ཏུ་སྟོན། །ཁྱོད་ལ་གཡོ་བ་མི་མངའ་སྟེ། །ནམ་ཡང་རློམ་སེམས་གཡོ་བའི་སྤྲོས་མི་མངའ། །འཇིག་རྟེན་སྤྲོས་མོས་བྱིས་པ་རྣམས། །ཆོས་ཀྱི་རང་བཞིན་སྟོན་ཅིང་འདུལ་བ་མཛད། །ཏིང་འཛིན་རྒྱ་མཚོ་ཀུན་སྤྱོད་པས། །བསྐལ་པ་མང་པོར་རྩེ་གཅིག་ཐུབ་བཞུགས་ཀྱང་། །ཕྱོགས་བཅུའི་བདེ་གཤེགས་མཆོད་དོན་དུ། །སྤུ་རྣམས་རྩེ་ལས་སྤྲུལ་པའི་སྤྲིན་ཀྱང་འགྱེད། །སངས་རྒྱས་སྟོབས་ལ་འཇུག་པའི་ཚུལ། །སྐད་ཅིག་རེ་རེར་མཐའ་ཡས་ཐུགས་སུ་ཆུད། །སེམས་ཅན་བསྡུ་བའི་སྦྱོར་བ་རྣམས། །
སོ་སོའི་རྐྱེན་བཞིན་གོ་བར་བགྱི་བས་བསྟན། །ཁྱོད་ཀྱིས་སྲིད་པའི་རྒྱ་མཚོ་དག །ལས་ཀྱིས་རྣམ་བྲིས་སྣ་ཚོགས་གཟུགས་གཟིགས་ཤིང་། །ཆོས་ཀྱི་སྒྲིབ་པ་མེད་པའི་ལམ་བསྟན་ཏེ། །སེམས་ཅན་ཀུན་ཀྱང་རྣམ་པར་སྦྱོང་བ་མཛད། །ཁྱོད་སྐུ་མཚན་བྲིས་རྣམ་དག་ཀྱང་། །ཀུན་ཏུ་བཟང་པོའི་སྤྱོད་པ་དམ་པ་ཡིས། །སེམས་ཅན་བསམ་པའི་དབང་ཚུལ་དུ། །ཁྱོད་ནི་ལྷ་མོའི་སྐུ་གཟུགས་སྟོན། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དེ། འདི་སྐད་ཅེས་སྨྲས་སོ། །ལྷ་མོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ནས་ཇི་སྲིད་ཅིག་ལགས། ལྷ་མོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་དགའ་བ་ཤིན་ཏུ་ཡངས་ཤིང་དྲི་མ་མེད་པའི་ཤུགས་ཀྱི་རྒྱལ་མཚན་འདི་ཐོབ་ནས་ཇི་སྲིད་ཅིག་ལགས། དེ་ནས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། དྲན་པ་བསྐལ་པ་མང་འདས་པ། །ཞིང་གི་རྡུལ་སྙེད་དེ་ཡི་སྔ་རོལ་ན། །ཞིང་ནི་རིན་ཆེན་མདོག་བདེ་འབྱུང་། །དེ་ཡི་བསྐལ་པ་ཞི་བའི་དབྱངས་ཤེས་བྱ། །གླིང་བཞི་བྱེ་བ་ཁྲག་ཁྲིག་སྟེ། །བརྒྱ་སྟོང་ཕྲག་བཅུ་རྣམས་ཀྱིས་ཡོངས་སུ་གང་། །ཚད་མེད་རིན་ཆེན་རི་བོ་འདྲ། །གླིང་བཞི་བར་མ་བཟང་པོ་རྣམ་པར་བཀྲམ། །རྒྱལ་པོའི་ཕོ་བྲང་བྱེ་བ་བརྒྱ། །སྟོང་ཕྲག་བཅུ་རྣམས་ཡོངས་སུ་ཚང་བ་སྟེ། །རྒྱལ་པོའི་ཕོ་བྲང་མདངས་དགའ་བ། །དབུས་ན་གནས་པ་སྤོས་ཀྱི་རྒྱལ་མཚན་འོད། །དེར་ནི་ཕྱོགས་ཀྱི་དབང་པོ་ས་ཡི་བདག །འཁོར་ལོས་སྒྱུར་བ་མངོན་པར་གཟུགས་བཟང་བྱུང་། །མཚན་རབ་སུམ་ཅུ་གཉིས་དང་ལྡན། །དེ་ཡི་ལུས་ཀྱང་དཔེ་བྱད་བཟང་པོས་བརྒྱན། །པད་མོའི་སྦུབས་ནས་རྫུས་ཏེ་བྱུང་། །
གསེར་གྱི་མདོག་བཟང་འོད་བྱུང་ལུས་དང་ལྡན། །འཛམ་བུའི་རྒྱལ་མཚན་ཐམས་ཅད་དུ། །མཁའ་ལས་འགྲོ་ཞིང་འོད་ཀྱིས་དེ་འགེངས་སོ། །དེ་ཡི་བུ་ནི་སྟོང་ཚང་སྟེ། །ཀུན་ཀྱང་ཡན་ལག་དམ་པའི་གཟུགས་དང་ལྡན། །བློན་པོ་མཁས་ཤིང་གསལ་བ་དང་། །མཛངས་ཤིང་ཡིད་གཞུངས་བྱེ་བ་ཤིན་ཏུ་མང་། །བཙུན་མོ་བྱེ་བ་ཕྲག་བཅུ་ཚང་། །ལྷ་མོ་ཇི་བཞིན་དགའ་བའི་ཚུལ་ལ་མཁས། །དེ་དག་ཕན་སེམས་བདེ་སེམས་ཀྱིས། །རྒྱལ་པོ་དེ་ལ་ཉེ་བའི་ཡིད་དུ་གནས། །རྒྱལ་པོ་དེ་ནི་ས་ཆེན་དེ། །རི་དང་ཁོར་ཡུག་ཀུན་གྱི་མཐས་ཀླས་པའི། །གླིང་བཞིའི་ཕུན་སུམ་ཚོགས་པ་དག །ཀུན་ཀྱང་ཆོས་ཀྱི་སྟོབས་ཀྱིས་གནས་པར་བྱེད། །ཁོ་མོ་འཁོར་ལོས་སྒྱུར་བ་ཡི། །བཙུན་མོ་ཚངས་པའི་སྒྲ་སྐད་རིན་ཆེན་ལུས། །གསེར་གྱི་མདོག་འཆང་དྲི་མེད་འོད། །དཔག་ཚད་སྟོང་དུ་འོད་ཀྱིས་རྒྱས་པར་འགེངས། །ཉི་མ་ནུབ་པར་གྱུར་ནས་ཀྱང་། རྒྱལ་པོ་སྲས་དང་འཁོར་བཅས་གཟིམས་གྱུར་ནས། །རོལ་མོའི་དབྱངས་ཀྱང་ཞི་གྱུར་ཏེ། །ཁོ་མོ་མལ་ན་བདེ་བར་ཉལ་ཉལ་ན། །ནམ་གྱི་ཕྱེད་ཙམ་གུང་ཞིག་ལ། །སངས་རྒྱས་དཔལ་གྱི་རྒྱ་མཚོ་བྱུང་བར་གྱུར། །དེ་ཚེ་རྒྱལ་བས་རྣམ་འཕྲུལ་བ། །ཕྱོགས་བཅུ་རྒྱས་པར་བཀང་སྟེ་བསྟན་པ་མཛད། །རྒྱལ་བའི་འོད་ཟེར་རྒྱ་མཚོ་དེས། །ཞིང་གི་རྡུལ་སྙེད་འཇིག་རྟེན་ཁྱབ་པར་གྱུར། །རྣམ་འཕྲུལ་སྐུ་རྣམས་སྣ་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་མ་ལུས་རྒྱས་པར་བཀང་། །ས་རྣམས་རི་དང་བཅས་པར་གཡོས། །རྒྱལ་བ་བྱུང་ཞེས་སྒྲ་ཡང་ཡོངས་སུ་བརྗོད། །ལྷ་དང་ལྷ་མིན་མི་དང་ཀླུ། །ཀུན་ཀྱང་རྒྱལ་བ་བྱུང་བས་རབ་ཏུ་དགའ། །སངས་རྒྱས་བ་སྤུའི་སྒོ་ཀུན་ནས། །སྤྲུལ་པའི་རྒྱ་མཚོ་མང་པོ་མངོན་པར་བྱུང་། །དེས་ནི་ཕྱོགས་བཅུ་རྒྱས་བཀང་ནས། །འཇིག་རྟེན་བསམ་པ་བཞིན་དུ་ཆོས་ཀྱང་བསྟན། །རྣམ་འཕྲུལ་མཐའ་ཡས་དེ་དག་ཀྱང་། །
རྒྱལ་བས་ཐམས་ཅད་བདག་གི་རྨི་ལམ་བསྟན། །ཟབ་མོའི་འབྲུག་སྒྲ་ཐོས་གྱུར་ནས། །ཁོང་དུ་ཆུད་པས་ཁོ་མོ་དགའ་ཡིད་གྱུར། །མཚན་མོའི་ལྷ་མོ་སྟོང་སྙེད་ཀྱང་། །ཁོ་མོའི་སྟེང་གི་བར་སྣང་མཁར་གནས་ཤིང་། །རྒྱལ་བའི་ལེགས་པ་བརྗོད་བྱས་ནས། །ཁོ་མོ་སད་པར་སྨྲ་ཞིང་བརྗོད། །ལྷ་ཡི་བློ་གྲོས་བཙུན་མོ་ལོངས། །ཁྱོད་ཀྱི་རྒྱལ་པོའི་ཁམས་སུ་རྒྱལ་བ་སྐྱེས། །བསྐལ་པ་རྒྱ་མཚོ་བརྒྱ་དག་ཏུ། །དེ་འདྲའི་ཕུན་སུམ་ཚོགས་པ་རྣམ་དག་ཀུན། །ཁོ་མོ་དགར་གྱུར་སད་པར་གྱུར། །འོད་གསལ་དྲི་མེད་རྣམ་དག་མཐོང་། །འོད་བཟང་དེ་ནི་ག་ལས་བལྟ་བལྟ་ན། །བྱང་ཆུབ་ཤིང་རྒྱལ་དྲུང་གི་རྒྱལ་བ་མཐོང་། །མཚན་ཉིད་སུམ་ཅུ་གཉིས་ཀྱིས་བརྒྱན། །བ་སྤུ་ཀུན་ནས་འོད་ཟེར་རྒྱ་མཚོ་བཀྱེ། །རི་རབ་ཇི་བཞིན་མངོན་པར་འཕགས། །རྒྱལ་བ་གཡས་གཡོས་ཀུན་ཏུའང་དེ་བཞིན་ནོ། །མཐོང་ནས་ཁོ་མོ་རབ་དགའ་སྟེ། །དེ་འདྲར་འགྱུར་བར་སེམས་ཀྱང་ཡོངས་སུ་བསྐྱེད། །སངས་རྒྱས་རྣམ་འཕྲུལ་ཡངས་མཐོང་ནས། །ཁོ་མོས་སྨོན་ལམ་ཤིན་ཏུ་རྒྱ་ཆེན་བཏབ། །ཁོ་མོས་རྒྱལ་པོ་བཞེངས་སུ་གསོལ། །དེ་ཡི་འཁོར་དང་བུད་མེད་ཚོགས་ཀྱང་བསླང་། །སངས་རྒྱས་འོད་ཡངས་མཐོང་གྱུར་ནས། །ཀུན་ཀྱང་བདེ་བའི་ལུས་སུ་གྱུར། །རྒྱལ་པོ་དེ་དང་ལྷན་ཅིག་ཏུ། །བཞོན་པ་བྱེ་བ་སྲོག་ཆགས་ཁྲག་ཁྲིག་གིས། །ཡོངས་སུ་བསྐོར་ཏེ་དཔུང་བཅས་པ། །རྒྱལ་བའི་སྤྱན་སྔར་ཀུན་ཀྱང་དོང་། །ལོ་གྲངས་སྟོང་ཕྲག་ཉི་ཤུར་ཡང་། །ཁོ་མོས་རྒྱལ་བ་དེ་ལ་མཆོད་བཀུར་བྱས། །རིན་ཆེན་བདུན་ཡང་ཡོན་དུ་ཕུལ། །རྒྱ་མཚོ་ཡོངས་དང་བཅས་པའི་ས་ཡང་གསོལ། །མདོ་སྡེ་རྒྱ་མཚོ་ཡོན་ཏན་སྤྲིན། །སྨོན་ལམ་མཚོ་ལས་ཡོངས་སུ་བྱུང་བའི་རྒྱན། །ཀུན་ཀྱང་དེ་བཞིན་གཤེགས་ལས་བྱུང་། །བསམ་པ་ཇི་བཞིན་འགྲོ་བར་དེ་བཞིན་བསྟན། །མཚན་མོའི་ལྷ་མོ་ཇི་སྙེད་ཅིག །དེ་ཚེ་སྙིང་བརྩེར་ཁོ་མོ་ཕན་བསྟན་པ། །
དེ་འདྲར་གྱུར་ཏེ་མྱོས་བསལ་ཞེས། །ཁོ་མོ་མོས་པ་ཡོངས་སུ་སྐྱེས་པར་གྱུར། །ཁོ་མོའི་སྨོན་ལམ་དེ་འདྲའི་སེམས། །ཐོག་མ་བྱང་ཆུབ་མཆོག་ཏུ་སྐྱེས་པར་གྱུར། །འཁོར་བའི་རྒྱ་མཚོ་གནས་པའི་ཚེ། །སྲིད་པའི་རྒྱ་མཚོས་དེ་ནི་ཞིག་མ་གྱུར། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རྣམས། །ཁོ་མོས་དད་པ་བསྐྱེད་དེ་མཆོད་པ་བྱས། །འཁོར་བའི་ལྷ་དང་མི་དབུས་སུ། །ཡུལ་གྱི་དགའ་དང་བདེ་ལ་མངོན་པར་སྨོན། །རྒྱལ་བའི་དང་པོ་དཔལ་གྱི་མཚོ། །དེ་ཡི་འོག་མ་ཡོན་ཏན་སྒྲོན་མ་སྟེ། །རྒྱལ་བ་གསུམ་པ་རིན་ཆེན་དཔལ། །སངས་རྒྱས་བཞི་པ་ནམ་མཁའི་ཤེས་རབ་པོ། །རྒྱལ་བ་ལྔ་པ་མེ་ཏོག་མཆོག །རྒྱལ་བ་དྲུག་པ་ཆགས་མེད་ཟླ་བའི་བློ། །རྒྱལ་བ་བདུན་པ་འོད་རྒྱལ་ཆོས་ཀྱི་ཟླ། །བརྒྱད་པ་ཡེ་ཤེས་དཀྱིལ་འཁོར་སྣང་བའོ། །རིན་ཆེན་འོད་འཕྲོ་རི་སྒྲོན་ཏེ། །རྒྱལ་བ་དགུ་པ་དེ་ཚེ་བྱུང་བར་གྱུར། །བཅུ་པ་དུས་གསུམ་འོད་དབྱངས་ཏེ། །དེ་དག་ཁོ་མོས་དད་པས་མཆོད། །བཅུ་པོ་དེ་ལས་སོགས་པ་དག །མི་ཡི་དབང་པོ་དམ་པ་ཀུན་མཆོད་དེ། །ཚུལ་གྱི་རྒྱ་མཚོ་འདིར་ཞུགས་པའི། །མིག་ནི་དེ་སྲིད་ཡུན་གྱིས་ཐོབ་མ་གྱུར། །དེ་འོག་ཞིང་གི་འཚམས་སྦྱོར་བ། །རིན་ཆེན་ཐམས་ཅད་འོད་ཅེས་བྱ་བ་བྱུང་། །བསྐལ་པ་ལྷ་ཡི་དཔལ་ཞེས་བྱ། །སངས་རྒྱས་ལྔ་བརྒྱ་དེ་ལ་བྱུང་བར་གྱུར། །ཐོག་མ་ཟླ་བའི་དཀྱིལ་འཁོར་བྱུང་། །གཉིས་པ་ཉི་མའི་སྒྲོན་མ་མངོན་པར་སྐྱེས། །སྣང་བའི་རྒྱལ་མཚན་སངས་རྒྱས་གསུམ། །དེ་ཡི་འོག་ཏུ་རིན་ཆེན་རི་བོའོ། །མེ་ཏོག་འོད་འཕྲོ་རྒྱ་མཚོ་སྒྲོན། །མེ་ཡི་དཔལ་དང་ལྷ་ཡི་དཔལ་གྱི་མཆོག །སྣང་བའི་རྒྱལ་པོ་འོད་ཀྱི་དཔལ། །བཅུ་པ་ཡེ་ཤེས་ཀུན་སྣང་རྒྱལ་པོ་འོ། །བཅུ་པོ་དེ་ལ་སྩོགས་པ་དག །མི་ཡི་དབང་པོ་དེ་དག་ཁོ་མོ་ཡིས། །ཕུང་པོའི་གནས་ལ་དད་དགའ་ཞིང་། །གནས་མེད་ཆོས་ལ་གནས་ཀྱི་བློ་མཆོད་དོ། །དེ་འོག་དེ་ཡི་མཚམས་སྦྱོར་བ། །འཇིག་
རྟེན་ཁམས་བཟང་བྱུང་བར་གྱུར་པ་ནི། །པད་མའི་སྒྲོན་མ་སྤྲིན་གྱི་དཔལ། །དེ་ཚེ་བསྐལ་པ་ཚངས་པའི་འོད་ཅེས་བྱ། །དེ་ལ་རྒྱལ་བ་ཚད་མེད་དེ། །དེ་དག་འཁོར་དང་བཅས་པ་ཁོ་མོས་མཆོད། །རྒྱལ་བ་དེ་དག་ཐམས་ཅད་ལས། །རིམ་གྲོ་ཆེན་པོས་ཁོ་མོས་ཆོས་ཀྱང་ཐོས། །རྒྱལ་བའི་དང་པོ་རིན་ཆེན་རི། །དེ་ཡི་འོག་མ་ཡོན་ཏན་རྒྱ་མཚོ་སྟེ། །རྒྱལ་བ་ཆོས་དབྱིངས་དབྱངས་ཀྱི་དཔལ། །ཆོས་རབ་རྒྱ་མཚོ་སྒྲོག་པ་བཞི་པའོ། ། ཆོས་ཀྱི་རྒྱལ་མཚན་གཟུངས་ཀྱི་འོད། །ཆོས་སྟོབས་འོད་དང་ནམ་མཁའི་བློ་གྲོས་ཏེ། །ཆོས་འོད་རི་བོ་སྤོ་མཐོན་དང་། །དེ་དག་ཐ་མའི་མཚན་ནི་སྤྲིན་དཔལ་ལོ། །བཅུ་པོ་དེ་ལ་སོགས་པ་དག །མི་ཡི་དམ་པ་དེ་དག་ཀུན་མཆོད་དེ། །རྒྱལ་བའི་རྒྱ་མཚོ་འདིར་ཞུགས་པའི། །ཆོས་ཉིད་དེ་ནི་དག་མ་གྱུར། །དེ་ཡི་འོག་ཏུ་དེ་བཞིན་གཤེགས། །ཉི་མའི་སྒྲོན་མ་དཔལ་གྱི་དཔལ་ཞེས་བྱ། །ཞིང་ནི་སངས་རྒྱས་ཡོད་པ་སྟེ། །དེ་ལ་བསྐལ་པ་ཟླ་བའི་དཔལ་བྱུང་ངོ་། །དེ་ལ་སྟོབས་བཅུ་བྱུང་བ་ནི། །བྱེ་བ་བརྒྱད་ཅུ་ཡོངས་སུ་ཚང་བ་སྟེ། །དེ་དག་ཀུན་ལའང་མཆོད་པའི་སྒོ། །རྒྱ་ཆེ་མཐའ་ཡས་ཡིད་འོང་དུ་མ་བྱས། །ཐོག་མར་བྱུང་བ་དྲི་ཟའི་རྒྱལ། །དེ་ཡི་འོག་ཏུ་སངས་རྒྱས་ཤིང་རྒྱལ་ཏེ། །རྒྱལ་བ་གསུམ་པ་ཡོན་ཏན་རི། །དེ་ཡི་འོག་ཏུ་རིན་ཆེན་སྤྱན་གཤེགས་སོ། །རྣམ་པར་སྣང་མཛད་འོད་ཀྱི་རྒྱན། །ཆོས་ཀྱི་རྒྱ་མཚོ་སངས་རྒྱས་གཟི་བརྗིད་དཔལ། །འཇིག་རྟེན་དབང་པོ་འོད་བཟང་དཔལ། །ཀུན་གྱི་ཐ་མ་ཆོས་འོད་རྒྱལ་པོའོ། །བཅུ་པོ་དེ་ལ་སྩོགས་པ་དག །བདེ་གཤེགས་དེ་དག་ཐམས་ཅད་མཆོད་བྱས་ཀྱང་། །ཆོས་ཀྱི་རྒྱ་མཚོར་འཇུག་པ་ཡི། །ཡེ་ཤེས་ཁོ་མོས་ཐོབ་པར་མ་གྱུར་ཏོ། །དེ་ཡི་འོག་ཏུ་ཞིང་དག་པ། །རྡོ་རྗེའི་རང་བཞིན་མི་ཕྱེད་གཟི་བརྗིད་བརྟན། །ཀུན་ཏུ་འོད་སྤྲིན་མིང་ལྡན་བྱུང་། །རྒྱན་གཅིག་ཀུན་ནས་མཛེས་པར་གནས་པའོ། །དེ་ལ་སེམས་ཅན་དག་པ་མང་། །ཉོན་མོངས་དྲི་མས་
ཉོན་མོངས་ཤིན་ཏུ་ཉུང་། །བསྐལ་པ་རབ་ཞི་བློ་གྲོས་འོད། །སངས་རྒྱས་སྟོང་རྣམས་བྱུང་བས་རྣམ་པར་བརྒྱན། །རྒྱལ་བའི་དང་པོ་རྡོ་རྗེ་གཙུག །གཉིས་པ་ཆགས་མེད་སྟོབས་མངའི་མཚན་ལྡན་པ། །རྒྱལ་བ་ཆོས་ཉིད་གཟུགས་བརྙན་དང་། །ཕྱོགས་རྣམས་ཀུན་ཏུ་སྒྲོན་མ་གསལ་བའི་བདག །རྒྱལ་བ་ལྔ་པ་ཐུགས་རྗེའི་འོད། །རྒྱལ་བ་དྲུག་པ་བརྟུལ་ཞུགས་རྒྱ་མཚོའོ། །བདེ་གཤེགས་བཟོད་འཁོར་སྒྲོན་མ་དང་། །བརྒྱད་པ་ཆོས་ཀྱི་དཀྱིལ་འཁོར་སྣང་བ་སྟེ། །སྣང་བ་རྒྱ་མཚོས་བརྒྱན་པ་དང་། །དེ་དག་ཐ་མ་ཞི་བའི་རྒྱལ་པོའོ། །བཅུ་པོ་དེ་ལ་སོགས་པ་དག །མི་ཡི་དམ་པ་དེ་ཀུན་ཁོ་མོས་མཆོད། །ཆོས་ཉིད་ནམ་མཁའ་མཉམ་པ་འདི། །རང་བཞིན་ཡོངས་སུ་ཀུན་ནས་དག་པ་སྟེ། །དེ་ལ་གནས་ཤིང་ཞིང་གི་རྣམས། །འབྱམ་ཀླས་ཀུན་ཏུ་སྤྱོད་སྤྱད་མ་དག་གོ །དེ་ཡི་འོག་ཏུ་མདངས་དགའ་བའི། །ཞིང་གི་སྤོས་སྒྲོན་སྤྲིན་གྱི་དཔལ་ཞེས་བྱ། །ཀུན་ནས་ཉོན་མོངས་ཡོངས་སུ་དག །དེ་ཡི་བསྐལ་པ་ལེགས་པར་བྱུང་ཞེས་བྱ། །རྒྱལ་བ་བྱེ་བ་དེ་ཚེ་བྱུང་། །དེ་དག་ཀུན་གྱི་དེ་ཚེའི་བསྐལ་པ་བརྒྱན། །མགོན་པོ་དེ་དག་ཆོས་གསུང་བ། །ཁོ་མོས་དྲན་པའི་སྟོབས་ཀྱིས་ཡོངས་སུ་བཟུང་། །རྒྱལ་བའི་དང་པོ་གྲགས་ཡངས་ཏེ། །ཆོས་ཀྱི་རྒྱ་མཚོ་ཤུགས་དྲག་དཔལ་གྱི་རྒྱལ། །ཆོས་དབང་རྒྱལ་པོ་ཡོན་ཏན་སྤྲིན། །ཆོས་ཀྱི་དཔལ་དང་ལྷ་ཡི་ཅོད་པན་ནོ། །ཡེ་ཤེས་འོད་འཕྲོ་གཟི་བརྗིད་དཔལ། །རྐང་གཉིས་དམ་པ་བདུན་པ་དེ་ཡིན་ནོ། །རྒྱལ་བ་བརྒྱད་པ་ནམ་མཁའི་དབྱིངས། །དགུ་པ་ཀུན་ཏུ་འབྱུང་བའི་སྒྲོན་མ་སྟེ། །དེ་དག་ཐ་མའི་སངས་རྒྱས་ནི། །མཛོད་སྤུའི་དཔལ་གྱི་འོད་ཀྱི་བློ་གྲོས་ཏེ། །རྒྱལ་བ་མི་མཆོག་དེ་དག་ལ། །མཆོད་པ་བྱས་ནས་ཆགས་མེད་དེ་མ་སྦྱངས། །དེ་ཡི་འོག་མ་རྒྱན་རབ་ཅན། །རིན་ཆེན་སྣ་ཚོགས་ཀུན་ཏུ་གནས་པ་སྟེ། །འཇིག་རྟེན་
རྣམ་པར་ཕྱེ་བའི་མཐའ། །རིན་ཆེན་རྒྱལ་མཚན་བློ་གྲོས་མཆོག །དེ་ཚེའི་བསྐལ་པ་སྙིང་པོའི་ཚོགས། །དེ་ལ་སངས་རྒྱས་བརྒྱ་ཕྲག་ལྔ་བྱུང་སྟེ། །རྣམ་ཐར་ཆགས་མེད་འདི་འདོད་ཅིང་། །རང་བྱུང་དེ་དག་ཐམས་ཅད་ཁོ་མོས་མཆོད། །ཐོག་མའི་མཚན་ནི་ཡོན་ཏན་འཁོར། །ཞི་བའི་དབྱངས་དང་རྒྱ་མཚོ་ཕུན་སུམ་ཚོགས། །ཉི་མའི་གཟི་བརྗིད་དཔལ་གྱི་བདག །མཚན་གྱི་སྤྲིན་སྒྲ་དབྱངས་ཤེས་བྱ་བ་དང་། །ཆོས་དབྱངས་རྒྱལ་པོ་ཡོན་ཏན་བདག །བསོད་ནམས་རི་རབ་ཞི་བའི་འོད་ཀྱི་རྒྱལ། །བཅུ་པོ་དེ་ལ་སྩོགས་པ་དག །རྒྱལ་བ་དེ་དག་ཀུན་ཀྱང་ཁོ་མོས་མཆོད། །རྒྱལ་བའི་ལམ་ནི་དེར་སྦྱངས་ཏེ། །དེ་ལ་རྒྱལ་བ་ཀུན་ཀྱང་ཡང་དག་གཞོལ། །འོན་ཀྱང་ད་དུང་རྒྱལ་བ་ཡི། །ཚུལ་འདིར་འཇུག་པའི་བཟོད་པ་མ་ཐོབ་པོ། །དེ་འོག་ཡིད་འོང་འོད་ལྡན་པ། །ཡོངས་སུ་དག་པའི་འཇིག་རྟེན་ཁམས་བྱུང་སྟེ། །ཞིང་དབྱངས་ཕྲེང་བའི་བློ་གྲོས་ཅན། །སེམས་ཅན་ཉོན་མོངས་ཉུང་བའི་གནས་ཡིན་ནོ། །བསྐལ་པ་བདེ་ཞིང་མངོན་དགའ་སྟེ། །དེ་ལ་སངས་རྒྱས་བྱེ་བ་བརྒྱད་ཅུ་བྱུང་། །མི་མཆོག་དེ་ཀུན་ཁོ་མོས་མཆོད། །རྒྱལ་བ་མཆོག་གི་ལམ་ཡང་རྣམ་པར་སྦྱངས། །རྒྱལ་བའི་དང་པོ་མེ་ཏོག་བརྩེགས། །རྒྱ་མཚོའི་སྙིང་པོ་ཡང་དག་འབྱུང་བའི་མཆོག །ལྷ་དབང་གཙུག་ཕུད་རིན་ཆེན་གཙོ། །གསེར་གྱི་རི་བོ་རིན་ཆེན་བརྩེགས་པ་དང་། །ཆོས་ཀྱི་རྒྱལ་མཚན་ནོར་གྱི་དཔལ། །དེ་དག་ཀུན་གྱི་ཐ་མ་ཡེ་ཤེས་བློ། །བཅུ་པོ་དེ་ལ་སོགས་པ་དག །ལྷ་དང་མི་གཙོ་དེ་དག་ཁོ་མོས་མཆོད། །དེ་འོག་མཚམས་སྦྱོར་ཞིང་བྱུང་བ། །སྤྲུལ་པ་བཟང་པོའི་རྒྱལ་མཚན་སྒྲོན་མ་སྟེ། །བསྐལ་པ་སྟོང་གི་དཔལ་ཞེས་བྱ། །དེ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དྲུག །ཞི་བའི་རྒྱལ་མཚན་ཞི་གནས་དཔལ། །ཞི་བའི་སྒྲོན་མ་སྤྲིན་གྱི་རྒྱལ་པོའི་དཔལ། །སྣང་བའི་
འོད་ཀྱི་རྒྱལ་པོ་དང་། །རྣམ་པར་སྤྲིན་མཆེད་ཉི་མའི་གཟི་བརྗིད་དང་། །ཆོས་ཀྱི་སྒྲོན་མ་དཔལ་གྱི་རི། །འོད་འཕྲོའི་དཔལ་དང་ལྷ་ཡི་སྙིང་པོའི་དཔལ། །དེ་དག་ཐ་མར་བྱུང་བ་ནི། །སེང་གེའི་སྒྲ་སྒྲོགས་མཁས་པ་སྒྲོན་མའོ། །བཅུ་པོ་དེ་ལ་སྩོགས་པ་དག །བདེ་གཤེགས་ཟླ་བ་དེ་དག་ཁོ་མོས་མཆོད། །འོན་ཀྱང་ཚུལ་མཚོ་འདིར་འཇུག་པའི། །བཟོད་པ་ཁོ་མོས་ཐོབ་པར་མ་གྱུར་ཏོ། །དེ་འོག་འཚམས་སྦྱོར་ཞིང་བྱུང་བ། །ཀུན་ཏུ་སྣང་བའི་དཔལ་ཞེས་བྱ་བ་སྟེ། །བསྐལ་པ་གནས་མེད་རྣམ་པར་བརྒྱན། །དེ་ལ་སངས་རྒྱས་བྱེ་བ་སུམ་ཅུ་དྲུག །དང་པོ་ཡོན་ཏན་ཀུན་ཏུ་སྤྲིན། །དེ་ཡི་འོག་མ་སངས་རྒྱས་ནམ་མཁའི་ཐུགས། །སངས་རྒྱས་ལེགས་བྱུང་རྣམ་བརྒྱན་དང་། །རྒྱ་མཚོ་ཆོས་ཀྱི་སྤྲིན་སྒྲ་སྒྲོགས་པའི་དབྱངས། །རྒྱལ་བ་ཆོས་དབྱིངས་གསུང་དབྱངས་དང་། །སྤྲུལ་པའི་སྤྲིན་སྒྲ་སྙན་པའི་དཔལ་མངའ་དང་། །སངས་རྒྱས་ཕྱོགས་ཀུན་གཟི་བརྗིད་དང་། །ཆོས་ཀྱི་རྒྱ་མཚོ་ཡོངས་བྱུང་སྒྲ་དབྱངས་དང་། །ཡོན་ཏན་རྒྱ་མཚོ་དཔལ་གྱི་སྒྲོན། །རྒྱལ་བའི་ཉི་མ་དགུ་པ་བྱུང་བར་གྱུར། །དེ་དག་ཀུན་གྱི་ཐ་མ་སྟེ། །རིན་ཆེན་དཔལ་སྒྲོན་ཡོན་ཏན་དཔལ་མཆོད་དོ། །རིན་ཆེན་དཔལ་སྒྲོན་ཡོན་ཏན་དཔལ། །རྐང་གཉིས་དམ་པ་བྱུང་བར་གྱུར་པའི་ཚེ། །ཁོ་མོ་ལྷ་མོ་ཟླ་བཞིན་ཏེ། །མི་ཡི་དམ་པ་བྱུང་ཚེ་མཆོད་པ་བྱས། །རྒྱལ་བ་དེས་ནི་ཁོ་མོ་ལ། །མདོ་སྡེ་སྨོན་ལམ་རྒྱ་མཚོ་འབྱུང་བའི་རྒྱན། །གནས་མེད་རྒྱན་ཀྱང་རབ་ཏུ་བཤད། །ཐོས་ནས་ཁོ་མོས་དྲན་པའི་སྟོབས་ཀྱིས་བཟུང་། །ཁོ་མོས་མིག་ཡངས་དེར་ཐོབ་སྟེ། །ཏིང་འཛིན་ཞི་དང་གཟུངས་ཀྱི་སྟོབས་ཀྱང་ཐོབ། །སྐད་ཅིག་རེ་རེ་ཞིང་བརྒྱུད་པའི། །རྒྱལ་བ་རྒྱ་མཚོ་མང་པོའང་ཁོ་མོས་མཐོང་། །བྱམས་ཚུལ་ཀུན་ཏུ་སྣང་བའི་སྤྲིན། །བྱང་ཆུབ་སེམས་རབ་མཁའ་དང་མཉམ་པ་སྟེ། །སྙིང་རྗེའི་སྙིང་པོས་བརྒྱན་པ་ཡང་། །སངས་རྒྱས་སྟོབས་ཀྱི་ཚུལ་དུ་
ཡངས་པར་སྐྱེས། །འགྲོ་བ་ཕྱིན་ཅི་ལོག་གྱུར་ཏེ། །རྟག་དང་བདེ་དང་གཙང་དང་བདག་ཞེན་པ། །གཏི་མུག་མདོངས་གྱུར་མ་རིག་བསྒྲིབས། །ཉོན་མོངས་འཁྲུགས་ཤིང་ལོག་པར་འདུ་ཤེས་པ། །ལྟ་བའི་རྣམ་པར་སྟུག་ལ་སྤྱོད། །ལམ་གྱི་འགྲོ་རྒྱུད་ཉམ་ངར་སྲེད་དབང་གྱུར། །རྣམ་པ་སྣ་ཚོགས་བྱེ་བྲག་ཏུ། །ལས་ཀྱིས་རྣམ་པར་བྲིས་པས་ཀུན་བྱུང་བ། །འགྲོ་རྒྱུད་ཀུན་གྱི་ཤི་འཕོའི་སྒོར། །སྐྱེ་བར་འགྱུར་བས་ཀུན་ཏུ་སྐྱེར་འགྱུར་ཅིང་། །སྐྱེ་དང་རྒ་ཤི་གནོད་པ་རྣམས། །ལུས་དང་སེམས་ཀྱི་ཉམས་སུ་མྱོང་གྱུར་པ། །མཐོང་ནས་དེ་དག་ཕན་བདེའི་ཕྱིར། །ཞིང་རྣམས་འབྱམ་ཀླས་ཐམས་ཅད་ཀྱི། །སྟོབས་བཅུ་གང་ལས་བྱུང་བ་ཡི། །བླ་ན་མེད་པའི་སེམས་ཀྱང་ཁོ་མོས་བསྐྱེད། །དེ་ལས་སྨོན་ལམ་སྤྲིན་བྱུང་བ། །འགྲོ་བ་ཀུན་ལ་བདེ་བར་གཞོལ་བའི་མཆོག །ཚོགས་རྣམས་འབྱུང་བ་མཐའ་ཡས་དང་། །ལམ་ཚུལ་རྒྱ་མཚོ་རྟོགས་པའང་དེ་ནས་བྱུང་། །འཇུག་པའི་སྤྲིན་ཡངས་ཐོབ་གྱུར་པ། །ལམ་ཆུད་ཀུན་ཏུ་སྒོ་གསལ་ཤུགས་ལྡན་ཏེ། །ཕ་རོལ་ཕྱིན་གྱི་སྤྲིན་ཡངས་པའང་། །ཆོས་དབྱིངས་འབྱམ་ཀླས་ཀུན་ཏུ་རྣམ་པར་འབྱེད། །ས་གནོན་ཤུགས་དྲག་ཡངས་ལྡན་དང་། །དུས་གསུམ་རྒྱ་མཚོའི་ཚུལ་གྱི་ས་རྣམས་ལ། །ཆགས་པ་མེད་པར་སྤྱོད་པར་གྱུར། །སྐད་ཅིག་གཅིག་གིས་རྒྱལ་བ་ཀུན་དྲུང་འགྲོ། །གཞན་ཡང་རྒྱལ་སྲས་ཁོ་མོས་ནི། །སྤྱོད་པ་ཀུན་ཏུ་བཟང་པོ་ཡོངས་སུ་ནོན། །ཆོས་དབྱིངས་བྱེ་བྲག་བཅུ་རྣམས་ཀྱི། །རྒྱ་མཚོའི་ཚུལ་ལའང་ཁོ་མོ་རྟོགས་པར་འཇུག །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། རྒྱལ་པོ་འཁོར་ལོས་སྒྱུར་བ། སངས་རྒྱས་ཀྱི་རིགས་ཀྱི་རྒྱུན་མི་གཅོད་པ་ལ་ཞུགས་པ། མིའི་བདག་པོ་ཞེས་བྱ་བ་བྱུང་བ། དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ནི། རིགས་ཀྱི་བུ་དེ་ལྟར་མི་བལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི། དེའི་ཚེ་དེའི་དུས་ན་རྒྱལ་པོ་མིའི་བདག་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བ་
སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པ་ལ་ཞུགས་པའོ། །ཁོ་མོ་སད་པར་བྱེད་པའི་མཚན་མོའི་ལྷ་མོ་དེ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྤྲུལ་པའོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་བཙུན་མོ་བུད་མེད་རིན་པོ་ཆེ་བཟང་པོའི་བློ་གྲོས་མ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ནི་དེ་ལྟར་མྱི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་བཙུན་མོ་བུད་མེད་རིན་པོ་ཆེ་བཟང་པོའི་བློ་གྲོས་མ་ཞེས་བྱ་བར་གྱུར་ཏེ། ཁོ་མོ་མཚན་མོའི་ལྷ་མོ་དེས་སད་པར་བྱས་ནས། སངས་རྒྱས་བལྟ་བ་ལ་ཡང་དག་པར་བསྐུལ་ཏོ། །རིགས་ཀྱི་བུ་ཁོ་མོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དེ་སྲིད་ཅིག་ནས་བསྐྱེད་དེ། དེ་ལྟར་ཁོ་མོ་སེམས་བསྐྱེད་པ་དེའི་མཐུས། བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མ་སྐྱེས་ཏེ། རྟག་ཏུ་རྒྱུན་མ་འཆད་པར་ལྷ་དང་མིའི་འགྲོ་བའི་རྒྱུད་ལ་རྟེན་ཅིང་། ཐམས་ཅད་དུའང་དེ་བཞིན་གཤེགས་པ་བལྟ་བ་དང་ལྡན་པར་གྱུར་ཏོ། །ཐ་མར་ཁོ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དཔལ་གྱི་སྒྲོལ་མ་ཡོན་ཏན་རྒྱལ་མཚན་མཐོང་བ་ཙམ་གྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་དགའ་བ་ཤིན་ཏུ་ཡངས་ཤིང་དྲི་མ་མེད་པའི་ཤུགས་ཀྱི་རྒྱལ་མཚན་ཞེས་བྱ་བ་འདི་ཐོབ་སྟེ། དེ་ཐོབ་པས་ཁོ་མོ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་དོན་དུ་རྣམ་པ་འདི་ལྟ་བུས་སྟ་གོན་དུ་གནས་པ་ཡིན་ནོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་དགའ་བ་རྒྱ་ཆེན་པོའི་ཤུགས་ཀྱི་རྒྱལ་མཚན་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་འཁོད་ཅིང་། སེམས་ཀྱི་སྐད་
ཅིག་རེ་རེ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པའི་ཤུགས་དྲག་པོ་རྒྱ་མཚོ་ཆེན་པོ་རབ་ཏུ་ཐོབ་པ། འཇུག་པའི་སྒོ་ཐམས་ཅད་ལ་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་སྨོན་ལམ་ཆེན་པོ་རྒྱ་མཚོས་འཇུག་པ། རབ་ཏུ་ཐོབ་པ། སེམས་ཀྱི་སྐད་ཅིག་རེ་རེ་ཞིང་སྨོན་ལམ་རྒྱ་མཚོ་ཐམས་ཅད་ཀྱི་ཚུལ་ལ་ཕྱི་མའི་མཐའི་བསྐལ་པར་སྤྱད་པའི་དཀྱིལ་འཁོར་མངོན་པར་བསྒྲུབ་པ་ལ་མཁས་པ། སྤྱོད་པ་རེ་རེ་ལའང་ལུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངོན་པར་བསྒྲུབ་པ་ལ་མཁས་པ། ལུས་རེ་རེས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་རྒྱས་པར་འགེངས་པ་ལ་མཁས་པ། ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་རེ་རེ་ལའང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ལུས་རྣམ་པར་དམིགས་པའི་སྤྱོད་པ་ཡོངས་སུ་སྟོན་པ་ལ་མཁས་པ། ཞིང་ཐམས་ཅད་དུའང་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ལ་དེ་བཞིན་གཤེགས་པ་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་འཇུག་པར་མཁས་པ། དེ་བཞིན་གཤེགས་པ་རེ་རེ་ཞིང་ཡང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱས་པར་འགེངས་པའི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ལ་འཇུག་པར་མཁས་པ། དེ་བཞིན་གཤེགས་པ་རེ་རེའི་སྔོན་གྱི་མཐའི་བསྐལ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚོགས་ཡོངས་སུ་བསྒྲུབ་པ་ཡང་དག་པར་བསྡུས་པ་ལ་འཇུག་པར་མཁས་པ། དེ་བཞིན་གཤེགས་པ་རེ་རེའི་ཆོས་ཀྱི་འཁོར་ལོ་ཤིན་ཏུ་ཡངས་པ། ཡང་དག་པར་བླང་བ་དང་། ཡོངས་སུ་གཟུང་བ་ལ་མཁས་པ། དུས་གསུམ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའི་ཚུལ་རྒྱ་མཚོ་ལ་འཇུག་པར་མཁས་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་འདི་ཉིད་ན་ཁོ་མོ་དང་། རྒྱང་མི་རིང་བ་ཞིག་ན་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་
དཔལ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ལ་འཇུག་པར་བྱ་བ་དང་། ཇི་ལྟར་ཡོངས་སུ་སྦྱང་བར་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་ལ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་དྲུང་ནས་སོང་ངོ་།། །།སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བདུན་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་དགའ་བ་ཤིན་ཏུ་ཡངས་ཤིང་དྲི་མ་མེད་པའི་ཤུགས་ཀྱི་རྒྱལ་མཚན་དེ་ལ་མོས་པར་བྱ་བ་དང་། ཁོང་དུ་ཆུད་པར་བྱ་བ་དང་། རྟོགས་པར་བྱ་བ་དང་། ཤེས་པར་བྱ་བ་དང་། ཡིད་ཆེས་པར་བྱ་བ་དང་། རབ་ཏུ་གཞོལ་བར་བྱ་བ་དང་། རྒྱས་པར་དགང་བར་བྱ་བ་དང་། རྗེས་སུ་ཤེས་པར་བྱ་བ་དང་། རྗེས་སུ་དྲན་པར་བྱ་བ་དང་། རྗེས་སུ་གཞོལ་བར་བྱ་བ་དང་། བསྒོམ་པ་བྱེད་ཅིང་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱ་བ་དང་། གདམས་ངག་རྗེས་སུ་བསྟན་པ་ལ་བར་ཆད་མེད་པར་བྱ་བའི་ཕྱིར་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བས། འགྲོ་ཁར་གདམས་པ་རྗེས་སུ་དྲན་པར་བྱེད་ཅིང་། དགེ་བའི་བཤེས་གཉེན་བལྟ་བའི་རྗེས་སུ་སེམས་པའི་དབང་པོའི་དཀྱིལ་འཁོར་དང་། དགེ་བའི་བཤེས་གཉེན་མཐོང་བ་ཐོབ་པར་བྱ་བ་ལ་ཡང་དག་པར་སྤྱོད་པ། ཕྱོགས་ཀུན་ཏུ་མངོན་པར་ལྟས་པ་དང་། དགེ་བའི་བཤེས་གཉེན་བཙལ་བར་ཡིད་ལ་བྱ་བ་དང་། ང་རྒྱལ་ཐམས་ཅད་དང་བྲལ་བ་དང་། དགེ་བའི་བཤེས་
གཉེན་བསྙེན་བཀུར་བའི་མཐུ་ཚོགས་ཆེན་པོས་ཡོངས་སུ་བསྒྲུབ་པར་ཞེ་ནོན་པ་དང་། དགེ་བའི་བཤེས་གཉེན་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་དགེ་བའི་རྩ་བས་དགེ་བའི་བཤེས་གཉེན་གྱི་ཐབས་མཁས་པའི་སྤྱོད་པ་ཐམས་ཅད་ལ་བསམ་པ་མི་ཕྱེད་པས་ཞུགས་པ། དགེ་བའི་བཤེས་གཉེན་ལ་བརྟན་པ་ཡོངས་སུ་འཕེལ་བར་བྱ་བ་ལ་བརྩོན་འགྲུས་ཀྱི་ཤུགས་ཆེན་པོ་རྒྱ་མཚོ་ཡོངས་སུ་སྐྱེས་པ། བསྐལ་པ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་མཉམ་པ་ཉིད་ཁོང་དུ་ཆུད་པས་གནས་པར་བྱ་བའི་སྨོན་ལམ་དང་ལྡན་པ་དེ། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱི་དྲུང་དུ་སོང་ངོ་། །དེ་དེ་ལྟར་འགྲོ་བའི་ཚེ། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པས་འགྲོ་བ་རྣམ་པར་འདུལ་བ་སྟོན་པའི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཡོངས་སུ་བསྟན་པའི་ཕྱིར། མཚན་དང་དཔེ་བྱད་བཟང་པོས་ཡོངས་སུ་གྲུབ་པའི་ལུས་བསྟན་ཏེ། མཛོད་སྤུ་ནས་འོད་ཟེར་ཡེ་ཤེས་ཀྱི་འོད་ཀུན་ཏུ་སྣང་བ་དྲི་མ་མེད་པའི་མདངས་ཀྱི་རྒྱལ་མཚན་ཞེས་བྱ་བ་འོད་ཟེར་གྱི་འཁོར་མཐའ་དང་དབུས་མེད་པ་དང་ལྡན་པ་བཀྱེའོ། །དེས་འཇིག་རྟེན་ཐམས་ཅད་སྣང་བར་བྱས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་སྤྱི་བོར་འདུས་ཏེ་ལུས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །ཚོང་དཔོན་གྱི་བུ་ནོར་བཟངས་ལ་འོད་ཟེར་དེས་རེག་པར་གྱུར་མ་ཐག་ཏུ་དེ་ཉིད་ཀྱི་མོད་ལ་ཏིང་ངེ་འཛིན་ཤིན་ཏུ་རྡུལ་དང་བྲལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཐོབ་པར་གྱུར་ཏོ། །དེ་ཐོབ་པས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་དང་། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ནས་སྐྱོང་བའི་གཟི་བརྗིད་ཀྱི་དཔལ་གཉིས་ཀྱི་བར་གྱི་ལམ་ན་སའི་དཀྱིལ་འཁོར་ཡོད་པ་དེ་ལ་མེའི་རྡུལ་ཤིན་ཏུ་ཕྲ་བའམ། ཆུའི་རྡུལ་ཤིན་ཏུ་ཕྲ་བའམ། སའི་རྡུལ་ཤིན་ཏུ་ཕྲ་བའམ། རྡོ་རྗེའི་རྡུལ་ཤིན་ཏུ་ཕྲ་བའམ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་དམ་པ་སྣ་ཚོགས་ཀྱི་རྡུལ་ཤིན་ཏུ་ཕྲ་བའམ། མེ་ཏོག་དང་། སྤོས་དང་། ཕྱེ་མའི་རྡུལ་ཤིན་ཏུ་ཕྲ་བའམ་
རྒྱན་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བའམ། དམིགས་པ་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཅིག་ཡོད་པའི་རྡུལ་ཤིན་ཏུ་ཕྲ་བ་དེ་དག་ཐམས་ཅད་ལ་རྡུལ་ཕྲ་མོ་རེ་རེ་ཞིང་ཡང་། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད། ཆུའི་ཕུང་པོ་དང་བཅས། མེའི་ཕུང་པོ་དང་བཅས། རླུང་གི་ཕུང་པོ་དང་བཅས། སའི་ཕུང་པོ་དང་བཅས། འཇིག་རྟེན་གྱི་ཁམས་ཀྱི་མཚམས་དང་བཅས། གཞི་དང་བཅས་རྟེན་དང་བཅས་པ་དབྱིབས་སྣ་ཚོགས་ཅན་སའི་གཞི་རྣམ་པ་ཐ་དད་པ་སྣ་ཚོགས་དང་ལྡན་པའི་རིའི་འཁོར་སྣ་ཚོགས་ཅན་ཆུ་རླུང་དང་མཚོ་སྣ་ཚོགས་ཀྱིས་བརྒྱན་པ་རྒྱ་མཚོ་སྣ་ཚོགས་ཀྱིས་ཀུན་ནས་འཁོར་བ། ལྷ་རྫས་ཀྱི་ཁྱིམ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ། ཤིང་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། ནམ་མཁའི་དབྱིངས་ཀྱི་རྒྱན་སྣ་ཚོགས་ཅན། ལྷའི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། ཀླུའི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། གནོད་སྦྱིན་གྱི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། དྲི་ཟའི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། ལྷ་མ་ཡིན་གྱི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། ནམ་མཁའ་ལྡིང་གི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། མིའམ་ཅིའི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། ལྟོ་འཕྱེ་ཆེན་པོའི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། མིའི་གྲོང་ཁྱེར་གྱི་ཁྱིམ་གྱི་རྒྱན་དང་བཅས་པ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ན་རྣམ་པར་གནས་པའི་སེམས་ཅན་ཐམས་ཅད་ཀྱི་གྲོང་ཁྱེར་གྱི་ཁྱིམ་གྱི་གནས་དང་། སེམས་ཅན་དམྱལ་བའི་འཇིག་རྟེན་གྱི་ཡུལ་དང་། བྱོལ་སོང་གི་སྐྱེ་གནས་ཀྱི་འཇིག་རྟེན་གྱི་ཡུལ་དང་། གཤིན་རྗེའི་འཇིག་རྟེན་གྱི་ཡུལ་དང་། མི་དང་མི་མ་ཡིན་པའི་ལམ་གྱི་རྒྱུད་ཀྱི་ཤི་འཕོ་དང་། སྐྱེ་བའི་ཡུལ་དང་བཅས་པ། སྐྱེ་བ་སྣ་ཚོགས་ཀྱིས་མ་འདྲེས་པའི་རྒྱུད་མཐའ་ཡས་པའི་བྱེ་བྲག་ལ་ཡོངས་སུ་གཞོལ་བ་རྣམས་འདུ་ཞིང་འཇིག་པར་གྱུར་པ་མཐོང་ངོ་། །འཇིག་རྟེན་གྱི་ཁམས་དེ་དག་ཀྱང་རྣམ་པ་སྣ་ཚོགས་སུ་མཐོང་སྟེ། འཇིག་རྟེན་གྱི་ཁམས་ལ་ལ་ནི་ཀུན་ནས་ཉོན་མོངས་པར་མཐོང་ངོ་། །ལ་ལ་ནི་ཡོངས་སུ་དག་པར་མཐོང་ངོ་། །ལ་ལ་ནི་ཤིན་ཏུ་ཀུན་ནས་ཉོན་མོངས་པར་མཐོང་ངོ་། །ལ་ལ་
ནི་ལམ་གྱི་རྒྱུད་ཡོངས་སུ་དག་པར་མཐོང་ངོ་། །ལ་ལ་ནི་ཀུན་ནས་ཉོན་མོངས་པ་ལ་ཡོངས་སུ་དག་པར་མཐོང་ངོ་། །ལ་ལ་ནི་རྣམ་པར་དག་པ་ལ་ཀུན་ནས་ཉོན་མོངས་པར་མཐོང་ངོ་། །ལ་ལ་ནི་ཤིན་ཏུ་ཡོངས་སུ་དག་པར་མཐོང་ངོ་། །ལ་ལ་ནི་གཞི་མཉམ་པར་མཐོང་ངོ་། །ལ་ལ་ནི་སྤྱིའུ་ཚུགས་སུ་གནས་པར་མཐོང་ངོ་། །ལ་ལ་ནི་སྣྲེལ་ཞིར་འདུག་པར་མཐོང་ངོ་། །འཇིག་རྟེན་གྱི་ཁམས་དེ་དག་གི་སེམས་ཅན་གྱི་ལམ་གྱི་རྒྱུད་དང་། སེམས་ཅན་གྱི་སྐྱེ་གནས་ཐམས་ཅད་ན་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་སེམས་ཅན་སོ་སོ་ནས་འདུལ་བའི་རྐྱེན་བཞིན་དུ་འཇིག་རྟེན་ཐམས་ཅད་ལ་མ་འདྲེས་པར་ཡོངས་སུ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་མངོན་དུ་གྱུར་པར་གནས་པར་མཐོང་ངོ་། །སེམས་ཅན་ཚེའི་ཚད་རྣམ་པ་ཇི་ལྟ་བུ་དང་ལྡན་པ་དང་། མོས་པའི་སྤྱོད་ཡུལ་རྣམ་པ་སྣ་ཚོགས་ཅན་དང་། ལུས་རྣམ་པ་ཇི་ལྟ་བུ་དང་ལྡན་པ་དང་། ངག་རྣམ་པར་ཕྱེ་བ་དང་། ངེས་པའི་ཚིག་གི་འདུ་བྱེད་ཀྱི་ཐ་སྙད་རྣམ་པ་ཇི་ལྟ་བུ་དང་ལྡན་པ་དང་། སྦྱོར་བའི་རྣམ་པ་ཇི་ལྟ་བུ་དང་ལྡན་པ་དང་། དབང་གི་རྣམ་པ་ཇི་ལྟ་བུ་དང་ལྡན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་གདུལ་བའི་དོན་དུ་སེམས་ཅན་ཐམས་ཅད་ལ་མ་འདྲེས་པར་མངོན་སུམ་དུ་གནས་པར་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། སེམས་ཅན་དམྱལ་བའི་ལམ་གྱི་རྒྱུད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་སྡུག་བསྔལ་དང་། འཇིགས་པ་རྣམ་པར་བཟློག་པ་དང་། བྱོལ་སོང་གི་སྐྱེ་གནས་སྣ་ཚོགས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་གཅིག་ལ་གཅིག་ཟ་བའི་འཇིགས་པ་རྣམ་པར་བཟློག་པ་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་དུ་གཏོགས་
པའི་སེམས་ཅན་རྣམས་ཀྱི་བཀྲེས་པ་དང་། སྐོམ་པ་ལ་སྩོགས་པའི་སྡུག་བསྔལ་གྱི་འཇིགས་པ་རྣམ་པར་བཟློག་པ་དང་། ཀླུའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཀླུའི་སྡུག་བསྔལ་དང་། འཇིགས་པ་ཐམས་ཅད་རྣམ་པར་བཟློག་པ་དང་། འདོད་པའི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་ཁམས་ཀྱི་སྡུག་བསྔལ་དང་། འཇིགས་པ་རྣམ་པར་བཟློག་པ་དང་། མིའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་མཚན་མོའི་མུན་པ་མུན་ནག་གིས། ཆོད་པའི་མུན་པའི་འཇིགས་པ་ཐམས་ཅད་རྣམ་པར་བཟློག་པ་དང་། མི་སྙན་པ་དང་། བསྔགས་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པའི་སྒྲ་དང་། ཚིགས་སུ་བཅད་པ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་ཀྱི་གྲགས་པ་མ་ཡིན་པ་དང་། བསྔགས་པ་མ་ཡིན་པའི་འཇིགས་པ་རྣམ་པར་བཟློག་པ་དང་། འཁོར་གྱི་འཇིགས་པར་ལྷུང་བའི་སེམས་ཅན་རྣམས་ཀྱི་འཁོར་ཏུ་བག་ཚ་བའི་འཇིགས་པ་རྣམ་པར་བཟློག་པ་དང་། འཆི་བས་འཇིགས་ཤིང་སྔང་བའི་སེམས་ཅན་རྣམས་ཀྱི་འཆི་བའི་འཇིགས་པ་རྣམ་པར་བཟློག་པ་དང་། ངན་སོང་གི་གཡང་སས་འཇིགས་ཤིང་སྔང་བའི་སེམས་ཅན་རྣམས་ཀྱི་ངན་སོང་གི་གཡང་སའི་འཇིགས་པ་རྣམ་པར་བཟློག་པ་དང་། འཚོ་བ་མེད་པས་འཇིགས་ཤིང་སྐྲག་པའི་སེམས་ཅན་རྣམས་ཀྱི་འཚོ་བ་མེད་པའི་འཇིགས་པ་རྣམ་པར་བཟློག་པ་དང་། དགེ་བའི་རྩ་བ་ཆུད་ཟོས་ཀྱིས་འཇིགས་ཤིང་བག་ཚ་བའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུད་ཟོས་ཀྱི་འཇིགས་པ་རྣམ་པར་བཟློག་པ་དང་། བྱང་ཆུབ་ཀྱི་སེམས་ཉམས་ཀྱིས་འཇིགས་ཤིང་བག་ཚ་བའི་སེམས་ཅན་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཉམས་ཀྱི་འཇིགས་པ་རྣམ་པར་བཟློག་པ་དང་། སྡིག་ཏོའི་གྲོགས་པོ་དང་ཕྲད་ཀྱིས་འཇིགས་ཤིང་བག་ཚ་བའི་སེམས་ཅན་རྣམས་སྡིག་ཏོའི་གྲོགས་པོ་དང་ཕྲད་པའི་འཇིགས་པ་རྣམ་པར་བཟློག་པ་དང་། དགེ་བའི་བཤེས་གཉེན་དང་བྲལ་གྱིས་དོགས་ཤིང་བག་ཚ་བའི་སེམས་ཅན་རྣམས་ཀྱི་དགེ་བའི་བཤེས་གཉེན་དང་བྲལ་བའི་འཇིགས་པ་རྣམ་པར་བཟློག་པ་
དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྷུང་གིས་འཇིགས་ཤིང་བག་ཚ་བའི་སེམས་ཅན་རྣམས་ཀྱི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བའི་འཇིགས་པ་རྣམ་པར་བཟློག་པ་དང་། འཁོར་བའི་གནས་སྣ་ཚོགས་ཀྱི་སྡུག་བསྔལ་གྱིས་འཇིགས་ཤིང་སྐྲག་པ་རྣམས་ཀྱི་འཁོར་བའི་གནས་སྣ་ཚོགས་ཀྱི་སྡུག་བསྔལ་གྱི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་སྐལ་བ་མི་མཉམ་པ་དང་ཕྲད་ཀྱིས་འཇིགས་ཤིང་བག་ཚ་བ་རྣམས་ཀྱི་སེམས་ཅན་སྐལ་བ་མི་མཉམ་པ་དང་ཕྲད་པའི་འཇིགས་པ་རྣམ་པར་བཟློག་པ་དང་། དུས་མི་བཟད་པར་སྐྱེས་ཀྱིས་འཇིགས་ཤིང་བག་ཚ་བ་རྣམས་ཀྱི་དུས་མི་བཟད་པར་སྐྱེ་བའི་འཇིགས་པ་རྣམ་པར་བཟློག་པ་དང་། རིགས་ངན་པར་སྐྱེས་ཀྱིས་འཇིགས་ཤིང་བག་ཚ་བ་རྣམས་ཀྱི་རིགས་ངན་པར་སྐྱེ་བའི་འཇིགས་པ་རྣམ་པར་བཟློག་པ་དང་། སྡིག་ཏོའི་ལས་བྱས་ཀྱིས་འཇིགས་ཤིང་བག་ཚ་བ་རྣམས་ཀྱི། སྡིག་ཏོའི་ལས་བྱེད་པའི་འཇིགས་པ་རྣམ་པར་བཟློག་པ་དང་། ལས་དང་ཉོན་མོངས་པའི་སྒྲིབ་པས་འཇིགས་ཤིང་སྔང་བ་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པའི་འཇིགས་པ་རྣམ་པར་བཟློག་པ་དང་། འདུ་ཤེས་ཀྱི་རྣམ་པ་སྣ་ཚོགས་ཀྱིས་གནས་དང་འཆིང་བས་འཇིགས་ཤིང་སྔང་བ་རྣམས་ཀྱི་འདུ་ཤེས་རྣམ་པ་སྣ་ཚོགས་ཀྱི་གནས་དང་། འཆིང་བའི་འཇིགས་པ་རྣམ་པར་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སོ་སོར་མངོན་ཏུ་གྱུར་པར་གནས་པ་མཐོང་ངོ་། །འདི་ལྟ་སྟེ་སྒོ་ང་ལས་སྐྱེས་པའི་སེམས་ཅན་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། གཟུགས་ཡོད་པ་དང་། གཟུགས་མེད་པ་དང་། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་ཡོད་པའང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པའི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་གྱི་སྟོབས་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཤུགས་
དྲག་པོ་དང་། རྣམ་པར་གནོན་པ་ཤིན་ཏུ་ཡངས་པའི་སྟོབས་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཆེན་པོའི་སྟོབས་དང་། མཐུ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་མངོན་པར་བསྒྲུབས་པའི་སྟོབས་ཀྱིས་སྙིང་རྗེ་ཆེན་པོའི་ཚུལ་རྒྱ་མཚོའི་ཤུགས་དྲག་པོ་ཤིན་ཏུ་སྐྱེས་པའི་ཕྱིར་འགྲོ་བ་ཐམས་ཅད་དུ་ཐོགས་པ་མེད་པའི་བྱམས་པ་ཆེན་པོས་རྒྱས་པར་དགང་བ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡོངས་སུ་བསྒྲུབ་པ་དང་། དགའ་བའི་ཤུགས་རྣམ་པར་འཕེལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བའི་ཡེ་ཤེས་རབ་ཏུ་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་ཆེན་པོའི་རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བ་དང་ལྡན་པས་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་མངོན་དུ་གྱུར་པར་གནས་པར་མཐོང་ངོ་། །ཆོས་ཐམས་ཅད་ཀྱི་རྒྱུས་ཤེས་པར་བྱ་བ་ལ་མངོན་དུ་གྱུར་པ་དང་། སངས་རྒྱས་ཐམས་ཅད་མཆོད་ཅིང་རིམ་གྲོར་བྱ་བ་ལ་མངོན་དུ་གྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་གཟུང་བ་ལ་མངོན་དུ་གྱུར་པ་དང་། དགེ་བའི་རྩ་བ་ཐམས་ཅད་བསྩགས་པ་ལ་མངོན་དུ་གྱུར་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྣམ་པར་འཕེལ་བར་བྱ་བ་ལ་མངོན་དུ་གྱུར་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་སྒྲིབ་པ་མེད་པར་མངོན་དུ་གྱུར་པར་གནས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་དུ་གྱུར་པར་གནས་པ་དང་། སེམས་ཅན་ཐམས་ཅད་ཀྱི་མོས་པ་རྒྱ་མཚོ་རྣམ་པར་སྦྱང་བ་ལ་མངོན་དུ་གྱུར་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པའི་ཆོས་རྣམ་པར་བཟློག་པ་ལ་མངོན་དུ་གྱུར་པ་དང་། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་རྣམ་པར་བསྩལ་བ་ལ་མངོན་དུ་གྱུར་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྣང་བ་ཡོངས་སུ་བསྐྱེད་པའི་དོན་དུ་
གནས་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པ་འཇིག་རྟེན་ཐམས་ཅད་ལ་མངོན་པར་གནས་ཤིང་། འགྲོ་བ་རྣམ་པར་འདུལ་བ་སྟོན་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུར་མཐོང་ནས་རབ་ཏུ་དགའ་བ་སྐྱེས་ཏེ། སྤྲོ་བ་ཆེན་པོའི་ཤུགས་དྲག་པོ་རྒྱ་མཚོ་རབ་ཏུ་ཐོབ་ནས། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་ལ་ལུས་ཐམས་ཅད་ཀྱིས་ཕབ་སྟེ་ཕྱག་བྱས་ནས་ངོར་གྱེན་དུ་བལྟས་སོ། །དེ་ནས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱིས་བྱང་ཆུབ་སེམས་དཔའི་གཟུགས་དང་། མཚན་རྣམ་པར་དག་པ་དེ་མི་སྣང་བར་བྱས་ཏེ། མཚན་མོའི་ལྷ་མོའི་གཟུགས་སུ་བྱས་ཏེ། རྣམ་པར་འཕྲུལ་པ་ཐམས་ཅད་འབྱིན་ཅིང་འདུག་པར་གནས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཁྱོད་ཀྱི་སྐུ་ཡང་མཚན་རབ་རྒྱན་གྱིས་བརྒྱན། །ཤིན་ཏུ་བཟང་ཞིང་མཛེས་པ་བདག་གིས་མཐོང་། །ནམ་མཁའ་སྐར་མའི་ཚོགས་ཀྱིས་བརྒྱན་པ་བཞིན། །དཔེ་བྱད་བཟང་པོས་རྣམ་པར་བྲིས་པ་མཐོང་། །འོད་ཀྱི་འཁོར་ཅན་སྐུ་བཟང་དམ་པའི་མཆོག །མཐའ་ཡས་ཞིང་གི་རྡུལ་ཁམས་མང་པོ་སྙེད། །ཁ་དོག་སྣ་ཚོགས་རྣམ་པའི་དཔེ་ཚུལ་དུ། །ཕྱོགས་རྣམས་ཀུན་གྱི་དབྱིངས་སུ་ཁྱབ་པར་གང་། །འོད་ཟེར་དྲ་བ་མང་པོ་འགྲོ་སེམས་མཉམ། །ཁྱོད་ཀྱི་བ་སྤུའི་སྒོ་ནས་འགྱེད་པ་མཛད། །འོད་ཟེར་སྒོ་ལ་པདྨོའི་ཡིད་འོང་གནས། །ཁྱོད་ཀྱི་སྤྲུལ་པ་འགྲོ་བའི་སྡུག་བསྔལ་སེལ། །སྤོས་ཀྱི་ན་བུན་སྤྲིན་དུ་ཆགས་པ་འགྱེད། །འགྲོ་བའི་གཟུགས་སུ་གནས་ཏེ་ཀུན་ནས་མཛེས། །མེ་ཏོག་སྒོ་རྣམས་ཀུན་ནས་དགྱེ་མཛད་པས། །
ཆོས་དབྱིངས་བཞུགས་པའི་རྒྱལ་བ་ཀུན་ཏུ་ཁྱབ། །ཁྱོད་ཀྱི་ཕྲག་པའི་ལྷུན་ཡངས་འཕགས་པ་ནི། །རིན་ཆེན་འོད་འཕྲོ་རི་བོ་རི་རབ་འདྲ། །དྲི་མེད་དེ་ནི་འགྲོ་བ་ཀུན་ཏུ་གསལ། །གཏི་མུག་མུན་ནག་རྣམ་པར་བཟློག་པ་མཛད། །ཁྱོད་ཀྱི་དྲི་མེད་ཞལ་མདོག་བཟང་བ་ལས། །ན་བུན་སྤྲིན་དང་ཉི་མ་ཡངས་པ་འབྱུང་། །ཁྱོད་ཀྱི་ཉི་མའི་འཁོར་འདྲ་འོད་བཟང་བ། །རྣམ་པར་སྣང་མཛད་སྤྱོད་ཡུལ་ཡངས་པ་འབྱིན། །ཁྱོད་ཀྱི་སྤྱན་ནས་ཟླ་སྐར་འོད་འབྱུང་བ། །རྟག་ཏུ་དྲི་མེད་སྤྲིན་ལྟར་མང་བ་སྟེ། །དེ་དག་ཕྱོགས་བཅུར་བཀང་ཞིང་འགྲོ་བ་རྣམས། །རབ་ཏུ་སྣང་བྱེད་འཇིག་རྟེན་རབ་རིབ་སེལ། །ཁྱོད་ཀྱི་མཚན་ལས་འགྲོ་བའི་ལུས་མཉམ་པའི། །སྤྲུལ་པ་རྒྱ་མཚོ་ཕྱོགས་སུ་ཁྱབ་པར་འཕྲོ། །དེ་དག་ཆོས་དབྱིངས་ཡངས་པར་རྒྱས་འགེངས་ཤིང་། །སེམས་ཅན་ཚད་མེད་ཚོགས་རྣམས་ཡོངས་སུ་འདུལ། །ཁྱོད་ཀྱི་སྐུ་ནི་འབྱམ་ཀླས་ཕྱོགས་སུ་སྣང་། །འགྲོ་བ་ཀུན་ལ་མངོན་གྱུར་དགའ་བ་བསྐྱེད། །རྒྱལ་པོ་མེ་དང་རྐུན་པོ་ཆུས་བསྐྱེད་པའི། །འཇིགས་པ་ཐམས་ཅད་རྣམ་སེལ་ཞི་བར་མཛད། །གང་ཚེ་ཁྱོད་ཀྱི་སྤྱན་སྔར་བདག་བཏང་ནས། །ཡོན་ཏན་རྣམ་པར་སེམས་ཤིང་ཉེར་ཕྱིན་པ། །དེའི་ཚེ་འོད་ཟེར་དྲི་མེད་འཁོར་བཟང་བ། །ཁྱོད་ཀྱི་ཞལ་གྱི་སྨིན་མཚམས་གསེབ་ནས་འཐོན། །ཕྱོགས་རྣམས་རྒྱ་མཚོ་བརྒྱ་མང་སྣང་མཛད་ནས། །འཇིག་རྟེན་སྣང་བ་རྒྱ་ཆེ་ཡོངས་བསྐྱེད་དེ། །རྣམ་འཕྲུལ་རྣམ་པ་མང་པོ་རྣམ་བསྟན་ནས། །དེ་ཚེ་བདག་གི་ལུས་ཀྱི་གསེབ་ཏུ་ཞི། །གང་ཚེ་འོད་ཀྱི་འཁོར་གྱིས་བདག་རེག་པ། །དེ་ཚེ་བདེ་བ་རྨད་བྱུང་ཡངས་པ་མྱོང་། །གཟུངས་དང་ཏིང་འཛིན་བརྒྱ་མང་ཡོངས་སུ་གནོན། །ཕྱོགས་བཅུའི་རྒྱལ་བ་དཔག་ཡས་མཐོང་བར་འགྱུར། །གོམ་པ་རྣམ་བོར་གྱེན་དུ་བཏེག་པ་ལའང་། །རྡུལ་ཕྲན་གྲངས་སྙེད་ཚུལ་ནི་བདག་གིས་རིག །རྡུལ་ཕྲན་ཤིན་ཏུ་ཕྲ་བ་གཅིག་ལ་ཡང་། །ཞིང་གི་རྡུལ་སྙེད་ཞིང་རྣམས་མཐོང་བར་གྱུར། །རྡུལ་ལ་གནས་
ཀྱང་རྣམ་པ་ཐ་དགུ་སྟེ། །ཞིང་མང་བརྒྱ་ནི་ཤིན་ཏུ་ཉོན་ཡང་མོངས། །དེ་ཡི་འགྲོ་བ་སྡུག་བསྔལ་ཉམས་སུ་མྱོང་། །ཆོང་ངེར་ངུ་ཞིང་སྨྲེ་སྔགས་ཡོངས་སུ་འདོན། །ཞིང་མང་ལ་ལ་ཀུན་ནས་ཉོན་མོངས་དག །དེ་ན་སྡུག་བསྔལ་མང་ཞིང་བདེ་བ་ཆུང་། །རྒྱལ་བ་ཐུགས་རྗེ་ཅན་ཡང་དེར་སྐྱེས་ཏེ། །རྒྱལ་བའི་ཉན་ཐོས་རང་རྒྱལ་དེ་བཞིན་ནོ། །ཞིང་ཚུལ་ལ་ལ་ཡོངས་དག་ཉོན་མོངས་ཏེ། །བྱང་ཆུབ་སེམས་དཔའི་གནས་བཟངས་མང་པོས་བརྒྱན། །སྐྱེས་པ་བུད་མེད་ཡོངས་བརྒྱན་བལྟ་ན་སྡུག །སྐྱོན་མེད་རྒྱལ་བའི་གདུང་ཡང་རྒྱུན་མི་འཆད། །ཞིང་རྣམས་རྒྱ་མཚོ་ཡངས་ཤིང་དྲི་མེད་པ། །རྡུལ་ལ་གནས་ཤིང་མཉམ་པའི་གཞི་དང་ལྡན། །དེ་དག་བསྐལ་པ་བརྒྱ་མང་སྔོན་གྱི་ཚེ། །རྣམ་པར་སྣང་མཛད་སྤྱོད་མཛད་ཡོངས་སུ་སྦྱངས། །ཞིང་རྣམས་འབྱམ་ཀླས་ཀུན་ནས་རྒྱལ་བ་དག །ཤིང་དབང་དམ་པའི་དྲུང་དུ་གཤེགས་པ་སྟོན། །རྣམ་པར་འཕྲུལ་ཞིང་བྱང་ཆུབ་འཚང་ཡང་རྒྱ། །ཆོས་ཀྱི་འཁོར་ལོ་བསྐོར་ཅིང་འདུལ་བ་སྟོན། །རྣམ་པར་སྣང་མཛད་སྤྱོད་ཡུལ་ཡངས་པ་ལ། །ཁྱོད་ཀྱང་ཀུན་ཏུ་རྗེས་སུ་བཞུད་པར་མཐོང་། །མཆོད་པ་སྟོང་ཕྲག་ཚད་མེད་ཁྲག་ཁྲིག་གིས། །རྒྱལ་བ་ཀུན་ལ་མངོན་པར་མཆོད་མཛད་མཐོང་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དེ། དེ་ལྟ་བུ་ཟབ་པ་ནི་ངོ་མཚར་ཆེ་ན། རྣམ་པར་ཐར་པ་དེའི་མིང་ནི་ཅི་ཞེས་བགྱི། དེ་ཁྱོད་ཀྱིས་བརྙེས་ནས་ཡུན་ནི་ཇི་སྲིད་ཅིག་ལགས། བྱང་ཆུབ་སེམས་དཔས་ཇི་ལྟར་ནན་ཏན་དུ་བགྱིས་ན་རྣམ་པར་ཐར་པ་དེ་ཡོངས་སུ་དག་པར་འགྱུར། སྨྲས་པ་རིགས་ཀྱི་བུ་གནས་འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་དང་། ཉན་ཐོས་དང་རང་སངས་རྒྱས་སུ་བཅས་པས་ཡིད་ཆེས་པར་དཀའ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཁོང་དུ་ཆུད་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། འདི་ནི་བྱང་ཆུབ་
སེམས་དཔའ་སྙིང་རྗེ་ཆེན་པོ་ལྷུར་ལེན་པ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་ཞུགས་པ། མི་ཁོམ་པ་དང་ངན་སོང་དང་། ངན་འགྲོའི་ལམ་ཐམས་ཅད་རྣམ་པར་བཟློག་པ་ལ་ཞུགས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། བླ་ན་མེད་པར་བྱ་བ་ལ་ཞུགས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པའི་རིགས་རྒྱུན་མི་གཅད་པ་ལ་ཞུགས་པ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་གཟུང་བ་ལ་ཞུགས་པ། བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པས། གནས་པར་བྱ་བའི་སྨོན་ལམ་ཆེན་པོ་རྒྱ་མཚོ་ལ་ཞུགས་པ། ཆོས་རྒྱ་མཚོ་ཐམས་ཅད་ལ་བསྒྲིབས་པ་མེད་པའི་ཡེ་ཤེས་སྣང་བ་རྣམ་པར་སྦྱང་བ་ལ་ཞུགས་པ། སྐད་ཅིག་རེ་རེ་ཞིང་དུས་གསུམ་གྱི་ཚུལ་རྒྱ་མཚོ་ཐམས་ཅད་དུ་ཡེ་ཤེས་སྣང་བས། རྣམ་པར་གནས་པ་རབ་ཏུ་ཐོབ་པ་རྣམས་ཀྱི་ཡུལ་ཏེ། འོན་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བསྟན་པར་བྱའོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་གི་ཕ་རོལ་ཏུ་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་མཛད་གཟི་བརྗིད་དཔལ་ཞེས་བྱ་བར་བསྐལ་པ་རྡུལ་དང་བྲལ་བའི་དཀྱིལ་འཁོར་ཅེས་བྱ་བ་བྱུང་སྟེ། བསྐལ་པ་དེ་ལས་སངས་རྒྱས་རི་རབ་གྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་རྣམ་པར་སྣང་མཛད་གཟི་བརྗིད་དཔལ་ཞེས་བྱ་བ་དེ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་གྱི་རྒྱན་གྱིས་བརྒྱན་པ་སྟེ། རྡོ་རྗེ་ལས་བྱས་པའི་གཞལ་མེད་ཁང་དང་། གནས་ཀྱིས་ཡོངས་སུ་མཛེས་པར་བྱས་པའོ། །འཇིག་རྟེན་གྱི་ཁམས་དེའི་གཞི་ནི་རིན་པོ་ཆེའི་རྒྱལ་པོ་དྲི་མ་མེད་པའི་འོད་ཀྱི་རྒྱ་མཚོ་ལས་བླངས་པ་སྟེ། ལྷུན་དང་ལུས་ནི་ནོར་བུ་རིན་པོ་ཆེའི་སྤོས་ཐམས་ཅད་ཀྱི་རྒྱལ་པོ་ལས་གྱུར་པའོ། །དེ་ནི་དབྱིབས་ཀུན་ཏུ་ཟླུམ་པ་སྟེ། རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ། ལྷབ་ལྷུབ་ཐམས་ཅད་ཀྱི་སྤྲིན་གྱི་བླ་རེས་
ཀུན་ནས་ཁྱབ་པ། རིན་པོ་ཆེའི་ཁོར་ཡུག་རྒྱན་ཐམས་ཅད་དང་ལྡན་པ། རིམ་པ་སྟོང་གིས་ཡོངས་སུ་བསྐོར་བ། གླིང་བཞི་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་ཤིན་ཏུ་རྒྱས་པར་བརྒྱན་པ་སྟེ། དེ་ལ་གླིང་བཞི་པ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་སྟེ། སེམས་ཅན་ཀུན་ནས་ཉོན་མོངས་པའི་ལས་དང་ལྡན་པ་རྣམས་ཀྱི་གནས་སོ། །ལ་ལ་ནི་ཀུན་ནས་ཉོན་མོངས་ཤིང་རྣམ་པར་དག་པ་སྟེ། སེམས་ཅན་ལས་འདྲེན་མ་དང་ལྡན་པ་རྣམས་ཀྱི་གནས་སོ། །ལ་ལ་ནི་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་སྟེ། སེམས་ཅན་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་དགེ་བའི་རྩ་བ་སྦྱངས་པ། ཁ་ན་མ་ཐོ་བ་ཉུང་བ་རྣམས་ཀྱི་གནས་སོ། །ལ་ལ་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། བྱང་ཆུབ་སེམས་དཔའ་དག་པ་རྣམས་ཀྱི་གནས་སོ། །འཇིག་རྟེན་གྱི་ཁམས་རྣམ་པར་སྣང་མཛད་གཟི་བརྗིད་དཔལ་ཞེས་བྱ་བ་དེའི་ཤར་ཕྱོགས་ལོགས་ཀྱི་ཁོར་ཡུག་གི་མཚམས་ན། གླིང་བཞི་པའི་རིན་ཆེན་མེ་ཏོག་སྒྲོན་མའི་རྒྱལ་མཚན་ཞེས་བྱ་བ་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ། མ་རྨོས་མ་བསྐྱེད་པའི་འབྲས་ལ་ཡོངས་སུ་སྤྱོད་པ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པའི་ཁང་པ་བརྩེགས་པའི་གནས་དང་། གཞལ་མེད་ཁང་ལ་ཡོངས་སུ་སྤྱོད་པ། འཁོར་ཀུན་ནས་ཡིད་བཞིན་གྱི་ཤིང་གིས་འཁོར་བ། སྤོས་ཀྱི་ཤིང་སྣ་ཚོགས་ཀྱི་ལྷུན་ལས་སྤོས་ཀྱི་སྤྲིན་རྒྱུན་མི་འཆད་པར་འབྱུང་བ། ཕྲེང་བ་སྣ་ཚོགས་ཀྱི་ཤིང་ལས་ཕྲེང་བའི་སྤྲིན་རྒྱུན་མི་འཆད་པར་འབྱུང་བ། མེ་ཏོག་སྣ་ཚོགས་ཀྱི་ཤིང་ལས་མེ་ཏོག་ཁ་དོག་དང་། དྲི་བསམ་གྱིས་མི་ཁྱབ་པའི་སྤྲིན་ཀྱི་ཆར་རྒྱུན་མི་འཆད་པར་འབབ་པ། ཕྱེ་མ་དང་། ཁ་དོག་སྣ་ཚོགས་ཀྱི་ཤིང་གི་ལྷུན་ལས་སྤོས་རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་ཕྱེ་མའི་ཆར་རྒྱུན་མི་འཆད་པར་འབབ་པ། རིན་པོ་ཆེའི་ཤིང་སྣ་ཚོགས་ལས་རིན་པོ་ཆེའི་འབྲུ་མང་པོ་འབྲུལ་བའི། ཁ་དོག་སྣང་
བས་ཤིན་ཏུ་སྣང་བར་བྱས་པ། ལྷ་རྫས་ཀྱི་རོལ་མོ་སྣ་ཚོགས་ཀྱི་ཤིང་ལས། སིལ་སྙན་སྣ་ཚོགས་ཀྱི་སྤྲིན་རླུང་གིས་བསྐྱོད་ཅིང་། ནམ་མཁའི་དབྱིངས་ལས་སྒྲ་དབྱངས་སྙན་པ་འབྱུང་བ། ཉིན་མཚན་གྱི་བདེ་བ་ཉི་མ་དང་ཟླ་བས་འབྱུང་བ། ནོར་བུ་རིན་པོ་ཆེ་ཀུན་ཏུ་སྣང་བས་གཞི་བྱས་པའི་ས་རབ་ཏུ་མཉམ་པར་གྱུར་པ་སྟེ། གླིང་བཞི་པ་དེར་རྒྱལ་པོའི། ཕོ་བྲང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བྱུང་བར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་དེ་དག་རེ་རེ་ཞིང་ཡང་ཆུ་ཀླུང་སྟོང་གིས་ཡོངས་སུ་བསྐོར་བའོ། །ཆུ་ཀླུང་དེ་དག་ཐམས་ཅད་ཀྱང་ལྷ་རྫས་ཀྱི་མེ་ཏོག་སིལ་མས་གང་བའོ། །ལྷ་རྫས་ཀྱི་རོལ་མོ་དང་། གླུའི་སྒྲ་སྐད་སྙན་ཅིང་ཡིད་དུ་འོང་བ་འབྱིན་པའོ། །ཆུ་འགྲམ་རིན་པོ་ཆེའི་ཤིང་ཡིད་དུ་འོང་བས་རྣམ་པར་བརྒྱན་པའོ། །རིན་པོ་ཆེ་སྣ་ཚོགས་ཀྱིས་ཤིན་ཏུ་བརྒྱན་པའི་གྲུ་ཕན་ཚུན་དུ་རྒྱུ་བའོ། །བདེ་བ་སྣ་ཚོགས་ཅི་དགའ་བར་ཡོངས་སུ་སྤྱད་དུ་ཡོད་པའོ། །ཆུ་ཀླུང་གི་མཚམས་ཀྱི་གཞི་རེ་རེ་དག་ནའང་། གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ཀུན་ནས་གནས་པ་སྟེ། གྲོང་ཁྱེར་དེ་དག་རེ་རེ་ཞིང་ཡང་གྲོང་རྡལ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་ཡོངས་སུ་བསྐོར་བའོ། །གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དེ་དག་ཐམས་ཅད་ཀྱང་ལྷ་རྫས་ཀྱི་བཟའ་ཤིང་གི་ར་བ་དང་། གཞལ་མེད་ཁང་དང་། ཁང་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་འཁོར་གྱིས་ཡོངས་སུ་བསྐོར་བའོ། །གླིང་བཞི་པ་དེའི་འཛམ་བུའི་གླིང་གི་དབུས་ན་རྒྱལ་པོའི་ཕོ་བྲང་དབུ་མ་རིན་པོ་ཆེའི་མེ་ཏོག་སྒྲོན་མ་ཞེས་བྱ་བ་ཡོད་པར་གྱུར་ཏོ། །དེ་ནི་སྐྱིད་ཅིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ལ། རྟག་དུ་ལོ་ལེགས་ཤིང་བདེ་བའི་རྣམ་པ་ཐམས་ཅད་དང་ལྡན་པའོ། །ལྷ་དང་མི་མང་པོས་ཡོངས་སུ་གང་བའོ། །སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་རྣམས་ཀྱི་གནས་སུ་གྱུར་པ་སྟེ། རྒྱལ་པོའི་ཕོ་བྲང་རིན་པོ་ཆེ་མེ་ཏོག་སྒྲོན་མ་
ཞེས་བྱ་བ་དེ་ན་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པད་མོ་དཔལ་གྱི་གཙུག་ཕུད་སྙིང་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བ། གླིང་བཞི་ལ་དབང་བ་པད་མོའི་སྙིང་པོ་ལས་རྫུས་ཏེ་བྱུང་བ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་ཤིན་ཏུ་བརྒྱན་པ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་བདུན་དང་ལྡན་པ་གནས་པར་གྱུར་ཏོ། །དེའི་བུ་དཔའ་ཞིང་རྡུལ་ཕོད་ལ་ཡན་ལག་དམ་པའི་གཟུགས་དང་ལྡན་པ། གཞན་གྱི་འཁོར་རབ་ཏུ་འཇོམས་པ། རྣམ་པ་ཐམས་ཅད་ཡོངས་སུ་ཚང་བའི་ཡན་ལག་དམ་པ་དང་ལྡན་པ་སྟོང་ཚང་བར་བྱུང་ངོ་། །དེའི་བཙུན་མོའི་འཁོར་གྱི་བུད་མེད་ཀྱང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ཡོད་པར་གྱུར་ཏོ། །དེ་དག་ཀུན་ཀྱང་འཁོར་ལོས་སྒྱུར་བའི་སྐལ་བ་དང་མཉམ་པའི་དགེ་བའི་རྩ་བ་ལས་བྱུང་བ་མཐུན་པར་སྤྱོད་པ་རིན་པོ་ཆེའི་རྒྱན་རང་འཁྲུངས་སུ་བྱུང་བ། དགེ་བའི་སེམས་དང་ལྡན་པ། ལྷའི་བུ་མོ་དང་ཁྱད་པར་མེད་པར་འདྲ་བའི་གཟུགས་ཅན། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཁ་དོག་ལྟ་བུའི་མདོག་དང་ལྡན་པའི་ལུས་ཅན། ལུས་ཀྱི་བ་སྤུ་ལས་ལྷ་རྫས་ཀྱི་སྤོས་སྣ་ཚོགས་འབྱུང་བ། ལུས་ལས་ལྷ་རྫས་ཀྱི་འོད་དྲི་ཞིམ་པོ་དྲི་མ་མེད་པར་རབ་ཏུ་འགྱེད་པ་ཤ་སྟག་གོ །དེའི་བློན་པོ་བྱེ་བ་ཕྲག་བཅུ་བྱུང་སྟེ་བློན་པོ་རིན་པོ་ཆེ་ལ་སྩོགས་པ་དག་གོ །འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པད་མོ་དཔལ་གྱི་གཙུག་ཕུད་སྙིང་པོ་དེའི་བཙུན་མོ་དམ་པ་བུད་མེད་རིན་པོ་ཆེ་དཔལ་གྱི་བཞིན་ཡོངས་སུ་རྒྱས་པ་ཞེས་བྱ་བ་གཟུགས་མཛེས་ཤིང་སྡུག་ལ། བལྟ་ན་ཡིད་དུ་འོང་བ་ཁ་དོག་བཟང་པོ་ཤིན་ཏུ་རྒྱས་པའི་དམ་པ་དང་ལྡན་པ། སྐྲ་མཐོན་ཏིང་དུ་འདུག་པ། མིག་དཀར་ནག་འབྱེས་པ། མདོག་གསེར་གྱི་ཁ་དོག་དུ་འདུག་པ། ཚངས་པའི་དབྱངས་དང་ལྡན་པ། ལུས་ལས་འོད་རྟག་ཏུ་འབྱུང་བ། འཁོར་ཀུན་ཏུ་དཔག་ཚད་སྟོང་གི་ཚད་དུ་འོད་ཁ་དོག་དུ་མ་དང་ལྡན་པ། ལྷ་རྫས་ཀྱི་དྲི་ཞིམ་པོ་ཅན་འགྱེད་པ་བྱུང་ངོ་། །རྒྱལ་པོའི་བཙུན་མོ་དཔལ་གྱི་བཞིན་ཡོངས་སུ་རྒྱས་པ་ཞེས་བྱ་བ་དེ་
ལས་བུ་མོ་པདྨོ་བཟང་མོ་མིག་ཡིད་དུ་འོང་བའི་དཔལ་གྱི་ཟླ་བ་ཞེས་བྱ་བ་ཡན་ལག་ཐམས་ཅད་ཚང་བ། གཟུགས་མཛེས་ཤིང་སྡུག་པ། བལྟ་ན་ཡིད་དུ་འོང་བ། འཇིག་རྟེན་ཐམས་ཅད་གྱིས་བལྟ་ན་མི་ངོམས་པ་བྱུང་བར་གྱུར་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བལྟ་ན་སུ་ཡང་ངོམས་པར་མི་འགྱུར་བ་དེ་བཞིན་དུ་འཁོར་ལོས་སྒྱུར་བའི་བུ་མོ་པདྨོ་བཟང་མོ་མིག་ཡིད་དུ་འོང་བའི་དཔལ་དེ་ལ་བལྟ་བས་ཀྱང་སུ་ཡང་ངོམས་པར་མི་འགྱུར་ཏེ། ཤེས་རབ་ཀྱིས་ཡོངས་སུ་ངོམས་པར་འགྱུར་བ་ནི་མ་གཏོགས་སོ། །དེའི་ཚེ་དེའི་དུས་ན། སེམས་ཅན་རྣམས་ཀྱང་ཚེ་དཔག་ཏུ་མེད་པར་གྱུར་ཏེ། ཚེ་ལ་གཅིག་ཏུ་ངེས་པ་མེད་པས་བར་མ་དོར་འཆི་བ་ནི་ཡོད་དོ། །དེའི་དུས་ན་སེམས་ཅན་རྣམས་ཀྱི་དབྱིབས་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་། དབྱངས་སྣ་ཚོགས་དང་། མིང་སྣ་ཚོགས་དང་། རིགས་སྣ་ཚོགས་དང་། ཚེའི་ཚད་སྣ་ཚོགས་དང་། ཆུ་ཞེང་རྣམ་པ་ཐ་དད་པ་དང་། མོས་པ་དང་སྟོབས་དང་། བརྩོན་འགྲུས་དང་། མཐུ་རྣམ་པ་ཐ་དད་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་རྣམ་པ་ཐ་དད་པ་དང་། ཡངས་པ་དང་དམའ་བ་ལ་མོས་པ་སྣ་ཚོགས་ཀྱང་ཡོད་པར་གྱུར་ཏེ། དེ་ལ་སེམས་ཅན་ཇི་སྙེད་ཅིག་ཁ་དོག་བཟང་བ་དང་། ཡངས་པ་ལ་མོས་པ་དང་། ཡན་ལག་ཚང་བ་དང་། བལྟ་ན་སྡུག་ཅིང་ཡིད་དུ་འོང་བར་གྱུར་པ་དེ་དག་ནི་འདི་སྐད་ཅེས་འཛེར་ཏེ། ཀྱེ་མི་དག་ང་ནི་ཁྱེད་པས་ཁ་དོག་ཆེས་བཟང་ངོ་ཞེས་ཟེར་རོ། །དེ་བཞིན་དུ་སེམས་ཅན་ཇི་སྙེད་ཅིག་ལུས་ཀྱི་དབྱིབས་ལེགས་པ་དང་ལྡན་པར་གྱུར་པ་དེ་དག་ཀྱང་། སེམས་ཅན་ལུས་ཀྱི་དབྱིབས་མི་སྡུག་པར་འགྱུར་བ་རྣམས་ལ་རློམ་ཞིང་ཁྱད་དུ་གསོད་དོ། །དེ་དག་དེ་ལྟར་གཅིག་ལ་གཅིག་ཁྱད་དུ་གསོད་པ་ལས་བྱུང་བའི་མི་དགེ་བའི་རྩ་བས་ཚེའི་ཚད་ལས་ཀྱང་ཡོངས་སུ་བྲི་བར་གྱུར་ཏོ། ། ཁ་དོག་དང་སྟོབས་དང་བདེ་བ་ལས་ཀྱང་ཡོངས་སུ་བྲི་བར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་རིན་པོ་ཆེའི་མེ་ཏོག་སྒྲོན་མ་དེའི་བྱང་ཕྱོགས་ལོགས་ན། སྙིང་པོ་བྱང་ཆུབ་ཀྱི་ཤིང་ཀུན་ཏུ་གྲགས་པའི་ཆོས་ཀྱི་སྤྲིན་སྒྲའི་རྒྱལ་མཚན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་སྐད་ཅིག་རེ་རེ་ལ་ཡོངས་སུ་སྟོན་པ། རྩ་བ་རིན་པོ་ཆེའི་རྒྱལ་པོ་
རྡོ་རྗེ་ལྟར་སྲ་ཞིང་མི་འཇིག་པ། ནོར་བུ་རིན་པོ་ཆེ་ཐམས་ཅད་ལས་གྲུབ་པས་ལྷུན་ཤིན་ཏུ་ཡངས་ཤིང་རྒྱས་པ། སྡོང་པོ་དང་ཡལ་ག་དང་ལོ་མ་དང་། མདབ་མ་དང་མེ་ཏོག་དང་། འབྲས་བུ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུ་ལས་གྲུབ་པ། ཀུན་ཏུ་ཆ་མཉམ་པར་བཀོད་ཅིང་། ཀུན་ཏུ་ཁྱབ་པའི་ཡན་ལག་དང་ལྡན་པ། རྒྱན་ཀུན་ཏུ་རྒྱས་པར་འགེངས་ཤིང་མི་ཟད་པ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་འཕྲོ་དང་། འོད་གཟེར་ཀུན་ཏུ་སྣང་བ་འགྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པའི་དབྱངས་རྗེས་སུ་སྒྲོག་པ་ཡོད་དེ། སྙིང་པོ་བྱང་ཆུབ་དེའི་མདུན་རོལ་ན། སྤོས་ཆུའི་མཚོ་རིན་པོ་ཆེའི་མེ་ཏོག་དང་། གློག་དང་ཆོས་ཀྱི་འབྲུག་སྒྲའི་སྤྲིན་གྱི་དབྱངས་ཤེས་བྱ་བ་ཡོད་དེ། དེ་ནི་རིན་པོ་ཆེའི་ཤིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་བསྐོར་བ་སྟེ། རིན་པོ་ཆེའི་ཤིང་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཤིང་གི་དབྱིབས་སུ་འཁོད་པ་ཤ་སྟག་གོ །སྤོས་ཆུའི་མཚོ་ཆེན་པོ་རིན་པོ་ཆེའི་མེ་ཏོག་དང་། གློག་དང་ཆོས་ཀྱི་འབྲུག་སྒྲའི་སྤྲིན་གྱི་དབྱངས་ཞེས་བྱ་བ་དེའི་འགྲམ་ཐམས་ཅད་ཀྱང་ནོར་བུ་རིན་པོ་ཆེ་ཐམས་ཅད་བཀྲམ་ཞིང་རྣམ་པར་བཀོད་པ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་ཕྲེང་བ་སྣ་ཚོགས་སུ་དགྲིགས་པའོ། །རིན་པོ་ཆེ་རྣམ་པར་དག་པ་ལས་བྱས་པའི་ཁང་པ་སྣ་ཚོགས་ཀྱི་རྒྱན་གྱིས་ཡོངས་སུ་བརྒྱན་པའོ། །རྒྱན་རྣམ་པར་དག་པ་སྣ་ཚོགས་ཀྱི་རྒྱན་གྱིས་ཤིན་ཏུ་བརྒྱན་པའོ། །སྙིང་པོ་བྱང་ཆུབ་དེའི་འཁོར་ཐམས་ཅད་ཀྱང་ནོར་བུ་རིན་པོ་ཆེའི་ཁང་པ་བརྩེགས་པ་ཆེན་པོ་རྒྱན་བསམ་ཀྱིས་མི་ཁྱབ་པ་དང་ལྡན་པ། པདྨའི་སྙིང་པོ་ཅན་ཤ་སྟག་གིས་ཡོངས་སུ་འཁོར་བ་སྟེ། སྤོས་ཆུའི་མཚོ་ཆེན་པོ་རིན་པོ་ཆེའི་མེ་ཏོག་དང་གློག་དང་ཆོས་ཀྱི་འབྲུག་སྒྲའི་སྤྲིན་གྱི་དབྱངས་ཞེས་བྱ་བ་དེའི་དབུས་ནས། པདྨོའི་རྒྱལ་པོ་ཆེན་པོ་ལོ་མའི་མཚམས་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་རྣམ་པར་སྟོན་པའི་འོད་གཟེར་གྱི་སྤྲིན་གྱི་རྒྱན་ཅེས་བྱ་བ་བྱུང་བར་གྱུར་ཏེ། པདྨོ་ཆེན་པོ་དེ་ལ་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་དག་གི་ནང་ནས་བསྐལ་པའི་ཐོག་མ་པ་དེ་བཞིན་གཤེགས་པ་ཡེ་ཤེས་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་བྱུང་བར་གྱུར་ཏེ། དེ་ནི་བསྐལ་པ་དེ་ལ་ཐམས་ཅད་ཀྱི་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེས་ལོ་སྟོང་ཕྲག་དུ་མ་ཞིག་དུ་ཆོས་བསྟན་པས། སེམས་ཅན་ཡོངས་སུ་སྨིན་པར་མཛད་ནས། ལོ་སྟོང་ཕྲག་བཅུར་འོད་གཟེར་སྣང་བའི་རྣམ་པར་འཕྲུལ་པས་ཡོངས་སུ་སྨིན་པར་མཛད་དོ། །དེ་བཞིན་གཤེགས་པ་དེ་ལོ་སྟོང་ཕྲག་བཅུ་ན་འབྱུང་བར་འགྱུར་རོ། །ཞེས་བྱ་བའི་ཚེ་པདྨོའི་རྒྱལ་པོ་ཆེན་པོ་ལོ་མའི་མཚམས་ནས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་རྣམ་པར་སྟོན་པའི་འོད་གཟེར་གྱི་སྤྲིན་གྱི་རྒྱན་ཅེས་བྱ་བ་དེ་ལས་སེམས་ཅན་ཐམས་ཅད་རྡུལ་དང་འབྱེད་པའི་སྒྲོན་མ་ཞེས་བྱ་བའི་འོད་གཟེར་བྱུང་བར་གྱུར་ཏེ། འོད་དེས་ཕོག་པའི་སེམས་ཅན་རྣམས་ཀྱིས་ཀྱང་ལོ་སྟོང་ཕྲག་བཅུ་ན་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་རོ་ཞེས་བྱ་བར་ཤེས་སོ། །ལོ་སྟོང་ཕྲག་དགུ་ན་དེ་བཞིན་གཤེགས་པ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་དེ་ལས་རྡུལ་དང་བྲལ་བའི་དཔལ་གྱི་སྙིང་པོ་ཞེས་བྱ་བའི་འོད་གཟེར་བྱུང་སྟེ། འོད་གཟེར་དེས་ཕོག་པའི་སེམས་ཅན་དེ་དག་གིས་ཀྱང་གཟུགས་ཐམས་ཅད་ཤིན་ཏུ་ཕྲ་བར་མཐོང་བར་གྱུར་ཏོ། །ལོ་སྟོང་ཕྲག་བརྒྱད་ན་དེ་བཞིན་གཤེགས་པ་འབྱུང་ངོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ཉིད་ལས་འོད་གཟེར་སེམས་ཅན་ཐམས་ཅད་ཀྱི་ལས་རྣམ་པར་སྨིན་པའི་དབྱངས་ཞེས་བྱ་བ་བྱུང་སྟེ། དེས་ཕོག་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་རང་རང་གི་ལས་རྒྱ་མཚོ་ཁོང་དུ་ཆུད་པར་གྱུར་ཏེ། ལས་དྲན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཏོ། །ལོ་སྟོང་ཕྲག་བདུན་ན་དེ་བཞིན་གཤེགས་པ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་དེ་ཉིད་ལས་འོད་གཟེར་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་འབྱུང་བའི་དབྱངས་ཞེས་བྱ་བ་བྱུང་སྟེ། འོད་གཟེར་དེས་སེམས་ཅན་དེ་དག་ལ་ཕོག་ནས་དབང་པོ་ཉམས་པ་མེད་ཅིང་ཡོངས་སུ་ཚང་བར་གྱུར་ཏོ། །ལོ་སྟོང་ཕྲག་དྲུག་ན་དེ་བཞིན་གཤེགས་པ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ཉིད་ལས་འོད་གཟེར་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་དབྱངས་ཞེས་བྱ་བ་བྱུང་སྟེ། དེས་སེམས་ཅན་དེ་དག་ལ་ཕོག་ནས་བསམ་པ་རྒྱ་ཆེན་པོས་རྣམ་པར་འཕྲུལ་བར་གྱུར་ཏོ། །ལོ་སྟོང་ཕྲག་ལྔ་ན་དེ་བཞིན་གཤེགས་པ་དེ་འབྱུང་
བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ཉིད་ལས་འོད་གཟེར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་སྒྲ་འབྱིན་པའི་གཟུགས་བརྙན་རྣམ་པར་དམིགས་པ་ཞེས་བྱ་བ་བྱུང་སྟེ། དེས་སེམས་ཅན་དེ་དག་ལ་ཕོག་ནས་སངས་རྒྱས་ཀྱི་ཞིང་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པར་མཐོང་བར་གྱུར་ཏོ། །ལོ་སྟོང་ཕྲག་བཞི་ན་དེ་བཞིན་གཤེགས་པ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ཉིད་ལས་འོད་གཟེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ཐ་མི་དད་པའི་སྒྲོན་མ་ཞེས་བྱ་བ་བྱུང་སྟེ། དེས་སེམས་ཅན་དེ་དག་ལ་ཕོག་ནས་དེ་བཞིན་གཤེགས་པ་དེའི་རྣམ་པར་འཕྲུལ་པ་ཐམས་ཅད་དུ་སོང་བ་ལ་ཞུགས་པར་གྱུར་ཏོ། །ལོ་སྟོང་ཕྲག་གསུམ་ན་དེ་བཞིན་གཤེགས་པ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ལས་འོད་གཟེར་འགྲོ་བ་ཐམས་ཅད་ལ་མངོན་དུ་གྱུར་པའི་སྒྲོན་མ་ཞེས་བྱ་བ་བྱུང་སྟེ། དེས་སེམས་ཅན་དེ་དག་ལ་ཕོག་ནས་དེ་བཞིན་གཤེགས་པ་དེ་ཡང་མངོན་དུ་མོས་པས་མཐོང་བར་གྱུར་ཏོ། །ལོ་སྟོང་ཕྲག་གཉིས་ན་དེ་བཞིན་གཤེགས་པ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ལས་འོད་གཟེར་དུས་གསུམ་གྱི་ཡེ་ཤེས་ཀྱི་གློག་གི་སྒྲོན་མ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་ཚུལ་རབ་ཏུ་སྒྲོག་པ་བྱུང་སྟེ། དེས་སེམས་ཅན་དེ་དག་ལ་རེག་ནས་དེ་བཞིན་གཤེགས་པ་དེའི་སྔོན་གྱི་ཚུལ་རྒྱ་མཚོ་ལ་རྟོག་ཅིང་འཇུག་པར་གྱུར་ཏོ། །ལོ་སྟོང་ན་དེ་བཞིན་གཤེགས་པ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ལས་འོད་གཟེར་ཡེ་ཤེས་རབ་རིབ་མེད་པ། དེ་བཞིན་གཤེགས་པའི་སྒྲོན་མ་ཞེས་བྱ་བ་བྱུང་སྟེ། དེས་སེམས་ཅན་དེ་དག་ལ་ཕོག་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང་། ཞིང་ཐམས་ཅད་དང་། སེམས་ཅན་ཐམས་ཅད་མཐོང་བར་འགྱུར་བའི་མིག་ཀུན་ཏུ་ལྟ་བ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ལོ་བརྒྱ་ན་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ཉིད་ལས་འོད་གཟེར་འགྲོ་བ་ཐམས་ཅད་ཀྱིས་སངས་རྒྱས་མཐོང་བ་རྣམ་པར་སྨིན་པའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་བྱ་བ་བྱུང་སྟེ། དེས་སེམས་ཅན་དེ་དག་ལ་ཕོག་ནས། དེ་བཞིན་གཤེགས་པ་
སྐྱེ་བའི་འདུ་ཤེས་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ཞག་བདུན་ན་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་ཆེན་པོ་དེ་ཉིད་ལས་འོད་གཟེར་སེམས་ཅན་ཐམས་ཅད་རབ་ཏུ་དགའ་བ་དང་། སྤྲོ་བ་དང་མོས་པ་ཡོངས་སུ་འབྱུང་བའི་དབྱངས་ཤེས་བྱ་བ་བྱུང་སྟེ། དེས་སེམས་ཅན་དེ་དག་ལ་ཕོག་ནས་སངས་རྒྱས་མཐོང་བར་འགྱུར་བའི་དགའ་བའི་ཤུགས་ཆེན་པོ་སྐྱེས་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་འོད་ཟེར་གྱིས་ཡོངས་སུ་སྨིན་པར་བྱ་བའི་ཚུལ་ཚད་མེད་པ་རྣམ་པ་དེ་ལྟ་བུས་ལོ་སྟོང་དུ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་མཛད་ནས་ཞག་བདུན་པ་ལ་ཐུག་པ་དང་། འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་ཡོངས་སུ་བསྐྱོད་པའི་ཚུལ་ཚད་མེད་པས་ཡོངས་སུ་བསྐྱོད་ནས་ཤིན་ཏུ་དག་པར་བྱིན་གྱིས་བརླབས་སོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཇི་སྙེད་པ་རྒྱན་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་དང་ལྡན་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་དེར་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡོངས་སུ་བསྟན་པར་གྱུར་ཏོ། །དེ་ནས་ཞག་བདུན་པ་ཐ་མ་ལ་བབ་པ་དང་། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་སངས་རྒྱས་མཐོང་བར་འགྱུར་བ་ཡོངས་སུ་སྨིན་པ་དེ་དག་ཐམས་ཅད་སྙིང་པོ་བྱང་ཆུབ་ཏུ་མངོན་པར་གཞོལ་བར་གྱུར་ཏོ། །དེ་ནས་འཇིག་རྟེན་གྱི་ཁམས་དེའི་ཁོར་ཡུག་ཐམས་ཅད་དང་། རི་རབ་ཐམས་ཅད་དང་། རི་ཐམས་ཅད་དང་། ཆུ་ཀླུང་ཐམས་ཅད་དང་། རྒྱ་མཚོ་ཐམས་ཅད་དང་ཤིང་ཐམས་ཅད་དང་། སའི་གཞི་ཐམས་ཅད་དང་། གྲོང་ཁྱེར་ཐམས་ཅད་དང་། ར་བ་ཐམས་ཅད་དང་། གནས་ཐམས་ཅད་དང་། གཞལ་མེད་ཁང་ཐམས་ཅད་དང་། གོས་དང་རྒྱན་དང་ལོངས་སྤྱོད་ཐམས་ཅད་དང་། རོལ་མོའི་ཤིང་ཐམས་ཅད་དང་། རོལ་མོ་བརྡུང་བའི་དབྱངས་ཐམས་ཅད་དང་། སྤྲུལ་པའི་རྒྱན་ཐམས་ཅད་ཀྱི་དམིགས་པ་རེ་རེ་ལས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དང་། མཐུའི་སྒྲ་རབ་ཏུ་སྒྲོག་པའི་སྤོས་དང་། བདུག་སྤོས་ཐམས་ཅད་ཀྱི་སྤྲིན་མངོན་པར་འཐོན་ཏེ། རིན་པོ་ཆེའི་འོད་འཕྲོ་བའི་སྤྲིན་དང་། སྤོས་དང་བདུག་སྤོས་
ཐམས་ཅད་ཀྱི་འོད་འཕྲོ་བ་དམ་པ་དང་། སྤོས་རིན་པོ་ཆེ་ཐམས་ཅད་ཀྱི་གཟུགས་ཀྱི་སྤྲིན་དང་། གོས་རིན་པོ་ཆེ་དང་། རྒྱན་རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་དང་། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱི་རི་རབ་ཀྱི་སྤྲིན་དང་ཕྱེ་མ་སྣ་ཚོགས་ཀྱི་སྤྲིན་མང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་གཟེར་གྱི་སྤྲིན་རྣམ་པར་སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་རབ་ཏུ་འགྱེད་པ། རོལ་མོ་བརྡུང་བ་དང་། དཀྲོལ་བ་ཐམས་ཅད་ཀྱི་སྤྲིན་ཡོངས་སུ་འཁྲོལ་ཞིང་རྡུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་གྱི་སྒྲ་སྐད་ཀྱི་སྤྲིན་རབ་ཏུ་འབྱིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་དང་། གསུང་རྒྱ་མཚོའི་སྤྲིན་རབ་ཏུ་སྒྲོག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་དང་དཔེ་བྱད་བཟང་པོའི་གཟུགས་བརྙན་སྣ་ཚོགས་ཀྱི་སྤྲིན་རབ་ཏུ་སྟོན་པར་བྱེད་ཅིང་། དེ་བཞིན་གཤེགས་པ་འབྱུང་བའི་ལྟས་སྔོན་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྟོན་ཏེ། རིན་པོ་ཆེའི་རྒྱལ་པོའི་པདྨོ་ཆེན་པོའི་ལོ་མའི་མཚམས་ནས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་རྣམ་པར་སྟོན་པའི་འོད་གཟེར་གྱི་སྤྲིན་གྱི་རྒྱན་དེའི་པདྨོའི་འཁོར་རིན་པོ་ཆེའི་རྒྱལ་པོ་ལས་བྱས་པ་ཆེན་པོ་ཤ་སྟག་ཏུ་བྱས་ཏེ་འཁོད་དོ། །རིན་པོ་ཆེའི་རྒྱལ་པོའི་པདྨོ་ཆེན་པོའི་འཁོར་ཀྱི་རིན་པོ་ཆེའི་པད་མོ་ཆེན་པོ་དེ་དག་གི་ཟེ་བ་དང་། སྙིང་པོ་ལ་སེང་གེའི་ཁྲི་རིན་པོ་ཆེའི་པདྨོ་ཆེན་པོའི་སྙིང་པོ་ཅན། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་བྱུང་བར་གྱུར་ཏེ། རིན་པོ་ཆེའི་སྙིང་པོ་ཅན་གྱི་ཁྲི་དེ་དག་ལའང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ། །བཅོམ་ལྡན་འདས་ཡེ་ཤེས་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་མ་ཐག་ཏུ་དེའི་མོད་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་མང་པོ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །
དེ་ནས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་གི་སེམས་ཅན་ཚད་མེད་པ་རྣམས་ངན་སོང་དང་ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་བཟློག་གོ །སེམས་ཅན་ཚད་མེད་པ་ནི་མཐོ་རིས་སུ་སྐྱེ་བ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་ཉན་ཐོས་ཀྱི་ས་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སེམས་ཅན་ཚད་མེད་པ་ནི་ཤུགས་དྲག་པོའི་འོད་ཀྱིས་འབྱུང་བའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སེམས་ཅན་ཚད་མེད་པ་ནི་བརྩོན་འགྲུས་དྲི་མ་མེད་པའི་རྒྱལ་མཚན་གྱི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སེམས་ཅན་ཚད་མེད་པ་ནི་ཆོས་རབ་ཏུ་བསྒོམ་པའི་གནས་སུ་བྱུང་བའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་དབང་པོ་ཡོངས་སུ་དག་པ་རབ་ཏུ་བསྒོམས་པས་འབྱུང་བའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སེམས་ཅན་ཚད་མེད་པ་ནི་སྟོབས་མཉམ་པ་ཉིད་ལ་ཡང་དག་པར་སྤྱོད་པ་ཁོང་དུ་ཆུད་པས་འབྱུང་བའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སེམས་ཅན་ཚད་མེད་པ་ནི་ཆོས་ཀྱི་གྲོང་ཁྱེར་མངོན་དུ་འགྱུར་བའི་ཡུལ་གྱི་ཐེག་པ་སྐྱེ་བས་འབྱུང་བའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་ཐམས་ཅད་དུ་རྗེས་སུ་སོང་བའི་རྫུ་འཕྲུལ་ཐ་མི་དད་པའི་ཚུལ་གྱི་ཐེག་པས་འབྱུང་བའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་སྤྱོད་པའི་སྦྱོར་བ་ལ་ཡང་དག་པར་གཞོལ་བའི་ཚུལ་གྱིས་འབྱུང་བའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་ཏིང་ངེ་འཛིན་གྱིས་འཇུག་པའི་ཚུལ་གྱིས་འབྱུང་བའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་དམིགས་པའི་ཡུལ་ཐམས་ཅད་ཡོངས་སུ་དག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་འབྱུང་བའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཚད་མེད་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་རྣམ་པར་དག་པ་ལ་རབ་ཏུ་བཀོད་དོ། །སེམས་
ཅན་ཚད་མེད་པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་བྱང་ཆུབ་སེམས་དཔའི་ས་གཉིས་པ་དང་། གསུམ་པ་དང་བཞི་པ་དང་ལྔ་པ་དང་། དྲུག་པ་དང་བདུན་པ་དང་། བརྒྱད་པ་དང་དགུ་པ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་རབ་ཏུ་བཀོད་དོ། །སེམས་ཅན་ཚད་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྨོན་ལམ་གྱི་ཁྱད་པར་ཅན་ལ་བཙུད་དོ། །སེམས་ཅན་ཚད་མེད་པ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་རྣམ་པར་དག་པ་ལ་རབ་ཏུ་བཀོད་དོ། །དེ་ལྟར་དེ་བཞིན་གཤེགས་པ་དེས་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་གྱི་ཁམས་མཐའ་དང་དབུས་མེད་པ་རྣམ་པར་དུལ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དེའི་སྐུ་སྣ་ཚོགས་དང་། ཐབས་མཁས་པ་སྣ་ཚོགས་ཀྱིས་བསྒྲུབས་པའི་ཆོས་བསྟན་པ་ཡོངས་སུ་ཤེས་པར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་རིན་པོ་ཆེའི་མེ་ཏོག་སྒྲོན་མའི་སེམས་ཅན་གཟུགས་དང་། ཁ་དོག་དང་ཡུལ་དང་ལོངས་སྤྱོད་ཀྱིས་རྒྱགས་ཤིང་དྲེགས་ཏེ་གཅིག་ལ་གཅིག་ཁྱད་དུ་གསོད་པ་དེ་རྣམས་གདུལ་བའི་དོན་དུ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་ཁ་དོག་དང་གཟུགས་མཆོག་ཏུ་ཕྱིན་པར་མངོན་པར་སྤྲུལ་ཏེ། རྒྱལ་པོའི་ཕོ་བྲང་དེར་ཕྱིན་ཏོ། །དེའི་འོད་ཤིན་ཏུ་ཡངས་པས་རྒྱལ་པོའི་གནས་དེ་དག་ཐམས་ཅད་དུ་ཡོངས་སུ་སྣང་བར་གྱུར་ཏེ། རྒྱལ་པོའི་གནས་དེའི་འོད་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པདྨོའི་དཔལ་གྱི་གཙུག་ཕུད་སྙིང་པོའི་ལུས་ལས་བྱུང་བའི་འོད་དང་། བུད་མེད་རིན་པོ་ཆེའི་འོད་དང་། རིན་པོ་ཆེའི་ཤིང་གི་འོད་དང་། ནོར་བུ་རིན་པོ་ཆེ་ཆེན་པོའི་འོད་དང་། གཉི་ཟླ་དང་གཟའ་སྐར་དང་རྒྱུ་སྐར་གྱི་འོད་དང་། འཛམ་བུའི་གླིང་ན་འོད་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་མི་སྣང་བར་གྱུར་ཏེ། དཔེར་ན་ཉི་མ་ཤར་ཏེ་མུན་
པ་དང་། ཟླ་བ་དང་གཟའ་སྐར་དང་། རྒྱུ་སྐར་གྱི་འོད་ཀྱང་མི་སྣང་ལ་མེ་དང་ནོར་བུའི་འོད་ཀྱང་མི་སྣང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་ཟིལ་གྱིས་ནོན་ནས་འཛམ་བུའི་གླིང་དེ་ན་འོད་ཡོད་པ་ཐམས་ཅད་ཀྱང་མི་སྣང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ས་ལེ་སྦྲམ་གྱི་དྲུང་དུ་སྣག་ཙའི་གཟུགས་བཞག་ན་མཛེས་པར་མི་རུང་། ལྷ་གེར་མི་རུང་། ལྷ་མེར་མི་རུང་། ལྷ་ངེར་མི་རུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་མདུན་དུ་སེམས་ཅན་དེ་དག་གི་གཟུགས་ཀྱི་ལུས་ཀྱང་མཛེས་པར་མ་རུང་། ལྷ་གེར་མ་རུང་། ལྷ་མེར་མ་རུང་། ལྷ་ངེར་མ་རུང་ངོ་། །དེ་ནས་དེ་དག་འདི་སྙམ་དུ་གྱུར་ཏེ། དེ་ལྟ་བུ་ཞིག་དེ་ལྟར་དེའི་དྲུང་དུ་བདག་ཅག་གི་ལུས་སམ། འོད་དམ་ཁ་དོག་གམ། གཟི་བརྗིད་ཀྱིས་ཀྱང་མཛེས་པར་མ་རུང་། ལྷ་གེར་མ་རུང་། ལྷ་མེར་མ་རུང་། ལྷ་ངེར་མ་རུང་བ་དེ་ལྟ་ལྷའམ། ཚངས་པའམ། ཅི་ཞིག་དེའི་མཚན་མ་ནི་གཟུང་བར་མི་ནུས་སོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་རྒྱལ་པོའི་གནས་རིན་པོ་ཆེའི་མེ་ཏོག་སྒྲོན་མའི་དབུས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པདྨོ་དཔལ་གྱི་གཙུག་ཕུད་སྙིང་པོའི་གཞལ་མེད་ཁང་གི་སྟེང་གི་བར་སྣང་ལ་འདུག་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པདྨོ་དཔལ་གྱི་གཙུག་ཕུད་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཤེས་པར་གྱིས་ཤིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། ཁྱོད་ཀྱི་ཁམས་འདི་ཉིད་ཀྱི་སྙིང་པོ་བྱང་ཆུབ་ཆོས་ཀུན་ཏུ་སྣང་བའི་ཆོས་ཀྱི་སྤྲིན་གྱི་སྒྲ་དབྱངས་རྒྱལ་མཚན་འདི་ཉིད་ན་རྣམ་པར་སྤྱོད་དོ་ཞེས་པ་དང་། རྒྱལ་པོའི་བུ་མོ་ཡེ་ཤེས་ཀྱི་འོད་ཀུན་ཏུ་འཕྲོ་བ་པདྨོ་བཟང་པོ་མིག་ཡིད་དུ་འོང་བའི་དཔལ་གྱི་ཟླ་བས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་གཟུགས་ཀྱི་ལུས་དང་། འོད་དང་རྣམ་པར་འཕྲུལ་པ་དང་རྒྱན་མཐོང་སྟེ། དབྱངས་ཐོས་ནས་དགའ་བ་དང་། མོས་པའི་ཤུགས་ཆེན་པོ་
སྐྱེས་ཏེ། དེའི་ཚེ་སེམས་འདི་སྙམ་དུ་བསྐྱེད་དོ། །བདག་གིས་དགེ་བའི་རྩ་བ་གང་ཅི་བསྩགས་པ་དེས་བདག་ཀྱང་ལུས་འདི་འདྲ་བར་ཐོབ་པར་ཤོག་ཤིག །རྒྱན་འདི་འདྲ་བ་དང་། མཚན་འདི་འདྲ་བ་དང་། སྤྱོད་ལམ་འདི་འདྲ་བ་དང་། རྫུ་འཕྲུལ་འདི་འདྲ་བར་ཤོག་ཤིག །ཇི་ལྟར་འདིས་མཚན་མོ་མུན་ནག་གི་ནང་ན་སེམས་ཅན་རྣམས་ལ་སྣང་བ་ཆེན་པོ་བསྐྱེད་དེ། སངས་རྒྱས་སྐྱེ་བ་ཡོངས་སུ་བརྗོད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་མི་ཤེས་པའི་མུན་པ་བསྩལ་ཏེ་ཡེ་ཤེས་ཆེན་པོ་འདི་སྣང་བ་བསྐྱེད་པར་བྱའོ། །གང་དང་གང་དུ་སྐྱེས་པ་ཐམས་ཅད་དུའང་དགེ་བའི་བཤེས་གཉེན་འདི་དང་མི་འབྲལ་བར་ཤོག་ཤིག ། དེ་ནས་རིགས་ཀྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པདྨོ་དཔལ་གྱི་གཙུག་ཕུད་སྙིང་པོ་ཡན་ལག་བཞིའི་དཔུང་གི་ཚོགས་དང་ལྷན་ཅིག །རིན་པོ་ཆེ་བདུན་དང་ལྷན་ཅིག །བུད་མེད་ཀྱི་ཚོགས་ཀྱི་འཁོར་དང་ལྷན་ཅིག་བུ་དང་བློན་པོ་དང་། ལྗོངས་ཀྱི་མི་དང་ལྷན་ཅིག་ཏུ་རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་རྒྱལ་པོའི་གནས་རིན་པོ་ཆེའི་མེ་ཏོག་སྒྲོན་མ་དེ་ནས་འཕགས་ཏེ་གྱེན་ཏུ་ནམ་མཁའ་ལ་དཔག་ཚད་གཅིག་ཙམ་དུ་མངོན་པར་འཕགས་ནས། འཛམ་བུའི་གླིང་ཐམས་ཅད་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་རྒྱས་པར་བཀང་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་བལྟ་བ་ལ་ཡོངས་སུ་བསྐུལ་བའི་དོན་དུ་རིན་པོ་ཆེའི་རི་ཐམས་ཅད་ལ་གཟུགས་བརྙན་མངོན་པར་བསྟན་ཅིང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ལ་མངོན་སུམ་དུ་གནས་ཏེ་སངས་རྒྱས་ལ་བལྟ་བ་དེ་ཚིགས་སུ་བཅད་དེ་གླུའི་དབྱངས་ཀྱིས་བསྔགས་པ། ལུས་ཅན་ཐམས་ཅད་སྐྱབས་མཛད་པའི། །སངས་རྒྱས་འཇིག་རྟེན་བྱུང་བར་གྱུར། །འཇིག་རྟེན་གཙོ་བོ་དེ་བལྟ་བར། །ཀུན་ཀྱང་ལངས་ཏེ་འདོང་བར་གྱིས། །ལུས་ཅན་ཀུན་ལ་ཕན་དོན་དུ། །ཆོས་རབ་སྟོན་པར་གང་མཛད་པའི། །དེ་བཞིན་གཤེགས་པ་འབྱུང་བ་ནི། །བསྐལ་པ་བྱེ་བའི་བརྒྱ་ལམ་ནའོ། །འཇིག་རྟེན་ཕྱིན་ཅིར་ལོག་གྱུར་ཅིང་། །མི་ཤེས་སྒྲིབ་པས་བསྒྲིབས་གྱུར་ཏེ། །འཁོར་
བའི་སྡུག་བསྔལ་མྱོང་བ་རྣམས། །གཟིགས་ཤིང་ཐུགས་རྗེ་ཆེ་བསྐྱེད་ནས། །སྡུག་བསྔལ་ཐམས་ཅད་གཞིལ་དོན་དུ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བསྐལ་པ་བྱེ་བ་གྲངས་མེད་དུ། །བྱང་ཆུབ་སྤྱོད་པ་སྤྱད་པ་མཛད། །བསྐལ་པ་མཐའ་ཡས་མུ་མེད་པར། །སངས་རྒྱས་བྱང་ཆུབ་མཆོག་དོན་དུ། །ཞབས་དང་ཕྱག་ཀྱང་ཡོངས་སུ་བཏང་། །སྤྱན་དང་སྙན་དང་དབུ་ཡང་བཏང་། །མཐོང་ཞིང་བསྙེན་བཀུར་བྱས་པ་དང་། །ཐོས་པ་དོན་ཡོད་འགྱུར་བ་ཡིན། །འཇིག་རྟེན་མགོན་པོ་འཇིག་རྟེན་དུ། །འབྱུང་བ་བསྐལ་པ་བྱེ་བར་དཀོན། །དེ་ནི་བྱང་ཆུབ་གདན་ལ་བཞུགས། །གསུང་བའི་དམ་པ་བལྟར་ཡང་ཡོད། །བདུད་རྣམས་སྡེ་དང་བཅས་བཏུལ་ཏེ། །བྱང་ཆུབ་མཆོག་ཏུ་རྣམ་སངས་རྒྱས། །འོད་གཟེར་དཀྱིལ་འཁོར་མཐའ་ཡས་པ། །སངས་རྒྱས་སྐུ་ལས་མངོན་བཀྱེ་ཞིང་། །འགྲོ་བ་ཚིམ་པར་མཛད་པ་ཡི། །ཁ་དོག་སྣ་ཚོགས་འདི་ལ་ལྟོས། །འོད་ཟེར་སྤྲིན་མང་གྲངས་མེད་པ། །སངས་རྒྱས་སྐུ་ལས་འཐོན་པ་རྣམས། །དེས་ནི་སེམས་ཅན་སྣང་གྱུར་ན། །བདེ་བ་དཔེ་མེད་འཐོབ་པར་འགྱུར། །བརྩོན་འགྲུས་ཆེན་པོ་རབ་རྩོམ་སྟེ། །རང་དང་རང་གི་བསམ་པ་ཡིས། །མགོན་པོ་དེ་ལ་མཆོད་པ་གྱིས། །ཚུར་ཤེག་དེ་ཡི་གན་དུ་འདོང་། །དེ་ནས་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པདྨོ་དཔལ་གྱི་གཙུག་ཕུད་སྙིང་པོས་ཚིགས་སུ་བཅད་པ་དེ་དག་གིས་བདག་གི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐུལ་ཏེ། མཆོད་པའི་སྤྲིན་སྣ་ཚོགས་བརྒྱ་སྟོང་ཕྲག་བཅུ་འཁོར་ལོས་སྒྱུར་བའི་དགེ་བའི་རྩ་བས་ཡོངས་སུ་གྲུབ་པའི་ཆར་པ། སྙིང་པོ་བྱང་ཆུབ་ཀུན་ནས་ལྡང་བའི་ཆོས་ཀྱི་སྤྲིན་གྱི་དབྱངས་ཀྱི་རྒྱལ་མཚན་གྱི་འཁོར་ཀུན་ཏུ་མངོན་པར་འབེབས་ཤིང་། རིན་པོ་ཆེའི་གདུགས་ཀྱི་སྤྲིན་གྱི་ནམ་མཁའ་ཀུན་ནས་ཡོག་པར་བྱ་བ་དང་། མེ་ཏོག་ཐམས་ཅད་ཀྱི་བླ་རེའི་སྤྲིན་གྱིས་ནམ་མཁའ་བླ་ནས་ཁེབ་པར་བྱ་བ་དང་། ན་བཟའ་སྣ་ཚོགས་ཀྱི་སྤྲིན་གྱིས་ནམ་མཁའ་ཀུན་ནས་ཡོག་ཅིང་བརྒྱན་པར་བྱ་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་དྲིལ་བུའི་དྲ་བའི་སྤྲིན་གྱིས་ནམ་མཁའི་དབྱིངས་བརྒྱན་
པར་བྱ་བ་དང་། སྤོས་སྣ་ཚོགས་རྒྱ་མཚོས་དྲི་ཞིམ་པར་བྱས་པའི་སྤོས་གྱི་འོད་ཟེར་གྱི་སྤྲིན་གྱི་རྒྱན་ནམ་མཁའི་དབྱིངས་ལ་བྱིན་གྱིས་བརླབ་པར་བྱ་བ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཁྲི་ལ་རིན་པོ་ཆེའི་གདན་འབེལ་བར་བཏིང་བའི་སྤྲིན་གྱི་རྒྱན་ནམ་མཁའི་དབྱིངས་ལ་བྱིན་ཀྱིས་བརླབ་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་མཚན་གྱི་སྤྲིན་མངོན་པར་བསྒྲེང་བའི་རྒྱན་ནམ་མཁའི་དབྱིངས་ལ་བྱིན་གྱིས་བརླབ་པ་དང་། ཁང་པ་དང་གཞལ་མེད་ཁང་ཐམས་ཅད་ཀྱི་སྤྲིན་གྱིས་ཀུན་ནས་ཡོག་པའི་རྒྱན་ནམ་མཁའི་དབྱིངས་ལ་བྱིན་གྱིས་བརླབ་པ་དང་། མེ་ཏོག་སྣ་ཚོགས་ཀྱི་སྤྲིན་གྱིས་ཀུན་ནས་ཡོག་པའི་རྒྱན་ནམ་མཁའི་དབྱིངས་ལ་བྱིན་གྱིས་བརླབ་པ་དང་། མཆོད་པའི་རྒྱན་ཐམས་ཅད་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབབ་པའི་རྒྱན་ནམ་མཁའི་དབྱིངས་ལ་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོ་གང་ན་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོའི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟན་ནོར་བུ་རིན་པོ་ཆེ་ཆེན་པོའི་ཕྱོགས་ཀུན་ཏུ་རྣམ་པར་སྣང་བའི་པདྨོའི་སྙིང་པོ་ཅན་ལ་འདུག་གོ །དེ་ནས་འཁོར་ལོས་སྒྱུར་བའི་བུ་མོ་ཡེ་ཤེས་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་བའི་པདྨོ་བཟང་མོ་མིག་ཡིད་དུ་འོང་བའི་དཔལ་གྱི་ཟླ་བས་རང་གི་རྒྱན་རྣམས་ལུས་ལས་བཀྲོལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་འོད་ཀུན་དུ་འཕྲོ་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོ་ལ་གཏོར་ཏོ་མངོན་པར་གཏོར་ཏོ། །དེ་ནས་རྒྱན་དེ་དག་བཅོམ་ལྡན་འདས་དེའི་དབུའི་གཙུག་གི་སྟེང་གི་བར་སྣང་ལ་ནོར་བུ་རིན་པོ་ཆེའི་རྒྱན་གྱི་གདུགས་ཆེན་པོ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་ཡོངས་སུ་བསྐོར་བ་ཀླུའི་དབང་པོའི་ལུས་ཀྱིས་གཟུང་བ་རྒྱན་ཐམས་ཅད་ཀྱི་ལུས་ཀྱིས་དབྱིབས་ཤིན་ཏུ་ལེགས་པར་ཀུན་ནས་བསྐོར་བ། རྒྱན་གྱི་གདུགས་ཀྱི་དཀྱིལ་འཁོར་བཅུས་ཡོངས་སུ་བསྐོར་བ། ཤིན་ཏུ་དག་པ་
ཁང་པ་བརྩེགས་པའི་དབྱིབས་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེ་ཐམས་ཅད་ཀྱི་ལྷབ་ལྷུབ་ཀྱི་སྤྲིན་གྱིས་ཀུན་ནས་ཡོག་པ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་ཤིང་གི་རྒྱན་གྱིས་ཀུན་ནས་ཁེབས་པ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྤོས་ཐམས་ཅད་ཀྱི་རྒྱ་མཚོས་ཡོངས་སུ་བརྒྱན་པར་འདུག་པར་གྱུར་ཏེ། དེའི་དབུས་ན་བྱང་ཆུབ་ཀྱི་ཤིང་ཆེན་པོ་ཆོས་ཀྱི་དབྱིངས་ལས་བྱུང་བའི་རིན་པོ་ཆེ་ཐམས་ཅད་ཀྱི་ཡལ་ག་དང་། ལྷུན་དུ་ལྡན་པ་ཞེས་བྱ་བ་རྒྱན་བརྗོད་ན་མཐའ་དང་དབུས་མེད་པ་སྐད་ཅིག་རེ་རེ་ཞིང་རྒྱན་སྣ་ཚོགས་ཡོངས་སུ་སྟོན་པ་ཡོད་པ་མཐོང་བར་གྱུར་ཏོ། །དེའི་དྲུང་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་བྱུང་བ་བྱང་ཆུབ་སེམས་དཔའི་རྒྱན་སྣ་ཚོགས་ཐ་མི་དད་ཅིང་བསམ་གྱིས་མི་ཁྱབ་པ་ལ་རྣམ་པར་སྤྱོད་པ་ཤ་སྟག་གིས་བསྐོར་ཅིང་མདུན་དུ་བྱས་པ་དང་། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱང་དེ་ལ་མངོན་ཏུ་གྱུར་པ་མཐོང་ངོ་། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་སངས་རྒྱས་ཀྱིས་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་ཡང་མཐོང་བར་གྱུར་ཏོ། །སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལའང་ཞུགས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་འདུ་བ་དང་འཇིག་པའི་བསྐལ་པ་ལའང་ཞུགས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེར་འདས་པའི་སངས་རྒྱས་ཀྱི་རྒྱུད་གཅིག་ནས་གཅིག་ཏུ་བརྒྱུད་པ་ལའང་ཞུགས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་སངས་རྒྱས་མཆོད་པ་ལ་བརྩོན་པར་གནས་པ་ཡང་མཐོང་ངོ་། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་བྱ་བ་ལ་མངོན་དུ་གྱུར་པར་ཡང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ལ་གཟུགས་བརྙན་དུ་གྱུར་
པར་འཁོད་ཅིང་བདག་ཉིད་ཀྱང་རྗེས་སུ་འབྲང་བར་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་གྱི་དྲུང་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དྲུང་དང་། སེམས་ཅན་ཐམས་ཅད་ཀྱི་གནས་དང་། འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ཐམས་ཅད་ནའང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་གཟུགས་བརྙན་ཀུན་ཏུ་བྱུང་སྟེ། འཇིག་རྟེན་གྱི་ཁམས་དེ་དག་རེ་རེ་ནའང་སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་མཚམས་གྱི་རྒྱན་དང་བཅས་པ་དང་གཞི་དང་བཅས་པ་དང་། དབྱིབས་དང་བཅས་པ་དང་། ལྷུན་དང་བཅས་པ་དང་། རྒྱན་སྣ་ཚོགས་ཡོངས་སུ་དག་པ་དང་བཅས་པ། རྒྱན་སྣ་ཚོགས་ཀྱི་སྤྲིན་གྱིས་ཀུན་ནས་ཁེབས་པ་རྣམ་པར་བཀོད་པ་དང་། མྱིང་དང་གྲངས་རྣམ་པ་སྣ་ཚོགས་དང་ལྡན་པ་དང་། དེ་བཞིན་གཤེགས་པའི་རྒྱུད་སྣ་ཚོགས་ལས་བརྗོད་པ་དུས་གསུམ་གྱི་ཚུལ་སྣ་ཚོགས་སུ་གཏོགས་པ་དང་། ཕྱོགས་འབྱམ་ཀླས་པ་སྣ་ཚོགས་སུ་འདུ་བ་ཆོས་ཀྱི་དབྱིངས་འབྱམ་ཀླས་པ་སྣ་ཚོགས་ཀྱི་ཁོངས་སུ་གཏོགས་པ། ཆོས་ཀྱི་དབྱིངས་ཀྱི་གཞི་སྣ་ཚོགས་སུ་འདུས་པ། ནམ་མཁའི་དབྱིངས་སྣ་ཚོགས་ལ་རྣམ་པར་གནས་པ། སྙིང་པོ་བྱང་ཆུབ་སྣ་ཚོགས་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་བྱུང་བ་སངས་རྒྱས་ཀྱི་སེང་གེའི་གདན་སྣ་ཚོགས་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་སྣ་ཚོགས་དང་ལྡན་པ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་རྒྱུད་སྣ་ཚོགས་ཅན། དེ་བཞིན་གཤེགས་པའི་ཐབས་མཁས་པ་སྣ་ཚོགས་ཡོངས་སུ་བརྗོད་པ་དང་ལྡན་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་འཁོར་བའི་ཚུལ་སྣ་ཚོགས་ཅན་དེ་བཞིན་གཤེགས་པའི་དབྱངས་ཀྱི་ཡན་ལག་དང་། གསུང་གི་ང་རོ་སྣ་ཚོགས་རབ་ཏུ་འབྱུང་བ། སྐད་སྣ་ཚོགས་རྒྱ་མཚོ་ཤིན་ཏུ་བསྟན་པ་དང་ལྡན་པ་དང་། མདོ་སྡེའི་སྤྲིན་སྣ་ཚོགས་རྗེས་སུ་སྒྲོག་པ་ཅན་དག་ཀྱང་མཐོང་བར་གྱུར་ཏོ། །མཐོང་ནས་དེ་བས་ཀྱང་དགའ་བ་དང་། མོས་པའི་ཤུགས་ཆེན་པོ་ཐོབ་པར་གྱུར་ཏེ། དེ་དེ་ལྟར་
དགའ་བའི་ཤུགས་ཆེན་པོ་སྐྱེས་པར་གྱུར་པ་ལ། བཅོམ་ལྡན་འདས་ཡེ་ཤེས་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྒྲགས་པ་ཞེས་བྱ་བའི་མདོ་སྡེ་འཁོར་གྱི་མདོ་སྡེ། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་བཅས་པ་ཡང་དག་པར་བསྟན་ཏེ། དེས་མདོ་སྡེ་དེ་ཐོས་པར་གྱུར་ནས། ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་བཅུ་ཤིན་ཏུ་ཕྲ་ཞིང་རེག་ན་བདེ་བར་ཐོབ་པར་གྱུར་ཏེ། དེ་ནི་དཔེར་ན་མའི་མངལ་དུ་རྣམ་པར་ཤེས་པ་ཞུགས་པར་གྱུར་མ་ཐག་པ་ལྟ་བུ་དང་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ལས་མངོན་པར་བསྒྲུབས་པ་ལྟ་བུ་དང་། འདི་ལྟ་སྟེ་དཔེར་ན། ཞིང་བཟང་པོ་དམ་པའི་ས་བོན་བཏབ་ནས་རིང་པོར་མ་ལོན་ཡང་མྱུ་གུ་སྐྱེ་བའི་རྒྱུར་གྱུར་པ་ལྟ་བུ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་དེ་དག་ཀྱང་འཇམ་ཞིང་ཡིད་དུ་འོང་བ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་རྣམ་པར་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞིང་འབྱམ་ཀླས་པ་ཐམས་ཅད་དུ་སྣང་བ་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དུས་གསུམ་གྱི་ཚུལ་ཐམས་ཅད་ལ་འཇུག་པ་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་སྒྲོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་རྒྱ་མཚོ་རྣམ་པར་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཁོར་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་འབྱུང་བའི་ང་རོ་རབ་ཏུ་བསྒྲགས་པས་རྣམ་པར་དམྱིགས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་མུན་ནག་རྣམ་པར་སེལ་བའི་སྨོན་ལམ་གྱི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་དབྲལ་བའི་སྨོན་ལམ་གྱིས་རྣམ་པར་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་འགྲུབ་པ་ཡོངས་སུ་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བས་མི་སྐྱོ་
བའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་ལ་འཇུག་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་གནོན་པར་སྒྲུབ་པའི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དེ་དག་ལ་སྩོགས་པའི་ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་བཅུ་རྣམས་དེས་ཐོབ་པར་གྱུར་ཏེ། དེ་ཕྲ་བ་ལ་མཉམ་པར་བཞག་པའི་སེམས་དང་། མི་གཡོ་བའི་སེམས་དང་། རབ་ཏུ་དགའ་བའི་སེམས་དང་། དབུགས་ཕྱིན་པའི་སེམས་དང་། དཔག་ཏུ་མེད་པའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་བའི་སེམས་དང་། ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་ཟབ་པ་ལ་དམིགས་པའི་སེམས་དང་། བྱམས་པའི་རྗེས་སུ་འགྲོ་བའི་ཚུལ་རྒྱ་མཚོ་ལ་ཞུགས་པའི་སེམས་དང་། མངོན་པར་ཞེན་པ་ཐམས་ཅད་ལས་གྱེན་དུ་འཕགས་པའི་སེམས་དང་། འཇིག་རྟེན་གྱི་ཡུལ་ཐམས་ཅད་ལ་མི་གནས་པའི་སེམས་དང་། དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པའི་སེམས་དང་། སངས་རྒྱས་ཐམས་ཅད་ཀྱི་གཟུགས་དང་། ཁ་དོག་རྒྱ་མཚོས་སྣང་བར་གྱུར་པའི་སེམས་དང་། འཁྲུག་པ་མེད་པའི་སེམས་དང་། གཡོ་བ་མེད་པའི་སེམས་དང་། ཁོང་ཁྲོ་བ་མེད་པའི་སེམས་དང་། མཐོན་དམན་མེད་པའི་སེམས་དང་། མི་སྐྱོ་བའི་སེམས་དང་། མི་ཟློགས་པའི་སེམས་དང་། ཞུམ་པ་མེད་པའི་སེམས་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པའི་སེམས་དང་། ཆོས་ཐམས་ཅད་ཀྱི་ཚུལ་རྒྱ་མཚོའི་རྗེས་སུ་སོང་བའི་སེམས་དང་། ཆོས་ཐམས་ཅད་རབ་ཏུ་འབྱེད་པའི་ཚུལ་ཀྱི་རྗེས་སུ་སོང་བའི་སེམས་དང་། སེམས་ཅན་རྒྱ་མཚོ་ཐམས་ཅད་ལ་འཇུག་པའི་སེམས་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་དང་། སངས་རྒྱས་རྒྱ་མཚོ་མང་པོའི་སྣང་བ་ཡོངས་སུ་སྐྱེས་པའི་སེམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་རྒྱ་མཚོ་ལ་འཇུག་པའི་སེམས་དང་། སྒྲིབ་པ་ཐམས་ཅད་ཀྱི་རི་རྣམ་པར་འཐོར་བའི་སེམས་དང་།
བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡང་དག་པར་སྒྲུབ་པའི་སེམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤོབས་པ་མངོན་སུམ་དུ་གྱུར་པའི་སེམས་དང་། བྱང་ཆུབ་སེམས་དཔའི་ཡུལ་ཐམས་ཅད་ལ་སྣང་བ་ཐོབ་པའི་སེམས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་འཕེལ་བར་བྱེད་པའི་སེམས་དང་། ཕྱོགས་རྒྱ་མཚོ་ཐམས་ཅད་རྒྱས་པར་འགེངས་པའི་སེམས་དང་ལྡན་པས་ཀུན་ཏུ་བཟང་པོའི་སྨོན་ལམ་ཆེན་པོ་ལ་ལྷག་པར་དམྱིགས་པར་བྱ་བས་སྨོན་ལམ་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་མངོན་པར་སྒྲུབ་སྟེ། འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་བྱ་བ་དང་། ཆོས་ཀྱི་དབྱིངས་འབྱམ་ཀླས་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ལ་འཇུག་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཕྱི་མའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ལ་ཕྱི་མའི་མཐའི་བསྐལ་པར་གནས་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འགྲོ་བར་བྱ་བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོར་བྱ་བ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་བསྒྲུབ་པ་དང་། རྣམ་པར་འཚང་རྒྱ་བར་བྱ་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་པར་བྱ་བའི་ཕྱིར། དེ་དག་ལ་སྩོགས་པ་སྨོན་ལམ་མངོན་པར་བསྒྲུབ་པའི་སྒོ་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་སྨོན་ལམ་མངོན་པར་སྒྲུབ་པར་གྱུར་ཏོ། །དེའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་མངོན་
པར་བསྒྲུབ་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོས་སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་བསྐུལ་བ་མཛད་དོ། །རབ་ཏུ་བསྟན་པ་མཛད་དོ། །ཡོངས་སུ་བསྟན་པ་མཛད་དོ། །རྣམ་པར་དབྱེ་བ་མཛད་དོ། །རྣམ་པར་དགྲོལ་བ་མཛད་དོ། །ཡང་དག་པར་བསྟན་པར་མཛད་དོ། །ཆུད་ཟ་བར་མི་འགྱུར་བར་བྱ་བའི་ཕྱིར་རབ་ཏུ་བརྟན་པར་མཛད་དོ། །རྒྱ་ཆེན་པོར་ཁྱབ་པར་བྱ་བའི་ཕྱིར་ཤིན་ཏུ་ཡངས་པར་མཛད་དོ། །ཐམས་ཅད་མཁྱེན་པ་ཉིད་ལྷུར་ལེན་པར་བྱ་བའི་ཕྱིར་རབ་ཏུ་གནས་པར་མཛད་དེ། དེ་ནི་འདི་ལྟ་སྟེ། ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་བ་ཕྱིན་ཅད་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་རྒྱ་མཚོ་གྲངས་མེད་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་རོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་དེའི་ཡང་ཕ་རོལ་གྱི་བསྐལ་པ་བཅུ་པ་ལ་འཇིག་རྟེན་གྱི་ཁམས་རིན་ཆེན་ཉི་མའི་འཁོར་ལོ་རྣམ་པར་སྣང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་དཔལ་གྱི་དཔལ་གྱི་གསུང་རབ་ལ་བུ་མོ་ཡེ་ཤེས་ཀྱི་འོད་ཀུན་ཏུ་འཕྲོ་བ་པདྨོ་བཟང་མོ་མིག་ཡིད་དུ་འོང་བའི་དཔལ་གྱི་ཟླ་བ་དེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡོངས་སུ་བསྐུལ་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་པདྨོ་ལ་བཞུགས་པ་ཞིག་བཅོས་སོ། །བཅོས་ནས་ཀྱང་རི་མོ་བྲིས་སོ། །རི་མོ་བྲིས་ནས་ཀྱང་རིན་པོ་ཆེས་ཤིན་ཏུ་བརྒྱན་ཏོ། །དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའང་སེམས་བསྐྱེད་དོ། །དེ་དགེ་བའི་རྩ་བ་དེས་ལོག་པར་མི་ལྟུང་བའི་ཆོས་ཅན་དུ་གྱུར་ཏེ། རྟག་ཏུ་ལྷའི་དབང་པོའི་རིགས་དང་མིའི་དབང་པོའི་རིགས་སུ་སྐྱེས་པར་གྱུར་ཏོ། །ཐམས་ཅད་དུ་ཡང་གཟུགས་མཛེས་ཤིང་སྡུག་ལ་བལྟ་ན་ཡིད་དུ་འོང་བ་དང་། ཁ་དོག་བཟང་པོ་ཤིན་ཏུ་རྒྱས་པ་དམ་པ་དང་ལྡན་པར་གྱུར་ཏེ། རྟག་ཏུ་དེ་བཞིན་གཤེགས་པ་མཐོང་བ་དང་། བྱང་ཆུབ་
སེམས་དཔའ་ཀུན་ཏུ་བཟང་པོ་དང་ཡང་བྲལ་བར་མ་གྱུར་ཏོ། །དགེ་བའི་བཤེས་གཉེན་དེ་ཉིད་ཀྱིས་ཚེ་རབས་དེ་དང་དེ་དག་དུ་ཡོངས་སུ་སྨིན་པར་བྱས་སོ། །དྲན་པར་བྱས་སོ། །ད་ཡང་དེས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡོངས་སུ་བསྙེན་བཀུར་ཏེ། ཡིད་འབྱུང་བར་མ་བྱས་སོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པདྨོ་དཔལ་གྱི་གཙུག་ཕུད་སྙིང་པོ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་ནི། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་ནི། དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བ་རིན་ཆེན་པདྨོ་དཔལ་གྱི་གཙུག་ཕུད་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོའི་བཙུན་མོ་དཔལ་གྱི་བཞིན་ཡོངས་སུ་རྒྱས་པ་ཞེས་བྱ་བ་བྱུང་བ་དེ། གཞན་ཞིག་ཡིན་སྙམ་དུ་སེམས་ན་ཡང་དེ་ལྟར་མི་བལྟ་སྟེ། མཚན་མོའི་ལྷ་མོ་ཁོ་མོའི་དྲུང་ན་འདུག་པ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པ་འདི་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུ་མོ་ཡེ་ཤེས་ཀྱི་འོད་ཀུན་ཏུ་འཕྲོ་བ། པདྨོ་བཟང་མོ་མིག་ཡིད་དུ་འོང་བའི་དཔལ་གྱི་ཟླ་བ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་ནི་དེ་ལྟར་མི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུ་མོ་ཡེ་ཤེས་ཀྱི་འོད་ཀུན་ཏུ་འཕྲོ་བ། པདྨོ་བཟང་མོ་མིག་ཡིད་དུ་འོང་བའི་དཔལ་གྱི་ཟླ་བ་ཞེས་བྱ་བར་གྱུར་ཏོ། །ཁོ་མོ་བུ་མོ་གཞོན་ནུར་གྱུར་ཏེ། དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་དཔལ་གྱི་དཔལ་གྱི་གསུང་རབ་ལ་དེ་བཞིན་གཤེགས་པའི་སྐུ་པདྨོ་ལ་བཞུགས་པ་བཅོས་པ་དེ་ནི་ཁོ་མོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། ཁོ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྐུལ་བ་དེ་ནི། ཁོ་མོས་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་ཡིན་ནོ། །ཁོ་མོས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཡེ་ཤེས་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་བའི་དཔལ་ཡོན་ཏན་དཔལ་གྱི་རྒྱལ་པོའི་དྲུང་དུ་ཕྱིན་ཏེ། རྒྱན་གྱིས་གཏོར་ནས་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་མཐོང་བར་གྱུར་ཏེ། ཁོ་མོས་བཅོམ་ལྡན་འདས་དེའི་དྲུང་ནས་ཆོས་ཐོས་པར་གྱུར་པ་དེའི་ཚེ། ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པས་འགྲོ་བ་རྣམ་པར་འདུལ་བ་སྟོན་པ་འདི་ཐོབ་བོ། །དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་དག་ཐམས་ཅད་ཀྱང་བསྙེན་བཀུར་ཏེ། ཡོ་བྱད་དང་མཆོད་ཅིང་རིམ་གྲོར་བྱ་བ་ཐམས་ཅད་ཀྱིས་ཀྱང་བཀུར་སྟིར་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་གིས་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་ཁོ་མོས་ཐོས་ཏེ། དེ་བཞིན་གཤེགས་པ་དེ་དག་གི་གདམས་ངག་དང་རྗེས་སུ་བསྟན་པ་ལའང་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་ལ་ཁོ་མོས་རིམ་གྲོ་ཆེར་བྱས་ཏེ། རིམ་གྲོ་དེའི་རྣམ་པས་སེམས་ཀྱི་སྐད་ཅིག་གཅིག་ལ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དེ་དག་དང་། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་མཐོང་སྟེ། འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་ཁམས་དེ་ནི་འདས་པར་གྱུར། བསྐལ་པ་རྡུལ་དང་བྲལ་བའི་དཀྱིལ་འཁོར་དེ་ནི་མཐར་ཕྱིན་པར་གྱུར་ནས། དེའི་རྗེས་ལ་འཇིག་རྟེན་གྱི་ཁམས་ནི་རིན་ཆེན་འཁོར་ལོ་སྣ་ཚོགས་ཀྱིས་ཀླུབས་ཤིང་བརྒྱན་པ་ཞེས་བྱ། བསྐལ་པ་ནི་འོད་ཆེན་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ལ་སངས་རྒྱས་ལྔ་བརྒྱ་བྱུང་བར་གྱུར་ཏོ། །དེ་དག་ཐམས་ཅད་ཀྱང་ཁོ་མོས་བསྙེན་བཀུར་ཏེ། བསྐལ་པ་འོད་ཆེན་པོ་དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་སྤྲིན་གྱི་རྒྱལ་མཚན་ཞེས་བྱ་བ་བསྐལ་པའི་དང་པོ་ལ་བྱུང་སྟེ། དེ་མངོན་པར་བྱུང་བའི་ཚེ། ཁོ་མོ་མཚན་མོའི་ལྷ་མོར་གྱུར་པས་མཆོད་པ་བྱས་སོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྡོ་རྗེ་མཐུ་བོ་ཆེའི་དཔལ་ཞེས་བྱ་བ་བྱུང་སྟེ། དེ་ལ་ཁོ་མོ་འཁོར་ལོས་སྒྱུར་བར་གྱུར་པས་མཆོད་པ་བྱས་
སོ། །དེ་བཞིན་གཤེགས་པ་དེས་ཁོ་མོ་ལ་མདོ་སྡེ་སངས་རྒྱས་ཐམས་ཅད་སྐྱེ་ཞིང་འབྱུང་བ་ཞེས་བྱ་བ། མདོ་སྡེ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་དང་བཅས་པ་ཡང་དག་པར་བསྟན་ཏེ། དེ་ཡང་ཁོ་མོས་ཐོས་ནས་ཡོངས་སུ་བཟུང་ངོ་། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མེའི་འོད་འཕྲོ་རིའི་དཔལ་གྱིས་རྣམ་པར་བརྒྱན་པ་ཞེས་བྱ་བ་བྱུང་སྟེ་དེ་ལ་ཁོ་མོ་ཚོང་དཔོན་གྱི་བུ་མོར་གྱུར་པས་མཆོད་པ་བྱས་སོ། །དེ་བཞིན་གཤེགས་པ་དེས་ཁོ་མོ་ལ་མདོ་སྡེ་དུས་གསུམ་སྣང་བའི་སྙིང་པོ་ཞེས་བྱ་བ། མདོ་སྡེ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་དང་བཅས་པ་ཡང་དག་པར་བསྟན་ཏེ། དེ་ཡང་ཁོ་མོས་ཐོས་ནས་ཡོངས་སུ་བཟུང་ངོ་། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ཐམས་ཅད་ཀྱིས་མངོན་པར་འཕགས་པའི་ཤུགས་ཀྱི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། དེ་ལ་ཁོ་མོ་ལྷའི་རྒྱལ་པོར་གྱུར་པས་མཆོད་པ་བྱས་སོ། །དེ་བཞིན་གཤེགས་པ་དེས་ཁོ་མོ་ལ་མདོ་སྡེ་ཆོས་ཀྱི་དབྱིངས་ཀྱི་གཞི་ཐམས་ཅད་ཤེས་པའི་བྱེ་བྲག་ཅེས་བྱ་བ་མདོ་སྡེ་ལྔ་བརྒྱའི་འཁོར་དང་བཅས་པ་ཡང་དག་པར་བསྟན་ཏེ། དེ་ཡང་ཁོ་མོས་ཐོས་ནས་ཡོངས་སུ་བཟུང་ངོ་། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཟབ་མོའི་དཔལ་རྒྱ་མཚོས་ཡང་དག་པར་འབྱུང་བའི་འོད་ཅེས་བྱ་བ་བྱུང་སྟེ། དེ་ལ་ཁོ་མོ་ཀླུའི་དབང་པོའི་བུ་མོར་གྱུར་པས། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་སྤྲིན་གྱི་ཆར་མངོན་པར་ཕབ་སྟེ་མཆོད་པ་བྱས་སོ། །དེ་བཞིན་གཤེགས་པ་དེས་ཁོ་མོ་ལ་མདོ་སྡེ་དགའ་བ་རྒྱ་མཚོ་རྣམ་པར་འཕེལ་བའི་ཤུགས་ཤེས་བྱ་བ་མདོ་སྡེ་བྱེ་བ་བརྒྱ་སྟོང་ཕྲག་བཅུའི་འཁོར་དང་བཅས་པ་ཡང་དག་པར་བསྟན་ཏེ། དེ་ཡང་ཁོ་མོས་ཐོས་ནས་ཡོངས་སུ་བཟུང་ངོ་། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་རི་བོའི་སྤོའི་འོད་ཟེར་སྒྲོན་མ་ཞེས་བྱ་བ་བྱུང་སྟེ། དེ་ལ་ཁོ་མོ་རྒྱ་མཚོའི་ལྷ་མོར་གྱུར་པས། རིན་པོ་ཆེའི་པདྨོའི་སྤྲིན་གྱི་ཆར་གྱིས་ཉེ་བར་བསྙེན་ཏེ་མཆོད་པ་བྱས་སོ། །དེ་བཞིན་
གཤེགས་པ་དེས་ཁོ་མོ་ལ་མདོ་སྡེ་ཆོས་ཀྱི་དབྱིངས་རྒྱ་མཚོའི་ཚུལ་ཞེས་བྱ་བ་མདོ་སྡེ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་དང་བཅས་པ་ཡང་དག་པར་བསྟན་ཏེ། དེའང་ཁོ་མོས་ཐོས་ནས་ཡོངས་སུ་བླངས་སོ། །དྲན་པས་ཡང་དག་པར་བཟུང་ངོ་། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སྣང་བའི་དཀྱིལ་འཁོར་གྱི་དཔལ་ཞེས་བྱ་བ་བྱུང་སྟེ། དེ་ལ་ཁོ་མོ་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་པ། དྲང་སྲོང་སྟོང་ཕྲག་དྲུག་ཅུས་ཀུན་ནས་བསྐོར་བས་རྫུ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པ་ཉེ་བར་བསྟན་ཏེ། སྤོས་ཀྱི་མེ་ཏོག་རི་བོ་ཙམ་གྱི་སྤྲིན་གྱི་ཆར་མངོན་པར་ཕབ་སྟེ། མཆོད་པ་བྱས་སོ། །དེ་བཞིན་གཤེགས་པ་དེས་ཁོ་མོ་ལ་མདོ་སྡེ་ཆོས་གནས་མེད་པའི་སྒྲོན་མ་ཞེས་བྱ་བ་མདོ་སྡེ་སྟོང་ཕྲག་བཅུའི་འཁོར་དང་བཅས་པ་ཡང་དག་པར་བསྟན་སྟེ། དེ་ཡང་ཁོ་མོས་ཐོས་ནས་ཡོངས་སུ་བཟུང་ངོ་། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དཔལ་གྱི་སྙིང་པོ་ཞེས་བྱ་བ་བྱུང་སྟེ། ཁོ་མོ་ཡང་མཉམ་པ་ཉིད་ཀྱི་དོན་འབྱུང་བ་ཞེས་བྱ་བའི་སའི་ལྷ་མོ་ཞིག་ཏུ་གྱུར་ནས། ཁོ་མོ་སའི་ལྷ་མོའི་འཁོར་གྲངས་མེད་པ་དང་བཅས་པས་རིན་པོ་ཆེའི་ཤིང་ཐམས་ཅད་ཀྱི་ལྷུན་ལས་རིན་པོ་ཆེའི་མེ་ཏོག་གི་སྤྲིན་གྱི་ཆར་མངོན་པར་ཕབ་སྟེ་རིན་པོ་ཆེའི་ཕྲེང་བའི་སྤྲིན་གྱི་ཆར་ཡང་རབ་ཏུ་ཕབ་ནས། དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་སྤྱན་སྔར་ཕྱིན་ཏོ། །དེ་བཞིན་གཤེགས་པ་དེས་ཁོ་མོ་ལ་མདོ་སྡེ་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འབྱུང་བའི་གནས་ཀྱི་སྙིང་པོ་ཞེས་བྱ་བའི་མདོ་སྡེ་གྲངས་མེད་པའི་འཁོར་དང་བཅས་པ་ཡང་དག་པར་བསྟན་ཏེ། དེ་ཡང་ཁོ་མོས་ཐོས་ནས་བཟུང་སྟེ་ཆུད་ཟོས་པར་མ་བྱས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱི་ཐ་མར་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ནམ་མཁའ་མཛོད་སྤུས་ཡོངས་སུ་རྒྱས་པའི་རྩེ་མོ་དཔལ་གྱི་སྒྲོན་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཁོ་མོ་ཡང་གར་མཁན་གྱི་བུ་མོ་བཞིན་མངོན་པར་
མཛེས་པའི་དཔལ་ཞེས་བྱ་བ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་དེ་གྲོང་ཁྱེར་དུ་གཤེགས་ནས། གར་མཁན་གྱི་ཚོགས་ཀྱིས་རོལ་མོ་བྱས་པའི་ཚེ། ཁོ་མོས་སངས་རྒྱས་ཀྱི་བྱིན་གྱིས་སྟེང་གི་ནམ་མཁའི་དབྱིངས་ལས། ཚིགས་སུ་བཅད་པ་སྟོང་གིས་དེ་བཞིན་གཤེགས་པ་དེ་ལ་མངོན་པར་བསྟོད་དེ་སྤྱན་སྔར་ཕྱིན་ཏོ། །དེ་བཞིན་གཤེགས་པ་དེས་མཛོད་སྤུ་ནས་འོད་ཟེར་ཆོས་ཀྱི་དབྱིངས་རྣམ་པར་སྣང་བའི་རྒྱན་ཅེས་བྱ་བ་བཀྱེ་སྟེ། ཁོ་མོའི་ལུས་ཐམས་ཅད་ཀྱང་སྣང་བར་མཛད་དོ། །འོད་ཟེར་དེས་ཁོ་མོ་ལ་ཕོག་མ་ཐག་ཏུ་རྣམ་པར་ཐར་པ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཡོངས་སུ་འཁྱིལ་བའི་སྙིང་པོ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པ་དེ་དག་ལ་སྩོགས་པ་བསྐལ་པ་འོད་ཆེན་པོ་ལ་འཇིག་རྟེན་གྱི་ཁམས་རིན་ཆེན་འཁོར་ལོ་སྣ་ཚོགས་ཀྱིས་ཀླུབས་ཤིང་བརྒྱན་པར་སངས་རྒྱས་ལྔ་བརྒྱ་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་མཉེས་པར་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ལ་ཁོ་མོས་མཆོད་པ་ཡང་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་གིས་ཁོ་མོ་ལ་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་དྲན་ཏེ། ཆོས་ཀྱི་ཚུལ་དེ་དག་ལས་ཡི་གེ་འགའ་འམ། ཚིག་འགའ་ཡང་བརྗེད་པར་མ་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་རེ་རེའི་དྲུང་དུ་འགྲོ་བའི་ཚེ་ཡང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བརྗོད་པར་བྱ་བས་སེམས་ཅན་ཚད་མེད་པའི་དོན་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་རེ་རེ་ལ་ཡང་ཁོ་མོས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྒྱ་མཚོ་དུས་གསུམ་གྱི་ཡེ་ཤེས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་ཡངས་པ་ཞེས་བྱ་བའི་ཐམས་ཅད་མཁྱེན་པའི་གློག་མངོན་པར་སྣང་བ་ཀུན་ཏུ་བཟང་པོའི་སྤྱོད་པ་ཐམས་ཅད་ལ་གནས་པར་ཡང་དག་པར་གཞོལ་བ་ཐོབ་པར་གྱུར་ཏེ། རིགས་ཀྱི་བུ་ཁོ་མོ་ལ་ནི་ད་ལྟར་ཡང་སེམས་ཀྱི་སྐད་ཅིག་རེ་རེ་ལ་དེ་བཞིན་གཤེགས་པ་མཐའ་དང་དབུས་མེད་པ་ཡོངས་སུ་སྣང་སྟེ། དེ་བཞིན་གཤེགས་པ་དེ་དག་ཁོ་མོས་མཐོང་བར་གྱུར་པས་ཐམས་ཅད་མཁྱེན་པའི་གློག་མངོན་པར་སྣང་བ། སྔན་ཆད་མ་ཐོབ་པ་སྔན་ཆད་མ་མཐོང་བ་དག་ཀྱང་ཁོ་མོའི་སེམས་ཀྱི་རྒྱུད་ལ་གནས་པར་གྱུར་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་གཡོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པའི་གློག་མངོན་
པར་སྣང་བ་ཐོབ་པ་འདི་ནི་མཐའ་དང་དབུས་མེད་པར་བསྟན་པའོ། །དེ་ནས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་ཀྱི་དཔལ་གྱིས་དེའི་ཚེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པས། འགྲོ་བ་རྣམ་པར་འདུལ་བ་ཞེས་བྱ་བ་འདི་བརྣན་ཏེ་བསྟན་པ་དང་། རྣམ་པར་དབྱེ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། །ཟབ་མོ་བལྟ་དཀའ་ཁོང་དུ་ཆུད་དཀའ་སྟེ། །དུས་གསུམ་དབྱིངས་ཀུན་ཐ་དད་ཚུལ་ལྡན་ལ། །ཆོས་འོད་དཀྱིལ་འཁོར་ཀུན་ཏུ་འོད་འབྱུང་བའི། །ཁོ་མོའི་ཚིག་འདི་ནོར་བཟངས་མཉན་པར་གྱིས། །སངས་རྒྱས་ཡོན་ཏན་འདོད་པས་བྱང་ཆུབ་ཏུ། །ཁོ་མོས་ཐོག་མ་ཇི་ལྟར་སེམས་བསྐྱེད་དང་། །ཇི་ལྟར་ཁོ་མོས་རྣམ་ཐར་འདི་ཐོབ་པ། །དེ་དག་རྣམ་པར་ཕྱེ་བའི་ཚུལ་འདི་ཉོན། །འདི་ནས་སངས་རྒྱས་ཞིང་གི་རྡུལ་སྙེད་ཀྱི། །བསྐལ་པ་གཅིག་ནས་གཅིག་བརྒྱུད་ཕ་རོལ་ཏུ། །འཇིག་རྟེན་ཁམས་ཡངས་དྲི་མའི་སྐྱོན་མེད་པ། །རྣམ་སྣང་རྒྱལ་མཚན་སྒྲོན་མའི་དཔལ་བྱུང་སྟེ། །བསྐལ་པ་རྡུལ་དང་བྲལ་བའི་དཀྱིལ་འཁོར་བྱུང་། །དེ་ལ་སངས་རྒྱས་རིགས་ནི་རྒྱུན་མ་ཆད། །དེ་ཚེ་རི་རབ་རྡུལ་ཕྲན་རབ་སྙེད་ཀྱི། །སྟོབས་བཅུ་སྐྱོན་མེད་མང་པོ་བྱུང་བར་གྱུར། །དེ་ལ་བདེ་གཤེགས་ཐོག་མར་རིན་ཆེན་འོད། །ཀུན་ཏུ་འཕྲོ་དཔལ་ཡོན་ཏན་དཔལ་རྒྱལ་བྱུང་། །རྒྱལ་བ་ཆོས་ཀྱི་རྒྱལ་མཚན་རི་རབ་དཔལ། །ཡོན་ཏན་སེང་གེའི་དབང་པོ་རྒྱལ་བ་ཞི། །རྒྱལ་བ་ཞི་བའི་རྒྱལ་པོ་སྐྱེ་བཅིལ་དང་། །གྲགས་པའི་རི་བོ་ཡོན་ཏན་རི་རབ་དཔལ། །རྒྱལ་བ་ཉི་མ་ཟླ་ཞལ་བཅོམ་ལྡན་འདས། །བཅུ་པོ་དེ་དག་ཚུལ་འདི་ཐོག་མའོ། །རྒྱལ་བ་ནམ་མཁའི་གཞི་དང་ཀུན་ནས་འོད། །
ཕྱོགས་སུ་ཡོངས་བྱུང་དྲན་པ་རྒྱ་མཚོའི་སྒོ། །རྒྱལ་བ་མངོན་འཕགས་འོད་མངའ་རི་རབ་དཔལ། །བདེ་གཤེགས་ཆོས་ཀྱི་འོད་འཕྲོ་རི་བོ་དཔལ། །ཐུགས་རྗེ་ཆེ་མངའ་དགུ་པ་པདྨོས་འཕགས། །སངས་རྒྱས་བཅུ་པ་ཆོས་དབྱིངས་མེ་ཏོག་སྟེ། །སངས་རྒྱས་རྒྱ་མཚོ་ཡོངས་སུ་བརྗོད་པ་ལས། །ཚུལ་འདི་བཅུ་པ་གཉིས་པ་འདི་ཡིན་ནོ། །འོད་དཔལ་རྒྱལ་པོ་ཡེ་ཤེས་བློ་གྲོས་དང་། །སྣ་ཚོགས་དོན་དབང་དཔལ་གྱི་བློ་གྲོས་ལྷ། །རྒྱལ་བ་ཤུགས་ཀྱི་རྒྱལ་བློ་ཡེ་ཤེས་དཔལ། །སྣང་བའི་རྒྱལ་པོ་འོད་ཀྱི་རྒྱལ་མཚན་དཔལ། །རྒྱལ་བ་རྣམ་པར་གནོན་པའི་ལྷ་སྟབས་དང་། །དེ་བཞིན་ཆོས་དབྱིངས་པདྨོ་བཅུ་པ་སྟེ། །རྒྱ་ཆེན་ཡོངས་སུ་བསྟན་ལས་ཚུལ་འདི་ནི། །ཚུལ་འདིར་བཅུ་པ་གསུམ་པ་བསྟན་པའོ། །རིན་ཆེན་འོད་འཕྲོ་རི་དཔལ་བཅོམ་ལྡན་འདས། །དེ་ཡི་འོག་མ་ཡོན་ཏན་རྒྱ་མཚོ་དཔལ། །ཆོས་ཀྱི་འོད་དང་པདྨོ་སྙིང་པོ་དཔལ། །འགྲོ་བའི་ཟླ་བ་སྤྱན་ཚུལ་བདེ་བར་གཤེགས། །སྤོས་ཀྱི་འོད་དང་རིན་ཅེན་རི་རབ་དཔལ། །རྒྱལ་བ་དྲི་ཟ་ལུས་འོད་རྒྱལ་པོ་དང་། །རིན་ཆེན་སྙིང་པོ་རྒྱལ་དཔལ་གཟི་བརྗིད་ལྡན། །རྒྱལ་བ་བཅུ་པ་ཞི་བའི་གཟུགས་ཀྱི་སྟབས། །དེ་ཡི་འོག་མ་རྒྱལ་བ་རྒྱ་ཆེན་བློ། །རིན་ཆེན་འོད་དང་ནམ་མཁའི་སྤྲིན་གྱི་དཔལ། །རྒྱལ་བ་དམ་པའི་མཚན་གྱི་དཔལ་གྱུར་དང་། །བརྟུལ་ཞུགས་དཀྱིལ་འཁོར་རང་གི་ལུས་ཀྱི་འོད། །མཐུ་ཆེན་བརྟུལ་ཞུགས་རི་རབ་དཔལ་མངའ་དང་། །རྒྱལ་བ་ཡོན་ཏན་འཁོར་ཡུག་དཔལ་གྱི་རྒྱལ། །བཅོམ་ལྡན་མི་ཕམ་བརྟུལ་ཞུགས་རྒྱལ་མཚན་དང་། །ཤིང་གི་རི་བོ་རྒྱལ་བ་དེ་དག་བཅུ། །རྒྱལ་བ་སཱ་ལའི་རྒྱལ་པོ་དཔལ་གྱི་མཆོག །འཇིག་རྟེན་དབང་པོའི་ལུས་ནི་སྣང་བའི་འོད། །མངོན་པར་འཕགས་འོད་དཔལ་གྱི་བཅོམ་ལྡན་འདས། །རྡོ་རྗེ་འོད་དང་ས་ཡི་གཟི་བརྗིད་དཔལ། །རྒྱལ་བ་ཟབ་ཆོས་འོད་ཀྱི་རྒྱལ་པོ་དཔལ། །ཆོས་ཀྱི་རྒྱ་མཚོ་དབྱངས་ཀྱི་བློ་གྲོས་དང་། །རི་རབ་རྒྱལ་མཚན་དཔལ་དང་བློ་གྲོས་སྣང་། །རྒྱལ་བ་བཅུ་པ་རིན་ཆེན་རྒྱལ་པོ་དཔལ། །ཚངས་པའི་འོད་དང་རྒྱལ་བ་
ནམ་མཁའ་དབྱིངས། །དེ་བཞིན་ཆོས་ཀྱི་དབྱིངས་ནི་གཟུགས་བརྙན་དཔལ། །སྣང་བའི་དཀྱིལ་འཁོར་འོད་ཀྱི་བཅོམ་ལྡན་འདས། །ཐ་དད་ཕྱོགས་མཁྱེན་ཡེ་ཤེས་བློ་གྲོས་དང་། །ནམ་མཁའི་སྒྲོན་མ་མངོན་པར་དགའ་བའི་དཔལ། །རྣམ་པར་སྣང་མཛད་འོད་དཔལ་བདེ་བར་གཤེགས། །བསོད་ནམས་རབ་ཏུ་སྣང་དཔལ་ཞི་བའི་དཔལ། །བཅུ་པར་སྙིང་རྗེ་ཆེན་པོའི་སྤྲིན་གྱི་དཔལ། །དེ་བཞིན་ཉིད་འོད་སྟོབས་སྣང་བློ་གྲོས་དང་། །རྒྱལ་བ་འགྲོ་བ་ཐམས་ཅད་མངོན་གཟུགས་དང་། །དེ་ཚེ་རྒྱལ་བ་མངོན་འཕགས་འོད་མང་འབྱུང་། །དེ་ཡི་འོག་མ་ཞི་བའི་སྐུ་ཡི་འོད། །ཆོས་འཕགས་བདེ་གཤེགས་དེ་བཞིན་བྱུང་བར་འགྱུར། །དེ་ཡི་འོག་མ་རླུང་གི་དྲག་ཤུལ་དཔལ། །དཔའ་བའི་རྒྱལ་མཚན་རིན་ཆེན་ལུས་ཀྱི་དཔལ། །དུས་གསུམ་སྣང་བའི་འོད་ནི་བཅུ་པའོ། ། སྨོན་ལམ་རྒྱ་མཚོ་རབ་ཏུ་སྣང་དཔལ་དང་། །གཉིས་པ་ དགོངས་པ ་རྡོ་རྗེ་རི་བོ་དཔལ། །རྒྱལ་བ་གསུམ་པ་སེང་གེ་རི་རབ་དཔལ། །དྲན་པའི་རྒྱལ་མཚན་རྒྱལ་པོ་ཆོས་དཔལ་བློ། །ཤེས་རབ་སྒྲོན་མ་འོད་ཀྱི་རྒྱལ་མཚན་དཔལ། །དེ་ཡི་འོག་མ་རྒྱལ་བ་རྒྱ་ཆེན་བློ། །རྒྱལ་བ་ཆོས་དབྱིངས་ཚུལ་གྱི་ཡེ་ཤེས་སྟབས། །ཆོས་ཀྱི་རྒྱ་མཚོ་བློ་གྲོས་ཡེ་ཤེས་དཔལ། །ཆོས་འཛིན་པ་དང་རིན་ཆེན་སྦྱིན་དཔལ་དང་། །རྒྱལ་བ་ཡོན་ཏན་ཁོར་ཡུག་དཔལ་གྱི་སྤྲིན། །བཟོད་པའི་སྒྲོན་མ་དཔལ་དང་གཟི་བརྗིད་ལྡན། །ཤུགས་འོད་ཞི་གནས་དབྱངས་ཀྱི་རྒྱལ་བ་དང་། །ཞི་བའི་རྒྱལ་མཚན་འགྲོ་བའི་སྒྲོན་མ་དཔལ། །སངས་རྒྱས་སྨོན་ལམ་ཆེན་པོ་ཤུགས་ཀྱི་དཔལ། །བཅོམ་ལྡན་གཞན་གྱིས་མི་ཐུབ་རྒྱལ་མཚན་སྟོབས། །རྒྱལ་བ་ཡེ་ཤེས་འོད་འཕྲོ་རྒྱ་མཚོ་དཔལ། །རྒྱལ་བ་ཆོས་དབང་བློ་གྲོས་ཆགས་པ་མེད། །འགྲོ་སྐད་རྒྱ་མཚོ་དབྱངས་ཀྱི་བློ་གྲོས་དང་། །ཐམས་ཅད་དབྱངས་ཀྱི་ཡན་ལག་སྒྲ་སྐད་དཔལ། །དབང་སྒྱུར་མཆོད་སྦྱིན་གྲགས་པའི་མཆོད་སྡོང་བློ། །ཕྱོགས་ཡུལ་འགྲོ་བ་མངོན་སུམ་བཅོམ་ལྡན་འདས། །སེམས་ཅན་བསམ་པར་མཉམ་པ་སྐུ་ཡི་དཔལ། །གཞན་ཡང་སངས་
རྒྱས་གནས་དང་བཅས་པའི་དཔལ། །རྒྱལ་བ་རང་བཞིན་ལུས་དཔལ་བཟང་པོ་དང་། །དེར་ནི་རྒྱལ་བ་དེ་ལ་སྩོགས་པ་བྱུང་། །དེ་དག་བྱུང་ནས་འགྲོ་བ་སྒྲོན་མ་མཛད། །བསྐལ་པ་རི་རབ་ཤིན་ཏུ་ཕྲ་རྡུལ་སྙེད། །བདག་གིས་རྒྱལ་བ་རྒྱ་མཚོ་དེ་དག་མཆོད། །བསྐལ་པ་སངས་རྒྱས་ཞིང་གི་རྡུལ་སྙེད་པོ། །དེ་དག་དུ་ནི་རྒྱལ་བ་གང་བྱུང་བ། །བདེ་གཤེགས་དེ་དག་ཐམས་ཅད་བདག་གིས་མཆོད། །རྣམ་པར་ཐར་པའི་ཚུལ་ནི་འདི་ལ་ཞུགས། །རྣམ་པར་ཐར་པའི་ཚུལ་འདི་སྒོམ་བྱེད་ཅིང་། །བསྐལ་པ་མཐའ་ཡས་བདག་གི་སྔོན་སྤྱད་ཀྱིས། །ཁྱོད་ཀྱིས་ཐོས་ནས་ནན་ཏན་མྱུར་གྱིས་ཤིག །ཚུལ་འདི་རིང་པོ་མི་ཐོགས་ཐོབ་པར་འགྱུར། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པས། འགྲོ་བ་རྣམ་པར་འདུལ་བ་སྟོན་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་མཐའ་དང་དབུས་མེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་མོས་པ་སྣ་ཚོགས་ཀྱིས་ཡང་དག་པར་གནས་པ། བསམ་པ་སྣ་ཚོགས་ཀྱི་ལུས་དང་ལྡན་པ། དབང་པོ་རྒྱ་མཚོ་སྣ་ཚོགས་ཡོངས་སུ་གྲུབ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་སྣ་ཚོགས་ཤིན་ཏུ་རྟོགས་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་སྙིང་པོ་བྱང་ཆུབ་འདི་ཉིད་ན་ཁོ་མོ་དང་རྒྱང་མི་རིང་བ་ཞིག་ན་མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པ་ཞེས་བྱ་བ་པདྨོའི་ཁྲི་རིན་པོ་ཆེའི་རྒྱལ་པོ་སྣང་བའི་རྒྱལ་མཚན་གྱིས་རབ་ཏུ་བརྒྱན་པ་ཞིག་ལ་འདུག་ཅིང་། མཚན་མོའི་ལྷ་མོ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུའི་འཁོར་གྱིས་བསྐོར་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་
བརྗིད་དཔལ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་གྱི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པས་འགྲོ་བ་རྣམ་པར་འདུལ་བ་དེ་ལ་ཡོངས་སུ་སྒོམ་ཞིང་ཁོང་དུ་ཆུད་པར་བྱ་བ་དང་། ཡིད་ཆེས་པར་བྱ་བ་དང་། འཇུག་པར་བྱ་བ་དང་། ཤིན་ཏུ་རྒྱས་པར་བྱ་བ་དང་། ཡོངས་སུ་ཁྱབ་པར་བྱ་བ་དང་། རབ་ཏུ་མཆོད་པར་བྱ་བ་དང་། དབང་དུ་བྱ་བ་དང་། སྣང་བར་བྱ་བ་དང་། ཡང་དག་པར་གཞོལ་བར་བྱ་བ་བྱེད་ཅིང་། མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་། ལྡན་པ་གང་ན་བ་དེར་ཕྱིན་ཏེ། མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ལྷ་མོ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། བདག་ནི་དགེ་བའི་བཤེས་གཉེན་གྱི་རྟེན་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ནན་ཏན་དུ་བགྱི་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་གནས་པས་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འཚལ་ན། འཕགས་མ་ལྷ་མོ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། དེ་ནས་མཚན་
མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་དགེ་བའི་བཤེས་གཉེན་གྱི་རྟེན་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་ཐོབ་པའོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ནི་འཕྲིན་ལས་ཅི་མཛད་ཡུལ་གང་དང་ལྡན་སྦྱོར་བ་གང་དང་ལྡན། ཅི་ལ་རྣམ་པར་དཔྱོད། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་དེའི་ཡུལ་ནི་ཇི་ལྟ་བུ་ཞིག་མཆིས་དེས་སྨྲས་པ། རིགས་ཀྱི་བུ་ཁོ་མོ་ནི་སེམས་དང་བསམ་པ་རྒྱ་མཚོ་ཡོངས་སུ་དག་པའི་མཉམ་པ་ཉིད་ལ་ཞུགས་པ་སྟེ། འཇིག་རྟེན་གྱི་རྡུལ་དང་དྲི་མ་ཐམས་ཅད་རྣམ་པར་བསལ་བས་མི་ཕྱེད་པས་བརྒྱན་པའི་བསམ་པ་ལ་ཞུགས་པའོ། །བརྩམས་པ་ལས་མི་ལྡོག་མི་བཟློག་པའི་སེམས་དང་ལྡན་པའོ། །རིན་པོ་ཆེའི་རི་བོ་ལྟར་ཡོན་ཏན་གྱིས་བརྒྱན་པའི་སེམས་མི་སྒུལ་བ་དང་ལྡན་པའོ། །མི་གནས་མི་རྟེན་པའི་སེམས་དང་ལྡན་པའོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་མངོན་པར་ཕྱོགས་པའི་སེམས་དང་ལྡན་པའོ། །སངས་རྒྱས་རྒྱ་མཚོ་ཐམས་ཅད་མཐོང་བས་མི་ངོམས་པའི་སེམས་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོབས་ཀྱིས་བསམ་པ་རྣམ་པར་དག་པའི་སེམས་དང་ལྡན་པའོ། །དྲན་པའི་རྒྱ་མཚོ་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་བརྒྱན་པ་ལ་ཡང་དག་པར་གནས་པའི་སེམས་དང་ལྡན་པའོ། །སེམས་ཅན་ཐམས་ཅད་མྱ་ངན་གྱི་དགོན་པ་ལས་ཡང་དག་པར་བཟླ་བ་ལ་ཞུགས་པའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་རྣམ་པར་བཟློག་པ་ལ་མངོན་པར་བརྩོན་པའོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་མི་འོང་བའི་གཟུགས་དང་། སྒྲ་དང་དྲི་དང་བྲོ་དང་རེག་ཡོངས་སུ་རྒྱུ་བ་རྣམ་པར་བཟློག་པ་ལ་ཞུགས་པའོ། །
སེམས་ཅན་ཐམས་ཅད་ཀྱི་སྡུག་པ་དང་། མི་སྡུག་པ་དང་བྲལ་ཞིང་ཕྲད་པའི་སྡུག་བསྔལ་རབ་ཏུ་ཞི་བར་བྱ་བ་ལ་ཞུགས་པའོ། །སེམས་ཅན་ཐམས་ཅད་ཀྱི་ཡུལ་གྱི་རྐྱེན་ལས་བྱུང་བས་མགོ་རྨོངས་པའི་སྡུག་བསྔལ་རྣམ་པར་བཟློག་པ་ལ་རབ་ཏུ་བརྩོན་པའོ། །ལོག་པར་ལྷུང་བའི་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའོ། །སེམས་ཅན་ཐམས་ཅད་འཁོར་བའི་གནས་ཀྱི་སྡུག་བསྔལ་ལས་འབྱུང་བ་ཡང་དག་པར་སྟོན་པ་ལ་མངོན་པར་བརྩོན་པའོ། །སེམས་ཅན་ཐམས་ཅད་ཀྱི་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམ་པར་བཟློག་པ་ལ་ཞུགས་པའོ། །སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་བདེ་བ་བླ་ན་མེད་པ་ཡོངས་སུ་བསྒྲུབ་པར་ཞུགས་པ་སྟེ། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་དང་། ཁམས་དང་། རྒྱལ་པོའི་གནས་ན་འཁོད་པའི་སེམས་ཅན་ཐམས་ཅད་བདེ་བར་རིམ་གྲོར་བྱ་བས་ཉམས་དགའ་བར་འགྱུར་ཞིང་དེ་དག་ལ་ཆོས་དང་མཐུན་པར་བསྲུང་བ་དང་། བསྐྱབ་པ་དང་། རིམ་གྲོར་བྱ་བ་ཡང་ལེགས་པར་བྱེད་དེ། དེ་དག་རིམ་པས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨྱིན་པར་བྱེད་དོ། །འདི་ལྟ་སྟེ་ཁང་ཁྱིམ་དང་། གཞལ་མེད་ཁང་ན་གནས་པའི་སེམས་ཅན་རྣམས་ཀྱི་མངོན་པར་ཆགས་པ་མེད་པ་ཡོངས་སུ་བསྐྱེད་དོ། །ཡིད་མི་བདེ་བ་དེ་དང་དེ་དག་ཀྱང་རྣམ་པར་སེལ་ཏོ། །མངོན་པར་ཞེན་པ་ཐམས་ཅད་རྒྱུན་གཅོད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཕ་མ་དང་ཕུ་ནུ་དང་སྲིང་མོ་དང་གཉེན་བཤེས་དང་འགྲོགས་པའི་སེམས་ཅན་ཡུན་རིང་པོ་ནས་བཤེས་ཤིང་མཛའ་བར་གྱུར་པ་དག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །བུ་སྨད་དང་འགྲོགས་པའི་སེམས་ཅན་རྣམས་ལ་འཁོར་བའི་སྲེད་པ་ཐམས་ཅད་རབ་ཏུ་སྤང་བ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་སུ་བྱ་བ་དང་། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཚོང་དུས་ཀྱི་དབུས་ན་འཁོད་
པའི་སེམས་ཅན་རྣམས་ལ་འཕགས་པའི་དགེ་འདུན་དང་། དེ་བཞིན་གཤེགས་པ་མཐོང་བར་བྱ་བ་ལ་ཡང་དག་པར་གཞོལ་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ལོངས་སྤྱོད་ཀྱི་དྲེགས་པས་མྱོས་པའི་སེམས་ཅན་རྣམས་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །གླུ་དང་གར་དང་རོལ་མོ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ལ་ཆོས་ཀྱི་དགའ་བ་ལ་མོས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཡུལ་གྱི་དགའ་བ་ལ་ཆགས་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཡུལ་ལ་ཡང་དག་པར་གཞོལ་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཁྲོ་བས་ཡོངས་སུ་ནོན་པའི་སེམས་ཅན་རྣམས་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་དགོད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །སེམས་རྣམ་པར་མྱོས་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ལྟ་བའི་རྣམ་པ་ཐིབས་པོར་སུབས་པའི་སེམས་ཅན་མ་རིག་པའི་མུན་ནག་ན་འཐོམས་པ་རྣམས་ལ་ལྟ་བའི་རྣམ་པ་ཐིབས་པོ་དང་མ་རིག་པའི་མུན་པ་རྣམ་པར་བསྩལ་བའི་ཕྱིར་ཆོས་སྟོན་ཏོ། །ཤེས་རབ་འཆལ་བ་ཅན་གྱི་སེམས་ཅན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། ། ཁམས་གསུམ་པ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་ལ་འཁོར་བ་ལས་འབྱུང་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དམའ་བ་ལ་མོས་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །བདག་ལ་ཕན་པར་བརྩོན་པའི་སེམས་ཅན་རྣམས་ལ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །བསམ་པ་ཉམ་ཆུང་བའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །
མ་རིག་པའི་མུན་པས་སེམས་བློང་བའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །གཟུགས་མི་སྡུག་པ་དང་ལྡན་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ལུས་ཀྱི་དབྱིབས་མི་མཛེས་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྐུ་བླ་ན་མེད་པ་རྣམ་པར་དག་པའི་ཕྱིར་ཆོས་སྟོན་ཏོ། །ཁ་དོག་མི་སྡུག་པ་དང་ལྡན་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྐུ་མདོག་གསེར་གྱི་ཁ་དོག་ལྟ་བུ་དང་ཤིན་ཏུ་འཇམ་ཞིང་ཀ་ཙ་ལིནྡ་ཀ་ལྟར་རེག་ན་བདེ་བའི་ལུས་རྣམ་པར་དག་པའི་ཕྱིར་ཆོས་སྟོན་ཏོ། །སྡུག་བསྔལ་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་བདེ་བ་དམ་པ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །བདེ་བའི་སེམས་ཅན་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ནད་པ་ན་བའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་ལུས་གཟུགས་བརྙན་ལྟ་བུ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དགའ་བ་སྣ་ཚོགས་ལ་བརྩོན་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པའི་དགའ་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཕོངས་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་གཏེར་དང་མཛོད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །བཟའ་ཤིང་གི་ར་བ་ན་གནས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པའི་རྒྱུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ལམ་དུ་ཞུགས་པའི་སེམས་ཅན་རྣམས་ལ་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །གྲོང་ན་གནས་པའི་སེམས་ཅན་རྣམས་ལ་ཁམས་གསུམ་པ་ཐམས་ཅད་ལས་འབྱུང་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཡུལ་གྱི་འདབ་ན་གནས་པའི་སེམས་ཅན་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལས་ཡང་དག་པར་འདའ་བར་བྱ་བ་དང་། དེ་བཞིན་གཤེགས་པའི་ས་ལ་རབ་ཏུ་
དགོད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །གྲོང་རྡལ་ན་འཁོད་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་དུ་གནས་པར་འགྱུར་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཕྱོགས་མཚམས་ན་འཁོད་པའི་སེམས་ཅན་རྣམས་ལ་དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་རབ་དུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཕྱོགས་ན་གནས་པའི་སེམས་ཅན་རྣམས་ལ་ཆོས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །འདོད་ཆགས་ལ་གཅིག་ཏུ་དགའ་བའི་སེམས་ཅན་རྣམས་ལ་མི་སྡུག་པའི་སྒོས་འཁོར་བའི་སྲེད་པ་རྣམ་པར་བཟློག་པའི་ཕྱིར་ཆོས་སྟོན་ཏོ། །ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ལ་བྱམས་པ་ཆེན་པོའི་ཚུལ་རྒྱ་མཚོ་ལ་འཇུག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ལ་ཆོས་ཐམས་ཅད་ཀྱི་སྒོ་རྒྱ་མཚོ་རབ་ཏུ་འབྱེད་པའི་ཡེ་ཤེས་མངོན་པར་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་ཐེག་པ་ཐམས་ཅད་ཀྱི་སྨོན་ལམ་གྱི་ཚུལ་རྒྱ་མཚོས་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །འཁོར་བའི་ཡུལ་གྱི་དགའ་བའི་བསམ་པ་ཅན་གྱི་སེམས་ཅན་རྣམས་ལ་འཁོར་བའི་ཡུལ་ལ་དགའ་བ་རྣམ་པར་བཟློག་པའི་ཕྱིར་ཆོས་སྟོན་ཏོ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱིས་གཙེས་པའི་སེམས་ཅན་རྣམས་ལ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་མི་སྐྱེ་བའི་གནས་ཡང་དག་པར་བསྟན་པའི་ཕྱིར་ཆོས་སྟོན་ཏོ། །ཕུང་པོ་ལ་གནས་པའི་བསམ་པ་ཅན་གྱི་སེམས་ཅན་རྣམས་ལ་གཞི་མེད་པའི་ཆོས་ཀྱི་སྤྱོད་ཡུལ་ལ་རྣམ་པར་སྤྱོད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །བསམ་པ་ཞུམ་པའི་སེམས་ཅན་རྣམས་ལ་ལམ་གྱི་རྒྱུན་གྱི་ཁྱད་པར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །མཐོ་བའི་ང་རྒྱལ་ཅན་གྱི་སེམས་ཅན་རྣམས་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་བཟོད་པ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །
གཡོ་སྒྱུའི་ཡུལ་གྱི་བསམ་པ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་ལྟར་རིགས་ཀྱི་བུ་ཁོ་མོ་ནི་སེམས་ཅན་ཐམས་ཅད་ཆོས་ཀྱི་སྦྱིན་པས་ཡོངས་སུ་བསྡུས་ཤིང་ངན་སོང་གི་ལམ་གྱི་རྒྱུད་སྡུག་བསྔལ་བ་ཐམས་ཅད་ནས་རྣམ་པར་བཟློག་པ་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་དང་། བདེ་བ་ཡོངས་སུ་བསྟན་པ་དང་། ཁམས་གསུམ་པ་ལས་གྱེན་དུ་བསྐྱོད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་དགོད་པ་དང་། ཐབས་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་སྨྱིན་པར་བྱེད་བྱེད་པས། དགའ་བ་ཆེན་པོའི་ཤུགས་རྒྱ་མཚོའི་སྣང་བ་རབ་ཏུ་ཐོབ་པས་དགའ་ཞིང་སྤྲོ་ལ་ཡིད་བདེ་བར་གྱུར་པའོ། །གཞན་ཡང་རིགས་ཀྱི་བུ་ཁོ་མོ་ནི་ཕྱོགས་དང་། ཕྱོགས་མཚམས་ཀྱི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ལ་རྣམ་པར་ལྟ་ཞིང་སྨོན་ལམ་རྒྱ་མཚོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལུས་སྣ་ཚོགས་རྣམ་པར་དག་པ། འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ། འོད་ཟེར་དང་འོད་ཀྱི་དཀྱིལ་འཁོར་ཁ་དོག་མཐའ་ཡས་པ་རབ་ཏུ་འགྱེད་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་རྒྱ་མཚོ་སྣ་ཚོགས་ལ་ཞུགས་པའི་ཡེ་ཤེས་སྣང་བ་ཅན། ཏིང་ངེ་འཛིན་རྒྱ་མཚོ་སྣ་ཚོགས་ལ་ཞུགས་པར་རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱི་ཡུལ་དང་ལྡན་པ། དབྱངས་ཀྱི་ཡན་ལག་དང་སྐད་རྒྱ་མཚོ་སྣ་ཚོགས་ཀྱི་དབྱངས་དང་ལྡན་པ། རྒྱན་སྣ་ཚོགས་ཀྱིས་རྣམ་པར་ཀླུབས་པའི་ལུས་ཅན། དེ་བཞིན་གཤེགས་པའི་ཚུལ་སྣ་ཚོགས་ལ་ཞུགས་པ། ཞིང་རྒྱ་མཚོ་འབྱམ་ཀླས་པ་སྣ་ཚོགས་སུ་ཞུགས་པའི་ལུས་དང་ལྡན་པ། སངས་རྒྱས་རྒྱ་མཚོ་སྣ་ཚོགས་ལ་ཞུགས་པ། སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་སྣ་ཚོགས་ལ་ཞུགས་པ། དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་དང་། ཡེ་ཤེས་ཀྱི་ཡུལ་སྣ་ཚོགས་ཀྱིས་སྣང་བར་གྱུར་པ། ཡེ་ཤེས་རྒྱ་མཚོ་སྣ་ཚོགས་ཀྱི་སྣང་བ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་རྒྱ་མཚོ་སྣ་ཚོགས་ཀྱི་ཚུལ་ལ་རྣམ་པར་སྤྱོད་པ་ཆོས་སྣ་ཚོགས་ཀྱི་རྣམ་པར་ཐར་པའི་གཞལ་མེད་ཁང་ན་རྣམ་པར་རྩེ་བའི་ཡུལ་
དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་སྣ་ཚོགས་ལ་མངོན་དུ་གནས་པ། ཆོས་ཀྱི་དབྱིངས་སྣ་ཚོགས་ཀྱི་ནམ་མཁའི་རྒྱན་དང་ལྡན་པ། རྒྱན་སྣ་ཚོགས་ཀྱི་སྤྲིན་གྱིས་ནམ་མཁའ་རྒྱས་པར་འགེངས་པ། འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་སྣ་ཚོགས་ལ་རྣམ་པར་ལྟ་བ། འཇིག་རྟེན་གྱི་ཁམས་སྣ་ཚོགས་ནས་འདུས་པ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་འབྱམ་ཀླས་པར་རྗེས་སུ་འདོང་བ། ཕྱོགས་རྒྱ་མཚོ་སྣ་ཚོགས་ནས་ཡོངས་སུ་འདུས་པ། དེ་བཞིན་གཤེགས་པ་ཐ་དད་པས་བཀྱེ་བ། དེ་བཞིན་གཤེགས་པ་ཐ་དད་པའི་ཞབས་ཀྱི་དྲུང་ནས་ལྷགས་པ། བྱང་ཆུབ་སེམས་དཔའི་ཚོགས་སྣ་ཚོགས་ཀྱི་འཁོར་དང་ལྡན་པ། རྒྱན་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པ། དེ་བཞིན་གཤེགས་པའི་ཚུལ་སྣ་ཚོགས་ལ་ཞུགས་པ་དེ་བཞིན་གཤེགས་པའི་ཆོས་རྒྱ་མཚོ་སྣ་ཚོགས་ལ་རྣམ་པར་སྤྱོད་པ། ཡེ་ཤེས་སྣ་ཚོགས་རྒྱ་མཚོ་ལ་ཞུགས་པ། རྒྱན་གྱི་སྙིང་པོ་སྣ་ཚོགས་ཅན་གྱི་སྟན་ལ་འཁོད་པ་རྣམས་ཀྱི་དགའ་བ་སྣ་ཚོགས་ཀྱི་ཤུགས་རྒྱ་མཚོ་ཡོངས་སུ་བསྐྱེད་དེ། དེ་དག་དགའ་བ་སྣ་ཚོགས་ཀྱི་ཤུགས་རྒྱ་མཚོ་ཡོངས་སུ་སྐྱེས་ནས། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོར་འདོང་སྟེ། དེ་དག་དེ་བཞིན་གཤེགས་པའི་སྟོབས་ཚད་མེད་པ་རྗེས་སུ་སེམས་པས་ཀྱང་དགའ་བའི་ཤུགས་ཆེན་པོ་རྒྱ་མཚོ་ཡོངས་སུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་ཁོ་མོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་སྐུ་ཡོངས་སུ་དག་པ་མཚན་གྱིས་རབ་ཏུ་བརྒྱན་པ། བསམ་གྱིས་མི་ཁྱབ་པ་མཐོང་ནས་དགའ་བ་ཆེན་པོ་དང་མོས་ཤིང་ཉམས་བདེ་བ་རབ་ཏུ་ཐོབ་སྟེ། སེམས་ཀྱི་སྐད་ཅིག་རེ་རེ་ལའང་འོད་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ལྟར་ཡངས་པ། ཁ་དོག་རྒྱ་མཚོ་མཐའ་དང་དབུས་མེད་པར་སྣང་བ་ལ་ལྟ་ཞིང་སེམས་ཀྱི་སྐད་ཅིག་རེ་རེ་ལ་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་བ་སྤུའི་སྒོ་རེ་རེ་ནས་ཀྱང་འོད་
གཟེར་ཆེན་པོ་སངས་རྒྱས་ཀྱི་ཞིང་མཐའ་དང་དབུས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། འོད་ཟེར་རེ་རེ་ཞིང་ཡང་འོད་ཟེར་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་དང་ལྡན་པས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་མཛད་པ་མཐོང་ཞིང་སེམས་ཀྱི་སྐད་ཅིག་རེ་རེ་ལ་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དབུ་དང་། སྐུ་ཕྲག་པ་གཉིས་ཀྱི་ལྷུན་ལས་སེམས་ཀྱི་སྐད་ཅིག་རེ་རེ་ལ་རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བའི་རིའི་སྤྲིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ཞིང་། ཆོས་ཀྱི་དབྱིངས་རྒྱ་མཚོ་ཐམས་ཅད་རྒྱས་པར་འགེངས་པ་མཐོང་ནས། དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་བ་སྤུའི་སྒོ་རེ་རེ་ནས་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཁ་དོག་དྲི་ཞིམ་པོ་དང་། འོད་གཟེར་སྣ་ཚོགས་ཅན་གྱི་སྤྲིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ཞིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པ་མཐོང་ནས། དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་པོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན། སེམས་ཀྱི་སྐད་ཅིག་རེ་རེ་ལ་མཚན་རེ་རེ་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚན་གྱིས་རབ་ཏུ་བརྒྱན་པའི་སྤྲིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་རྒྱས་པར་འགེངས་པ་མཐོང་ནས་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་དཔེ་བྱད་བཟང་པོ་རེ་རེ་ལས་སེམས་ཀྱི་སྐད་ཅིག་རེ་རེ་ལ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ཤིན་ཏུ་འབར་བའི་སྤྲིན་སངས་
རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་དབྱངས་སུ་སྒྲོག་པའི་འབྲུག་སྒྲ་འབྱིན་པ་མཐོང་ནས་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན། སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་སྤུའི་སྒོ་ཐམས་ཅད་ནས་སངས་རྒྱས་རྣམ་པར་འཕྲུལ་པའི་སྐུ་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་བཅས། ཕ་རོལ་ཏུ་ཕྱིན་པའི་ལམ་རྣམ་པར་དག་པའི་རྒྱན་དང་བཅས། བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པའི་རྣམ་པར་འཕྲུལ་པ་དང་བཅས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་བ་མཐོང་ནས་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལས་སེམས་ཀྱི་སྐད་ཅིག་རེ་རེ་ལ་ལྷའི་དབང་པོའི་ལུས་ཀྱི་སྤྲིན་ལྷའི་དབང་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་བ་སྙེད་བྱུང་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། ལྷའི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཆོས་སྟོན་པ་མཐོང་ནས། དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་པོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལས་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཀླུའི་དབང་པོའི་ལུས་ཀྱི་སྤྲིན་ཀླུའི་དབང་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། ཀླུའི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཆོས་སྟོན་པ་མཐོང་ནས་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་
པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན། སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་སྤུའི་སྒོ་ཐམས་ཅད་ནས་གནོད་སྦྱིན་གྱི་དབང་པོའི་ལུས་ཀྱི་སྤྲིན་གྱི་གནོད་སྦྱིན་གྱི་དབང་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་སྟེ། གནོད་སྦྱིན་གྱི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཆོས་སྟོན་པ་མཐོང་ནས། དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་པོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན་སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་སྤུའི་སྒོ་ཐམས་ཅད་ནས། དྲི་ཟའི་དབང་པོའི་ལུས་ཀྱི་སྤྲིན་དྲི་ཟའི་དབང་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་སྟེ། དྲི་ཟའི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཆོས་སྟོན་པ་མཐོང་ནས་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན་སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་སྤུའི་སྒོ་རེ་རེ་ནས་ལྷ་མ་ཡིན་གྱི་དབང་པོའི་ལུས་ཀྱི་སྤྲིན་ལྷ་མ་ཡིན་གྱི་དབང་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། ལྷ་མ་ཡིན་གྱི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་པར་གནས་ཤིང་། ཆོས་སྟོན་པ་མཐོང་ནས་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན། སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་
སྤུའི་སྒོ་རེ་རེ་ནས་ནམ་མཁའ་ལྡིང་གི་དབང་པོའི་ལུས་ཀྱི་སྤྲིན་ནམ་མཁའ་ལྡིང་གི་དབང་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། ནམ་མཁའ་ལྡིང་གི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཆོས་སྟོན་པ་མཐོང་ནས། དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །གཞན་ཡང་རིགས་ཀྱི་བུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན་སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་སྤུའི་སྒོ་རེ་རེ་ནས་མིའམ་ཅིའི་དབང་པོའི་ལུས་ཀྱི་སྤྲིན་མིའམ་ཅིའི་དབང་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་སྟེ། མིའམ་ཅིའི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཆོས་སྟོན་པ་མཐོང་ནས། དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན་སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་སྤུའི་སྒོ་རེ་རེ་ནས་ལྟོ་འཕྱེ་ཆེན་པོའི་ལུས་ཀྱི་སྤྲིན་ལྟོ་འཕྱེ་ཆེན་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་ཆོས་ཀྱི་དབྱིངས་རྒྱས་པར་བཀང་སྟེ། ལྟོ་འཕྱེ་ཆེན་པོའི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཆོས་སྟོན་པ་མཐོང་ནས་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་པོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན། སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་སྤུའི་སྒོ་རེ་རེ་ནས་མིའི་དབང་པོའི་ལུས་ཀྱི་སྤྲིན་
མིའི་དབང་པོའི་རྣམ་པར་འཕྲུལ་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་སྟེ། མིའི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཆོས་སྟོན་པ་མཐོང་ནས། དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཤིན་ཏུ་ཡངས་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་རྣམ་པར་བལྟས་ན་སེམས་ཀྱི་སྐད་ཅིག་རེ་རེ་ལ་བ་སྤུའི་སྒོ་རེ་རེ་ནས་ཚངས་པའི་དབང་པོའི་ལུས་ཀྱི་སྤྲིན་ཚངས་པའི་དབང་པོའི་རྣམ་པར་འཕྲུལ་པའི་ཡུལ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ཞིང་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་སྟེ། ཚངས་པའི་དབང་པོའི་ལུས་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མངོན་དུ་གནས་ཤིང་ཚངས་པའི་སྒྲ་སྐད་དང་དབྱངས་ཀྱིས་ཆོས་སྟོན་པ་མཐོང་ནས་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་དགའ་བ་ཆེན་པོའི་ཤུགས་རྒྱ་མཚོ་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་ཞིང་ཤིན་ཏུ་ཡངས་པ་རབ་ཏུ་འཐོབ་སྟེ། སྔོན་ཐོབ་པར་གྱུར་པ་འཐོབ་པར་འགྱུར་བ་མ་ཡིན་ནོ། །སྔོན་ཁོང་དུ་ཆུད་པ་ཁོང་དུ་ཆུད་པར་འགྱུར་བ་མ་ཡིན་ནོ། །སྔོན་ཞུགས་པ་ལ་འཇུག་པར་འགྱུར་བ་མ་ཡིན་ནོ། །སྔོན་ཁྱབ་པར་གྱུར་པ་ཁྱབ་པར་འགྱུར་བ་མ་ཡིན་ནོ། །སྔོན་མཐོང་བ་མཐོང་བར་འགྱུར་བ་མ་ཡིན་ནོ། །སྔོན་ཐོས་པ་ཐོས་པར་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རང་བཞིན་གྱི་མཚན་ཉིད་ཡོངས་སུ་ཤེས་པ་ལྟར་ན་ཆོས་ཐམས་ཅད་མཚན་ཉིད་གཅིག་པའང་ཅི་རོབ་མ་ཡིན་ཏེ། དུས་གསུམ་གྱི་ཚུལ་ལ་འཇུག་པའི་སྒོ་ནས་ཆོས་ཐམས་ཅད་ཀྱང་མཐའ་དང་དབུས་མེད་པར་བསྟན་དུ་ཡོད་པ་སྟེ། འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཚུལ་དགའ་བ་ཡངས་པའི་ཤུགས་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་ཐར་པའི་ཚུལ་རྒྱ་མཚོའི་སྣང་བ་སྟེ། རིགས་ཀྱི་བུ་རྣམ་པར་ཐར་པ་འདི་ནི་
ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ལ་འཇུག་པའི་ཕྱིར་མཐའ་དང་དབུས་མེད་པའོ། །རྣམ་པར་ཐར་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དང་། ཐ་མི་དད་པས་ཟད་མི་ཤེས་པའོ། །རྣམ་པར་ཐར་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་མིག་གིས་རྣམ་པར་ཤེས་པར་བྱ་བ་ཡིན་པས་མུ་མེད་པའོ། །རྣམ་པར་ཐར་པ་འདི་ནི་ཆོས་ཀྱི་དབྱིངས་ཐ་མི་དད་པའི་ཚུལ་གྱི་གཏན་དུ་རྒྱས་པར་འགེངས་པས་གཏིང་མེད་པའོ། །རྣམ་པར་ཐར་པ་འདི་ནི་དམིགས་པ་གཅིག་ཏུ་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་འདུ་བར་བྱེད་པས་སྒོ་ཐམས་ཅད་དང་ལྡན་པའོ། །རྣམ་པར་ཐར་པ་འདི་ནི་ཆོས་ཐམས་ཅད་ཀྱི་ལུས་དང་མི་གཉིས་པར་སྤྱོད་པས་དོན་ཡོད་པའོ། །རྣམ་པར་ཐར་པ་འདི་ནི་སྒྱུ་མ་ལྟ་བུར་ཡོངས་སུ་སྤྱོད་པས་མ་སྐྱེས་པའོ། །རྣམ་པར་ཐར་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་གྱི་གཟུགས་བརྙན་དུ་བྱུང་བས་གཟུགས་བརྙན་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པས་ཤིན་ཏུ་སྤྲུལ་པའི་ཕྱིར་སྤྲུལ་པ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ས་ཆེན་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་མངོན་པར་རླན་པར་བྱེད་པས་ཆུའི་ཕུང་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སྲེད་པའི་རླན་ཡོངས་སུ་སྐེམས་པས་མྱེའི་ཕུང་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་རབ་ཏུ་སྟོན་པའི་ཕྱིར་རླུང་གི་ཕུང་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་འགྲོ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱན་གྱི་གཞི་ཡིན་པས་རྒྱ་མཚོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཡེ་ཤེས་རིན་པོ་ཆེ་རྒྱ་མཚོ་ལས་མངོན་པར་འཕགས་པས་རི་རབ་རིའི་རྒྱལ་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་ཆོས་ཐམས་ཅད་ཀྱི་རྣམ་པར་ཐར་པའི་གཞལ་མེད་ཁང་རྣམ་པར་སྤྱོད་པའི་ཕྱིར་རྣམ་པར་སྤྱོད་པའི་
རླུང་གི་དཀྱིལ་འཁོར་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་དུས་གསུམ་དུ་འབྱུང་བའི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱི་གོ་འབྱེད་པས་ནམ་མཁའ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྤྲིན་གྱི་ཆར་མངོན་དུ་འབེབས་པས་སྤྲིན་ཆེན་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་ནག་རྣམ་པར་སེལ་བས་ཉི་མ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོས་ཤིན་ཏུ་བསྒྲུབ་པའི་ཕྱིར་ཟླ་བ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་ཐམས་ཅད་དུ་སོང་བའི་ཕྱིར་དེ་བཞིན་ཉིད་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་ལས་ཀྱི་ཆོས་ཀྱིས་ཤིན་ཏུ་སྤྲུལ་པའི་ཕྱིར་རང་གི་གྲིབ་མ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྒྲ་རབ་ཏུ་སྒྲོགས་པས་བྲག་ཆ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་དམིགས་པར་བྱེད་པའི་ཕྱིར་གཟུགས་བརྙན་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་མེ་ཏོག་ཤིན་ཏུ་རྒྱས་པའི་ཕྱིར་ཤིང་གི་རྒྱལ་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་མི་ཤིགས་པའི་ཆོས་ཅན་ཡིན་པས་རྡོ་རྗེ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་རྒྱ་མཚོ་མངོན་པར་བསྒྲུབ་པས། ནོར་བུ་ཡིད་བཞིན་རིན་པོ་ཆེའི་རྒྱལ་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྣམ་པར་དམིགས་པར་བྱ་བ་ལ་སྒྲིབ་པ་མེད་པས་རིན་པོ་ཆེའི་རྒྱལ་པོ་དྲི་མ་མེད་པའི་སྙིང་པོ་ལྟ་བུའོ། །རྣམ་པར་ཐར་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་མཉམ་པ་ཉིད་དུ་སྒྲོག་པས་ནོར་བུ་རིན་པོ་ཆེ་དགའ་བའི་རྒྱལ་མཚན་ལྟ་བུ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་ཤིན་ཏུ་ཡངས་པ་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་འདི་ནི་དཔེ་ཚད་མེད་པ་རྣམ་པར་འགོད་པའི་རྗེས་སུ་འབྲང་བས་བསྟན་པར་བྱའོ། །
དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ལྷ་མོ་ཇི་ལྟར་ནན་ཏན་དུ་བགྱིས་ན། བྱང་ཆུབ་སེམས་དཔས་དེ་ལྟ་བུའི་རྣམ་པར་ཐར་པ་དེ་ཡོངས་སུ་འགྲུབ་པར་འགྱུར། སྨྲས་པ་རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཆེན་པོ་ཆོས་ཡངས་པ་དང་ལྡན་པ། རྣམ་པར་རྒྱ་ཆེན་པོ་གསལ་བ་ཆེན་པོ་སྣང་བ་ཆེན་པོ། འོད་ཆེན་པོ་བྱིན་ཆེན་པོ་རྣམ་པར་དབྱེ་བ་ཆེན་པོ་འབྱུང་བ་ཆེན་པོ་ཕུན་སུམ་ཚོགས་པ་ཆེན་པོ་སྟེ། དེ་དག་ལ་ནན་ཏན་དུ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་འདི་ལྟ་བུ་ཕུན་སུམ་ཚོགས་པར་འགྱུར་བ་དག་གོ །བཅུ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་སེམས་ཅན་རྒྱ་མཚོ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཚིམ་པར་བྱེད་པ་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་པའི་ནན་ཏན་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །བྱང་ཆུབ་སེམས་དཔའི་བཟོད་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པར་བྱ་བ་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་བརྩམས་པ་ལས་ཕྱིར་མི་ལྡོག་པ་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །བྱང་ཆུབ་སེམས་དཔའི་བསམ་གཏན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱ་བ་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཆོས་རྒྱ་མཚོ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། ། བྱང་ཆུབ་སེམས་དཔའི་ཐབས་སེམས་ཅན་རྒྱ་མཚོ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་གདུལ་བ་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཕྱིར་ཞིང་རྒྱ་མཚོ་
ཐམས་ཅད་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །བྱང་ཆུབ་སེམས་དཔའི་སྟོབས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐད་ཅིག་རེ་རེ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡོངས་སུ་བསྟན་པ་རྒྱུན་མི་གཅད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་དུས་གསུམ་གྱི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་ལ་ཞུགས་པ་ནི་རྒྱ་ཆེན་པོའི་ཆོས་སོ། །རིགས་ཀྱི་བུ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱ་ཆེན་པོའི་ཆོས་ཚོགས་ཆེན་པོ་དང་ལྡན་པ་རྣམས་ཏེ། དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་ཐར་པ་དེ་ལྟ་བུ་ཕུན་སུམ་ཚོགས་པར་འགྱུར་རོ། །རྣམ་པར་དག་པར་འགྱུར་རོ། །ཡོངས་སུ་འབྱུང་བར་འགྱུར་རོ། །ཡང་དག་པར་འཕེལ་བར་འགྱུར་རོ། །ཀུན་ནས་འབྱུང་བར་འགྱུར་རོ། །རབ་ཏུ་སྐྱེ་བར་འགྱུར་རོ། །ཡོངས་སུ་འགྲུབ་པར་འགྱུར་རོ། །ཤིན་ཏུ་བརྟན་པར་འགྱུར་རོ། །རྣམ་པར་ཡངས་པར་འགྱུར་རོ། །ཡོངས་སུ་རྫོགས་པར་འགྱུར་རོ། །ཡོངས་སུ་གནས་པར་འགྱུར་རོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་མ་ལྷ་མོ་ཁྱོད་ཡུན་ཇི་སྲིད་ཅིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས། དེས་སྨྲས་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་མེ་ཏོག་གི་སྙིང་པོའི་རྒྱན་གྱིས་བརྒྱན་པ། འདིའི་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སྟོང་ཕྲག་བཅུ་འདས་པའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རིན་པོ་ཆེ་ཐམས་ཅད་ཀྱི་དྲི་མ་མེད་པའི་འོད་རྣམ་པར་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེའི་དབུས་ན་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་དང་སྨོན་ལམ་གྱི་དབྱངས་ཤེས་བྱ་བ་ཡོད་དོ། །དེའི་དབུས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་སྣ་ཚོགས་དང་ལྡན་པ་འཇིག་རྟེན་གྱི་འོག་གི་འཚམས་ནས། རིན་པོ་ཆེ་ཐམས་ཅད་ཀྱི་ཕྲེང་བའི་དྲ་བ་
རྒྱ་མཚོས་བརྟན་པ། རིན་པོ་ཆེའི་རྒྱལ་པོ་སྤོས་ཀྱི་རྡོ་རྗེ་ཐམས་ཅད་ཀྱི་རྒྱན་གྱི་ལྷུན་དང་ལྡན་པ། ཁང་པ་བརྩེགས་པའི་རྒྱའི་དབྱིབས་སུ་འདུག་པ་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་ལྷ་རྫས་ཀྱི་གཞལ་མེད་ཁང་དང་གནས་ཀྱི་སྤྲིན་གྱིས་ཀུན་ཏུ་གང་བ། གསེར་ལྟར་དྲི་མ་མེད་པའི་འོད་ཀྱི་རྒྱན་ཅེས་བྱ་བ་ཡོད་པ་དེར་བསྐལ་པ་ཀུན་ཏུ་སྣང་བའི་རྒྱལ་མཚན་ཅེས་བྱ་བ་བྱུང་སྟེ། འཇིག་རྟེན་གྱི་ཁམས་དེ་ནས་སྙིང་པོ་བྱང་ཆུབ་རིན་པོ་ཆེ་ཐམས་ཅད་ཀྱི་སྙིང་པོ་འོད་སྣ་ཚོགས་ཅན་ཞེས་བྱ་བ་ཡོད་དེ། དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱིར་མི་ལྡོག་པའི་ཆོས་ཀྱི་དབྱིངས་ཀྱི་དབྱངས་ཤེས་བྱ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེའི་ཚེ་དེའི་དུས་ན་ཁོ་མོ་ཡང་སྙིང་པོ་བྱང་ཆུབ་ཀྱི་ལྷ་མོ་བསོད་ནམས་སྒྲོན་མ་ཕུན་སུམ་ཚོགས་པ་ཀུན་ནས་དཔལ་གྱི་འོད་ཅེས་བྱ་བ་ཞིག་ཏུ་གྱུར་ཏེ། བྱང་ཆུབ་ཀྱི་ཤིང་དེ་ལ་འདུག་འདུག་ནས། དེར་ཁོ་མོས་དེ་བཞིན་གཤེགས་པ་དེ་མངོན་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དེ་མཐོང་ནས་ཀྱང་ཁོ་མོས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པོ། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་དེ་ཉིད་ཀྱི་རྒྱལ་པོའི་གནས་ཀུན་ནས་ཡོངས་སུ་རྒྱས་པའི་དཔལ་གྱི་སྙིང་པོ་ཞེས་བྱ་བར་སྙིང་པོ་བྱང་ཆུབ་དེ་ཉིད་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྡོང་པོ་རི་བོ་གཟི་བརྗིད་ཅེས་བྱ་བ་མངོན་པར་སངས་རྒྱས་སོ། །ཁོ་མོ་ནི་དེ་ནས་ཤི་འཕོས་ཏེ་སྙིང་པོ་བྱང་ཆུབ་དེ་ཉིད་དུ་ཡེ་ཤེས་ཕུན་སུམ་ཚོགས་པའི་བསོད་ནམས་འོད་ཅེས་བྱ་བའི་མཚན་མོའི་ལྷ་མོ་ཞིག་ཏུ་གྱུར་ཅིང་འདུག་འདུག་སྟེ། ཁོ་མོས་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་སྡོང་པོ་རི་བོ་གཟི་བརྗིད་དེས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པར་འཕྲུལ་པ་མཐོང་ནས་འགྲོ་བ་ཐམས་ཅད་དུ་ཡོངས་སུ་སྟོན་པའི་མཉམ་པ་ཉིད་ཀྱི་འོད་ཀྱི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །དེའི་
འོག་ཏུ་ཁོ་མོས་སྙིང་པོ་བྱང་ཆུབ་དེ་ཉིད་དུ་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་གསུང་གི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཆོས་ཐམས་ཅད་ཀྱིས་ཡང་དག་པ་འཕེལ་བར་བྱེད་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །དེའི་འོག་ཏུ་ཁོ་མོས་སྙིང་པོ་བྱང་ཆུབ་དེ་ཉིད་དུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་འོད་གཟེར་སྒྲོན་མའི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཁོ་མོས་སངས་རྒྱས་རྒྱ་མཚོ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །དེའི་འོག་ཏུ་ཁོ་མོས་སྙིང་པོ་བྱང་ཆུབ་དེ་ཉིད་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་སྒྲའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཁོ་མོས་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པོ། །དེའི་འོག་ཏུ་ཁོ་མོ་ལྷའི་བུ་མོ་ཞིག་ཏུ་གྱུར་ཏེ། སྙིང་པོ་བྱང་ཆུབ་དེ་ཉིད་དུ་དེ་བཞིན་གཤེགས་པ་ཡེ་ཤེས་སྐར་མདའ་སྣང་བའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཁོ་མོས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པའི་སྒྲོན་མ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པོ། །དེའི་འོག་ཏུ་ཁོ་མོས་སྙིང་པོ་བྱང་ཆུབ་དེ་ཉིད་དུ་དེ་བཞིན་གཤེགས་པ་ཆོས་རྣམ་པར་འཕྲུལ་པའི་ཤུགས་ཀྱི་རྒྱལ་མཚན་དཔལ་ཞེས་བྱ་བ་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཁོ་མོས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འཇུག་པའི་སྙིང་པོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པོ། །དེའི་འོག་ཏུ་ཁོ་མོས་སྙིང་པོ་བྱང་ཆུབ་དེ་ཉིད་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་མ་ཡེ་ཤེས་ཀྱི་རྣམ་པར་གནོན་པ་ཞེས་བྱ་བ་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡེ་ཤེས་ཐོགས་པ་མེད་པའི་འཁོར་ལོ་སྣང་བའི་གཟི་བརྗིད་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པོ། །དེའི་འོག་ཏུ་ཁོ་མོས་སྙིང་པོ་བྱང་ཆུབ་དེ་ཉིད་དུ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་སྟོབས་ཀྱི་རི་བོའི་གཟི་
བརྗིད་ཅེས་བྱ་བ་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཁོ་མོས་དུས་གསུམ་གྱི་སེམས་ཅན་གྱི་སྤྱོད་པ་དང་། དབང་པོ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོས་འཇིག་རྟེན་གྱི་ཁམས་གསེར་ལྟར་དྲི་མ་མེད་པའི་འོད་དེར་བསྐལ་པ་ཀུན་ཏུ་སྣང་བའི་རྒྱལ་མཚན་ལ་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་བསྙེན་བཀུར་ཏོ། །ལ་ལ་ནི་ལྷའི་དབང་པོར་གྱུར་ཏེ་བསྙེན་བཀུར་ཏེ། ལ་ལ་ནི་ཀླུའི་དབང་པོར་གྱུར་པས་བསྙེན་བཀུར་ཏོ། །ལ་ལ་ནི་གནོད་སྦྱིན་གྱི་དབང་པོར་གྱུར་པས། ལ་ལ་ནི་དྲི་ཟའི་དབང་པོར་གྱུར་པས། ལ་ལ་ནི་ལྷ་མ་ཡིན་གྱི་དབང་པོར་གྱུར་པས། ལ་ལ་ནི་ནམ་མཁའ་ལྡིང་གི་དབང་པོར་གྱུར་པས། ལ་ལ་ནི་མིའམ་ཅིའི་དབང་པོར་གྱུར་པས། ལ་ལ་ནི་ལྟོ་འཕྱེ་ཆེན་པོའི་དབང་པོར་གྱུར་པས། ལ་ལ་ནི་མིའི་དབང་པོར་གྱུར་པས། ལ་ལ་ནི་ཚངས་པའི་དབང་པོར་གྱུར་པས། ལ་ལ་ནི་ལྷར་གྱུར་པས། ལ་ལ་ནི་མིར་གྱུར་པས། ལ་ལ་ནི་བུད་མེད་དུ་གྱུར་པས། ལ་ལ་ནི་སྐྱེས་པར་གྱུར་པས། ལ་ལ་ནི་ཁྱེའུར་གྱུར་པས། ལ་ལ་ནི་བུ་མོར་གྱུར་པས་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོས་མཆོད་པའི་ཡོ་བྱད་ཅི་བདོག་པས་མཆོད་དོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་རིམ་གྲོར་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཆོས་བསྟན་པ་ཡང་ཐོས་སོ། །དེ་ནས་ཁོ་མོ་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དོ། །དེ་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདིའི་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སྐྱེས་ཏེ། ཁོ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལོག་པར་དད་སེལ་བསྙེན་བཀུར་ཏོ། །དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཁོ་མོས་མུན་པའི་རྡུལ་ཐམས་ཅད་དང་བྲལ་བས་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པོ། །དེའི་འོག་ཏུ་ཁོ་མོས་དེ་བཞིན་
གཤེགས་པ་གསེར་ཐུབ་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་ཁོ་མོས་ཞིང་རྒྱ་མཚོ་ཐམས་ཅད་སྣང་བ་རྗེས་སུ་འཕྲོ་བར་བྱ་བས་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པོ། །དེའི་འོག་ཏུ་ཁོ་མོས་དེ་བཞིན་གཤེགས་པ་བསོད་སྐྱབས་བསྙེན་བཀུར་ཏེ། དེ་བཞིན་གཤེགས་པ། དེ་མཐོང་མ་ཐག་ཏུ། ཁོ་མོས་སེམས་ཅན་ཐམས་ཅད་ཀྱི། སྐད་རྒྱ་མཚོ་འབྲུག་སྒྲ་སྒྲོག་པའི། སྒྲ་དབྱངས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པོ། །དེའི་འོག་ཏུ། ཁོ་མོས་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འདི་བསྙེན་བཀུར་ཏེ། དེའི་སྙིང་པོ་བྱང་ཆུབ་ལ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པའི་རྣམ་པར་འཕྲུལ་པའི་སྒོ་རྒྱ་མཚོ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡོངས་སུ་སྟོན་པ་མཛད་པ་མཐོང་ནས་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་རྒྱན་པ་འདི་ཐོབ་བོ་དེ་ཐོབ་མ་ཐག་ཏུ་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཞུགས་པར་གྱུར་ཏོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་དེ་དག་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་དག་ལ་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ལ་ཞུགས་ཏེ་མཐོང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ལས་སངས་རྒྱས་ཀྱི་ཞིང་རེ་རེ་ན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྙིང་པོ་བྱང་ཆུབ་ཏུ་གཤེགས་ཏེ་སེམས་ཀྱི་སྐད་ཅིག་རེ་རེ་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་མཛད་ཅིང་མངོན་པར་རྫོགས་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་རེ་རེས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་རྒྱས་པར་འགེངས་པ་མཛད་པ་མཐོང་ངོ་། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་དེ་བཞིན་གཤེགས་པ་རེ་
རེའི་ཞབས་ཀྱི་དྲུང་ན་ཡང་བདག་མངོན་དུ་འདུག་པར་ཤེས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་ཏུ་དེ་བཞིན་གཤེགས་པ་སྙིང་པོ་བྱང་ཆུབ་ལ་བཞུགས་པ་དེ་དག་གིས་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་ཐོས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས་སྤྲུལ་པ་རྒྱ་མཚོ་བྱུང་སྟེ། ཆོས་ཀྱི་སྤྲིན་རྒྱ་མཚོ་རབ་ཏུ་སྒྲོག་པ་དང་། རྣམ་པར་འཕྲུལ་པ་སྣ་ཚོགས་ཡོངས་སུ་སྟོན་པ་མཛད་ཅིང་ཆོས་ཀྱི་དབྱིངས་ཀྱི་ཕྱོགས་རྒྱ་མཚོ་ཐམས་ཅད་དུ་གཏོགས་པའི་ཞིང་རྒྱ་མཚོ་ཐམས་ཅད་དང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐམས་ཅད་དང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀྱི་སེམས་ཅན་འབྱམ་ཀླས་པ་ཐམས་ཅད་འགྲོ་བའི་རྒྱུད་སྣ་ཚོགས་སུ་སྐྱེས་པ་དག་གི་ནང་ན་སེམས་ཅན་གྱི་བསམ་པའི་དབང་དུ་འདུ་ཤེས་ཀྱི་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་འཛིན་ཏོ། །ཁོང་དུ་ཆུད་པར་བྱེད་དོ། །ངེས་པར་རྟོགས་པར་བྱེད་དོ། །དོན་དང་ཚིག་དང་ཡི་གེ་འཛིན་པའི་ཤུགས་ཀྱིས་རྣམ་པར་གནོན་པའི་གཟུངས་ཀྱི་མཐུས་ཡོངས་སུ་འཛིན་ཏོ། །ཆོས་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་དག་པའི་སྙིང་པོ་ཁོང་དུ་ཆུད་པའི་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་ངོ་། །ཆོས་རྒྱ་མཚོ་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པའི་རིགས་པས་ཁོང་དུ་ཆུད་པར་བྱེད་དོ། །དུས་གསུམ་ལྟར་རྣམ་པར་ཡངས་པའི་བློས་རྒྱས་པར་འགེངས་སོ། །དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་ཀྱི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱིས་མཉམ་པར་བྱེད་ཅིང་ཆོས་ཀྱི་ཚུལ་ཐམས་ཅད་མངོན་པར་སྒྲུབ་པོ། །ཚུལ་ཐམས་ཅད་ལ་མདོ་སྡེའི་སྤྲིན་མངོན་པར་སྒྲུབ་པོ། །མདོ་སྡེའི་སྤྲིན་ཐམས་ཅད་ལ་ཆོས་རྒྱ་མཚོ་ཡོངས་སུ་གཞོག་པར་བྱེད་དོ། །ཆོས་རྒྱ་མཚོ་ཐམས་ཅད་ལ་ཆོས་ཀྱི་རྒྱུད་ཐམས་ཅད་ཡང་དག་པར་གཞོལ་བར་བྱེད་དོ། །ཆོས་ཀྱི་རྒྱུད་ཐམས་ཅད་ལ་ཆོས་ཀྱི་སྤྲིན་ཡོངས་སུ་ཤེས་པར་བྱེད་དོ། །ཆོས་ཀྱི་སྤྲིན་
ཐམས་ཅད་ལ་ཆོས་ཀྱི་རླབས་ཡོངས་སུ་སྐྱེད་དོ། །ཆོས་ཀྱི་རླབས་ཐམས་ཅད་ལ་ཆོས་ཀྱི་དགའ་བའི་ཤུགས་རྒྱ་མཚོ་རབ་ཏུ་ཐོབ་པར་བྱེད་དོ། །ཆོས་ཀྱི་དགའ་བའི་ཤུགས་རྒྱ་མཚོ་ཐམས་ཅད་ལས་རབ་ཏུ་ཐོབ་པར་བྱ་བའི་ཤུགས་མངོན་པར་སྒྲུབ་བོ། །སའི་ཤུགས་ཐམས་ཅད་ལ་ཏིང་ངེ་འཛིན་རྒྱ་མཚོའི་ཤུགས་མངོན་པར་སྒྲུབ་བོ། །ཏིང་ངེ་འཛིན་རྒྱ་མཚོའི་སྤྲིན་ཐམས་ཅད་ལ་སངས་རྒྱས་མཐོང་བ་རྒྱ་མཚོ་རབ་ཏུ་ཐོབ་པར་བྱེད་དོ། །སངས་རྒྱས་མཐོང་བ་རྒྱ་མཚོ་ཐམས་ཅད་ལ་སྣང་བ་རྒྱ་མཚོ་རབ་ཏུ་ཐོབ་པར་བྱེད་དོ། །སྣང་བ་རྒྱ་མཚོ་ཐམས་ཅད་ལ་དུས་གསུམ་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་གཞོག་པར་བྱེད་དོ། །ཕྱོགས་རྒྱ་མཚོ་མཐའ་དང་དབུས་མེད་པ་རྒྱས་པར་དགའ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་མཐའི་སྤྱོད་པ་རྒྱ་མཚོ་ཚད་མེད་པ་ལ་འཇུག་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་ཚད་མེད་པའི་ཡེ་ཤེས་སྣང་བའི་ཚུལ་དང་། དེ་བཞིན་གཤེགས་པའི་དཀའ་བ་ཚད་མེད་པ་ཡོངས་སུ་གཏོང་བའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དཀྱིལ་འཁོར་ཚད་མེད་པ་ཡོངས་སུ་དག་པ་སྣང་བར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་བཟོད་པའི་ས་ཚད་མེད་པ་ཡོངས་སུ་སྦྱོང་བའི་ཚུལ་དང་། དེ་བཞིན་གཤེགས་པའི་བརྩོན་འགྲུས་ཆེན་པོའི་ཤུགས་ཚད་མེད་པ་རྣམ་པར་འཕེལ་བར་བྱ་བའི་མཐུའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་བསམ་གཏན་གྱི་དཀྱིལ་འཁོར་དང་། བསམ་གཏན་གྱི་ཡན་ལག་རྒྱ་མཚོ་ཚད་མེད་པ་ཡོངས་སུ་དག་པར་བྱ་བའི་སྦྱོར་བས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་ཚད་མེད་པ་ཡོངས་སུ་དག་པར་བྱ་བ་དང་། རྣམ་པར་དམིགས་པ་སྣང་བར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་ཚད་མེད་པ་ལ་འཇུག་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་ཚད་མེད་པ་ལ་འཇུག་པར་བྱ་
བའི་ཚུལ་དང་། དེ་བཞིན་གཤེགས་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པ་ལ་གནས་པར་བྱ་བ་དང་། ཡོངས་སུ་འཕེལ་བར་བྱ་བའི་ཡེ་ཤེས་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་ཚད་མེད་པ་ལ་རྣམ་པར་སྤྱད་པ་རབ་ཏུ་ཐོབ་པར་བྱ་བའི་ཡེ་ཤེས་ཡོངས་སུ་བསྒྲུབ་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པར་མཛད་པའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་ས་ཡོངས་སུ་གནོན་པའི་མཚམས་ཀྱི་རྣམ་པར་འཕྲུལ་པ་ཚད་མེད་པས་བསྐལ་པ་རྒྱ་མཚོ་གནས་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་བྱང་ཆུབ་སེམས་དཔའི་སའི་དཀྱིལ་འཁོར་ཚད་མེད་པ་ཡོངས་སུ་གནོན་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་བྱང་ཆུབ་སེམས་དཔའི་ས་ཚད་མེད་པ་ལ་གནས་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་བྱང་ཆུབ་སེམས་དཔའི་ས་ཚད་མེད་པ་ཡོངས་སུ་དག་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་ས་ཚད་མེད་པ་ཡེ་ཤེས་རྒྱ་མཚོས་རྣམ་པར་དཔྱད་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སའི་ཡེ་ཤེས་སྣང་བ་ཚད་མེད་པ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པས་སྔོན་གྱི་སངས་རྒྱས་མ་ལུས་པར་གཟིགས་པ་དང་། རྗེས་སུ་འབྲང་བར་མཛད་པ་ཚད་མེད་པ་རྣམ་པར་དམིགས་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པས་སྔོན་གྱི་སངས་རྒྱས་རྒྱ་མཚོ་མ་ལུས་པར་གཟིགས་ཤིང་བསྐལ་པ་རྒྱ་མཚོར་བཞུགས་བཞུགས་པ་ཚད་མེད་པའི་ཚུལ་དང་། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔར་གྱུར་པས་ཞིང་རྒྱ་མཚོ་མ་ལུས་པར་རྒྱས་
པར་དགང་བའི་སྐུ་མངོན་པར་བསྒྲུབ་པ་ཚད་མེད་པའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པས་ཆོས་ཀྱི་དབྱིངས་མ་ལུས་པ་རྒྱས་པར་དགང་བའི་ཚུལ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐབས་སྣ་ཚོགས་ཀྱི་སྒོ་དང་ལྡན་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པ་དང་། རྣམ་པར་གདུལ་བ་མཛད་པ་ཚད་མེད་པ་ཡོངས་སུ་བསྟན་པའི་ཚུལ་དང་། དེ་བཞིན་གཤེགས་པའི་འོད་ཕྱོགས་རྒྱ་མཚོ་མ་ལུས་པ་ཐམས་ཅད་ཏུ་རབ་ཏུ་འཕྲོ་བ་ཚད་མེད་པས་རྒྱས་པར་དགང་བར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་མངོན་དུ་གྱུར་པ་རྣམ་པར་འཕྲུལ་པ་ཚད་མེད་པ་ཡོངས་སུ་བསྟན་པའི་ཚུལ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ས་ཚད་མེད་པ་ཡོངས་སུ་གནོན་པའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་རྣམ་པར་འཕྲུལ་པ་ཚད་མེད་པའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་འཁོར་བ་དང་། ཆོས་ཀྱི་སྤྲིན་ཚད་མེད་པ་ཐམས་ཅད་མ་ལུས་པར་ཡང་དག་པར་བླང་ཞིང་ཡོངས་སུ་གཟུང་བའི་ཚུལ་དང་། དེ་བཞིན་གཤེགས་པའི་མཚན་རྒྱ་མཚོ་ཚད་མེད་པར་རྣམ་པར་དམིགས་པའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་སྐུ་རྒྱ་མཚོའི་རྒྱུད་ཚད་མེད་པ་རྣམ་པར་དམིགས་པ་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་དང་། དེ་བཞིན་གཤེགས་པའི་ཡུལ་ཤིན་ཏུ་ཡངས་པའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཚུལ་གྱིས་དེ་བཞིན་གཤེགས་པ་དེ་དག་གིས་ཐོག་མ་ཐུགས་བསྐྱེད་པ་ནས། དམ་པའི་ཆོས་ནུབ་པར་མ་གྱུར་པའི་བར་དེ་དག་ཐམས་ཅད་ལ་ཡང་འཇུག་ཅིང་ཁོང་དུ་ཆུད་པར་བྱེད་དོ། །དེ་སྐད་དུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་འདི་ཐོབ་ནས་ཇི་སྲིད་ཅིག་ལོན་
ཞེས་ཟེར་བ་ནི། དེ་ལྟར་ཁོ་མོས་བསྐལ་པ་སངས་རྒྱས་ཀྱི་ཞིང་གཉིས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་གསེར་ལྟར་དྲི་མ་མེད་པའི་འོད་དུ་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་བསོད་ནམས་སྒྲོན་མ་ཕུན་སུམ་ཚོགས་པ་ཀུན་ནས་དཔལ་གྱི་འོད་ཅེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་ཕྱིར་མི་ལྡོག་པའི་ཆོས་ཀྱི་དབྱིངས་ཀྱི་དབྱངས་ཀྱིས་ཆོས་བསྟན་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསྐལ་པ་སངས་རྒྱས་ཀྱི་ཞིང་གཉིས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ན། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་ཏེ། ལོག་པར་དད་སེལ་ལ་སྩོགས་པ་ཐ་མ་ཤཱཀྱ་ཐུབ་པའི་བར་གྱི་དེ་བཞིན་གཤེགས་པ་བསྐལ་པ་བཟང་པོ་པ་དག་ཀྱང་བསྙེན་བཀུར་ཏོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱང་བསྙེན་བཀུར་རོ། །འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་སངས་རྒྱས་ཀྱི་རྒྱུད་མ་བྱོན་པ་རྣམས་ཡོངས་སུ་བསྙེན་ཅིང་བཀུར་རོ། །མཆོད་དོ། །རིགས་ཀྱི་བུ་ད་དུང་དུའང་འཇིག་རྟེན་གྱི་ཁམས་གསེར་ལྟར་དྲི་མ་མེད་པའི་འོད་དེ་ཡང་ཡོད་ལ་སངས་རྒྱས་ཀྱི་རིགས་ཀྱང་རྒྱུན་མ་ཆད་ཀྱིས། དེ་བས་ན་རིགས་ཀྱི་བུ་ཚུལ་འདི་ལ་བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པ་ཆེན་པོས་བརྩོན་པར་གྱིས་ཤིག །དེ་ནས་མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པས། དེའི་ཚེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་འདི་ཉིད་བརྣན་ཏེ་བསྟན་པར་བྱ་བའི་ཕྱིར། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། རྣམ་ཐར་དགེ་འདི་ཇི་ལྟར་ཐོབ་འགྱུར་བ། །ཁོ་མོའི་ཚིག་འདི་ནོར་བཟངས་ཁྱོད་ཉོན་ཅིག །ཐོས་ནས་དགའ་བའི་སྟོབས་ཀྱང་ཡོངས་སྐྱེད་དེ། །རྣམ་ཐར་ཚུལ་འདི་ལ་ནི་འཇུག་པར་གྱིས། །བདག་གི་སེམས་དང་བསམ་པ་ཡོངས་སྦྱོང་ཞིང་། །མོས་པའི་ཤུགས་ཡངས་ཡོངས་སུ་སྐྱེད་བྱས་
ཏེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲོང་འདུན་པས། །བསྐལ་པ་རྒྱ་མཚོ་མང་པོར་སྔོན་སྤྱད་དོ། །བདེ་གཤེགས་དུས་གསུམ་བྱུང་བ་ཐོས་ནས་ཀྱང་། །དེ་དག་ཀུན་ལ་མོས་པ་ཡངས་བསྐྱེད་དོ། །བསྐལ་པ་བརྒྱ་ཕྲག་མང་པོར་སྒོ་ཀུན་ཏུ། །དེ་དག་འཁོར་དང་བཅས་པར་ཁོ་མོས་བཀུར། །སྔོན་གྱི་བདེ་གཤེགས་ཁོ་མོས་མཐོང་གྱུར་ནས། །འགྲོ་ལ་ཕན་ཕྱིར་ཡུན་རིང་མཆོད་བྱས་ཏེ། །སྤྲོ་བའི་སྟོབས་ནི་རྣམ་ཡངས་ཡོངས་བསྐྱེད་ནས། །བདག་གིས་གདུང་བ་མེད་པའི་ཆོས་ཀྱང་ཐོས། །རྣམ་པར་ཐར་པ་འདི་ལ་འཇུག་པ་ན། །ཕ་དང་མ་དང་བླ་མའི་སྐྱེ་བོ་ལ། །དེ་ཚེ་བདག་གིས་ཕན་བདེས་བསྟི་སྟང་བྱས། །བསྙེན་བཀུར་སྲི་ཞུར་གནས་པ་ཀུན་ཀྱང་བྱས། །རྒས་པ་ནད་པ་ནོར་མེད་མི་རྣམས་དང་། །དབང་པོ་མ་ཚང་སྡུག་བསྔལ་མགོན་མེད་པ། །མང་པོ་བདག་གིས་བྱམས་སེམས་བདེ་བཀོད་ནས། །ཚེ་རབས་བརྒྱར་ཡང་ནོར་ཕྱུག་མགོན་ཡང་བྱས། །རྒྱལ་པོ་མྱེ་དང་རྐུན་ཆོམ་རྐྱེན་གྱུར་དང་། །སེང་གེ་གླང་པོ་ཕ་རོལ་དགྲས་འཇིགས་དང་། །སྲིད་པའི་རྒྱ་མཚོའི་འཇིགས་དངོས་སྣ་ཚོགས་ལས། །སྔོན་ཚེ་སྤྱོད་པའི་དུས་ན་བདག་གིས་བསྐྱབས། །རྟག་ཏུ་སྲིད་གསུམ་ཉོན་མོངས་གདུངས་གྱུར་ཏེ། །ལས་ཀྱིས་རབ་གདུངས་དེ་བཞིན་མི་དགེ་བས། །འཁོར་བའི་རི་གཟར་གཡང་དུ་ལྷུང་བ་ཡི། །སྐྱེ་བོ་འགྲོ་བའི་རྒྱུད་དུ་བདག་གིས་བསྐྱབས། །སྡུག་བསྔལ་ངན་སོང་གཡང་སས་འཇིགས་པ་དག །རྟག་ཏུ་མི་བདེ་ཤིན་ཏུ་མི་ཟད་དང་། །སྐྱེ་རྒ་ན་ཞིང་འཆི་བའི་འཇིགས་མང་ཀུན། །བདག་གིས་འཇིག་རྟེན་སྤྱོད་ཚེ་ཞི་བར་བྱས། །འཁོར་བའི་སྡུག་བསྔལ་ཞི་བར་བྱ་བ་དང་། །སེམས་ཅན་ཀུན་གྱི་བདེ་བ་ཡོངས་བསྐྱེད་ཅིང་། །སངས་རྒྱས་བདེ་བ་དམ་པ་བསྐྱེད་པ་ནི། །བསྐལ་པ་ཕྱི་མཐར་ཁོ་མོའི་སྨོན་ལམ་མོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་
ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་ཞུགས་པ་ཕྱི་ནང་གི་སྡུག་བསྔལ་མ་ལུས་པ་ལས་རྣམ་པར་གྲོལ་བ། བསྐལ་པའི་མིང་དུ་བྱ་བ་ཐམས་ཅད་ཤེས་པར་གྱུར་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་འབྱུང་བ་དང་། འཇིག་པའི་རྒྱུས་ལ་མཁས་པ་དེ་དག་གི་སྤྱོད་པ་ཤེས་པའམ་ཡོན་ཏན་བརྗོད་པ་ནུས་རེ་སྐན། སོང་རིགས་ཀྱི་བུ་སྙིང་པོ་བྱང་ཆུབ་འདི་ཉིད་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དགེ་བའི་བཤེས་ཀྱིས་མ་ནོར་མཐུན་བསྟན་པས། །ལྷ་མོ་ཁྱོད་ཀྱི་དྲུང་དུ་ཉེ་བར་མཆིས། །མཐའ་དང་དབུས་མི་མངའ་བའི་སྐུ་ཚུལ་དུ། །ཁྱོད་ནི་གདན་ལ་བཞུགས་པར་བདག་གིས་མཐོང་། །ཁ་དོག་དབྱིབས་དང་མཚན་མའི་སྤྱོད་ཡུལ་བ། །སྲིད་ལ་གནས་དང་དངོས་པོར་འདུ་ཤེས་དང་། ། འདུ་ཤེས་དམའ་དང་ལོག་པར་ལྟ་བ་ཡིས། །ཁྱོད་ཀྱི་སྤྱོད་ཡུལ་འཚལ་བར་མི་ནུས་སོ། །ཁྱོད་ཀྱི་སྐུ་གཟུགས་བལྟ་ན་མཐའ་ཡས་པས། །ཁྱོད་ཀྱི་སྐུ་གཟུགས་མདོག་གི་མཚན་མ་ནི། །བསྐལ་པ་མཐའ་ཡས་དག་ཏུ་ཡོངས་བརྟགས་ཀྱང་། །ལྷ་དང་འཇིག་རྟེན་བཅས་པས་ཤེས་མི་ནུས། །ལྷ་མོ་ཁྱོད་ནི་ཕུང་པོའི་གནས་ལས་འཕགས། །སྐྱེ་མཆེད་རྣམས་ལའང་དེ་བཞིན་མི་གནས་ཏེ། །འཇིག་རྟེན་རྣམ་པར་འདས་པས་ཐེ་ཙོམ་བྲལ། །འཇིག་རྟེན་དག་ཏུ་རྣམ་པར་འཕྲུལ་པ་མཛད། །གཡོ་བ་མི་མངའ་སྐྱོན་བྲལ་ཆགས་པ་མེད། །ཁྱོད་ཀྱིས་ཡེ་ཤེས་སྤྱན་ནི་རྣམ་སྦྱངས་པས། །རྡུལ་གྱི་གོ་ལ་ཐམས་ཅད་རྡུལ་ཚད་དུ། །སངས་རྒྱས་རྣམ་པར་འཕྲུལ་པ་མང་པོ་གཟིགས། །ཁྱོད་ཀྱི་སྐུ་ནི་ཆོས་སྐུའི་སྙིང་པོ་ཅན། །ཁྱོད་ཀྱི་ཐུགས་
ཀྱང་ཡེ་ཤེས་ཆགས་པ་མེད། །ཁྱོད་ནི་ཀུན་ཏུ་འོད་ཀྱིས་སྣང་མཛད་པས། །འཇིག་རྟེན་སྐྱེ་བོ་རྣམས་ལ་མཐའ་ཡས་སྣང་། །སེམས་ལས་མཐའ་ཡས་ལས་རྣམས་ཡོངས་སུ་འབྱུང་། །འཇིག་རྟེན་ཐམས་ཅད་ལས་ཀྱིས་རྣམ་པར་བྲིས། །འགྲོ་བ་སེམས་ཀྱི་དངོས་སུ་མཁྱེན་གྱུར་པས། །རང་གི་སྐུ་ཡང་འགྲོ་བ་སྙེད་དུ་བསྟན། །འཇིག་རྟེན་དུ་ནི་རྨི་ལམ་འདྲར་མཁྱེན་ནས། །སངས་རྒྱས་ཀུན་ཀྱང་གཟུགས་བརྙན་ལྟ་བུ་དང་། །མ་ལུས་ཆོས་རྣམས་སྒྲ་བརྙན་འདྲར་མཁྱེན་པས། །ཆགས་པ་མི་མངའ་འགྲོ་བ་ཀུན་དུ་སྤྱོད། །དུས་གསུམ་གནས་པའི་འགྲོ་བ་ཐམས་ཅད་ལ། །སྐད་ཅིག་རེ་རེ་རང་གི་སྐུ་སྟོན་ཀྱང་། །ཁྱོད་ཀྱི་ཐུགས་ལ་གཉིས་སུ་མི་རྒྱུ་སྟེ། །ཕྱོགས་རྣམས་ཀུན་ཏུ་ཆོས་ཀྱང་རབ་ཏུ་བསྟན། །རྡུལ་ལ་འགྲོ་བ་རྒྱ་མཚོ་མཐའ་ཡས་དང་། །དེ་བཞིན་སེམས་ཅན་མཚོ་ཆེན་དཔག་ཡས་དང་། །མཐའ་དབུས་མེད་པའི་བདེ་གཤེགས་གང་ཆེན་མཚོ། །ཀུན་ཀྱང་ཁྱོད་ཀྱི་རྣམ་ཐར་དམ་པའི་ཡུལ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པ་ལ། ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དེ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དགུ་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་འབྱུང་བས། སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་དེ་ནི་སྒོམ་པ་དང་། རྗེས་སུ་སྒོམ་པ་དང་། ཡང་དག་པར་སྒོམ་པ་དང་། མཚན་མོའི་ལྷ་མོའི་སྒྲ་རྒྱ་མཚོ་རབ་ཏུ་ཞི་བ་དང་ལྡན་པའི་གདམས་ངག་དང་། རྗེས་སུ་བསྟན་པ་ལ་ནི་རྗེས་སུ་འབྲང་བར་བྱ་བ་དང་། རྗེས་སུ་དྲན་པར་བྱ་བ་དང་། ཁོང་དུ་ཆུད་པར་བྱེད། ཚིག་དང་ཡི་གེ་རེ་རེ་ལ་ནི་ཚུལ་དུ་མ་དང་བསམ་པ་ཚད་མེད་པས་ཆོས་ཉིད་ཀྱི་ཚུལ་ཤེས་པ་རྗེས་སུ་དྲན་པར་བྱེད་ཅིང་དྲན་
པས་རྗེས་སུ་འབྲང་བར་བྱ་བ་དང་། བློ་གྲོས་ཀྱིས་རྣམ་པར་དབྱེ་བ་དང་། རིག་པས་ཁོང་དུ་ཆུད་པར་བྱ་བ་དང་། བློས་ཤིན་ཏུ་ཡངས་པར་བྱ་བ་དང་། ལུས་ཀྱིས་རེག་པར་བྱས་ཏེ། རྣམ་པར་སྤྱད་པ་དང་། རྗེས་སུ་འཇུག་པར་བྱེད་ཅིང་། མཐར་གྱིས་མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་གང་ན་བ་དེར་ཕྱིན་པ་དང་། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་པདྨོའི་ཁྲི་ཆེན་པོ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་གྲོང་ཁྱེར་དང་། གནས་ཐམས་ཅད་རབ་ཏུ་སྣང་བར་བྱེད་པའི་སྙིང་པོ་ཅན་ལ་ཕྱོགས་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ལ་མངོན་དུ་གྱུར་པའི་ལུས་དང་། འགྲོ་བ་ཐམས་ཅད་ཀྱི་གཟུགས་དང་། མཉམ་པའི་ལུས་དང་སེམས་ཅན་ཐམས་ཅད་ལ་མངོན་དུ་གྱུར་པའི་ལུས་དང་། འགྲོ་བ་ཐམས་ཅད་ཀྱིས་མ་གོས་པའི་ལུས་དང་། འགྲོ་བ་ཐམས་ཅད་དང་རང་བཞིན་མཉམ་པའི་ལུས་དང་། འགྲོ་བ་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་མཐུན་པའི་ལུས་དང་། འགྲོ་བ་ཐམས་ཅད་དུ་སྒྲ་རབ་ཏུ་སྒྲོགས་པའི་ལུས་དང་། འགྲོ་བ་ཐམས་ཅད་དུ་འཕོ་བ་མེད་པའི་ལུས་དང་། སྒྲིབ་པ་ཐམས་ཅད་ཤིན་ཏུ་བཅོམ་པའི་ལུས་དང་། དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ལུས་དང་། འགྲོ་བ་ཐམས་ཅད་གདུལ་བར་མཐར་ཕྱིན་པར་བྱེད་པའི་ལུས་སུ་འདུག་ཅིང་། མཚན་མོའི་ལྷ་མོ་བརྗོད་དུ་མེད་པའི་འཁོར་གྱིས་བསྐོར་ཏེ། འདུག་པ་མཐོང་ནས། དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་གྱི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་བདག་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན། ལྷ་མོ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེས་སུ་བསླབས་ན་སེམས་ཅན་ལ་སྨན་པར་འགྱུར་བ་ལགས། ཇི་ལྟར་ན་སེམས་ཅན་བླ་ན་མེད་པའི་ཡོངས་སུ་བསྡུ་བས་ཡོངས་སུ་སྡུད་པར་འགྱུར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གནང་བའི་བྱང་ཆུབ་སེམས་དཔའི་ལས་ལ་བརྩོན་པ་ལགས། ཇི་ལྟར་བརྩོན་པར་བགྱིས་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་ཉེ་བར་འགྱུར་བ་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་གྱིས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་དེ་ལྟར་འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་གདུལ་བའི་མཐར་ཕྱིན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཡང་དག་པར་གཟུང་བའི་སྦྱོར་བ་མཐར་ཕྱིན་པར་བྱ་བ་དང་། ཕྱོགས་འབྱམ་ཀླས་པ་ཐམས་ཅད་རྒྱས་པར་དགང་བའི་ཡེ་ཤེས་རབ་ཏུ་སྦྱར་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་འཇུག་པ་མངོན་དུ་འགྱུར་བ་དང་། ཤེས་བྱ་ནམ་མཁའི་དབྱིངས་དང་མཉམ་པར་མཐའ་ཡས་པ་རྒྱས་པར་དགང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བླང་ཞིང་ཡོངས་སུ་གཟུང་བའི་ཕྱིར་འགྲོ་བ་རྒྱ་མཚོ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པའི་སྤྱོད་པའི་ཚུལ་ཡོངས་སུ་འདྲི་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་། རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་ཐོབ་པ་སྟེ། དེ་ལྟར་ཁོ་མོ་རྣམ་པར་ཐར་པ་དེ་དང་ལྡན་པས་ཆོས་སྨྲ་བ་ཆེན་པོའི་གོ་འཕང་ཐོགས་པ་མེད་པ་ལ་དམིགས་པའི་སྦྱོར་བ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་ཡོངས་སུ་གཏང་བའི་སྨོན་ལམ་དང་ལྡན་པ། སྙིང་རྗེ་ཆེན་པོ་དང་བྱམས་པ་ཆེན་པོའི་
སྟོབས་རབ་ཏུ་ཐོབ་པ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་འགོད་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་ཞུགས་པ། བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་དང་། ཚོགས་རབ་ཏུ་བསྩགས་པ་རྒྱུན་མི་གཅད་པའི་ཕྱིར། འགྲོ་བ་ཐམས་ཅད་ཁ་ལོ་བསྒྱུར་བའི་ས་ལ་ཡང་དག་པར་གནས་པ་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་རབ་ཏུ་དགོད་པའི་ཕྱིར། འཇིག་རྟེན་གྱི་ཆོས་ཀྱི་སྤྲིན་ཐམས་ཅད་ལས་ཆོས་ཀྱི་ཉི་མ་ཡོངས་སུ་འབྱུང་བའི་སྦྱོར་བ་དང་ལྡན་པ། དགེ་བའི་རྩ་བ་ཚད་མེད་པ་བསྐྱེད་པས། འཇིག་རྟེན་ཐམས་ཅད་སྣང་བར་བྱ་བའི་ཕྱིར། འགྲོ་བ་ཐམས་ཅད་ལ་མཉམ་པའི་སེམས་སུ་འཇུག་པ་རྒྱུན་མི་འཆད་པ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་ཡོངས་སུ་བསྒྲུབ་པའི་སྦྱོར་བ་ཤེས་པར་བྱ་བའི་ཕྱིར། སེམས་རྣམ་པར་དག་པའི་སྦྱོར་བ་དང་ལྡན་པ་དགེ་བའི་ལས་ཀྱི་ལམ་ཐམས་ཅད་མཐུན་པར་བསྒྲུབ་པས་སེམས་ཅན་ཐམས་ཅད་ཀྱི་དེད་དཔོན་དུ་ཞུགས་པ། མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་རབ་ཏུ་སྤངས་པ། སེམས་ཅན་ཐམས་ཅད་དགེ་བའི་ཆོས་ལ་རབ་ཏུ་དགོད་པའི་སྦྱོར་བ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ལམ་བདེ་བ་ཡོངས་སུ་སྟོན་པའི་སྦྱོར་བ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ཐེག་པའི་རྒྱན་ཀྱི་ཐོག་མར་འདྲེན་པ་ལ་ཞུགས་པ། དགེ་བའི་ཆོས་ཀྱི་སྤྱོད་པ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་པའི་སྦྱོར་བ་དང་ལྡན་པ། དགེ་བའི་བཤེས་གཉེན་ཐམས་ཅད་ལ་མི་ཕྱེད་པར་བསྙེན་བཀུར་དང་རིམ་གྲོ་བྱེད་པ་ལ་ཞུགས་པ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་དགོད་པའི་སྦྱོར་བ་དང་ལྡན་པ། ཆོས་ཀྱི་སྦྱིན་པའི་སྔོན་འདྲེན་ཅིང་ཆོས་དཀར་པོ་ཐམས་ཅད་ཡང་དག་པར་བརྩམ་པའི་སྦྱོར་བ་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པས་མངོན་པར་བྱུང་བས་བསམ་པ་བརྟན་ཞིང་མི་ཤིགས་པ། རྡོ་རྗེ་མཐུ་བོ་ཆེ་ལྟར་བརྟན་ཞིང་སྲ་བས་སངས་
རྒྱས་ཀྱི་སྟོབས་ལ་དམིགས་པའི་སེམས་རྒྱ་ཆེན་པོའི་དཀྱིལ་འཁོར་དང་ལྡན་པར་དགེ་བའི་བཤེས་གཉེན་ལ་རྟེན་ཅིང་རྣམ་པར་སྤྱོད་དེ། ཁོ་མོ་ནི་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་རི་རྣམ་པར་གཏོར་བའི་སེམས་དང་ལྡན་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡང་དག་པར་རྩོམ་པའོ། །དཀར་པོའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་སྦྱོར་བ་དང་ལྡན་པའོ། །ཐམས་ཅད་མཁྱེན་པ་ཉིད་མཐའ་དང་དབུས་མེད་པ་ལ་མངོན་པར་འདུན་ཅིང་དམིགས་པའི་སེམས་ཀྱི་སྦྱོར་བ་ལ་བརྩོན་པའོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་ཆོས་སྣང་བའི་སྒོ་སེམས་ཅན་ཐམས་ཅད་ཡོངས་སུ་སྟོན་པ་རྣམ་པ་དེ་ལྟ་བུ་ཡོངས་སུ་སྦྱོང་ཞིང་དགེ་བའི་རྩ་བ་བསྩགས་པའི་ཚོགས་ལ་སྟ་གོན་ཏུ་གནས་པས་རྣམ་པ་བཅུས་ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟ་ཞིང་ཁོང་དུ་ཆུད་པ་དང་། རྗེས་སུ་གཞོལ་བར་བྱེད་དོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཡེ་ཤེས་སྣང་བ་ཤིན་ཏུ་ཡངས་པ་ཐོབ་པས་ཆོས་ཀྱི་དབྱིངས་ནི་ཚད་མེད་པར་ཁོང་དུ་ཆུད་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྣམ་པར་དམིགས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ནི་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་གནན་པ་དང་། དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ནི་མུ་མེད་པར་ཁོང་དུ་ཆུད་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་བསྟན་པའི་ཕྱིར་ཆོས་ཀྱི་དབྱིངས་ནི་ས་མཚམས་མེད་པ་ཁོང་དུ་ཆུད་པར་བྱེད་དོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐ་མི་དད་པ་ལ་འཇུག་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ནི་རིས་ཚད་མེད་པར་ཁོང་དུ་ཆུད་པར་བྱེད་དོ། །བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་དམིགས་པའི་དེ་བཞིན་གཤེགས་པའི་གསུང་གི་དཀྱིལ་འཁོར་ལ་འཇུག་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ནི་རྒྱུད་ཀྱི་ཚུལ་
གཅིག་ཏུ་གྱུར་པར་ཁོང་དུ་ཆུད་པར་བྱེད་དོ། །འགྲོ་བ་ཐམས་ཅད་རྣམ་པར་གདུལ་བའི་མཐར་ཕྱིན་པས། དེ་བཞིན་གཤེགས་པས་སྔོན་གྱི་སྨོན་ལམ་གྱི་མཐར་ཐུག་པ་ལ་འཇུག་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱི་རྒྱ་ཆེ་བར་ཁོང་དུ་ཆུད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་འབྱམ་ཀླས་པ་ལ་འཇུག་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ནི་འགྲོ་བ་ཐམས་ཅད་ལ་མཉམ་པ་ཉིད་དུ་གྱུར་པར་ཁོང་དུ་ཆུད་པར་བྱེད་དོ། །ཀུན་ཏུ་བཟང་པོའི་སྤྱོད་པས་རྣམ་པར་འཕྲུལ་པའི་རྒྱན་ལ་འཇུག་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ནི་རྒྱན་གཅིག་ཏུ་གྱུར་པར་ཁོང་དུ་ཆུད་པར་བྱེད་དོ། །དགེ་བ་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་རྒྱས་པར་དགང་ཞིང་རྣམ་པར་དག་པར་བྱ་བར་ཆུད་མི་ཟ་བའི་ཆོས་ཅན་དུ་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ནི་ཐུག་པ་མེད་པར་ཁོང་དུ་ཆུད་པར་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་རྣམ་པ་བཅུ་པོ་དེ་དག་གིས་དགེ་བའི་རྩ་བ་དང་། ཚོགས་ཐམས་ཅད་ཡོངས་སུ་བསྩགས་པ་དང་། སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ཉིད་ལ་འཇུག་པར་བྱ་བ་དང་། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་རྗེས་སུ་རྟོགས་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཐམས་ཅད་ལ་རྣམ་པར་བལྟའོ། །ཁོང་དུ་ཆུད་པ་དང་རྗེས་སུ་གཞོལ་བར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཁོ་མོ་དེ་ལྟར་དེ་བཞིན་གཤེགས་པའི་བདག་ཉིད་ཆེ་བ་ཉིད་ཀྱི་རྗེས་སུ་འབྲང་བའི་ཡིད་ལ་བྱ་བ་དང་ལྡན་པས། གཟུངས་ཀྱི་དཀྱིལ་འཁོར་གྱི་རྒྱུད་སྟོང་ཕྲག་བཅུས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། བཅུ་གང་ཞེ་ན་འདི་ལྟར་ཆོས་རྒྱ་མཚོ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་དང་། ཆོས་ཐམས་ཅད་བྱིན་གྱིས་རློབ་པའི་གཟུངས་ཀྱི་དཀྱིལ་འཁོར་དང་། ཆོས་ཀྱི་སྤྲིན་ཐམས་ཅད་ཡོངས་སུ་འཛིན་པའི་གཟུངས་ཀྱི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ དགོངས་པ ་སྒྲོན་མའི་གཟུངས་ཀྱི་དཀྱིལ་འཁོར་དང་། སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོ་
རབ་ཏུ་སྣང་བར་བྱེད་པའི་སྙིང་པོའི་གཟུངས་ཀྱི་དཀྱིལ་འཁོར་དང་། ཐེག་པའི་ཚུལ་རྒྱ་མཚོ་དྲི་མ་མེད་པ་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་གཟུངས་ཀྱི་དཀྱིལ་འཁོར་དང་། སངས་རྒྱས་རྒྱ་མཚོ་ཐམས་ཅད་ཀྱི་སྒྲོན་མའི་སྙིང་པོའི་གཟུངས་ཀྱི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོའི་གློང་རབ་ཏུ་སྒྲོག་པའི་གཟུངས་ཀྱི་དཀྱིལ་འཁོར་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་རྒྱ་མཚོ་བསྟན་པ་ལ་ཡང་དག་པར་གཞོལ་བའི་གཟུངས་ཀྱི་དཀྱིལ་འཁོར་དང་། ཆོས་ཐམས་ཅད་ལ་མངོན་པར་འཁྱིལ་པའི་ཤུགས་དྲག་པོའི་གཟུངས་ཀྱི་དཀྱིལ་འཁོར་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་རབ་ཏུ་འབྱུང་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་དང་། རིགས་ཀྱི་བུ་གཟུངས་ཀྱི་དཀྱིལ་འཁོར་བཅུ་པོ་དེ་དག་ལ་སྩོགས་པ་གཟུངས་ཀྱི་དཀྱིལ་འཁོར་གྱི་རྒྱུད་སྟོང་ཕྲག་བཅུས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རིགས་ཀྱི་བུ་གཞན་ཡང་ཁོ་མོ་ནི་ཐོས་པའི་ཤེས་རབ་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བསམ་པའི་ཤེས་རབ་དང་། བསྒོམ་པའི་ཤེས་རབ་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྲིད་པའི་རྒྱུད་གཅིག་ལས་ཀྱང་བརྩམས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྲིད་པའི་རྒྱུད་རྒྱ་མཚོ་ཐམས་ཅད་ལས་ཀྱང་བརྩམས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་གཅིག་གི་མཚན་གྱི་འཁོར་ལོ་རྒྱ་མཚོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོ་རྒྱ་མཚོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཅིག་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །སངས་རྒྱས་གཅིག་གིས་ལུང་བསྟན་པ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་བསྟན་པ་རྒྱ་མཚོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་གཅིག་གི་འཁོར་གྱི་དཀྱིལ་
འཁོར་རྒྱ་མཚོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་གཅིག་གི་ཆོས་ཀྱི་འཁོར་ལོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་མཚོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །མདོ་སྡེ་གཅིག་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ལ་ཡང་དག་པར་གཞོལ་བའི་མདོ་སྡེ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་གཅིག་གི་འཁོར་གྱི་དཀྱིལ་འཁོར་ཀུན་ནས་འདུས་པ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཀུན་ནས་འདུས་པ་རྒྱ་མཚོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་རྒྱ་མཚོ་ཐམས་ཅད་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །ཐེག་པ་གཅིག་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །ཐེག་པ་ཐམས་ཅད་ཀྱི་འབྱུང་བ་རྒྱ་མཚོ་ལས་ཀྱང་བརྩམས་ཤིང་ཆོས་སྟོན་ཏོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོས་བསྟན་པའི་ཚུལ་མངོན་པར་བསྒྲུབ་པ་བརྗོད་དུ་མེད་པས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐ་མི་དད་པས་དེ་བཞིན་གཤེགས་པ་རྒྱ་མཚོ་ལ་འཇུག་ཅིང་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པས། བླ་ན་མེད་པའི་ཡོངས་སུ་བསྡུ་བ་བྱེད་ཅིང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་རྒྱ་མཚོར་གནས་པར་བྱ་བས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་། རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་འདི་ལ་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་རྣམ་པར་འཕེལ་བའི་རྣམ་པར་ཐར་པའི་ཡུལ་བསྒོམ་པའི་ཚུལ་གྱིས་ཡོངས་སུ་སྒོམ་སྟེ་རྣམ་པར་ཐར་པའི་ཡུལ་བསྒོམ་པའི་ཚུལ་
རེ་རེས་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱས་པར་འགེངས་སོ། །ནོར་བཟངས་ཀྱིས་སྨྲས་པ། ལྷ་མོ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དེ། དེ་ལྟར་ཟབ་པ་ངོ་མཚར་ཆེ་ན། འཕགས་མ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་བརྙེས་ནས་ཇི་སྲིད་ཅིག་ལགས་སྨྲས་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་འཇིག་རྟེན་གྱི་རྒྱུད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ཅིག་ཏུ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་འོད་འཕྲོ་བའི་གྲོང་ཁྱེར་དཔལ་ཀྱི་སྤྲིན་ཅེས་བྱ་བ་རིན་པོ་ཆེའི་སྤོས་ཐམས་ཅད་དང་ལྡན་པ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྤྲིན་ལ་བླངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་དབྱངས་སུ་སྒྲོག་པའི་པདྨོས་མཚམས་རྣམ་པར་བརྒྱན་པ། ལྷུན་སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོས་བྱུང་བའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྒྱ་མཚོ་ལས་གྲུབ་པ། པདྨོ་ཆེན་པོའི་དབྱིབས་སུ་འདུག་པ། རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་པ། མེ་ཏོག་གི་ཁོར་ཡུག་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཀུན་ནས་བསྐོར་བ། སྤོས་ཀྱི་རིན་པོ་ཆེ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྒྱན་རི་རབ་ལྟར་མངོན་པར་འཕགས་པ་དང་ལྡན་པ། གླིང་བཞི་པ་ཆེན་པོའི་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྒྱན་དང་ལྡན་པ། གླིང་བཞི་པ་རེ་རེ་ཞིང་ཡང་གྲོང་རྡལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་ལྡན་པ་བྱུང་ངོ་། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དེའི་བསྐལ་པ་མདོག་དྲི་མ་མེད་པའི་འོད་ཅེས་བྱ་བ་བྱུང་སྟེ། བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ངོ་། །འཇིག་རྟེན་གྱི་ཁམས་ཆོས་ཀྱི་འོད་འཕྲོ་བའི་གྲོང་ཁྱེར་དཔལ་གྱི་སྤྲིན་གྱི་གླིང་བཞི་པ་དབུ་མ་རྒྱལ་མཚན་སྣ་ཚོགས་ཤེས་བྱ་བ་བྱུང་སྟེ། དེའི་དབུས་ན་རྒྱལ་པོའི་གནས་རིན་ཆེན་མེ་ཏོག་ཀུན་ཏུ། སྣང་བ་ཞེས་བྱ་བ་ཡོད་པར་གྱུར་ཏེ། རྒྱལ་པོའི་གནས་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་སྙིང་པོ་བྱང་ཆུབ་
ཆོས་ཀྱི་རྒྱལ་པོའི་ཕོ་བྲང་རབ་ཏུ་སྣང་བ་ཞེས་བྱ་བ་ཡོད་དེ། སྙིང་པོ་བྱང་ཆུབ་དེ་ལ་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་གི་བསྐལ་པའི་དང་པོ་ལ་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་དབྱངས་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉི་མ་ལྟར་བཞིན་མདོག་དྲི་མ་མེད་པ་ཞེས་བྱ་བ་བྱུང་ནས། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་དབྱངས་འོད་ཀྱི་རྒྱལ་པོ་ལས་མདོ་སྡེ་ཆོས་ཐམས་ཅད་ཀྱི་ཀློང་རྒྱ་མཚོ་ཞེས་བྱ་བ་ཡོངས་སུ་བཟུང་སྟེ། བཟུང་ནས་ཀྱང་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་ཏོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་རབ་ཏུ་བྱུང་སྟེ། བསྟན་པ་ཡོངས་སུ་བཟུང་ངོ་། །བསྟན་པ་ནུབ་དུ་ཆ་སྟེ། བསྟན་པ་ཡང་སྟོང་དུ་གྱེས། ཆོས་བསྟན་པ་ཤིན་དུ་བསྟན་པའི་ཚུལ་ནི་བརྒྱ་ཕྲག་བཅུར་གྱུར། རྙོག་པའི་བསྐལ་པ་བར་མ་ནི་ཉེ་བར་གནས་པར་གྱུར་པའི་ཚེ། སེམས་ཅན་ལས་དང་ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པ། ཐབ་མོ་དང་རྩོད་པ་དང་དཀྲུགས་མ་ལ་ཞུགས་པར་གྱུར་པ་དང་། དགེ་སློང་སངས་རྒྱས་ཀྱི་བསྟན་པའི་ཡོན་ཏན་དོན་དུ་མི་གཉེར་ཅིང་ཡུལ་གྱི་དགའ་བ་ལྷུར་ལེན་པར་གྱུར་པ། རྒྱལ་པོ་དང་རྐུན་པོའི་གཏམ་ལ་ཞུགས་པ། བུད་མེད་དང་ཡུལ་དང་རྒྱ་མཚོའི་གཏམ་ལ་མོས་པ། འཇིག་རྟེན་རྒྱང་ཕེན་པའི་ཚིག་ལ་ཞུགས་པ་རྣམས་ཡོངས་སུ་སྐྱོ་བ་བསྐྱེད་པའི་ཕྱིར། ཀྱེ་མའོ་བསྐལ་པ་དུ་མར་ཡོངས་སུ་བསྒྲུབས་པའི་ཆོས་ཀྱི་སྒྲོན་མ་ཆེན་པོ་ནི་ནུབ་པར་གྱུར་མ་ཁད་དོ། །ཞེས་ཆོས་དང་ལྡན་པའི་འོ་དོད་བོས་ཏེ། ཡོངས་སུ་སྐྱོ་བར་འགྱུར་བའི་གཏམ་བྱས་ནས། དེ་སྟེང་གི་ནམ་མཁའི་དབྱིངས་སུ་ཏ་ལ་བདུན་ཙམ་དུ་མངོན་པར་འཕགས་ནས། འོད་འཕྲོ་བ་ཁ་དོག་མཐའ་ཡས་པའི་སྤྲིན་རབ་ཏུ་བཀྱེ་སྟེ། འོད་གཟེར་གྱི་དྲ་བའི་རྒྱན་ཆེན་པོ་ཁ་དོག་སྣ་ཚོགས་དང་ལྡན་པ་བཀྱེ་
ནས། འོད་ཁ་དོག་དུ་མ་དང་ལྡན་པས་འཇིག་རྟེན་གྱི་ཉོན་མོངས་པའི་གདུང་བ་ཞི་བར་བྱས་ཏེ། སེམས་ཅན་མཐའ་དང་དབུས་མེད་པ་དག་ཀྱང་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །དེ་བཞིན་གཤེགས་པའི་བསྟན་པ་དེ་ཡང་ཕྱིར་གསལ་བར་བྱས་ཏེ། ལོ་སྟོང་ཕྲག་དྲུག་ཅུར་གནས་པར་གྱུར་ཏོ། །དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉི་མ་ལྟར་བཞིན་མདོག་དྲི་མ་མེད་པ། དེ་ཉིད་ཀྱི་བུ་མོ་དགེ་སློང་མ་ཆོས་ཀྱི་འཁོར་ལོས་སྤྲུལ་པའི་འོད་ཅེས་བྱ་བ་དགེ་སློང་མ་བརྒྱ་ཕྲག་སྟོང་གི་འཁོར་དང་ལྡན་པ་བྱུང་སྟེ། དེས་ཡོངས་སུ་སྐྱོ་བར་འགྱུར་བའི་སྒྲ་དེ་ཐོས་ནས་ཆོ་འཕྲུལ་ཆེན་པོ་དེ་མཐོང་སྟེ། འཁོར་དང་བཅས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དགེ་སློང་མ་བརྒྱ་ཕྲག་སྟོང་པོ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་ཏེ། དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་ལ་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོས་སྤྲུལ་པའི་འོད་ཅེས་བྱ་བའི་གཟུངས་ཀྱང་རབ་ཏུ་ཐོབ་པོ། །ཆོས་རྒྱ་མཚོའི་ཚུལ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རབ་ཏུ་ཐོབ་པར་གྱུར་ཏོ། །དགེ་སློང་མ་ཆོས་ཀྱི་འཁོར་ལོས་སྤྲུལ་པའི་འོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ལས་བྱུང་བའི་འོད་ཀྱི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་། རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་འདི་ཡང་ཤིན་ཏུ་ཕྲ་ཞིང་འཇམ་པའི་ཚུལ་དུ་རབ་ཏུ་ཐོབ་པར་གྱུར་ཏེ། དེ་ཐོབ་པས་དེ་ལ་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་དབྱངས་འོད་ཀྱི་རྒྱལ་པོའི་རྣམ་པར་འཕྲུལ་པ་དེ་དག་ཐམས་ཅད་ཀྱང་མངོན་དུ་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉི་མ་ལྟར་བཞིན་མདོག་དྲི་མ་མེད་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་དབྱངས་
འོད་ཀྱི་རྒྱལ་པོའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བསྟན་པ་ནུབ་ཏུ་ཆ་བའི་ཚེ་དང་དུས་ན་བསྟན་པ་ཡོངས་སུ་འཛིན་ཅིང་ཆོས་ཀྱི་སྒྲོན་མ་ཆེན་པོ་འབར་བར་བྱེད་བྱེད་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ནི། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ནི་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉི་མ་ལྟར་བཞིན་མདོག་དྲི་མ་མེད་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉི་མ་ལྟར་བཞིན་མདོག་དྲི་མ་མེད་པའི་བུ་མོ་དགེ་སློང་མ་ཆོས་ཀྱི་འཁོར་ལོས་སྤྲུལ་པའི་འོད་ཅེས་བྱ་བ་དགེ་སློང་མ་བརྒྱ་ཕྲག་སྟོང་གི་འཁོར་དང་ལྡན་པ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ནི་དེ་ལྟར་མི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན་དགེ་སློང་མ་ཆོས་ཀྱི་འཁོར་ལོས་སྤྲུལ་པའི་འོད་ཅེས་བྱ་བར་གྱུར་ཏེ། དེ་ལྟར་ཁོ་མོས་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་དབྱངས་འོད་ཀྱི་རྒྱལ་པོའི་བསྟན་པ་ཡང་ཡོངས་སུ་བཟུང་ངོ་། །དགེ་སློང་མ་བརྒྱ་ཕྲག་སྟོང་པོ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་ཏེ། དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་ལ་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་ལའང་རབ་ཏུ་བཀོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོས་སྤྲུལ་པའི་འོད་ཀྱི་གཟུངས་དང་། ཆོས་རྒྱ་མཚོའི་ཚུལ་ཐམས་ཅད་ལ་འཇུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་རབ་ཏུ་བཀོད་དོ། །དེ་བཞིན་གཤེགས་པ་དེའི་འོག་ཏུ་ཁོ་མོས་དེ་བཞིན་གཤེགས་པ་ཆོས་དྲི་མ་མེད་པའི་རི་བོ་ཡེ་ཤེས་ཀྱི་རྩེ་མོའི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་དཀྱིལ་འཁོར་གྱི་འོད་རབ་ཏུ་སྣང་བའི་གཙུག་ཕུད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་ཉི་མ་དཔལ་གྱི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་
བཞིན་གཤེགས་པ་ཆོས་རྒྱ་མཚོ་ཤིན་ཏུ་བསྟན་པའི་དབྱངས་ཤེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་ཉི་མའི་དཀྱིལ་འཁོར་ཡེ་ཤེས་ཀྱི་སྒྲོན་མ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་དཔལ་གྱི་རྒྱལ་མཚན་གྱི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་འོད་འཕྲོ་རི་བོ་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་ཚུལ་ཟབ་མོ་དཔལ་གྱི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་ཡེ་ཤེས་ཡང་དག་པར་འབྱུང་བ་ཀུན་ཏུ་སྣང་བའི་སྙིང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་གཙུག་ཕུད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིའི་དབང་པོ་དཔལ་གྱི་སྙིང་པོའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྒོ་ཀུན་ནས་མཁྱེན་པའི་རི་བཟང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་བརྩོན་འགྲུས་དྲག་པོའི་རྒྱལ་མཚན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་རིན་པོ་ཆེའི་མེ་ཏོག་དཔལ་གྱི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་ཟབ་མོ་ཞི་བ་བརྩེགས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་གཟེར་གྱི་ཚུལ་རབ་ཏུ་སྣང་བའི་འོད་ཀྱི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་འོད་འཕྲོ་བ་དཔལ་གྱི་རྒྱལ་མཚན་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྤྱིའུ་ཚུགས་ཀྱི་ཕྱོགས་ཡེ་ཤེས་ཀྱིས་སྣང་བར་མཛད་པའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་གཟེར་གྱི་མེ་ཏོག་ཀུན་ཏུ་རྒྱས་པའི་སྒྲོན་མ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་
བཞིན་གཤེགས་པ་ཡེ་ཤེས་སེང་གེའི་དཔལ་གྱི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་ཉི་མ་ཀུན་ཏུ་སྣང་བའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མཚན་རིན་པོ་ཆེས་རྣམ་པར་བརྒྱན་པའི་རི་བོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཉི་མའི་རྣམ་པར་གནོན་པས་ཀུན་ཏུ་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་དྲ་བ་རྣམ་པར་སངས་རྒྱས་པའི་དཔལ་གྱི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་པདྨོ་རབ་ཏུ་རྒྱས་པའི་དཔལ་གྱི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མཚན་གྱི་ཉི་མའི་འཁོར་ལོ་ཀུན་ཏུ་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མི་བསྙེངས་པའི་རྡོ་རྗེ་སེང་གེ་མཐུ་བོ་ཆེ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ་མཚན་ཀུན་ཏུ་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྐུ་ཆོས་ཀྱི་པདྨོའི་མེ་ཏོག་ཤིན་ཏུ་རྒྱས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡོན་ཏན་མེ་ཏོག་དཔལ་གྱི་རྒྱལ་མཚན་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིག་རི་བོ་སྣང་བའི་ཕུང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་སྤོའི་འོད་འཕྲོ་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྒོ་ཀུན་ནས་ཆོས་སྟོན་པའི་རི་བོའི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྙིང་པོ་བྱང་ཆུབ་རྣམ་པར་སངས་རྒྱས་པའི་དཔལ་གྱི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བའི་དཔལ་གྱི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གཟུགས་བརྙན་ཀུན་ཏུ་སྣང་བའི་གཙུག་ཕུད་ཅེས་བྱ་བ་བསྙེན་བཀུར་ཏོ། །
དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་རྒྱལ་མཚན་སྒྲོན་མ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྡོ་རྗེ་ལྟར་བརྟན་པའི་རྒྱལ་མཚན་རྒྱ་མཚོའི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གྲགས་པའི་རི་བོ་དཔལ་གྱི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཙན་དན་དཔལ་གྱི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་དཔལ་གྱི་མེ་ཏོག་ཀུན་ནས་རྒྱས་པའི་གཟི་བརྗིད་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཏུ་སྣང་བའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡོན་ཏན་པདྨོ་དཔལ་གྱི་སྙིང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྤོས་ཀྱི་འོད་འཕྲོ་བ་རབ་ཏུ་སྣང་བའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྒྱུ་པདྨོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མཚན་གྱི་རི་བོ་རྣམ་པར་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྙན་པ་ཀུན་ཏུ་རྣམ་པར་གྲགས་པའི་རྒྱལ་མཚན་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཀུན་དུ་སྣང་བའི་རི་བོ་ཞེས་བྱ་བ་བསྙེན་བཀུར་ཏོ། ། དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་གྲོང་ཁྱེར་རབ་ཏུ་སྣང་བའི་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤིང་གི་རི་བོ་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་དཔལ་ཀུན་ཏུ་རྣམ་པར་སྣང་བའི་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོའི་ང་རོ་རབ་ཏུ་སྒྲོག་པའི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་གནས་བསྒྲུབ་པ་ཡོངས་སུ་འགྲུབ་པའི་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཀུན་ཏུ་སྣང་བའི་དམ་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་
གཤེགས་པ་མཚན་དམ་པའི་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྟོབས་ཀྱི་དཔའ་བའི་རྒྱལ་མཚན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་འོད་ཀྱི་དབྱངས་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་གཟེར་ཡོན་ཏན་གྱི་ཅོད་པན་ཡེ་ཤེས་དང་ཤེས་རབ་ཀྱི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་ཟླ་བས་འཕགས་པའི་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་པདྨོ་རྣམ་པར་སྣང་བས་རྣམ་པར་སངས་རྒྱས་པའི་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་པདྨོ་སྣང་བའི་སྙིང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱི་རྩེ་མོའི་སྤྲིན་རབ་ཏུ་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་མེ་ཏོག་ཀུན་ནས་རྣམ་པར་དག་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་གཟེར་དཔལ་གྱི་རི་བོའི་སྙིང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་གཟེར་གྱི་དཀྱིལ་འཁོར་སྤོའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་བསོད་ནམས་སྣ་ཚོགས་ཀྱི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་རི་བོ་རྒྱལ་མཚན་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡོན་ཏན་རི་བོའི་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་ཉི་མའི་སྤྲིན་རབ་ཏུ་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་སྙན་པ་རྣམ་པར་གྲགས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་དཀྱིལ་འཁོར་ན་བུན་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་བྱང་ཆུབ་རྣམ་པར་སངས་རྒྱས་པའི་ཡེ་ཤེས་གཟི་བརྗིད་ཅེས་བྱ་
བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་དཀྱིལ་འཁོར་རྣམ་པར་སངས་རྒྱས་པའི་དཔལ་གྱི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གསེར་རིན་པོ་ཆེའི་རི་བོ་གཟི་བརྗིད་བཟང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་དཔལ་གྱི་རི་བོ་གཟི་བརྗིད་བཟང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤེས་རབ་ཀྱི་སྒྲ་ཀུན་ཏུ་འབྱུང་བའི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྟོབས་ཀྱི་དཔལ་བརྩེགས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྤོས་འོད་འཕྲོ་བའི་སྤྲིན་ཕུན་སུམ་ཚོགས་པའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གསེར་རིན་པོ་ཆེའི་རིའི་དབྱངས་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གཙུག་ཏོར་གྱི་མཛོད་ཆོས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་རབ་ཏུ་འབར་བའི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིའི་རྩེ་མོ་མངོན་པར་འཕགས་པའི་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་བརྩོན་འགྲུས་ཀྱི་སྒྲོན་མ་ཀུན་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཤིན་ཏུ་ཡངས་པའི་ཅོད་པན་ཤེས་རབ་ཀྱི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་པོ་ཆེ་ཡིད་དུ་འོང་བའི་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་མ་རིན་ཆེན་བླ་རེའི་དབྱངས་ཤེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་ནམ་མཁའ་ལ་སེང་གེའི་འོད་ཤིན་ཏུ་མཛེས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མཚན་གྱིས་རྣམ་པར་བརྒྱན་པའི་རྒྱལ་མཚན་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་
གཤེགས་པ་འོད་གཟེར་གྱི་རི་བོ་རྣམ་པར་སྣང་བའི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་ནམ་མཁའ་སྒྲིབ་པ་མེད་པའི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་མཚན་ཡིད་དུ་འོང་བའི་མེ་ཏོག་གི་ཡན་ལག་ཤིན་ཏུ་རྒྱས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་དབང་པོ་དམ་པའི་འོད་ཀྱི་དབྱངས་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱི་འོད་ཀྱི་དབྱངས་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྒོའི་དབྱངས་མང་པོའི་མཛོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་འབར་བའི་འོད་འཕྲོ་རྒྱ་མཚོའི་དབྱངས་ཤེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་དུས་གསུམ་གྱི་མཚན་རབ་ཏུ་སྣང་བའི་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་དཀྱིལ་འཁོར་དཔལ་གྱི་རི་བོ་སྣང་བའི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་སེང་གེའི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དཔལ་གྱི་རི་རབ་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་རྒྱ་མཚོ་ཐམས་ཅད་སྣང་བར་མཛད་པའི་སེང་གེ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་འོད་ཀུན་ཏུ་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤེས་རབ་ཀྱི་འོད་ཀུན་ཏུ་བསལ་བ་ཆོས་ཀྱི་གྲོང་ཁྱེར་རབ་ཏུ་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེ་ལྟར་རིགས་ཀྱི་བུ་སངས་རྒྱས་བརྒྱ་པོ་འདི་དག་ལ་སྩོགས་པ། བསྐལ་པ་མདོག་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་བྱུང་སྟེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ཐམས་ཅད་ཀྱི་ཐ་མར་དེ་བཞིན་གཤེགས་པ་ཆོས་
ཀྱི་དབྱིངས་ཀྱི་གྲོང་ཁྱེར་ཡེ་ཤེས་ཀྱི་འོད་ཀྱིས་རབ་ཏུ་སྣང་བའི་རྒྱལ་པོ་ཞེས་བྱ་བ་བྱུང་བར་གྱུར་ཏེ། དེ་ལྟར་རིགས་ཀྱི་བུ་ཁོ་མོས་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ལས་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་དབྱངས་ཀྱི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་ལ་སྩོགས་པ་ཐ་མ་ཆོས་ཀྱི་དབྱིངས་ཀྱི་གྲོང་ཁྱེར་ཡེ་ཤེས་ཀྱི་འོད་ཀྱི་རབ་ཏུ་སྣང་བའི་བར་དེ་དག་ཐམས་ཅད་ཁོ་མོས་མཆོད་དོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཁོ་མོས་རིམ་གྲོར་བྱས་སོ། །ཐམས་ཅད་ཀྱིས་ཆོས་བསྟན་པ་ཡང་ཐོས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་བསྟན་པ་ལའང་ཁོ་མོ་རབ་ཏུ་བྱུང་ངོ་། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་བསྟན་པ་ཡང་ཁོ་མོས་ཡོངས་སུ་བཟུང་ངོ་། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་། རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་འདི་ཡང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཐོབ་པའི་ཚུལ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་ཐོབ་བོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུའང་ཁོ་མོས་སེམས་ཅན་རྒྱ་མཚོ་མཐའ་དང་དབུས་མེད་པ་ཡོངས་སུ་སྨིན་པར་བྱས་སོ། །དེ་ཚུན་ཆད་དུ་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ནི་ཁོ་མོས་ཆོས་ཀྱི་ནན་ཏན་གྱིས་མཆོད་པ་བྱས་ཏེ། རིགས་ཀྱི་བུ་དེ་ཕྱིན་ཆད་དུ་ཁོ་མོས་སེམས་ཅན་འཁོར་བའི་མུན་པ་ན་འཁོད་ཅིང་མི་ཤེས་པའི་གཉིད་ཀྱིས་ལོག་པ་རྣམས་ཀྱི་མེལ་ཚེ་བྱས་སོ། །དེ་དག་གི་སེམས་ཀྱི་གྲོང་ཁྱེར་ཡང་ཡོངས་སུ་བསྲུངས་སོ། །དེ་དག་ཁམས་གསུམ་གྱི་གྲོང་ཁྱེར་ནས་གྱེན་དུ་བསྐྱོད་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་རྡལ་དུ་ཡང་རབ་ཏུ་བཀོད་དོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་། རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་འཇིག་རྟེན་གྱི་ཚིག་ཀྱལ་པ་རྣམ་པར་བཟློག་པ། གཉིས་སུ་སྨྲ་བ་མེད་པ་ལ་རབ་ཏུ་འགོད་པ། བདེན་པ་ལ་རབ་ཏུ་གཞོག་པའི་མཐར་ཕྱིན་
པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་དག་གི་ལམ་གྱི་རང་བཞིན་ཐམས་ཅད་ཐོགས་པ་མེད་པར་ཤེས་པ། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཐམས་ཅད་མངོན་པར་འཚང་རྒྱ་བར་དབང་བསྒྱུར་བ། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་དང་། ཚིག་རྒྱ་མཚོ་ལ་ཞུགས་པ། སྐད་རྒྱ་མཚོ་ཐམས་ཅད་མངོན་པར་འདུ་བྱ་བ་ལ་མཁས་པ། ཆོས་ཐམས་ཅད་ཀྱི་གྲངས་དང་མིང་རྒྱ་མཚོའི་ཚུལ་དང་། ཆོ་ག་ལ་མཁས་པ། ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་གཟུངས་རྒྱ་མཚོ་ལ་དབང་བསྒྱུར་བ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་ཏུ་ཆོས་ཀྱི་སྤྲིན་མངོན་པར་བསྒྲུབ་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་སྤྱོད་པའི་མཐར་ཕྱིན་པར་བྱེད་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པ་འམ། སེམས་ཅན་ཐམས་ཅད་ཡོངས་སུ་སྡུད་པའི་ནན་ཏན་ཤེས་པར་བྱ་བའམ། བྱང་ཆུབ་སེམས་དཔའི་ལམ་བླ་ན་མེད་པར་བརྩམས་པའི་སྦྱོར་བའམ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཤིན་ཏུ་ཕྲ་བ་ཁོང་དུ་ཆུད་པའམ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་གཏེར་དང་། མཛོད་རྣམ་པར་འབྱེད་པའི་ཁྱུ་མཆོག་གི་མཐུའམ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་གཏམ་ལ་སེང་གེའི་ཁྲི་ཡོངས་སུ་མནན་པར་བྱ་བ་ཤེས་པར་ནུས་རེ་སྐན། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་ནི་ཆོས་ཐམས་ཅད་ཀྱི་སའི་དཀྱིལ་འཁོར་གྱི་གཟུངས་ཡོངས་སུ་གནོན་པ་ཤ་སྟག་གོ །སོང་རིགས་ཀྱི་བུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་ཀྱི་དྲུང་འདི་ཉིད་དུ་མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པར་བདེ་བར་གནས་པ་ཞེས་བྱ་བ་འདུག་སྟེ། ཁོ་མོ་དང་རྒྱང་མི་རིང་བ་ཞིག་ན་འདུག་གིས། དེའི་གན་དུ་སོང་ལས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་དང་། ཇི་ལྟར་ནན་ཏན་དུ་བྱེད་ཅིང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་འགོད་པར་བྱེད་པ་དྲིས་ཤིག །དེ་
ནས་མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་གྱིས་དེའི་ཚེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་། རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་འདི་ཉིད་བརྣན་ཏེ། བསྟན་པའི་ཕྱིར་ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། རྣམ་ཐར་གང་གིས་དུས་གསུམ་རྒྱལ་བ་མ་ལུས་དང་། །ཆོས་དབྱིངས་ཀུན་དུ་འབྱམ་ཀླས་མཐའ་དང་དབུས་མེད་པ། །ཤེས་བྱེད་མཚན་ཉིད་ཀུན་གྱི་གཞིར་ཐུག་རྟོགས་པ་ཡི། །རྒྱལ་སྲས་རྣམས་ཀྱི་རྣམ་ཐར་ཟབ་ཅིང་བལྟ་བར་དཀའ། །ཚོགས་ལས་བྱུང་བའི་རྣམ་ཐར་ཚུལ་ནི་མཐའ་ཡས་ཏེ། །ཆོས་ཉིད་ཐོས་པས་ཚད་མེད་བསམ་དུ་མེད་པ་ཡིན། །ཡོངས་སུ་འཕེལ་ཞིང་ཀུན་ཏུ་ཆགས་མེད་ཤུགས་དྲག་པར། །དུས་གསུམ་བྱམས་པའི་ཚུལ་གྱི་ལམ་ལ་འཇུག་པར་གྱིས། །འདི་ལྟར་སངས་རྒྱས་ཞིང་རྒྱུད་རྡུལ་ཕྲན་རབ་སྙེད་ཀྱི། །བསྐལ་པ་འདས་པའི་སྔ་རོལ་སྔོན་གྱི་ཞིང་བྱུང་བ། །འཇིག་རྟེན་ཁམས་ནི་ཆོས་འོད་སྤྲིན་གྱི་གྲོང་ཁྱེར་དཔལ། །བསྐལ་པ་འབྱུང་བ་དྲི་མེད་མདོག་ཏུ་འོད་ཆེན་ནོ། །བསྐལ་པ་དེ་གཅིག་རྒྱལ་བའི་གདུང་ནི་རྒྱུན་མ་ཆད། །སངས་རྒྱས་རི་རབ་རྡུལ་ཕྲན་རབ་སྙེད་བྱུང་བར་གྱུར། །བདེ་གཤེགས་ཆོས་ཀྱི་རྒྱ་མཚོ་འོད་དབྱངས་རྒྱལ་པོ་ནི། །ཐོག་མར་བྱུང་སྟེ་དེ་དག་བསྐལ་པ་དང་པོ་པ། །རྒྱལ་བ་ཆོས་སྤྲིན་གྲོང་ཁྱེར་འོད་སྣང་རྒྱལ་པོ་ནི། །བདེ་གཤེགས་དེ་དག་ཀུན་གྱི་ཐ་མར་འཇིག་རྟེན་བྱུང་། །དེ་དག་ཀུན་གྱི་སྤྱན་སྔར་ཕྱིན་ཏེ་ཁོ་མོས་མཆོད། །དེ་དག་ཀུན་ལས་ཆོས་ཀྱང་དགའ་བ་ཆེན་པོས་ཐོས། །ཁོ་མོས་ཐོག་མར་མཐོང་བ་གསེར་མདོག་འོད་མངའ་བ། །རྒྱ་མཚོའི་ཆོས་འོད་སྒྲོག་པའི་གསུང་གི་རྒྱལ་པོ་སྟེ། །མཚན་རབ་སུམ་ཅུ་གཉིས་ཀྱིས་ཡོངས་བརྒྱན་རི་བོ་འདྲ། །མཐོང་ནས་བདག་ནི་བདེ་གཤེགས་འགྱུར་སྙམ་བློ་གྲོས་གྱུར། །དེ་བཞིན་གཤེགས་པ་དེ་ནི་ཁོ་མོས་མཐོང་མོད་ལ། །ཐམས་ཅད་མཁྱེན་ཉིད་འབྱམ་ཀླས་འབྱུང་བའི་རྒྱུ་རྐྱེན་ཀྱིས། །མཁའ་དབྱིངས་རྣམ་ཡངས་དེ་བཞིན་ཉིད་ཀྱི་རང་བཞིན་ཅན། །རྒྱལ་བའི་སེམས་ཀྱི་དང་པོ་
སྟོབས་ལྡན་རབ་ཏུ་སྐྱེས། །སྙིང་རྗེ་བདུད་རྩིའི་རྒྱ་མཚོ་ཆེ་ལས་བྱུང་བ་དེས། །དུས་གསུམ་གཤེགས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀུན། །རྒྱལ་སྲས་རྒྱ་མཚོས་བསྐོར་བ་མ་ལུས་ཐམས་ཅད་དང་། །སེམས་ཅན་རྒྱ་མཚོར་བཅས་པའི་རྒྱ་མཚོའི་ཞིང་ཡང་རྒྱས། །ལུས་ཀྱིས་ཞིང་རྣམས་ཐམས་ཅད་མ་ལུས་ཁྱབ་བྱ་དང་། །འགྲོ་བ་ཀུན་གྱི་བསམ་པ་བཞིན་དུ་ལུས་བསྟན་ཕྱིར། །ཞིང་རྣམས་མ་ལུས་བསྐྱོད་ཅིང་སྣང་བར་བྱ་བ་དང་། །འགྲོ་བ་སྨིན་བྱའི་དོན་དུ་བདག་གིས་སེམས་ཀྱང་བསྐྱེད། །རྒྱལ་བ་གཉིས་པའི་སྤྱན་སྔར་ཁོ་མོ་ཕྱིན་ནས་ཀྱང་། །ཞིང་རྣམས་རྒྱ་མཚོ་བཅུ་བཞུགས་རྒྱལ་བའི་དབང་པོ་མཐོང་། །རྒྱལ་བ་ཐ་མ་མཐོང་ནས་ཞིང་གི་རྒྱ་མཚོ་རྣམས། །རྒྱ་མཚོའི་ཞིང་གི་རྡུལ་ཕྲན་རབ་སྙེད་བཞུགས་པ་མཐོང་། །དེ་ཡི་ཚུ་རོལ་བསྐལ་པ་ཞིང་རྒྱུད་རྡུལ་སྙེད་དུ། །རྒྱལ་བ་འགྲོ་བའི་སྒྲོན་མ་ཇི་སྙེད་སྐྱེས་གྱུར་པ། །དེ་དག་ཐམས་ཅད་སྤྱན་སྔར་ཁོ་མོ་ཕྱིན་གྱུར་ཏེ། །རྣམ་ཐར་རྒྱ་མཚོའི་ཚུལ་འདི་སྤྱོད་ཚེ་མཆོད་པ་བྱས། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་། རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་ཐོབ་པ་ཏིང་ངེ་འཛིན་གྱི་སྒོ་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་ཞུགས་པ། གཟུངས་ཀྱི་སྒོ་རྒྱ་མཚོ་རྒྱ་ཆེན་པོ་ལས་བྱུང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་སྣང་བ་ཆེན་པོ་རབ་ཏུ་ཐོབ་པ། སོ་སོ་ཡང་དག་པར་རིག་པ་ཆེན་པོ་རྒྱ་མཚོ་ལ་ཞུགས་པ། དགའ་བའི་ཤུགས་རྒྱ་མཚོ་ཤིན་དུ་ཡངས་པ་རྣམ་པར་འཕེལ་བའི་སེམས་དང་ལྡན་པ་དེས། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཁྱོད་ཀྱི་ཤེས་རབ་ཆོས་ཡངས་རྒྱ་མཚོ་ཀུན་ལ་སྤྱོད། །སྲིད་པའི་རྒྱ་མཚོ་མཐའ་དབུས་མེད་པར་ཁྱོད་ཀྱིས་སྤྱད། །ཡེ་ཤེས་ལུས་མཆོག་སྙིང་པོ་ཚེ་རིང་སྙུན་བྲལ་བ། །ལྷ་མོ་
ཁྱོད་ནི་འཁོར་འདིར་བྱོན་ཅིང་རྣམ་པར་མཛེས། །ཆོས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་ཐུགས་ཆུད་དེ། །དུས་གསུམ་ཀུན་གྱི་ཚུལ་ཡང་ཆགས་མེད་ཐུགས་ཆུད་མཛད། །ཐུགས་ཀྱི་སྐད་ཅིག་གཅིག་ལ་ཚད་མེད་བསམ་ཡས་པའི། །དམིགས་པ་ཐམས་ཅད་རྟོག་པ་མི་མངར་འཇལ་བ་མཛད། །ཡེ་ཤེས་སྤྱན་མངའ་ཆོས་ཉིད་སེམས་ཅན་མེད་གཟིགས་ཀྱང་། །སེམས་ཅན་རྒྱ་མཚོ་མཐའ་ཡས་ཐུགས་རྗེས་གཟིགས་པ་མཛད། །ཐུགས་ཀྱི་རྣམ་ཐར་ཤིན་ཏུ་ཡངས་ལ་འཇུག་མཛད་ཅིང་། །སེམས་ཅན་ཚད་མེད་འདུལ་ཞིང་ཡོངས་སུ་སྨིན་པར་མཛད། །ཁྱོད་ནི་ཆོས་ཀྱི་དཀྱིལ་འཁོར་རྣམ་དཔྱད་ཚུལ་མཁྱེན་ཏེ། །ཆོས་ཀྱི་རང་བཞིན་ཤེས་བྱའི་ཚུལ་ལ་རྣམ་སངས་རྒྱས། །འཕགས་ལམ་དྲི་མ་མེད་པ་ཐམས་ཅད་ཡོངས་བསྒོམ་སྟེ། །འགྲོ་བ་མ་ལུས་རྣམ་པར་སྦྱོང་ཞིང་ཡོངས་སུ་འབྱུང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དྲི་མེད་རྟོགས་མཛད་པས། །ཁྱོད་ནི་སེམས་ཅན་རྒྱ་མཚོའི་མཆོག་ལས་མངོན་པར་སྐྱེས། །ད་ནི་ཆོས་དབྱིངས་ཁོངས་ཆུད་སེམས་ཅན་ཀུན་ཁྱབ་པར། །ཆོས་རབ་བསྟན་ཅིང་འཇིག་རྟེན་འཇིགས་པ་ཞི་བར་མཛད། །ཁྱོད་ནི་རྣམ་པར་སྣང་མཛད་སྨོན་ལམ་ལམ་ཚུལ་གྱིས། །ཡང་དག་བཞུད་ཅིང་ཆགས་མེད་བློ་ཡང་དྲི་མེད་ལྡན། །ཐམས་ཅད་བགྲོད་པའི་རྒྱལ་བའི་སྟབས་ནི་ཐུགས་ཆུད་ཅིང་། །ཞིང་རྣམས་ཀུན་གྱི་རྒྱལ་བ་རྣམ་པར་འཕྲུལ་པ་གཟིགས། །ཁྱོད་ཀྱི་ཐུགས་ནི་མཁའ་འདྲ་ཐུབ་པར་དཀའ་བ་སྟེ། །ཉོན་མོངས་ཀུན་གྱི་དྲི་མས་མ་གོས་སྔ་ནས་དག །དེར་ནི་དུས་གསུམ་བྱུང་བའི་ཞིང་རྣམས་ཐམས་ཅད་དང་། །སངས་རྒྱས་སྲས་དང་བཅས་པ་སེམས་ཅན་ཀུན་བཅས་འདུས། །སྐད་ཅིག་གཅིག་གིས་ཉིན་མཚན་ཡུད་དུ་ཟླ་བ་དང་། །སྐད་ཅིག་ཡུད་ཙམ་ལོ་དང་འདུ་འཇིག་བསྐལ་པ་དང་། །བསྐལ་པ་རྒྱ་མཚོ་མིང་གྲངས་རྒྱ་མཚོར་བཅས་པ་དང་། །འགྲོ་བ་རྣམས་ཀྱི་འདུ་ཤེས་རྒྱ་མཚོའང་ཐུགས་སུ་ཆུད། །ཕྱོགས་རྣམས་ཀུན་གྱི་སེམས་ཅན་སྐྱེ་འཆི་ཇི་སྙེད་དང་། །གཟུགས་ཡོད་པ་དང་གཟུགས་མེད་འདུ་ཤེས་ཡོད་མེད་ཀྱི། །
རྣམ་སྤྱོད་བདེན་པའི་ཚུལ་ནི་ཐུགས་སུ་ཆུད་མཛད་ཅིང་། །དེ་དག་ལམ་བསྟན་བྱང་ཆུབ་མཆོག་ཏུ་འགོད་པ་མཛད། །རྣམ་པར་སྣང་མཛད་སྨོན་ལམ་འདྲི་བའི་རིགས་ལས་འབྱུང་། །བདེ་གཤེགས་ཀུན་གྱི་སྐུ་གཅིག་ཚུལ་ལས་ཡང་དག་འཁྲུངས། །ཁྱོད་ནི་ཆོས་སྐུ་ཡོངས་དག་ཐུགས་ལ་ཆགས་མི་མངའ། །འཇིག་རྟེན་ཀུན་ཏུ་སྐུ་གཟུགས་ཡིད་བཞིན་སྟོན་པ་མཛད། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དེ། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས་མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་གྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད ་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་། རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་དེ། དེ་བས་ཀྱང་རྒྱ་ཆེར་བསྒོམ་པ་དང་། ཡིད་ཆེས་པར་བྱ་བ་དང་། ཤིན་ཏུ་རྒྱས་པར་བྱེད་ཅིང་། མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པ་གང་ན་བ་དེར་ཕྱིན་ནས། མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པ་སྤོས་རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་གི་ཡལ་གའི་ཁང་པ་བརྩེགས་པ་ཞིག་ན། སེང་གེའི་ཁྲི་རིན་པོ་ཆེའི་ཤིང་གི་མྱུ་གུའི་སྙིང་པོ་ཅན་ཞིག་ལ་འདུག་སྟེ། མཚན་མོའི་ལྷ་མོ་སྟོང་ཕྲག་བཅུས་ཀུན་ནས་བསྐོར་ཅིང་འདུག་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་
མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པའི། རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། ཇི་ལྟར་སློབ་པ་དང་། ཇི་ལྟར་སྤྱོད་ཇི་ལྟར་སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་མོའི་མཐུས་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་ཉི་མ་ནུབ་ཏུ་ཆ་བའི་ཚེ། པདྨོ་ཤིན་ཏུ་རྒྱས་པ་རྣམས་ཀྱང་རྣམ་པར་འཛུམ་པར་འགྱུར་རོ། །སྐྱེས་པ་དང་བུད་མེད་བཟའ་ཤིང་གི་ར་བ་ན་གནས་ཤིང་། དགའ་བར་རྩེ་བ་ལ་བརྩོན་པ་དག་ཀྱང་ཁྱིམ་དུ་འདོང་བའི་བློ་བསྐྱེད་དོ། །ལམ་དང་སྲང་ན་རྒྱུ་བའི་སེམས་ཅན་རྣམས་ཀྱང་ཞག་གི་གནས་སེམས་ཤིང་ཚོལ་ཏེ་འགྲོ་བའི་གནས་ཐམས་ཅད་དུ་མངོན་པར་གཞོལ་བར་འགྱུར་རོ། །ནགས་ཚལ་དང་གསེབ་དང་། ཕུག་ལ་རྟེན་པའི་སེམས་ཅན་རྣམས་ཀྱང་ནགས་ཚལ་དང་གསེབ་དང་ཕུག་ཏུ་འདོང་ངོ་། །ཤིང་ལ་གནས་པའི་སེམས་ཅན་རྣམས་ཀྱང་ཤིང་གི་གནས་ལ་བརྟེན་པར་མངོན་པར་གཞོལ་ལོ། །ཁུང་ན་གནས་པའི་སེམས་ཅན་རྣམས་ཀྱང་ཁུང་དུ་འདོང་ངོ་། །གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཡུལ་ལ་གནས་པའི་སེམས་ཅན་རྣམས་ཀྱང་གྲོང་དང་གྲོང་ཁྱེར་དང་ལྗོངས་དང་ཡུལ་དུ་འདོང་ངོ་། །ཆུ་ན་གནས་པའི་སེམས་ཅན་རྣམས་ཀྱང་ཆུར་འདོང་ངོ་། །ཕྱོགས་གཞན་གྱི་ཡུལ་དུ་ཕྱིན་པའི་སེམས་ཅན་རྣམས་ཀྱང་ནུབ་མོ་བདེ་ཞིང་དགའ་བར་གནས་པའི་དོན་དུ་རང་རང་གི་ཡུལ་གྱི་ཕྱོགས་ཀྱི་བསམ་པ་སྐྱེད་དོ། །རིགས་ཀྱི་བུ་གཞན་ཡང་། ཁོ་མོ་ནི་སྐྱེས་པ་དང་བུད་མེད་གཞོན་ནུ་དར་ལ་བབ་པ། དར་བའི་ཉམ་དྲོད་ཀྱིས་མྱོས་པ་དང་། གླུ་དང་གར་དང་རོལ་མོའི་དགའ་བས་མྱོས་པ་དང་།
འདོད་པའི་ཡོན་ཏན་ལ་དགའ་ཞིང་། བརྩོན་པ་རྣམས་ལ་སྐྱེ་བ་དང་། རྒ་ཤི་དང་། གཏི་མུག་གི་མུན་པ་ཆེན་པོས་འཇིགས་པའི་གཉེན་པོར་དགེ་བའི་རྩ་བ་ཡོངས་སུ་བསྐྱེད་པའི་ཕྱིར། བརྩོན་འགྲུས་ཀྱི་ལེགས་པས་བསྔགས་པ་བྱེད་དོ། །སེམས་ཅན་སེར་སྣ་དང་ལྡན་པ་རྣམས་ནི་སྦྱིན་པ་ལ་རབ་ཏུ་སྦྱོར་རོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་རྣམས་ནི། ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ངན་སེམས་དང་ལྡན་པའི་སེམས་ཅན་རྣམས་ལ་ནི། བྱམས་པའི་ལེགས་པ་བརྗོད་པར་བྱེད་དོ། །སེམས་འཁྲུགས་པའི་སེམས་ཅན་རྣམས་ནི་བཟོད་པ་ལ་རབ་ཏུ་འགོད་དོ། །ལེ་ལོ་ཅན་གྱི་སེམས་ཅན་རྣམས་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་བརྩམ་པ་ལ་རབ་ཏུ་འགོད་དོ། །སེམས་ཅན་རྣམ་པར་མྱོས་པའི་སེམས་ཅན་རྣམས་ནི་བསམ་གཏན་ལ་རབ་ཏུ་འགོད་དོ། །ཤེས་རབ་འཆལ་བ་ཅན་གྱི་སེམས་ཅན་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྦྱོར་རོ། །ཐེག་པ་དམའ་བ་ལ་མོས་པའི་སེམས་ཅན་རྣམས་ནི་ཐེག་པ་ཆེན་པོ་ལ་རབ་ཏུ་འགོད་དོ། །ཁམས་གསུམ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་ནི། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ། སྲིད་པའི་ལམ་གྱི་རྒྱུད་མཐར་ཕྱིན་པའི་དཀྱིལ་འཁོར་ལ་སྤྱོད་པ་ལ་རབ་ཏུ་འགོད་དོ། །དམིགས་པའི་དབང་དུ་གྱུར་པའི་སེམས་ཅན་ལས་དང་། ཉོན་མོངས་པས་རབ་ཏུ་མནར་བ་བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་མེད་པ་རྣམས་ནི། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །མི་ཤེས་པའི་མུན་ནག་གིས་ཁེབས་པའི། སེམས་ཅན་བདག་ཏུ་བྱ་བ་དང་། བདག་གིར་བྱ་བས་མ་རིག་པའི་མུན་ནག་ཏུ་འཐོམས་པ་རྣམས་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དེ། རིགས་ཀྱི་བུ་གཞན་ཡང་ཁོ་མོ་ནི། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བའི་འོད་སྤྲོ་བ་ཡངས་པ་ཡང་དག་པར་འབྱུང་བ་ཐོབ་པའོ། །ནོར་བཟངས་ཀྱིས་སྨྲས་པ། ལྷ་མོ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་
བའི་འོད་སྤྲོ་བ་ཡངས་པ་ཡང་དག་པར་འབྱུང་བ་དེའི་ཡུལ་ཇི་ལྟ་བུ་ཞིག་མཆིས་སྨྲས་པ། རིགས་ཀྱི་བུ་རྣམ་པར་ཐར་པ་དེ་ནི། དེ་བཞིན་གཤེགས་པའི་བསོད་ནམས་ཀྱིས་སེམས་ཅན་ཡོངས་སུ་སྡུད་པའི་ཡེ་ཤེས་དང་། ཐབས་སྣང་བ་དང་ལྡན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སེམས་ཅན་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་མཐུས་བྱུང་བའོ། །དེ་བཞིན་གཤེགས་པའི་གདམས་ངག་གི་ཚུལ་གྱིས་བྱུང་བའོ། །དེ་བཞིན་གཤེགས་པའི་གསུང་ལ་ནན་ཏན་ཏུ་བྱས་པས་བྱུང་བའོ། །དེ་བཞིན་གཤེགས་པའི་རྗེས་སུ་བསླབས་པས་བྱུང་བའོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱུང་བའོ། །དེ་བཞིན་གཤེགས་པས་བསྟན་པའི་ལམ་ལ་ནན་ཏན་དུ་བྱས་པས་བྱུང་བའོ། །དེ་བཞིན་གཤེགས་པ་དང་ཚུལ་འདྲ་བའི་དགེ་བའི་རྩ་བ་བསྐྱེད་པས་བྱུང་བའོ། །དེ་བཞིན་གཤེགས་པས་ཆོས་བསྟན་པའི་མཐུན་པའི་རྒྱུས་བྱུང་བའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཉི་མ་སྣང་བས་བྱུང་བའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་དཀར་པོའི་དཀྱིལ་འཁོར་གྱི་སྣང་བས་ནི། སེམས་ཅན་རྣམས་ཀྱི་བདེ་བ་ཡོངས་སུ་འབྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བའི་འོད་སྤྲོ་བ་ཡངས་པ་ཡང་དག་པར་འབྱུང་བ་འདི་ལ་འཇུག་པའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་རྗེས་སུ་དྲན་པར་བྱེད་ཅིང་འཇུག་པ་དང་། ཁོང་དུ་ཆུད་པར་བྱེད་པའི་ཚེ། འདི་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་ས་ལ་བཞུགས་པས། སེམས་ཅན་བདག་ཏུ་བྱ་བ་དང་། བདག་གིར་བྱ་བ་ལ་མངོན་པར་ཞེན་པ། མ་རིག་པའི་མུན་པས་འཐོམས་པ། ལྟ་བའི་ཐིབས་པོའི་ལྟ་བས་དགོན་པར་འཁྱམས་པ། སྲིད་པའི་དབང་དུ་གྱུར་པ། འདོད་ཆགས་ཀྱི་
བཅིངས་པས་གླགས་པ། ཞེ་སྡང་གིས་ཁོང་ཁྲོ་བའི་སེམས་དང་ལྡན་པ། གཏི་མུག་གིས་སེམས་ཀྱི་རྒྱུད་འཁྲུགས་པར་གྱུར་པ། ཕྲག་དོག་དང་སེར་སྣས་ཀུན་ནས་འཁོར་བ། ཉོན་མོངས་པས་རབ་ཏུ་དཀྲུགས་པའི་སེམས་དང་ལྡན་པ། འཁོར་བའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་གྱུར་པ། འཁོར་བ་ན་འཕོངས་པའི་སྡུག་བསྔལ་གྱིས་རབ་ཏུ་གཟིར་བ། སངས་རྒྱས་བལྟ་བ་ལས་ཕྱིར་ཕྱོགས་པར་གྱུར་པ། ཐམས་ཅད་གཟིགས་ནས་ཐུགས་རྗེ་ཆེན་པོའི་ དགོངས་པ ་སྐྱེས་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྲོ་བ་ཐམས་ཅད་ལ་ཡོ་བྱད་དང་། རིན་པོ་ཆེ་ཡོངས་སུ་བསྡུ་ཞིང་། ཡོངས་སུ་སྡུད་པའི་ དགོངས་པ ་དང་། སེམས་ཅན་ཐམས་ཅད་ཀྱི་མཁོ་བའི་ཡོ་བྱད་ཡོངས་སུ་བསྒྲུབ་པའི་ དགོངས་པ ་དང་། དངོས་པོ་ཐམས་ཅད་ལ་ཆགས་པ་མི་མངའ་བའི་ དགོངས་པ ་དང་། ཡུལ་ཐམས་ཅད་ལ་ཡེ་བརྔམ་པ་མི་མངའ་བའི་ དགོངས་པ ་དང་། དགའ་བ་ཐམས་ཅད་ལ་ཆགས་པ་མི་མངའ་བའི་ དགོངས་པ ་དང་། ལོངས་སྤྱོད་ཐམས་ཅད་ལ་ཡོངས་སུ་མ་ཞེན་པའི་ དགོངས་པ ་དང་། སྦྱིན་པ་ཐམས་ཅད་ལ་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་ དགོངས་པ ་དང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་བཞེད་པ་མི་མངའ་བའི་ དགོངས་པ ་དང་། རྒྱུ་དང་རྐྱེན་ལ་མ་རྨོངས་པའི་ དགོངས་པ ་དང་། ལེགས་པར་འཚལ་བའི་ཆོས་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ དགོངས་པ ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ལ་གཞོལ་བར་བྱ་བ་མངོན་པར་བསྒྲུབ་པའི་ དགོངས་པ ་ཡང་དག་པར་སྐྱེས་པར་གྱུར་ཏེ། དེ་དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཡང་དག་པར་ཞུགས་པའི་ དགོངས་པ ་དང་ལྡན་པ་སེམས་ཅན་གྱི་ཁམས་ཐམས་ཅད་དུ་བྱམས་པ་ཆེན་པོས་སྙོམས་པར་ཞུགས་པ་འགྲོ་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྤྲིན་གྱིས་རྒྱས་པར་དགང་བའི་སྦྱོར་བ་མངའ་བ་སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་ཀུན་ནས་
ཁེབས་པའི་ཆོས་ཀྱི་གདུགས་ཆེན་པོའི་དཀྱིལ་འཁོར་མངའ་བ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རི་རྣམ་པར་འཇོམས་པའི་ཡེ་ཤེས་རྡོ་རྗེའི་མཚོན་ཆ་མངའ་བ། འགྲོ་བ་ཐམས་ཅད་ཀྱི་བདེ་བ་ཡོངས་སུ་བསྒྲུབ་པས་དགྱེས་པའི་ཤུགས་རྣམ་པར་འཕེལ་བའི་ དགོངས་པ ་མངའ་བ། སེམས་ཅན་ཐམས་ཅད་ལ་བདེ་བ་ཕུལ་དུ་ཕྱིན་པ་མངོན་པར་བསྒྲུབ་པའི་སྨོན་ལམ་གྱི་ དགོངས་པ ་མངའ་བ། བསམ་པ་དང་སྨོན་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ནོར་གྱི་ཆར་རབ་ཏུ་དབབ་པའི་ དགོངས་པ ་མངའ་བ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ཞིང་སྙོམས་པར་སྦྱོར་བའི་ དགོངས་པ ་མངའ་བ། འཕགས་པའི་ནོར་གྱིས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་པའི་ དགོངས་པ ་མངའ་བ། སྟོབས་བཅུའི་ཡེ་ཤེས་རིན་པོ་ཆེ་ཕུལ་དུ་དྲི་མ་མེད་པ་ཐོབ་པར་མཛད་པའི་ དགོངས་པ ་མངའ་བ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཆེན་པོའི་སྟོབས་དང་ཤུགས་རབ་ཏུ་བརྙེས་པ་དེ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱི་སྤྲིན་ཆེན་པོས་སེམས་ཅན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་རྒྱས་པར་བཀང་སྟེ། སེམས་ཅན་ཐམས་ཅད་ལ་མངོན་པར་གྱུར་པར་བཞུགས་ཤིང་སྦྱིན་པའི་དམིགས་པ་ཐམས་ཅད་ཀྱི་སྤྲིན་གྱི་ཆར་ཆེན་པོ་རྣམ་པ་ཐམས་ཅད་དུ་དབབ་པ་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་སྤྲིན་ཆེན་པོའི་ཆར་མངོན་པར་འབེབས་པ་མཛད་དེ། འདི་ལྟར་སེམས་ཅན་ཐམས་ཅད་སོ་སོའི་ཚུལ་དང་ཇི་ལྟར་མཐུན་པས་ལོངས་སྤྱོད་པར་བྱ་བའི་ཕྱིར་དངོས་པོ་རྣམ་པ་ཐ་དད་པ་མཐའ་ཡས་པ་ཡོངས་སུ་གཏང་བ་དང་ཡོ་བྱད་རྣམ་པ་ཐ་དད་པ་ཚད་མེད་པ་ལ་སྤྱད་པར་བྱ་བ་དང་སྦྱིན་པ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྡུ་བའི་ཚུལ་དང་། དངོས་པོ་ཡོངས་སུ་གཏང་བ་རྣམ་པ་དུ་མ་ལ་ཡོངས་སུ་སྤྱད་པ་དང་། ཡོ་བྱད་ཀྱི་རྣམ་པ་དང་། རྒྱན་གྱི་འདུ་བྱེད་བརྗོད་དུ་མེད་པ་དང་། སྦྱིན་པའི་ཚོགས་རྣམ་པ་སྣ་ཚོགས་མཚན་ཉིད་སྣ་ཚོགས་དང་ལྡན་པ། སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་
ཚིམ་པར་བྱ་བའི་སྦྱིན་པའི་ཚུལ་མཐའ་ཡས་པ་ཐུགས་སུ་ཆུད་པས་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཚིམ་པར་བྱ་བར་མངོན་པར་བསྒྲུབ་པའི་དངོས་པོ་ཐམས་ཅད་གཏང་བ་དང་། ཡོངས་སུ་གཏང་བ་དང་། སྦྱིན་པར་བྱ་བ་དང་། འགྲོ་བ་ཐམས་ཅད་ཀྱི་འདུ་བྱེད་ཀྱི་སྡུག་བསྔལ་རྒྱུན་མི་ཆད་པ་ལས་ཡོངས་སུ་བསྐྱབ་པའི་ཚུལ་དུ་བྱ་བ་རྣམས། སེམས་ཅན་ཐམས་ཅད་ལ་ལན་ལ་རེ་བ་མི་མངའ་བ་དང་། འགྲོ་བ་ཐམས་ཅད་ལ་མཉམ་པ་ཉིད་དུ་བྱུང་བའི་ དགོངས་པ ་མངའ་བས། འགྲོ་བ་ཐམས་ཅད་ཀྱི་སེམས་རིན་པོ་ཆེ་ཡོངས་སུ་སྦྱོང་བ་མཛད་ཅིང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྒྱ་མཚོ་གཅིག་ཏུ་གྱུར་པ་ལས་བྱུང་བའི་ཡོངས་སུ་བསྡུ་བའི་ཚུལ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད་ཀྱི་ཆར་དབབ་པ། འགྲོ་བ་ཐམས་ཅད་ལ་ཐམས་ཅད་མཁྱེན་པའི་བསོད་ནམས་རྒྱ་མཚོའི་ཤུགས་རྣམ་པར་འཕེལ་བར་མཛད་པས་ དགོངས་པའི་སྐད་ཅིག་རེ་རེ་ལ་སེམས་ཅན་མ་ལུས་པ ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པར་དག་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་མཛད་ པ་དང་། དགོངས ་པའི་སྐད་ཅིག་རེ་རེ་ལ་ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཉེ་བར་ཉོན་མོངས་པ་མེད་ཅིང་བླ་ན་མེད་པའི་རྒྱན་རྣམ་པར་དག་པས་རྣམ་པར་ཀླུབ་ཅིང་རབ་ཏུ་བརྒྱན་ པ་ཡོངས་སུ་རྫོགས་པར་བྱ་བ་དང་། དགོངས ་པའི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་ཚུལ་རྒྱ་མཚོ་མ་ལུས་པ་ཐམས་ཅད་རྒྱས་པར་དགང་བ་རྣམ་པར་དག་པར་བྱ་བ་དང་ དགོངས་པའི་སྐད་ཅིག་རེ་རེ་ལ་ནམ་མཁའི་དབྱིངས་ཀྱི་གཏོས་མ་ལུས་པ ་ཐམས་ཅད་རྒྱས་པར་དགང་བའི་ཡེ་ཤེས་ཀྱི་ཚུལ་ཡོངས་སུ་རྫོགས་པར་བྱ་བ་དང་། དགོངས་པའི་སྐད་ཅིག་རེ་རེ་ལ་སེམས་ཅན་དང་དུས་མ་ལུས་པ ་ཐམས་ཅད་ལ་འཇུག་ཅིང་ཡེ་ཤེས་ཀྱི་ཚུལ་རྣམ་པར་དག་པར་བྱ་བ་དང་། དགོངས་པའི་སྐད
་ཅིག་རེ་རེ་ལ་འགྲོ་བ་མ་ལུས་པ ་ཐམས་ཅད་རྣམ་པར་འདུལ་བའི་ཡེ་ཤེས་ཀྱི་ཚུལ་སྣང་བ་རབ་ཏུ་ཐོབ་པར་བྱ་བ་དང་། དགོངས་པའི་སྐད་ཅིག་རེ་རེ་ལ་དུས་མ་ལུས་པ ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་ཕྱིར་མི་ལྡོག་པར་བྱ་བ་དང་། དགོངས་པའི་སྐད་ཅིག་རེ་རེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་ལ་མཁས་པ ་མ་ལུས་པར་ཡོངས་སུ་བསྟན་པས་འགྲོ་བ་ཐམས་ཅད་ལ་ཕན་ཐོགས་པར་བྱ་བ་དང་། དགོངས་པའི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་མ་ལུས་པའི་གྲངས་སུ་བྱ་བའི་རྒྱུད་དང་ལྡན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་མངོན་པར་བསྟན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཡོངས་སུ་འདུ་བ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་སྣ་ཚོགས་བརྗོད་དུ་ཡོད་པ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྣམ་པར་གནས་པ་སྣ་ཚོགས་ཀྱི་མཚམས་རྣམ་པར་བརྒྱན་པ། གཞི་སྣ་ཚོགས་དང་ལྷུན་དུ་མར་བརྗོད་དུ་ཡོད་པ་རྣམ་པར་ཕྱེ་བ་སྣ་ཚོགས་ཀྱིས་བསྐལ་པ་རྣམ་པ་ཐ་དད་པ་བསྟན་དུ་ཡོད་པ། ཀུན་ནས་ཉོན་མོངས་ཤིང་རྣམ་པར་དག་པ་དང་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་དང་། གཅིག་ཏུ་ཡོངས་སུ་དག་པ་དང་གཅིག་ཏུ་ཀུན་ནས་ཉོན་མོངས་པ་དང་ཆེ་བ་དང་ཡངས་པ་དང་། ཚད་མེད་པ་དང་དོག་པ་དང་ཕྲ་བ་དང་རྒྱ་ཆེ་བ་དང་། གཞི་མཉམ་པ་དང་སྣྲེལ་ཞི་དང་སྤྱིའུ་ཚུགས་དང་། ཕྱོགས་དང་ཕྱོགས་མཚམས་སུ་མངོན་པར་བལྟས་པ་དང་། ཕྱོགས་རྒྱ་མཚོ་སྣ་ཚོགས་སུ་གཞོལ་བ་སྒོ་སྣ་ཚོགས་ནས་བསྟན་ཅིང་སྒོ་མཐའ་ཡས་པའི་དབྱིབས་རྣམ་པ་སྣ་ཚོགས་སུ་འདུག་པའི་རྣམ་པར་ཕྱེ་བ་སྣ་ཚོགས་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཡོངས་སུ་མནན་ནས། བྱང་ཆུབ་སེམས་དཔའི་སྤྱོད་ པ་དང་། རྣམ་པར་འཕྲུལ་པས་རྒྱས་པར་དགང་བར་བྱ་བ་དང་། དགོངས ་པའི་སྐད་ཅིག་རེ་རེ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་འཕྲིན་ལས་མ་ལུས་པ་ཐམས་ཅད་སེམས་ཅན་ཕ་རོལ་གྱི་སེམས་དང་བསམ་པས་རྣམ་པར་དམིགས་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ལ་ཐམས་ཅད་མཁྱེན་པའི་བསོད་ནམས་རྒྱ་མཚོའི་ཤུགས་རྣམ་པར་འཕེལ་བར་མཛད་དེ། མངོན་པར་བསྒྲུབ་པ་མཛད་པར་
གྱུར་པ་མངོན་པར་ཤེས་སོ་རྗེས་སུ་དྲན་ནོ། །རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ། འཇིག་རྟེན་གནས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བྲལ་བ། སེམས་ཅན་བྱས་པ་དྲིན་དུ་མི་གཟོ་བས་ཡོངས་སུ་གང་བ། མི་ཤེས་པའི་མུན་པས་ཆོད་པ། བདག་ཏུ་བྱ་བ་དང་། བདག་གིར་བྱ་བ་ལ་མངོན་པར་ཞེན་པ་མ་རིག་པའི་མུན་པ་དང་རབ་རིབ་ཀྱིས་བསྒྲིབས་པ་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ལ་ཞུགས་པ། ལྟ་བའི་ཐིབས་པོའི་བས་དགོན་པར་མགོ་རླག་པ། རྒྱུ་དང་འབྲས་བུ་ལ་མགོ་རྨོངས་པ་ཉོན་མོངས་པ་དང་ལས་ཀྱི་དབང་དུ་གྱུར་པ་འཁོར་བའི་མྱ་ངམ་ཆེན་པོའི་སྡུག་བསྔལ་གྱི་སའི་འོག་ཏུ་ལྟུང་བ། ཕོངས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་རྣམས་ལ་ཐུགས་རྗེ་ཆེན་པོ་བསྐྱེད་དེ། ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་སྤྲིན་རྒྱ་ཆེན་པོ་མངོན་པར་བསྒྲུབས་ཏེ་དགེ་བའི་རྩ་བ་ལ་བརྟེན་པར་གནས་པ་ཡོངས་སུ་བསྔགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་ཕོངས་པའི་སྡུག་བསྔལ་རྣམ་པར་བཟློག་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་མངོན་པར་མོས་པར་བྱ་བ་དང་། རྒྱུའི་དཀྱིལ་འཁོར་གྱི་ཕྱོགས་མངོན་པར་བསྟན་པ་དང་། ལས་དང་ཆོས་སུ་མི་འགལ་བའི་ཕྱོགས་རབ་ཏུ་བརྗོད་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ཡོངས་སུ་བསྡུ་བའི་ཕྱོགས་སྣང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མོས་པའི་ཕྱོགས་རབ་ཏུ་བརྗོད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཞིང་ཡོངས་སུ་བསྒྲུབ་པའི་ཕྱོགས་ལེགས་པར་བསྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མི་གཅད་པའི་ཕྱོགས་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་ཕྱོགས་ཡོངས་སུ་གཟུང་བ་དང་། མྱི་དགེ་བའི་ཆོས་ཐམས་ཅད་ཀྱི་ཕྱོགས་རྣམ་པར་བཟློག་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་བརྗོད་པ་མཛད་དེ། ཕ་རོལ་ཏུ་ཕྱིན་
པའི་སྤྲིན་ཆེན་པོས་སེམས་ཅན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། མངོན་པར་བསྒྲུབས་ནས་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཚིམ་པར་འགྱུར་བར་ཆོས་ཀྱིས་ཤིན་ཏུ་བསྡུ་བ་ལ་སེམས་ཅན་རབ་ཏུ་དགོད་པར་མཛད་དོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ལ་ཡང་དག་པར་བསྐུལ་ཏོ། །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལ་རབ་ཏུ་བཙུད་དོ། །འཕགས་པའི་ནོར་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བས་ཉེ་བར་བརྟེན་ཏོ། །ཐམས་ཅད་མཁྱེན་པ་ཉིད་དུ་འདུན་པའི་ཤུགས་ཀྱིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྒྱ་མཚོ་རྣམ་པར་འཕེལ་བར་མཛད་དོ། །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའི་སྒོར་ཡང་དེ་དག་རབ་ཏུ་བཙུད་དེ། ཕུང་པོ་ཤིན་ཏུ་ཞི་བའི་བདེ་བས་ཡོངས་སུ་བསྡུ་བས་ཡོངས་སུ་བསྡུས་ཏེ། དེ་བཞིན་གཤེགས་པའི་བདག་ཉིད་ཆེ་བ་ཉིད་ལ་མངོན་དུ་མོས་པར་བྱས་ཏེ། བྱང་ཆུབ་སེམས་དཔའ་ཡོངས་སུ་གཟུང་བའི་ཡེ་ཤེས་ལ་རབ་ཏུ་བཀོད་དོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་མ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་ཇི་སྲིད་ཅིག་ལགས། སྨྲས་པ། རིགས་ཀྱི་བུ་གནས་འདི་ནི་ཡིད་ཆེས་པར་དཀའ་བ་སྟེ། ཤེས་པར་དཀའ་བའོ། །མོས་པར་དཀའ་བའོ། །འཇུག་པར་དཀའ་བའོ། །བརྗོད་པར་དཀའ་བའོ། །ཁོང་དུ་ཆུད་པར་དཀའ་བ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཁོང་དུ་ཆུད་པར་མི་ནུས་སོ། །གཞན་དུ་ན་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་མ་གཏོགས་ཏེ། གནས་འདི་ནི་སེམས་ཅན་འཁོར་བའི་བདེ་བ་ཐམས་ཅད་ལ་མངོན་པར་འདོད་པ་མེད་པ་དེ་བཞིན་གཤེགས་པའི་བདེ་བ་ལ་ལྷག་པར་དམྱིགས་པ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་རབ་ཏུ་ཞི་བར་བྱ་བ་ལ་ཞུགས་པ། དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་པའི་ནན་ཏན་ལ་མངོན་པར་མོས་པ། ཆོས་
ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པ་ནམ་མཁའི་སྤྱོད་ཡུལ་དང་ལྡན་པ། མོས་པ་ཡངས་པའི་ལམ་གྱིས་རྣམ་པར་དག་པ། འཁོར་བའི་རྒྱུན་ལས་ཕྱིར་ཕྱོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ལ་མངོན་པར་མོས་པ་ཆོས་ཀྱི་གྲོང་ཁྱེར་དུ་འགྲོ་བར་གཅིག་ཏུ་ཆད་པ། དེ་བཞིན་གཤེགས་པའི་ཡུལ་ཡོངས་སུ་གནོན་པའི་བརྩོན་འགྲུས་ཅན། སངས་རྒྱས་ཀྱི་སའི་རྒྱུད་རྣམ་པར་གནོན་པ་ཐམས་ཅད་མཁྱེན་པའི་སྟོབས་ཡོངས་སུ་རྫོགས་པར་བྱ་བ་ལ་མངོན་པར་མོས་པ། སྟོབས་བཅུ་རབ་ཏུ་ཐོབ་པར་བྱ་བའི་མཐར་ཐུག་པ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡངས་པས་ཉེ་བར་བརྟེན་པའི་སེམས་དང་། བསམ་པ་རྣམ་པར་དག་པ་དང་མ་ཞུམ་པ་དང་། ཉོན་མོངས་པ་མེད་པ་དང་། མ་ཡོ་བ་དང་། མ་ཉམས་པ་དང་། མ་འཆུམས་པ་དང་། མུན་པ་མེད་པའི་སེམས་དང་། ཡེ་ཤེས་ཀྱི་སྣང་བ་ཀུན་ཏུ་སྣང་བས་སྣང་བར་འགྱུར་བའི་སེམས་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བར་ཤིན་ཏུ་འདུན་པའི་སེམས་དང་། བདུད་ཀྱི་འཁོར་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཐུབ་པའི་སེམས་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བར་སྐབས་ཕྱེ་བའི་སེམས་ཀྱིས་ཁོང་དུ་ཆུད་པ་དང་། འཇུག་པ་དང་། ཡིད་ཆེས་པར་བྱ་བ་དང་། གཟུང་བ་དང་རྗེས་སུ་འབྲང་བར་བྱ་བའམ། ཤེས་པར་བྱ་བར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གནས་འདི་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་མ་ནོན་ན། སེམས་ཅན་གཞན་ཐམས་ཅད་ཀྱིས་ལྟ་ཅི་ཞིག་སྨོས། འོན་ཀྱང་སེམས་ཅན་ཅང་ཤེས་རྣམས་ཀྱི་བསམ་པ་ཕུན་སུམ་ཚོགས་པ་རྣམ་པར་དག་པར་བྱ་བ་དང་། དགེ་བའི་རྩ་བ་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་ལྷག་པའི་བསམ་པ་དབང་དུ་འགྱུར་བར་བྱ་བ་དང་། ཁྱོད་ཀྱིས་བསམ་པ་ཐག་པ་ནས་ཡོངས་སུ་དྲིས་པའི་ལུང་བསྟན་པའི་ཆོས་ཉིད་རབ་ཏུ་འབྱུང་བ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱི་
རླབས་ཀྱིས་བསྟན་ཏོ། །དེ་ནས་མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པས་དེའི་ཚེ། དོན་དེ་ཉིད་ལ་བརྣན་ཏེ་བསྟན་པའི་ཕྱིར་དུས་གསུམ་དུ་བྱུང་བའི་དེ་བཞིན་གཤེགས་པའི་ཡུལ་ལ་རྣམ་པར་བལྟས་ཏེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་སྲས་པོ་ཁྱོད་ཀྱིས་གང་དྲིས་པ། །དེ་ནི་བསམ་ཡས་ཟབ་མོ་སངས་རྒྱས་ཡུལ། །བསམ་ཡས་ཞིང་གི་རྡུལ་ཕྲན་རབ་སྙེད་ཀྱི། །བསྐལ་པ་མང་པོས་དེ་ཀུན་བརྗོད་མྱི་ནུས། །སེམས་ཅན་འདོད་པའི་སེམས་ལྡན་སྡང་བ་དང་། །དེ་བཞིན་གཏི་མུག་མུན་པས་བསྒྲིབས་པ་དང་། །འཆབ་དང་དྲེགས་པས་བསམ་པ་ཉམས་གྱུར་པས། །རྒྱལ་བའི་ཆོས་ཉིད་ཞི་བ་ཤེས་མི་ནུས། །ཕྲག་དོག་འཇུངས་པའི་དབང་གིས་རྗེས་འབྲང་དང་། །གཡོ་སྒྱུས་བསམ་པ་རྙོགས་པར་གྱུར་པ་དང་། །ཉོན་མོངས་ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིས། །སངས་རྒྱས་ཡུལ་འདི་ཤེས་པར་མི་ནུས་སོ། །ཕུང་པོ་ཁམས་དང་སྐྱེ་མཆེད་གནས་པ་དང་། །འཇིག་ཚོགས་མང་ལ་གནས་པར་གྱུར་པ་དང་། །ལྟ་སེམས་འདུ་ཤེས་ཕྱིན་ཅི་ལོག་གྱུར་པས། །ཞི་བའི་ས་འདི་ཤེས་པར་མི་ནུས་སོ། །རྒྱལ་བའི་ཡུལ་ནི་ཤེས་དཀའ་ཞི་བ་སྟེ། །རང་བཞིན་དྲི་མེད་རྣམ་པར་རྟོག་པ་མེད། །སྲིད་པར་རྟེན་ཅིང་འཁོར་ལ་ཆགས་པ་ཡིས། །ཆོས་འདི་ཡང་དག་ཤེས་པར་མི་ནུས་སོ། །སངས་རྒྱས་རིགས་སུ་རིགས་ལྡན་གང་སྐྱེས་པ། །དེ་བཞིན་གཤེགས་པ་ཀུན་གྱིས་བྱིན་བརླབས་ཤིང་། །ཆོས་ཀྱི་རྒྱལ་པོའི་གདུང་རབས་ཡོངས་འཛིན་པ། །དྲང་སྲོང་དེ་དག་ཡུལ་ནི་འདི་ཡིན་ནོ། །དཀར་ཆོས་རྒྱ་མཚོས་མི་ངོམས་སེམས་ལྡན་ཞིང་། །གང་རྣམས་དགེ་བའི་བཤེས་ཀྱིས་ཡོངས་བཟུང་སྟེ། །ཐུབ་པའི་སྟོབས་ལ་དམིགས་པའི་སེམས་སྤྲིན་ཅན། །དེ་དག་འདི་ཐོས་བཟོད་པ་ཐོབ་པར་འགྱུར། །གང་རྣམས་བསམ་པ་དྲི་མེད་རྣམ་རྟོག་མེད། །བར་སྣང་མཁའ་བཞིན་ཕྱོགས་དང་ཕྱོགས་མཚམས་སུ། །
མུན་པ་རྣམ་བསལ་བློ་གྲོས་སྒྲོན་མའི་སྤྲིན། །དྲི་མེད་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །སྙིང་རྗེའི་བསམ་པས་འགྲོ་བ་རྒྱ་མཚོ་རྣམས། །དུས་གསུམ་བྱུང་བ་གང་རྣམས་རྒྱས་བྱེད་ཅིང་། །སེམས་ཅན་མ་ལུས་རྗེས་འབྲང་བྱམས་པ་ཅན། །དེ་དག་རྒྱལ་བའི་ཚུལ་འདིར་འཇུག་པར་འགྱུར། །གང་རྣམས་འཛིན་མེད་དགའ་བའི་སེམས་ལྡན་ཞིང་། །རྟག་པར་བདོག་པ་ཐམས་ཅད་སྦྱིན་བརྩོན་ལ། །སེམས་ཅན་ཀུན་ལ་མཉམ་པར་ཞུགས་གྱུར་པ། །ཆགས་མེད་དེ་དག་སྤྱོད་ཡུལ་ས་འདི་ཡིན། །ཉོན་མོངས་མེད་སེམས་སྐྱོན་མེད་སྤྱོད་ལྡན་ཞིང་། །གང་རྣམས་འགྱོད་པ་རྣམ་བསྩལ་སེམས་ལྡན་ཏེ། །སངས་རྒྱས་གདམས་ངག་ནན་ཏན་བྱེད་ལྡན་པ། །དྲི་མེད་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །གང་རྣམས་མི་སྒུལ་སེམས་ལྡན་མི་བསྐྱོད་སེམས། །ཆོས་ཀྱི་རང་བཞིན་རྟོགས་པའི་སེམས་ལྡན་ཞིང་། །ལས་ཀྱི་རྒྱ་མཚོར་མི་འགལ་སེམས་ལྡན་པ། །མི་ཟད་དེ་དག་རྣམ་ཐར་འདི་ཡིན་ནོ། །གང་རྣམས་མི་སྐྱེའི་སེམས་དང་མི་ལྡོག་སེམས། །བརྩོན་འགྲུས་མཐུ་དང་རྩལ་དུ་ལྡན་པ་རྣམས། །ཐམས་ཅད་མཁྱེན་ཚོགས་བརྩོན་འགྲུས་མཐའ་ཡས་པ། །བརྟུལ་ཞུགས་བཟང་ལྡན་དེ་དག་ཡུལ་འདི་ཡིན། །ཞི་བའི་སེམས་ལྡན་མཉམ་པར་བཞག་པ་གང་། །ཤིན་ཏུ་ཞིར་གྱུར་རིམས་དང་བྲལ་བ་རྣམས། །ཀུན་མཁྱེན་བསམ་གཏན་ཡན་ལག་མཚོར་སྤྱོད་པ། །རབ་ཏུ་ཞི་བ་དེ་དག་ཚུལ་འདི་ཡིན། །གང་རྣམས་ཆགས་པ་ཀུན་ལས་སེམས་གྲོལ་ཞིང་། །ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་སེམས་ཅན། །རྒྱལ་བའི་ཆོས་དབྱིངས་རྟོགས་པ་ཁོང་ཆུད་པ། །ཤེས་རབ་སྒྲོན་མ་དེ་དག་ཚུལ་འདི་ཡིན། །སེམས་ཅན་རང་བཞིན་རྟོགས་སེམས་ལྡན་གྱུར་ཅིང་། །གང་རྣམས་སྲིད་པའི་མཚོ་ལ་ཆགས་མེད་སེམས། །སེམས་ཅན་སེམས་ལ་གཟུགས་བརྙན་ཟླ་འཆར་བ། །ལམ་མཁན་དེ་དག་རྣམ་ཐར་འདི་ཡིན་ནོ། །དུས་གསུམ་བྱུང་བའི་རྒྱལ་བ་རྒྱ་མཚོ་རྣམས། །སྨོན་ལམ་གང་ཆེན་མཚོ་རྒྱུད་སྐྱེས་པ་ཡི། །ཞིང་རྣམས་ཀུན་ཏུ་
ཕྱི་མའི་མཐར་སྤྱོད་པ། །ཀུན་ཏུ་བཟང་པོ་དེ་དག་ཚུལ་འདི་ཡིན། །གང་རྣམས་ཆོས་དབྱིངས་ཚུལ་རྣམས་རྒྱ་མཚོ་ཡིས། །འགྲོ་བ་རྒྱ་མཚོ་འདུ་དང་འཇིག་པ་ཡི། །བསྐལ་པར་བཅས་པ་ཁོང་དུ་ཆུད་པའི་རྣམས། །རྟོག་མེད་དེ་དག་རྣམ་ཐར་འདི་ཡིན་ནོ། །ཞིང་རྣམས་ཀུན་གྱི་རྡུལ་ཕྲན་ཐམས་ཅད་ལ། །སངས་རྒྱས་གྲངས་མེད་ཤིང་རྒྱལ་དྲུང་བཞུགས་ཤིང་། །བྱང་ཆུབ་འཚང་རྒྱ་འགྲོ་འདུལ་མཐོང་བ་ཡི། །ཆགས་མེད་མིག་ཅན་དེ་དག་ཚུལ་འདི་ཡིན། །ཁྱོད་ནི་བསྐལ་པ་རྒྱ་མཚོ་རྒྱ་ཆེན་དུ། །དགེ་བའི་བཤེས་གཉེན་མང་པོ་བསྙེན་བཀུར་ཏེ། །ཆོས་འདོད་ཆོས་ཚོལ་མི་སྐྱོ་འདིར་ཕྱིན་པས། །ཐོས་ནས་དེ་ནི་ཡོངས་སུ་གཟུང་བར་ནུས། །ཁྱོད་ཀྱི་བསམ་པ་ཡོངས་སུ་སྦྱང་བའི་ཕྱིར། །བདེ་གཤེགས་བྱིན་རླབས་བསམ་གྱིས་མི་ཁྱབ་པས། །རྣམ་པར་སྣང་མཛད་ཚད་མེད་ཡུལ་འདི་ཡང་། །ཁོ་མོའི་ཚིག་ལས་ཆགས་པ་མེད་པར་འབྱུང་། །རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་དེའི་ཡང་ཕ་སྔ་ཞིག་ཏུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གསེར་རིན་པོ་ཆེའི་རི་སྤོ་རྣམ་པར་སྣང་བ་ཞེས་བྱ་བ་བྱུང་སྟེ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གསེར་རིན་པོ་ཆེའི་རི་སྤོ་རྣམ་པར་སྣང་བ་དེར་དེ་བཞིན་གཤེགས་པ་ཡེ་ཤེས་རི་བོའི་འོད་ཆོས་ཀྱི་དབྱིངས་སུ་སྣང་བའི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། དེ་བཞིན་གཤེགས་པ་ཡེ་ཤེས་རི་བོའི་འོད་ཆོས་ཀྱི་དབྱིངས་སུ་སྣང་བའི་གཟི་བརྗིད་རྒྱལ་པོ་དེ། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གསེར་རིན་པོ་ཆེའི་རི་སྤོ་རྣམ་པར་སྣང་བ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ས་དང་། རི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་བསྟན་དུ་ཡོད་པ་དང་ལྡན་པ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རེ་རེ་ཞིང་ཡང་བསྐལ་པའི་གྲངས་ཤིན་ཏུ་བསྟན་པ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ་བསྐལ་པ་རེ་རེ་ཞིང་ཡང་བསྐལ་པ་བར་མ་ཤིན་ཏུ་བསྟན་པ་དུ་
མ་དང་ལྡན་པ་བསྐལ་པ་བར་མ་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་རྣམ་པ་ཐ་དད་དུ་བྱ་བ་བསྟན་པ་དུ་མ་དང་ལྡན་པ། དེ་བཞིན་གཤེགས་པ་འབྱུང་བ་དང་། རྫུ་འཕྲུལ་སྣ་ཚོགས་བསྟན་དུ་ཡོད་པ་དེ་བཞིན་གཤེགས་པ་འབྱུང་བ་རེ་རེ་ཞིང་ཡང་མདོ་སྡེ་ཡང་དག་པར་བསྟན་པ། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བརྗོད་དུ་ཡོད་པ་མདོ་སྡེ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་ལུང་བསྟན་པ། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བསྟན་དུ་ཡོད་པ་སེམས་ཅན་འདུལ་བ་མཐའ་དང་དབུས་མེད་པ་ཤིན་ཏུ་བསྟན་པ། ཐེག་པ་ཐ་དད་པའི་ཚུལ་གྱིས་བསྒྲུབས་པ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་ཆོ་འཕྲུལ་སྣ་ཚོགས་ཀྱིས་རྣམ་པར་འདུལ་བ་དང་ལྡན་པ་ཡོངས་སུ་སྦྱངས་ཏེ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གསེར་རིན་པོ་ཆེའི་རི་སྤོ་རྣམ་པར་སྣང་བ་དེར། འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་ཕྱོགས་ཀུན་ཏུ་མངོན་པར་བལྟས་པའི་སྒོ་རྒྱལ་མཚན་གྱིས་རྣམ་པར་བརྒྱན་པ་ཞེས་བྱ་བ་བྱུང་སྟེ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་ཕྱོགས་ཀུན་ཏུ་སྒོ་མངོན་པར་བལྟས་པ་རྒྱལ་མཚན་གྱིས་རྣམ་པར་བརྒྱན་པ་དེར། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱི་མདོག་ཀུན་ཏུ་སྣང་བའི་དཔལ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་ཀྱི་གཞི་དང་། མཚམས་ཀྱི་རྒྱན་རིན་པོ་ཆེའི་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་རབ་ཏུ་སྣང་བ་ལས་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་རྒྱ་མཚོ་ལ་གནས་པ། ལྷུན་རིན་པོ་ཆེའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་གཟུགས་བརྙན་རབ་ཏུ་སྟོན་པ་ལས་བསྒྲུབས་པ། ལྷའི་གྲོང་ཁྱེར་གྱི་དབྱིབས་སུ་འདུག་པ་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་བྱུང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་བར་གྱུར་ཏོ། །གླིང་བཞི་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་གི་གླིང་བཞི་པ་དབུ་མ་རིན་པོ་ཆེ་སྣ་ཚོགས་ཀྱི་རྩེ་མོའི་རྒྱལ་མཚན་ཞེས་བྱ་བ་བྱུང་སྟེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་ཀྱི་རྩེ་མོའི་རྒྱལ་མཚན་དེར་གླིང་ཆུ་ཞེང་དུ་
དཔག་ཚད་བརྒྱ་ཕྲག་སྟོང་ཡོད་པ་བཞི་བྱུང་ནས་གླིང་རེ་རེར་ཡང་གྲོང་ཁྱེར་ཆེན་པོ་སྟོང་ཕྲག་རེ་རེ་བྱུང་ངོ་། །གླིང་བཞི་པ་དེའི་འཛམ་བུ་གླིང་གི་དབུས་སུ་རྒྱལ་པོའི་གནས་རིན་པོ་ཆེའི་ས་ལས་རྣམ་པར་བརྒྱན་པ། སྤྲིན་གྱི་སྒྲོན་མ་ཞེས་བྱ་བ་གྲོང་ཁྱེར་སྟོང་ཕྲག་བཅུའི་འཁོར་དང་ལྡན་པ་བྱུང་ངོ་། །དེའི་ཚེ་འཛམ་བུའི་གླིང་དེའི་མྱི་རྣམས་ཀྱང་ཚེའི་ཚད་ལོ་སྟོང་ཕྲག་བཅུ་ཐུབ་པར་གྱུར་ཏོ། །རྒྱལ་པོའི་གནས་རིན་པོ་ཆེའི་ས་ལས་རྣམ་པར་བརྒྱན་པ་སྤྲིན་གྱི་སྒྲོན་མ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་ཞེས་བྱ་བ་བྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་དེའི་བློན་པོ་ནི་ལྔ་བརྒྱ་བྱུང་ངོ་། །བཙུན་མོ་ནི་སྟོང་ཕྲག་དྲུག་ཅུ་བྱུང་ངོ་། །སྲས་ནི་ཀུན་ཀྱང་དཔའ་བ་བརྟུལ་ཕོད་པ། ཡན་ལག་དམ་པའི་གཟུགས་དང་ལྡན་པ། བལྟ་ན་སྡུག་པ་གཟི་བརྗིད་ཆེ་བ། སྟོབས་ཆེ་བ་བརྒྱ་ཕྲག་བདུན་བྱུང་ངོ་། །རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་དེའི་ཚེ་ལ་འཛམ་བུའི་གླིང་ཐམས་ཅད་ཀྱང་གདུགས་གཅིག་གིས་བསྐྱངས་པར་གྱུར་ཏེ། ཕ་རོལ་གྱི་འཁོར་དང་དགྲ་ཐམས་ཅད་ཀྱང་ཤིན་ཏུ་ཆོམས་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་དེར་བསྐལ་པ་བར་མ་ནི་ཟད་དུ་ཆ། རྙོག་པ་ལྔ་ནི་འཇིག་རྟེན་དུ་བྱུང་། དགེ་བ་བཅུའི་ལས་ཀྱི་ལམ་ནི་ནུབ་པར་གྱུར་ནས། སེམས་ཅན་མི་དགེ་བ་བཅུའི་ལམ་ལ་སྤྱོད་པ་ཕལ་ཆེར་ངན་སོང་དུ་ཡང་འདོང་བར་གྱུར་ཏོ། །དེ་དག་མྱི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་འཛིན་པའི་རྒྱུས་ཚེ་ཐུང་བ་དང་ལོངས་སྤྱོད་ཆུང་བ་དང་གཟུགས་མ་ལེགས་པ་དང་། ཁ་དོག་མི་སྡུག་པ་དང་། ལུས་མ་ལེགས་པ་དང་། བདེ་བའི་རྣམ་པ་ཉུང་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བའི་རྣམ་པ་མང་བ་དང་། ཕན་ཚུན་བསླུ་ཞིང་འདྲིད་པའི་རང་བཞིན་ཅན་དང་། ཕན་ཚུན་དབྱེ་བ་ལ་ཞུགས་པ་དང་། ཞེ་གཅོད་པའི་ཚིག་ལ་སྤྱོད་པ་དང་། འཆལ་བའི་ཚིག་ཏུ་སྨྲ་བ་དང་། འདོད་པ་མི་བཟད་པས་ཟིལ་གྱིས་གནོན་པ་དང་། ཞེ་སྡང་
བའི་ཡིད་ཀྱི་རྟོག་པ་དང་ལྡན་པ་དང་། ལྟ་བའི་ཐིབས་པོ་སྣ་ཚོགས་ཀྱི་མྱ་ངམ་དུ་འཁྱམས་པར་གྱུར་ནས། དེ་དག་ཆོས་མ་ཡིན་པའི་འདོད་ཆགས་ལ་ཞེན་ཅིང་འདོད་པ་མི་བཟད་པས་ཟིལ་གྱིས་ནོན་ལ། ལོག་པའི་ཆོས་ཀྱིས་ཀུན་ནས་འཁོར་བས་ས་ལ་ཤིང་རྩི་དང་། ལོ་ཟས་སྐྱེ་བར་འགྱུར་བའི་ཆར་ཡང་དུས་སུ་མི་འབབ་པར་གྱུར་ཏེ། སེམས་ཅན་དེ་དག་ཀྱང་རྩྭ་དང་གེལ་པ་དང་སྨན་དང་ནགས་ཚལ་དང་། བཟའ་ཤིང་གི་ར་བ་དང་སྡོང་པོ་དག་ཀྱང་སྐམས་པར་གྱུར་ནས། ནད་སྣ་ཚོགས་ཀྱིས་ཐེབས་ཤིང་ཕྱོགས་དང་ཕྱོགས་མཚམས་སུ་སྐྱབས་མེད་པས། ཕན་ཚུན་ཁོད་མི་མྱོང་ཞིང་གཡེན་སྤྱོ་བར་གྱུར་ཏེ། དེ་དག་ཀུན་ཀྱང་གཅིག་ཏུ་འདུས་ནས་རྒྱལ་པོའི་གནས་རིན་པོ་ཆེའི་ས་ལས་རྣམ་པར་བརྒྱན་པ་སྤྲིན་གྱི་སྒྲོན་མ་གང་ན་བ་དེར་དོང་སྟེ། ཀུན་ནས་བསྐོར་ནས། ལ་ལ་ནི་ལག་པ་གྱེན་དུ་སྒྲེང་། ལ་ལ་ནི་ཐལ་མོ་སྦྱོར། ལ་ལ་ནི་ལུས་ཤིན་ཏུ་འདར། ལ་ལ་ནི་གྱེད། ལ་ལ་ནི་བུབ། ལ་ལ་ནི་ལུས་ཐམས་ཅད་ཀྱིས་ཕབ་ཅིང་ཕྱག་འཚལ། ལ་ལ་ནི་པུས་མོ་ས་ལ་འཛུགས། ལ་ལ་ནི་ལག་པ་ནམ་མཁའི་དབྱིངས་སུ་གཡོ་བ། ལ་ལ་ནི་གོས་མེད་ཅིང་སྒྲེན་མོར་འཁོད། ལ་ལ་ནི་ཁ་མིག་མྱི་སྡུག་པར་གྱུར་ཅིང་། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་ལ་མངོན་ཏུ་བལྟས་ཤིང་། སྙིང་རྗེ་རྗེ་སྐད་དུ་འོ་དོད་ཆེན་པོ་འབོད་དེ། ལྷ་ཆེན་པོ་བདག་ཅག་ནི་ཉམ་ཐག་གོ །བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་རབ་ཏུ་གཟིར་ཏོ། །འཇིགས་པ་སྣ་ཚོགས་ཀྱིས་གཡེན་སྤྱོའོ། །བདག་ཅག་ལ་སྐྱབས་མ་མཆིས་སོ། །བདག་ཅག་ལ་མགོན་དང་དཔུང་གཉེན་མ་མཆིས་སོ། །སྡུག་བསྔལ་གྱི་ཤིང་ཐགས་ཀྱིས་འཁོར་ཏོ། །སྲོག་ཆད་ལ་ཐུག་གོ །འཆི་བར་གྱུར་མ་ཁད་དོ། །ཞེས་ཏེ་སྨྲེ་སྔགས་སྣ་ཚོགས་སུ་བླ་ཞིང་དབྱངས་ཀྱི་རྣམ་པ་སྣ་ཚོགས་དང་། ཚིག་སྣ་ཚོགས་ཀྱིས་ཁ་གདོང་མི་སྡུག་པར་གྱུར་པར་འདུ་ཤེས་དང་ཚིག་སྣ་ཚོགས་ཀྱི་ཐ་སྙད་དང་། ཆོ་མགྲེང་དང་སྐད་ཀྱི་གདངས་དོན་སྣ་
ཚོགས་བརྗོད་པའི་ཚིག་དང་། ངག་གིས་འོ་དོད་བོས་སོ། །རྒྱལ་པོའི་གནས་དེའི་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་། བུ་མོ་བཀྲེས་པ་དང་སྐོམ་པས་མནར་བ་ལུས་ལ་རྒྱན་མེད་པ་སྒྲེན་མོ་གོས་མེད་པ། ཁ་དོག་དང་མདོག་མི་སྡུག་པ་ལུས་གས་ཤིང་རྩུབ་པ། སྡུག་བསྔལ་ཞིང་ཡིད་མི་བདེ་ལ། མི་དགའ་བ་དེ་དག་ཐམས་ཅད་ཀྱང་བདེ་བ་ནི་མངོན་པར་འདོད། སྡུག་བསྔལ་གྱི་འཇིགས་པས་ནི་བརླ་ཁྱེར་ནས་རྒྱལ་པོ་ཤེས་པའི་སྐྱེས་བུ་ཆེན་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ། དེ་ལ་བདེ་བ་ཐམས་ཅད་ཐོབ་པར་བྱ་བའི་འདུ་ཤེས་དང་། སྡུག་བསྔལ་ཐམས་ཅད་དང་མི་འགྲོགས་པར་བྱ་བའི་འདུ་ཤེས་དང་། འཚོ་བའི་བསམ་པ་དང་ལྡན་ཞིང་གཏེར་ཐོབ་པར་བྱ་བའི་འདུ་ཤེས་དང་། མུ་སྟེགས་མཐོང་བར་བྱ་བའི་འདུ་ཤེས་དང་། ལམ་ཆེན་པོ་ལ་ནན་ཏན་དུ་བྱ་བའི་འདུ་ཤེས་དང་། གྲུ་ཆེན་པོའི་འདུ་ཤེས་དང་། ཡེ་ཤེས་ཀྱི་གླིང་ཆེན་པོའི་འདུ་ཤེས་དང་། དོན་ཆེན་པོ་རབ་ཏུ་ཐོབ་པར་བྱ་བའི་འདུ་ཤེས་དང་། མཐོ་རིས་ཀྱི་དགའ་བ་དང་བདེ་བ་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་འདུ་ཤེས་ཀྱིས་མགོན་དང་སྐྱབས་ཚོལ་བར་གྱུར་ཏོ། །རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པས་འཁོར་ཀུན་ནས་སློང་བ་མང་པོ་སྙིང་རྗེ་རྗེ་སྐད་དུ་འབོད་པའི་འོ་དོད་ཆེན་པོ་དེ་ཐོས་ནས། དེ་སྙིང་རྗེ་ཆེན་པོའི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ལ་ཞུགས་པར་གྱུར་ཏོ། །དེ་སྙིང་རྗེ་ཆེན་པོའི་ཚུལ་ཡིད་ལ་བབ་པའི་སེམས་སུ་གྱུར་ནས། ཡུད་ཙམ་ཞིག་རྩེ་གཅིག་ཏུ་བསམས་ཏེ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཚིག་བཅུ་བརྗོད་དོ། །བཅུ་གང་ཞེ་ན། ཀྱེ་ཧུད་ཀྱེ་སེམས་ཅན་འདི་དག་ནི་འཁོར་བའི་གཡང་ས་ཆེན་པོར་ལྷུང་ཡང་སྐྱབས་མེད་པ་ལྟ་ན། བདག་ནམ་ཞིག་འཁོར་བའི་གཡང་ས་ཆེན་པོར་ལྷུང་བའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ས་ལ་དགོད་པས་གནས་སུ་འགྱུར། ཀྱི་ཧུད་ཀྱེ་སེམས་ཅན་འདི་དག་ཉོན་མོངས་པའི་གནོད་པས་གཙེས་ཤིང་སྐྱབས་མེད་པ་ལྟ་ན། ནམ་ཞིག་བདག་སེམས་ཅན་ཉོན་མོངས་
པ་སྣ་ཚོགས་ཀྱིས་འཇིགས་པ་དང་། གནོད་པས་གཙེས་ཏེ་སྐྱབས་མེད་པ་རྣམས་ཁ་ན་མ་ཐོ་བ་མེད་པའི་ལས་ཀྱི་མཐའ་ལ་འགོད་པས་སྐྱབས་སུ་འགྱུར། ཀྱི་ཧུད་ཀྱེ་སེམས་ཅན་འདི་དག་འཇིག་རྟེན་ན་རྒ་ཤིའི་འཇིགས་པས་ཚར་ཆོད་ཅིང་མགོན་མེད་པ། ལྟ་ན་ནམ་ཞིག་བདག་སེམས་ཅན་མགོན་མེད་པ་རྣམས་ཀྱི་འཁོར་བའི་འཇིགས་པ་ཐམས་ཅད་རྣམ་པར་སེལ་བས་མགོན་དུ་འགྱུར། ཀྱི་ཧུད་ཀྱེ་སེམས་ཅན་འདི་དག་འཇིག་རྟེན་གྱི་འཇིགས་པ་སྣ་ཚོགས་ཀྱིས་གཙེས་ཏེ། རྟེན་མེད་པ་ལྟ་ན་ནམ་ཞིག་བདག་སེམས་ཅན་འཇིག་རྟེན་གྱི་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་རྣམས་ཤིན་ཏུ་བདེ་ཞིང་སྐྱོན་མེད་པའི་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པས་རྟེན་དུ་འགྱུར། ཀྱི་ཧུད་ཀྱེ་སེམས་ཅན་འདི་དག་འཇིག་རྟེན་ན་མ་རིག་པའི་མུན་པར་འཐོམས་ཏེ་ཐེ་ཙོམ་དང་ཡིད་གཉིས་ཀྱི་རབ་རིབ་ཀྱིས་བསྒྲིབས་པ་ལྟ་ན། ནམ་ཞིག་བདག་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་རྣམ་པར་སེལ་བས་སྒྲོན་མར་གྱུར་པར་འོང་། ཀྱི་ཧུད་ཀྱེ་སེམས་ཅན་འདི་དག་ནི་སྣང་བ་དང་བྲལ་བ་ལྟ་ན་ནམ་ཞིག་བདག་ཡེ་ཤེས་ཀྱི་སྒོ་རབ་རིབ་མེད་པར་ཡོངས་སུ་སྟོན་པས་ཡེ་ཤེས་ཆེན་པོའི་སྣང་བ་འབྱིན་པར་འགྱུར། ཀྱི་ཧུད་ཀྱེ་སེམས་ཅན་འདི་དག་ནི་ཕྲག་དོག་དང་འཇུངས་པ་དང་། གཡོ་དང་སྒྱུའི་རྙོག་པས་བསམ་པ་རྙོག་པ་ཅན་དུ་གྱུར་ཏེ། ཡེ་ཤེས་ཀྱི་མདོག་གསལ་བ་མེད་པ་ལྟ་ན། ནམ་ཞིག་བདག་སེམས་ཅན་ཐམས་ཅད་ཤིན་ཏུ་དག་པ་ལ་རབ་ཏུ་འགོད་ཅིང་བླ་ན་མེད་པའི་ཡེ་ཤེས་ཀྱི་མདོག་རབ་ཏུ་གསལ་བར་བྱེད་པར་འགྱུར། ཀྱི་ཧུད་ཀྱེ་སེམས་ཅན་གྱི་འཇིག་རྟེན་ནི་འཁོར་བའི་རྒྱ་མཚོའི་ཡུལ་གྱི་རྒྱུད་དུ་ཞུགས་ཤིང་འདྲེན་པ་མེད་པ་ལྟ་ན། ནམ་ཞིག་བདག་སེམས་ཅན་ཐམས་ཅད་ཆོས་རྒྱ་མཚོའི་ཚུལ་ལ་འཛུད་ཅིང་འདྲེན་པར་འགྱུར་བར་འོང་། ཀྱི་ཧུད་ཀྱེ་སེམས་ཅན་གྱི་འཇིག་རྟེན་མ་དུལ་ཞིང་རྣམ་པར་འདྲེན་པ་མེད་པ་ལྟ་ན། ནམ་ཞིག་བདག་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྨྱིན་པར་བྱ་བ་དང་། རྣམ་པར་གདུལ་བ་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་དུས་
ལས་མི་འདའ་ཞིང་རྣམ་པར་འདྲེན་པར་འགྱུར་བར་འོང་། ཀྱི་ཧུད་ཀྱེ་སེམས་ཅན་གྱི་འཇིག་རྟེན་ནི་དམུས་ལོང་དུ་གྱུར་ཏེ། ཡོངས་སུ་འདྲེན་པ་མེད་པ་ལྟ་ན། ནམ་ཞིག་བདག་སེམས་ཅན་ཐམས་ཅད་སྒྲིབ་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་ལ་འཛུད་ཅིང་ཡོངས་སུ་འདྲེན་པར་འགྱུར་དེ་སྐད་དུ་དེས་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཚིག་རྣམ་པ་བཅུ་བརྗོད་ནས་རྒྱལ་པོའི་གནས་དེར་དྲིལ་ཆེན་པོ་བརྡུངས་ཏེ། གཏོང་བ་ཆེན་པོའི་རྔ་བོ་ཆེ་ཡང་ཡོངས་སུ་བརྡུངས་ནས། སུ་ཅི་འདོད་པ་དེ་ལ་དེ་སྦྱིན་གྱིས། འགྲོ་བ་ཐམས་ཅད་ཀྱང་ཡོངས་སུ་ཚིམ་པར་བྱའོ་ཞེས་སྒྲ་བརྗོད་དེ། དེས་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་པོའི་གནས་ཐམས་ཅད་དང་། གྲོང་དང་གྲོང་ཁྱེར་དང་ལྗོངས་དང་། ཡུལ་དང་གྲོང་རྡལ་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་ཀྱི་མཛོད་ཕྱེ་སྟེ། ལམ་གྱི་བཞི་མདོ་དང་། ལམ་གྱི་སུམ་མདོ་དང་སྲང་ཐམས་ཅད་དུ་ཡང་ཡོ་བྱད་སྣ་ཚོགས་ཀྱི་རྣམ་པ་མང་པོ་བཀོད་དེ་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བར་བསྟབས་སོ། །མཛོད་དང་བང་བ་ཐམས་ཅད་ཀྱང་ཕྱེ་སྟེ། རིན་པོ་ཆེའི་གཏེར་ཆེན་པོ་དང་ཚོགས་ཀྱང་ཡོངས་སུ་བསྟན་ཏོ། །རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཕུང་པོ་དུ་མ་ཡང་སྤུངས་སོ། །ཟས་དང་སྐོམ་དང་། གོས་དང་བཞོན་པ་དང་མེ་ཏོག་དང་། ཕྲེང་བ་དང་བདུག་པ་དང་བྱུག་པ་དང་། ཕྱེ་མ་དང་གོས་རིན་པོ་ཆེ་ཁ་དོག་སྣ་ཚོགས་ཀྱི་མཛོད་ཕྱེ་ནས། ཁང་པ་དང་། གཞལ་མེད་ཁང་དང་། ཁྱིམ་མང་པོ་མལ་ཆ་དང་། སྟན་དང་གོས་ཀྱིས་ཡོངས་སུ་བརྒྱན་ཏེ། ནོར་དང་དབྱིག་ཐམས་ཅད་ཕུན་སུམ་ཚོགས་པར་བྱས་ནས། ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྣང་བའི་གཟི་བརྗིད་རྣམ་པར་བཀོད་པས་མུན་པ་རྣམ་པར་སེལ་བ་བཤམས་ནས། དེས་སེམས་ཅན་དེ་དག་ཅི་འདོད་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཁྱིམ་དེ་དག་རེ་རེར་ཡང་རང་གི་ལུས་དང་འདྲ་བའི་སྤྲུལ་པའི་ལུས་མངོན་པར་སྤྲུལ་ཏེ་ཀུན་ཏུ་བཀོད་དོ། །སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་གསོ་བའི་ཕྱིར་སྨན་པ་དང་སྨན་དང་། རིམ་གྲོ་བ་དང་། འཚོ་བའི་ཡོ་བྱད་སྣ་ཚོགས་ཀྱི་
རྐྱེན་ཕུན་སུམ་ཚོགས་པ་ཡོངས་སུ་བཤམས་སོ། །རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་རྣམ་པ་ཐ་དད་པ་ཡོ་བྱད་སྣ་ཚོགས་ཀྱིས་ཅི་རིགས་སུ་བཀང་བ་དག་ཀྱང་ཉེ་བར་བཀོད་དེ། འདི་ལྟར་རིན་པོ་ཆེ་རྡོ་རྗེའི་སྣོད་ནི་སྤོས་ཀྱི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་། སྤོས་ཀྱི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་ནི་གོས་ཁ་དོག་དམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་ངོ་། །ཤིང་རྟ་མང་པོ་དབྱིབས་དང་། མདོག་སྣ་ཚོགས་སུ་འདུག་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ། རྟ་དང་གླང་པོ་དང་བ་ལང་ཅང་ཤེས་ལ་བཅས་པ། རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་རྒྱལ་པོའི་རྐྱེན་དུ་རུང་བ། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་གྱིས་ལོངས་སྤྱོད་དང་ལྡན་པ། སྟན་སྣ་ཚོགས་བཏིང་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། བླ་རེ་སྣ་ཚོགས་བྲེས་པ། རིན་པོ་ཆེའི་དྲིལ་བུའི་དྲ་བ་བྲེས་པ། གདུགས་དང་། རྒྱལ་མཚན་དང་བ་དན་བསྒྲེང་བས་བརྒྱན་པ་དག་གིས་ཀྱང་། ཡུལ་གྱི་ཕྱོགས་གང་བར་བཀོད་དོ། །གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཡུལ་ཐམས་ཅད་སྦྱིན་པར་ཡང་འོ་དོད་ཀྱིས་བསྒོའོ། །བཟའ་ཤིང་གི་ར་བ་དང་། ཀུན་དགའི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་སྣ་ཚོགས་ཡོངས་སུ་གཏང་བ་དང་། ཁྱིམ་དང་ཆུང་མ་དང་བུ་དང་བུ་མོ་ཐམས་ཅད་ཡོངས་སུ་གཏང་བ་དང་། རིན་པོ་ཆེ་རིན་ཐང་མེད་པ་ཐམས་ཅད་ཡོངས་སུ་གཏང་བ་དང་། རང་གི་སྙིང་དང་རྐང་དང་རྒྱུ་མ་དང་མཁལ་མ་དང་ཚིལ་དང་། ཤ་དང་ཁྲག་དང་པགས་པ་དང་རྐ་ལག་དང་རྣ་བ་དང་། མིག་དང་སྣ་དང་ལྕེ་དང་སོ་དང་། མཆུ་དང་མགོ་ཡོངས་སུ་བཏང་བ་ནས། ཕྱི་ནང་གི་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་གཏང་བར་ཡང་འོ་དོད་ཀྱིས་བསྒོའོ། །དེས་ཡོ་བྱད་དེ་ལྟ་བུ་ཡོངས་སུ་གཏང་བའི་རྣམ་པ་མང་པོ་བཤམས་ཏེ་བསྩོགས་ནས་རྒྱལ་པོའི་གནས་རིན་པོ་ཆེའི་ས་ལས་རྣམ་པར་བརྒྱན་པ། སྤྲིན་གྱི་སྒྲོན་མ་དེའི་ཤར་ཕྱོགས་ལོགས་ན་གྲོང་ཁྱེར་རིན་པོ་ཆེ་རྩེ་མོའི་གཟི་བརྗིད་ཅེས་བྱ་བའི་མདུན་རོལ་ནས་གཞི་མཉམ་པའི་ཕྱོགས་ཡངས་པ་ཆུ་ཞེང་དུ་རྒྱ་ཆེ་ཞིང་མཉམ་པ་མཐོན་དམན་མེད་པ། རྣམ་པར་དག་ཅིང་གཞི་མཉམ་
པ་ངམ་གྲོག་དང་གཡང་ས་དང་སྡོང་དུམ་དང་། ཚེར་མ་དང་། གསེག་མ་དང་། གྱོ་མོ་ཐམས་ཅད་མེད་པ་རིན་པོ་ཆེ་ཐམས་ཅད་ཀྱི་ཁམས་ལས་གྲུབ་པ། གཞི་རིན་པོ་ཆེ་ཐམས་ཅད་ལས་བྱས་ཤིང་། རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་བཀྲམ་པ། ནོར་བུ་རིན་པོ་ཆེའི་རྒྱན་རྣམ་པ་དུ་མས་བརྒྱན་པ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་གང་བ་ཕྱེ་མ་སྣ་ཚོགས་དྲི་ཤིན་ཏུ་ཞིམ་པའི་རྡུལ་ལྡང་བ། བདུག་སྤོས་སྣ་ཚོགས་ཀྱིས་བདུགས་པ། རིན་པོ་ཆེའི་སྒྲོན་མ་དཔལ་གྱི་གཟི་བརྗིད་ཅན་རབ་ཏུ་འབར་བ། སྤོས་དང་བདུག་སྤོས་ཐམས་ཅད་ཀྱི་ན་བུན་དང་། སྤྲིན་གྱི་ནམ་མཁའ་ཀུན་ཏུ་ཁེབས་པའི་རྒྱན་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་ཕྲེང་བ་ལེགས་པར་བཀྱེ་བས་མཛེས་པར་བརྒྱན་པ། ཁང་པ་དང་གཞལ་མེད་ཁང་དང་ཁང་པ་བརྩེགས་པ་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པ། གདུགས་དང་རྒྱལ་མཚན་དང་། བ་དན་བསྒྲེང་བ་རིན་པོ་ཆེའི་སྣམ་བུ་ལྡིང་བ། རྣམ་པར་སྣང་བ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་དྲ་བས་ཀུན་ནས་ཁེབས་པ། རིན་པོ་ཆེའི་སྤོས་ཐམས་ཅད་ཀྱི་རྒྱལ་པོའི་དྲ་བའི་གདུགས་ཀྱི་དཀྱིལ་འཁོར་ཅན། གསེར་གྱི་དྲ་བ་ལས་རིན་པོ་ཆེའི་དྲིལ་བུ་འཁྲོལ་བ་དང་ལྡན་པ། བླ་རེ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་མཛེས་པར་བྱས་པས་ཁེབས་པར་བྲེས་པ། སྤོས་ཀྱི་རྒྱལ་པོ་སྣ་ཚོགས་ཀྱི་ཕྱེ་མ་རྣམ་པར་བཀྲམ་པ། རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་སིལ་མས་དགའ་དགའ་ལྟར་གང་བ། རོལ་མོ་བརྡུང་བ་དང་། དཀྲོལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སྒྲ་སྐད་ཡིད་དུ་འོང་བ་འབྱུང་བ། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་སྣ་ཚོགས་རྣམ་པར་དག་པས་རྣམ་པར་བརྒྱན་པ། བྱང་ཆུབ་སེམས་དཔའི་ལས་རྣམ་པར་སྨྱིན་པས་མངོན་པར་གྲུབ་པ་ཞིག་ཡོད་པ། དེའི་དབུས་སུ་སེང་གེའི་ཁྲི་ཆེན་པོ་རིན་པོ་ཆེ་སྣ་བཅུ་ལས་གྲུབ་པའི་སའི་གཞི་སྣ་ཚོགས་ལ་གནས་པ། རིན་པོ་ཆེའི་ཁྲི་འཕང་སྣ་ཚོགས་བཅུའི་འཁོར་གྱིས་རྣམ་པར་མཛེས་པར་བྱས་པ། རིན་པོ་ཆེའི་ཤིང་ཡལ་ག་ཅན་བཅུས་སྟེགས་བུའི་མཚམས་རྣམ་པར་ཀླུབས་པའི་རྒྱན་མཛེས་པ་དང་ལྡན་པ། རྡོ་རྗེའི་
འཁོར་ལོའི་སའི་གཞི་མི་ཤིགས་པ་ལ་རྐང་པ་རབ་ཏུ་རྟེན་པ། རིན་པོ་ཆེ་ཐམས་ཅད་ཀྱི་གཟུགས་དང་། མདོག་ཡོངས་སུ་འཛིན་པའི་སྟན་གྱི་འཁོར་ལོ་ཅན། རིན་པོ་ཆེ་དུ་མ་ལས་བྱས་པའི་བོག་རེའི་རྒྱན་བརྒྱ་ཕྲག་དུ་མས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཚོམ་བུ་རྣམ་པ་ཐ་དད་པའི་རྒྱན་གྱིས་ཤིན་ཏུ་བརྒྱན་པ་རིན་པོ་ཆེའི་རྒྱལ་མཚན་ཀུན་ནས་རྣམ་པར་ཕྱེ་སྟེ། འབྲེལ་བར་བསྒྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱི་བ་དན་སྤྱངས་པ། རྣམ་པ་ཐ་དད་པའི་རྒྱན་དང་ལྡན་པ། རིན་པོ་ཆེའི་དྲིལ་བུའི་དྲ་བས་བརྒྱན་པའི་ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་དང་། གསེར་གྱི་དྲ་བ་སྣ་ཚོགས་རྣམ་པར་བྲེས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་དྲ་བ་དང་། རིན་པོ་ཆེའི་རྒྱལ་པོ་ཆེན་པོའི་དྲ་བ་དང་། གོས་རིན་པོ་ཆེ་སྣ་ཚོགས་དང་། རིན་པོ་ཆེའི་དྲ་བས་ཅི་རིགས་སུ་ཀུན་ནས་བཀབ་ཅིང་མཛེས་པར་བྱས་པའི་རྒྱན་དང་ལྡན་པ། སྤོས་རིན་པོ་ཆེ་རྣམ་པ་ཐ་དད་པའི་ཚོགས་ལས་སྙིམ་པས་བཅུས་ཤིང་སྤོས་ཀྱི་སྤྲིན་མངོན་པར་གཏོར་བ། རིན་པོ་ཆེའི་རྒྱལ་པོ་ཁ་དོག་དང་དྲི་བསམ་གྱིས་མི་ཁྱབ་པ་ལས་བྱུང་བའི་དབྱིབས་ཡིད་དུ་འོང་བ་སྣ་ཚོགས་དང་། སྤོས་ཐམས་ཅད་ཀྱི་ན་བུན་དང་སྤྲིན་འབྱུང་བ། གམ་ཡོ་ནས་ལྷ་རྫས་ཀྱི་སྤོས་དང་། བདུག་སྤོས་སྣ་ཚོགས་ཀྱིས་རབ་ཏུ་བདུགས་པ། ལྷ་རྫས་ལས་ཀྱང་འདས་པའི་སྟན་རེག་ན་བདེ་བ་ཁ་དོག་བཟང་པོ་དུ་མ་ཅན་ལེགས་པར་བཏིང་བ། ལྷ་རྫས་ཀྱི་རོལ་མོ་དང་གླུ་སྙན་པ་ཡིད་དུ་འོང་བ་བརྒྱ་སྟོང་དུ་མའི་སྒྲ་ཀུན་ནས་འབྱུང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཐེམ་སྐས་ཀྱི་ཕྲེང་བ་བ་དན་གྱིས་རྣམ་པར་ཀླུབས་པས། རབ་ཏུ་བརྒྱན་པའི་རྒྱན་དང་ལྡན་པ། རིན་པོ་ཆེའི་འབྲུའི་གཟུགས་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་རྣམ་པར་སྣང་བར་བྱེད་པའི་འོད་དང་ལྡན་པ་མངོན་པར་གྲུབ་སྟེ། དེ་ལ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ། གཟུགས་བཟང་བ་ཤིན་ཏུ་མཛེས་པ། བལྟ་ན་སྡུག་པ་ཁ་དོག་བཟང་པོ་
དམ་པ་རྒྱས་པ་དང་ལྡན་པ་མི་ཆེན་པོའི་མཚན་རྣམ་པར་དག་པ་རབ་ཏུ་ཐོབ་པ། རིན་པོ་ཆེ་རྣམ་པར་སྣང་བའི་ཅོད་པན་ཅན། རྡོ་རྗེ་མཐུ་བོ་ཆེ་ལྟར་མཁྲེགས་ཤིང་མི་ཤིགས་པའི་ལུས་དང་ལྡན་པ། རྩིབ་མའི་མཚམས་ཐགས་བཟང་ཞིང་བརྟན་པར་འབྲེལ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་བཟང་བ་ཀུན་ནས་བཟང་བ། ཀུན་ནས་མཛེས་པ་ཀུན་ནས་སྡུག་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཆེན་པོའི་རིགས་སུ་བྱུང་བ། ཡོ་བྱད་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ། ཆོས་ཀྱི་དབང་ཤིན་ཏུ་རྣམ་པར་དག་པ། རང་གི་སེམས་ལ་དབང་བསྒྱུར་བ། ཚིག་གི་དཀྱིལ་འཁོར་ཁ་མ་བབ་པ། མི་འཁྲུགས་པའི་ཡེ་ཤེས་དང་ལྡན་པ། ཆོས་ཀྱི་སྦྱོར་བ་མ་ནོར་བ་ཤིན་ཏུ་བརྟན་པར་བྱས་པ། ཡོན་ཏན་དང་ལེགས་པ་མཐའ་ཡས་པར་བརྗོད་དུ་ཡོད་པ་དེ་འདུག་པར་གྱུར་ཏོ། །རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་དེ་སེང་གེའི་ཁྲི་ཆེན་པོ་ལ་འདུག་པ་དང་། སྟེང་གི་སྤྱི་བོའི་ཐད་ཀའི་བར་སྣང་ལ་གདུགས་ཀྱི་དཀྱིལ་འཁོར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་རྣམ་པར་འབེལ་བའི་ཡུ་བ་ཅན་ནོར་བུ་རིན་པོ་ཆེ་དམ་པའི་མཛོད་ཀྱི་སྙིང་པོ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤར་བུ་བརྒྱ་སྟོང་ལེགས་པར་བྲེས་པ། རིན་པོ་ཆེ་དུ་མའི་འོད་འཕྲོ་བ། དཔལ་གྱི་གཟི་བརྗིད་རབ་ཏུ་འབར་བས་རྣམ་པར་བརྒྱན་པ། འཛམ་བུ་ཆུ་ཀླུང་གི་གསེར་འོད་འཚེར་ཞིང་གསལ་ལ་རྣམ་པར་དག་པས་བླ་ནས་བཀབ་པ། རིན་པོ་ཆེ་སྣ་ཚོགས་སྤ་བར་སྤེལ་བས་སྤྲས་པའི་གསེར་གྱི་དྲ་བས་ནང་ཤུན་གྱི་རྒྱན་བྱས་པ་མུ་ཏིག་སྣ་ཚོགས་ཀྱི་སེ་མོ་དོ་མངོན་པར་སྤྱངས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་ཀུན་ནས་བཀབ་པ། རིན་པོ་ཆེའི་དྲིལ་བུའི་དྲ་བ་ལས་གསེར་རིན་པོ་ཆེའི་དྲིལ་ཆེན་རིན་པོ་ཆེའི་ཆུན་པོའི་ལྡ་ལྡི་ལ་བརྒྱུས་པ་མངོན་པར་སྤྱངས་པ། ནོར་བུ་རིན་པོ་ཆེ་དམ་པའི་ཕྲེང་བ་ཀུན་ནས་མངོན་པར་སྤྱངས་པའི་རྒྱན་དང་ལྡན་པ། ལྷ་རྫས་ཀྱི་སྒྲ་ཡིད་དུ་འོང་བའི་གདངས་གྲགས་པར་འབྱུང་བ། སེམས་ཅན་ཐམས་ཅད་དགེ་བའི་ལས་ཀྱི་ལམ་ལ་བསྐུལ་བའི་དྲིལ་གྱི་སྒྲ་རྣམ་པར་
གྲག་པ་བྱུང་བར་གྱུར་ཏེ། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་དེ། རིན་པོ་ཆེའི་རྡུལ་ཡབ་ཀྱིས་མངོན་པར་གཡོབ་ཅིང་། ལྷའི་དབང་པོ་བརྒྱ་བྱིན་པས་ཀྱང་ལྷག་པར་གཟི་བརྗིད་རབ་ཏུ་འབར་བས་ཤིན་ཏུ་མཛེས་སོ། །དེ་སེང་གེའི་ཁྲི་དེ་ལ་འདུག་མ་ཐག་ཏུ་འགྲོ་བ་མང་པོ་དེ་དག་ཐམས་ཅད་མངོན་དུ་གྱུར་ཏེ། ཐལ་མོ་སྦྱར་ནས་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དེ་ནས་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་དེའི་དྲུང་དུ་སློང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྣ་ཚོགས་དངོས་པོ་སྣ་ཚོགས་ཡོངས་སུ་ལེན་པ་ཡོ་བྱད་སྣ་ཚོགས་ལ་མོས་པ། རིགས་སྣ་ཚོགས་དང་ལྡན་པ། འགྲོ་བའི་རྒྱུད་སྣ་ཚོགས་སུ་གཏོགས་པ། འདོད་པ་སྣ་ཚོགས་ཀྱི་སེམས་དང་ལྡན་པ། སྨོན་པ་དང་བསམ་པ་སྣ་ཚོགས་ཅན། ཕྱོགས་སྣ་ཚོགས་ནས་འདུས་པ། ཡུལ་གྱི་སྤྱོད་པ་སྣ་ཚོགས་ལ་གནས་པ། ལོངས་སྤྱོད་སྣ་ཚོགས་ལ་མངོན་པར་སྨོན་པའི་སེམས་དང་ལྡན་པ། བསམ་པ་དང་ཡོངས་སུ་རྟོག་པ་སྣ་ཚོགས་ཅན། མིའི་རིས་སྣ་ཚོགས་སུ་གཏོགས་པ། རིགས་ཀྱི་སྐྱེ་གནས་སྣ་ཚོགས་སུ་སྐྱེས་པ། ཡུལ་སྣ་ཚོགས་ནས་འོངས་པ། སྒྲ་སྐད་དང་ཚིག་གི་འདུ་བྱེད་སྣ་ཚོགས་དང་ལྡན་པ། དབྱངས་ཀྱི་དཀྱིལ་འཁོར་སྣ་ཚོགས་འབྱིན་པ་དངོས་པོ་སྣ་ཚོགས་ཀྱི་དོན་དུ་གསོལ་བ་འདེབས་པ། ཚིག་དང་ངག་སྣ་ཚོགས་བརྗོད་པ། བསོད་ནམས་ཀྱི་རི་རབ་ཆེན་པོ་དེ་འབའ་ཤིག་གི་གདོང་དུ་ལྟ་བ་འདི་འབའ་ཤིག་ཤེས་པའི་སྐྱེས་བུ་ཆེན་པོ་ཡིན་ཞེས་ངེས་པར་སེམས་པ། བསོད་ནམས་ཆེན་པོས་བརྟན་པའོ། །སྐྱེས་བུ་ཆེན་པོའི་ཟླ་བའོ། །གཏོང་བ་ཆེན་པོའི་བསམ་པ་དང་ལྡན་པའོ། །ཞེས་བྱ་བར་འདུན་པའི་སེམས་ཀྱིས་རྟོག་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སེམས་ཀྱིས་འདུས་པ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སེམས་ཀྱིས་སྤྲུལ་པའི་སློངས་མོ་བའི་ཚོགས་ཆེན་པོ་དེ་མཐོང་ནས། སློངས་མོ་བ་དེ་དག་ལ་སེམས་དགའ་བ་དང་སེམས་མོས་པ་དང་། སེམས་སྤྲོ་བ་དང་དགེ་བའི་བཤེས་གཉེན་མཐོང་བའི་འདུ་
ཤེས་སུ་གྱུར་ཏོ། །སྙིང་རྗེ་ཆེན་པོའི་ཤུགས་དྲག་པོ་ཤིན་ཏུ་ཡངས་པ་ཡང་བྱུང་བར་གྱུར་ཏོ། །ཕྱི་མའི་མཐའི་བསྐལ་པར་སློངས་མོ་བ་ཐམས་ཅད་ཡོངས་སུ་ཚིམ་པར་བྱ་བ་ལས་ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་ཤུགས་དྲག་པོ་ཡང་སྐྱེས་པར་གྱུར་ཏོ། །འགྲོ་བ་ཐམས་ཅད་དུ་སྙོམས་པའི་སྦྱོར་བས་ཡོངས་སུ་གཏོང་བའི་སེམས་ཀྱིས་རྒྱས་པར་དགང་བའི་སྤྲིན་ཀྱང་མངོན་པར་བྱུང་བར་གྱུར་ཏེ། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་དེས། སློངས་མོ་བ་དེ་དག་མཐོང་བའི་མོད་ལ་དེའི་རྒྱུས་ཆེས་དགའ་བར་གྱུར་གྱིས། བསྐལ་པས་མཚམས་མེད་པའི་མཐས་ཀླས་པར་སྟོང་གསུམ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པས་ནི་མ་ཡིན་ནོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་མཐས་ཀླས་པར་བརྒྱ་བྱིན་གྱི་དབང་ལ་གནས་པས་ནི་མ་ཡིན་ནོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་མཐས་ཀླས་པར་རབ་མཚེ་མའི་ལྷའི་རྒྱལ་པོའི་དབང་ལ་གནས་པ་ཐོབ་པས་ནི་མ་ཡིན་ནོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་མཐས་ཀླས་པར་རབ་དགའ་ལྡན་གྱི་ལྷའི་རྒྱལ་པོའི་དབང་ལ་གནས་པས་ནི་མ་ཡིན་ནོ། །བསྐལ་པ་ཚད་མེད་པའི་མཐས་ཀླས་པར་རབ་འཕྲུལ་དགའི་ལྷའི་རྒྱལ་པོའི་དབང་ཕྱུག་གི་དབང་ལ་གནས་པ་ཐོབ་པས་ནི་མ་ཡིན་ནོ། །བསྐལ་པ་བསམ་གྱིས་མི་ཁྱབ་པའི་མཐས་ཀླས་པར་དབང་བསྒྱུར་གྱི་ལྷའི་རྒྱལ་པོའི་དབང་རབ་ཏུ་ཐོབ་སྟེ། ལྷའི་བུ་མོ་བཞིན་བཟང་མོ་ཡིད་དུ་འོང་བས་བསྙེན་བཀུར་བས་ནི་མ་ཡིན་ནོ། །བསྐལ་པ་བརྗོད་དུ་མེད་པའི་མཐས་ཀླས་པར་ཚངས་པའི་གནས་ཀྱི་བདེ་བས་ཚངས་པའི་ཐབས་ལ་གནས་པ་ཐོབ་པས་ནི་མ་ཡིན་ནོ། །བསྐལ་པ་མཐའ་ཡས་པའི་མཐས་ཀླས་པར་གྱ་ནོམ་སྣང་བའི་ལྷའི་བདེ་བ་ཐོབ་པས་ནི་མ་ཡིན་ནོ། །བསྐལ་པ་དཔག་ཏུ་མེད་ཅིང་མི་ཟད་པར་དགེ་རྒྱས་ཀྱི་ལྷའི་བདེ་བ་ཐོབ་པས་ནི་མ་ཡིན་ནོ། །བསྐལ་པ་མུ་མེད་པའི་མཐས་ཀླས་པར་གནས་གཙང་མའི་ལྷའི་རྣམ་པར་ཐར་པ་ཞི་བའི་བདེ་བ་ལ་རྣམ་པར་སྤྱོད་པ་ཐོབ་པས་ནི་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་
སྲེད་པ་ལ་སྤྱོད་པ། ཕ་མ་དང་ཕུ་ནུ་དང་། བུ་སྲིང་དང་མཛའ་བོ་དང་། བློན་པོ་དང་། གཉེན་བཤེས་དང་། བུ་དང་བུ་མོ་དང་ཆུང་མ་དང་། ཡུན་རིང་པོ་ཞིག་ཏུ་བྲལ་ལ་འབྲོག་དགོན་པར་འཁྱམས་ཏེ། དེ་དག་མཐོང་བར་འདོད་འདོད་པ་ལས་དེ་དག་དང་ཕྲད་ན་དེ་དག་མཐོང་བས་མི་ངོམས་ཤིང་། དགའ་བ་དང་ཆགས་པ་ཆེན་པོ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པས། སློངས་མོ་པ་དེ་དག་མཐོང་བར་གྱུར་པའི་མོད་ལ་དགའ་བའི་ཤུགས་ཆེན་པོ་སྐྱེས་སོ། །སེམས་ཀྱི་དགའ་བའི་རོ་བདེ་བ་དང་ལྡན་པར་གྱུར་ཏོ། །སེམས་སྤྲོ་བའི་ཤུགས་རབ་ཏུ་བྱུང་ངོ་། །རབ་ཏུ་དགའ་བ་ཆེན་པོའི་ཤུགས་ཡོངས་སུ་སྐྱེས་སོ། །སངས་རྒྱས་ཀྱི་བྱང་ཆུབ་ཏུ་དད་པ་དང་། མོས་པའི་ཤུགས་ཀྱི་སྟོབས་ཆེན་པོ་འཕེལ་ཏོ། །ཐམས་ཅད་མཁྱེན་པ་ཉིད་དུ་རྩ་བ་བརྟན་པའི་དད་པ་རྣམ་པར་འཕེལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་ལྷག་པའི་བསམ་པ་རྣམ་པར་དག་པའི་སྟོབས་མངོན་པར་འཕེལ་ཏོ། །བྱང་ཆུབ་སེམས་དཔའི་དབང་པོ་ལས་སུ་རུང་བ་ཡོངས་སུ་བྱུང་ངོ་། །སེམས་དགའ་བས་རྒྱས་པས་མོས་པའི་ཤུགས་ཆེན་པོ་སྐྱེས་པར་གྱུར་ཏོ། །སེམས་སྤྲོ་བའི་ཤུགས་ཡངས་པས་དགེ་བའི་བཤེས་གཉེན་ལ་དབང་པོ་དང་། བསམ་པ་ཤིན་ཏུ་གུས་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་པ་ལ་བརྩོན་པ། ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་གཞོལ་བ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང་སྒོ་ལ་མངོན་དུ་བལྟས་པ། འགྲོ་བ་ཐམས་ཅད་ཤིན་ཏུ་ཚིམ་པར་བྱས་པའི་ཡིད་ལ་བྱ་བ་ལ་བརྩོན་པ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྒྱ་མཚོ་ལ་འཇུག་པའི་ནན་ཏན་ལ་འདུན་པ། བདུད་དང་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱི་རི་རྣམ་པར་འཐོར་བ་ལ་བརྩོན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདམས་ངག་མཐུན་པར་བླང་བ་ལ་སྟ་གོན་དུ་
གནས་པ། དགེ་བའི་རྩ་བ་རྒྱ་མཚོ་ཀུན་ནས། ཡོངས་སུ་བསྡུ་བ་ལ་བརྩོན་པའི་སྙིང་པོ་ཅན། མངོན་པར་ཞེན་པ་ཐམས་ཅད་ལས་གྱེན་དུ་འཕགས་པའི་རྒྱུད་དང་ལྡན་པ། འཇིག་རྟེན་གྱི་ཡུལ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ། ཆོས་ཀྱི་རང་བཞིན་ནམ་མཁའི་སྤྱོད་ཡུལ་ཅན། དེས་སློངས་མོ་བ་དེ་དག་ལ་བུ་གཅིག་པའི་འདུ་ཤེས་བསྐྱེད་པའི་ཕྱིར་རོ། །ཕ་དང་མའི་འདུ་ཤེས་དང་། སྦྱིན་པའི་གནས་ཀྱི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། དཀོན་པའི་འདུ་ཤེས་དང་། དཀའ་བ་བྱེད་པའི་འདུ་ཤེས་དང་། མང་པོ་བྱས་པའི་འདུ་ཤེས་དང་། ཕན་འདོགས་པ་དམ་པའི་འདུ་ཤེས་དང་། བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའི་འདུ་ཤེས་དང་། མཁན་པོའི་འདུ་ཤེས་དང་། སྟོན་པའི་འདུ་ཤེས་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་དེས་སློངས་མོ་བ་དེ་དག་དོན་ཅི་ལ་འོངས་པ་དང་། དོན་ཅི་ལ་ཕྱིན་པ་དང་། དུས་ཇི་ཙམ་ན་འདུས་པ་དང་། ཡུན་གང་དང་གང་ན་གནས་པ་དང་། དངོས་པོ་ཅི་དང་ཅི་སློང་བ་དང་། རྣམ་པ་གང་འདོད་པ་དང་། བསམ་པ་ཅི་འདྲ་བ་དང་། ཅི་དང་ཅི་ལ་སྨོན་པ་དང་། ཅི་དང་ཅི་འདོད་པ་དང་། དངོས་པོ་གང་དང་གང་ཚོལ་བ་དེ་དག་ཐམས་ཅད་ཚུལ་བཞིན་དུ་མི་དགའ་བ་མེད་པའི་བྱམས་པ་ཆེན་པོའི་དཀྱིལ་འཁོར་དང་། སློངས་མོ་པའི་འགྲོ་བ་ལས་ཕྱིན་ཕྱོགས་སུ་མ་བལྟས་པའི་གཏོང་བ་ཆེན་པོའི་འོད་གཟེར་དང་། སེམས་ཅན་ཐམས་ཅད་ལ་སྙོམས་པར་སྦྱོར་བའི་གཏོང་བའི་སྒོས་ཡོངས་སུ་ཚིམ་པར་བྱས་སོ། །དེས་ཟས་འདོད་པ་ལ་ནི་ཟས་བྱིན་ནོ། །སྐོམ་འདོད་པ་ལ་ནི་སྐོམ་བྱིན་ནོ། །གོས་འདོད་པ་ལ་ནི་གོས་བྱིན་ནོ། །མེ་ཏོག་འདོད་པ་ལ་ནི་མེ་ཏོག་བྱིན་ནོ། །དེ་བཞིན་དུ་སྤོས་དང་། བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེ་དང་། རྒྱན་དང་། སྟན་དང་། མལ་ཅ་དང་། ཁྱིམ་དང་། གཞལ་མེད་ཁང་དང་། གཙུག་ལག་ཁང་དང་། བཟའ་ཤིང་གི་ར་བ་དང་། ཀུན་དགའི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། རྟ་དང་གླང་པོ་ཆེ་དང་། ཤིང་
རྟ་དང་། རྐང་ཐང་དང་། དགལ་བ་དང་། ཁྱོགས་དང་། བཞོན་པ་དང་། གསེར་དང་། དབྱིག་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དག་ཀྱང་བྱིན་པར་གྱུར་ཏོ། །རང་གི་ཁྱིམ་དང་། གཞལ་མེད་ཁང་དང་། བཙུན་མོའི་འཁོར་དང་གཡོག་འཁོར་དང་། རྒྱལ་པོའི་མཛོད་ཐམས་ཅད་ཀྱང་ཕྱེ་སྟེ། བགོས་ནས་རབ་ཏུ་བཏང་བར་གྱུར་ཏེ། སུ་ཅི་འདོད་པ་དེ་དག་དེ་ཁྱེར་ཅིག་ཅེས་ནས། ཡུལ་འདོད་པ་དག་ཀྱང་ཡུལ་བྱིན་ནོ། །གྲོང་འདོད་པ་དག་ཀྱང་གྲོང་བྱིན་ནོ། །གྲོང་ཁྱེར་འདོད་པ་དག་ཀྱང་གྲོང་ཁྱེར་བྱིན་ཏེ། སེམས་ཅན་ཐམས་ཅད་ལ་སྙོམས་པར་ཞུགས་པ་དེས་སློངས་མོ་བ་དེ་དག་ཐམས་ཅད་ལ་ཅི་བདོག་པ་ཡོངས་སུ་བཏང་སྟེ། དངོས་པོ་ཐམས་ཅད་ཡོངས་སུ་བཏང་བས་མངོན་པར་སྡུད་དོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག་པ། དེའི་ཚེ་ཚོང་དཔོན་གྱི་བུ་མོ་རིན་ཆེན་འོད་ཅེས་བྱ་བ་བུ་མོ་དྲུག་ཅུའི་འཁོར་དང་ལྡན་པ། གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཁ་དོག་བཟང་པོའི་དམ་པ་རྒྱས་པ་དང་ལྡན་པ། མདོག་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པ། སྐྲ་མཐོན་ཏིང་དུ་འདུག་པ། མིག་དཀར་ནག་འབྱེས་པ། དྲི་ཞིམ་པོ་ཡིད་དུ་འོང་བ་དང་ལྡན་པ། ཚངས་པའི་དབྱངས་དང་ལྡན་པ། གོས་བཟང་བ། རྒྱན་གྱིས་ལེགས་པར་བརྒྱན་པ། དྲན་པ་དང་བློ་གྲོས་དང་། རིག་པ་དང་ཁྲེལ་ཡོད་པ། དགའ་བ་དང་ངོ་ཚ་ཤེས་པ་དང་། སྤྱོད་པ་དང་ཆ་ལུགས་ཕུན་སུམ་ཚོགས་པ། བླ་མ་ལ་སྲི་ཞུ་དང་ལྡན་པ། ཤེས་བཞིན་གྱི་དམ་པས་སྤྱོད་པ། བྱེད་དགུ་ཟབ་པ། ཆོས་བླང་བ་དང་། གཟུང་བ་དང་། ཁོང་དུ་ཆུད་པར་བྱ་བ་ལ་ཡིད་གཞུངས་པ་དང་ལྡན་པ། སྔོན་དགེ་བའི་རྩ་བ་ལ་ལེགས་པར་བྱས་པ། ཆོས་ཀྱིས་མངོན་པར་བརླན་པའི་སེམས་ཀྱི་རྒྱུད་རབ་ཏུ་དང་བ། དགེ་བའི་བསམ་པ་རྣམ་པར་དག་པ། མོས་པ་ཡངས་པ། ནམ་མཁའི་སྤྱོད་ཡུལ་ཅན། གཞན་ལ་ཕན་པར་དགའ་བའི་སེམས་དང་ལྡན་པ། སངས་རྒྱས་
ལྟ་བའི་ཕྱོགས་ལ་རྣམ་པར་བལྟས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངོན་པར་འདུན་པ་ཞིག་མཆོད་སྦྱིན་གྱི་ར་བ་ཆེན་པོ་དེར་འོངས་ཏེ། ཚོང་དཔོན་གྱི་བུ་མོ་རིན་ཆེན་འོད་ཅེས་བྱ་བ་དེ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པའི་སེང་གེའི་ཁྲི་ཆེན་པོའི་གཡས་རོལ་ཧ་ཅང་ཡང་མྱི་རིང་བ་ཞིག་ན་འདུག་འདུག་སྟེ། རྒྱལ་པོ་དེ་ལ་ཕྱག་འཚལ་བ་ལས་ཕར་ཅི་ལ་ཡང་ལེན་པ་མེད་དོ། །དེ་ཕྱོགས་གཅིག་ན་འདུག་ཅིང་སེམས་འདི་ལྟར་བསྐྱེད་པར་གྱུར་ཏེ། བདག་གིས་དགེ་བའི་བཤེས་གཉེན་འདི་ལྟ་བུ་མཐོང་ཞིང་འགྲོགས་སུ་ཡོད་པ་ནི་བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་པོ་སྙམ་སྟེ། དེས་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་དེ་ལ་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། སྟོན་པའི་འདུ་ཤེས་དང་། སྙིང་བརྩེ་བར་བྱེད་པའི་འདུ་ཤེས་དང་། ཕན་འདོགས་པའི་འདུ་ཤེས་དང་། སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་དེ། གཡོ་སྒྱུ་མེད་པའི་སེམས་ཀྱིས་དགའ་བ་དང་མོས་པ་དང་། སྤྲོ་བའི་ཤུགས་རབ་ཏུ་ཡངས་པ་ཐོབ་པས། རང་གི་རྒྱན་རྣམས་ལུས་ལས་བཀྲོལ་ཏེ། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་གང་ན་བ་དེར་མངོན་པར་བལྟས་ཏེ། གཏོར་བ་དང་དེ་དག་དེའི་སེང་གེའི་ཁྲིའི་འོག །ཁྲི་འཕང་གི་སའི་སྟེང་དུ་གྲམ་པར་གྱུར་ཏོ། །དེའི་རྒྱན་དེ་དག་དེ་ལྟར་གཏོར་ནས་སྨོན་ལམ་བཏབ་པ། ཇི་ལྟར་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་འདི་སེམས་ཅན་མགོན་མེད་ཅིང་མུན་པའི་ནང་ན་འཐོམས་པ་རྣམས་ཀྱི་མགོན་སྐྱབས་སུ་གྱུར་པ་དེ་ལྟར་བདག་ཀྱང་མ་འོངས་པའི་དུས་ན་འགྱུར་བར་ཤོག་ཤིག ། འདིས་ཆོས་གང་ཤེས་པ་དེ་དག་ཀྱང་བདག་གིས་ཀྱང་ཤེས་པར་ཤོག་ཤིག །འདི་ཐེག་པ་གང་གིས་འབྱུང་བ་དེས་བདག་ཀྱང་འབྱུང་བར་ཤོག་ཤིག །འདི་ལམ་གང་ནས་ཞུགས་པ་དེ་ནས་བདག་ཀྱང་འཇུག་པར་ཤོག་ཤིག །ཇི་ལྟར་འདི་གཟུགས་བལྟ་ན་བཏང་མི་བྲ་ལ་ཟད་མི་ཤེས་པའི་ལོངས་སྤྱོད་དང་ལྡན་ཏེ། གཡོག་འཁོར་མཐའ་ཡས་ལ་གཞན་
གྱིས་མི་ཐུབ་ཅིང་ཐུབ་པར་དཀའ་སྟེ། ཐུབ་པ་མེད་པ་དེ་བཞིན་བདག་ཀྱང་ཤོག་ཤིག །འདི་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་བདག་ཀྱང་སྐྱེ་བར་འགྱུར་བར་ཤོག་ཤིག །སྙམ་པ་དང་དེ་དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པ་ལ་བརྩོན་པ། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པས་ཤེས་ནས་དེ་ལ་བལྟས་ཏེ། འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ལ་ཅི་དགོས་པ་ཁྱེར་ཅིག །བུ་མོ་ང་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱ་བ་ལ་ཞུགས་པའོ། །དེ་སྐད་ཅེས་བྱས་པ་དང་། དེའི་ཡིད་ལ་ཡང་བདག་ནི་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པས་ཐུགས་སུ་ཆུད་པར་གྱུར་ཏོ། །སྙམ་ནས་དེ་བས་ཀྱང་མོས་པར་གྱུར་ཏོ། །དེ་དེ་ལྟར་མོས་པའི་སེམས་སུ་གྱུར་ཏེ། དགེ་བའི་རྩ་བ་ཡངས་ཤིང་རྒྱ་ཆེ་བའི་ཤུགས་ཡོངས་སུ་སྐྱེས་ནས་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་ལ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྔོན་ཅད་ས་ལས་རྣམ་བརྒྱན་སྤྲིན་འདི་ནི། །རྒྱལ་པོ་སེང་གེ་ཁྱོད་འཁྲུངས་མ་གྱུར་ཚེ། །མདངས་དཀར་མ་གྱུར་གཟི་བརྗིད་མ་མཆིས་ཏེ། །ཡི་དགས་འཇིགས་པའི་གནས་དང་ཅི་མི་འདྲ། །མི་དག་ཀུན་ཀྱང་སྲོག་གཅོད་མོས་པར་གྱུར། །མ་བྱིན་ལེན་ལ་ཚུལ་དང་སྦྱོར་མ་མཆིས། །བརྫུན་དུ་སྨྲ་ཞིང་བརླང་བའི་ཚིག་ཀྱང་བརྗོད། །ཕྲ་མ་ཁྱལ་བའི་ཚིག་ཀྱང་རབ་ཏུ་སྨྲ། །གཞན་གྱི་ནོར་ལ་ཆགས་པའི་སེམས་དང་ལྡན། །གང་ཟག་གཞན་ལ་ཀུན་ཀྱང་ངན་དུ་སེམས། །ལྟ་བའི་རྣམ་གནས་སྡིག་ཏོའི་སྤྱོད་ཡུལ་ཅན། །ལོག་པའི་སྦྱོར་བས་ངན་པའི་འགྲོ་བར་ལྷུང་། །ཆོས་ངན་ཆོས་ལ་སྤྱོད་པའི་མྱིའི་རྣམས། །མ་རིག་གཏི་མུག་མུན་པས་བསྒྲིབས་པ་དག །ལྟ་བ་ལོག་ཞུགས་ཕྱིན་ཅི་ལོག་མཐོང་བས། །དགུང་ལོ་མང་པོར་དགུང་ཆར་བབ་མ་གྱུར། །དགུང་ཆར་མ་བབ་ས་བོན་ཆབ་འཚལ་ཏེ། །ལོ་ཐོག་མི་འཁྲུངས་ཞུགས་ཤིང་འཁྲུངས་མ་གྱུར། །མཚོ་དང་ལུ་མ་ཆུ་བྲན་
རྒྱུད་ཀྱང་སྐམས། །ནགས་ཚལ་རྩི་ཤིང་ཀུན་ཀྱང་དེ་བཞིན་ཏེ། །རྣམ་དག་སྤྱན་ཁྱོད་འཁྲུངས་པར་མ་གྱུར་པས། །ཆབ་ཀླུང་ཀུན་ཀྱང་མ་ལུས་སྐམས་པར་གྱུར། །བཟའ་ཤིང་ར་བ་ཀུན་ཀྱང་རི་དགོན་འདྲ། །རུས་པ་དཀར་པོས་དོག་ས་གཏམས་པར་གྱུར། །གང་ཚེ་ཁྱོད་ལ་སློང་བ་མང་འདུས་ཏེ། །སློང་བ་ཐམས་ཅད་ཡོངས་སུ་ཚིམ་མཛད་ནས། །ཕྱོགས་བཞི་ཀུན་ནས་སྤྲིན་ཆེན་འདུས་པར་གྱུར། །ཐང་དང་གཤོང་རྣམས་ཀུན་ཀྱང་ངོམས་པར་བགྱིས། །སླན་ཅད་རྐུན་ཆོམ་གཡོན་ཅན་ཆད་པར་གྱུར། །དགུམ་པ་མ་མཆིས་སུ་འང་གཟུང་མ་མཆིས། །མགོན་མེད་གང་ཡང་འགུམ་པར་མི་འགྱུར་ཏེ། །ཁྱོད་ནི་འགྲོ་བ་མགོན་མེད་ཀུན་གྱི་སྐྱབས། །སྲོག་གཅོད་པ་ལ་མངོན་པར་མོས་པའི་མྱི། །གཞན་རྣམས་བཀུམ་ཞིང་དེ་ཡི་ཁྲག་འཚལ་ལ། །གཅིག་ལ་གཅིག་གི་ཤ་འཚལ་གྱུར་པ་དག །ཁྱོད་ཀྱི་སྦྱིན་པ་ཆེན་པོས་བྱམས་སེམས་གྱུར། །བརྒྱ་སྟོང་གྲངས་སུ་འགྲངས་པར་གྱུར་པ་ལས། །དེ་ཚེ་འགའ་ཞིག་རད་པ་འཚལ་གྱུར་གྱིས། །གཞན་ནི་རྩྭ་དང་ལོ་མ་ར་ད་འཚལ། །དེ་ཚེ་ཀུན་ཀྱང་ཡི་དགས་བཀྲེས་མནར་བཞིན། །འགྲོ་བ་མགོན་མེད་མགོན་དུ་ཁྱོད་འཁྲུངས་ནས། །ས་བོན་མ་བཏབ་མ་རྨོས་འབྲས་ཀྱང་བྱུང་། །དཔག་བསམ་ཤིང་ལས་མཛོད་རྣམས་རྣམ་པར་འཐོན། །སྐྱེས་པ་བུད་མྱེད་མཁས་པ་གདའ་བར་གྱུར། །ཟླ་བ་ཟླ་ཕྱེད་དོན་དུ་སྔོན་ཅད་ནི། །ལམ་ནོར་གནས་པ་སྩོགས་ཤིང་སྲི་ཞུར་བགྱིད། །དེང་སང་རད་པ་རབ་འཚལ་རྒྱན་མང་ལྡན། །དགའ་བའི་གནས་ན་རྩེ་བའི་ལྷ་ཡང་འདྲ། ། སླན་ཆད་ལོག་པ་རྣམས་ལ་མི་ཟད་ཞུགས། །ཆོས་ངན་འདོད་ཆགས་མྱི་རྣམས་ཞེན་ཅིང་ཆགས། །ན་ཆུང་གཞོན་ནུ་གཞན་གྱིས་བསྲུངས་པ་རྣམས། །ནན་གྱིས་ཕྲོགས་རློམ་ཆབ་འཚལ་མ་རུངས་བགྱིས། །ལྷ་མོ་བཟང་མོའི་ཁ་དོག་གཟུགས་ལྡན་པ། །གོས་བཟང་རྒྱན་ལྡན་དེང་སང་མཐོང་གྱུར་ཏེ། །གཞན་གྱི་བུད་མེད་སྤོས་དྲི་གདའ་མཆིས་ཀྱང་། །དགའ་ལྡན་ཇི་བཞིན་མཆིས་འབྲང་
རྒྱན་གྱིས་འཚལ། །ཤོ་བེ་བརླང་བ་ཕྲ་མ་ཀྱལ་པ་རྣམས། །སྔན་ཅད་གཡོ་སྒྱུའི་དབང་གིས་ངག་ཏུ་བརྗོད། །དེང་སང་ཚིག་གི་ནོངས་པ་བཞི་སྤངས་ཤིང་། །ལྟ་བ་ངན་སྤངས་ཆོས་ལ་ཀུན་ཀྱང་སྤྱོད། །ཚངས་དབྱངས་ཀ་ལ་པིང་ཀའི་སྒྲར་འབྱུང་བའི། །ཁྱོད་ཀྱི་གསུང་མཆོག་འདི་ཡི་ཆ་ཤས་ལའང་། །རོལ་མོ་སྒྲ་དབྱངས་ཤིན་ཏུ་སྙན་པ་དང་། །ལྷ་རྫས་གླུ་དབྱངས་འདི་དག་ཉེར་མྱི་འགྱུར། །ཁྱོད་ཀྱི་སྤྱི་གཙུག་དབུ་སྟེང་གདུགས་ལྡིང་བ། །རིན་ཆེན་རྒྱུས་བགྱིས་གསེར་གྱི་དྲ་བས་བཀབ། །དཔལ་གྱི་སྙིང་མཛོད་ཡུ་བ་བཻ་དཱུ་རྱ། །ཀུན་ནས་རིན་ཆེན་མཆོག་གི་དྲིལ་གྱིས་འཁོར། །དྲིལ་ལས་བྱུང་བའི་སྒྲས་ཀྱང་མ་ལུས་པའི། །འཇིག་རྟེན་སྒྲ་དབྱངས་མ་ལུས་ཟིལ་མནན་ཅིང་། །སངས་རྒྱས་གསུང་གི་ཡན་ལག་འདྲ་བར་འཁྲོལ། །དམ་པའི་ཆོས་ཀྱི་སྒྲ་དབྱངས་ཞི་བ་སྒྲོག །དེ་ཐོས་སེམས་ཅན་ཉོན་མོངས་ཞི་བར་བགྱིད། །མ་ལུས་ཕྱོགས་ཀྱི་ཞིང་རྣམས་བརྒྱུད་པ་ཡི། །བསྐལ་པ་རྒྱ་མཚོའི་བདེ་གཤེགས་རྒྱ་མཚོ་དང་། །བློ་ལྡན་རྒྱ་མཚོའི་མཚན་གྱི་འཁོར་ལོ་རྣམས། །སྔོན་མཐའི་ཞིང་རྣམས་གཅིག་ནས་གཅིག་བརྒྱུད་དུ། །གང་མཚན་གང་དང་གང་ལགས་རིམ་བཞིན་དང་། །མ་ལུས་ཕྱོགས་སུ་དམ་ཆོས་འཁོར་ལོ་ཡང་། །ཁྱོད་ཀྱི་བྱིན་གྱིས་དྲིལ་རྣམས་རབ་ཏུ་སྒྲོག །ཁྱོད་ཀྱི་དྲིལ་སྒྲ་ཐོགས་པ་མ་མཆིས་པར། །ཚངས་དབང་ལྷ་དབང་འགྲོ་བའི་བདག་པོ་རྣམས། །རང་རང་ལས་ཀྱི་ཚུལ་ནི་ཀུན་བརྗོད་ཅིང་། །འཛམ་བུའི་རྒྱལ་མཚན་ཁྱབ་པར་ཀུན་ཏུ་སྒྲོག །དྲིལ་གྱི་སྒྲ་ལས་ལྷ་དང་མི་རྣམས་ཀྱིས། །རང་རང་ལས་ཀྱི་ཚུལ་རྒྱུད་ཐོས་གྱུར་ནས། །སྡིག་ཏོ་རྣམས་སྤངས་དགེ་བ་སྤྱོད་པར་གྱུར། །སངས་རྒྱས་བྱང་ཆུབ་མཆོག་ལ་ཀུན་ཀྱང་གནས། །ཁྱོད་ཀྱི་ཡབ་ནི་མི་བདག་སྐར་མའི་འོད། །དེ་ཡི་བཙུན་མོ་པདྨོ་ཁྱོད་ཀྱི་ཡུམ། །རྙོག་པ་ལྔ་རྣམས་ཤིན་ཏུ་རྒྱས་གྱུར་དུ། །ཆོས་འགྲིབ་རྒྱལ་སྲིད་དེས་ནི་བཞེས་
པར་གྱུར། །དེ་ཡི་བཟའ་ཤིང་ར་བ་ཡངས་བྱུང་བ། །མེ་ཏོག་རྒྱས་བརྒྱན་རིན་ཆེན་སྒྲོན་མ་སྟེ། །ཤིང་མང་བརྒྱས་བསྐོར་རྫིང་བུ་ལྔ་བརྒྱ་ཡིས། །དེ་ནི་ཤིན་ཏུ་བརྒྱན་པ་བྱུང་བར་གྱུར། །དེ་དག་སོ་སོ་རེ་རེའི་ངོགས་སུ་ཡང་། །ཀ་བ་སྟོང་ལྡན་གཞལ་མེད་ཁང་བཟངས་བྱུང་། །སྟེགས་བུ་བཟང་པོ་སྣ་ཚོགས་སྟོང་གིས་བརྒྱན། །ཟླ་གམ་དྲ་བས་ཀུན་ནས་མཛེས་པར་བགྱིས། །ཆོས་ངན་སྟོབས་ནི་རབ་ཏུ་འཕེལ་གྱུར་པས། །དགུང་ལོ་མང་པོར་དགུང་ཆར་བབ་མ་གྱུར། །རྫིང་བུ་ཀུན་གྱི་ཆབ་དང་ཞུགས་ཤིང་རྣམས། །དེ་ཚེ་ལོ་མ་མདོག་དང་བཅས་ཏེ་སྐམས། །དགུང་བདུན་ན་ནི་ཁྱོད་བལྟམ་གྱུར་པའི་ཚེ། །དེ་ཚེ་ངོ་མཚར་རྨད་བྱུང་ལྟས་བྱུང་སྟེ། །དེ་དག་མཐོང་ནས་སེམས་ཅན་ངེས་རྟོགས་པར། །བདག་ཅག་སྐྱོབ་པ་ངེས་པར་འབྱུང་ཞེས་མཆིས། །དགུང་གི་གུང་ལ་བབ་ནས་རྣམ་དྲུག་ཏུ། །ཁམས་ཀྱི་དོག་ས་ཡོངས་སུ་གཡོས་པར་གྱུར། །མ་སྨད་ཤིན་ཏུ་བཟང་བའི་རྫིང་དེ་ཡི། །དབུས་སུ་གདུགས་དང་མཉམ་པའི་འོད་ཅིག་བྱུང་། །ཆབ་བཟང་ཡན་ལག་བརྒྱད་ལྡན་རྒྱས་པར་གྱུར། །རྫིང་བུ་ལྔ་བརྒྱ་ཀུན་ཀྱང་དེ་བཞིན་ཏེ། །ཞུགས་ཤིང་ཀུན་ཀྱང་ལོ་མ་འཁྲུངས་པར་གྱུར། །མེ་ཏོག་འབྲས་བུ་ཁ་དོག་མདོག་དང་ལྡན། །རྫིང་བུ་དེ་རྣམས་ཆབ་ཀྱིས་བལྟམ་གྱུར་པས། །ནགས་ཚལ་མ་ལུས་དེ་དག་ངོམས་པར་བགྱིས། །ཆབ་ཆེན་དེ་ལས་བྱུང་བའི་རྒྱུད་འཕྲོས་པས། །འཛམ་བུའི་རྒྱལ་མཚན་ཆབ་ཀྱིས་བལྟམ་པར་གྱུར། །ཞུགས་ཤིང་སྨན་དང་ལོ་ཐོག་ལྡུམ་བུ་ཡང་། །འཁྲུངས་གྱུར་ཞུགས་ཤིང་མེ་ཏོག་འབྲས་བུ་རྒྱས། །དོག་སའི་སྟེང་ན་མཆིས་དགུའི་ས་བོན་རྣམས། །ཀུན་ཀྱང་ཆབ་ཀྱིས་བརླན་པས་རྣམ་པར་འཁྲུངས། །ཆབ་ཀྱིས་བངས་གྱུར་དོག་སའི་ཕྱོགས་རྣམས་ཀྱང་། །དེ་ཚེ་ཐམས་ཅད་རབ་ཏུ་མཉམ་པར་གྱུར། །སྒང་གཤོང་དོག་སའི་ཕྱོགས་རྣམས་ཇི་སྙེད་པ། །དེ་དག་ཀུན་ཀྱང་དེ་ཚེ་མཉམ་པར་གྱུར། །གཡང་ས་གྲོག་པོ་མི་བདེ་ཕྱོགས་ཀྱི་རྣམས། །དེ་ཚེ་ཡུད་ཀྱིས་ཀུན་ཀྱང་མཉམ་པར་གྱུར། །ཚེར་མ་གསེག་མ་ལ་སྩོགས་མ་མཆིས་
གྱུར། །རིན་ཆེན་བཟང་པོའི་འབྱུང་གནས་ཡོངས་སུ་འཐོན། །སྐྱེས་པ་བུད་མེད་ཚོགས་རྣམས་དགའ་བར་གྱུར། །སྐོམ་པས་གདུངས་པ་ཀུན་ཀྱང་ཆབ་ལ་འཚལ། །ཀྱེ་མ་དེ་རིང་བདེ་ན་སུ་མཐུ་ཤེས། །སྙན་པར་བརྗོད་པ་དེ་སྐད་ཆེད་ཏུ་བརྗོད། །དོག་སའི་མངའ་བདག་སྐར་འོད་སྲས་དང་བཅས། །སྲས་མོ་བློན་པོའི་ཚོགས་བཅས་དེ་ཡི་ཚེ། །སྐྱེ་བོ་བྱེ་བ་སྟོང་གིས་ཡོངས་བསྐོར་ཏེ། །བཟའ་ཤིང་ར་བར་དགྱེས་པར་གཤེགས་པ་མཛད། །མདངས་དགའ་རྫིང་ཆེན་ཡོངས་སུ་མ་སྨད་པ། །སྤོས་ཆུས་བལྟམས་པ་དབུས་ན་མཆིས་གྱུར་པའི། །དེ་ཡི་དབུས་སུ་ཆོས་སྟེགས་བཟང་པོ་ཡི། །ཕོ་བྲང་སྟེང་གཤེགས་བཙུན་མོ་བཅས་པར་བཞུགས། །དགུང་བདུན་ལོན་པར་གྱུར་ནས་དེ་ཡི་ཆབ། །དགུང་གི་གུང་ལ་གྱེན་དུ་ལུད་པར་གྱུར། །རི་དང་གཞལ་མེད་ཁང་གི་ཕྲེང་བཅས་པའི། །དོག་སའང་དེ་ཚེ་ཡོངས་སུ་གཡོས་པར་གྱུར། །ཡོངས་སུ་མ་སྨད་དེ་ཡི་དབུས་ནས་ཀྱང་། །པདྨོ་ཆེན་པོ་ལོ་མ་སྟོང་ལྡན་འཁྲུངས། །གདུགས་སྟོང་མདོག་གསལ་སྤྲིན་གྱི་དྲ་བ་ཅན། །རི་རབ་རྩེ་མོ་མན་ཅད་འོད་ཀྱིས་འགེངས། །ཆུ་བ་རྡོ་རྗེ་ནང་རིམ་དྲི་གདའ་སྟེ། །རིན་ཆེན་དབང་པོའི་ལོ་མ་རྣམ་དག་ཡངས། །འཛམ་བུ་ཆུ་ཀླུང་གསེར་བཟང་སྙིང་པོ་ཅན། །ཟེ་བ་སྤོས་རབ་འབར་བ་ཕུན་སུམ་ཚོགས། །མགོན་པོ་ཁྱོད་ནི་དེ་ཡི་སྙིང་པོ་ལས། །སྐྱིལ་མོ་ཀྲུང་བཅས་སྐུ་ནི་བྱུང་བར་གྱུར། །མཚན་གྱིས་རྣམ་བརྒྱན་ཡན་ལག་ཤིན་ཏུ་མཛེས། །ལྷ་མང་བརྒྱས་ཀྱང་མངོན་པར་མཆོད་པ་བགྱིས། །རྒྱལ་པོ་ཕོ་བྲང་སྟེང་ནས་ཤོད་གཤེགས་ཏེ། །ཕྱག་གཉིས་བརྐྱང་སྟེ་ལེགས་པར་ཁྱོད་བླངས་ནས། །བཙུན་མོའི་མགོ་ལ་བཞག་སྟེ་འདི་སྐད་གསུངས། །ཁྱོད་ཀྱི་བུ་འདི་ཡིན་གྱིས་དགར་གྱིས་ཤིག ། འཇིག་རྟེན་མགོན་ཁྱོད་དེ་ལྟར་བལྟམས་གྱུར་ཚེ། །བྱེ་བའི་གཏེར་རྣམས་རབ་ཏུ་འཐོན་པར་གྱུར། །ཞུགས་ཤིང་ཀུན་ཀྱང་མངོན་པར་ཁ་འབུས་ཏེ། །སྟེང་གི་མཁའ་ལས་རོལ་མོའི་སྒྲ་ཡང་བྱུང་། །
འཛམ་བུ་རྒྱལ་མཚན་སེམས་ཅན་ཐམས་ཅད་ཀྱང་། །ཁྱོད་ལ་མངོན་ལྟ་བཏུད་ཅིང་ཕྱག་ཀྱང་འཚལ། །ཐལ་མོ་སྦྱར་ཅིང་ཀྱེ་མ་མགོན་མེད་པའི། །མགོན་ཞིག་བྱུང་ཞེས་དགའ་བའི་ཚིག་ཀྱང་བརྗོད། །ཁྱོད་ཀྱི་སྐུ་ལས་འོད་གཟེར་མང་བྱུང་བས། །དོག་ས་ཀུན་ཏུ་རབ་ཏུ་སྣང་བར་གྱུར། །འགྲོ་བའི་མུན་པ་ཀུན་ཀྱང་རྣམ་བསྩལ་ནས། །ནད་མང་མ་ལུས་རབ་ཏུ་ཞི་བར་གྱུར། །གནོད་སྦྱིན་གྲུལ་བུམ་ཤ་ཟ་མང་པོའི་ཚོགས། །རྣམ་པར་འཚེ་བ་དེ་དག་བསྩལ་བར་གྱུར། །ཤིན་ཏུ་གདུག་པས་སེམས་ཅན་འགུམ་པ་ཡི། །སྦྲུལ་གདུག་ཀུན་ཀྱང་དེ་ཚེ་ཡོངས་མི་རྒྱུ། །ཐོབ་མེད་སྨད་པ་མི་སྙན་སྡུག་བསྔལ་དང་། །ནད་རླུང་ནད་མང་གནོད་པར་འཚེ་བ་དག །མདོར་བསྡུ་ཀུན་ཀྱང་ཞི་ཞིང་མ་མཆིས་གྱུར། །འཇིག་རྟེན་ཀུན་ཏུ་རབ་དགའ་བྱུང་བར་གྱུར། །ཕན་ཚུན་མ་དང་འདྲ་བའི་འདུ་ཤེས་ཀྱིས། །ཁོང་ནས་བྱམས་པར་དེ་ཚེ་འགྲོ་ཀུན་གྱུར། །ཤར་གཉེར་སེམས་བྲལ་འཚེ་བ་མ་མཆིས་ཏེ། །ཐམས་ཅད་མཁྱེན་ལམ་ནན་ཏན་ལྡན་པར་གྱུར། །ངན་སོང་རྒྱུད་རྣམས་རྣམ་པར་རབ་ཏུ་བཟློག །མཐོ་རིས་ལམ་ཆེན་ཀུན་ཀྱང་བཏོད་པར་གྱུར། །ཐམས་ཅད་མཁྱེན་པའི་ལམ་ཡང་ཤིན་ཏུ་བསྟན། །དེ་ལྟར་ཁྱོད་ཀྱིས་འགྲོ་དོན་ཡངས་པ་མཛད། །རྒྱ་མཚོ་ཆེ་འདྲ་ཡོངས་སུ་གཏོང་མཛད་པ། །ཁྱོད་མཐོང་བདག་ནི་ཐོབ་པ་དམ་པ་ཐོབ། །ཡུན་རིང་འཁྱམས་པའི་འགྲོ་བ་མགོན་བྲལ་དུ། །ཁྱོད་ནི་རྨད་དུ་བྱུང་བའི་མགོན་ཞིག་གཤེགས། །དེ་ནས་ཚོང་དཔོན་གྱི་བུ་མོ་རིན་ཆེན་འོད་ཀྱིས་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དེ། སྙན་པར་བཀུར་ནས་རབ་ཏུ་བསྔགས་ཏེ། ལན་བརྒྱ་ཕྲག་སྟོང་དུ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་གུས་པའི་ཚུལ་གྱིས་འདུག་གོ །དེ་ནས་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པས། ཚོང་དཔོན་གྱི་བུ་མོ་རིན་ཆེན་འོད་ལ་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ། །བུ་མོ་དེ་ལྟར་ཁྱོད་སེམས་ཅན་ཕ་རོལ་གྱི་ཡོན་
ཏན་གྱི་ཁྱད་པར་ཤེས་པའི་མངོན་པར་ཤེས་པ་ལ་ཞུགས་པ་ལེགས་སོ་ལེགས་སོ། །བུ་མོ་འཇིག་རྟེན་ཐམས་ཅད་ནའང་སེམས་ཅན་གང་སེམས་ཅན་ཕ་རོལ་གྱི་ཡོན་ཏན་ལ་མོས་པ་དེ་ལྟ་བུ་ནི་དཀོན་ཏེ། བུ་མོ་སེམས་ཅན་མུན་པས་བསྒྲིབས་པས་ཕན་བཏགས་པ་ལ་དྲིན་དུ་མི་གཟོ་བའི། བློ་ཕྱིན་ཅི་ལོག་ལ་ཞུགས་པ་སེམས་འཁྲུགས་པར་གྱུར་པ། རྒྱུད་འཛིངས་པར་གྱུར་པ། མུན་པའི་སེམས་དང་ལྡན་པ། བསམ་པ་ངང་གིས་ལོག་པ། ནན་ཏན་དང་མྱི་ལྡན་པ། སེམས་ཅན་ཕ་རོལ་གྱི་ཡོན་ཏན་གྱི་ཁྱད་པར་མངོན་པར་མི་ཤེས་པ་རྣམས་ཀྱིས་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་འཇུག་པར་བྱ་བའམ། དེ་བཞིན་གཤེགས་པའི་ཡོན་ཏན་ལ་བརྟག་པར་བྱ་བའམ། ཡོན་ཏན་ཐམས་ཅད་ཤེས་པའི་ཁྱད་པར་མངོན་པར་ཤེས་པ་ཐོབ་པར་བྱ་བར་མི་ནུས་སོ། །བུ་མོ་དེ་ལྟར་ཁྱོད་སེམས་ཅན་ཆེན་པོ་མངོན་པར་ཤེས་པས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ལ་འཇུག་པ་ནི་གདོན་མི་ཟ་བར་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པའོ། །དེ་ལྟར་ངའི་ཁམས་སུ་ཁྱོད་ལྟ་བུ་ཡེ་ཤེས་དེ་འདྲ་བ་དང་ལྡན་པ་སྐྱེས་པ་ནི། འཛམ་བུའི་གླིང་དུ་ངས་སེམས་ཅན་ཡོངས་སུ་བསྡུས་པའི་མཐུ་དོན་ཡོད་དོ། །དེ་ནས་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པས། ནོར་བུ་རིན་པོ་ཆེ་ཆེན་པོ་རིན་ཐང་མེད་པ་དང་། ནོར་བུ་རིན་པོ་ཆེ་སྐར་མའི་འོད་སྣ་ཚོགས་དང་། གོས་རིན་པོ་ཆེ་རིན་ཐང་མེད་པ་བདག་གིས་ལག་བདར་ཏེ་བླངས་ནས། ཚོང་དཔོན་གྱི་བུ་མོ་རིན་ཆེན་འོད་ལ་བྱིན་ནོ། །དེའི་འཁོར་གྱི་བུ་མོ་ཐམས་ཅད་ཀྱང་གོས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁྱེད་པར་བྱིན་ནས་འདི་སྐད་ཅེས་སྨྲས་སོ། །བུ་མོ་གོས་རིན་པོ་ཆེ་འདི་ཁྱེར་ལ་བདག་གིས་ཡོངས་སུ་སྤྱད་པར་གྱིས་ཤིག་དེ་ནས་ཚོང་དཔོན་གྱི་བུ་མོ་རིན་ཆེན་འོད་འཁོར་དང་བཅས་པས་པུས་མོ་གཉིས་ས་ལ་ཕབ་སྟེ། གོས་རིན་པོ་ཆེ་དེ་དག་ལག་པ་གཉིས་ཀྱིས་བླངས་ནས་སྤྱི་བོ་ལ་བླངས་ཏེ། ཕྱིར་ཕྱུང་ནས་གོས་རིན་པོ་ཆེ་དེ་དག་བགོས་སོ། །དེའི་འཁོར་གྱི་བུ་མོ་ཐམས་ཅད་ཀྱིས་ཀྱང་སོ་སོ་ནས་
རང་རང་གི་གོས་རིན་པོ་ཆེ་དེ་དག་བགོས་ནས། དེས་གོས་རིན་པོ་ཆེ་དེ་དག་བགོས་པའི་འོག་ཏུ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་ལ་བདག་གི་འཁོར་བུ་མོ་དེ་དག་དང་བཅས་པས་གཡས་ཕྱོགས་སུ་བསྐོར་བ་བྱས་སོ། །དེ་དག་ཐམས་ཅད་ཀྱི་གོས་རིན་པོ་ཆེ་དེ་དག་ལ་རྒྱུ་སྐར་དང་སྐར་མ་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བར་གྱུར་ཏེ། དེ་དག་མཐོང་ནས་འགྲོ་བའི་ཚོགས་མང་པོ་འདི་སྐད་ཅེས་འཛེར་ཏེ། བུ་མོ་ཁྱོད་ཀྱི་འཁོར་བུ་མོ་འདི་དག་ནི་མཚན་མོའི་ལྷ་མོ་སྐར་མའི་ཚོགས་ཀྱིས་བརྒྱན་པ་ལྟར་ཤིན་ཏུ་མཛེས་པ་སྟེ། ཁྱོད་དེ་དག་གིས་བསྐོར་བས་གྱ་ནོམ་པར་མཛེས་སོ། །དེ་ནས་མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན། དེ་ལྟར་མྱི་བལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འདི་ནི། དེའི་ཚེ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྐར་མའི་འོད་ཀྱི་བཙུན་མོ་པདྨོའི་འོད་ཅེས་བྱ་བ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པའི་ཡུམ་དུ་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ཡང་དེ་ལྟར་མྱི་བལྟ་སྟེ། ལྷ་མོ་སྒྱུ་མ་འདི་ནི་དེའི་ཚེ་རྒྱལ་པོ་བཙུན་མོ་པདྨོའི་འོད་ཅེས་བྱ་བར་གྱུར་ཏེ། རྫུས་ཏེ་བྱུང་བའི་གཞོན་ནུ་ཐུ་བར་ལེན་ལེན་པའོ། །ཡང་རིགས་ཀྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྐར་མའི་འོད་ཅེས་བྱ་བ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པའི་ཡབ་དུ་གྱུར་པ། དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ནའང་། དེ་ལྟར་མྱི་བལྟ་སྟེ། རྒྱལ་པོ་ཟས་གཙང་མ་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྐར་མའི་འོད་ཅེས་བྱ་བར་གྱུར་ཏོ། །
ཡང་རིགས་ཀྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་མོ་རིན་ཆེན་འོད་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ནའང་དེ་ལྟར་མྱི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་མོ་རིན་ཆེན་འོད་ཅེས་བྱ་བར་གྱུར་ཏོ། །ཡང་རིགས་ཀྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་སེམས་ཅན་འཛམ་བུའི་གླིང་དེར་སྐྱེས་ཤིང་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོག་པས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་བསྡུས་པ་དེ་དག་གཞན་དག་ཅིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མྱི་བལྟ་སྟེ། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་འདི་ཉིད་དུ་འདུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་བཀོད་དེ། ལ་ལ་ནི་ས་དང་པོ་ལ་བཀོད། ལ་ལ་ནི་ས་གཉིས་པ། ལ་ལ་ནི་ས་གསུམ་པ། ལ་ལ་ནི་ས་བཞི་པ། ལ་ལ་ནི་ས་ལྔ་པ། ལ་ལ་ནི་ས་དྲུག་པ། ལ་ལ་ནི་ས་བདུན་པ། ལ་ལ་ནི་ས་བརྒྱད་པ། ལ་ལ་ནི་ས་དགུ་པ། ལ་ལ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་བཀོད་པར་གྱུར་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་སྣ་ཚོགས་རྣམ་པ་ཐ་དད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པ་སྣ་ཚོགས་དང་། ཚོགས་སྣ་ཚོགས་དང་། ཡང་དག་པར་བསྒྲུབ་པ་སྣ་ཚོགས་དང་། སྤྱོད་པ་སྣ་ཚོགས་དང་། འབྱུང་བ་སྣ་ཚོགས་དང་། ལམ་གྱི་རྒྱན་རྣམ་པར་དག་པ་སྣ་ཚོགས་དང་། རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བ་སྣ་ཚོགས་དང་། ལམ་གྱི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བྱུང་སྟེ། རྣམ་པར་ཐར་པ་ལ་རྣམ་པར་སྤྱོད་པ་སྣ་ཚོགས་ཀྱིས་འཁོར་གྱི་དཀྱིལ་འཁོར་འདི་ན་ཆོས་ཀྱི་གཞལ་མེད་ཁང་སྣ་ཚོགས་ན་རྣམ་པར་སྤྱོད་པས་འཁོད་ཅིང་རྣམ་པར་སྤྱོད་པ་འདི་དག་ཡིན་ནོ། །དེ་ནས་མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པས་དེའི་ཚེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བའི་འོད་སྤྲོ་བ་ཡངས་པ་ཡང་དག་པར་འབྱུང་བ་འདི་ཉིད་བརྣན་ཏེ་བསྟན་པའི་ཕྱིར་ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་བའི་
སྲས་པོ་ཁོ་མོའི་མྱིག་ཡངས་ཏེ། །ཕྱོགས་ཀུན་ཞིང་མང་རྒྱ་མཚོ་སྣ་ཚོགས་ཀྱི། །སེམས་ཅན་རྒྱ་ཆེན་གང་ཆེན་མཚོ་ཡི་རྣམས། །འཁོར་བར་གྱུར་ཚེ་ཀུན་ལ་རྣམ་པར་བལྟ། །འབྱམ་ཀླས་ཞིང་རྣམས་ཀུན་ན་བཞུགས་པ་ཡི། །རྒྱལ་བ་བྱང་ཆུབ་ཤིང་གི་དྲུང་བཞུགས་པ། །རྡུལ་མེད་ཀུན་ཀྱང་ཕྱོགས་བཅུ་རྒྱས་བཀང་སྟེ། །ཆོས་སྒྲོག་རྟག་པར་འགྲོ་འདུལ་མཐོང་བར་བྱེད། །ཁོ་མོའི་རྣ་བ་རྒྱ་མཚོ་ཡོངས་སུ་དག །སྒྲ་རྣམས་མ་ལུས་ཐམས་ཅད་དེས་ཐོས་ཏེ། །བདེ་བར་གཤེགས་པས་ཆོས་གསུངས་མ་ལུས་པར། །ཐམས་ཅད་དགའ་བས་ཡང་དང་ཡང་དུ་ཐོས། །ཁོ་མོའི་ཡེ་ཤེས་གཉིས་མེད་ཆགས་པ་མེད། །སེམས་ཅན་གཞན་གྱི་སེམས་ཀྱི་ཡུལ་ལ་འཇུག །འགྲོ་བའི་སེམས་ཀྱི་རྒྱ་མཚོ་ཡངས་པ་རྣམས། །མ་ལུས་ཀུན་ལ་མཚན་ཉིད་དངོས་ཀྱིས་འཇུག །སྔོན་གྱི་མཐའ་དྲན་ཏིང་ངེ་འཛིན་སྟོབས་ཀྱིས། །བསྐལ་པའི་རྒྱ་མཚོ་ཚད་མེད་ཁོ་མོས་ཤེས། །ཚེ་རབས་རྒྱུད་མང་གང་ཆེན་མཚོ་དག་ཀྱང་། །ཕ་རོལ་དག་དང་བདག་ལའང་དེ་བཞིན་ཤེས། །རྒྱ་མཚོའི་ཞིང་གཅིག་རྡུལ་ཕྲན་རབ་སྙེད་ཀྱི། །བསྐལ་པ་སྐད་ཅིག་གཅིག་གིས་མ་ལུས་ཤེས། །སེམས་ཅན་འགྲོ་རྒྱུད་དག་ན་འཁོར་བ་དང་། །སངས་རྒྱས་རྣམ་འཕྲུལ་ཚོགས་བཅས་དེ་བཞིན་ནོ། །དེ་དག་ཐོག་མའི་སྨོན་ལམ་ཅི་འདྲ་དང་། །ཡང་དག་བསྒྲུབ་ཚུལ་འཇུག་ཚུལ་རྣམ་ཡངས་དང་། །སྤྱོད་ལ་བརྟེན་པས་ཚོགས་རྣམས་ཡངས་བསྒྲུབ་པ། །འཇིག་རྟེན་མཁྱེན་པ་རྣམས་ཀྱང་ཁོ་མོས་དྲན། །མཉམ་མེད་ཚད་མེད་ཚོགས་གྱུར་ཡོན་ཏན་མཚོ་མངའ་བའི། །དབང་བསྐུར་སར་བྱོན་ཇི་སྙེད་དེ་དག་དང་། །བྱང་ཆུབ་འཚང་རྒྱའི་ཚུལ་ནི་རྣམ་ཡངས་ལ། །སེམས་ཀྱི་སྐད་ཅིག་གཅིག་གིས་ཁོ་མོ་འཇུག །ཐབས་ཀྱི་རྣམ་པ་གང་དང་གང་དག་གིས། །བདེ་གཤེགས་འཁོར་ལོ་དམ་པ་འགྲོར་བསྐོར་དང་། །མྱ་ངན་འདས་པ་ཡོན་ཏན་ཚད་མྱེད་དང་། །ཆོས་རྣམས་གནས་པའི་དུས་ཀྱང་ཁོ་མོས་ཤེས། །དྲི་མེད་ཐེག་པ་རྒྱ་མཚོའི་ཚུལ་རྣམས་དང་། །སེམས་ཅན་རྣམ་འདུལ་རྣམ་ཡངས་ཇི་སྙེད་དང་། །
འགྲོ་བ་དེ་དག་གིས་ནི་གང་བསྟན་པ། །སོ་སོ་ཀུན་ལ་སྣ་ཚོགས་ཚུལ་གྱིས་འཇུག །དགའ་བའི་གཏེར་དང་མོས་པའི་དབྱིག་གི་རྣམས། །ཀུན་ཏུ་སྣང་བ་རྣམ་ཐར་ཚུལ་འདི་ཡིན། །ཁོ་མོས་བསྐལ་པ་བརྒྱ་མང་རྒྱ་ཆེར་བསྒོམས། །དེ་ཚུལ་དེ་ལ་ཁྱོད་ཀྱང་མྱུར་འཇུག་གིས། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། དགའ་བའི་འོད་འཕྲོ་བ་ཡངས་པ་ཡང་དག་པར་འབྱུང་བ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་སྨོན་ལམ་རྒྱ་མཚོ་ལ་ཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་རྒྱ་མཚོ་མངོན་པར་བསྒྲུབ་པའི་སྨོན་ལམ་ཡོངས་སུ་རྫོགས་པ། བྱང་ཆུབ་སེམས་དཔའི་ས་གཅིག་ནོན་པས་བྱང་ཆུབ་སེམས་དཔའི་ས་རྒྱ་མཚོ་ཐམས་ཅད་ཡོངས་སུ་གནོན་པའི་སྟབས་ལ་མཁས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ཐམས་ཅད་སྤྱོད་པ་རེ་རེར་ཡང་དག་པར་འདུ་བའི་སྨོན་ལམ་དང་། སྤྱོད་པ་ཡོངས་སུ་དག་པ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རེ་རེ་ལ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་མཚོ་ཐམས་ཅད་ཡོངས་སུ་འདུ་བར་རྣམ་པར་སྤྱད་པ་ལ་དབང་བསྒྱུར་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་སྙིང་པོ་བྱང་ཆུབ་འདི་ཉིད་ན་མཚན་མོའི་ལྷ་མོའི་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ཅེས་བྱ་བ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཅིང་འདུག་གིས། དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། ཇི་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱང་བར་བྱ་བ་དང་། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཤིན་ཏུ་མཉེས་པར་བྱ་བས་བསྙེན་བཀུར་ཞིང་རིམ་གྲོར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་བརྩོན་པར་བྱ་བ་དྲིས་ཤིག །དེ་ནས་ཚོང་
དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བར་བྱས་ནས་ཡང་དང་ཡང་བལྟས་ཏེ། མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་གང་ན་བ་དེར་སོང་སོང་ནས། མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་འཁོར་གྱི་དཀྱིལ་འཁོར་དེ་ཉིད་ན། ཆོས་ཀྱི་དབྱིངས་ཀྱི་ཚུལ་རབ་ཏུ་སྣང་བའི་རིན་པོ་ཆེའི་དྲ་བས་ཀུན་ནས་ཡོག་པའི་ལུས་དང་ལྡན་པ། གཉི་ཟླ་དང་གཟའ་སྐར་དང་། རྒྱུ་སྐར་ཐམས་ཅད་ཀྱི་གཟུགས་བརྙན་ཡོངས་སུ་སྟོན་པའི་ལུས་དང་ལྡན་པ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱིས་རྣམ་པར་དམྱིགས་པར་སྟོན་པའི་ལུས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབྱིབས་དང་འདྲ་བར་རང་གི་ལུས་རྣམ་པར་དམྱིགས་པར་བྱེད་པའི་ལུས་དང་ལྡན་པ། ཁ་དོག་རྒྱ་མཚོ་ཡངས་པ་མཐའ་དང་དབུས་མྱེད་པ་རྣམ་པར་དམྱིགས་པར་སྟོན་པའི་ལུས་དང་ལྡན་པ་སྤྱོད་ལམ་ཐམས་ཅད་ལ་རྣམ་པར་སྤྱོད་པའི་ཚུལ་ཡོངས་སུ་སྟོན་པའི་ལུས་དང་ལྡན་པ། སྒོ་ཀུན་ཏུ་མངོན་པར་བལྟས་པར་རྣམ་པར་དམིགས་པར་བྱེད་པའི་ལུས་དང་ལྡན་པ། ཆོས་ཀྱི་སྤྲིན་གྱི་འབྲུག་སྒྲ་ཀུན་ཏུ་སྒྲོག་ཅིང་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱི་ཕྱོགས་ཐམས་ཅད་རྒྱས་པར་བཀང་སྟེ། འགྲོ་བ་ཐམས་ཅད་ལ་མངོན་དུ་གནས་པའི་ལུས་དང་ལྡན་པ། དུས་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ཀྱི་དོན་ལ་མངོན་དུ་བལྟས་པར་ནམ་མཁའི་དབྱིངས་ཀྱིས་ཀློ་བའི་ལུས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་འདུད་ཅིང་ཕྱག་འཚལ་བའི་ལུས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྩགས་པ་ལ་གཅེས་ཤིང་སྔོན་དུ་འགྲོ་བའི་ལུས་དང་ལྡན་པ། དེ་བཞིན་
གཤེགས་པ་ཐམས་ཅད་ལས་མངོན་དུ་ཆོས་ཀྱི་སྤྲིན་ཡང་དག་པར་ལེན་ཅིང་ཡོངས་སུ་འཛིན་པའི་སྨོན་ལམ་གྲུབ་ཅིང་ཡོངས་སུ་རྫོགས་པར་བྱ་བའི་སེམས་ལས་ཕྱིར་ཕྱོགས་སུ་མ་གྱུར་ཅིང་། དྲན་པས་ཡོངས་སུ་འཛིན་པའི་ལུས་དང་ལྡན་པ་མཐའ་དང་དབུས་མེད་པའི་འོད་ཀྱིས་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་རྒྱས་པར་འགེངས་པའི་ལུས་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྒྲོན་མའི་འོད་ཀུན་དུ་འགྱེད་ཅིང་། སྣང་བ་ཡོངས་སུ་སྟོན་པའི་ལུས་དང་ལྡན་པ། ཆོས་སྒྱུ་མའི་རྣམ་པ་ལྟ་བུའི་ཡེ་ཤེས་ཀྱི་ལུས་དྲི་མ་མྱེད་པ་རབ་ཏུ་སྟོན་པའི་ལུས་དང་ལྡན་པ། ཆོས་ཀྱི་ལུས་མུན་པ་དང་རྡུལ་དུ་བྲལ་བ་རབ་ཏུ་སྟོན་པའི་ལུས་དང་ལྡན་པ། ཆོས་ཉིད་སྒྱུ་མ་ལྟ་བུ་ལས་བྱུང་བའི་ལུས་དང་ལྡན་པ། ཆོས་ཉིད་རབ་ཏུ་རྟོགས་པས་མུན་པ་མེད་པའི་སེམས་དང་ལྡན་པར་ཡེ་ཤེས་ཀྱི་སྣང་བ་སྒོ་ཀུན་ཏུ་གསལ་བ་རབ་ཏུ་ཐོབ་པ། ཤིན་ཏུ་ནད་མེད་ཅིང་གདུང་བ་མེད་པའི་ཡིད་ཀྱི་ལུས་དང་ལྡན་པ། ཆོས་ཀྱི་སྐུ་མི་ཤིགས་ཤིང་བརྟན་པ་དང་ལྡན་པའི་དབྱིངས་ལས་བྱུང་བ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་གནས་མེད་པའི་རང་བཞིན་ཀུན་ནས་ཉོན་མོངས་པ་མྱེད་པའི་ངང་དྲི་མ་མྱེད་པའི་ཆོས་ཉིད་ཀྱི་ལུས་རྣམ་པར་དག་པའི་ལུས་དང་ལྡན་པ་དེ་རིན་པོ་ཆེའི་རྒྱལ་པོ་འགྲོ་བ་ཐམས་ཅད་ཀྱི་གནས་རབ་ཏུ་སྣང་བའི་སྙིང་པོ་ཅན་གྱི་སྟན་ལ་འདུག་པ་མཐོང་ངོ་། །དེས་དེ་མཐོང་ནས་སྤྱི་བོས་བཏུད་དེ་མཐོང་བར་བྱ་བའི་ཚུལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྗེས་སུ་དྲན་པར་བྱས་ནས་སའི་གཞི་ལས་བཏུད་དེ་རྒྱངས་བཅད་པ་ཞིག་ཏུ་མངོན་པར་བཏུད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སའི་གཞི་དེ་ལས་ལངས་ཏེ་ཐལ་མོ་སྦྱར་ནས། མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་དེའི་ལུས་ལ་བལྟས་པ་དང་། འདུ་ཤེས་རྣམ་པར་དག་པ་བཅུ་ཐོབ་པར་གྱུར་ཏེ། དེ་དག་ཐོབ་པས་དགེ་བའི་བཤེས་གཉེན་ཐམས་ཅད་དང་སྐལ་བ་མཉམ་པར་རབ་ཏུ་ཐོབ་པར་གྱུར་ཏོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཐམས་
ཅད་མཁྱེན་པ་ཉིད་དུ་བརྩམས་པའི་བརྩོན་འགྲུས་ལ་དམྱིགས་པ་ཐམས་ཅད་དུ་གནས་པར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་རྣམས་ལ་རང་གི་སེམས་ཀྱི་འདུ་ཤེས་རབ་ཏུ་ཐོབ་པར་གྱུར་ཏོ། །དགེ་བའི་བཤེས་གཉེན་བསྙེན་བཀུར་ཞིང་དགེ་བའི་རྩ་བ་ཡངས་པ་ཡོངས་སུ་བསྒྲུབ་པ་གྲུབ་པར་བྱ་བའི་ཕྱིར། རང་གི་ལས་རྣམ་པར་སྨྱིན་པ་རྣམ་པར་དག་པའི་རང་བཞིན་གྱི་འདུ་ཤེས་རབ་ཏུ་ཐོབ་པོ། །སྨོན་ལམ་ཐམས་ཅད་ཀྱིས་བརྒྱན་པའི་སྤྱོད་པ་ལ་ཡང་དག་པར་གནས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱན་གྱི་འདུ་ཤེས་རབ་ཏུ་ཐོབ་བོ། །དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་གདམས་ངག་གི་ལམ་ལ་ནན་ཏན་དུ་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་བསྒྲུབ་པའི་འདུ་ཤེས་རབ་ཏུ་ཐོབ་པོ། །སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་གྱུར་པའི་ཆོས་བླ་ན་མེད་པ་ལ་རྣམ་པར་སྤྱོད་པའི་སྣང་བ་ཡོངས་སུ་མཐོང་བར་བྱ་བའི་ཕྱིར་ཉམས་སུ་མྱོང་བ་བསྐྱེད་པའི་འདུ་ཤེས་རབ་ཏུ་ཐོབ་བོ། །ཀུན་ཏུ་བཟང་པོའི་སྤྱོད་པས་འབྱུང་བའི་སྨོན་ལམ་དང་། སྤྱོད་པ་རྣམ་པར་དག་པར་བྱ་བའི་ཕྱིར་འབྱུང་བ་གཅིག་གི་འདུ་ཤེས་རབ་ཏུ་ཐོབ་པར་གྱུར་ཏོ། །དགེ་བའི་ཆོས་ཡོངས་སུ་བསྩགས་པ་ཐམས་ཅད་རྣམ་པར་འཕེལ་བར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པའི་བསོད་ནམས་རྒྱ་མཚོའི་འབྱུང་གནས་ཀྱི་འདུ་ཤེས་རབ་ཏུ་ཐོབ་པོ། །སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྩོན་འགྲུས་ཀྱི་ཤུགས་ཡོངས་སུ་འཕེལ་བར་བྱ་བའི་ཕྱིར། དགེ་བའི་ཆོས་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡང་དག་པར་འཕེལ་བར་བྱེད་པ་དང་། ཡོངས་སུ་སྐྱོང་བའི་འདུ་ཤེས་རབ་ཏུ་ཐོབ་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་འདུ་ཤེས་རབ་ཏུ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ལ་དབང་བསྒྱུར་བ་རབ་ཏུ་གནས་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་ལ་དོན་ཐམས་ཅད་ཡོངས་
སུ་སྒྲུབ་པའི་འདུ་ཤེས་རབ་ཏུ་ཐོབ་སྟེ། འདུ་ཤེས་རྣམ་པར་དག་པ་བཅུ་པོ་དེ་དག་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་དག་ཐོབ་པས་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་སྣང་བ་ལས་བྱང་ཆུབ་སེམས་དཔའ་དང་། བསྐལ་པ་མཐུན་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐོབ་པར་གྱུར་ཏེ། འདི་ལྟར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དུས་གསུམ་རྗེས་སུ་དྲན་པའི་ཚུལ་ལ་དྲན་པའི་སྐལ་བ་མཉམ་པ་དང་། ཆོས་རྒྱ་མཚོའི་ཚུལ་ཐམས་ཅད་ཐ་མྱི་དད་པར་ཁོང་དུ་ཆུད་པར་བྱ་བ་ལ་བློ་གྲོས་ཀྱི་སྐལ་བ་མཉམ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་རིག་པས་རྗེས་སུ་ཤེས་པར་བྱ་བའི་བྱེ་བྲག་དང་། ཚུལ་ཐ་དད་པར་མཁས་པ་ལ་རེག་པའི་སྐལ་བ་མཉམ་པ་དང་། བློ་ནམ་མཁའ་དང་མཉམ་པས་དུས་གསུམ་ཐམས་ཅད་ཀྱི་ཚུལ་རྒྱ་མཚོ་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་བློའི་སྐལ་བ་མཉམ་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ཤེས་པའི་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་དབང་པོ་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་བསྡུ་བའི་རྒྱན་གྱིས་རྣམ་པར་བརྒྱན་པའི་བྱང་ཆུབ་སེམས་དཔའི་ལམ་གྱི་ཡོན་ཏན་ལ་ནན་ཏན་དུ་བྱ་བའི་རྒྱན་གྱི་ལམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སེམས་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སྤྱོད་ཡུལ་གྱི་སྐལ་བ་མཉམ་པ་དང་། ཐམས་ཅད་མཁྱེན་པའི་ཚུལ་རྒྱ་མཚོ་ལ་འཇུག་པའི་ལམ་སྣང་བ། རྣམ་པ་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཚུལ་གྱི་རྗེས་སུ་འབྲང་བའི་སྐལ་བ་མཉམ་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་ཤིང་ཁོང་དུ་ཆུད་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར། དོན་ཁོང་དུ་ཆུད་པའི་སྐལ་བ་མཉམ་པ་དང་། ཆོས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་ཆོས་ལ་
རྣམ་པར་སྤྱོད་པའི་སྐལ་བ་མཉམ་པ་དང་། སྒྲིབ་པ་ཐམས་ཅད་ཀྱི་རི་རྣམ་པར་གཏོར་བའི་ཕྱིར་མི་འཇིགས་པའི་སྐལ་བ་མཉམ་པ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་འགྲོ་བ་རྣམས་ལ་རྣམ་པ་ཐ་དད་པར་ཡོངས་སུ་བསྟན་པའི་མཚན་དང་དཔེ་བྱད་བཟང་པོས་རྣམ་པར་བྲིས་པའི་ལུས་རྣམ་པར་དག་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་གཟུགས་ཀྱི་ལུས་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། བྱང་ཆུབ་སེམས་དཔའི་སྟོབས་ཡོངས་སུ་རྫོགས་པས་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་པ། རྣམ་པར་འཕེལ་བར་བྱ་བའི་ཕྱིར་སྟོབས་ཀྱི་སྐལ་བ་མཉམ་པ་དང་། སེམས་དང་བསམ་པའི་ནམ་མཁའ་ཡོངས་སུ་དག་པར་བྱ་བའི་ཕྱིར་མྱི་འཇིགས་པའི་སྐལ་བ་མཉམ་པ་དང་། བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པས་མྱི་སྐྱོ་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་སྐལ་བ་མཉམ་པ་དང་། ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སྤོབས་པས་སྐལ་བ་མཉམ་པ་དང་། འགྲོ་བ་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཟིལ་གྱིས་མྱི་ནོན་པའི་སྐལ་བ་མཉམ་པ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མངོན་པར་དགའ་བར་བྱ་བའི་ཚིགས་ཡོངས་སུ་དག་པར་བྱ་བའི་ཕྱིར་མ་ཞུམ་མྱི་དམའ་བའི་སྐལ་བ་མཉམ་པ་དང་། ཆོས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ཀྱི་སྒྲ་རབ་ཏུ་བསྒྲག་པའི་ཕྱིར་དབྱངས་ཀྱི་སྐལ་བ་མཉམ་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཚིག་རྣམ་པར་དམྱིགས་པའི་ཐ་སྙད་དང་། ཚུལ་རྒྱ་མཚོ་ལ་དབྱངས་ཀྱི་ཡན་ལག་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། དེ་བཞིན་གཤེགས་པའི་གདམས་ངག་གི་ཡོན་ཏན་ཁོང་དུ་ཆུད་པ་རྣམ་པར་དག་པར་བྱ་བ་ལ་ཡོན་ཏན་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། ཁ་ན་མ་ཐོ་བ་མེད་པའི་ལས་རྣམ་པར་སྨྱིན་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་དང་ལས་ཀྱི་རྒྱུད་དུ་མི་འགལ་བའི་སྐལ་བ་མཉམ་པ་དང་། སངས་རྒྱས་བྱུང་བ་
ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར་མཆོད་སྦྱིན་གྱིས་ཆོས་བཟང་པོ་ལ་རབ་ཏུ་གནས་པའི་སྐལ་བ་མཉམ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དང་ཡེ་ཤེས་ལ་ཡང་དག་པར་གནས་པར་བྱ་བའི་ཕྱིར། ཚངས་པའི་སྤྱོད་པ་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། བྱམས་པའི་ཚུལ་སྣ་ཚོགས་ཀྱིས་སྐད་ཅིག་རེ་རེ་ལ་སེམས་ཅན་རྒྱ་མཚོ་ཐམས་ཅད་དུ་རྒྱས་པར་དགང་བར་བྱ་བའི་ཕྱིར་བྱམས་པ་ཆེན་པོའི་སྐལ་བ་མཉམ་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱབས་པའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པའི་ཕྱིར། སྙིང་རྗེ་ཆེན་པོའི་ཚུལ་རྒྱ་མཚོ་ལ་འཇུག་པའི་སྐལ་བ་མཉམ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱེད་པའི་ཐབས་ཀྱི་རྒྱུད་དུ་སྐལ་བ་མཉམ་པར་བྱ་བའི་ཕྱིར་ལུས་ཀྱི་ལས་ཀྱི་སྐལ་བ་མཉམ་པ་དང་། ཆོས་ཐམས་ཅད་བརྗོད་ཅིང་སྨོས་པ་ལ་ངག་གི་ལས་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་པ་ཉེ་བར་བསྒྲུབ་པའི་ཕྱིར་ཡིད་ཀྱི་ལས་ཀྱི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་རྒྱན་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་འབྱུང་བ་རྒྱ་མཚོ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་འགྲོ་བའི་སྐལ་བ་མཉམ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པའི་སྐལ་བ་མཉམ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་དུས་མ་ལུས་པར་མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ་བྱ་བའི་ཕྱིར། མཆོད་པས་རིམ་གྲོ་བྱ་བའི་སྐལ་བ་མཉམ་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་སྐལ་བ་མཉམ་པ་དང་། ཆོས་ཀྱི་ཚུལ་ཐམས་ཅད་ལ་སྣང་བ་རབ་ཏུ་ཐོབ་པའི་སྐལ་བ་
མཉམ་པ་དང་། ཏིང་ངེ་འཛིན་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་ཏིང་ངེ་འཛིན་རབ་ཏུ་ཐོབ་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཞིང་རྒྱ་མཚོ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། རྣམ་པར་འཕྲུལ་པས་རྒྱས་པར་དགང་བའི་ཕྱིར་ཀུན་ཏུ་རྒྱས་པར་དགང་བའི་སྐལ་བ་མཉམ་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་ཚུལ་རྒྱ་མཚོ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པའི་སྐལ་བ་མཉམ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་ལ་འཁོར་གྱི་སྐལ་བ་མཉམ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིན་ཏུ་ཕྲ་བར་འཇུག་པ་ལ་འཇུག་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཞིང་ཤིན་ཏུ་ཡངས་པ་ཐམས་ཅད་དུ་སེམས་རྣམ་པར་ཕྱེ་བའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཞིང་རྒྱ་མཚོ་ཐམས་ཅད་ལ་འཇུག་པ་རྣམ་པ་ཐ་དད་པ་ཁོང་དུ་ཆུད་པར་བྱ་བ་ལ་ཁོང་དུ་ཆུད་པ་རྣམ་པ་ཐ་དད་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་ཕྱེ་བ་ཡེ་ཤེས་མཐའ་ཡས་པས་རྣམ་པར་དམྱིགས་པར་བྱ་བ་ལ་ཚུལ་འབྱམ་ཀླས་པས་ཀུན་ཏུ་རྒྱས་པར་དགང་བའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་འབྱུང་བའི་སྐལ་བ་མཉམ་པ་དང་ཕྱོགས་ཐམས་ཅད་རྒྱས་པར་དགང་བ་ཡང་དག་པར་གཞོལ་བ་ཐོགས་པ་མེད་ཅིང་ཕྱིར་མྱི་ལྡོག་པར་བྱ་བའི་ཕྱིར་ཕྱིར་མི་ལྡོག་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་མུན་པ་རྣམ་པར་སེལ་བའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོར་རྗེས་སུ་ཕྱིན་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོར་བྱ་བའི་སྦྱོར་བ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལུས་ཀྱི་དྲ་
བས་རྒྱས་པར་དགང་བའི་སྐལ་བ་མཉམ་པ་དང་། ཆོས་ཀྱི་ཚུལ་རྒྱ་མཚོ་རྗེས་སུ་རྒྱུ་བ་དེ་དང་དེ་དག་ལ་ཡེ་ཤེས་མངོན་སུམ་གྱི་སྐལ་བ་མཉམ་པ་དང་། རྗེས་སུ་མཐུན་པའི་ཆོས་ཀྱི་ཚུལ་ཐམས་ཅད་མངོན་དུ་བྱ་བའི་སྦྱོར་བ་ལ་ནན་ཏན་གྱི་སྐལ་བ་མཉམ་པ་དང་། ཆོས་ཀྱི་མོས་པ་ཤིན་ཏུ་ཤས་ཆེ་བའི་བརྩམ་པ་རྣམ་པར་དག་པར་བྱ་བའི་ཕྱིར་བཙལ་བའི་སྐལ་བ་མཉམ་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་གྱི་རྒྱན་ཡོངས་སུ་བསྒྲུབ་པ་ལ་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། ཉམ་ང་བའི་རྟོག་པ་མེད་པའི་སེམས་ཀྱི་དཀྱིལ་འཁོར་གྱིས་ཆོས་ཐམས་ཅད་ཀྱི་ཡེ་ཤེས་དཀྱིལ་འཁོར་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡིད་ཀྱི་སྐལ་བ་མཉམ་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་ཡང་དག་པར་བརྩམས་པ་མཐར་ཕྱིན་པར་བྱ་བའི་སྦྱོར་བ་ལ་བརྩོན་འགྲུས་བརྩམས་པའི་སྐལ་བ་མཉམ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་སྤྱོད་པའི་རྒྱན་གྱི་སྐལ་བ་མཉམ་པ་དང་། ཆོས་ཐམས་ཅད་ཀྱི་མཚན་མ་ཁོང་དུ་ཆུད་པར་བྱ་བ་ལ་ཆགས་པ་མེད་པ་རྣམ་པར་སྤྱད་པའི་སྐལ་བ་མཉམ་པ་དང་། ཆོས་ལ་རྣམ་པར་སྤྱོད་པའི་ཡེ་ཤེས་ཀྱིས་རྣམ་པར་འཕྲུལ་པ་དེ་དང་དེ་དག་ཏུ་ཐབས་མཁས་པའི་ཚུལ་གྱི་སྐལ་བ་མཉམ་པ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཡུལ་བསྟན་པས་ཡང་དག་པར་བསྐུལ་བའི་ཕྱིར་སྐྱེ་མཆེད་རྣམ་པར་དག་པའི་སྐལ་བ་མཉམ་པ་དང་། ཆོས་ཐམས་ཅད་བསྒོམ་པ་དང་། རྣམ་པར་བསྒོམ་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་པར་བྱ་བའི་སྐལ་བ་མཉམ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་སྐལ་བ་མཉམ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རབ་ཏུ་ཐོབ་པར་བྱ་བ་ལས་ཡོངས་སུ་གནན་པའི་སྐལ་བ་མཉམ་པ་དང་།
བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ཐམས་ཅད་ལ་རབ་ཏུ་གནས་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ལ་ཡོངས་སུ་བསྟན་པའི་སྐལ་བ་མཉམ་པ་དང་། སྐད་ཅིག་གཅིག་གི་ཏིང་ངེ་འཛིན་རྒྱ་མཚོའི་ཚུལ་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་འཕྲིན་ལས་མཚན་ཉིད་སྣ་ཚོགས་ལ་ཏིང་ངེ་འཛིན་རྣམ་པར་དགོད་པའི་སྐལ་བ་མཉམ་པ་དང་། རྗེས་སུ་དྲན་པའི་དམྱིགས་པའི་ཚུལ་རྒྱ་མཚོ་ཐམས་ཅད་ལ་རྗེས་སུ་དྲན་པའི་སྐལ་བ་མཉམ་པ་དང་། བྱང་ཆུབ་སེམས་དཔའི་བྱ་བ་ལ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ཞེ་ནོན་པ་ལ་བྱང་ཆུབ་སེམས་དཔས་སྤྱད་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཚད་མེད་པ་ལ་མོས་ཤིང་དགའ་བའི་ཤུགས་རྒྱ་མཚོ་རྣམ་པར་འཕེལ་བར་བྱ་བའི་ཕྱིར་མོས་པའི་སྐལ་བ་མཉམ་པ་དང་། སྒྲིབ་པའི་རི་ཐམས་ཅད་ལ་རྣམ་པར་བཟློག་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་ཡོངས་སུ་བསྒྲུབ་པའི་ཕྱིར། ཕྱིར་མྱི་ལྡོག་པའི་ཡེ་ཤེས་ཀྱི་སྐལ་བ་མཉམ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་དུས་སུ་སྐྱེ་བའི་སྐལ་བ་མཉམ་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་གྱི་སྒོ་ལ་རྣམ་པར་སྤྱོད་པའི་སྐལ་བ་མཉམ་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་ཁྱུ་མཆོག་གི་མཐུ་ཕྱུང་བའི་ཡུལ་ལ་རབ་ཏུ་འཇུག་པར་བྱ་བའི་ཕྱིར་ཡུལ་གྱི་སྐལ་བ་མཉམ་པ་དང་། གཞི་ཐམས་ཅད་ཡོངས་སུ་ཆོམས་པའི་སེམས་སུ་བྱ་བའི་ཕྱིར་གཞི་མེད་པའི་སྐལ་བ་མཉམ་པ་དང་། ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པར་བྱ་བའི་ཕྱིར་ཆོས་བསྟན་པའི་སྐལ་བ་མཉམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་རང་གི་ལུས་ཀྱིས་ཡང་དག་པར་གནོན་པའི་ཕྱིར་བརྩོན་པའི་སྐལ་བ་མཉམ་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ནན་ཏན་གྱི་ཚུལ་
ལ་མངོན་པར་ཤེས་པའི་སྐལ་བ་མཉམ་པ་དང་། ཕྱོགས་ཐམས་ཅད་ཀྱི་ཞིང་རྒྱ་མཚོར་འཇུག་པར་བྱ་བ་ལ་མངོན་པར་འདུ་བྱ་བ་མྱེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པའི་སྐལ་བ་མཉམ་པ་དང་། གཟུངས་རྒྱ་མཚོ་ཐམས་ཅད་ཀྱི་སྣང་བ་རབ་ཏུ་ཐོབ་པར་བྱ་བ་ལ་གཟུངས་ཀྱི་སའི་སྐལ་བ་མཉམ་པ་དང་། མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་ དགོངས་པ ་ཁོང་དུ་ཆུད་པར་བྱ་བའི་སྐལ་བ་མཉམ་པ་དང་། ནམ་མཁའི་དབྱིངས་ལྟ་བུའི་ཆོས་ཀྱི་ཚུལ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཆོས་ཟབ་མོ་ལ་འཇུག་པའི་སྐལ་བ་མཉམ་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་སྣང་བར་བྱ་བའི་སྐལ་བ་མཉམ་པ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་འགྲོ་བས་རྣམ་པར་དམིགས་པར་བསྟན་པ་ལ་མངོན་པར་གསལ་བའི་སྐལ་བ་མཉམ་པ་དང་། ཞིང་གི་བྱིན་གྱི་རླབས་དང་། རྣམ་པར་འཕྲུལ་པ་སེམས་ཅན་ཡོངས་སུ་བསྟན་པའི་ཕྱིར་རབ་ཏུ་སྐྱོད་པའི་སྐལ་བ་མཉམ་པ་དང་། མཐོང་བ་དང་ཐོས་པ་དང་། རྗེས་སུ་དྲན་པས་སེམས་ཅན་འདུལ་བའི་ཕྱིར་དོན་ཡོད་པར་སྤྱད་པའི་སྐལ་བ་མཉམ་པ་དང་། སྨོན་ལམ་རྒྱ་མཚོའི་ཚུལ་ཐམས་ཅད་ཡོངས་སུ་རྫོགས་པས་སྟོབས་བཅུའི་ཡེ་ཤེས་རྗེས་སུ་འཚང་རྒྱ་བར་བྱ་བའི་ཕྱིར་འབྱུང་བའི་སྐལ་བ་མཉམ་པ་ཡང་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ལྟར་ཚོང་དཔོན་གྱི་བུ་ནོར་བཟངས་ཤིན་ཏུ་དགའ་བའི་སེམས་སུ་གྱུར་ཏེ། མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ལ་བལྟས་པས་འདུ་ཤེས་རྣམ་པར་དག་པ་དེ་དག་ཐོབ་པར་གྱུར་ཏེ། འདི་དག་ལ་སྩོགས་པ་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ལས་སྐལ་བ་མཉམ་པའི་ཚུལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་ཐོབ་པར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ལས་བལྟ་བའི་ཚུལ་
སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཞུགས་པ་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་རྣམ་པར་དག་པ་མཐའ་དང་དབུས་མེད་པ་རབ་ཏུ་ཐོབ་པ་སྐལ་བ་མཉམ་པའི་ཚུལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཞུགས་པས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་གང་ན་བ་དེར་ཐལ་མོ་སྦྱར་ཏེ། བཏུད་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་ནི་བདག་གི་སེམས་ལ་བདག་ དགོངས་ཏེ། །བྱང་ཆུབ་མོས་པ ་མྱི་ལྡོག་ཤིན་ཏུ་བརྟན། །ཁྱོད་ཀྱི་ཐུགས་ལའང་བདག་ནི་དེ་བཞིན་དུ། །བདག་གི་བཞིན་དུ་དེ་རིང་བརྟན་པར་སྐྱེས། །སྡིག་ཏོ་མ་ལུས་རྣམ་པར་བྱང་བར་གྱུར། །དགེ་བའི་རྣམ་སྨྱིན་མི་མཉམ་རབ་ཏུ་ཐོབ། །བདག་གིས་བལྟ་ན་མཛེས་པ་ཁྱོད་མཐོང་བས། །ཆོས་དཀར་མི་བས་བདག་གིས་ཡོངས་སུ་བསྩགས། །བདག་གི་སེམས་ནི་ཡོན་ཏན་ཆུ་བོས་བརྒྱན། །སེམས་ཅན་ཕན་བརྩོན་རྣམ་པ་ཐ་དད་པས། །བརྒྱན་གྱུར་དེས་ནི་ཕྱི་མཐའི་བསྐལ་པར་ཡང་། །ཞིང་རྣམས་ཀུན་ཏུ་སྤྱོད་པ་སྤྱད་པར་བགྱི། །འཕགས་མས་བདག་ལ་ཐུགས་བརྩེ་མཛད་སླད་དུ། །ཆོས་རྣམས་ཐམས་ཅད་གྲུབ་པ་ཁྱོད་ཀྱིས་བསྟན། །བདག་ལ་སྨན་སླད་རྗེས་སུ་གཟུང་ དགོངས་ཏེ། །ཆོས་ཀྱི་གདམས་ངག་དམ་པ ་སྩལ་དུ་གསོལ། །ངན་འགྲོར་ལྷུང་བའི་ལམ་ནི་རྣམ་པར་བཟློག །མཐོ་རིས་ཤུལ་གཙང་དམ་པ་ཡོངས་སུ་བསྟན། །བདེ་གཤེགས་མ་ལུས་བཞུད་ཅིང་རྗེས་བཞུད་པའི། །ཐམས་ཅད་མཁྱེན་པའི་ཤུལ་ཀྱང་ཁྱོད་ཀྱིས་བསྟན། །དཔེ་མེད་རྨད་དུ་བྱུང་མངའ་ཁྱོད་ལ་བདག །འབྱུང་བའི་འདུ་ཤེས་དམ་པ་ཉེ་བར་སྐྱེས། །ནམ་མཁའ་ལྟ་བུར་དྲི་མེད་ཚད་མྱེད་པའི། །ཐམས་ཅད་མཁྱེན་ཉིད་ཆོས་སྒོ་རྣམ་པར་དག །ཀུན་མཁྱེན་ཚད་མྱེད་འབྱུང་གནས་བཟང་པོ་ཡི། །འདུ་ཤེས་དེ་རིང་ཚད་མྱེད་ཁྱོད་ལ་སྐྱེས། །བསོད་ནམས་རྒྱ་མཚོ་མཁའ་ལྟར་ཚད་མེད་པའི། །སེམས་ལས་བྱུང་བ་སྐད་
ཅིག་རེ་རེར་འབྱུང་། །འཕགས་མ་ཕ་རོལ་ཕྱིན་པས་བདག་བཀུར་གསོལ། །བསམ་ཡས་བསོད་ནམས་ཀྱིས་ཀྱང་རྣམ་སྤེལ་གསོལ། །ཡོན་ཏན་དགེ་བ་ཐམས་ཅད་ཡོངས་འཕེལ་ནས། །ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་ཐོབ་མཛོད། །དགེ་བའི་བཤེས་གཉེན་རྣམས་ལ་རྟག་པར་བདག །ཐམས་ཅད་མཁྱེན་ལམ་རབ་རྫོགས་འདུ་ཤེས་ཏེ། །དེ་ཡི་སླད་དུ་བདག་གི་ཆོས་དཀར་རྣམས། །མྱུར་དུ་རྫོགས་པར་འགྱུར་ཞེས་ཚིམ་པར་གྱུར། །དེ་སླད་འདི་ལས་དོན་ཀུན་རབ་ཏུ་བྱུང་། །དགེ་བའི་ཡོན་ཏན་ལྡན་པ་གྲུབ་པར་གྱུར། །བརྗོད་པ་མཐའ་ཡས་ཐམས་ཅད་མཁྱེན་པའི་ལམ། །འདི་ནི་ཡོངས་སུ་བསྒྲུབས་ཤིང་འགྲོ་ལ་བརྗོད། །ཡོན་ཏན་ཚད་མེད་ཁྱོད་ནི་སློབ་དཔོན་གྱུར། །ཐམས་ཅད་མཁྱེན་གྱི་ཆོས་ལ་བདག་འདྲེན་པ། །བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པས། །འཕགས་མ་ཁྱོད་ལ་བདག་གིས་ལན་མི་ལོན། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས། མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་ཁྱོད་ཀྱིས་བདག་ལ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡུལ་བསམ་གྱིས་མི་ཁྱབ་པ་འདི་ནི་བསྟན་ན་ལྷ་མོ་རྣམ་པར་ཐར་པ་འདིའི་མིང་ནི་ཅི་ཞེས་བགྱི། ལྷ་མོ་ཁྱོད་ནི་ཇི་སྲིད་ཅིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཇི་སྲིད་ཅིག་ན་ནི་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ཀྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་རྣམ་པར་ཐར་པ་འདི་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་ལ་ཡང་དག་པར་བསྐུལ་བའི་དགེ་བའི་རྩ་བ་ཡོངས་སུ་འབྱུང་བ་ཞེས་བྱ་བ་སྟེ། རིགས་ཀྱི་བུ་ཁོ་མོ་རྣམ་པར་ཐར་པ་འདི་དང་ལྡན་པས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་
ཁོང་དུ་ཆུད་དེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ཞུགས་ནས། གནས་མེད་པའི་ཆོས་ལ་བརྟེན་ཏེ། འཇིག་རྟེན་ཐམས་ཅད་ལས་འཕགས་པར་གྱུར་ཏོ། །ཆོས་རྣམས་ཀྱི་གཟུགས་ཤིན་ཏུ་རྣམ་པར་ཕྱེ་བ་ལ་ཞུགས་ཏེ། མི་འདྲ་བ་མེད་པའི་ཁ་དོག་དང་། སྣ་ཚོགས་མེད་པའི་ཁ་དོག་དང་། རྣམ་པ་ཐ་དད་པ་མྱེད་པའི་ཁ་དོག་དང་། མི་རྟོག་པའི་ཁ་དོག་དང་། མི་སྔོ་བའི་ཁ་དོག་དང་། མི་སེར་བའི་ཁ་དོག་དང་། མི་དམར་བའི་ཁ་དོག་དང་། མི་དཀར་བའི་ཁ་དོག་དང་། མི་འཐུན་པ་མེད་པ་དང་། སྣ་ཚོགས་མེད་པ་དང་། རྣམ་པ་ཐ་དད་པ་མེད་པ་དང་། རྟོག་པ་མེད་པ་དང་། མི་སྔོ་བ་དང་མི་སེར་བ་དང་། མི་དམར་བ་དང་མི་དཀར་བའི་ཁ་དོག་གི་ཆོས་ཉིད་ལ་ཞུགས་ནས་ཁ་དོག་རྣམ་པར་ཕྱེ་བ་དུ་མའི་གཟུགས་ཀྱི་ལུས་སྣ་ཚོགས་ཀྱི་ཁ་དོག་ཅན། ཁ་དོག་དུ་མ་དང་ཁ་དོག་ཚད་མེད་པ་དང་། ཁ་དོག་རྣམ་པར་དག་པ་དང་རྒྱན་ཐམས་ཅད་འབྱིན་པའི་ཁ་དོག་དང་ཀུན་ཏུ་སྣང་བའི་ཁ་དོག་དང་། འགྲོ་བ་ཐམས་ཅད་དང་འདྲ་བའི་ཁ་དོག་དང་། འཇིག་རྟེན་ཐམས་ཅད་ལ་མངོན་དུ་གྱུར་ཅིང་ལྷག་པའི་ཁ་དོག་དང་གཟུགས་བརྙན་ཀུན་ཏུ་སྣང་བའི་ཁ་དོག་དང་། མི་འཐུན་པ་མེད་པའི་ཁ་དོག་དང་། མཚན་དང་དཔེ་བྱད་བཟང་པོས་རྣམ་པར་སྦྱངས་པའི་ཁ་དོག་དང་། ཁ་ན་མ་ཐོ་བ་མེད་པར་སྤྱོད་པའི་འོད་དང་ལྡན་པའི་ཁ་དོག་དང་། སྟོབས་ཆེན་པོས་རྣམ་པར་གནོན་པ་ཡོངས་སུ་སྟོན་པའི་ཁ་དོག་དང་། ཟབ་མོ་ཐོབ་པར་དཀའ་བའི་ཁ་དོག་དང་། འཇིག་རྟེན་ཐམས་ཅད་ཀྱིས་མི་ཐུབ་པའི་ཁ་དོག་དང་། འགྲོ་བ་ཐམས་ཅད་ཀྱི་ཚིག་གིས་མི་ཟད་པའི་ཁ་དོག་དང་། སྐད་ཅིག་རེ་རེ་ལ་སྣ་ཚོགས་སུ་འགྱུར་བའི་ཁ་དོག་དང་། ཁ་དོག་གི་སྤྲིན་སྣ་ཚོགས་ཡོངས་སུ་སྟོན་པའི་ཁ་དོག་དང་། གཟུགས་དང་དབྱིབས་སྣ་ཚོགས་ཀྱི་ཁ་དོག་དང་། རྣམ་པར་འཕྲུལ་པ་ཚད་མེད་པ་སྟོན་པའི་ཁ་དོག་དང་། ཤིན་ཏུ་ཡིད་དུ་འོང་ཞིང་རྣམ་པར་སྣང་བའི་ཁ་དོག་དང་། བཟང་པོ་དང་མཛེས་པ་ཐམས་ཅད་འབེལ་བའི་ཁ་དོག་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། མཐུན་པའི་ཁ་དོག་དང་། བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་
བ་ལ་མངོན་ཏུ་འགྱུར་བའི་དགེ་བའི་ཁ་དོག་དང་། ཐོགས་པ་མེད་པར་ཀུན་ཏུ་སྣང་བའི་ཁ་དོག་དང་། དང་ཞིང་རྙོག་པ་མེད་ལ་རྣམ་པར་གསལ་ཏེ། འོད་དང་བའི་ཁ་དོག་དང་། མི་ཤེས་པའི་ལུས་ཀྱིས་བསྒྲུབས་པས་མཛེས་པར་གྱུར་པའི་ཁ་དོག་དང་། ཆོས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྟོན་པའི་ཁ་དོག་དང་། ཟིལ་གྱིས་མ་ནོན་ལ་ཟིལ་གྱིས་གནོན་པས་ཐམས་ཅད་ཟིལ་དུ་རླག་པར་བྱེད་པའི་ཁ་དོག་དང་། མུན་པ་དང་རབ་རིབ་མེད་པའི་ཁ་དོག་དང་། མུན་པ་ཐམས་ཅད་རྣམ་པར་སེལ་བའི་ཁ་དོག་དང་། དཀར་པོ་ཐམས་ཅད་ཤིན་ཏུ་བསྒྲུབས་པའི་ཁ་དོག་དང་། བདག་ཉིད་ཆེ་བའི་ཡོན་ཏན་རྒྱ་མཚོའི་ཁ་དོག་དང་། སྔོན་བླ་མ་ལ་རིམ་གྲོར་བྱས་པས་ཤིན་ཏུ་བསྒྲུབས་པའི་ཁ་དོག་དང་། ལྷག་པའི་བསམ་པའི་ནམ་མཁའ་ཡོངས་སུ་དག་པར་བྱེད་པའི་ཁ་དོག་དང་། མཆོག་དམ་པ་ཕུལ་དུ་བྱུང་བར་ཤིན་ཏུ་ཡངས་པའི་ཁ་དོག་དང་། མི་འཕྲོགས་མི་ཟད་པའི་ཡོན་ཏན་རྒྱ་མཚོ་རབ་ཏུ་སྟོན་པའི་ཁ་དོག་དང་། འཇིག་རྟེན་ཐམས་ཅད་ལ་མི་གནས་ཤིང་མ་འདྲེས་པའི་ཁ་དོག་དང་། ཐོགས་པ་མེད་པར་ཕྱོགས་ཐམས་ཅད་རྒྱས་པར་འགེངས་པའི་ཁ་དོག་དང་། སེམས་ཀྱི་སྐད་ཅིག་འབྱམ་ཀླས་པ་ལ་ཞིང་རྒྱ་མཚོ་བརྗོད་དུ་མེད་པར་ཁ་དོག་སྣ་ཚོགས་རྣམ་པ་དུ་མ་ཡོངས་སུ་སྟོན་པའི་ཁ་དོག་དང་། སེམས་ཅན་ཐམས་ཅད་ཀྱི་དགའ་བའི་ཤུགས་ཆེན་པོ་རྣམ་པར་འཕེལ་བར་བྱེད་པའི་ཁ་དོག་དང་། སེམས་ཅན་རྒྱ་མཚོ་ཐམས་ཅད་ཡོངས་སུ་སྡུད་པའི་ཁ་དོག་དང་། བ་སྤུའི་སྒོ་ཐམས་ཅད་ནས་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་མ་ལུས་པའི་སྤྲིན་གྱི་སྒྲ་སྒྲོག་པའི་ཁ་དོག་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། མོས་པ་རྒྱ་མཚོ་རྣམ་པར་སྦྱོང་བའི་ཁ་དོག་དང་། ཆོས་ཐམས་ཅད་ཀྱི་དོན་རྣམ་པར་གདོན་མི་ཟ་བ་ཡོངས་སུ་སྟོན་པའི་ཁ་དོག་དང་། འོད་གཟེར་གྱི་དྲ་བའི་དཀྱིལ་འཁོར་ཁ་དོག་སྣ་ཚོགས་སུ་སྣང་བའི་ཁ་དོག་དང་།
ནམ་མཁའ་ལྟར་དྲི་མ་མེད་པར་སྣང་བའི་ཁ་དོག་དང་། རིན་པོ་ཆེའི་རྒྱལ་པོ་རྣམ་པར་དག་པ་ལྟར་རྡུལ་གྱི་དྲི་མ་མེད་པའི་འོད་ལ་གནས་པའི་ཁ་དོག་དང་། ཆོས་ཉིད་དྲི་མ་མྱེད་པའི་འོད་ཀྱི་ཁ་དོག་དང་། ཁ་དོག་དཔག་ཏུ་མེད་པའི་ཚུལ་རྒྱ་མཚོ་རྣམ་པ་ཐ་དད་པ་ཡོངས་སུ་སྟོན་པའི་ཁ་དོག་དང་། ཕྱོགས་ཀུན་ཏུ་སྣང་བར་བྱེད་པའི་ཁ་དོག་དང་། དུས་ལ་གང་དུ་བབ་པར་འགྲོ་བ་ཡོངས་སུ་སྟོན་པར་མ་འདྲེས་པའི་ཁ་དོག་དང་། ཞི་བ་དང་དུལ་བའི་ཕྱོགས་ལས་བྱུང་བའི་ཁ་དོག་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཁ་དོག་དང་། འགྲོ་བ་བསོད་ནམས་ཀྱི་ཞིང་ཐམས་ཅད་ལ་རབ་ཏུ་སྟོན་པའི་ཁ་དོག་དང་། འཇིགས་པ་ཐམས་ཅད་རབ་ཏུ་སེལ་བའི་ཁ་དོག་དང་། དོན་ཡོད་པར་འགྲོ་བ་རྒྱས་པར་འགེངས་པའི་ཁ་དོག་དང་། ཡེ་ཤེས་ཀྱི་རྣམ་པར་གནོན་པ་ཆེན་པོ་རབ་ཏུ་རྗོད་པའི་ཁ་དོག་དང་། ཆགས་པ་མེད་པའི་ལུས་ཀྱིས་ཀུན་ཏུ་རྒྱས་པར་འགེངས་པའི་ཁ་དོག་དང་། ལུས་དམ་པའི་སྤྲིན་གྱི་དབྱངས་ཀྱིས་འགྲོ་བ་ཀུན་ཏུ་སྟོན་པར་བྱེད་པའི་ཁ་དོག་དང་། བྱམས་པའི་རྒྱ་མཚོ་ཆེན་པོ་ཡོངས་སུ་སྡུད་པའི་ཁ་དོག་དང་། བསོད་ནམས་ཀྱི་རི་རབ་ཆེན་པོ་ཡོངས་སུ་སྒྲུབ་པའི་ཁ་དོག་དང་། འགྲོ་བ་ཐམས་ཅད་དུ་མི་གནས་ཀྱང་འཇིག་རྟེན་གྱི་རྒྱུད་ཐམས་ཅད་དུ་གཟུགས་བརྙན་འབྱུང་བའི་ཁ་དོག་དང་། ཡེ་ཤེས་ཀྱི་སྟོབས་ཆེན་པོ་རྣམ་པར་སྦྱོང་བའི་ཁ་དོག་དང་། འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་དྲན་པ་དང་། འགྲོགས་པའི་ཁ་དོག་དང་། རིན་པོ་ཆེ་ཐམས་ཅད་ལྟ་བུའི་ཁ་དོག་དང་། རྣམ་པར་སྣང་བའི་སྙིང་པོ་ལྟར་ཡོངས་སུ་སྟོན་པའི་ཁ་དོག་དང་། འགྲོ་བ་ཐམས་ཅད་ཀྱི་མོས་པའི་ཚུལ་དང་མཐུན་པའི་ཁ་དོག་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ལ་མངོན་དུ་གྱུར་པའི་ཁ་དོག་དང་། མིག་འཛུམ་གྱིས་རྒྱས་པས་འགྲོ་བ་མོས་པར་བྱེད་པའི་ཁ་དོག་དང་། རིན་པོ་ཆེའི་རྒྱན་དམ་པའི་འོད་ཀྱི་ཁ་དོག་དང་། འགྲོ་བ་ཐམས་ཅད་དུ་ཐོགས་པ་མེད་པ་ལ་ཕྱིར་ཕྱོགས་པ་མེད་པའི་ཁ་དོག་དང་། ངེས་པ་མེད་ཅིང་མངོན་པར་ཞེན་པ་མེད་པའི་ཁ་དོག་
དང་། བྱིན་གྱི་རླབས་ཀྱིས་རྣམ་པར་འཕྲུལ་པའི་ཁྱུ་མཆོག་གི་མཐུ་འབྱིན་པ་ཡོངས་སུ་སྟོན་པའི་ཁ་དོག་དང་། རྫུ་འཕྲུལ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པའི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཡོངས་སུ་སྟོན་པའི་ཁ་དོག་དང་། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་སྣང་བར་བྱེད་པའི་ཁ་དོག་དང་། ཆོས་ཀྱི་དབྱིངས་ཁ་ན་མ་ཐོ་བ་མེད་པའི་ཚུལ་རྒྱ་མཚོ་ལ་རབ་ཏུ་ཞུགས་པའི་ཁ་དོག་དང་། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཕྱིན་པའི་གཟུགས་བརྙན་འབྱུང་བའི་ཁ་དོག་དང་། ཁ་དོག་སྣ་ཚོགས་རྒྱ་མཚོ་རབ་ཏུ་སྒྲུབ་པའི་ཁ་དོག་དང་། ལེགས་པར་སྤྱད་པ་དང་། རྒྱུ་འཐུན་པ་བཟང་པོས་བྱུང་བའི་ཁ་དོག་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་ཉེ་བར་སྒྲུབ་པའི་ཁ་དོག་དང་། འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་མི་ངོམས་པའི་ཁ་དོག་དང་། འོད་དང་བ་རྣམ་པ་སྣ་ཚོགས་ཀྱི་འོད་དུ་སྣང་བའི་ཁ་དོག་དང་། དུས་གསུམ་གྱི་ཁ་དོག་རྒྱ་མཚོ་ཐམས་ཅད་ཡོངས་སུ་བསྟན་པའི་ཁ་དོག་དང་། འོད་གཟེར་ཁ་དོག་ཐམས་ཅད་དང་ལྡན་པ་རྒྱ་མཚོ་རབ་དུ་འགྱེད་པའི་ཁ་དོག་དང་། འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་ཁ་དོག་བརྗོད་དུ་མེད་པ་སྣ་ཚོགས་རྣམ་པ་ཐ་དད་པ་ཡོངས་སུ་སྟོན་པའི་ཁ་དོག་དང་། སྤོས་ཐམས་ཅད་ཀྱི་འོད་འཕྲོ་བ་ཀུན་ལས་འདས་པའི་ཁ་དོག་དང་། བ་སྤུའི་སྒོ་རེ་རེ་ནས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཉི་མའི་དཀྱིལ་འཁོར་གྱི་སྤྲིན་ཡོངས་སུ་སྟོན་པའི་ཁ་དོག་དང་། ཟླ་བའི་དཀྱིལ་འཁོར་གྱི་གཟུགས་དྲི་མ་མེད་ཅིང་ཡངས་པའི་སྤྲིན་གྱི་བྱིན་གྱི་རླབས་ཀྱི་ཁ་དོག་དང་། མེ་ཏོག་ཡིད་དུ་འོང་བའི་རི་རབ་ཀྱི་སྤྲིན་མཐའ་ཡས་པ་རབ་ཏུ་འགྱེད་པའི་ཁ་དོག་དང་། ཕྲེང་བ་སྣ་ཚོགས་མངོན་པར་སྒྲུབ་པའི་ཤིང་གི་སྤྲིན་གྱི་ཕྲེང་བ་ཐམས་ཅད་ཀྱི་ཆར་རབ་ཏུ་འབེབས་པའི་ཁ་དོག་དང་། རིན་པོ་ཆེ་ཐམས་ཅད་ཀྱི་པདྨོའི་སྤྲིན་ཡོངས་སུ་སྟོན་པའི་ཁ་དོག་དང་། སྤོས་དང་བདུག་སྤོས་ཐམས་ཅད་ཀྱི་ན་བུན་གྱི་གཟུགས་ཀྱི་སྤྲིན་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་ཁ་དོག་དུ་སེམས་ཀྱི་
སྐད་ཅིག་རེ་རེ་ལ་ཕྱེ་མའི་མཛོད་ཀྱི་སྤྲིན་ཐམས་ཅད་བྱིན་གྱིས་བརླབས་ཤིང་། ཕྱོགས་བཅུར་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་རྒྱས་པར་བཀང་ནས་མཐོང་བས་འདུལ་བའི་སེམས་ཅན་རྣམས་དང་། ཐོས་པས་འདུལ་བ་དང་། རྗེས་སུ་དྲན་པས་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་སྤྲུལ་པ་མངོན་པར་བསྒྲུབ་པས་འདུལ་བ་དང་། ཡོངས་སུ་སྨྱིན་པར་འགྱུར་བའི་དུས་ལ་བབ་པས་འདུལ་བར་འགྱུར་བ་དང་། གཟུགས་ཀྱི་ལུས་ཡོངས་སུ་བསྟན་པས་འདུལ་བ་དང་། བསྙེན་བཀུར་བྱ་བས་འདུལ་བ་དང་། ཁོང་དུ་ཆུད་པར་བྱ་བས་འདུལ་བ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་སྣ་ཚོགས་ཡོངས་སུ་བསྟན་པས་འདུལ་བ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་རྣམ་པར་དམྱིགས་པ་ཡོངས་སུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་དང་། དུས་ཀྱི་དབང་དང་། མི་དགེ་བའི་ལས་ལས་རྣམ་པར་བཟློག་པའི་དབང་དང་། དགེ་བའི་ལས་ཡོངས་སུ་བསྒྲུབ་པ་ལ་སོ་སོར་འགོད་པའི་དབང་དང་། སྔོན་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པའི་དབང་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་ཀྱི་དབང་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་ཆེན་པོའི་རྣམ་པར་འཕྲུལ་པ་རབ་ཏུ་ཐོབ་པའི་ཆོས་ཀྱི་དབང་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པ་ཤིན་ཏུ་བསྒྲུབས་པའི་སྙིང་རྗེ་ཆེན་པོའི་སྟོབས་ཡོངས་སུ་འབྱུང་བའི་དབང་དང་། བྱམས་པ་ཆེན་པོའི་རྒྱ་མཚོ་རྣམ་པར་དག་པ་ཡོངས་སུ་བསྐྱེད་པའི་བསམ་པའི་དབང་གིས། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡང་དག་པར་བླང་བའི་ཕྱིར་རབ་ཏུ་འཇུག་གོ །རིགས་ཀྱི་བུ་དེ་ལྟར་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱས་པས་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་ལ་རབ་ཏུ་གནས་ཏེ། རྣམ་པར་དབྱེ་བ་མྱེད་པའི་ཆོས་ལ་ཞུགས་ནས་མཐའ་དང་དབུས་མེད་པའི་ལུས་ཀྱི་ཁ་དོག་དང་དབྱིབས་ཡོངས་སུ་བསྟན་
ཏེ། སྤྱོད་པའི་ལུས་རེ་རེ་ལས་མཐའ་དང་དབུས་མེད་པའི་ཁ་དོག་རྒྱ་མཚོ་འཇིག་རྟེན་དུ་རྣམ་པར་དམྱིགས་པར་བྱས་ཏེ། སྤྱོད་པའི་ཁ་དོག་རེ་རེ་ལས་མཐའ་དང་དབུས་མེད་པའི་འོད་གཟེར་གྱི་སྤྲིན་ཡོངས་སུ་བཀྱེ་ཞིང་འོད་གཟེར་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་གི་གཟུགས་བརྙན་མཐའ་དང་དབུས་མེད་པ་ཡོངས་སུ་བསྟན་ནས། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་དེ་བཞིན་གཤེགས་པ་འབྱུང་བ་མཐའ་དང་དབུས་མེད་པ་ཡོངས་སུ་བསྟན་ཏེ། དེ་བཞིན་གཤེགས་པ་རེ་རེ་ཞིང་ཡང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་ཡོངས་སུ་སྟོན་པ་བྱེད་ཅིང་སྔོན་གྱི་དགེ་བའི་རྩ་བས་ཡང་དག་པར་བསྐུལ་བ་བྱེད་དོ། །དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱང་ཡོངས་སུ་བསྐྱེད་དོ། །བསྐྱེད་པ་རྣམས་ཀྱང་ཡངས་པར་བྱེད་དོ། །དགེ་བའི་རྩ་བ་ཡངས་པར་བྱས་པ་རྣམས་ནི་རྣམ་པར་འཕེལ་བར་བྱེད་དེ། ཁོ་མོ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་། སེམས་ཅན་ཀྱི་ཁམས་མཐའ་དང་དབུས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་འགོད་པར་བྱེད་དོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། རིགས་ཀྱི་བུ་གཞན་ཡང་ཁྱོད་ཀྱིས་འདི་སྐད་དུ་སྨྲས་ཏེ། ཁྱོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ནས་ནི་ཇི་སྲིད་ཅིག་ལོན། བསྐལ་པ་བརྒྱ་ཕྲག་ཇི་སྙེད་ཅིག་ནས་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱོད་སྤྱོད་ཅེས་ཟེར་བ་དེའི་དོན་ཀྱང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བསྟན་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་རྟོག་པ་དང་། རྣམ་པར་རྟོག་པའི་ཡུལ་དང་ལྡན་པ། དེ་ལ་འཁོར་བ་རིང་བའམ། འཁོར་བ་ཐུང་བར་རྣམ་པར་དགོད་ཅིང་བརྗོད་པར་བྱ་བ་བྱེད་དོ། །བསྐལ་པ་ཀུན་ནས་ཉོན་མོངས་པའམ། བསྐལ་པ་རྣམ་པར་དག་པའམ། བསྐལ་པ་ཆུང་བའམ། བསྐལ་པ་ཆེ་བའམ། བསྐལ་པ་མང་བའམ། བསྐལ་པ་ཐ་དད་པའམ།
བསྐལ་པ་རྣམ་པ་སྣ་ཚོགས་སུ་བྱ་བའམ། བསྐལ་པ་རྣམ་པ་ཐ་དད་པར་བྱ་བར་ཡང་རྣམ་པར་དགོད་པ་དང་། བརྗོད་པར་བྱ་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པ་སྟེ། འདུ་ཤེས་ཀྱི་དྲ་བ་ཐམས་ཅད་དང་བྲལ་བ་སྒྲིབ་པའི་རི་ཐམས་ཅད་ལས་ཡང་དག་པར་འདས་པའི་བསམ་པ་ལ་ཡོངས་སུ་འཆར་ཏེ། དེའང་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་དུས་སུ་འདུལ་བ་ཇི་ལྟ་བ་བཞིན་དུ་སྣང་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། ཉི་མའི་དཀྱིལ་འཁོར་ལ་ཉིན་མཚན་གྱི་གྲངས་སུ་བྱ་བ་མྱེད་དེ། མི་སྲིད་ཀྱང་ཉི་མའི་དཀྱིལ་འཁོར་ནུབ་ན་ནི་ནུབ་མོར་སྣང་ངོ་། །ཉི་མའི་དཀྱིལ་འཁོར་ཤར་ན་ནི་ཉིན་བར་དུ་སྣང་ཞིང་བརྗོད་པ་ཡོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་པ་ལ་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་མྱེད་དེ། འཁོར་བ་ན་གནས་པའི་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་དང་། དུས་སུ་བྱ་བ་ཐམས་ཅད་ཀྱང་མེད་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའི་བསམ་པ་ལས་བྱུང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་དུས་ཀྱི་དབང་གིས་བསྐལ་པར་གནས་པ་དང་། འཁོར་བའི་འདུ་ཤེས་ཀྱི་རྣམ་པར་བགྲང་བའི་གྲངས་སུ་བགྲང་བ་ཡིན་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་པ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པར་གནས་པའི་འདུ་ཤེས་ཀྱི་རྣམ་པར་བགྲང་བ་ཡོད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་ནི་ནམ་མཁའི་དབྱིངས་ལ་འདུག་ཀྱང་། རིན་པོ་ཆེའི་རི་ཐམས་ཅད་དང་། རིན་པོ་ཆེའི་ཤིང་ཐམས་ཅད་དང་། རིན་པོ་ཆེའི་སྣོད་ཐམས་ཅད་དང་། རིན་པོ་ཆེའི་འབྱུང་གནས་ཐམས་ཅད་དང་། རྒྱ་མཚོ་ཐམས་ཅད་དང་། མཚོ་དང་མཚེའུ་ཐམས་ཅད་དང་།
ཆུ་དང་བའི་སྣོད་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ཀྱི་སེམས་ལ་གཟུགས་བརྙན་རྣམ་པར་དམྱིགས་པ་སྣང་སྟེ། སེམས་ཅན་ཐམས་ཅད་ལ་མངོན་དུ་གྱུར་པར་སྣང་ངོ་། །རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་རྣམས་ལ་ཉི་མའི་དཀྱིལ་འཁོར་གྱི་གཟུགས་བརྙན་བྱུང་བར་སྣང་ཡང་། ཉི་མའི་དཀྱིལ་འཁོར་དེ་ནི་རིན་པོ་ཆེའི་རི་རྣམས་ལའང་གནས་པ་མྱེད་དོ། །རིན་པོ་ཆེའི་ཤིང་ནས་རིན་པོ་ཆེའི་རྡུལ་ཤིན་ཏུ་ཕྲ་བ་རྣམས་ཀྱི་བར་དུའང་ཞུགས་པ་མེད། རིན་པོ་ཆེའི་འབྲུ་རྣམས་ཀྱི་ཁོངས་སུ་ཆུད་པའང་མ་ཡིན། རིན་པོ་ཆེའི་འབྱུང་གནས་རྣམས་ཀྱི་རྗེས་སུ་སོང་བའང་མ་ཡིན། རྒྱ་མཚོ་རྣམས་ཀྱི་ནང་དུ་སོང་བའང་མ་ཡིན། ཆུའི་སྣོད་ཐམས་ཅད་ཀྱི་ནང་དུ་ཞུགས་པ་ཡང་མ་ཡིན་མོད་ཀྱི། ཐམས་ཅད་ཀྱི་ཁོངས་ན་འདུག་པར་ཡང་སྣང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཁོར་བའི་རྒྱ་མཚོ་ལས་ནི་གྱེན་དུ་འཕགས། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་ནི་མངོན་པར་བྱུང་། ཆོས་ཀྱི་རང་བཞིན་ནམ་མཁའི་རྒྱུད་ལ་ནི་རྒྱུ་ཞིང་སྤྱོད། ཞི་བའི་ནམ་མཁའི་དབྱིངས་ལ་ནི་གནས་པར་གྱུར་མོད་ཀྱི་སྲིད་པའི་ལམ་གྱི་རྒྱུད་དང་། སྐྱེ་གནས་ཐམས་ཅད་དུའང་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་དོན་དུ་སེམས་ཅན་ཐམས་ཅད་དང་འདྲ་བའི་ལུས་སུ་སྐྱེ་བར་སྣང་སྟེ། འཁོར་བའི་ཉེས་པས་གོས་པར་མི་འགྱུར་རོ། །སྐྱེ་བ་དང་འཆི་འཕོ་བའི་སྡུག་བསྔལ་གྱིས་ཉེ་བར་གདུང་བ་མེད་དོ། །རྟོག་པ་དང་རྣམ་པར་རྟོག་པ་དག་དང་། འགྲོགས་པ་མེད་དོ། །བསྐལ་པ་ལའང་རིང་བའི་འདུ་ཤེས་སམ། ཐུང་བའི་འདུ་ཤེས་སུ་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་པ་དང་། འདུ་ཤེས་དང་སེམས་དང་ལྟ་བའི་ཕྱིན་ཅི་ལོག་ལས་ཡོངས་སུ་འདས་པ་དང་། ཊྜུ་ལམ་ལྟ་བུའི་འཇིག་རྟེན་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་
ཤེས་ཀྱིས་ཁོང་དུ་ཆུད་པ་དང་། སྒྱུ་མ་ལྟ་བུའི་འཇིག་རྟེན་ཐམས་ཅད་རབ་ཏུ་རྟོགས་པ་དང་། སེམས་ཅན་མྱེད་པའི་ཡེ་ཤེས་ཀྱི་དབྱིངས་རབ་ཏུ་ཐོབ་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རབ་ཏུ་མཐོང་བས་སྙིང་རྗེའི་དཀྱིལ་འཁོར་ཤིན་ཏུ་ཡངས་པ་དང་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་དོན་དུ་སེམས་ཅན་ཐམས་ཅད་ལ་མངོན་དུ་གྱུར་པར་སྣང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་ཆེན་པོ་ལ་སྩོགས་པ་ལ་གྲུ་ནི་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཡོངས་སུ་བསྒྲལ་བ་ལ་བརྩོན་པ་སྟེ། ནམ་མ་ཞིགས་ཀྱི་བར་དུ་རྒྱུན་གཅོད་པ་མེད་ཀྱང་། དེ་ལ་ཕ་རོལ་གྱི་ངོགས་ལ་མངོན་པར་ཆགས་པ་མེད། ཚུ་རོལ་གྱི་ངོགས་ལའང་མངོན་པར་ཆགས་པ་མེད། ཆུའི་དབུས་ནའང་གནས་པ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་གྲུའི་མཐུས་འཁོར་བའི་ཆུ་ཀླུང་གི་རྒྱུད་ལས་སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲལ་བ་ལ་ཞུགས་པ་ཡིན་ཏེ། དེ་ལ་ཚུ་རོལ་གྱི་མུས་འཇིགས་པ་མེད་དོ། །ཕ་རོལ་གྱི་མུར་བདེ་བར་འགྱུར་བའི་འདུ་ཤེས་མེད་དོ། །འོན་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསྐལ་པ་དཔག་ཏུ་མེད་པ་ཐམས་ཅད་དུ་གནས་པར་བྱ་བར་ཞེ་ནོན་པས་སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲལ་བར་བྱ་བ་ལ་ཞུགས་པ་ཡིན་ཏེ། བསྐལ་པའི་རྣམ་པ་ཐ་དད་པ་ལ་མངོན་པར་ཞེན་པ་མེད་དོ། །བསྐལ་པ་འདའ་བར་བྱ་བ་ལ་རིང་བའི་འདུ་ཤེས་སུ་གྱུར་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ཆོས་ཀྱི་དབྱིངས་ལྟར་ཡངས་པའི་ནམ་མཁའི་དབྱིངས་ནམ་མཁའི་གཞིའི་དཀྱིལ་འཁོར་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་འདུའམ་འཇིག་གམ་འདས་པར་གྱུར་ཀྱང་རྣམ་པར་རྟོག་པ་མེད་ཅིང་རང་བཞིན་གྱིས་རྣམ་པར་དག་ལ་ཀུན་ནས་ཉོན་མོངས་པ་མེད་དེ། འཁྲུག་པ་མེད་ཅིང་བསྒྲིབས་པ་མེད་ལ་ཕྱི་མའི་མཐའི་དུས་སུ་ཞིང་ཐམས་ཅད་འཛིན་ཀྱང་ཡོངས་སུ་སྐྱོ་
བ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བསམ་པ་ཡེ་ཤེས་ནམ་མཁའི་དཀྱིལ་འཁོར་ཀྱང་སྨོན་ལམ་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱིས་ཀུན་ནས་བསྐོར་ཅིང་ངན་སོང་གི་གཡང་ས་ཐམས་ཅད་ལས་སེམས་ཅན་ཡོངས་སུ་འཛིན་ཀྱང་ཡོངས་སུ་སྐྱོ་བ་མེད་དོ། །བདེ་བའི་ལམ་ལ་འགོད་པ་བྱེད་ཀྱང་ཡོངས་སུ་སྒྱིད་ལུག་པ་མེད་དོ། །ཐམས་ཅད་མཁྱེན་པའི་ལམ་ལ་འགོད་ཀྱང་ཞུམ་པར་བྱེད་པ་མེད་དོ། །ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་འཁྲུག་པ་མེད་དོ། །འཁོར་བའི་ཉེས་པ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་གདུང་བ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། སྒྱུ་མའི་རྣམ་པ་ལས་གྲུབ་པའི་མི་ཡན་ལག་དང་ཉིང་ལག་ཤིན་ཏུ་ཚང་བ་ལ་ལུས་ལ་གནས་པའི་ཆོས་བཅུ་མེད་དེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དབུགས་ནང་དུ་རྒྱུ་བའམ། དབུགས་ཕྱིར་རྒྱུ་བའམ། གྲང་བའམ། དྲོ་བའམ། བཀྲེས་པའམ། སྐོམ་པའམ། དགའ་བའམ། མི་དགའ་བའམ། སྐྱེ་བའམ། རྒ་བའམ། ན་བའམ། འཆི་བ་དང་། གནོད་པར་འགྱུར་བ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྱུ་མའི་རྣམ་པ་ལས་བྱུང་བའི་གཟུགས་དང་ལྡན་པ། ཆོས་ཀྱི་དབྱིངས་ཐ་མི་དད་པའི་ལུས་དང་ལྡན་པ། སྲིད་པའི་ལམ་གྱི་རྒྱུད་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པའི་དོན་དུ་སྐྱེས་ཏེ། བསྐལ་པ་ཐམས་ཅད་དུ་གནས་པ་ལའང་ཆོས་བཅུ་མེད་དེ། བཅུ་གང་ཞེ་ན། འདི་ལྟ་སྟེ་འཁོར་བ་ལ་མངོན་པར་དགའ་བའམ། འཁོར་བ་སྲིད་པའི་ལམ་གྱི་རྒྱུད་དུ་སྐྱེ་བས་སྐྱོ་བར་འགྱུར་བའམ། ཡུལ་གྱི་དགའ་བ་ལ་འདུན་པའམ། ཁོང་ཁྲོ་བའི་སེམས་སམ། ལོངས་སྤྱོད་པར་འདོད་པའམ། ཉོན་མོངས་པ་ཐམས་ཅད་ཀྱིས་ཡོངས་སུ་གདུང་བའམ། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བའམ། ལམ་ཉམ་ང་བར་སྐྱེ་བས་འཇིགས་པའམ། སྲིད་པར་མངོན་པར་འདུན་པའམ། མངོན་པར་ཆགས་པ་མེད་དོ། །འོན་ཀྱང་རིགས་ཀྱི་བུ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་མ་འོངས་པའི་བྱང་ཆུབ་སེམས་དཔའ་
རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་ཆེན་པོའི་སྟོབས་རྣམ་པར་འཕེལ་བར་བྱ་བའི་ཕྱིར་བསྟན་པར་བྱའོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་དེའི་ཡང་ཕ་སྔ་འདས་པར་གྱུར་པ་དེའི་ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་འོད་ཅེས་བྱ་བ་ཞིག་བྱུང་སྟེ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་འོད་དེ་ལ་བསྐལ་པ་ནི་འོད་བཟང་པོ་ཞེས་བྱ་བ་བྱུང་ངོ་། །བསྐལ་པ་འོད་བཟང་པོ་ཞེས་བྱ་བ་དེ་ལ་ནི་སངས་རྒྱས་སྟོང་ཕྲག་བཅུ་བྱུང་བར་གྱུར་ཏེ། རིགས་ཀྱི་བུ་སངས་རྒྱས་སྟོང་ཕྲག་བཅུ་པོ་དེ་དག་ལས་བསྐལ་པའི་དང་པོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མ་རྒྱལ་པོ་ཞེས་བྱ་བ་མཁྱེན་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་ཐམས་ཅད་ཀྱི་ཐོག་མ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་གླིང་བཞི་པའི་དབུས་ན་རྒྱལ་པོའི་གནས་དགའ་བས་བརྒྱན་པ་ཞེས་བྱ་བ་ཡོད་པ་དང་། ཚོད་དུ་ཡང་རྒྱང་མི་རིང་བ་ཞིག་བྱུང་སྟེ། རྒྱལ་པོའི་གནས་དགའ་བས་བརྒྱན་པ་དེའི་ཤར་ཕྱོགས་ལོགས་ན། ནགས་ཚལ་འོད་བཟང་པོ་ཞེས་བྱ་བ་ཞིག་ཡོད་དེ། ནགས་ཚལ་འོད་བཟང་པོ་དེར་སྙིང་པོ་བྱང་ཆུབ་རིན་པོ་ཆེའི་མེ་ཏོག་གི་སྤྲིན་ཅེས་བྱ་བ་བྱུང་ངོ་། །སྙིང་པོ་བྱང་ཆུབ་རིན་པོ་ཆེའི་སྤྲིན་ཅེས་བྱ་བ་དེར་གདན་སེང་གེའི་ཁྲི་རིན་པོ་ཆེ་རྣམ་པར་སྣང་བའི་སྙིང་པོ་ཅན་བྱུང་སྟེ། དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མ་རྒྱལ་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །དེའི་ཚེ་མིའི་ཚེའི་ཚད་ལོ་སྟོང་ཕྲག་བཅུ་ཐུབ་པ་ལས་འཇིག་རྟེན་དུ་སེམས་ཅན་སྲོག་
གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་ཟེར་བ་དང་། ཞེ་གཅོད་པའི་ཚིག་སྨྲ་བ་དང་། ཚིག་ཁྱལ་པ་ཟེར་བ་དང་། ཆགས་སེམས་དང་ལྡན་པ་དང་། གནོད་སེམས་ཡོད་པ་དང་། ལོག་པར་ལྟ་བ་ཅན་བྱུང་སྟེ། དེ་ལྟར་མི་དགེ་བའི་ལས་ཀྱི་ལམ་བཅུ་རྣམ་པར་རྒྱས་པར་གྱུར་ནས་རབ་ཏུ་བརྟན་པར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མ་རྒྱལ་པོ་དེས་འཇིག་རྟེན་གྱི་དབང་པོའི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་རྣམས་དང་། འཛམ་བུ་གླིང་གི་མྱི་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་སྙིང་པོ་བྱང་ཆུབ་མཆོག་ཏུ་གཤེགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་བསྟན་ཏོ། །དེའི་ཚེ་རྒྱལ་པོའི་གནས་དགའ་བས་བརྒྱན་པ་དེ་ན་རྒྱལ་པོ་རྒྱལ་བའི་འོད་ཅེས་བྱ་བ་འདུག་འདུག་སྟེ། དེས་མི་མ་བྱིན་པར་ལེན་པ། རྐུ་བ། སྡིག་ཏོ་བྱེད་པ། སྲོག་གཅོད་པ། འདོད་པས་ལོག་པར་གཡེམ་པ། བརྫུན་ཟེར་བ། ཕྲ་མ་སྨྲ་བ། ཞེ་གཅོད་པའི་ཚིག་དང་ལྡན་པ། ཚིག་ཁྱལ་བ་སྨྲ་བ། ཆགས་སེམས་ཅན་གནོད་སེམས་ཡོད་པ། ལོག་པར་ལྟ་བ། ཆོས་མ་ཡིན་པའི་འདོད་ཆགས་ལ་ཞེན་པ། འདོད་པ་མི་བཟད་པས་མངོན་པར་ནོན་པ། ལོག་པའི་ཆོས་ཀྱིས་ཀུན་ནས་འཁོར་བ། སྡིག་ཏོ་བྱེད་བྱེད་པ། ཁྲོ་གཏུམ་བྱེད་བྱེད་པ། བསོད་ནམས་མ་བྱས་པ། འཇིགས་པས་བག་ཚ་བ་མེད་པ། མར་མི་ཤེས་པ། ཕར་མི་ཤེས་པ། དགེ་སྦྱོང་དུ་བྱ་བ་མེད་པ། བྲམ་ཟེར་བྱ་བ་མེད་པ། ཚུལ་མི་ཤེས་པ་གཡོན་དང་ལྡན་པ་བརྒྱ་སྟོང་དུ་མ་རབ་ཏུ་གདུལ་བར་བྱ་བའི་ཕྱིར་བཙོན་རར་བཙུད་པར་གྱུར་ཏོ། །རྒྱལ་པོ་རྒྱལ་བའི་འོད་དེ་ལ་བུ་གཟུགས་བཟང་བ་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་དམ་པ་རྒྱས་པ་དང་ལྡན་པ་མི་ཆེན་པོའི་མཚན་ཉི་ཤུ་རྩ་བརྒྱད་དང་ལྡན་པ། རྣམ་པར་རྒྱལ་བ་ཞེས་བྱ་བ་ཞིག་ཡོད་པ་དེ། ཁང་པ་གླུ་སྙན་པའི་དབྱངས་
ཤེས་བྱ་བའི་སྟེང་དུ་ཕྱིན་ཏེ། བུད་མེད་ཀྱི་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་འདུག་འདུག་པ་ལས་བཙོན་ར་ན་འཁོད་པའི་སེམས་ཅན་མཚོན་ཆ་སྣ་ཚོགས་ཀྱིས་དམ་དུ་གླགས་པ། དེ་དག་གི་སྒྲ་འཇིགས་འཇིགས་སྐད་དུ་འབོད་པ་ཐོས་པར་གྱུར་ཏོ། །ཐོས་ནས་མི་དགའ་ཞིང་ཤིན་ཏུ་ཉམས་མི་བདེ་བའི་སེམས་སུ་གྱུར་ཏེ། སྙིང་རྗེ་ཆེན་པོ་སྐྱེས་ནས་ཁང་སྟེང་དེ་ནས་ཤོད་དུ་བབས་ཏེ། བཙོན་ར་དེར་ཕྱིན་ནས་བཙོན་ར་དམ་པོ་ན་འཁོད་པའི་སེམས་ཅན་ཤིང་སྒྲོག་དང་ལྕགས་སྒྲོག་དང་། ཁོང་སྒྲིལ་དང་། ལྟུང་དང་མདོ་རྟོད་ཀྱིས་བསྒྲོགས་ཤིང་བརྟོད་དེ་གཅིག་གི་ལུས་དང་གཅིག་ཏུ་སྦྲེལ་ནས་མུན་པ་མུན་ནག་ཏུ་བཙུད་དེ། དུད་པའི་རབ་རིབ་ཀྱིས་འགྲིགས་ཤིང་། རླུང་ནད་ཉམས་སུ་མྱི་བདེ་བས་ཉམ་ཐག་པར་གྱུར་པ། དབུགས་ཤིན་ཏུ་མི་བདེ་བ་རྒྱུ་བ་བཀྲེས་པ་དང་། སྐོམ་པས་མནར་བ། སྒྲེན་མོ་གོས་མེད་པ་ལུས་ཐམས་ཅད་ཕྱག་དར་དང་རྡུལ་གྱི་ནང་ན་འགྲེ་བ། ལུས་རང་གིས་སྐྲས་ཡོག་པ། བརླ་སྒྲིལ་གྱིས་དམ་དུ་བཅིངས་པ། ཉོན་མོངས་པ་སྣ་ཚོགས་ཀྱིས་ཐོ་བཙམས་པ་སྡུག་བསྔལ་གྱི་ཚོར་བས་ཟིལ་གྱིས་མནན་ཅིང་། སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏེ། མི་བཟད་པ་སྣ་ཚོགས་ཀྱི་སྨྲེ་སྔགས་ཀྱིས་བླ་ཞིང་འོ་དོད་འབོད་པ་དེ་དག་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། སྙིང་རྗེའི་བསམ་པ་རྒྱ་ཆེན་པོ་བྱུང་ནས་གཞན་ལ་ཕན་པར་བྱ་བའི་སེམས་སྐྱེས་ཏེ། བཙོན་རའི་ཐིབས་པོ་ན་འཁོད་པའི་སེམས་ཅན་རྣམས་བཙོན་ར་ནས་ཐར་བར་བྱའོ། །ཞེས་དབུགས་བཏོན་ནས་དེས་སེམས་ཅན་དེ་དག་མི་འཇིགས་པ་བྱིན་ཏེ། རྒྱལ་པོ་རྒྱལ་བའི་འོད་གང་ན་བ་དེར་སོང་སྟེ། འདི་སྐད་ཅེས་གསོལ་ཏོ། །ལྷའི་ཞལ་སྔ་ནས་མཁྱེན་པར་མཛད་ཏུ་གསོལ། བཙོན་ར་མི་བདེ་བ་ན་མཆིས་པའི་སེམས་ཅན་རྣམས་ལ་གློ་བ་རྗེས་ནས་བདག་གིས་མི་འཇིགས་པ་སྩལ་ན་དེ་དག་དགྱེ་བར་ཅི་གནང་ཞེས་ནས། དེ་ནས་རྒྱལ་པོ་རྒྱལ་བའི་འོད་ཀྱིས་བློན་པོ་ལྔ་བརྒྱ་པོ་བསྩོགས་ནས་ཁྱེད་ཇི་སྙམ་དུ་སེམས་
ཞེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། བཙོན་འདི་རྣམས་ནི་རྒྱལ་པོའི་ཕྱག་མཛོད་རྐུ་བ། རྒྱལ་པོའི་སྐུ་ལ་དར་བ། བཙུན་མོའི་འཁོར་དུ་ཞུགས་པ་ལས་བཟུང་བ་ཤ་སྟག་སྟེ། དེ་དག་ནི་མི་དགུམ་དུའང་མི་རུང་། དེ་དག་གི་ཆད་པ་ནི་དགུམ་པས་འབྲ་བར་བས་ཏེ། མ་ལགས་ནའང་བཙོན་རར་གུམ་ན་ཆད་པ་འབྲ་ལགས་གྲང་། དེ་དག་གི་མགོན་སུ་བགྱིད་པ་དེའང་རྒྱལ་པོའི་ཞལ་སྔར་གློ་བ་རིང་ངོ་། །དེ་ནས་རྒྱལ་པོའི་བུ་རྣམ་པར་རྒྱལ་བ་སྙིང་རྗེ་ཆེན་པོས་མི་བཟོད་ཅེས་ནས་བློན་པོ་དེ་དག་ལ་སྨྲས་པ། ཁྱོད་ཀྱིས་ཇི་སྐད་དུ་སྨྲས་པ། དེ་ལྟར་ཡང་རུང་སྟེ། ངས་ཁོང་ཏ་འདི་དག་གི་དོན་དུ་སྡུག་བསྔལ་ཉམས་སུ་བླངས་པ་ཐམས་ཅད་ཀྱང་བཟོད་པར་བྱ་ན་དེ་དག་ལ་ཁྱོད་ཀྱིས་ཅི་བྱ། དེ་ང་ལ་གྱིས་ཏེ་ཉེས་པ་ཅན་དེ་དག་ཁྱེ་ཤིག །ངས་དེ་རྣམས་བཙོན་ར་ནས་དགྲོལ་བའི་དོན་དུ་མི་བདེ་བ་ཐམས་ཅད་ཉམས་སུ་བླངས་ཏེ། ལུས་དང་སྲོག་ཡོངས་སུ་དོར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ངས་སེམས་ཅན་འདི་རྣམས་ཙམ་ཞིག་ཀྱང་བཙོན་ར་ནས་དགྲོལ་བར་མ་ནུས་ན་ཁམས་གསུམ་པའི་བཙོན་ར་ན་འཁོད་པའི་སེམས་ཅན་སྲེད་པའི་ཞགས་པས་གླགས་པ། མ་རིག་པའི་ཐིབས་པོ་ན་འཁོད་པ། གཏི་མུག་གི་མུན་པར་བཙུད་པ། ཕོངས་པའི་སྡུག་བསྔལ་གྱིས་མནར་བ་ངན་སོང་གི་རྒྱུད་ཟབས་སུ་རིང་ཞིང་འབྱུང་བར་དཀའ་བར་ཆུད་པ། དབྱིབས་མི་སྡུག་ལ་མདོག་མི་སྡུག་པ་དང་ལྡན་པ། དབང་པོའི་སྦྱོར་བ་ཐམས་ཅད་དང་བྲལ་བ། ནོར་བའི་ཡིད་དང་ལྡན་པ། འབྱུང་བ་མི་མཐོང་བ་སྣང་བ་མེད་པ་ཁམས་གསུམ་པ་ལ་མངོན་པར་ཞེན་པ། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་མྱེད་པ། ཡེ་ཤེས་ཀྱི་སྐྱེ་མཆེད་དང་སྐོལ་བ་ཉོན་མོངས་པ་སྣ་ཚོགས་ཀྱིས་སེམས་དྲི་མ་ཅན་དུ་གྱུར་པ། སྡུག་བསྔལ་གྱི་ཤིང་ཐགས་ཀྱིས་འཁོར་བ་དང་། བདུད་ཀྱི་དབང་དུ་གྱུར་པ། སྐྱེ་བ་དང་རྒ་བ་དང་། ན་བ་དང་། འཆི་བ་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མྱི་
བདེ་བ་དང་། འཁྲུག་པས་མནར་བ་རྣམས་ཀྱང་ཇི་ལྟར་ཁྲོལ་བར་བྱ་ཞེས་ནས། རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བས་བཙོན་ར་ན་འཁོད་པའི་སེམས་ཅན་དེ་དག་བདག་ཉིད་ཡོངས་སུ་གཏང་བ་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་གཏང་བས། གཡོག་འཁོར་ཐམས་ཅད་དང་། ནོར་གྱི་ཕུང་པོ་ཐམས་ཅད་ཀྱིས་བླུས་ཏེ། བརྩོན་ར་དེ་དག་ནས་ཡོངས་སུ་བཀྱེ་ནས་སེམས་ཅན་དེ་དག་གི་སྡུག་བསྔལ་ཉམས་སུ་བླངས་ཏེ། ཕྱིར་ལྡོག་པ་མྱེད་པར་གྱུར་ཏོ། །དེ་ནས་བློན་པོ་ལྔ་བརྒྱ་པོ་དེ་དག་གིས་ལག་པ་གྱེན་དུ་བསྒྲེང་སྟེ། འོ་དོད་བོས་ནས་རྒྱལ་པོ་རྒྱལ་བའི་འོད་ཀྱི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་ཞལ་སྔ་ནས་མཁྱེན་པར་མཛད་དུ་གསོལ། གཞོན་ནུ་རྣམ་པར་རྒྱལ་བའི་མཆིད་ཐབས་སུ་བགྱིས་པས། རྒྱལ་པོའི་ཆབ་སྲིད་ཀྱང་སྟོར་བར་འགྱུར། བདག་ཅག་རྣམས་ཀྱང་སྲོག་ལ་འབབ་པར་ཐེ་ཙོམ་འཚལ་ཏེ། ལྷའི་ཞལ་སྔ་ནས་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་ལ་བཀའ་ནན་མ་མཛད་ན་ནི། རིང་པོ་ཡང་མྱི་ཐོགས་པར་ལྷའི་ཞལ་སྔར་སྐུ་ལ་དར་བར་འགྱུར་རོ་ཞེས་པ་དང་། དེ་ནས་རྒྱལ་པོ་རྒྱལ་བའི་འོད་ཤིན་ཏུ་ཁྲོས་ནས། རྒྱལ་པོའི་བུ་རྣམ་པར་རྒྱལ་བ་དང་། གཡོན་དང་ལྡན་པའི་མྱི་དེ་དག་དུ་བཅས་ཏེ་གསད་པར་བྱས་སོ། །དེ་ནས་དེའི་མ་སྐྱེད་སྐྱེད་པས་ཐོས་ནས་མྱི་དགའ་སྟེ། བུད་མྱེད་ཀྱི་འཁོར་སྟོང་དང་བཅས་ཏེ། སྐྲ་ནི་བཤིག །ལུས་ཀྱི་རྒྱན་ནི་བོར་རང་གི་བཞིན་ནི་དྲལ། བྲང་ནི་བརྡུང་མགོ་ནི་ཕྱག་དར་གྱིས་གང་བར་སྙིང་རྗེ་རྗེ་སྐད་ཀྱི་ང་རོར་ངུ་ཞིང་རྒྱལ་པོའི་དྲུང་དུ་ཕྱིན་ནས། འཁོར་དང་བཅས་པས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། འདི་སྐད་དུ་གསོལ་བ་བཏབ་པོ། །ལྷའི་ཞལ་སྔ་ནས་ཐུགས་ཅི་དགོངས། རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་གཏང་དུ་གསོལ། རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བའི་སྲོག་སྩལ་དུ་གསོལ་ཞེས་ནས། དེ་ནས་རྒྱལ་པོས་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་མདུན་དུ་བཞག་སྟེ། འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་གཡོན་དང་ལྡན་པའི་མྱི་
འདི་རྣམས་ཐོང་། དེ་སྟེ་མྱི་གཏོང་ཞིང་དེ་རྣམས་ཀྱི་ལེ་ལན་དུ་ཤི་བར་གྱུར་ཏ་རེ་ཞེས་པ་དང་། དེས་ཞུམ་པ་མྱེད་པའི་སེམས་མ་འཁུམས་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་པར་བརྩོན་པ། གཞན་ལ་ཕན་པར་གཞོལ་བ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་འཆི་བར་ཁས་བླངས་པ་དང་། དེའི་མས་རྒྱལ་པོ་རྒྱལ་བའི་འོད་ལ་ཟླ་བ་ཕྱེད་ཅིག་ཏུ་ཕྲད་པར་གསོལ་བ་བཏབ་པ། དགུང་ཟླ་ཕྱེད་གཅིག་ཏུ་གཞོན་ནུ་འདི་སྦྱིན་པ་སྩོལ་དུ་ཅི་གནང་། དེ་སླན་ཅད་ནི་སུ་ཅི་དགྱེས་པ་དེའང་མཛད་པར་གསོལ་ཞེས་པ་དང་། དེ་དེ་ལྟར་གྱིས་ཤིག་ཅེས་རྒྱལ་པོས་གནང་ངོ་། །དེ་ནས་རྒྱལ་པོའི་གནས་དགའ་བས་བརྒྱན་པ་དེའི་བྱང་ཕྱོགས་ལོགས་ཤིག་ན། སྔོན་མཆོད་སྦྱིན་གྱི་གནས་སུ་བྱ་བའི་བཟའ་ཤིང་གི་ར་བ་ཆེན་པོ་ཉི་མའི་འོད་ཅེས་བྱ་བ་དེར་གཞོན་ནུ་དེ་སོང་ནས། སུ་ཅི་འདོད་པ་དེ་ལ་དེ་བྱིན་ཏེ། དེས་གཏན་པ་མྱེད་པའི་མཆོད་སྦྱིན་བྱས་ནས་ཟླ་བ་ཕྱེད་དུ་སྦྱིན་པ་རྣམ་པ་སྣ་ཚོགས་བྱིན་ཏེ། ཟས་འདོད་པ་ལ་ཟས་བྱིན། སྐོམ་འདོད་པ་ལ་སྐོམ་བྱིན། བཞོན་པ་དང་། གོས་དང་། མེ་ཏོག་དང་། ཕྱེ་མ་དང་། བྱུག་པ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་རིན་པོ་ཆེའི་རྒྱན་དང་། ཡོ་བྱད་ཐམས་ཅད་དང་། ལྷབ་ལྷུབ་ཐམས་ཅད་དང་། ཡོ་བྱད་ཀྱི་རྣམ་པ་ཐམས་ཅད་ཀྱང་དེ་དག་འདོད་པ་ལ་ཡོངས་སུ་བཏང་སྟེ། དེ་ནས་ཉི་མ་ཐ་མ་ལ་བབ་པར་གྱུར་པ་དང་། འགྲོ་བ་མང་པོའི་ཚོགས་ཀུན་ནས་འདུས་ཏེ། རྒྱལ་པོའི་བློན་པོ་དང་། བུད་མྱེད་ཀྱི་ཚོགས་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། ལྗོངས་དང་། ཡུལ་གྱི་མྱི་དང་། ཞགས་པ་འཐུབ་པ་ཐམས་ཅད་ཀྱང་ཀུན་ནས་འདུས། བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མ་རྒྱལ་པོ་དེ་བཞིན་གཤེགས་པ་དེ་ཡང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་དུས་ཐུགས་སུ་ཆུད་ནས། མཆོད་སྦྱིན་གྱི་གནས་དེར་གཤེགས་ཏེ། ལྷའི་དབང་པོའི་ཚོགས་ཀྱིས་ནི་ཡོངས་སུ་བསྐོར། ཀླུའི་དབང་པོས་ནི་ཡང་དག་པར་མཆོད།
གནོད་སྦྱིན་གྱི་དབང་པོས་ནི་ལུས་མངོན་པར་བཏུད། དྲི་ཟའི་དབང་པོས་ནི་མངོན་པར་བསྟོད། ལྷ་མ་ཡིན་གྱི་དབང་པོས་ནི་ལུས་ཤིན་ཏུ་བཏུད་ནམ་མཁའ་ལྡིང་གི་དབང་པོ་གཙུག་གི་རིན་པོ་ཆེས་རྣམ་པར་བརྒྱན་པས་ནི་སེམས་དང་བའི་མཆོད་པའི་རྣམ་པས་རབ་ཏུ་བཀང་། མྱིའམ་ཅིའི་དབང་པོ་རྣམས་ཀྱིས་ནི་དགའ་བའི་ཡིད་ཀྱིས་ཡོངས་སུ་མཆོད་དེ། བསྟོད་པའི་གླུའི་དབྱངས་ཀྱིས་ཡོངས་སུ་བསྐུལ། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཀྱིས་ནི་ཀུན་ནས་བསྐོར་ཅིང་ཞལ་དུ་བལྟ་བ་དེ། འགྲོ་བའི་ཚོགས་ཆེན་པོ་དེ་དང་། རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མ་རྒྱལ་པོ་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ། དབང་པོ་ཞི་བ་ཐུགས་ཞི་བ། ཤིན་ཏུ་དབེན་པར་དབང་པོ་ལས་རྒྱལ་བ། གླང་པོ་ལྟར་ཤིན་ཏུ་དུལ་བ། མཚོ་ལྟར་རབ་ཏུ་དང་ཞིང་གསལ་ལ་རྙོག་པ་མྱེད་པ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཆེན་པོས་ནི་རྣམ་པར་མཛེས། སངས་རྒྱས་ཀྱི་བདག་ཉིད་ཆེ་བས་ནི་རབ་ཏུ་འབར། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བཟང་པོའི་རྒྱན་གྱིས་ནི་སྐུ་མཛེས་པར་བརྒྱན། འཇིག་རྟེན་ཐམས་ཅད་ནི་སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་སྣང་བས་རྒྱས་པར་འགེངས་ཤིང་། སངས་རྒྱས་ཀྱི་འོད་ཟེར་གྱིས་རབ་ཏུ་སྣང་བ་མཛད། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་ནི། སྤོས་རིན་པོ་ཆེའི་ངད་འཕྲོ་བའི་འཁོར་ལོ་རབ་ཏུ་འགྱེད། སངས་རྒྱས་ཀྱི་ཞིང་རབ་ཏུ་བསྐྱོད་པའི་ཚུལ་དུ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱོད་པ་མཛད་ཅིང་། རྒྱན་ཐམས་ཅད་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པའི་སངས་རྒྱས་ཀྱི་རྣམ་པར་གནོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བའི་སངས་རྒྱས་ཀྱི་སྤྱོད་ལམ་དང་། སེམས་ཅན་ཐམས་ཅད་ཀྱི་དགའ་བའི་ཤུགས་རྣམ་པར་འཕེལ་བར་མཛད་པའི་སངས་རྒྱས་ཀྱི་ཞལ་བལྟ་བའི་
བྱིན་གྱིས། ཕ་ཟད་ཅིག་ནས་ཚུར་གཤེགས་པ་མཐོང་ནས། དེ་བཞིན་གཤེགས་པ་ལ་སེམས་མངོན་པར་མོས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་དང་། འགྲོ་བའི་ཚོགས་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མའི་རྒྱལ་པོ་དེ། ཕ་ཟད་དུ་བསུ་ནས་མོས་པའི་སེམས་ཀྱིས་ལུས་ཐམས་ཅད་ཀྱིས་ཕབ་སྟེ་ཕྱག་འཚལ་ནས། ཞབས་གཉིས་ལ་སྤྱི་བོས་གཏུགས་ཏེ། མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་མཆོད་ནས་ཚིག་འདི་སྐད་དུ་བརྗོད་དོ། །བཅོམ་ལྡན་འདས་ཚུར་གཤེགས་སུ་གསོལ། བདེ་བར་གཤེགས་ པ་ཚུར་གཤེགས་སུ་གསོལ། དེ་བཞིན་གཤེགས་པས་བདག་ཅག་དགོངས ་སོ། །བདེ་བར་གཤེགས་པས་བདག་ཅག་ཡོངས་སུ་བཟུང་ངོ་། །དེ་ནས་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བས་བཅོམ་ལྡན་འདས་ལ་གདན་དམ་པས་བསྟབས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདན་བཏིང་བ་འདིར་བཞུགས་སུ་གསོལ་ཞེས་ནས་བཅོམ་ལྡན་འདས་དེར་གཤེགས་པ་དང་གདན་དེ་ཡང་གཙང་སྦྲ་ལྷུར་ལེན་པའི་ལུས་ཀྱི་རིས་སུ་གཏོགས་པའི་ལྷ་རྣམས་ཀྱིས་སངས་རྒྱས་ཀྱི་བྱིན་གྱིས་རིན་པོ་ཆེ་སྤོས་ཀྱི་རྒྱལ་པོའི་པདྨོའི་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་ནས། གདན་དེ་ལ་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མའི་རྒྱལ་པོ་དེ་བཞིན་གཤེགས་པ་བཞུགས་སོ། །འཁོར་གྱི་སྟན་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་འཁོད་དེ། དེའི་ཞལ་མཐོང་མ་ཐག་ཏུ་འཁོར་དེའི་སེམས་ཅན་ཐམས་ཅད་ཀྱང་། སྒྲིབ་པ་ཐམས་ཅད་དང་བྲལ་ཏེ། ནད་ཐམས་ཅད་ཀྱང་ཞི་བར་གྱུར་ནས། འཕགས་པའི་ཆོས་ཀྱི་སྣོད་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མའི་རྒྱལ་པོས་སེམས་ཅན་དེ་དག་སྣོད་དུ་གྱུར་པར་ཐུགས་སུ་ཆུད་ནས། བསྟན་པ་རིམ་པས་བཀའ་སྩལ་ཏེ། འདི་ལྟར་རྒྱུའི་དཀྱིལ་འཁོར་རབ་ཏུ་སྣང་
བ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་བསྟན་ནས་ཞལ་གྱི་སྒོ་ནས་འགྲོ་བ་ཐམས་ཅད་ཀྱི་སྐད་རྒྱ་མཚོ་དང་། ངེས་པའི་ཚིག་དང་། ངག་གིས་དབྱངས་སུ་བརྗོད་པའི་གསུང་དབྱངས་ཀྱི་ཡན་ལག་སྟོང་དང་ལྡན་པ། ཆོས་ཀྱི་ཡན་ལག་ཐམས་ཅད་དང་ལྡན་པ་རབ་ཏུ་བསྒྲགས་པ་དང་། དེའི་མོད་ལ་འཁོར་དེ་ནས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་ནི་རྡུལ་དང་བྲལ་ཏེ། དྲི་མ་མྱེད་པར་གྱུར་ནས། ཆོས་ལ་ཆོས་ཀྱི་མྱིག་སྐྱེས་པར་གྱུར་ཏོ། །སྲོག་ཆགས་བྱེ་བ་མང་ཞིག་གིས་ནི། མྱི་སློབ་པའི་ས་ཐོབ་པར་གྱུར་ཏོ། །སྲོག་ཆགས་སྟོང་ཕྲག་བཅུ་ནི་ཐེག་པ་ཆེན་པོ་ལ་རྣམ་པར་དུལ་བར་གྱུར་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོ་དང་། སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པའི་ཚུལ་ལ་ཞུགས་པར་གྱུར་ཏོ། །དེ་ལྟར་བཅོམ་ལྡན་འདས་དེས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཚེ། ཕྱོགས་བཅུའི་སེམས་ཅན་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐེག་པ་ཆེན་པོ་ལ་རྣམ་པར་དུལ་བར་གྱུར་ཏོ། །ཕྱོགས་བཅུའི་འཇིག་རྟེན་སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་སྣ་ཚོགས་སུ་གཏོགས་པའི་སེམས་ཅན་མཐའ་དང་དབུས་མྱེད་པ་དག་གི་ཡང་ངན་སོང་གི་ས་རྣམ་པར་བཟློག་པར་གྱུར་ཏོ། །སེམས་ཅན་གྲངས་ལས་འདས་པ་ཞིག་ནི་མཐོ་རིས་སུ་སྐྱེ་བའི་ལམ་ལ་རབ་ཏུ་བཀོད་པར་གྱུར་ཏོ། །རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བས་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས། བསམ་པ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་འདི་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་ཞེས་བྱ་བ་བྱུང་སྟེ། རང་གི་ལུས་དང་སྲོག་ཡོངས་སུ་བཏང་ནས། ནོར་གྱི་ཚོགས་དང་། འཁོར་ཐམས་ཅད་དང་། མྱིའི་འཇིག་རྟེན་ན་འཚོ་བའི་བདེ་བ་ཡོངས་སུ་སྤངས་ནས་བཙོན་ར་ན་འཁོད་པའི་སེམས་ཅན་དེ་དག་ཐར་
བར་བྱས་པ། མཆོད་སྦྱིན་ཆེན་པོ་གཏན་པ་མྱེད་པའི་མཆོད་སྦྱིན་བྱེད་བྱེད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མའི་རྒྱལ་པོ་དེ་ལ་བསྙེན་བཀུར་བྱེད་བྱེད་པ་དེ་བཞིན་གཤེགས་པ་དེའི་ཞལ་མཐོང་བའི་མོད་ལ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་ཡང་ཐོབ་པར་གྱུར་པ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མྱི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་ཞེས་བྱ་བར་གྱུར་ཏོ། །དེ་ལྟར་ཁོ་མོ་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་ཞེས་བྱ་བར་གྱུར་ཏེ། སྙིང་རྗེ་ཆེན་པོས་རབ་ཏུ་མྱི་དགའ་ཞིང་འགྲོ་བ་ཐམས་ཅད་ལ་ཕན་པར་ཞུགས་ཏེ། ཁམས་གསུམ་ལ་མྱི་གནས་པ་དང་། རྣམ་པར་སྨྱིན་པའི་ལན་ལ་རེ་བ་མྱེད་པ་དང་། གྲགས་པ་དང་སྙན་པ་དང་། མྱིང་སྨོས་པ་ལ་མངོན་པར་དགའ་བ་མྱེད་པ་དང་། བདག་ལ་བསྟོད་པ་མྱེད་པ་དང་། གཞན་ལ་སྨོད་པ་མྱེད་པ་དང་། དངོས་པོ་ཐམས་ཅད་ལ་མངོན་པར་ཞེན་པ་མྱེད་པ་དང་། སྲིད་པའི་འདུ་ཤེས་ལས་གྱེན་དུ་འཕགས་པ་དང་། ཁམས་གསུམ་པ་ལ་མངོན་པར་དགའ་བ་མྱེད་པ་དང་། འཇིག་རྟེན་གྱི་ཡུལ་གྱི་བདེ་བ་ལས་ཕྱིར་ཕྱོགས་པ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་མངོན་ཏུ་གྱུར་པ་དང་། བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པ་དང་། ལྷག་པའི་བསམ་པ་རྡོ་རྗེ་ཡོངས་སུ་གྲུབ་པ་དང་། འགྲོ་བ་ཐམས་ཅད་ལ་བྱམས་པ་ཆེན་པོས་ནན་ཏན་དུ་བྱེད་པ་དང་། འགྲོ་བ་ཐམས་ཅད་ལ་སྙིང་བརྩེ་བས་སྡུག་བསྔལ་རྣམ་པར་ཞི་བར་བྱ་བ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པའི་སྟོབས་ལ་བསམ་པ་ཐག་པ་ནས་ལྷག་པར་དམྱིགས་པ་དང་། བྱང་ཆུབ་སེམས་དཔའི་
ལམ་ཡོངས་སུ་སྦྱང་བ་དང་། ཐེག་པ་ཆེན་པོའི་རྒྱན་གྱིས་འབྱུང་བའི་ལམ་རབ་ཏུ་བརྒྱན་པར་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་མངོན་པར་བལྟ་བར་བྱ་བའི་ཚུལ་གྱིས་དེ་དག་དེ་ལྟ་བུར་དགའ་བ་དག་ཀྱང་བྱས་པར་གྱུར་ཏོ། །རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་འདི་ཡུན་དེ་སྲིད་དུ་རིང་བ་ཞིག་ནས་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་རྒྱལ་བའི་འོད་ལ་ལོག་པར་གསོལ་བ་འདེབས་ཤིང་ཁོ་མོ་བསད་པའི་ཕྱིར་གྲོས་སུ་གསོལ་བའི་བློན་པོ་ལྔ་བརྒྱ་པོ་རྣམས་གཞན་དག་ཅིག་ཡིན་པ་ཙམ་དུ་སེམས་ན་ནི། དེ་ལྟར་མྱི་བལྟ་སྟེ། ལྷས་བྱིན་གྱིས་བཅོམ་ལྡན་འདས་དགྲོངས་པའི་ཕྱིར་སྐྱེས་བུ་ལྔ་བརྒྱ་བཀྱེ་བ་དེ་དག་ཡིན་ཏེ། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ན་བསྐལ་པ་འོད་བཟང་པོ་ཞེས་བྱ་བ་གཅིག་ལ་སངས་རྒྱས་ལྔ་བརྒྱ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་རྒྱན་སྣ་ཚོགས་དང་ལྡན་པ། རིགས་དང་རྒྱུད་སྣ་ཚོགས་སུ་སྐྱེས་པ། ཕ་དང་མ་སྣ་ཚོགས་སུ་སྨོས་པ་སྐྱེ་བའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡོངས་སུ་སྟོན་པ་མངོན་པར་འབྱུང་བའི་རྣམ་པར་འཕྲུལ་པ་སྣ་ཚོགས་དང་ལྡན་པ། བྱང་ཆུབ་ཀྱི་ཤིང་གི་འོད་སྣ་ཚོགས་ཡོངས་སུ་སྟོན་པ། སྙིང་པོ་བྱང་ཆུབ་སྣ་ཚོགས་སུ་ཉེ་བར་འདོང་བའི་སྒོ་སྣ་ཚོགས་དང་ལྡན་པ། བདུད་ཕམ་པ་སྣ་ཚོགས་ཡོངས་སུ་སྟོན་པ་མངོན་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡོངས་སུ་སྟོན་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཚུལ་དང་། མྱིང་དང་ངེས་པའི་ཚིག་སྣ་ཚོགས་དང་ལྡན་པ། མདོ་སྡེའི་ཚུལ་ཤིན་ཏུ་བསྟན་པ་སྣ་ཚོགས་དང་ལྡན་པ། ཚིག་གི་ལམ་དང་སྐད་སྣ་ཚོགས་རབ་ཏུ་སྟོན་པ། འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་སྣ་ཚོགས་དང་ལྡན་པ། འོད་ཀྱི་དཀྱིལ་འཁོར་གྱི་མཐུ་དང་རྒྱན་སྣ་ཚོགས་རབ་ཏུ་འགྱེད་
པ། ཚེའི་ཚད་སྣ་ཚོགས་དང་ལྡན་པ། བསྟན་པའི་བྱིན་གྱི་རླབས་སྣ་ཚོགས་དང་ལྡན་པ། བསྟན་པ་རྣམ་པར་དམྱིགས་པ་སྣ་ཚོགས་དང་ལྡན་པ། མྱིང་སྣ་ཚོགས་དང་ལྡན་པ། སྙིང་རྗེ་ཆེན་པོའི་ལུས་སུ་གྱུར་པ་ཤ་སྟག་ཏུ་འགྱུར་ཏེ། དེ་དག་གི་བསྐལ་པའི་དང་པོ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་མངའ་བ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་རིན་ཆེན་འོད་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དེའི་རྗེས་ལ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་དེ་བཞིན་གཤེགས་པ་གཉིས་པ་འགྲོ་བ་ཐམས་ཅད་ལ་ཕན་པའི་སྨོན་ལམ་ཟླ་བ་ཞེས་བྱ་བ་འབྱུང་ངོ་། །དེ་བཞིན་གཤེགས་པ་གསུམ་པ་ཐུགས་རྗེ་ཆེན་པོའི་སེང་གེ་ཞེས་བྱ་བ་འབྱུང་ངོ་། །དེ་བཞིན་གཤེགས་པ་བཞི་པ་འཇིག་རྟེན་ཐམས་ཅད་ལ་ཕན་པར་མཛད་པ་ཞེས་བྱ་བ་འབྱུང་བ་ནས། ཐམས་ཅད་ཀྱི་ཐ་མ་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་ཞེས་བྱ་བ་འབྱུང་བར་འགྱུར་རོ་ཞེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཡོན་དང་ལྡན་པའི་མིའི་རྒྱལ་པོ་ལ་སྙིང་རིང་བར་གྱུར་ཏེ། ཁོ་མོས་གསོད་མ་མྱིའི་ལག་ཏུ་ཕྱིན་པ་ལས་རང་གི་ལུས་དང་སྲོག་ཡོངས་སུ་བཏང་སྟེ། བཙོན་ར་དེ་དག་ནས་བཀྱེ་བ་དེ་རྣམས་གཞན་དག་ཅིག་ཡིན་པ་ཙམ་དུ་སེམས་ན་ནི། དེ་ལྟར་མྱི་བལྟ་སྟེ། དེ་བཞིན་གཤེགས་པ་ལོག་པར་དད་སེལ་ལ་སྩོགས་པ་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་དག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྟོབས་མཐའ་ཡས་གྲགས་པར་བརྗོད་པའི་དཔལ་ཡང་དག་པར་འབྱུང་བའི་བློ་གྲོས་མཐོང་བར་གྱུར་མ་ཐག་ཏུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ད་ལྟར་ཕྱོགས་བཅུ་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་
བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་འདི་ཡང་སྒོམ་ཞིང་ཤིན་ཏུ་རྒྱས་པར་བྱེད་པ་དག་གོ །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་རྒྱལ་བའི་འོད་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི། དེ་ལྟར་མྱི་བལྟ་སྟེ། སྨྲ་བ་ཆེན་པོ་བདེན་པ་ཅན་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་རྒྱལ་བའི་འོད་ཅེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་འཁོར་དུ་གྱུར་པ་བཙུན་མོའི་འཁོར་དང་། བཙུན་མོའི་གནས་ཀྱི་སྒོ་བའམ། འཁོར་ན་གནས་པའམ། རྗེས་སུ་འཆའ་བ་དེ་དག་ཀྱང་གཞན་དག་ཅིག་ཡིན་པ་ཙམ་དུ་སེམས་ན་ནི་དེ་ལྟར་མྱི་བལྟ་སྟེ། ཞགས་པ་འཐུབ་པ་སྟོང་ཕྲག་དྲུག་ཅུ་པོ་སྨྲ་བ་ཆེན་པོ་བདེན་པ་ཅན་གྱིས་སྨྲ་བའི་རྒྱལ་མཚན་ཡོངས་སུ་གཟུང་བའི་དོན་དུ་བཅོམ་ལྡན་འདས་ལ་རྒོལ་དུ་འགྲོ་བའི་ཚེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བླགས་ནས་ཀུན་ཀྱང་ཞིང་སྣ་ཚོགས་ཀྱི་རྒྱན་དང་། བསྐལ་པ་སྣ་ཚོགས་དང་། མྱིང་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དག་གོ ། རིགས་ཀྱི་བུ་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བ་དེ་ཕ་དང་མས་གནང་ནས། སེམས་ཅན་བཙོན་ར་བ་དེ་དག་ཡོངས་སུ་བཀྲོལ་བའི་འོག་ཏུ་སྲིད་ཤིན་ཏུ་བདེ་བ་དང་། ནོར་དང་དབྱིག་རིན་པོ་ཆེ་ཕུན་སུམ་ཚོགས་པ་དག་ཀྱང་བོར། བུ་དང་ཆུང་མ་དག་ཀྱང་སྤངས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མའི་རྒྱལ་པོའི་ཞམ་རིང་དུ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་ལོ་སྟོང་ཕྲག་ལྔར་ཚངས་པར་སྤྱོད་པ་སྤྱད་དེ། དེའི་བར་སྐབས་སུ་ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་བཅུ་ཡོངས་སུ་བསྒྲུབས་སོ། །
གཟུངས་ཀྱི་སྒོ་སྟོང་ཕྲག་བཅུ་ཡང་རབ་ཏུ་ཐོབ་པོ། །མངོན་པར་ཤེས་པའི་ཚུལ་སྟོང་ཕྲག་བཅུ་ལའང་རབ་ཏུ་ཞུགས་སོ། །བྱང་ཆུབ་སེམས་དཔའི་གཏེར་སྟོང་ཕྲག་བཅུའང་རབ་ཏུ་ཐོབ་བོ། །ཐམས་ཅད་མཁྱེན་པའི་ཤུགས་སྟོང་ཕྲག་བཅུའང་ཡོངས་སུ་སྐྱེས་སོ། །བཟོད་པའི་སྒོ་སྟོང་ཕྲག་བཅུ་ཡང་ཡོངས་སུ་སྦྱངས་སོ། །སེམས་ངེས་པར་བཞག་པ་སྟོང་ཕྲག་བཅུ་ཡང་མངོན་པར་བསྒྲུབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ལུས་སྟོང་ཕྲག་བཅུ་ཡང་ཡོངས་སུ་སྤེལ་ཏོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྒོ་སྟོང་ཕྲག་བཅུར་ཡང་རབ་ཏུ་ཞུགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོང་ཕྲག་བཅུ་ཡང་ཡོངས་སུ་སྐྱེས་སོ། །སངས་རྒྱས་བལྟ་བའི་ཕྱོགས་ཀྱི་སྒོ་སྟོང་ཕྲག་བཅུ་ཡང་མངོན་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་སྟོང་ཕྲག་བཅུ་ཡང་མངོན་པར་བསྒྲུབས་སོ། །དེ་དེ་ལྟ་བུའི་ཆོས་དང་ལྡན་པས་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ཡོངས་སུ་གནོན་ཏོ། །འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཡང་སེམས་ཀྱི་སྐད་ཅིག་རེ་རེ་ལ་སངས་རྒྱས་སྟོང་ཕྲག་བཅུ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྗེས་སུ་དྲན་ནོ། །དེ་བཞིན་གཤེགས་པ་དེ་དག་གི་སངས་རྒྱས་ཀྱི་སྤྲུལ་པ་རྒྱ་མཚོ་སྟོང་ཕྲག་བཅུ་ཕྱོགས་བཅུར་གཤེགས་པ་དེ་དག་ཀྱང་མཐོང་ཞིང་ཤེས་སོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུར་གཏོགས་པའི་སེམས་ཅན་འགྲོ་བའི་རྒྱུད་སྣ་ཚོགས་སུ་སྐྱེས་པ་ཤི་འཕོ་ཞིང་སྐྱེ་བར་འགྱུར་བ་མཐོ་བ་དང་། དམའ་བ་དང་། བདེ་འགྲོའི་ལམ་དུ་ཕྱིན་པ་དང་། ངན་སོང་གི་ལམ་དུ་ཕྱིན་པ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མྱི་སྡུག་པ་ལས་ཇི་བཞིན་དུ་སྐྱེས་པར་གྱུར་པ་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །སེམས་ཅན་དེ་དག་གི་ཤི་འཕོ་དང་སྐྱེ་བ་ཡང་ཁོང་དུ་ཆུད་ཅིང་མཐོང་སྟེ། སེམས་ཀྱི་རྒྱུད་དང་། སེམས་ཀྱི་སྤྱོད་པ་དང་། སེམས་ཀྱི་འདབ་འབྲེལ་བ་དང་། བསམ་པ་སྣ་ཚོགས་དང་།
དབང་པོ་རྒྱ་མཚོ་དང་། སྦྱོར་བ་འབྱམ་ཀླས་པ་དང་། ལས་མཐར་ཐུག་པ་དང་། ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་གདུལ་བའི་དུས་ཀྱང་ཁོང་དུ་ཆུད་ཅིང་མཐོང་ངོ་། །རིགས་ཀྱི་བུ་རྒྱལ་པོ་གཞོན་ནུ་དེ་དེ་ནས་ཤི་འཕོས་ནས་ཀྱང་འཛམ་བུའི་གླིང་དེ་ཉིད་དུ་རྒྱལ་པོའི་གནས་དགའ་བ་དང་ལྡན་པར་རྒྱལ་པོ་དེ་ཉིད་ཀྱི་རིགས་སུ་སྐྱེས་ནས། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་གྱུར་ཏོ། །དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་སྒྲ་ནམ་མཁའི་སྤྲིན་གྱི་སྒྲོན་མའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་ནམ་མཁའ་ལ་དཔལ་ཤིན་ཏུ་འཕགས་པའི་རྒྱལ་པོ་བསྙེན་བཀུར་ཏོ། །དེའི་འོག་ཏུ་སྙིང་པོ་བྱང་ཆུབ་དེ་ཉིད་དུ་བརྒྱ་བྱིན་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ལྷ་དབང་སྙིང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་རབ་མཚེ་མའི་ལྷའི་རྒྱལ་པོར་གྱུར་ཏེ། དེ་བཞིན་གཤེགས་པ་སའི་དཔལ་རི་བོའི་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་རབ་དགའ་ལྡན་གྱི་ལྷའི་རྒྱལ་པོར་གྱུར་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་འོད་རབ་ཏུ་བསྒྲགས་པའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་རབ་འཕྲུལ་དགའི་ལྷའི་རྒྱལ་པོར་གྱུར་ཏེ། དེ་བཞིན་གཤེགས་པ་ནམ་མཁའ་མཛེས་པའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་དབང་བསྒྱུར་གྱི་ལྷའི་རྒྱལ་པོར་གྱུར་ཏེ། དེ་བཞིན་གཤེགས་པ་སྟོབས་ལ་ཐུབ་པ་མྱེད་པའི་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་ལྷ་མ་ཡིན་གྱི་དབང་པོར་གྱུར་ཏེ། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་འབྲུག་སྒྲ་བསྒྲགས་པའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་ཚངས་པའི་དབང་པོར་གྱུར་ཏེ།
དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་སྤྲུལ་པ་ཀུན་ཏུ་སྣང་བའི་དབྱངས་ཤེས་བྱ་བ་བསྙེན་བཀུར་ཏོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་རིན་ཆེན་འོད་དེ་ཉིད་དུ་བསྐལ་པ་འོད་བཟང་པོ་དེ་ཉིད་ལ་དེ་བཞིན་གཤེགས་པ་དེ་དག་ལ་སྩོགས་པ། སངས་རྒྱས་སྟོང་ཕྲག་བཅུ་བྱུང་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་རྒྱལ་པོ་གཞོན་ནུ་རྣམ་པར་རྒྱལ་བས་བསྙེན་བཀུར་ཏོ། །རིགས་ཀྱི་བུ་བསྐལ་པ་འོད་བཟང་པོ་དེའི་འོག་ཏུ་བསྐལ་པ་འོད་གཟེར་བཟང་པོ་ཞེས་བྱ་བ་བྱུང་སྟེ། བསྐལ་པ་འོད་གཟེར་བཟང་པོ་དེ་ལ་ཡང་སངས་རྒྱས་སྟོང་ཕྲག་བཅུ་བྱུང་ངོ་། །ཁོ་མོ་ཡང་བསྐལ་པ་དེ་ལ་རྒྱལ་པོ་བློ་གྲོས་ཆེན་པོ་ཞེས་བྱ་བ་ཞིག་ཏུ་གྱུར་ཏེ། དེའི་ཚེ་ཁོ་མོ་རྒྱལ་པོར་གྱུར་པས་དེ་བཞིན་གཤེགས་པ་མཚན་གྱི་དཔལ་རི་བོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་ཁྱིམ་བདག་ཅིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་ཕུང་པོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་བློན་པོ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་དྲི་མ་མྱེད་པའི་སྲས་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་ལྷ་མ་ཡིན་གྱི་དབང་པོ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་ཤུགས་མངའ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་ཤིང་གི་ལྷ་མོ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་མཚན་ཉིད་རི་རབ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་དེད་དཔོན་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་ཕྱག་དྲི་མ་མྱེད་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་གྲོང་ཁྱེར་གྱི་ལྷ་མོ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་སེང་གེ་རྣམ་པར་གནོན་པས་བཞུད་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་ངལ་བསོ་པོ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་ལྷ་དབང་གཙུག་ཕུད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་དྲི་ཟའི་རྒྱལ་པོ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་གྲགས་པ་ཆོས་ཀྱིས་འཕགས་པ་
ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་བསྐལ་པ་དེ་ཉིད་ལ་གྲུལ་བུམ་གྱི་དབང་པོ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་སྣང་བའི་ཅོད་པན་ཞེས་བྱ་བ་བསྙེན་བཀུར་ཏོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོས་དེ་བཞིན་གཤེགས་པ་བཅུ་པོ་དེ་དག་ལ་སྩོགས་པ་བསྐལ་པ་འོད་གཟེར་བཟང་པོ་དེ་ལ་སྐྱེ་བའི་རིགས་སྣ་ཚོགས་སུ་སྐྱེས་ནས། དེ་བཞིན་གཤེགས་པ་བྱེ་བ་ཕྲག་དྲུག་ཅུ་བསྙེན་བཀུར་ཏེ། ཁོ་མོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་མཆོད་པ་བྱས་སོ། །དེ་བཞིན་གཤེགས་པ་རེ་རེའི་སྤྱན་སྔར་འགྲོ་བའི་ཚེའང་སེམས་ཅན་གྱི་ཁམས་མཐའ་དང་དབུས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པར་བྱས་སོ། །དེ་བཞིན་གཤེགས་པ་རེ་རེའི་སྤྱན་སྔར་འགྲོ་བའི་ཚེའང་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་རབ་ཏུ་ཐོབ་པར་གྱུར་ཏོ། །གཟུངས་ཀྱི་སྒོ་སྣ་ཚོགས་དང་། མངོན་པར་བསྒྲུབ་པའི་ཚུལ་སྣ་ཚོགས་དང་། སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་པའི་ཚུལ་སྣ་ཚོགས་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་རྗེས་སུ་རྟོགས་པར་བྱ་བ་སྣ་ཚོགས་དང་། ཆོས་སྣང་བའི་སྒོ་ཐོབ་པར་བྱ་བའི་ཚུལ་སྣ་ཚོགས་དང་། ཡེ་ཤེས་ཀྱི་ཚུལ་ཁོང་དུ་ཆུད་པར་དཔྱད་པ་རྣམ་པ་སྣ་ཚོགས་དང་། ཕྱོགས་རྒྱ་མཚོ་ལ་འཇུག་པའི་སྣང་བ་སྣ་ཚོགས་དང་། ཞིང་རྒྱ་མཚོ་སྣ་ཚོགས་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བའི་སྣང་བ་སྣ་ཚོགས་དང་། དེ་བཞིན་གཤེགས་པ་རྒྱ་མཚོ་མཐོང་བར་བྱ་བ་རྣམ་པར་དམྱིགས་པའི་སྣང་བ་སྣ་ཚོགས་ཀྱང་རབ་ཏུ་ཐོབ་བོ། །ཡོངས་སུ་གནོན་ཏོ། །རྣམ་པར་དག་གོ །ཡོངས་སུ་རྫོགས་སོ། །ཡོངས་སུ་གནས་པར་གྱུར་ཏོ། །སྐྱེས་སོ། །བྱུང་ངོ་། །རྣམ་པར་འཕེལ་ཏོ། །ཡོངས་སུ་འཕེལ་ཏོ། །རབ་ཏུ་བྱུང་ངོ་། །རྣམ་པར་བྱུང་ངོ་། །བསྐལ་པ་འོད་གཟེར་བཟང་པོ་དེ་ལ་དེ་བཞིན་གཤེགས་པ་རྣམས་ཇི་ལྟར་རིམ་གྲོར་བྱས་པ་དེ་བཞིན་དུ་བསྐལ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བྱུང་བར་གྱུར་པ་དང་། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་འཇིག་རྟེན་གྱི་ཁམས།
གཞན་ནས་དེ་དག་ཏུ་བྱོན་ཏེ། ཆོས་བསྟན་པར་གྱུར་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཀྱང་ཁོ་མོས་ཆོས་བསྟན་པ་ཐོས་ཏེ། ཐོས་ནས་ཀྱང་ཡོངས་སུ་བཟུང་ངོ་། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་། ཁོ་མོས་བསྙེན་བཀུར་ཏོ། །རིམ་གྲོར་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས། དེ་དག་གི་བསྟན་པ་ཡང་ཁོ་མོས་ཡོངས་སུ་བཟུང་ངོ་། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཀྱང་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་འདི་ཐོབ་པར་བྱ་བའི་ཚུལ་སྣ་ཚོགས་དང་། རྣམ་པར་ཐར་པའི་ཚུལ་གྱི་སྒོ་སྣ་ཚོགས་ཀྱིས་ཐོབ་པར་གྱུར་ཏོ། །དེ་ནས་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ཀྱིས། དེའི་ཚེ་རྣམ་པར་ཐར་པའི་ཚུལ་འདི་ཉིད་ཡོངས་སུ་བརྗོད་པ་དང་། ཡོངས་སུ་བསྟན་པའི་ཕྱིར་ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། བསམ་གྱིས་མྱི་ཁྱབ་རྣམ་ཐར་དམ་པ་འདི། །གྲགས་པ་ཁྱོད་ཀྱིས་བདག་ལ་གང་དྲིས་པ། །བདེ་བར་གཤེགས་པའི་བྱིན་གྱིས་དེ་བསྟན་ཀྱིས། །མ་ལུས་ཡང་དག་ཇི་བཞིན་བདག་ལས་ཉོན། །བསྐལ་པ་བསམ་ཡས་ཡངས་པ་མཐའ་ཡས་པ། །རྒྱ་མཚོའི་ཞིང་གི་རྡུལ་དང་གྲངས་མཉམ་པ། །དེ་ཀུན་འདས་པའི་སྔ་རོལ་མདངས་དགའ་བའི། །འཇིག་རྟེན་ཁམས་ཤིག་བྱུང་བ་རིན་ཆེན་འོད། །དེ་ཚེ་བསྐལ་པ་བཟང་པོའི་འོད་ཀྱང་བྱུང་། །དེ་ལ་རྒྱལ་བ་དཔག་ཏུ་མྱེད་པ་སྐྱེས། །ཐུབ་པའི་དབང་པོ་དེ་དག་ཁོ་མོ་ཡིས། །རྣམ་ཐར་འདི་ལ་བསྒོམ་ཞིང་བསྙེན་བཀུར་ཏོ། །རྒྱལ་པོའི་གནས་རབ་ཡངས་ཤིང་བཟང་བྱུང་བ། །དེ་ཡི་མྱིང་ནི་དགའ་བས་བརྒྱན་པ་སྟེ། །དེ་ཚེ་སེམས་ཅན་རྣམ་པར་མ་དག་སེམས། །མྱི་བཟད་ངན་དུ་སྤྱོད་པ་དེར་བྱུང་གྱུར། །དེ་ནི་རྒྱལ་པོ་རྒྱལ་བའི་འོད་བྱུང་སྟེ། །སེམས་ཅན་དེ་དག་ཆོས་ཀྱིས་བསྐྱང་བ་བྱས། །དེ་ཡི་བུ་
ནི་རྣམ་པར་རྒྱལ་བ་སྟེ། །མཛེས་ཤིང་མཚན་གྱིས་ཡན་ལག་བརྒྱན་པའོ། །གཡོན་ལྡན་སྟོང་ཕྲག་མང་པོ་དེ་དག་ཀྱང་། །དེ་ཚེ་རྒྱལ་པོས་གསད་པར་བྱས་མཐོང་ནས། །གཞོན་ནུ་སྙིང་བརྩེ་མྱི་དགའས་ཀུན་ནས་འཁོར། །མྱུར་དུ་དགྱེ་བར་རྒྱལ་པོ་དེ་ལ་གསོལ། །རྒྱལ་པོས་ཐོས་ནས་དེ་ཚེ་བློན་པོ་རྣམས། །མ་ལུས་ཀུན་བསྡུས་དེ་ལ་བཀའ་སྩལ་ནས། །ཀུན་གྱིས་དེ་ལ་ཕྱག་བྱས་ཕྱིར་གསོལ་པ། །དེ་ནི་རྒྱལ་པོ་ཁྱོད་དགྲོངས་ཐབས་གཅིག་ལགས། །རྒྱལ་པོ་དེ་ལྟར་ལོག་པར་ཐུགས་བཅུག་ནས། །སྲས་དེ་གསད་པར་དེ་ཚེ་བྱས་གྱུར་ཀྱང་། །བདག་སྲོག་ཕངས་པར་མ་བརྩིས་ངོམ་ཟུང་མྱེད། །རྒྱལ་པོའི་སྲས་ཀྱིས་གསད་པར་བྱས་མ་བཏང་། །གསད་པར་བྱས་པ་དེ་ཡི་མས་ཐོས་ནས། །རྒྱལ་པོ་དེ་ལ་འཁོར་བཅས་གསོལ་བ་འདེབས། །དགུང་ཟླ་ཕྱེད་ཅིག་སྦྱིན་པ་མ་ལུས་པར། །འཇིག་རྟེན་སྩོལ་དུ་གཞོན་ནུ་བཏང་བར་གནང་། །རྒྱལ་པོ་དེས་ཀྱང་དེ་ལྟར་གནང་གྱུར་ནས། །དེས་ནི་ཅི་འདོད་སྦྱིན་པ་ཡོངས་སུ་བཏང་། ། ཟླ་བ་ཕྱེད་དུ་ཉིན་མཚན་སྦྱིན་བྱས་གནས། །ཉི་མའི་ཐ་མར་ཚོགས་པར་གྱུར་པ་ཡི། །ཞགས་པ་འཐུབ་པ་གང་རྣམས་ཅི་འདོད་པ། །དེ་ལ་དེ་བྱིན་འཆི་བར་སྟ་གོན་གནས། །རྒྱལ་པོའི་གནས་དེར་འགྲོ་བ་མང་པོ་དག །ཆོ་ངེར་ངུ་ཞིང་ཀུན་ཀྱང་འདུས་པར་གྱུར། །བྱང་ཆུབ་ཤིང་དྲུང་བདེ་གཤེགས་དེ་ཡི་ཚེ། །དམ་ཆོས་དབྱངས་མཆོག་སྒྲོན་མའི་རྒྱལ་བཞུགས་པས། །འགྲོ་བའི་དབང་པོ་སྨྱིན་པར་ཐུགས་ཆུད་ནས། །མཆོད་སྦྱིན་ར་བར་ཐུགས་རྗེ་ཆེན་པོས་བྱོན། །དེ་བཞིན་གཤེགས་པའི་རྣམ་འཕྲུལ་རྣམ་ཕྱེ་བས། །དེ་ཡི་འཁོར་དུ་བདེ་གཤེགས་བྱོན་གྱུར་ནས། །ཆོས་ཀྱི་སྒྲོན་མེའི་སྤྲིན་གྱི་སྒྲ་སྒྲོག་པའི། །མདོ་སྡེའི་རྒྱལ་པོ་བདེ་བར་གཤེགས་པས་བཤད། །འགྲོ་བ་མཐའ་དང་དབུས་མྱེད་རྣམ་བཏུལ་ནས། །དེ་ཚེ་བྱང་ཆུབ་མཆོག་ཏུ་ལུང་ཡང་བསྟན། །རྒྱལ་པོའི་སྲས་པོ་རྣམ་པར་རྒྱལ་བ་ཡང་། །ཤིན་ཏུ་དགའ་བས་བྱང་ཆུབ་མཆོག་ཏུ་ཞུགས། །བདེ་གཤེགས་བསྙེན་བཀུར་མཆོད་པ་རྣམས་ཡངས་
པས། །དེ་ལ་མཆོད་བྱས་དགའ་བར་སྨྲས་པ་ནི། །འགྲོ་བ་རྣམ་འདུལ་སྐྱབས་སུ་བདག་འགྱུར་གྱི། །མགོན་དང་གནས་དང་དཔུང་དུའང་དེ་བཞིན་ཞེས། །རྒྱལ་བ་དེ་ཡི་ཞམ་རིང་ཐར་བར་ཞུགས། །ཡང་དག་བྱང་ཆུབ་ལམ་ནི་ཡོངས་ཚོལ་ཞིང་། །ཆོས་ཀྱི་རང་བཞིན་རབ་ཏུ་བརྟག་བྱ་བས། །དེར་གནས་བསྐལ་པ་བརྒྱ་ཕྲག་མང་དུ་སྤྱད། །སྡུག་བསྔལ་རྒྱ་མཚོར་ལྷུང་ཞིང་མདོངས་གྱུར་པའི། །འགྲོ་བ་མགོན་མྱེད་ཀུན་ལ་སྙིང་བརྩེ་བས། །ཡང་དག་བྱང་ཆུབ་ལམ་ལ་ཡོངས་བསྒོམས་ནས། །དེ་ཚེ་དེའི་རྣམ་ཐར་འདི་ཐོབ་བོ། ། བསྐལ་པ་དེ་ལ་བདེ་གཤེགས་གང་བྱུང་བ། །དེ་དག་ཀུན་ལའང་དགའ་བས་བསྙེན་བཀུར་ནས། །དེ་དག་ཀུན་ལ་མཆོད་པ་ཆེན་པོ་བྱས། །ཆོས་ཀྱི་འཁོར་ལོ་ཡོངས་སུ་བཟུང་བར་གྱུར། །དེ་ཡི་འོག་ཏུ་བསྐལ་པ་རྒྱ་མཚོ་རྣམས། །ཞིང་མང་རྒྱ་མཚོ་རྡུལ་སྙེད་ཀུན་ལ་ཡང་། །རྒྱལ་བ་ཇི་སྙེད་སྐྱེས་པར་གྱུར་པ་དག །རབ་ཏུ་མཆོད་དེ་དེ་དག་བསྙེན་བཀུར་བྱས། །རྣམ་པར་རྒྱལ་ཞེས་བྱ་བ་ཁོ་མོ་ཡིན། །ཉམ་ང་བཙོན་རར་གནས་པའི་བཙོན་མཐོང་ནས། །དེ་དག་དགྲོལ་ཕྱིར་ལུས་ཀྱང་ཡོངས་སུ་བཏང་། །རྣམ་ཐར་འདི་ཡང་དེ་ཚེ་ཐོབ་པར་གྱུར། །ཞིང་རྣམས་རྒྱ་མཚོའི་རྡུལ་ཕྲན་རབ་འགྲངས་པའི། །བསྐལ་པ་རྒྱ་མཚོ་མང་པོར་བསྒོམ་པར་བྱས། །ཚུལ་མང་མཐའ་དང་དབུས་མེད་མཉམ་མྱེད་པས། །སྐད་ཅིག་རེ་རེ་དག་ཏུ་རྣམ་པར་སྤེལ། །ཐུབ་པའི་བདག་པོ་ཇི་སྙེད་མཐོང་གྱུར་པ། །དེ་དག་སྤྱན་སྔར་སྔན་ཆད་འདི་ཐོབ་སྟེ། །སྒོ་ཚུལ་རྣམ་པ་གཞན་དང་གཞན་དག་གིས། །དེ་དག་གིས་ནི་རྣམ་ཐར་འདི་ཡང་བསྟན། །དེ་དག་རྣམ་ཐར་མ་ནོར་བསམ་ཡས་ལ། །བསྐལ་པ་བྱེ་བ་མང་པོར་ཁོ་མོས་བསླབས། །དེ་ལ་རྒྱལ་བས་བཀོད་ཅིང་གྲོལ་གྱུར་པ། །དེ་དག་དམ་ཆོས་སྤྲིན་ལས་ཅིག་ཅར་འཐུང་། །ཕྱོགས་བཅུ་ཀུན་གྱི་ཞིང་རྣམས་ཐམས་ཅད་དུ། །ཐོགས་པ་མེད་པར་ལུས་ཀྱིས་རྒྱས་པར་འགེངས། །སྐད་ཅིག་རེ་རེར་ཞིང་རྒྱུད་བསམ་ཡས་པའི། །
དུས་གསུམ་རྒྱུད་རྣམས་ཀུན་ལའང་རབ་ཏུ་འཇུག །དུས་གསུམ་རྒྱལ་བ་རྒྱ་མཚོ་མ་ལུས་པ། །རེ་རེ་ཀུན་ལའང་མངོན་དུ་རབ་ཏུ་ལྟ། །དེ་དག་ལུས་ཀྱི་གཟུགས་བརྙན་རྒྱལ་བ་ལ། །སྤྲིན་ཏུ་གྱུར་པ་རྣམས་ཀྱང་སྤྱན་སྔར་འགྲིམ། །ཕྱོགས་རྣམས་ཀུན་ཏུ་ཉེ་བར་ཕྱིན་འདོང་ཞིང་། །རྒྱལ་བའི་སྤྱན་སྔར་འདོང་བས་ཤིན་ཏུ་མཛེས། །རྒྱན་རྣམས་མ་ལུས་མངོན་པར་ཆར་འབེབས་ཤིང་། །རྒྱལ་བ་རྣམས་ལ་དེ་དག་མཆོད་པ་བྱེད། །སངས་རྒྱས་རྒྱ་མཚོ་ཆེ་ལ་རྣམ་ཡངས་པའི། །ཞུ་བ་མཐའ་ཡས་ཀུན་ཀྱང་ཞུ་བ་བྱེད། །རྒྱལ་བའི་ཆོས་སྤྲིན་མངོན་པར་ཆར་འབབ་པ། །ཀུན་ཀྱང་མ་ལུས་ཡོངས་སུ་འཛིན་པ་བྱེད། །ཕྱོགས་བཅུ་མ་ལུས་ཀུན་ཏུ་དེ་དག་འདོང་། །རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་སྤྱན་སྔར་འབབ། །གཟུགས་མང་རྣམ་པ་སྣ་ཚོགས་བསྟན་གནས་ཤིང་། །རྣམ་འཕྲུལ་སྣ་ཚོགས་ཉེ་བར་སྟོན་པ་བྱེད། །ཁ་དོག་མཐའ་ཡས་རང་གི་ལུས་གཟུགས་ཀྱིས། །ཕྱོགས་རྣམས་ཐམས་ཅད་རྣམ་པ་སྟོང་དུ་འགེངས། །དེ་དག་ལུས་གཅིག་ལས་ཀྱང་གཟུགས་ཀྱི་རྣམས། །མཐའ་དང་དབུས་མྱེད་རྣམ་པར་སྟོན་པར་བྱེད། །བ་སྤུ་རེ་རེའི་སྒོ་ནས་གྲངས་མྱེད་པའི། །འོད་གཟེར་མང་པོ་རྒྱ་མཚོ་དེ་དག་འགྱེད། །སྐྱེ་དགུ་ཉོན་མོངས་མྱེ་ཡིས་གདུངས་པ་དག །སྣ་ཚོགས་ཐབས་ཀྱིས་རབ་ཏུ་ཞི་བར་བྱེད། །འདི་ལ་གནས་པ་ལུས་སྤྲུལ་སྤྲིན་མང་བ། །བ་སྤུ་རེ་རེའི་སྒོ་ནས་འགྱེད་བྱེད་ཅིང་། །ངོ་མཚར་རྨད་ཀྱིས་ཕྱོགས་ཀུན་རྒྱས་བཀང་ནས། །ཆོས་ཆུའི་ཆར་གྱིས་སེམས་ཅན་རྣམ་པར་འདུལ། །ཚུལ་འཇུག་འདི་ནི་བསམ་གྱིས་མྱི་ཁྱབ་གཟུགས། །རྒྱལ་སྲས་ཀུན་གྱི་གནས་སུ་གྱུར་པ་སྟེ། །དེ་ལ་གནས་ཤིང་ཕྱི་མཐའི་བསྐལ་པར་ཡང་། །ཞིང་རྣམས་ཀུན་ཏུ་སྤྱད་པ་རབ་ཏུ་སྤྱོད། །བསམ་པ་ཇི་བཞིན་ཆོས་རྣམས་སྟོན་བྱེད་ཅིང་། །དེ་དག་ལྟ་བའི་དྲ་བ་རྣམ་པར་བཟློག །མཐོ་རིས་མྱ་ངན་འདས་ལ་སེམས་ཅན་འགོད། ། ཐམས་ཅད་མཁྱེན་པའི་ས་ཡང་རྣམ་པར་སྟོན། །འཇིག་རྟེན་སྐྱེ་གནས་ཐམས་ཅད་མ་ལུས་པར། །ཁ་དོག་མཐའ་ཡས་ལུས་མང་བསམ་ཡས་པ། །བསམ་
པ་བཞིན་དུ་ཆོས་རྣམས་རྗོད་བྱེད་དེ། །དེ་དག་སེམས་ཅན་ཀུན་གྱི་གཟུགས་བརྙན་གཟུགས། །འདི་དང་གཞན་དག་ཚད་ལས་འདས་པ་ཡི། །ཡོན་ཏན་རྒྱ་མཚོ་ཞིང་མང་རྒྱ་མཚོ་ཡི། །རྡུལ་ཕྲན་རབ་སྙེད་བསམ་གྱིས་མྱི་ཁྱབ་པ། །རྣམ་ཐར་ཞི་བ་འདི་ལྡན་ཐོབ་པར་འགྱུར། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས་བསམ་པ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་འཇིག་རྟེན་ཐམས་ཅད་ཀྱི་ལམ་གྱི་རྒྱུད་ལས་འདས་པ། འཇིག་རྟེན་གྱི་སྐྱེ་གནས་ཐམས་ཅད་དུ་གཟུགས་བརྙན་རབ་ཏུ་འབྱུང་བ། འཇིག་རྟེན་གྱི་ཤེས་པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་རི་རྣམ་པར་འཐོར་བ་ལ་བརྩོན་པ། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། མཚན་ཉིད་རབ་ཏུ་རྟོགས་པ་ཉོན་མོངས་པའི་སྒྲིབ་པ་དང་། མུན་པ་ཐམས་ཅད་རྣམ་པར་སེལ་བ་ལ་བརྩོན་པ། ཆོས་ཐམས་ཅད་རབ་ཏུ་དཔྱད་པས་མངོན་པར་བསྒྲུབ་པ་ལ་མཁས་པ། བདག་མྱེད་པའི་ཆོས་མངོན་ཏུ་གྱུར་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་རྒྱུན་མྱི་གཅོད་པ། ཆོས་ཀྱི་དབྱིངས་ཀྱི་ཚུལ་གཉིས་སུ་མྱེད་པར་རབ་ཏུ་རྟོགས་པ་དག་གི་ལམ་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་བློ་དང་ལྡན་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་རྒྱ་མཚོ་ལ་འཇུག་པའམ། ཡེ་ཤེས་ཀྱི་རྣམ་པར་གནོན་པ་ཡོངས་སུ་ཤེས་པར་བྱ་བའམ། སེམས་ཀྱི་གནས་ཁོང་དུ་ཆུད་པར་བྱ་བའམ། ཏིང་ངེ་འཛིན་ལ་དབང་བསྒྱུར་བ་རྟོགས་པར་བྱ་བའམ། རྣམ་པར་ཐར་པས་རྣམ་པར་འཕྲུལ་པ་ཡོངས་སུ་ཤེས་པར་བྱ་བར་ནུས་རེ་སྐན། སོང་རིགས་ཀྱི་བུ་འཛམ་བུའི་གླིང་འདི་ཉིད་ཀྱི་ལུམ་བི་ནིའི་ནགས་ཚལ་ན། ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་
ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བ་ཡིན་པ་དང་། ཇི་ལྟར་ན་འཇིག་རྟེན་རྣམས་ལ་སྣང་བར་བྱེད་པར་འགྱུར་བ་དང་། ཇི་ལྟར་ན་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་མྱི་སྐྱོ་བར་འགྱུར་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཐལ་མོ་སྦྱར་ཏེ་ཕྱིར་ལྟ་ཞིང་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ཀྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གསུམ་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ཀྱི་གདམས་ངག་དེ་རྗེས་སུ་དྲན་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བས་བསམ་པ་ཅི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ལ་ཡང་དག་པར་བསྐུལ་བ་དེ་ལ་ཡོངས་སུ་བསྒོམ་པ་དང་། ཁོང་དུ་ཆུད་པར་བྱ་བ་དང་། རྒྱ་ཆེར་བྱེད་ཅིང་མཐར་གྱིས་ལུམ་བི་ནིའི་ནགས་ཚལ་གང་ན་བ་དེར་ཕྱིན་ཏེ། ལུམ་བི་ནིའི་ནགས་ཚལ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་ཡོངས་སུ་ཚོལ་ཚོལ་བ་ལས། ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་ལུམ་བི་ནིའི་ནགས་ཚལ་ན་རིན་པོ་ཆེའི་ཤིང་གི་ཡལ་ག་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཁྱིམ་བརྩེགས་པ་ཞིག་ན། སེངྒེའི་ཁྲི་རིན་པོ་ཆེའི་པདྨོའི་སྙིང་པོ་ཅན་ཞིག་ལ་འདུག་ཅིང་། ནགས་ཚལ་གྱི་ལྷ་མོ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུའི་འཁོར་གྱིས་ཀུན་ནས་བསྐོར་ཏེ། མདུན་དུ་བྱས་ནས་ཆོས་བསྟན་ཏེ། བྱང་ཆུབ་སེམས་དཔའ་
ཐམས་ཅད་ཀྱི་སྐྱེ་བ་རྒྱ་མཚོ་ཤིན་ཏུ་བསྟན་པ་ཞེས་བྱ་བའི་མདོ་སྡེ་ཡོངས་སུ་སྟོན་ཅིང་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དུ་རིགས་དང་ལྡན་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་རྒྱ་མཚོའི་ཤུགས་རྣམ་པར་འཕེལ་བར་བྱེད་ཅིང་འདུག་པ་མཐོང་ནས། ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བ་ལགས་པའང་མ་འཚལ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ལ་སྣང་བ་འབྱིན་པར་འགྱུར་བ་ཡང་མ་འཚལ་ཏོ། །དེ་སྐད་ཅེས་སྨྲས་པ་དང་། ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་སྟེ། དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ། །དེ་དག་ལས་བྱུང་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཀྱི་སྐད་ཅིག་རེ་རེ་ལའང་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བས་རྣམ་པར་འཕེལ་བར་འགྱུར་ཏེ། ཐོགས་པ་མྱེད་པ་དང་ཞུམ་པ་མེད་པ་དང་། ཕྱིར་ལྡོག་པ་མེད་པ་དང་། རྒྱུན་གཅོད་པ་མྱེད་པ་དང་། ཡོངས་སུ་སྐྱོ་བ་མེད་པ་དང་། སྒྱིད་ལུག་པར་འགྱུར་བ་མེད་པ་དང་། ཉམས་པར་འགྱུར་བ་མེད་པ་དང་། ཉམས་དམའ་བར་འགྱུར་བ་མེད་པ་དང་། ཡོངས་སུ་ཡི་འཆད་པར་འགྱུར་བ་མེད་པ་དང་། ཆུད་ཟ་བར་འགྱུར་བ་མྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་
ཀྱི་རྗེས་སུ་འབྲང་བར་འགྱུར་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་ཡོངས་སུ་གཞོལ་བར་འགྱུར་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པ་འཐོབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ཤིན་ཏུ་ཡངས་པར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་རྣམ་པར་འཕེལ་བར་འགྱུར་བ་དང་། འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐམས་ཅད་ལས་རྣམ་པར་ལྡོག་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་སར་ཡོངས་སུ་གྲུབ་པར་འགྱུར་བ་དང་། ཡེ་ཤེས་ཀྱིས་མངོན་པར་ཤེས་པ་ཤིན་ཏུ་བྱང་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མངོན་དུ་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡུལ་གྱི་དོན་དང་ལྡན་པར་འགྱུར་བའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བའི་སྨོན་ལམ་གྱིས་སྦྱོར་བའི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་དང་པོའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་ཡོངས་སུ་འགྲུབ་པར་འགྱུར་བ་འབྱུང་བའི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་གཉིས་པའོ། ། ཆོས་ཀྱི་ཚུལ་ལ་ངེས་པར་རྟོགས་པར་གཞག་པའི་སྦྱོར་བའི་ཚུལ་མངོན་དུ་གྱུར་པ་འབྱུང་བའི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་གསུམ་པའོ། །དུས་གསུམ་སྣང་བར་བྱ་བའི་ལྷག་པའི་བསམ་པ་རྣམ་པར་དག་པའི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་བཞི་པའོ། །ཀུན་ནས་སྣང་བའི་འོད་ཀྱི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་ལྔ་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དུ་འབྱུང་བའི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་དྲུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་འོད་སྣང་བའི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་བདུན་པའོ། །ཡེ་ཤེས་ཀྱི་སྒོ་ཀུན་ནས་རྣམ་པར་དཔྱད་པས་ཡོངས་སུ་འགྲུབ་པ་འབྱུང་བའི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་བརྒྱད་པའོ། །ཆོས་ཀྱི་དབྱིངས་སྤྲུལ་པས་བརྒྱན་པར་བྱེད་པའི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་དགུ་པའོ། །
དེ་བཞིན་གཤེགས་པའི་ས་ཡོངས་སུ་གནོན་པའི་ཤུགས་དྲག་པོའི་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་བཅུ་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་བ་དང་པོ་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བའི་སྨོན་ལམ་གྱི་སྦྱོར་བའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མར་སངས་རྒྱས་མཆོད་ཅིང་རིམ་གྲོར་བྱ་བ་ལ་འཇུག་སྟེ། དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བྱེད་ཅིང་བསྙེན་བཀུར་བྱེད་དེ། དགྱེས་པར་བྱེད་ལ་ཐུགས་བྱུང་བར་མི་བྱེད་པས། དེ་བཞིན་གཤེགས་པའི་ཞལ་བལྟ་བས་མི་ངོམས་པ་སངས་རྒྱས་ལ་རིམ་གྲོར་བྱ་བར་བརྩོན་པ་སངས་རྒྱས་ལ་དགའ་བའི་ཤུགས་ཀྱིས་རྣམ་པར་སྤེལ་བའི་ཤུགས་དང་ལྡན་པ། དེ་བཞིན་གཤེགས་པ་མཐོང་བས་མོས་པའི་ཤུགས་དྲག་པོ་ཡོངས་སུ་སྐྱེས་པ། དེ་ཕྱིར་མི་ལྡོག་པའི་དད་པས་བསོད་ནམས་ཡོངས་སུ་སྡུད་པའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཚོགས་ཡོངས་སུ་བསྡུ་བ་ལ་བརྩོན་ཞིང་སྦྱོར་བ་རྒྱུན་མི་གཅོད་པ་ཡིན་ཏེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་དང་པོ། སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བའི་སྨོན་ལམ་གྱི་སྦྱོར་བའི་སྙིང་པོ་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པ་ཡང་དག་པར་སྡུད་པར་འགྱུར་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་བ་གཉིས་པ། བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་ཡོངས་སུ་གྲུབ་པར་འགྱུར་བ་འབྱུང་བའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་སྙིང་རྗེ་ཆེན་པོའི་སེམས་དང་། ཤིན་ཏུ་དགྱེས་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་བསྙེན་བཀུར་བའི་སེམས་དང་། དངོས་པོ་ཐམས་ཅད་ལ་ཕོངས་པར་མྱི་བརྩི་བའི་ཕྱིར། སངས་
རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་སེམས་དང་། ཐམས་ཅད་མཁྱེན་པ་ཉིད་མངོན་དུ་འགྱུར་བར་བྱ་བའི་ཕྱིར། བཤམ་པ་ཆེན་པོའི་སེམས་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྡུ་བའི་སྦྱོར་བས་རྒྱས་པར་དགང་བའི་ཕྱིར་བྱམས་པ་ཆེན་པོའི་སེམས་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཅ་བརྟན་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་མྱི་གཏོང་བའི་སེམས་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་སྣང་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་གཡོ་དང་སྒྱུ་མེད་པའི་སེམས་དང་། བྱང་ཆུབ་སེམས་དཔའི་ལམ་ལ་ནན་ཏན་དུ་བྱ་བའི་ཕྱིར་ཁ་འོག་ཏུ་ལུས་ཁྲུས་པའི་སེམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་དང་། མི་འགལ་བར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ལ་སྐུ་བསླུ་བ་མེད་པའི་སེམས་དང་། ཕྱི་མའི་མཐའི་མུར་ཐུག་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་རྒྱུན་མི་གཅད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་ཆེན་པོ་འདེབས་པའི་སེམས་དང་། དེ་དག་ལ་སྩོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་གི་ཚོགས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ཏེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་གཉིས་པ། བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་ཡོངས་སུ་འགྲུབ་པར་འགྱུར་བ་འབྱུང་བའི་སྙིང་པོ་ཞེས་བྱ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་གསུམ་པ་ཆོས་ཀྱི་ཚུལ་ལ་ངེས་པར་གཞག་པའི་སྦྱོར་བའི་ཚུལ་མངོན་དུ་གྱུར་པ་འབྱུང་བའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་ཚུལ་རྒྱ་མཚོ་ཡོད་དོ་ཅོག་ངེས་པར་རྟོགས་པས་མངོན་དུ་བྱ་བའི་སེམས་དང་ལྡན་པ་ཐམས་ཅད་མཁྱེན་པའི་ལམ་གྱི་རྣམ་པ་ཡོངས་སུ་རྫོགས་པར་བྱ་བས་མངོན་དུ་བྱ་བར་གཅིག་ཏུ་སེམས་པའི་སེམས་དང་ལྡན་པ། ཁ་ན་མ་ཐོ་བ་མེད་
པའི་ལས་ལ་ཡང་དག་པར་སྤྱད་པར་སེམས་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ཡོངས་སུ་དག་པར་བྱ་བས་མངོན་དུ་བྱ་བའི་སེམས་དང་ལྡན་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ལ་ནན་ཏན་དུ་བྱ་བས་ཡོངས་སུ་གྲུབ་པར་བྱ་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལམ་གྱི་རྒྱན་ཐམས་ཅད་མངོན་པར་བསྒྲུབ་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་པའི་ཚོགས་རྒྱ་ཆེན་པོ་ཡོངས་སུ་བསྒྲུབ་པ་བསྐལ་པའི་མྱེ་འབར་བས་ཀྱང་། རྒྱུན་མི་གཅད་པར་བརྩོན་པར་བྱ་བའི་སེམས་དང་ལྡན་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་རབ་ཏུ་ཞུགས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོ་མངོན་པར་བསྒྲུབ་པའི་སེམས་དང་ལྡན་པ། ཡོངས་སུ་སྤྱོད་པའི་ཚུལ་ཐམས་ཅད་ལ་རབ་ཏུ་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ལ་དངོས་པོ་ཐམས་ཅད་རྣམ་པར་བསྒོམ་པས་དངོས་པོ་མྱེད་པའི་ཚུལ་ལ་ཞུགས་པའི་སེམས་དང་ལྡན་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་གསུམ་པ་ཆོས་ཀྱི་ཚུལ་ལ་ངེས་པར་རྟོགས་པས་གཞག་པའི་སྦྱོར་བའི་ཚུལ་མངོན་དུ་གྱུར་པ་འབྱུང་བའི་སྙིང་པོ་ཞེས་བྱ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་བ་བཞི་པ་དུས་གསུམ་སྣང་བར་བྱ་བའི་ལྷག་པའི་བསམ་པ་རྣམ་པར་དག་པའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པའི་དབྱིངས་ལ་གྱ་ནོམ་པར་ཡོངས་སུ་དག་པ་ཡིན། སངས་རྒྱས་ཀྱི་བྱང་ཆུབ་ལ་སྣང་བ་རབ་ཏུ་ཐོབ་པ་ཡིན། བྱང་ཆུབ་སེམས་དཔའི་ཚུལ་རྒྱ་མཚོ་ལ་རབ་ཏུ་ཞུགས་པ་ཡིན། བསམ་པ་བརྟན་པ་རྡོ་རྗེའི་ཁམས་ལྟ་བུས་ཡོངས་སུ་ཟིན་པའི་སེམས་དང་ལྡན་པས་ཤིན་ཏུ་བརྟན་པ་ཡིན། སྲིད་པའི་ལམ་གྱི་རྒྱུད་དུ་སྐྱེ་བ་ལས་ཕྱིན་ཕྱོགས་སུ་ཕྱོགས་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་གྲུབ་པར་བྱ་བ་ལ་མངོན་དུ་གྱུར་པ་ཡིན། བྱང་ཆུབ་སེམས་
དཔའི་དབང་པོ་རྣམ་པར་སྤེལ་བ་ལ་ཁྱད་པར་དུ་འབོགས་པ་རབ་ཏུ་ཐོབ་པ་ཡིན། ལྷག་པའི་བསམ་པ་ཤིན་ཏུ་འོད་གསལ་བར་བྱ་བའི་ཕྱིར་སེམས་ཤིན་ཏུ་དགེ་བ་ཡིན། སྨོན་ལམ་བརྟན་ཞིང་རྒྱ་ཆེ་བ་རྣམ་པར་འཕེལ་བར་བྱ་བ་ལ་མྱི་གཡོ་བ་ཡིན། སྒྲིབ་པ་ཐམས་ཅད་ཀྱི་རི་རྣམ་པར་གཏོར་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་ དགོངས་པ ་ཡིན། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བས་མགོན་དུ་གྱུར་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་བཞི་པ་དུས་གསུམ་སྣང་བར་བྱ་བའི་ལྷག་པའི་བསམ་པ་རྣམ་པར་དག་པའི་སྙིང་པོ་ཞེས་བྱ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་ལྔ་པ་ཀུན་ནས་སྣང་བའི་འོད་ཀྱི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་རབ་ཏུ་ཞུགས་པས་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན། སྦྱིན་པ་ལྷུག་པར་གཏོང་བས་དངོས་པོའི་འདུ་ཤེས་ཐམས་ཅད་ལས་གྱེན་དུ་འཕགས་པ་ཡིན། ཚུལ་ཁྲིམས་མཐའ་ཡས་པས་མཐའ་ལས་རྒལ་བར་རྣམ་པར་དག་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བཟོད་པའི་སྣང་བ་རབ་ཏུ་ཐོབ་པས། དེ་བཞིན་གཤེགས་པའི་ཡུལ་ལ་གནས་པའི་བཟོད་པ་དང་ལྡན་པ་ཡིན། ཐམས་ཅད་མཁྱེན་པ་ཉིད་དུ་ཡངས་པར་འབྱུང་བ་ལ་ཞུགས་པས་བརྩོན་འགྲུས་ཆེན་པོ་དང་ལྡན་པ་ཡིན། སྒོ་ཀུན་ཏུ་ལྟ་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་པས་བསམ་གཏན་ལ་རབ་ཏུ་བརྩོན་པ་ཡིན། ཆོས་སྣང་བ་ཐམས་ཅད་རབ་ཏུ་ཐོབ་པས་ཤེས་རབ་ཀྱི་མཐུའི་འོད་དང་ལྡན་པ་ཡིན། སངས་རྒྱས་བལྟ་བ་རྒྱ་མཚོ་རྣམ་པར་དམྱིགས་པར་བྱ་བ་ལ་ཞུགས་པས་ཐོགས་པ་མེད་པའི་མིག་དང་ལྡན་པ་ཡིན། འཇིག་རྟེན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་དབང་བསྒྱུར་བས་སྨོས་པ་ཡིན། ཆོས་ཀྱི་ཚུལ་
ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐོབ་པར་བྱ་བ་ལ་རབ་ཏུ་བརྩོན་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་ལྔ་པ་ཀུན་ནས་སྣང་བའི་འོད་ཀྱི་སྙིང་པོ་ཞེས་བྱ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་དྲུག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དུ་འབྱུང་བའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བ་ཡིན། དེ་བཞིན་གཤེགས་པའི་རྒྱུད་དུ་སྐྱེས་པ་ཡིན། ཚུལ་གྱི་སྒོ་ཐམས་ཅད་ལ་ཤིན་ཏུ་གྲུབ་པ་ཡིན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་ལམ་ཆེན་པོ་རྣམ་པར་དག་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་རང་བཞིན་གཅིག་པའི་དགེ་བའི་རྩ་བར་གྱུར་པ་ཡིན། སངས་རྒྱས་ཐམས་ཅད་དང་ལུས་གཅིག་ཏུ་གྱུར་པ་ཡིན། ཆོས་དཀར་པོས་འཇིག་རྟེན་གཞན་དུ་འགྲོ་བ་ཡིན། སངས་རྒྱས་ཀྱི་བྱིན་གྱི་རླབས་ཡོངས་སུ་བསྟན་པའི་ཏིང་ངེ་འཛིན་ལ་བདག་ཉིད་ཆེ་བའི་ཆོས་ཀྱིས་རྣམ་པར་སྤྱོད་པ་ཡིན། དུས་ལ་ཇི་ལྟར་བབ་པ་བཞིན་དུ་སེམས་ཅན་རྣམ་པར་དག་པར་བྱ་བའི་ཆོས་ལ་ཞུགས་པ་ཡིན། སངས་རྒྱས་ཀྱི་ཆོས་ཡོངས་སུ་དྲིས་པ་ལ་སྤོབས་པ་རྒྱུན་མི་འཆད་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་དྲུག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དུ་འབྱུང་བའི་སྙིང་པོ་ཞེས་བྱ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་བདུན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་འོད་སྣང་བའི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སྟོབས་ལ་འཇུག་པའི་སྣང་བས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལས་ཕྱིར་མྱི་ལྡོག་གོ །བྱང་ཆུབ་སེམས་དཔའི་ཡོན་ཏན་རྒྱ་མཚོ་ལས་ཕྱིར་མི་
འགྱུར་རོ། །ཆོས་ཐམས་ཅད་སྒྱུ་མའི་རྣམ་པ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ལ་གནས་པས་ཡོངས་སུ་ཡི་འཆད་པར་མྱི་འགྱུར་རོ། །འཇིག་རྟེན་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་རྟོགས་པར་བྱེད་དོ། །གཟུགས་སུ་རྣམ་པར་དམྱིགས་པའི་གནས་ཐམས་ཅད་གཟུགས་བརྙན་ལྟ་བུར་མངོན་པར་སྒྲུབ་པོ། །མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་སྤྲུལ་པ་ལྟ་བུ་ལ་དབང་རབ་ཏུ་ཐོབ་པར་བྱེད་དོ། །སྲིད་པ་ཐམས་ཅད་དུ་སྐྱེ་བ་གྲིབ་མ་ལྟ་བུར་གདོད་རབ་ཏུ་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་སྒྲ་བརྙན་ལྟ་བུར་རབ་ཏུ་ཤེས་སོ། །ཐབས་ཀྱི་ཚུལ་དོན་སྣ་ཚོགས་དང་ལྡན་པ་ལ་རབ་ཏུ་བརྩོན་པས་ཆོས་ཀྱི་དབྱིངས་ཀྱི་ཚུལ་རབ་ཏུ་བསྟན་པ་ལ་ཕ་རོལ་ཏུ་ཕྱིན་པའི་དམ་པ་ཐོབ་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་བདུན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཀྱི་འོད་སྣང་བའི་རྒྱན་གྱི་སྙིང་པོ་ཞེས་བྱ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་བརྒྱད་པ་ཡེ་ཤེས་ཀྱི་སྒོ་ཀུན་ནས་རྣམ་པར་དཔྱད་པས་ཡོངས་སུ་འགྲུབ་པ་འབྱུང་བའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་ཅིང་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ལ་རྣམ་པར་གནས་པ་ཡིན་ཏེ། དེ་ལ་གནས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་ལ་རྣམ་པར་དཔྱོད་དེ། ཡེ་ཤེས་ཀྱི་ཚུལ་གྱི་སྒོ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཚད་མྱེད་པ་ཡོངས་སུ་སྟོན་པས་བསྐལ་པ་ཚད་མེད་པ་ཟད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ལའང་ཕ་རོལ་ཏུ་ཕྱིན་པའི་དམ་པས་དབང་དུ་འགྱུར་ཏེ། སེམས་ཀྱི་སྐད་ཅིག་རེ་རེ་ཞིང་སེམས་ཀྱི་སྐད་ཅིག་ཐམས་ཅད་ལ་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པ་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་ཀྱི་དྲུང་དུ་སྐྱེས་ཏེ། དམྱིགས་པ་ཐ་མི་དད་པས་ཐ་མི་དད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཐ་མི་དད་པའི་ཆོས་
རྣམས་ལ་ཐ་དད་པའི་ཡེ་ཤེས་ཀྱི་དབང་ཡོངས་སུ་སྟོན་ཏོ། །དམྱིགས་པ་བརྗོད་དུ་མྱེད་པ་དག་ཀྱང་སྒྲིབ་པ་མྱེད་པའི་དབྱིངས་སུ་ནོན་པར་བྱེད་དོ། །དམིགས་པ་ཆུང་ངུས་ཀྱང་མཐའ་ཡས་པར་བསྟན་པའི་ས་ལ་ཡོངས་སུ་འཇུག་གོ །ཆོས་ཉིད་ཚད་མྱེད་པ་ཡང་ཆུང་བའམ། ཆེ་བར་ཁོང་དུ་ཆུད་པར་བྱེད་དོ། །འཇིག་རྟེན་ཐམས་ཅད་ཀྱང་རྣམ་པར་དམྱིགས་པ་དང་མཉམ་པར་རབ་ཏུ་རྟོགས་པར་བྱེད་དོ། །ཆོས་ཀྱི་དམྱིགས་པ་ཐམས་ཅད་དང་། རྣམ་པར་ཤེས་པའི་རྒྱུད་ཐམས་ཅད་ཀྱང་བསྒོམས་པས་ཁོང་དུ་ཆུད་པར་བྱེད་དོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་བརྒྱད་པ་ཡེ་ཤེས་ཀྱི་སྒོ་ཀུན་ནས་རྣམ་པར་དཔྱད་པས་ཡོངས་སུ་འགྲུབ་པ་འབྱུང་བའི་སྙིང་པོ་ཞེས་བྱ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་དགུ་པ་ཆོས་ཀྱི་དབྱིངས་སྤྲུལ་པས་བརྒྱན་པར་བྱེད་པའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྐད་ཅིག་ཐམས་ཅད་ལ་རྒྱན་སྣ་ཚོགས་དང་། རྒྱན་དུ་མར་ལྡན་པའི་སངས་རྒྱས་ཀྱི་ཞིང་བྱིན་གྱིས་རློབ་སྟེ། སྤྲུལ་པ་ཐམས་ཅད་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པའི་དམ་པ་ཐོབ་པ་ཡིན། སངས་རྒྱས་ཀྱི་སྤྲུལ་པ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར་པ་ཡིན། ཆོས་ཀྱི་སྤྲུལ་པ་ལ་མྱི་འཇིགས་པ་རྣམ་པར་དག་པ་ཡིན། ཆོས་ཀྱི་དབྱིངས་དམ་པ་ཆགས་པ་མེད་པའི་སྤྱོད་ཡུལ་དང་ལྡན་པ་ཡིན། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ལུས་རྣམ་པར་དམྱིགས་པར་བྱ་བའི་བྱིན་གྱི་རླབས་ལ་མཁས་པ་ཡིན། སེམས་ཅན་གདུལ་བ་ལ་མཁས་པ་བསམ་གྱིས་མྱི་ཁྱབ་པ་དང་ལྡན་པ་ཡིན། སྤྱོད་པ་སྣ་ཚོགས་ཀྱི་མངོན་པར་འཚང་རྒྱ་བ་ཡོངས་སུ་སྟོན་པ་ཡིན། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྒྲིབ་པ་མྱེད་པ་མངོན་པར་བསྒྲུབ་པ་ལ་མཁས་པ་ཡིན། དེའི་རྒྱུད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་མཁས་པ་ཡོངས་སུ་སྟོན་པ་ཡིན། སེམས་ཅན་མཐའ་དང་དབུས་མེད་པ་གདུལ་བའི་
ཐབས་མངོན་པར་བསྒྲུབ་པ་ལ་མཁས་པ་ཡིན། རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་དབྱིག་ཏུ་བྱ་བའི་མཛོད་དང་ལྡན་པས་སེམས་ཅན་གདུལ་བའི་དུས་ལ་བབ་ན་རྟག་ཏུ་སྟ་གོན་དུ་གནས་པ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་དགུ་པ་ཆོས་ཀྱི་དབྱིངས་སྤྲུལ་པས་བརྒྱན་པ་བྱེད་པའི་སྙིང་པོ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་བཅུ་པ་དེ་བཞིན་གཤེགས་པའི་ས་ཡོངས་སུ་གནོན་པའི་ཤུགས་དྲག་པོའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། རང་བཞིན་གཅིག་པའི་ཡུལ་ལ་དབང་བསྐུར་བ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འདབ་ཆགས་པའི་ཡུལ་ལ་རབ་ཏུ་འཇུག་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་ཤི་འཕོ་དང་། སྐྱེ་བའི་སེམས་རྒྱུད་ཆགས་པར་འབྱུང་བ་ཡང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་འདབ་ཆགས་པའི་ཡུལ་ཡང་རབ་ཏུ་ཤེས་སོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་འཚང་རྒྱ་བ་འདབ་ཆགས་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཀྱི་རྒྱུད་འདབ་ཆགས་པ་ལ་མཁས་པར་བྱ་བ་ཡང་རབ་ཏུ་ཤེས་སོ། །བསྐལ་པ་འཇིག་པ་དང་འདུ་བ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བ་རྣམས་ཀྱང་མྱིང་དང་བཅས། ས་ཚིགས་དང་བཅས་པར་འདབ་ཆགས་པར་རབ་ཏུ་ཤེས་སོ། །སེམས་ཅན་ཚུལ་ཇི་ལྟ་བུར་ཡོངས་སུ་སྨྱིན་པར་བྱས་པ་དང་། དུས་ལ་གང་དུ་བབ་པ་རྣམས་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱན་དང་། རྣམ་པར་འཚང་རྒྱ་བས་གདུལ་བར་བྱ་བ་ཡོངས་སུ་བསྟན་པའི་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཀྱང་མངོན་པར་སྒྲུབ་བོ། །སངས་རྒྱས་བྱུང་བ་ཐམས་ཅད་མངོན་པར་འཚང་རྒྱ་བའི་དྲུང་དུ་ཉེ་བར་འགྲོ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་མཁས་
པའི་ཚུལ་འདབ་ཆགས་པ་ཡང་། སེམས་ཅན་གྱི་ཁམས་མཐའ་དང་དབུས་མེད་པ་གདུལ་བའི་ཐབས་མངོན་པར་བསྒྲུབ་པ་ལ་མཁས་པས་ཡོངས་སུ་སྟོན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བ་བཅུ་རྣམས་ཏེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བར་འགྱུར་བའོ། །འབྱུང་བར་འགྱུར་བའོ། །ཡང་དག་པར་སྒྲུབ་པར་བྱེད་པའོ། །ཡང་དག་པར་འཕེལ་བར་བྱེད་པའོ། །རབ་ཏུ་རྫོགས་པར་བྱེད་པའོ། །ཡོངས་སུ་གྲུབ་པར་བྱེད་པའོ། །ཞིང་མ་ལུས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱན་གཅིག་གི་ལྷབ་ལྷུབ་ལ་རྒྱན་དང་། ལྷབ་ལྷུབ་ཀྱི་རྒྱུད་རྣམ་པ་སྣ་ཚོགས་ཀྱི་བྱིན་གྱིས་རློབ་པའོ། །སེམས་ཅན་གྱི་ཁམས་གདུལ་བ་རྒྱུན་མི་གཅད་པའི་ཕྱིར་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱིན་གྱི་རླབས་ཀྱིས་རྒྱུན་འཆད་པ་མྱེད་པར་བྱེད་པའོ། །ཆོས་རྒྱ་མཚོ་ཐམས་ཅད་ཀྱི་དམྱིགས་པ་སྣ་ཚོགས་དང་། ཤིན་ཏུ་བསྟན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྣ་ཚོགས་དུ་མ་རྣམ་པ་ཐ་དད་པ་དང་། ཆོས་མཐའ་ཡས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་མངོན་པར་འཚང་རྒྱ་བར་བྱེད་པའོ། །སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་བསམ་གྱིས་མི་ཁྱབ་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་ཡོངས་སུ་སྟོན་པའོ། །སེམས་ཅན་ཚད་མེད་པ་སྤྱོད་པ་རྒྱ་མཚོ་སྣ་ཚོགས་དང་ལྡན་པ་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བས་ཡོངས་སུ་འདུལ་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོངས་སུ་བསྟན་པའོ། །སེམས་ཅན་གྱི་ཁམས་ཐམས་ཅད་སངས་རྒྱས་འབྱུང་བ་དང་མི་འབྲལ་བར་བྱིན་གྱིས་རློབ་པའོ། །ཆོས་ཐམས་ཅད་ཀྱི་སྤྲིན་དབྱངས་ཀྱི་ཡན་ལག་རྒྱ་མཚོ་བརྗོད་དུ་མེད་པས་རྣམ་པར་དག་པ་དམྱིགས་པ་ཐམས་ཅད་ལས་རབ་ཏུ་འབྱུང་
བ་རྣམ་པར་དམྱིགས་པར་བྱེད་པའོ། །ཚད་མེད་པར་རྣམ་པར་སྤྱོད་པ་ལ་བསྒྲིབས་པ་མེད་པར་རྟོགས་པས་ཁོང་དུ་ཆུད་པ་རྣམས་ཆོས་ཡིད་དུ་འོང་བའི་རྒྱན་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་བསམ་པ་དང་། མོས་པ་གང་དང་ལྡན་པའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཡོངས་སུ་སྟོན་པའོ། །སངས་རྒྱས་ཀྱི་ས་ཚད་མེད་པའི་རྗེས་སུ་སོང་བ་རྣམས་འཇིག་རྟེན་ཐམས་ཅད་ཡོངས་སུ་བསྒྲུབ་པའི་དོན་དུ་ཆོས་ཀྱི་མཛོད་མཐའ་དང་དབུས་མེད་པ་རབ་ཏུ་སྟོན་པའོ། །དེ་ནས་ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གྱིས། དེའི་ཚེ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དོན་འདི་ཉིད་གསལ་བར་བརྗོད་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྷག་པའི་བསམ་པ་དྲི་མེད་རྙོག་པ་མེད་པ་ཡིས། །གང་རྣམས་རྒྱལ་བ་བལྟ་བས་ནམ་ཡང་མི་ངོམས་ཤིང་། །རྒྱལ་བ་ཀུན་གྱི་ཕྱི་མའི་མཐའ་ཡི་རྒྱན་སྤྲིན་ལ། །སྨོན་པའི་མཁས་པ་དེ་དག་སྐྱེ་བའི་ཐོག་མ་གནས། །དུས་གསུམ་བྱུང་བའི་འཇིག་རྟེན་མ་ལུས་ཀུན་བཀང་སྟེ། །ཞིང་དང་སེམས་ཅན་དེ་བཞིན་ཆོས་དང་སངས་རྒྱས་རྣམས། །སེམས་ཅན་དགྲོལ་ཕྱིར་སྨོན་ལམ་འདེབས་པས་བརྒྱན་པའི་སེམས། །དེ་ནི་བསམ་གྱིས་མྱི་ཁྱབ་རྣམས་ཀྱི་སྐྱེ་བ་གཉིས། །གང་རྣམས་ཆོས་ཀྱི་སྤྲིན་འཐུང་ནམ་ཡང་མི་ངོམས་ཤིང་། །ངེས་པར་རྟོགས་པའི་ཡིད་ཀྱིས་དུས་གསུམ་ཆགས་མེད་ལུས། །མཁའ་དབྱིངས་དྲི་མེད་མཉམ་མེད་སེམས་ཀྱི་ལུས་ལྡན་པ། །མཚུངས་པ་མེད་པ་དེ་ནི་དེ་དག་སྐྱེ་བ་གསུམ། །ལྷག་པའི་བསམ་པ་རི་རབ་རྡོ་རྗེ་མཚུངས་བསྟན་པས། །ཐམས་ཅད་མཁྱེན་ཚུལ་རྒྱ་མཚོར་རྣམ་པར་འཇུག་བྱེད་ཅིང་། །གང་རྣམས་སྙིང་རྗེ་ཆེན་པོའི་གང་ཆེན་མཚོར་འཇུག་པ། །དེ་ནི་སྐྱེས་བུ་ཁྱུ་མཆོག་རྣམས་ཀྱི་སྐྱེ་བ་བཞི། །གང་རྣམས་བྱམས་པས་ཕྱོགས་བཅུ་རྒྱས་པར་ཡོངས་བཀང་ཞིང་། །
ཕ་རོལ་ཕྱིན་པ་དྲི་མེད་རྒྱ་མཚོ་མངོན་བསྒྲུབས་ཏེ། །ཆོས་ཀྱི་འོད་འགྱེད་འགྲོ་བ་ཡོངས་སུ་སྨྱིན་བྱེད་པ། །དེ་ནི་སྐྱེས་བུ་ཆེན་པོ་དེ་དག་སྐྱེ་བ་ལྔ། །ཆོས་ཀྱི་རང་བཞིན་རབ་ཏུ་རྟོགས་པས་ཆགས་མེད་སེམས། །དུས་གསུམ་དཔེ་ཟླ་མེད་པའི་སངས་རྒྱས་རིགས་བྱུང་ཞིང་། །གང་རྣམས་ཆོས་དབྱིངས་རྒྱ་མཚོའི་ཚུལ་ལ་འཇུག་བྱེད་པ། །འདི་ནི་མཁས་པ་དེ་དག་སྐྱེ་བ་ཡངས་པ་དྲུག །གང་རྣམས་ཆོས་ལུས་ཡོངས་དག་ཆགས་པ་མེད་པའི་སེམས། །ཞིང་རྣམས་མ་ལུས་རང་གི་ལུས་ཀྱིས་དགང་བྱས་ཤིང་། །སངས་རྒྱས་སྟོབས་རྣམས་མ་ལུས་ཁོང་དུ་ཆུད་རྟོགས་པ། །དེ་ནི་མཁས་པ་རྣམས་ཀྱི་སྐྱེ་བ་བསམ་ཡས་བདུན། །གང་རྣམས་ཡེ་ཤེས་རྒྱ་མཚོའི་ཚུལ་ལ་དབང་ལྡན་ཞིང་། །ཐམས་ཅད་མཁྱེན་པའི་སྒོ་ཚུལ་རྣམ་པར་དཔྱོད་བྱེད་ལ། །ཏིང་འཛིན་ཀུན་ཚུལ་གང་ཆེན་མཚོ་ལ་ཡོངས་འཇུག་པ། །དེ་ནི་དེ་བཞིན་ཉིད་རྟེན་རྣམས་ཀྱི་སྐྱེ་བ་བརྒྱད། །གང་རྣམས་ཞིང་ཀུན་འབྱམ་ཀླས་ཡོངས་སུ་སྦྱོང་བྱེད་ཅིང་། །སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་བྱེད་འདུལ་ལ་རབ་བརྩོན་ལ། །སངས་རྒྱས་རྣམ་པར་འཕྲུལ་པའི་རྒྱན་རྣམས་རྣམ་སྟོན་པ། །དེ་ནི་གྲགས་པ་ཆེན་པོ་རྣམས་ཀྱི་སྐྱེ་བ་དགུ། །གང་རྣམས་རྒྱལ་བའི་སྟོབས་རྣམས་ཇི་བཞིན་རབ་ཞུགས་ཏེ། །ཐམས་ཅད་མཁྱེན་པའི་ཤུགས་དྲག་ཡངས་པ་རྣམ་སྤེལ་ཅིང་། །གང་རྣམས་ཆོས་དབྱིངས་གཞི་ཚུལ་ཐ་དད་ཆགས་མེད་པ། །དེ་ནི་རྒྱལ་སྲས་རྣམས་ཀྱི་སྐྱེ་བ་བཅུ་ཡིན་ནོ། །རིགས་ཀྱི་བུ་སྐྱེ་བ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེའོ། །དེ་ལྟར་ན་འཇིག་རྟེན་ཐམས་ཅད་ལ་སྣང་བར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྐལ་
པ་ཚད་མེད་པར་དམྱིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བས་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་ཐོབ་པའོ། །སྨྲས་པ། འཕགས་མ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྐལ་པ་ཚད་མེད་པར་དམྱིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བས་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པ་འདིའི་ཡུལ་ཇི་ལྟ་བུ་ཞིག་མཆིས། སྨྲས་པ། རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐྱེ་བ་ཡོངས་སུ་ལྟ་ཞིང་། ཉེ་བར་འགྲོ་བའི་སྨོན་ལམ་ཡོངས་སུ་གྲུབ་པ་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐྱེ་བ་རྒྱ་མཚོ་ཤིན་ཏུ་ཡངས་པ་ལ་འཇུག་ཅིང་ཁོང་དུ་ཆུད་པ་སྟེ། འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་བྱང་ཆུབ་སེམས་དཔའི་སྐྱེ་བ་ཁོང་དུ་ཆུད་པར་བྱེད་ཅིང་། གླིང་བཞི་པ་སྐལ་བ་དང་ལྡན་པའི་འཛམ་བུའི་གླིང་དེའི་ལུམ་བི་ནིའི་ནགས་ཚལ་དུ་བྱང་ཆུབ་སེམས་དཔའ་འབྱུང་བ་ཡོངས་སུ་བལྟ་བའི་དོན་དུ་སྔོན་གྱི་སྨོན་ལམ་གྱིས་སྐྱེས་ཏེ། ད་ལྟར་ཁོ་མོ་འདི་ན་བྱང་ཆུབ་སེམས་དཔའ་འབྱུང་བའི་རྗེས་སུ་དྲན་པ་སྒོམ་ཞིང་རྣམ་པར་སྤྱོད་དོ། །དེ་ལྟར་ཁོ་མོ་འདི་ན་གནས་གནས་ཏེ། དེ་ཕན་ཆད་ལོ་བརྒྱ་ན་བཅོམ་ལྡན་འདས་དགའ་ལྡན་གྱི་ཕོ་བྲང་ནས་འཕོ་བར་འགྱུར་རོ་ཞེས་བྱ་བའི་ཚེ། ལུམ་བི་ནིའི་ནགས་ཚལ་འདིར་སྔོན་གྱི་ལྟས་བཅུ་བྱུང་བར་གྱུར་ཏེ། བཅུ་གང་ཞེ་ན། འདི་ལྟར་ལུམ་བི་ནིའི་ནགས་ཚལ་འདི་ཐམས་ཅད་མཐོན་དམན་མེད་ལ། ངམ་གྲོག་དང་། གཡང་ས་མེད་ཅིང་མཉམ་པར་གནས་པར་གྱུར་པ་འདི་ནི་སྔོན་གྱི་ལྟས་དང་པོ་བྱུང་བའོ། །ཡང་ལུམ་བི་ནིའི་ནགས་ཚལ་འདི་ཐམས་ཅད་གསེག་མ་དང་། གྱོ་མོ་མེད་ལ་སྡོམ་དུམ་དང་ཚེར་མ་དང་བྲལ་ཏེ། སའི་གཞི་རྡོ་རྗེ་ལས་གྲུབ་པར་གྱུར་ནས། རིན་པོ་ཆེ་མང་པོས་ཡོངས་སུ་གང་བར་གནས་པར་གྱུར་པ་འདི་ནི་སྔོན་གྱི་ལྟས་གཉིས་པ་བྱུང་བའོ། །ཡང་ལུམ་བི་ནིའི་ནགས་ཚལ་འདི་ཐམས་ཅད་རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་དང་སཱ་ལ་དང་། ཏ་ལའི་ཕྲེང་བས་རྣམ་པར་འཁྲིགས་པས་ཡོངས་སུ་བརྒྱན་པར་ཀུན་ནས་གནས་པར་གྱུར་པ་འདི་ནི་སྔོན་གྱི་ལྟས་གསུམ་པ་བྱུང་བའོ། །ཡང་ལུམ་བི་ནིའི་ནགས་ཚལ་འདི་ཐམས་ཅད་ལྷ་རྫས་ལས་ཀྱང་
འདས་པའི་སྤོས་ཀྱི་མྱུ་གུ་ཀུན་ནས་འཐོན་པ་དང་། ཕྱེ་མ་ཐམས་ཅད་ཀྱི་མཛོད་ཀུན་ནས་འཐོན་པ་དང་། རྒྱལ་མཚན་ཐམས་ཅད་ཀྱི་སྤྲིན་དང་ན་བུན་ཡོངས་སུ་བྱུང་བ་དང་། སྤོས་ཀྱི་རིན་པོ་ཆེའི་གཟུགས་ཀྱི་ཤིང་དྲུང་ཀུན་ནས་འཁོར་ཏེ། རྒྱན་ཡོངས་སུ་སྤྱངས་པར་ཀུན་ནས་གནས་པར་གྱུར་པ་འདི་ནི་སྔོན་གྱི་ལྟས་བཞི་པ་བྱུང་བའོ། །ཡང་ལུམ་བི་ནིའི་ནགས་ཚལ་འདི་ཐམས་ཅད་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། ལྷབ་ལྷུབ་སྣ་ཚོགས་ཀྱིས་མཛོད་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྒྱས་པ་དང་ལྡན་པར་ཀུན་ནས་གནས་པར་གྱུར་པ་འདི་ནི་སྔོན་གྱི་ལྟས་ལྔ་པ་བྱུང་བའོ། །ཡང་ལུམ་བི་ནིའི་ནགས་ཚལ་འདི་ཐམས་ཅད་ཀྱི་ཤིང་ཐམས་ཅད་ལ་ནོར་བུ་རིན་པོ་ཆེ་དམ་པའི་མཛོད་མངོན་པར་གྲུབ་པར་གྱུར་པ་འདི་ནི་སྔོན་གྱི་ལྟས་དྲུག་པ་བྱུང་བའོ། །ཡང་ལུམ་བི་ནིའི་ནགས་ཚལ་འདི་ཐམས་ཅད་ཀྱི་པདྨོའི་ཚལ་ཐམས་ཅད་དུ་ཆུ་ལས་སྐྱེས་པའི་མེ་ཏོག་ཐམས་ཅད་ཀྱང་ཁ་འབུས་ཏེ། སའི་གཞི་ལས་འཐོན་ནས། ཆུ་ལས་མངོན་པར་འཕགས་པར་གནས་པ་འདི་ནི་སྔོན་གྱི་ལྟས་བདུན་པ་བྱུང་བའོ། །ཡང་འཇིག་རྟེན་གྱི་ཁམས་འདིའི་འདོད་པ་ལ་སྤྱོད་པ་དང་། གཟུགས་ལ་སྤྱོད་པའི་ལྷའི་བུ་རྣམས་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། འཇིག་རྟེན་གྱི་དབང་པོ་དང་། འགྲོ་བའི་དབང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ལུམ་བི་ནིའི་ནགས་ཚལ་འདི་ན་ཐལ་མོ་སྦྱར་ཅིང་འཁོད་པར་གྱུར་ཏེ། འདི་ནི་སྔོན་གྱི་ལྟས་བརྒྱད་པ་བྱུང་བའོ། །ཡང་འཛམ་བུའི་གླིང་གི་འཇིག་རྟེན་གྱི་ཁམས་འདིའི་ལྷའི་བུ་མོའམ། ཀླུའི་བུ་མོའམ། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་བུ་མོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་དགའ་བའི་ཡིད་ཀྱིས་མཆོད་པའི་རྣམ་པ་ཐམས་ཅད་ལག་ན་ཐོགས་ཤིང་བླག་
ཤའི་ཡལ་ག་ལ་མངོན་ཏུ་བལྟས་ཏེ། འདུད་ཅིང་ཕྱག་འཚལ་བར་འཁོད་པར་གྱུར་པ་འདི་ནི་སྔོན་གྱི་ལྟས་དགུ་པ་བྱུང་བའོ། །ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལྟེ་བའི་དཀྱིལ་འཁོར་དག་ནས་བྱང་ཆུབ་སེམས་དཔའི་སྐྱེ་བས་རྣམ་པར་འཕྲུལ་པའི་སྒྲོན་མ་ཞེས་བྱ་བའི་འོད་ཟེར་མང་པོ་འཐོན་ཏེ། ལུམ་བི་ནིའི་ནགས་ཚལ་འདི་ཐམས་ཅད་སྣང་བར་བྱས་ནས་གནས་པར་གྱུར་ཏེ། འོད་ཟེར་གྱི་སྒོའི་དཀྱིལ་འཁོར་དེ་དག་ཐམས་ཅད་ལའང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐྱེ་བས་རྣམ་པར་འཕྲུལ་པ་གཟུགས་བརྙན་དུ་གྱུར་པར་སྣང་བ་དང་། ཐོག་མ་བལྟམ་པའི་རྣམ་པར་འཕྲུལ་པ་དང་བཅས་པར་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་གསུང་གི་དབྱངས་དང་ལྡན་པར་འོད་ཟེར་གྱི་སྒོའི་དཀྱིལ་འཁོར་དེ་དག་ལས་སྒྲར་འཐོན་ཅིང་གྲགས་པར་གྱུར་པ་འདི་ནི་སྔོན་གྱི་ལྟས་བཅུ་པ་བྱུང་བའོ། །བྱང་ཆུབ་སེམས་དཔའི་སྐྱེ་བའི་དུས་ལ་བབ་པའི་ཚེ། སྔོན་གྱི་ལྟས་བཅུ་པོ་དེ་དག་བྱུང་བར་གྱུར་ཏེ། དེ་བྱུང་བས་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་འབྱུང་བར་འགྱུར་རོ་ཞེས་བྱ་བར་ཤེས་སོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་སྔོན་གྱི་ལྟས་བཅུ་པོ་དེ་དག་མཐོང་བས་ཀྱང་དགའ་བའི་ཤུགས་བསམ་གྱིས་མི་ཁྱབ་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་གཞན་ཡང་ལྷ་མོ་སྒྱུ་མ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ནས་བྱུང་བའི་ཚེ། ལུམ་བི་ནིའི་ནགས་ཚལ་འདིར་སྔོན་གྱི་ལྟས་སྣང་བ་ཆེན་པོ་བཅུ་བྱུང་བར་གྱུར་ཏེ། དེ་དག་བྱུང་བས་སེམས་ཅན་ཚད་མེད་པ་རྣམས་ཐམས་ཅད་མཁྱེན་པའི་ཆོས་ཀྱི་སྣང་བས་དགའ་བའི་ཤུགས་རྣམ་པར་འཕེལ་བར་གྱུར་ཏོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སའི་སྟེང་ན་གནས་པའི་རིན་པོ་ཆེའི་ཁང་པ་བརྩེགས་པ་ཐམས་ཅད་དུ་སྣང་བ་རབ་ཏུ་བྱུང་ངོ་། །རིན་པོ་ཆེའི་པདྨོ་ཁ་མ་བྱེ་བ་ཁ་འབྱེ་བར་གྱུར་པའི་འདབ་མ་ཐམས་ཅད་ལས་སྣང་བ་རབ་ཏུ་བྱུང་སྟེ། བལྟམ་པ་ལེགས་པར་བལྟམ་མོ་ཞེས་བྱ་བའི་སྒྲ་སྙན་པ་ཡང་དེ་དག་ལས་བྱུང་བར་
གྱུར་ཏོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མ་སེམས་བསྐྱེད་པའི་སྣང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་། ལུམ་བི་ནིའི་ནགས་ཚལ་འདིར་སྣང་བར་བྱས་ཏེ་མངོན་པར་ཤར་ཏོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་གནོན་པའི་སྣང་བ་རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ལུམ་བི་ནིའི་ནགས་ཚལ་འདིར་བྱུང་ངོ་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་སྒྲུབ་ཅིང་། ཡེ་ཤེས་ཁོང་དུ་ཆུད་པའི་སྣང་བ་འོད་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ལུམ་བི་ནིའི་ནགས་ཚལ་འདིར་བྱུང་བར་གྱུར་ཏོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་ཐམས་ཅད་ལ་དབང་བསྒྱུར་བའི་ཡེ་ཤེས་སྣང་བའི་འོད་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ལུམ་བི་ནིའི་ནགས་ཚལ་འདིར་བྱུང་བར་གྱུར་ཏོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་རྒྱ་ཆེན་པོ་མངོན་པར་སྒྲུབ་པའི་ཡེ་ཤེས་སྣང་བའི་འོད་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ལུམ་བི་ནིའི་ནགས་ཚལ་འདིར་བྱུང་བར་གྱུར་ཏོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བར་བྱེད་པའི་ཡེ་ཤེས་སྣང་བའི་འོད་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ལུམ་བི་ནིའི་ནགས་ཚལ་འདིར་བྱུང་བར་གྱུར་ཏོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་ཡེ་ཤེས་ཁོང་དུ་ཆུད་པའི་སྣང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ལུམ་བི་ནིའི་ནགས་ཚལ་འདིར་བྱུང་བར་གྱུར་ཏོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང་། སྐྱེ་བ་དང་མངོན་པར་འབྱུང་བ་དང་། བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ་དང་། ཡེ་ཤེས་ཐུགས་སུ་ཆུད་པར་མཛད་པའི་སྣང་བའི་འོད་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ལུམ་བི་ནིའི་ནགས་ཚལ་འདིར་བྱུང་བར་གྱུར་ཏོ། །སྔོན་གྱི་ལྟས་སྣང་བ་ཆེན་པོ་བཅུ་པོ་དེ་དག་རབ་ཏུ་བྱུང་བར་གྱུར་ཏེ། དེ་དག་གིས་སེམས་ཅན་མཐའ་
དང་དབུས་མྱེད་པའི་སེམས་དང་། བསམ་པའི་མུན་པ་ཐིབས་པོ་ཐམས་ཅད་ཀྱང་རབ་ཏུ་སྣང་བར་བྱས་སོ། །རིགས་ཀྱི་བུ་དེ་ལ་ལྷ་མོ་སྒྱུ་མ་ཤིང་བླག་ཤའི་ནགས་སུ་ཕྱིན་པའི་ཚེ། འཇིག་རྟེན་གྱི་དབང་པོ་འདུས་པ་ཐམས་ཅད་དང་། འདོད་པའི་ཁམས་ཀྱི་ལྷའི་བུ་ལྷའི་བུའི་ཚོགས་དང་། ལྷའི་བུ་མོ་འཁོར་དང་བཅས་ཏེ་འདུས་པ་ཐམས་ཅད་དང་། གཟུགས་ལ་སྤྱོད་པའི་ལྷའི་བུ་དྲི་ང་བ་མེད་པ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འཁོར་དང་བཅས་ཏེ། ཚོགས་པ་བྱང་ཆུབ་སེམས་དཔའ་ལ་མཆོད་པར་བརྩོན་པ་ཐམས་ཅད་ཀྱི་ལུས་དང་། མཆོད་པའི་ཚོགས་ཐམས་ཅད་ཀྱང་ལྷ་མོ་སྒྱུ་མའི་གཟི་བརྗིད་དང་དཔལ་དང་ཁ་དོག་དང་གཟུགས་ཀྱིས་རབ་ཏུ་སྣང་བར་བྱས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འོད་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཟིལ་དུ་རླག་པར་གྱུར་ཏེ་ཟིལ་གྱིས་མནན་ཏོ། །ལྷ་མོ་སྒྱུ་མའི་བ་སྤུའི་སྒོ་ཐམས་ཅད་ནས་བྱུང་བའི་འོད་དང་སྣང་བ་དག་ནི་འོད་གཞན་གྱིས་ཉམས་པར་གྱུར་པ་མེད། བསྒྲིབས་པར་གྱུར་པ་མེད། ཆོད་པར་གྱུར་པ་མྱེད། ཐོགས་པར་གྱུར་པ་མྱེད་དེ། དེས་ཕྱོགས་ཐམས་ཅད་རྒྱས་པར་བཀང་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་དང་། སྲིད་པའི་ལམ་གྱི་རྒྱུད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱས་ཏེ། ལྷག་གེ་ལྷམ་མེ་ལྷང་ངེར་གནས་པར་གྱུར་ཏོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ། ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་དང་པོའོ། །རིགས་ཀྱི་བུ་གཞན་ཡང་གང་གི་ཚེ་ལྷ་མོ་སྒྱུ་མའི་ལུས་སུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་འདི་ཆུད་ཅིང་གཟུགས་བརྙན་འབྱུང་བ་སྣང་བར་གྱུར་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་པོའི་གནས་མིང་སྣ་ཚོགས་དང་ལྡན་པ་ཤ་སྟག་དང་། ནགས་ཚལ་གྱི་མིང་སྣ་ཚོགས་དང་ལྡན་པ་ཤ་སྟག་དང་། ཤིང་དྲུང་རྣམ་པ་ཐ་དད་པ་ཤ་སྟག་ཏུའང་ལྷ་མོ་སྒྱུ་མ་ཕྱིན་ཅིང་། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཏེ། བྱང་ཆུབ་སེམས་དཔའི་སྐྱེ་བ་ལ་སྟ་གོན་དུ་སྡོད་ཅིང་། བྱང་ཆུབ་སེམས་དཔའ་ཡུམ་གྱི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་རྣམ་པ་འདི་བཞིན་དུ་སྣང་བར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་གཉིས་པའོ། །རིགས་ཀྱི་བུ་གཞན་ཡང་ལྷ་མོ་སྒྱུ་མའི་བ་སྤུའི་བུ་ག་ཐམས་ཅད་ཀྱི་བ་སྤུའི་སྒོ་རེ་རེ་ལ་ཡང་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་མངའ་བའི་ཚེ། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བསྙེན་བཀུར་ཏེ། རིམ་གྲོར་མཛད་པ་དང་། བསྟི་སྟང་དང་བཀུར་སྟིར་མཛད་དེ་མཆོད་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་སྣང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་གིས་ཆོས་ཇི་སྙེད་ཅིག་བསྟན་པ་དེ་དག་ཐམས་ཅད་ཀྱང་བ་སྤུའི་བུ་ག་དེ་དག་ནས་སངས་རྒྱས་ཀྱི་གསུང་གི་ཡན་ལག་དང་ལྡན་པར་མ་ལུས་པར་གྲགས་པར་གྱུར་ཏེ། དཔེར་ན། ཆུའི་ཕོར་བུ་ཆུང་ངུའམ། གསེར་གྱི་རྡུལ་ཕྲ་མོའམ། མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་གསལ་བའམ། ཆུ་ཤིན་ཏུ་དང་བ་ལ་ནམ་མཁའི་དཀྱིལ་འཁོར་གཉི་ཟླ་དང་། གཟའ་སྐར་གྱི་ཚོགས་ཀྱིས་རབ་ཏུ་བརྒྱན་པ་དང་། སྤྲིན་གྱི་ཚོགས་འབྲུག་སྒྲ་ཟབ་མོ་འབྱིན་པ་ཅན་ཡང་གཟུགས་བརྙན་དུ་གྱུར་པར་སྣང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ་ལྷ་མོ་སྒྱུ་མའི་བ་སྤུའི་སྒོའི་དཀྱིལ་འཁོར་ཐམས་ཅད་ལའང་། སྔོན་གྱི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་རྣམས་ཀྱང་ཡོངས་སུ་སྣང་། ཆོས་བསྟན་པའི་སྒྲ་ཐམས་ཅད་ཀྱང་གྲགས་པར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་
འཕྲུལ་པ་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་གསུམ་པའོ། །རིགས་ཀྱི་བུ་གཞན་ཡང་ལྷ་མོ་སྒྱུ་མའི་ལུས་ཐམས་ཅད་དང་། བ་སྤུའི་སྒོའི་དཀྱིལ་འཁོར་ཐམས་ཅད་ལས་བ་སྤུའི་སྒོ་རེ་རེ་ནས་ཀྱང་ཞིང་ཇི་སྙེད་ཅིག་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཇི་སྙེད་ཅིག་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཇི་སྙེད་ཅིག་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཇི་སྙེད་ཅིག་དང་། འཇིག་རྟེན་ཁམས་ཀྱི་མིང་དུ་བྱ་བ་ཇི་སྙེད་ཅིག་ཏུ་བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་དེ། ཞིང་གི་གཞི་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་པ་དང་། དབྱིབས་ནི་ཅི་འདྲ་བ་དང་། རྒྱན་ནི་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་པ་དང་། ལྷུན་ནི་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་པ་དང་། རིའི་རྒྱན་ནི་ཇི་ལྟ་བུ་དག་ཅིག་ཡོད་པར་གྱུར་པ་དང་། གྲོང་དང་། གྲོང་ཁྱེར་དང་། ཡུལ་དང་། ལྗོངས་དང་། གྲོང་རྡལ་གྱི་རྒྱན་ནི་ཇི་ལྟ་བུ་དག་ཅིག་གནས་གནས་པ་དང་། བཟའ་ཤིང་གི་ར་བ་དང་། མཚོ་དང་། ལུ་མ་དང་། རྒྱ་མཚོའི་རྒྱན་ནི་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་པ་དང་། ནམ་མཁའ་དང་སྤྲིན་གྱི་རྒྱན་ནི་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་པ་དང་། སེམས་ཅན་གྱི་གནས་ནི་ཇི་ལྟ་བུ་ཞིག་ཡོད་པར་གྱུར་པ་དང་། ཐེག་པ་བསྟན་པ་ནི་གང་དང་ཡང་ལྡན་པར་གྱུར་པ་དང་། བསྐལ་པའི་མྱིང་དང་གྲངས་ཇི་སྙེད་ཅིག་ཅེས་བྱ་བར་གྱུར་པ་དང་། སངས་རྒྱས་སྐྱེ་བ་ནི་ཇི་སྙེད་ཅིག་བྱུང་བར་གྱུར་པ་དང་། རྣམ་པར་དག་པ་ནི་གང་དུ་འདུ་བར་གྱུར་པ་དང་། སེམས་ཅན་གྱི་ཚེའི་ཚད་ནི་ཇི་ཙམ་ཞིག་དང་ལྡན་པར་གྱུར་པ་དང་། འཇིག་རྟེན་གྱི་སྐྱེ་གནས་ནི་གང་དུ་སྐྱེས་པར་གྱུར་པ་དང་། སེམས་ཅན་ཇི་ལྟ་བུ་ཞིག་དང་འགྲོགས་འགྲོགས་པ་དང་། དགེ་བའི་བཤེས་གཉེན་ནི་ཇི་ལྟ་བུ་ཞིག་ལ་བརྟེན་བརྟེན་པ་དང་། དགེ་བའི་ཆོས་ནི་ཇི་ལྟ་བུ་ཞིག་ལ་བརྩོན་པར་སྤྱོད་སྤྱོད་པ་དང་། ཆོས་ཀྱི་ནན་ཏན་ནི་ཇི་ལྟ་བུ་ཞིག་ལ་བརྩོན་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་སྤྱོད་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་ཡོངས་སུ་སྣང་བར་གྱུར། བཅོམ་ལྡན་འདས་ཀྱིས་ཕྱིར་མྱི་ལྡོག་པའི་གནས་བརྙེས་ནས། སྔོན་སྐུ་ནི་ཇི་སྙེད་
ཅིག །རྣམ་པར་སྤྱོད་པ་ཇི་ལྟ་བུ་ཞིག །ཆ་བྱད་ནི་ཇི་ལྟ་བུ་ཞིག །ལོངས་སྤྱོད་པ་ནི་ཅི་དང་ལྡན། བདེ་བ་དང་སྡུག་བསྔལ་ནི་ཇི་ལྟ་བུ་ཞིག་སྐུ་ཉམས་སུ་བཞེས། སྐུ་ཚེའི་རྒྱུད་ནི་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་ཏེ། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བ་སྤུའི་སྒོ་ཐམས་ཅད་ནས་ཡོངས་སུ་སྣང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱི་སྐྱེ་གནས་དེ་དང་། དེ་དག་ཏུ་ལྷ་མོ་སྒྱུ་མ་བྱང་ཆུབ་སེམས་དཔའི་ཡུམ་དུ་གྱུར་པ་དང་། བྱང་ཆུབ་སེམས་དཔའི་སྐུ་དེ་དག་ཐམས་ཅད་ཀྱང་། ལྷ་མོ་སྒྱུ་མའི་བ་སྤུའི་སྒོ་ཐམས་ཅད་དུ་རྣམ་པར་འཕྲུལ་པའི་གཟུགས་བརྙན་བྱུང་བར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ། ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་བཞི་པའོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་ཀྱི་སྔོན་སྐུ་ནི་ཇི་སྙེད་ཅིག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དང་། ཁ་དོག་ནི་ཇི་ལྟ་བུ་ཞིག་དབྱིབས་ནི་ཅི་འདྲ་བ་ཞིག །ཆ་བྱད་ནི་ཇི་ལྟ་བུ་ཞིག །ད་རོད་ནི་ཇི་ལྟ་བུ་ཞིག །ལོངས་སྤྱོད་ནི་ཅི་དང་ལྡན། བདེ་བ་དང་སྡུག་བསྔལ་ནི་ཇི་ལྟ་བུ་ཞིག་སྐུ་ཉམས་སུ་བཞེས། སྐུ་ཚེའི་རྒྱུད་ནི་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་ལྷ་མོ་སྒྱུ་མའི་ལུས་ཀྱི་བ་སྤུའི་སྒོ་ཐམས་ཅད་ལས་གཟུགས་བརྙན་དུ་སྣང་བར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་ལྔ་པའོ། །རིགས་ཀྱི་བུ་གཞན་ཡང་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ། གཏང་བར་དཀའ་བ་ཡོངས་སུ་བཏང་སྟེ། ཞབས་དང་ཕྱག་ཡོངས་སུ་བཏང་བའམ། སྙན་དང་ཤངས་ཡོངས་སུ་བཏང་བའམ། ལྗགས་དང་ཚེམས་ཡོངས་སུ་བཏང་བའམ། སྤྱན་དང་དབུ་ཡོངས་སུ་བཏང་བའམ། ཤ་དང་ཁྲག་ཡོངས་སུ་བཏང་བའམ། རུས་པ་དང་རྐང་ཡོངས་སུ་བཏང་བའམ། མཁལ་མ་དང་ཐུགས་ཡོངས་སུ་
བཏང་བའམ། པགས་པ་དང་ཕྲི་ཡོངས་སུ་བཏང་བའམ། ཕྱི་ནང་གི་དངོས་པོ་ཡོངས་སུ་བཏང་བའམ། སྲས་པོ་དང་སྲས་མོ་དང་བཙུན་མོ་ཡོངས་སུ་བཏང་བའམ། སྐུ་ཡོངས་སུ་བཏང་བའམ། ལོངས་སྤྱོད་རིན་པོ་ཆེ་ཡོངས་སུ་བཏང་བའམ། གྲོང་དང་གྲོང་ཁྱེར་དང་ལྗོངས་དང་། ཡུལ་དང་ཁམས་དང་། རྒྱལ་པོའི་གནས་ཡོངས་སུ་བཏང་བའམ། ནོར་དང་འབྲུ་དང་མཛོད་དང་བང་བ་ཡོངས་སུ་བཏང་བའམ། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་ཡོངས་སུ་བཏང་བའམ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཡོངས་སུ་བཏང་བའམ། མལ་ཆ་ཡོངས་སུ་བཏང་བའམ། ཁང་པ་དང་གཞལ་མེད་ཁང་ཡོངས་སུ་བཏང་བའམ། ཡོ་བྱད་ཡོངས་སུ་བཏང་བའམ། དེ་ལྟར་གཏོང་བའི་བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང་། རྣམ་པ་ཇི་ལྟ་བུར་ཡོངས་སུ་བཏང་བར་གྱུར་པ་དང་། ལེན་པ་དེ་དག་ཀྱང་རྣམ་པ་ཇི་ལྟ་བུས་ལེན་པར་གྱུར་པ་དང་། སྦྱིན་པའི་དངོས་པོ་རྣམ་པ་ཇི་ལྟ་བུ་དག་ཡོངས་སུ་བཏང་བར་གྱུར་པ་དང་། ཡུལ་གྱི་ཕྱོགས་གང་དག་ཏུ་ཡོངས་སུ་བཏང་བར་གྱུར་པ་དང་། དེའི་ཚེ་བྱང་ཆུབ་སེམས་དཔའི་འཁོར་དུ་གྱུར་པ་དེ་དག་ཐམས་ཅད་ཀྱང་། ལྷ་མོ་སྒྱུ་མའི་བ་སྤུའི་སྒོ་ཐམས་ཅད་ལས་གཟུགས་བརྙན་དུ་སྣང་བར་གྱུར་ཏོ། །སློངས་མོ་བའི་སྒྲ་དེ་དག་ཀྱང་གྲག་པར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་དྲུག་པའོ། །རིགས་ཀྱི་བུ་གཞན་ཡང་སྔོན་གྱི་མཐའི་རྒྱུད་དུ་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཡུམ་གྱི་སྐུ་ནས་བལྟམས་པར་གྱུར་པའི་ཚེ། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། ལྷབ་ལྷུབ་ཇི་སྙེད་ཅིག་བྱུང་བར་གྱུར་པ་དང་། སེམས་ཅན་གྱི་རྒྱན་རྣམ་པར་ཕྱེ་བ་དང་། བཟའ་ཤིང་གི་རྒྱན་རྣམ་པར་ཕྱེ་བ་དང་། མེ་ཏོག་དང་བདུག་པ་དང་། སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་གདུགས་དང་རྒྱལ་མཚན་དང་།
བ་དན་གྱི་རྒྱན་རྣམ་པར་ཕྱེ་བ་དང་། རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་རྣམ་པར་འཕྲུལ་པའི་རྒྱན་རྣམ་པར་ཕྱེ་བ་དང་། རོལ་མོ་དང་གླུ་དང་། བསྟོད་པ་དང་། སིལ་སྙན་གྱི་སྒྲ་ཇི་སྙེད་ཅིག་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་། ལྷ་མོ་སྒྱུ་མ་ལུམ་བི་ནིའི་ནགས་ཚལ་དུ་ཕྱིན་པའི་ཚེ། ལུམ་བི་ནིའི་ནགས་ཚལ་འདིར་ཡོངས་སུ་བྱུང་བར་གྱུར་ཏོ། །མངོན་པར་སྐྱེས་སོ། །འགྲོ་བས་རྣམ་པར་དམྱིགས་སུ་ཡོད་པར་བྱུང་བར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་བདུན་པའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ལྷའི་དབང་པོ་ཐམས་ཅད་ཀྱི་གནས་ཀྱི་རྒྱན་གྱི་ལོངས་སྤྱོད་ལས་ཡོངས་སུ་འདས་པ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མིའི་དབང་པོ་ཐམས་ཅད་ཀྱི་གནས་ཀྱི་རྒྱན་གྱི་ལོངས་སྤྱོད་ལས་འདས་པ་འདི་ལྟ་སྟེ། རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་ཁང་པ་བརྩེགས་པའི་ལོངས་སྤྱོད་དམ། རིན་པོ་ཆེའི་རྒྱལ་པོའི་གཞལ་མེད་ཁང་གི་ལོངས་སྤྱོད་དམ། རིན་པོ་ཆེའི་རྒྱལ་པོའི་དྲ་བའི་ལོངས་སྤྱོད་དམ། རིན་པོ་ཆེའི་རྒྱལ་པོའི་འབྲུའི་ལོངས་སྤྱོད་དམ། རིན་པོ་ཆེའི་རྒྱལ་པོའི་གཟུགས་ཀྱི་ལོངས་སྤྱོད་དམ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་ལོངས་སྤྱོད་དམ། སྤོས་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་ལོངས་སྤྱོད་དམ། དམྱིགས་པ་ཐམས་ཅད་བཟང་ཞིང་འཐུན་པའི་ལོངས་སྤྱོད་ཀྱང་རུང་སྟེ། དེ་དག་ཐམས་ཅད་ལྷ་མོ་སྒྱུ་མའི་རུམ་ནས་མ་འདྲེས་པར་འཐོན་ཏེ། ལུམ་བི་ནིའི་ནགས་ཚལ་འདི་ཡོངས་སུ་བརྒྱན་ཅིང་ཀུན་ནས་གནས་པར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་རྣམ་པར་འཕྲུལ་པ་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་བརྒྱད་པའོ། །རིགས་ཀྱི་བུ་གཞན་ཡང་ལྷ་མོ་སྒྱུ་མའི་ལུས་ལས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་
བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། སྐུ་གཟུགས་དང་སྐུ་མདོག་དང་། དབྱིབས་འདྲ་བ་མཚན་དང་དཔེ་བྱད་བཟང་པོའི་རྒྱན་གྱིས་འདྲ་བར་བརྒྱན་པ་དང་། འོད་འདྲ་བ་དང་། འོད་ཟེར་འདྲ་བ་རབ་ཏུ་འགྱེད་པ། ཚུལ་དང་འགྲོས་སྟབས་འདྲ་བ། རྩལ་དང་མཐུ་འདྲ་བ། རྣམ་པར་སྣང་བའི་རྣམ་པར་འཕྲུལ་པ་འཐུན་པ། འཁོར་འདྲ་བ། རྒྱན་མཚུངས་པ་མང་པོ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལེགས་པ་རྒྱ་མཚོ་ཡོངས་སུ་བརྗོད་ཅིང་འཐུན་པར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་དགུ་པའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བལྟམ་པར་གྱུར་པའི་དུས་ལ་བབ་པ་དང་། ལྷ་མོ་སྒྱུ་མའི་མདུན་དུ་འོག་གི་རྡོ་རྗེའི་གཞི་ལས་ས་ཆེན་པོ་མངོན་པར་བརྟོལ་ཏེ། རིན་པོ་ཆེའི་རྒྱལ་པོ་པདྨོ་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་གྱི་དམ་པ་ཞེས་བྱ་བ་ཆུ་བ་རིན་པོ་ཆེའི་རྒྱལ་པོ་གཞན་གྱིས་མི་ཐུབ་པའི་རྡོ་རྗེ་ཆེན་པོ་ལས་གྲུབ་པ། རིན་པོ་ཆེའི་རྒྱལ་པོ་འགྲོ་བ་རྒྱ་མཚོའི་ནང་རིམ་དང་ལྡན་པ། ཟེ་བའི་རྩེ་མོ་རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱིས་བརྒྱན་པ། འདབ་མའི་ཕྲེང་བ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བརྒྱན་ཅིང་ཤིན་ཏུ་རྣམ་པར་ཕྱེ་བ། ལོ་མའི་དཀྱིལ་འཁོར་རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་ཀྱིས་བྱས་པ། སྙིང་པོ་མཛེས་པ་རིན་པོ་ཆེ་ཡིད་བཞིན་གྱིས་རྣམ་པར་དག་པ་དང་ལྡན་པ། ཟེ་བའི་ཕྲེང་བ་རྣམ་པར་ཕྱེ་བ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ཚད་མེད་པ་དང་ལྡན་པ། རིན་པོ་ཆེའི་རྒྱལ་པོ་གྲངས་མེད་པའི་དྲ་བའི་རྒྱན་དང་ལྡན་པས་ཡོངས་སུ་ཡོག་པ། རིན་པོ་ཆེའི་རྒྱལ་པོ་རྡོ་རྗེ་མཐུ་བོ་ཆེས་མི་ཤིགས་པས་ལྷུན་ཀུན་ནས་བཀབ་པ། ལྷའི་རིས་ཐམས་ཅད་ཀྱིས་ཀུན་ནས་བསྐོར་བ། ཀླུའི་དབང་པོ་ཐམས་ཅད་ཀྱིས་སྤོས་ཆུའི་སྤྲིན་གྱི་ཆར་མངོན་པར་དབབ་པ། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་ཀྱིས་ཀུན་ནས་བསྐོར་ཅིང་ལྷ་རྫས་ཀྱི་མེ་ཏོག་སྙིམ་པ་ནས་གཏོར་བ།
དྲི་ཟའི་དབང་པོ་ཐམས་ཅད་ཀྱིས་སྔོན་གྱི་སངས་རྒྱས་ལ་རིམ་གྲོར་བྱས་པའི་གླུའི་དབྱངས་སྙན་ཅིང་ཡིད་དུ་འོང་བའི་ང་རོ་དང་སྦྱར་ཏེ་བསྟོད་པའི་སྤྲིན་གྱིས་མངོན་པར་བསྟོད་པ། ལྷ་མ་ཡིན་གྱི་དབང་པོ་ཐམས་ཅད་ཀྱིས་ང་རྒྱལ་དང་རློམ་པ་དང་། དྲེགས་པ་ཐམས་ཅད་བཏང་ཞིང་ཤིན་ཏུ་བཏུད་དེ་ཕྱག་བྱ་བ། ནམ་མཁའ་ལྡིང་གི་དབང་པོ་ཐམས་ཅད་ཀྱིས་རིན་པོ་ཆེའི་སྣམ་བུ་ཀུན་ཏུ་སྤྱངས་ཏེ། ནམ་མཁའ་ཀུན་ནས་བརྒྱན་པར་བྱ་བ། མིའམ་ཅིའི་དབང་པོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་བརྗོད་ཅིང་རོལ་མོ་དང་གླུའི་དབྱངས་ལ་བརྩོན་པ་དང་། ཉམས་རབ་ཏུ་བདེ་བས་ཀུན་ནས་བལྟ་བ། ལྟོ་འཕྱེ་ཆེན་པོའི་དབང་པོ་ཐམས་ཅད་ཀྱིས་ཤིན་ཏུ་དགའ་བ་དང་། མོས་པ་སྐྱེས་པས་ཡོངས་སུ་བལྟ་ཞིང་སྒྲ་སྙན་པ་ཕྱུང་སྟེ། རྒྱན་གྱི་སྤྲིན་ཐམས་ཅད་ཀྱི་ཆར་མངོན་པར་དབབ་པ་བྱུང་བར་གྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བ་བཅུ་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་བཅུ་པོ་དེ་དག་ལུམ་བི་ནིའི་ནགས་ཚལ་དུ་བྱུང་བར་གྱུར་ནས། དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་འོད་ཚད་མེད་བསམ་གྱིས་མི་ཁྱབ་པ་མངའ་བ། བལྟ་ན་གཏང་མྱི་བྲ་བ་ཞིག་ལྷ་མོ་སྒྱུ་མའི་རུམ་ནས་བལྟམ་སྟེ། ནམ་མཁའི་དབྱིངས་རུམ་ནས་ཉི་མའི་དཀྱིལ་འཁོར་ཤར་བ་ལྟ། སྤྲིན་གྱི་ཚོགས་རུམ་ནས་གློག་གི་ཕྲེང་བ་འགྱུ་བ་ལྟ། རི་ཆེན་པོའི་སྤོ་རུམ་ནས་ཉི་མ་ཤར་ཀའི་སྤྲིན་ཀོ་ལྟ། མུན་པ་སྟུག་རུམ་ནས་སྒྲོན་མ་ཆེན་པོ་བྱུང་བ་ལྟ་སྟེ། མངོན་པར་བལྟམ་པར་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལྷ་མོ་སྒྱུ་མའི་ལུས་ལས་གཟུགས་བརྙན་ལྟར་བསྟན་པའི་ཆོས་ཉིད་དང་། རྨི་ལམ་ལྟར་བསྟན་པའི་ཆོས་ཉིད་དང་། སྒྱུ་མའི་རྣམ་པའི་གཟུགས་རྣམ་པར་དམྱིགས་པ་ལྟར་བསྟན་པའི་ཆོས་ཉིད་དང་། འགྲོ་བ་དང་འོང་བ་མྱེད་པའི་ཆོས་
ཉིད་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་འོད་རྣམ་པར་དམྱིགས་པ་ཡོངས་སུ་བསྟན་པའི་ཆོས་ཉིད་ཀྱིས་མངོན་པར་འབྱུང་བ་ཡོངས་སུ་བསྟན་ཏོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ལུམ་བི་ནིའི་ནགས་ཚལ་འདི་ན་གནས་ཤིང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཚེའི་རྣམ་པར་འཕྲུལ་པ་རྒྱ་མཚོ་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་དེ། རིགས་ཀྱི་བུ་ཁོ་མོ་གླིང་བཞི་པ་སྐལ་བ་དང་ལྡན་པ་འདི་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཚེའི་རྣམ་པར་འཕྲུལ་པ་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱ་བར་གནས་པ་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་ཐམས་ཅད་ཀྱི་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ཐམས་ཅད་ནའང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཚེའི་རྣམ་པར་འཕྲུལ་པ་བྱེ་བ་ཕྲག་བརྒྱ་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདུས་པའི་རྡུལ་ཤིན་ཏུ་ཕྲ་བའི་ཁོངས་སུ་ཆུད་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྡུལ་ཤིན་ཏུ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་དག་ཏུ་ཡང་སེམས་ཀྱི་སྐད ་ཅིག་རེ་རེ་ལ་སེམས་ཀྱིས་ཁོང་དུ་ཆུད་པར་བྱ་བ་རེ་རེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཚེའི་རྣམ་པར་འཕྲུལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་དོ། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་རྣམས་ཀྱི་ཁོངས་སུ་ཆུད་པའི་སངས་རྒྱས་ཀྱི་ཞིང་དེ་དག་ལས་སངས་རྒྱས་ཀྱི་ཞིང་རེ་རེར་ཡང་དེ་དང་མཉམ་པའི་བྱང་ཆུབ་སེམས་དཔའི་སྐྱེ་བའི་རྣམ་པར་འཕྲུལ་པ་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་དེ། ཚུལ་དེ་ལྟ་བུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བའི་ཁོངས་སུ་ཆུད་པའི་སངས་རྒྱས་ཀྱི་ཞིང་རེ་རེ་དག་ཏུ་ཡང་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་ཐམས་ཅད་ལ་ལྟ་ཞིང་།
ཁོང་དུ་ཆུད་པར་བྱེད་ཀྱང་། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ཀྱི་རྡུལ་རེ་རེ་ལ་ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་རྙེད་པར་མ་རུང་ངོ་། །ཞིང་ཐམས་ཅད་ཀྱི་ཞིང་རེ་རེར་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་མུ་རྙེད་པར་མ་རུང་ངོ་། །ཇི་ལྟར་ཁོ་མོ་འཇིག་རྟེན་གྱི་ཁམས་འདིའི་བྱང་ཆུབ་སེམས་དཔའ་སྐྱེ་བ་རྣམ་པར་འཕྲུལ་པ་ཐམས་ཅད་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་པ། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་དང་དབུས་མེད་པ་དང་། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ལའང་སེམས་ཀྱི་སྐད་ཅིག་རེ་རེའི་སེམས་ཀྱི་ཁོང་དུ་ཆུད་པར་བྱ་བ་རེ་རེ་ལ། བྱིན་གྱི་རླབས་རྒྱུན་མི་ཆད་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་ཐམས་ཅད་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྐལ་པ་ཚད་མྱེད་པར་དམིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བ་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་འདི་རྙེད་ནས་ཡུན་ཇི་སྲིད་ཅིག་ལགས། སྨྲས་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་སངས་རྒྱས་ཀྱི་ཞིང་བྱེ་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་དེའི་ཡང་ཕ་སྔ་ཞིག་ཏུ་འཇིག་རྟེན་གྱི་ཁམས་ཀུན་ནས་རིན་པོ་ཆེ་ཞེས་བྱ་བར་བསྐལ་པ་མཉམ་པར་གཞག་པ་ཞེས་བྱ་བ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་བྱུང་བ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་ཕྱུག་གི་ཡོན་ཏན་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་མཁྱེན་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ་
སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་ཀུན་ནས་རིན་པོ་ཆེ་ཞེས་བྱ་བ་དེར་གླིང་བཞི་པ་དབུ་མ་རྒྱན་སྣ་ཚོགས་ཀྱི་འོད་ཅེས་བྱ་བ་བྱུང་སྟེ། གླིང་བཞི་པ་དེའི་འཛམ་བུའི་གླིང་གི་དབུས་སུ་རྒྱལ་པོའི་གནས་རི་རབ་རྣམ་པར་དག་པའི་རྒྱན་གྱི་རྒྱལ་མཚན་ཞེས་བྱ་བ་བྱུང་སྟེ། རྒྱལ་པོའི་གནས་དེར་རྒྱལ་པོ་རིན་པོ་ཆེ་འོད་འཕྲོ་བའི་མིག་གི་འོད་ཅེས་བྱ་བ་བྱུང་ངོ་། །རྒྱལ་པོ་རིན་པོ་ཆེའི་འོད་འཕྲོ་བའི་མིག་གི་འོད་དེ་ལ་བཙུན་མོ་རབ་ཏུ་དགའ་བའི་འོད་ལ་དབང་བསྒྱུར་བ་ཞེས་བྱ་བ་མངའོ། །རིགས་ཀྱི་བུ་དཔེར་ན། གླིང་བཞི་པ་སྐལ་བ་དང་ལྡན་པ་འདིའི་འཛམ་བུའི་གླིང་དུ་ལྷ་མོ་སྒྱུ་མ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཡུམ་དུ་གྱུར་པ་དེ་བཞིན་དུ་དེའི་ཚེ། དེའི་དུས་ན་གླིང་བཞི་པ་རྒྱན་སྣ་ཚོགས་ཀྱི་འོད་ཀྱི་འཛམ་བུའི་གླིང་དུའང་རབ་ཏུ་དགའ་བའི་འོད་ལ་དབང་བསྒྱུར་བ་ཞེས་བྱ་བ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབང་ཕྱུག་གི་ཡོན་ཏན་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་ཡུམ་དུ་གྱུར་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་བསྐལ་པའི་དང་པོ་ལ་བྱུང་སྟེ། ཐོག་མར་བྱུང་བའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབང་ཕྱུག་གི་ཡོན་ཏན་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་ཡུམ་དུ་གྱུར་ཏོ། །རིགས་ཀྱི་བུ་ལྷ་མོ་རབ་ཏུ་དགའ་བའི་འོད་ལ་དབང་བསྒྱུར་བ་དེ་བྱང་ཆུབ་སེམས་དཔའ་སྐྱེ་བའི་དུས་ལ་བབ་པ་དང་། བུད་མེད་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་དང་ལྷན་ཅིག་ཏུ་བཟའ་ཤིང་གི་ར་བ་ཆེན་པོ་འོད་ཀྱི་དཀྱིལ་འཁོར་གསེར་གྱི་མེ་ཏོག་ཅེས་བྱ་བ་དེར་ཕྱིན་ཏེ། དབང་ཕྱུག་གི་ཡོན་ཏན་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གཞོན་ནུ་དེ་ཡང་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་དེ་ལྟར་བལྟམ་མོ། །དེའི་ཚེ་བཟའ་ཤིང་གི་ར་བ་ཆེན་པོའི་འོད་ཀྱི་དཀྱིལ་འཁོར་གསེར་གྱི་མེ་ཏོག་ཅེས་བྱ་བ་དེའི་དབུས་སུ་ཕོ་བྲང་བརྩེགས་པ་རིན་པོ་ཆེ་སྣ་ཚོགས་བཟང་པོ་ལས་
བརྩེགས་པ་ཞེས་བྱ་བ་བྱུང་སྟེ། ཕོ་བྲང་བརྩེགས་པ་དེའི་ནང་དུ་ཤིང་འདོད་པ་ཐམས་ཅད་འབྱིན་པའི་ཡལ་ག་ལ་འཇུ་སྟེ། ལྷ་མོ་རབ་ཏུ་དགའ་བའི་འོད་ལ་དབང་བསྒྱུར་བ་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབང་ཕྱུག་གི་ཡོན་ཏན་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་བལྟམ་མོ། །དེའི་ཚེ་བཅོམ་ལྡན་འདས་དེ་བལྟམ་ཁར། མ་མ་དྲི་མ་མེད་པ་སྐྱེད་པའི་འོད་ཅེས་བྱ་བ་སྟ་གོན་དུ་གནས་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་བལྟམ་པར་གྱུར་མ་ཐག་ཏུ་འཇིག་རྟེན་གྱི་དབང་པོ་རྣམས་ཀྱིས་སྤོས་དྲི་ཤིན་ཏུ་ཞིམ་པའི་སྤོས་ཆུའི་བུམ་པ། མེ་ཏོག་དྲི་ཞིམ་ཞིང་ཡིད་དུ་འོང་བ་སྣ་ཚོགས་མངོན་པར་འཐོར་བས་སྐུ་བསིལ་ཏེ། དེ་ལ་ཚུལ་དང་མཐུན་པའི་མཆོད་པ་བསམ་གྱིས་མི་ཁྱབ་ལ་གྲངས་མེད་པ་མཆོག་ཏུ་བྱ་བས་མཆོད་ནས་མ་མ་དྲི་མ་མེད་པ་སྐྱེད་པའི་འོད་ཀྱི་པང་དུ་བཞག་གོ །མ་མ་དེས་བྱང་ཆུབ་སེམས་དཔའ་པང་དུ་བླངས་མ་ཐག་ཏུ། དེའི་མོད་ལ་མ་མ་དེ་དགའ་བ་དང་མོས་པའི་ཤུགས་ཆེན་པོ་ཐོབ་པར་གྱུར་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡུལ་ཀུན་ཏུ་ལྟ་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །དེ་ཐོབ་པར་གྱུར་མ་ཐག་ཏུ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཚད་མེད་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྐལ་པ་ཚད་མེད་པར་དམྱིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བས་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་འདི་ལའང་ཤིན་ཏུ་ཕྲ་བའི་ཚུལ་གྱིས་ཞུགས་པར་གྱུར་ཏེ། དེ་ནི་དཔེར་ན། མའི་མངལ་དུ་ཞུགས་མ་ཐག་པའི་རྣམ་པར་ཤེས་པ་ལྟ་བུའོ། །རྣམ་པར་ཐར་པ་དེ་ཐོབ་པར་གྱུར་པས་ཀྱང་། དེས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེ་བའི་རྣམ་པར་འཕྲུལ་པ། ཡང་དག་པར་བལྟ་བའི་སྨོན་ལམ་ཆེན་པོ་ཡང་མངོན་པར་བསྒྲུབས་སོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་
བྱང་ཆུབ་སེམས་དཔའི་མ་མ་དྲི་མ་མེད་པས་བསྐྱེད་པའི་འོད་ཅེས་བྱ་བ་བྱུང་བར་གྱུར་པ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའི་མ་མ་དྲི་མ་མེད་པ་སྐྱེད་པའི་འོད་ཅེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུད་མྱེད་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་བྱུང་བར་གྱུར་པ་དེ་དག་གཞན་དག་ཅིག་ཡིན་པ་ཙམ་དུ་སེམས་ན་ཡང་དེ་ལྟར་མི་བལྟ་སྟེ། ལྷ་མོ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་པོ་ལུམ་བི་ནིའི་ནགས་ཚལ་ན་གནས་པ་ཁོ་མོའི་འཁོར་དུ་གྱུར་པ་འདི་དག་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དབང་ཕྱུག་གི་ཡོན་ཏན་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གཞོན་ནུའི་ཡུམ་རབ་ཏུ་དགའ་བའི་འོད་ལ་དབང་བསྒྱུར་བ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ནའང་དེ་ལྟར་མི་བལྟ་སྟེ། ལྷ་མོ་སྒྱུ་མ་འདི་ནི་དེའི་ཚེ་དེའི་དུས་ན་རབ་ཏུ་དགའ་བའི་འོད་ལ་དབང་བསྒྱུར་བ་ཞེས་བྱ་བའི་ལྷ་མོར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་རིན་པོ་ཆེའི་འོད་འཕྲོ་བའི་མྱིག་གི་འོད་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ཡང་དེ་ལྟར་མི་བལྟ་སྟེ། རྒྱལ་པོ་ཟས་གཙང་མ་འདི་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་རིན་པོ་ཆེ་འོད་འཕྲོ་བའི་མྱིག་གི་འོད་ཅེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་དེ་ཕྱིན་ཅད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་རྒྱ་མཚོ་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་པ་དང་། སེམས་ཅན་རྣམ་པར་འདུལ་བའི་ཁྱུ་མཆོག་གི་མཐུས་རྣམ་པར་འཕྲུལ་པ་རྒྱ་མཚོ་ལ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་པ་དང་། སྐད་ཅིག་ཐམས་ཅད་དུ་བྲལ་བར་མ་གྱུར་ཏོ། །རིགས་ཀྱི་བུ་ཁོ་མོ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྨོན་ལམ་རྒྱ་མཚོ་འབྱམ་ཀླས་པ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་རྡུལ་ཤིན་ཏུ་ཕྲ་བ་
ཐམས་ཅད་ན་ཡོད་པ་ལ་སེམས་ཀྱི་སྐད་ཅིག་ཐམས་ཅད་དུ་རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ལ་ཡོངས་སུ་འདལ་བའི་ཡེ་ཤེས་ཀྱི་མིག་གིས་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་དེ་བཞིན་གཤེགས་པ་བྱུང་བ་རྒྱ་མཚོ་དག་ཀྱང་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་ལ་དེ་བཞིན་གཤེགས་པ་དེ་དག་གི་བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་རྒྱ་མཚོ་ཆེན་པོ་དག་ལ་ཡང་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་པ་དེ་བཞིན་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བའི་རྣམ་པར་འཕྲུལ་པ་རྒྱ་མཚོ་དང་སེམས་ཅན་རྣམ་པར་གདུལ་བའི་ཁྱུ་མཆོག་གི་མཐུ་ཕྱུང་བས། རྣམ་པར་འཕྲུལ་པ་རྒྱ་མཚོ་ཐམས་ཅད་ལའང་། སེམས་ཀྱི་སྐད་ཅིག་ཐམས་ཅད་དུ་ལྟ་ཞིང་ཁོང་དུ་ཆུད་པར་བྱེད་དོ། །ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་རྡུལ་ཤིན་ཏུ་ཕྲ་བ་འབྱམ་ཀླས་པ་ཐམས་ཅད་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་འཇུག་པས་བྱང་ཆུབ་སེམས་དཔའ་སྐྱེ་བ་མ་ནོར་བར་མངོན་དུ་གྱུར་ཏེ། སངས་རྒྱས་ཀྱི་ཡོན་ཏན་ལ་ཞུགས་པར་གྱུར་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་འབྱམ་ཀླས་པ་ཐམས་ཅད་ཀྱི་ཁོངས་སུ་ཆུད་པའི་ཞིང་རྒྱ་མཚོ་ཐམས་ཅད་ལའང་འཇུག་སྟེ། དེ་དག་ཏུའང་སངས་རྒྱས་རྒྱ་མཚོ་ཤིན་ཏུ་ཡངས་པ་ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའ་འབྱུང་བའི་རྣམ་པར་འཕྲུལ་པ་རྣམས་ཀྱང་མངོན་དུ་གྱུར་པར་ལྟའོ། ། དེ་བཞིན་གཤེགས་པར་གྱུར་ནས་ཀྱང་མཆོད་པ་བྱེད་དོ། །དེ་བཞིན་གཤེགས་པ་དེ་དག་ལས་ཀྱང་ཆོས་བསྟན་པ་ཉན་ཏོ། །ཆོས་ལ་ཡང་གཉེར་བའི་ཆོས་ཀྱི་ནན་ཏན་དུ་བྱེད་དོ། །དེ་ནས་ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་
ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གྱིས་དེའི་ཚེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྐལ་པ་ཚད་མེད་པར་དམྱིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བས་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་འདི་གསལ་བར་བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རིམ་གྲོ་བསྐྱེད་ཅིང་ང་ལ་གང་འདྲི་བ། །དེ་དག་བདག་ལས་རྒྱལ་བའི་སྲས་ཉོན་ཅིག །རྒྱལ་བའི་སྤྱོད་ཡུལ་བལྟ་དཀའ་ཞི་བ་སྟེ། །རྒྱུ་དང་རྐྱེན་གྱི་ཚུལ་གྱིས་རྣམ་པར་བསྟན། །ཞིང་རྣམས་བྱེ་བའི་རྡུལ་ཕྲན་རབ་སྙེད་ཀྱི། །སྔོན་གྱི་བསྐལ་པ་བསམ་གྱིས་མྱི་ཁྱབ་དྲན། །བསྐལ་པའི་མིང་ནི་སྔ་ཕྱི་མཉམ་ཞེས་བྱ། །དེ་ལ་རྒྱལ་བ་བྱེ་བ་བརྒྱད་ཅུ་བྱུང་། །བསྐལ་པའི་དང་པོར་དེ་བཞིན་གཤེགས་བྱུང་བ། །དབང་ཕྱུག་ཡོན་ཏན་མི་ཐུབ་རྒྱལ་མཚན་ནོ། །ནགས་ཚལ་དམ་པ་གསེར་མདོག་མེ་ཏོག་ཏུ། །མགོན་པོ་དེ་འཁྲུངས་བདག་གིས་མཐོང་བར་གྱུར། །མྱིང་དུ་དྲི་མྱེད་སྐྱེད་པའི་འོད་ཅེས་བྱ། །དེ་ཡི་མ་མ་མཁས་པར་བདག་གྱུར་ཏེ། །བལྟམ་མ་ཐག་ཏུ་གསེར་མདོག་དམ་པའི་འོད། །འཇིག་རྟེན་དབང་པོས་བདག་གི་པང་དུ་བཞག །གང་ཟག་དམ་པ་པང་དུ་བཞག་ཚེ་ཡང་། །དེ་ཡི་སྤྱི་གཙུག་བལྟ་བར་མི་ནུས་ཏེ། །བསམ་ཡས་དེ་ལ་གཡས་དང་གཡོན་དུ་ཡང་། །བལྟས་ཤིང་མཐའ་རྙེད་མཐོང་བར་མ་གྱུར་ཏོ། །མཚན་རབ་བཟང་པོས་དེ་ནི་ཡོངས་སུ་བརྒྱན། །དྲི་མེད་དེ་སྐུ་བལྟ་ན་རབ་སྡུག་སྟེ། །རིན་ཆེན་གཟུགས་འདྲ་བདག་གིས་མཐོང་གྱུར་ནས། །དགའ་བའི་ཤུགས་དྲག་མཚུངས་མྱེད་རྣམ་པར་འཕེལ། །དེ་ཡི་ཡོན་ཏན་དཔག་ཡས་སེམས་སེམས་ནས། །ཁོ་མོའི་བསོད་ནམས་རྒྱ་མཚོ་དཔག་མེད་འཕེལ། །དེ་ཡི་རྣམ་འཕྲུལ་རྒྱ་མཚོ་མཐོང་གྱུར་ནས། །རྒྱ་ཆེན་བྱང་ཆུབ་སེམས་ཀྱང་སྐྱེས་པར་གྱུར། །རྒྱལ་བའི་ལེགས་པ་རྒྱ་མཚོ་དགའ་སྨོན་ནས། །
སྨོན་ལམ་རྒྱ་མཚོ་བདག་གིས་རབ་ཏུ་བསྐྱེད། །འབྱམ་ཀླས་ཞིང་རྣམས་ཐམས་ཅད་རྣམ་པར་སྦྱངས། །ངན་སོང་ལམ་རྣམས་ཀུན་ཀྱང་རྣམ་པར་བཟློག །ཞིང་རྣམས་འབྱམ་ཀླས་ཀུན་གྱི་བདེ་གཤེགས་རྣམས། །མ་བྱོན་བསམ་གྱིས་མི་ཁྱབ་མཆོད་པ་དང་། །སེམས་ཅན་སྡུག་བསྔལ་རྣམ་པར་དགྲོལ་བའི་ཕྱིར། །སྨོན་ལམ་རྒྱ་མཚོ་ཁོ་མོས་བཏབ་པར་གྱུར། །མགོན་པོ་དེ་ལས་བདག་གིས་ཆོས་ཐོས་ནས། །རྣམ་ཐར་དམ་པའི་དཀྱིལ་འཁོར་འདི་ཡང་ཐོབ། །བསྐལ་པ་ཞིང་རྣམས་བྱེ་བའི་རྡུལ་སྙེད་དུ། །སྤྱད་པ་སྤྱད་དེ་དེ་ཡང་རྣམ་པར་སྦྱངས། །དེ་ལ་མགོན་པོ་ཇི་སྙེད་བྱུང་གྱུར་པ། །དེ་དག་མ་ལུས་བདག་གིས་ཀུན་ཀྱང་མཆོད། །རྣམ་ཐར་རྒྱ་མཚོ་འདི་ནི་སྦྱོང་བྱེད་ཅིང་། །དེ་དག་བསྟན་པ་ཁོ་མོས་ཡོངས་སུ་བཟུང་། །ཞིང་རྣམས་བྱེ་བའི་རྡུལ་ཕྲན་རབ་སྙེད་ཀྱི། །སྟོབས་བཅུ་མངའ་བ་ཇི་སྙེད་འདས་བྱུང་བ། །དེ་དག་ཆོས་ཀྱི་འཁོར་ལོ་ཁོ་མོས་བཟུང་། །རྣམ་ཐར་དཀྱིལ་འཁོར་འདི་ཡང་རབ་ཏུ་བསྒོམས། །སངས་རྒྱས་ཞིང་གི་རྡུལ་ཕྲན་ཇི་སྙེད་པ། །རྡུལ་རྩེ་འབྱམ་ཀླས་ཀུན་ལ་རྣམ་པར་མཐོང་། །རྡུལ་ཕྲན་རེ་རེ་ལ་ཡང་རྒྱ་མཚོའི་ཞིང་། །སྔོན་ཆད་རྒྱལ་བས་སྦྱངས་པ་རབ་ཏུ་མཐོང་། །ཞིང་རྣམས་འབྱམ་ཀླས་དེ་དག་ཀུན་ཏུ་ཡང་། །མགོན་པོ་ཐུགས་རྒྱུད་གཅིག་ལ་བསམ་ཡས་པའི། །རྣམ་འཕྲུལ་ཡངས་པ་ཡོངས་སུ་སྟོན་མཛད་ཅིང་། །ནགས་ཚལ་མཆོག་ཏུ་འཁྲུངས་གྱུར་བདག་གིས་མཐོང་། །རྒྱལ་བ་ལ་ལ་ཞིང་རྣམས་ལ་ལ་ན། །བྱང་ཆུབ་དམ་པར་འཚང་རྒྱ་ཐུགས་ དགོངས་ཤིང་། །དགའ་ལྡན་འཇིག་རྟེན་ཉིད་ན་བཞུགས་པ ་ཡང་། །ཞིང་རྣམས་བྱེ་བ་བསམ་གྱིས་མི་ཁྱབ་པ། །ཞིང་རྣམས་རྒྱ་མཚོའི་དབྱིངས་སུ་རྣམ་འཕྲུལ་པ། །ཤིན་ཏུ་ཡངས་པ་སྐྱེ་བའང་བདག་གིས་མཐོང་། །ན་ཆུང་དམ་པའི་ཚོགས་ཀྱི་དབུས་བཞུགས་ཤིང་། །མགོན་པོ་ཆོས་རྣམས་སྟོན་པའང་དེ་བཞིན་མཐོང་། །ཞིང་རྣམས་བྱེ་བའི་
རྡུལ་ཕྲན་རབ་སྙེད་ཀྱི། །དཔའ་བོ་སེམས་ཀྱི་སྐད་ཅིག་རེ་རེ་ལ། །མངོན་པར་འབྱུང་ཞིང་ཤིང་རྒྱལ་དྲུང་གཤེགས་དང་། །སངས་རྒྱས་སྤྱོད་ཡུལ་ཡངས་པ་སྟོན་པ་མཐོང་། །ཞིང་གཅིག་རྡུལ་ལ་བསམ་གྱིས་མི་ཁྱབ་པར། །ཡུལ་རྣམས་གཞན་དང་གཞན་དག་སྟོན་མཛད་པས། །འགྲོ་རྒྱུད་སེམས་ཅན་སྡུག་བསྔལ་སྒྲོལ་མཛད་ཅིང་། །མི་གཙོ་རྣམ་པར་འཚང་རྒྱ་བདག་གིས་མཐོང་། །རྡུལ་ཕྲན་རེ་རེའི་རྩེ་ལ་མི་ཟད་པའི། །རང་འབྱུང་འཁོར་ལོ་རབ་ཏུ་བསྐོར་མཛད་ཅིང་། །དབྱངས་རྣམས་རྒྱ་མཚོ་མི་ཟད་སྒྲོག་མཛད་པ། །ཆོས་སྤྲིན་རྒྱ་ཆེན་ཆར་འབེབས་མཛད་པ་མཐོང་། །འགྲོ་བ་ཀུན་ལ་རྣམ་པ་དུ་མར་ཡང་། །སྐད་ཅིག་རེ་རེར་མྱ་ངན་འདས་སྟོན་པ། །ཞིང་རྣམས་བྱེ་བའི་རྡུལ་ཕྲན་རབ་སྙེད་ཀྱི། །སངས་རྒྱས་ཞིང་གཅིག་རྡུལ་ལས་བདག་གིས་མཐོང་། །རྡུལ་གཅིག་བལྟས་ཀྱང་ཞིང་རྣམས་རྒྱ་མཚོ་དང་། །རྒྱལ་བ་འབྱུང་བ་ཇི་སྙེད་ཀུན་ཀྱང་མཐོང་། །ཚེ་རབས་ཀུན་ཏུ་ལུས་མང་ཁྲག་ཁྲིག་གིས། །དེ་དག་མཆོད་པའི་དོན་དུ་ཉེ་བར་ཕྱིན། །ཞིང་ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི། །འགྲོ་རྒྱུད་མི་ཟད་ཇི་སྙེད་ཡོད་པ་ཡི། །འགྲོ་བ་ཀུན་ལ་མངོན་དུ་ཁོ་མོ་ནི། །ཆོས་སྤྲིན་ཡངས་པའི་ཆར་ཡང་རབ་ཏུ་འབེབས། །རྒྱལ་སྲས་ཁོ་མོས་བསམ་གྱིས་མི་ཁྱབ་པའི། །རྣམ་ཐར་དཀྱིལ་འཁོར་དམ་པ་འདི་ཤེས་ཀྱི། །བསྐལ་པ་བྱེ་བ་ཁྲག་ཁྲིག་བསམ་ཡས་སུ། །ཐམས་ཅད་བསྟན་པ་ཁོ་མོས་ནུས་རེ་སྐན། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྐལ་པ་ཚད་མེད་པར་དམྱིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བས་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྐད་ཅིག་རེ་རེ་ལ་བསྐལ་པ་ཐམས་ཅད་དུ་ཞུགས་པའི་མངལ་ནས་ཡོངས་སུ་བྱུང་བའི་སེམས་དང་ལྡན་པ། ཆོས་ཀྱི་ཚུལ་ཐམས་ཅད་ངེས་པར་རྟོགས་པའི་སྐྱེ་བ་རབ་ཏུ་སྟོན་པ། དེ་བཞིན་
གཤེགས་པ་ཐམས་ཅད་མཆོད་པའི་སྨོན་ལམ་གྱིས་བསམ་པ་ཡོངས་སུ་བསྐྱེད་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ལ་རབ་ཏུ་གཞོལ་བ། སེམས་ཅན་ཐམས་ཅད་ཀྱི་རིགས་དང་རྒྱུད་ཀྱི་ལམ་ཡོངས་སུ་བསྟན་པ་ལ་གཟུགས་བརྙན་ལྟ་བུར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་པདྨོའི་ནང་ནས་སྐྱེ་བ་འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་དུས་ལ་མཁས་པ། སེམས་ཅན་ཐམས་ཅད་གདུལ་བ་ལ་མངོན་པར་མོས་ཤིང་ཚེར་སྐྱེ་བས་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ། ཞིང་འབྱམ་ཀླས་པ་ཐམས་ཅད་དུ་རྣམ་པར་འཕྲུལ་པའི་སྤྲིན་ཡོངས་སུ་སྟོན་པ། འགྲོ་བ་ཐམས་ཅད་ཀྱི་ལམ་གྱི་རྒྱུད་དུ་སྐྱེ་བ་དང་། རིགས་སུ་གཟུགས་བརྙན་བྱུང་བར་གྱུར་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་འདི་ན་ཤཱཀྱའི་བུ་མོ་གོ་པ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། འཁོར་བ་ན་འཁོར་བར་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་བཞི་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལུམ་བི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོས་དགའ་བའི་དཔལ་གྱི་དྲུང་ནས་སོང་སྟེ། གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་
གང་ན་བ་དེར་ཕྱིན་ནས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྐལ་པ་ཚད་མེད་པར་དམྱིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བས་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ་དེ་ཉིད་བསྒོམ་པ་དང་། ཁོང་དུ་ཆུད་པར་བྱ་བ་དང་། རྒྱ་ཆེར་བྱ་བ་དང་། ནན་ཏན་དུ་བྱ་བ་དང་། ཤིན་ཏུ་སྦྱང་བ་དང་། ཡོངས་སུ་བསམ་པ་དང་། རྣམ་པར་དབྱེ་བ་བྱེད་ཅིང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲོ་བའི་ཁང་པ་ཆོས་ཀྱི་དབྱིངས་རབ་ཏུ་སྣང་བའི་འོད་གང་ན་བ་དེར་སོང་ངོ་། །དེར་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔའ་ཡོངས་སུ་བགྲོ་བའི་ཁང་པའི་ལྷ་མོ་མྱ་ངན་མྱེད་པའི་དཔལ་ཞེས་བྱ་བ་དེ་ལ་ཁྱིམ་གྱི་ལྷ་མོ་སྟོང་ཕྲག་བཅུ་དང་བཅས་པས་བསུ་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་ཆེན་པོ་ཤེས་རབ་དང་། ཡེ་ཤེས་ཆེན་པོས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མྱི་ཁྱབ་པ་སྒོམ་པ་ལ་ལྷག་པར་དམྱིགས་པའི་སྨོན་ལམ་གྱི་སེམས་དང་ལྡན་པ། ཆོས་ཡངས་པའི་གཞལ་མེད་ཁང་གི་སྤྱོད་ཡུལ་ལ་སྤྱོད་པ། ཆོས་ཀྱི་གྲོང་ཁྱེར་དུ་མངོན་པར་གཞོལ་བ། བྱང་ཆུབ་སེམས་དཔའི་ཐབས་ཀྱི་ཚུལ་མཐའ་ཡས་པས་སེམས་ཅན་འདུལ་བ་ལ་འཇུག་པ་རྒྱུན་མི་གཅོད་པ། དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་སྣང་བ་རབ་ཏུ་ཐོབ་པ། འགྲོ་བ་ཐམས་ཅད་རྣམ་པར་གདུལ་བ་ལ་རབ་ཏུ་སྣང་བའི་སྤོབས་པ་དང་། ཡེ་ཤེས་མངོན་དུ་གྱུར་པ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཤེས་པའི་ལུས་ཀྱིས་འགྲོ་ཞིང་རྗེས་སུ་འབྲང་བར་བྱ་བའི་སྤྱོད་པ་ལ་མངོན་དུ་གྱུར་པའི་སེམས་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་དགའ་བ་རྒྱ་མཚོའི་ཤུགས་རྣམ་པར་འཕེལ་བར་བྱ་བའི་སྨོན་ལམ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཁོང་དུ་ཆུད་པར་བྱ་བའི་ལམ་དུ་ཞུགས་པ། ཁྱོད་བྱོན་པ་ལེགས་སོ། །མིག་ཕྱིར་གླན་པ་མྱེད་པས་སྤྱོད་པ་དང་། སྤྱོད་ལམ་ཟབ་ཅིང་རྣམ་པར་དག་པའི་སྤྱོད་ཡུལ་ཅན་ཁྱོད་ལ་བལྟས་ན།
ཁྱོད་ནི་རིང་པོ་མྱི་ཐོགས་པར་དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་ཀྱི་རྒྱན་རྣམ་པར་དག་པ་བླ་ན་མྱེད་པ་རབ་ཏུ་ཐོབ་སྟེ། མཚན་དང་དཔེ་བྱད་བཟང་པོས་རབ་ཏུ་བརྒྱན་པའི་ལུས་དང་སྟོབས་བཅུའི་ཡེ་ཤེས་སྣང་བས་བརྒྱན་པའི་སེམས་ཀྱིས་འཇིག་རྟེན་དུ་རྣམ་པར་སྤྱོད་པར་འགྱུར་རོ། །ཁྱོད་ཀྱི་བརྩོན་འགྲུས་དང་རྣམ་པར་གནོན་པ་ལ་བལྟས་ན། ཁྱོད་ནི་རིང་པོ་མི་ཐོགས་པར་དུས་གསུམ་གྱི་དེ་བཞིན་གཤེགས་པ་མངོན་དུ་གྱུར་པར་མཐོང་བ་དང་ལྡན་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། བྱང་ཆུབ་སེམས་དཔའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཆོས་ཞི་བ་དང་ལྡན་པའི་གཞལ་མེད་ཁང་གི་དགའ་བ་མྱོང་བ་དང་། སངས་རྒྱས་ཀྱི་རྣམ་པར་ཐར་པ་ཟབ་མོར་ཆུད་པར་འགྱུར་རོ། །དེ་ཡང་དེ་ལྟར་ཁྱོད་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། བལྟ་བ་དང་བསྙེན་བཀུར་བ་དང་། གདམས་ངག་མ་ནོར་བར་བླང་བ་དང་། དེའི་ཡོན་ཏན་ལ་ནན་ཏན་དུ་བྱ་བའི་ཚུལ་ལ་བརྩོན་པར་བྱེད་པས་ཡོངས་སུ་མི་སྐྱོ། ཕྱིར་མི་ལྡོག །སྒྱིད་ལུག་པར་མི་འགྱུར་ཏེ། ཁྱོད་ལ་བགེགས་སམ། བར་དུ་གཅོད་པའམ། སྒྲིབ་པ་གང་གིས་ཀྱང་མྱི་ཚུགས་ཏེ། བདུད་དམ་བདུད་ཀྱི་རིས་སུ་གཏོགས་པའི་ལྷ་རྣམས་ཀྱང་མདུན་ན་གནས་པ་མེད་པས་དེའི་ཕྱིར་ཁྱོད་ནི་རིང་པོར་མི་ཐོགས་པར་སེམས་ཅན་ཐམས་ཅད་དགའ་བར་བྱེད་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་ཡོངས་སུ་འགྲོ་བའི་ཁང་པའི་ལྷ་མོ་མྱ་ངན་མེད་པའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་ཁྱོད་ཀྱིས་ཇི་སྐད་དུ་སྨྲས་པ་དེ་ལྟར་འགྱུར་རོ། །ལྷ་མོ་ཁོ་བོ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་རྣམ་པར་ཞི་བས་དགའ་བར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་ལས་ཉམ་ང་བའི་རྣམ་པར་སྨྱིན་པའི་ཕྱིར་
ལྡོག་པ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་འགྲུབ་པ་དང་། སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མེད་པའི་ལས་ལ་ནན་ཏན་ཏུ་བྱེད་པས་དགའ་བ་དམ་པ་ཉམས་སུ་ཚོར་བར་འགྱུར་རོ། །ནམ་སེམས་ཅན་དེ་དག་ལས་དང་ཉོན་མོངས་པ་རྣམ་པ་སྣ་ཚོགས་མྱི་བདེ་བའི་སྦྱོར་བས་སེམས་རྣམ་པར་འཁྲུགས་ཤིང་ངན་སོང་དུ་ལྟུང་བར་འགྱུར་བའམ། བདེ་བའི་རྒྱུད་ན་གནས་ཀྱང་ལུས་དང་སེམས་ཀྱི་སྡུག་བསྔལ་དང་ཡིད་མྱི་བདེ་བ་སྣ་ཚོགས་ཉམས་སུ་མྱོང་བར་གྱུར་ཅིང་། མི་དགའ་བར་གནས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཤིན་ཏུ་ཡིད་མི་བདེ་བར་འགྱུར་རོ། །ལྷ་མོ་འདི་ལྟ་སྟེ། དཔེར་ན། མི་ཤིན་ཏུ་ངང་གིས་བྱམས་པ་ཞིག་ལ་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ཞིག་བདོག་པར་གྱུར་ལ། དེའི་ཡན་ལག་དང་ཉིང་ལག་བཅད་པ་ཞིག་མཐོང་ན་ཤིན་ཏུ་ངང་གིས་བྱམས་པའི་ཕྱིར་རབ་ཏུ་ཡིད་མི་བདེ་ཞིང་མྱི་དགའ་བར་འགྱུར་རོ། །ལྷ་མོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེའང་སེམས་ཅན་རྣམས་ལས་དང་ཉོན་མོངས་པའི་དབང་གིས་ངན་སོང་གསུམ་གྱི་རྒྱུད་དུ་ལྷུང་བ་ཞིག་མཐོང་ན་རབ་ཏུ་མི་དགའ་ལ་ཤིན་ཏུ་ཉམས་མི་བདེ་བར་འགྱུར་རོ། །གང་གི་ཚེ་སེམས་ཅན་རྣམས་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་དག་པར་ལེན་པའི་རྒྱུས་ལུས་ཞིག་ནས་བདེ་བའི་རྒྱུད་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཏམ། ལྷ་དང་མིའི་ལམ་གྱི་རྒྱུད་དུ་ལུས་དང་སེམས་ཀྱི་བདེ་བ་ཉམས་སུ་མྱོང་བ་ཞིག་ཏུ་གྱུར་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་ཤིན་ཏུ་བདེ་བ་དང་ལྡན་ཞིང་། ཉམས་བདེ་བ་དང་ཡིད་དགའ་བ་དང་། རབ་ཏུ་སྤྲོ་བ་དང་། དགའ་བའི་ཡིད་ཉམས་སུ་བདེ་བ་དང་ལྡན་པར་འགྱུར་རོ། །ལྷ་མོ་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གི་དོན་གྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ཅིང་དོན་དུ་གཉེར་བ་མ་ཡིན་ཏེ། འཁོར་བའི་དགའ་བ་དང་། བདེ་བ་སྣ་ཚོགས་ཉམས་སུ་མྱོང་བར་བྱ་བའི་ཕྱིར་མ་ཡིན། འདོད་པའི་
ཁམས་སུ་གཏོགས་པའི་དགའ་བ་རྣམ་པ་ཐ་དད་པར་སྣ་ཚོགས་དོན་དུ་གཉེར་བས་མ་ཡིན། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་དབང་གིས་མ་ཡིན། ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཀུན་ནས་འཁོར་བའི་དབང་དུ་གྱུར་པས་མ་ཡིན། སྲེད་པ་དང་ལྟ་བའི་དབང་དུ་གྱུར་པས་མ་ཡིན། སེམས་ཅན་སྣ་ཚོགས་དང་འདུ་ཞིང་འཛི་བའི་དགའ་བའི་འདུ་ཤེས་ཀྱིས་སེམས་རྣམ་པར་འཕེལ་བས་མ་ཡིན། བསམ་གཏན་གྱི་དགའ་བ་དང་བདེ་བ་མྱོང་བ་ཡོངས་སུ་ཆགས་པས་མ་ཡིན། སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་ཤིང་འཁོར་བའི་རྒྱུད་ན་འགྲེ་ལྡོག་པ་མ་ཡིན་གྱི། ལྷ་མོ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་འཁོར་བའི་རྒྱ་མཚོ་ན་འཁོད་ཅིང་། སྡུག་བསྔལ་དཔག་ཏུ་མྱེད་པས་ཤིན་ཏུ་མནར་བ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྡུ་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབས་ཏེ། དེ་དག་སྙིང་རྗེ་ཆེན་པོས་སྨོན་ལམ་མངོན་པར་བསྒྲུབས་པའི་ཤུགས་ཀྱིས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་བརྩོན་ཞིང་འཁོར་བ་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་སྣང་ངོ་། །དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་བཟློག་པའི་དོན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཡོངས་སུ་ཚོལ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་། བསྙེན་བཀུར་བའི་སྨོན་ལམ་མངོན་པར་སྒྲུབ་པོ། །དེ་དག་དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོར་བྱ་བའི་སྨོན་ལམ་གྱི་དབང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པས་ཡོངས་སུ་སྐྱོ་བ་མྱེད་དེ། དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པའི་ཚེ། ཀུན་ནས་ཉོན་མོངས་པའི་ཞིང་མཐོང་ན། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་མངོན་པར་སྒྲུབ་བོ། །ཀུན་ནས་ཉོན་མོངས་པའི་ཞིང་ཡོངས་སུ་སྦྱོང་
ཞིང་སེམས་ཅན་ཐམས་ཅད་ཀྱི་སྐྱེ་མཆེད་སྣ་ཚོགས་མཐོང་བར་གྱུར་པའི་ཚེ། ཆོས་ཀྱི་སྐུ་ཐ་དད་པ་མེད་ཅིང་བླ་ན་མྱེད་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་སྨོན་ལམ་མངོན་པར་སྒྲུབ་བོ། །སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་སེམས་ཀུན་ནས་ཉོན་མོངས་པ་དང་ལྡན་པར་མཐོང་ན། སེམས་ཅན་ཐམས་ཅད་ཀྱི་ལུས་དང་། ངག་དང་། སེམས་ཀྱི་རྒྱན་ཡོངས་སུ་དག་པར་བྱ་བའི་ཕྱིར་སྨོན་ལམ་མངོན་པར་སྒྲུབ་བོ། །སེམས་ཅན་སྐྱེ་མཆེད་མ་ཚང་བ་དང་། སེམས་ཡོངས་སུ་མ་དག་པ་མཐོང་ན། སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་ཡོངས་སུ་སྦྱོང་ཞིང་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པས་ཡོངས་སུ་སྐྱོ་བ་མེད་དོ། །ལྷ་མོ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོངས་སུ་སྐྱོ་བ་མེད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དང་དབུས་མེད་པ་ལ་སྤྱོད་དེ། དེ་ལྟར་སྤྱོད་པ་ནི་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཡོངས་སུ་བསྐྱེད་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་ཡིན། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་རབ་ཏུ་འགོད་པའི་ཕྱིར་ཕ་དང་མར་གྱུར་པ་ཡིན། བྱང་ཆུབ་སེམས་དཔའི་ལམ་དུ་འཛུད་པས་མ་མ་ལྟ་བུར་གྱུར་པ་ཡིན། ངན་སོང་གི་གཡང་སའི་འཇིགས་པ་ལས་བསྲུང་བའི་ཕྱིར་ལྷན་ཅིག་སྐྱེས་པའི་ལྷ་རྟག་ཏུ་ཕྱི་བཞིན་འབྲང་བ་ལྟ་བུར་གྱུར་པ་ཡིན། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་མཉན་པ་ཆེན་པོ་ལྟ་བུར་གྱུར་པ་ཡིན། བདུད་དང་ཉོན་མོངས་པའི་འཇིགས་པ་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར་སྐྱབས་སུ་གྱུར་པ་ཡིན། ཤིན་ཏུ་བསིལ་བའི་རང་བཞིན་ཉེ་བར་སྟོབས་པས་གནས་སུ་གྱུར་པ་ཡིན། སངས་རྒྱས་རྒྱ་མཚོ་ཐམས་ཅད་དུ་འཇུག་པར་བྱེད་པས་མུ་སྟེགས་སུ་གྱུར་པ་ཡིན། ཆོས་རིན་པོ་ཆེའི་གླིང་དུ་སྐྱེལ་བས་མགོན་བྱེད་པར་གྱུར་པ་ཡིན། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་མེ་ཏོག་གིས་སེམས་ཡོངས་སུ་རྒྱས་པར་བྱེད་པས་མེ་ཏོག་ཏུ་གྱུར་པ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་འོད་ཡངས་
པ་རབ་ཏུ་འགྱེད་པས་རྒྱན་དུ་གྱུར་པ་ཡིན། ཀུན་ནས་མཛེས་པས་དགའ་བ་དང་བདེ་བ་དམ་པ་བྱེད་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ལས་ལ་ནན་ཏན་ཏུ་བྱེད་པས་ཕྲད་ན་ལེགས་པ་ཡིན། ཡན་ལག་དམ་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཚང་བའི་ལུས་དང་ལྡན་པས་ཀུན་ཏུ་བཟང་བ་ཡིན། བལྟ་ན་མྱི་མཐུན་པ་མྱེད་པས་གཏང་མི་བྲ་བའི་གཟུགས་དང་ལྡན་པ་ཡིན། ཡེ་ཤེས་ཀྱི་འོད་གཟེར་རབ་ཏུ་འགྱེད་པའི་ཕྱིར་འོད་བྱེད་པ་ཡིན། ཆོས་ཀྱི་སྒྲོན་མ་འཛིན་པའི་ཕྱིར་སྣང་བ་བྱེད་པ་ཡིན། བྱང་ཆུབ་ཀྱི་བསམ་པ་ཡོངས་སུ་དག་པར་བྱེད་པའི་ཕྱིར་གསལ་བར་བྱེད་པ་ཡིན། བདུད་ཀྱི་ལས་རྣམ་པར་བཟློག་པའི་ཕྱིར་དམག་དཔོན་དུ་གྱུར་པ་ཡིན། ཤེས་རབ་ཀྱི་འོད་གཟེར་གྱི་དྲ་བ་རབ་ཏུ་སྣང་བ་འགྱེད་པའི་ཕྱིར་ཉི་མར་གྱུར་པ་ཡིན། ཆོས་ཀྱི་ནམ་མཁའ་ལ་བློའི་ཟླ་བ་འཆར་བར་བྱེད་པས་ཟླ་བར་གྱུར་པ་ཡིན། འགྲོ་བ་ཐམས་ཅད་དུ་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་འབབས་པས་སྤྲིན་དུ་གྱུར་པ་ཡིན་ཏེ། ལྷ་མོ་དེ་ལྟར་ནན་ཏན་དུ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡོངས་སུ་བགྲོ་བའི་ཁང་པའི་ལྷ་མོ་མྱ་ངན་མེད་པའི་དཔལ་ཁྱིམ་གྱི་ལྷ་མོ་སྟོང་ཕྲག་བཅུ་དང་བཅས་པས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ལྷ་རྫས་ལས་ཀྱང་འདས་པའི་མེ་ཏོག་དང་། ཕྲེང་བ་དང་། བདུག་སྤོས་དང་། ཕྱེ་མ་དང་། བྱུག་པ་དང་། རིན་པོ་ཆེའི་རྒྱན་གྱི་ཆར་ཡིད་ཀྱི་རང་བཞིན་མངོན་པར་ཕབ་སྟེ། ཀུན་ནས་བསྐོར་ཅིང་རྗེས་སུ་འབྲངས་ནས། བྱང་ཆུབ་སེམས་དཔའི་ཁང་པར་འགྲོ་བའི་ཚེ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །བྱང་ཆུབ་རྫོགས་པར་ཐུགས་བསྐྱེད་ཅིང་། །སེམས་ཅན་ཀུན་ལ་ཐུགས་བརྩེ་བས། །རྒྱལ་བ་ཡེ་ཤེས་ཉི་མ་རྣམས། །བར་འགའ་ཞིག་ན་འཇིག་རྟེན་འབྱུང་། །བསྐལ་པ་བྱེ་བ་མང་པོས་ཀྱང་། །ཁྱོད་ཀྱི་ཞལ་
མཐོང་ཤིན་ཏུ་དཀའ། །འཇིག་རྟེན་མ་རིག་མདོངས་པ་ལ། །ཁྱོད་ཀྱི་ཡེ་ཤེས་གཉི་ཆེན་ཡིན། །མྱི་ཤེས་རབ་རིབ་བསྒྲིབས་པ་ཡི། །འཇིག་རྟེན་ཕྱིན་ཅི་ལོག་གཟིགས་ནས། །ཐུགས་རྗེ་ཆེན་པོ་རབ་བསྐྱེད་དེ། །ཁྱོད་ནི་རང་བྱུང་ཉིད་དུ་ཞུགས། །ཁྱོད་ཀྱི་ དགོངས་པ ་རྣམ་དག་པས། །སངས་རྒྱས་བྱང་ཆུབ་དོན་དུ་བརྩོན། །དགེ་བཤེས་བསྙེན་བཀུར་བསྟེན་མཛད་ཅིང་། །ལུས་སྲོག་ཕངས་པར་མཛད་མི་མངའ། །ཁྱོད་ནི་འཇིག་རྟེན་རྟེན་མི་མངའ། །འདུ་འཛི་མི་མངའ་གནས་མི་མངའ། །འདྲེས་པ་མ་མཆིས་མི་རྟེན་པས། །དགོངས་པ་ཐོགས་མེད་ནམ་མཁའ་བཞིན། །བྱང་ཆུབ་སེམས་དཔའི་སྤྱོད་མཛད་ཅིང་། །བསོད་ནམས་དཀྱིལ་འཁོར་འོད་བཟང་བས། །ཡེ་ཤེས་སྒྲོན་མ་རབ་འགྱེད་པ། །འཇིག་རྟེན་ཚད་མེད་ཀུན་ཏུ་འཆར། །འཇིག་རྟེན་ནས་ཀྱང་འཕགས་མི་མཛད། །འཇིག་རྟེན་ཆོས་ཀྱིས་ཡོང་མྱི་འགོ །ཆགས་པ་མེད་པར་འཇིག་རྟེན་སྤྱོད། །མཁའ་ལ་སེར་བུ་ཇི་བཞིན་ནོ། །བསྐལ་པའི་མེ་འབར་མེ་བཞིན་དུ། །རྟག་ཏུ་འབར་བས་རབ་ཏུ་བརྩོན། །མེ་ལྟ་བུ་ཡི་བརྩོན་འགྲུས་ཀྱིས། །བྱང་ཆུབ་སྤྱད་པ་སྤྱོད་པར་མཛད། །སེང་གེ་བཞིན་དུ་ཤིན་ཏུ་དཔའ། །བརྩོན་འགྲུས་རྣམ་པར་གནོན་པ་བརྟན། །ཡེ་ཤེས་རྣམ་པར་གནོན་དང་ལྡན། །གཞན་གྱིས་ཐུབ་པ་མེད་པར་སྤྱོད། །ཆོས་དབྱིངས་རྒྱ་མཚོ་འདི་དག་ན། །རྒྱ་མཚོའི་ཚུལ་རྣམས་ཇི་སྙེད་པ། །དེར་ཡང་དགེ་བཤེས་བསྙེན་བཀུར་བས། །དཔའ་བོ་ཁྱོད་ནི་འཇུག་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཡོངས་སུ་བགྲོ་བའི་ཁང་པའི་ལྷ་མོ་མྱ་ངན་མེད་པའི་དཔལ་གྱིས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དེ། དེ་འགྲོ་བའི་ཕྱི་བཞིན་ཆོས་འདོད་པའི་དོན་དུ་འབྲང་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའ་ཡང་དག་པར་བགྲོ་བའི་ཁང་པ་ཆོས་
ཀྱི་དབྱིངས་རབ་ཏུ་སྣང་བའི་འོད་དུ་ཕྱིན་ཏེ། ནང་དུ་སོང་ནས་ཤཱཀྱའི་བུ་མོ་གོ་པ་མཐོང་བར་འདོད་དེ་ཀུན་ཏུ་བལྟས་ན་ཤཱཀྱའི་བུ་མོ་གོ་པ་བྱང་ཆུབ་སེམས་དཔའ་ཡང་དག་པར་བགྲོ་བའི་ཁང་པ་ཆོས་ཀྱི་དབྱིངས་རབ་ཏུ་སྣང་བའི་འོད་ཀྱི་དབུས་ན། སྟན་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་སྣང་བར་བྱེད་པའི་གཟུགས་བརྙན་གྱི་པདྨོའི་སྙིང་པོ་ཅན་ཞིག་ལ་བུད་མེད་རྒྱལ་པོའི་རིགས་སུ་བྱུང་བ། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དགེ་བའི་རྩ་བའི་སྐལ་བ་མཉམ་པ། སྔོན་སྦྱིན་པའི་ཡོངས་སུ་བསྡུ་བས་ཤིན་ཏུ་བསྡུས་པ། ཚིག་སྙན་ཅིང་འཇམ་པར་སྨྲ་བའི་ངང་ཚུལ་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་དུ། དོན་མངོན་དུ་བྱ་བས་ཤིན་ཏུ་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་པ་ལ་དོན་མཐུན་པས་ཤིན་ཏུ་བཟུང་བ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་བུ་དང་བུ་མོ་ཡོངས་སུ་གཟུང་བའི་ཚུལ་བཅངས་པ། བྱམས་པ་ཆེན་པོ་དང་ལྡན་པའི་རང་གི་ཁྱིམ་ཐབ་ཀྱི་རྗེས་སུ་འབྲང་བ་ཡོངས་སུ་དག་པར་བྱས་པ། སྔོན་བྱང་ཆུབ་སེམས་དཔའི་ཐབས་མཁས་པ། བསམ་གྱིས་མྱི་ཁྱབ་པས་ཡོངས་སུ་སྨྱིན་པར་བྱས་པ། སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འཁོར་གྱིས་ཀུན་ནས་བསྐོར་ཅིང་འདུག་པ་མཐོང་ངོ་། །བུད་མེད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཞུགས་པ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་གཞན་གྱི་དྲིང་མི་འཇོག་པ། ཆགས་པ་ཐམས་ཅད་དང་བྲལ་བའི་སེམས་དང་ལྡན་པ། འཁོར་བའི་དགའ་བ་ཐམས་ཅད་ཀྱིས་སྐྱོ་བའི་ཡིད་དང་ལྡན་པ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆགས་པ་མེད་པས་ཡོངས་སུ་དག་པ་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་བྱ་བའི་སེམས་ཀྱི་ཤུགས་དང་ལྡན་པ། སྒྲིབ་པ་དང་བར་དུ་གཅོད་པའི་དྲ་བ་དང་བྲལ་བ། ཆགས་
པའི་ལམ་ཐམས་ཅད་ལས་ཤིན་ཏུ་འདས་པ། ཆོས་ཀྱི་སྐུ་ལ་ལེགས་པར་སྤྲུལ་པས་རྣམ་པར་སྤྱོད་པ། འཇིག་རྟེན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་མངོན་པར་ཕྱོགས་པ། བསོད་ནམས་རྒྱ་མཚོ་དྲི་མ་མེད་པས་ཡོངས་སུ་བྱུང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་ཤིན་ཏུ་བྱུང་བ། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཤུགས་ཡངས་པས་ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་གྱིས་སེམས་རབ་ཏུ་སྣང་བ་ཡང་དག་པར་བསྐྱེད་པ་ཤ་སྟག་གོ །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཤཱཀྱའི་བུ་མོ་གོ་པ་གང་ན་བ་དེར་ཕྱིན་ནས། ཤཱཀྱའི་བུ་མོ་གོ་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལངས་ནས་མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ན་ཡོངས་སུ་འཁོར་ཡང་འཁོར་བའི་སྐྱོན་གྱིས་མི་གོས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་ཡང་ཁོང་དུ་ཆུད་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་ཡང་མི་གནས་པ་དང་། སངས་རྒྱས་ཀྱི་ཆོས་སྣང་བ་ཡང་རབ་ཏུ་ཐོབ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རྒྱུན་མི་གཅོད་པ་དང་། བྱང་ཆུབ་སེམས་དཔའི་ས་ལ་ཡང་རབ་ཏུ་གནས་ལ་དེ་བཞིན་གཤེགས་པའི་ཡུལ་ཡང་ཡོངས་སུ་སྟོན་པ་དང་། འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐམས་ཅད་ལས་ཀྱང་ཡོངས་སུ་འདས་ལ། འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐམས་ཅད་དུ་ཡང་ཉེ་བར་སྤྱོད་པ་དང་། ཆོས་ཀྱི་ལུས་ཡོངས་སུ་གྲུབ་པ་དང་ལྡན་ཡང་། གཟུགས་ཀྱི་ལུས་ཁ་དོག་མཐའ་ཡས་པའང་མངོན་པར་སྒྲུབ་པ་དང་། མཚན་མ་མེད་པའི་ཆོས་ཀྱི་སྐུ་ལ་ཡང་རབ་ཏུ་གཞོལ་ལ་འགྲོ་བ་ཐམས་ཅད་ཀྱི་ཁ་དོག་དང་དབྱིབས་ཀྱི་ལུས་ཀྱང་ཡོངས་སུ་སྟོན་པ་དང་། ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པར་
ཡང་རབ་ཏུ་རྟོགས་ལ། ངག་གི་ལམ་དང་ངེས་པའི་ཚིག་ཐམས་ཅད་བརྗོད་པས་ཀྱང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་ཐམས་ཅད་སེམས་ཅན་མེད་པར་ཡང་རབ་ཏུ་ཤེས་ལ། སེམས་ཅན་གྱི་ཁམས་གདུལ་བའི་ཚུལ་ལས་ཀྱང་མྱི་ལྡོག་པ་དང་། ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པར་ཡང་ཁོང་དུ་ཆུད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོར་བྱ་བའི་སྦྱོར་བ་ལས་ཀྱང་ཕྱིར་མྱི་ལྡོག་པ་དང་། ཆོས་ཐམས་ཅད་ལ་ལས་དང་རྣམ་པར་སྨྱིན་པ་མ་མཆིས་པར་ཡང་རྟོགས་ལ། དགེ་བའི་ལས་མངོན་པར་འདུ་བྱ་བའི་སྦྱོར་བ་ལས་ཀྱང་། ཕྱིར་མི་ལྡོག་པ་མ་འཚལ་ཏོ། །དེ་སྐད་ཅེས་སྨྲས་པ་དང་། ཤཱཀྱའི་བུ་མོ་གོ་པས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཆོས་ཉིད་རྣམ་པ་དེ་ལྟ་བུས་དྲི་བར་སེམས་པ་ལེགས་སོ་ལེགས་སོ། །དྲི་བ་བརྗོད་པ་དེ་དག་ཀྱང་ཀུན་ཏུ་བཟང་པོའི་སྨོན་ལམ་དང་སྤྱོད་པ་ལ་མངོན་དུ་གྱུར་པའི་ཚིག་གོ །རིགས་ཀྱི་བུ་དེ་བས་ན་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བསྟན་པར་བྱའོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་འདི་ལྟ་བུ་མིག་འཕྲུལ་གྱི་གཞིའི་དཔེ་དང་འདྲ་བ། ཡེ་ཤེས་ཀྱི་འོད་ཀུན་ཏུ་འབྱུང་བ་ཡོངས་སུ་རྫོགས་པར་བྱེད་དོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་རླབས་པོ་ཆེ་ལ་བརྟེན་པ་དང་། མོས་པ་རྒྱ་ཆེན་པོ་རབ་ཏུ་ཐོབ་པ་དང་། དགེ་བའི་བསམ་པ་རླབས་པོ་ཆེ་རྣམ་པར་དག་པ་དང་། བསོད་ནམས་དང་ཡེ་ཤེས་རྒྱ་མཚོ་ཡངས་པས་རབ་ཏུ་བརྟན་པའི་སེམས་དང་། སངས་རྒྱས་སྐྱེ་བ་འབྱུང་བའི་ཆོས་བསྟན་པ་ཆེན་པོ་ཐོས་པ་རབ་ཏུ་
ཐོབ་པ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ལ་མོས་པའི་སེམས་ཀྱིས་གནས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབས་རབ་ཏུ་ཐོབ་པ་དང་། རང་བཞིན་གྱིས་སྙིང་རྗེ་ཆེན་པོའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། འཁོར་བའི་འཁོར་ལོ་ཐམས་ཅད་རབ་ཏུ་གཅད་པའི་སེམས་ཀྱི་སྟོབས་ཤུགས་དྲག་པོ་དང་ལྡན་པ་རབ་ཏུ་ཐོབ་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་འདི་ལྟ་བུ་མིག་འཕྲུལ་གྱི་གཞིའི་དཔེ་དང་འདྲ་བ་འོད་ཀུན་ཏུ་འབྱུང་བ་ཡོངས་སུ་རྫོགས་པར་བྱེད་དོ། །རིགས་ཀྱི་བུ་དེ་ལ་བརྩོན་འགྲུས་ཕྱིར་མྱི་ལྡོག་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་དེ་དག་ཐོབ་པར་གྱུར་ནས་ཀྱང་མི་ཟད་པའི་ཚུལ་དུ་མངོན་པར་སྒྲུབ་ཅིང་། བསྒོམ་པ་དང་ཤིན་ཏུ་རྒྱ་ཆེ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བསྙེན་བཀུར་ཅིང་རྣམ་པ་བཅུས་མངོན་པར་དགའ་བར་བྱེད་དོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ལུས་དང་སྲོག་ལ་ཕོངས་པར་མི་རྩི་བ་དང་། འཁོར་བའི་ཡོ་བྱད་དོན་དུ་མི་གཉེར་བ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་དང་། ཐམས་ཅད་མཁྱེན་པའི་སྨོན་ལམ་ལས་ཕྱིར་མི་ལྡོག་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ལ་རྣམ་པར་ལྟ་བ་དང་། སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་གྱེན་དུ་འཕགས་པའི་ཡིད་དང་། གནས་མེད་པའི་ཆོས་ཀྱི་ནམ་མཁའ་ལ་མི་གནས་མི་རྟེན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ལ་བསྒྲིབས་པ་མེད་པ་དང་། ཞིང་རྒྱ་མཚོ་ཐམས་ཅད་དུ་རབ་ཏུ་འདལ་བ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲིབས་པ་མེད་པ་ཤིན་ཏུ་སྦྱངས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་བསྙེན་བཀུར་ཅིང་མངོན་པར་དགའ་བར་བྱེད་དོ། །དེ་ནས་ཤཱཀྱའི་བུ་མོ་
གོ་པས་དོན་དེ་ཉིད་ཡོངས་སུ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱིས་ཕྱོགས་བཅུར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རླབས་ཆེན་དྲི་མེད་བློ་ལྡན་གཞན་གྱི་དོན་ཞུགས་ཤིང་། །དགེ་བཤེས་དམ་པ་བསྙེན་བརྩོན་གཡོ་དང་སྒྱུ་མེད་པ། །སྟོན་པའི་འདུ་ཤེས་ཐོབ་ཅིང་སྐྱོ་མེད་བརྩོན་འགྲུས་ཅན། །དེ་དག་སྤྱོད་པ་འཇིག་རྟེན་མིག་འཕྲུལ་འདྲ་འདི་ཡིན། །གང་རྣམས་མོས་པ་རླབས་ཆེན་མཁའ་དང་འདྲ་ལྡན་ཞིང་། །དེའི་ཁོངས་སུ་དུས་གསུམ་འཇིག་རྟེན་ཆུད་པ་དང་། །ཞིང་དང་སེམས་ཅན་ཆོས་དང་སངས་རྒྱས་དེ་བཞིན་པ། །ཡེ་ཤེས་འོད་བྱེད་སྤྱོད་པ་དེ་དག་འདི་ཡིན་ནོ། །གང་རྣམས་བསམ་པ་མཁའ་འདྲ་མཐའ་དང་དབུས་མེད་ལ། །ཀུན་ནས་ཉོན་མོངས་དྲི་མས་མ་གོས་རབ་དག་ཅིང་། །དེ་བཞིན་གཤེགས་པ་ཀུན་གྱི་ཡོན་ཏན་འབྱུང་གྱུར་པ། །དེ་དག་སྤྱོད་པ་མིག་འཕྲུལ་གཞི་ཡི་རྣམ་པ་འདྲ། །ཀུན་མཁྱེན་ཡེ་ཤེས་རྣམ་ཡངས་ཚད་མེད་བསམ་ཡས་དག །ཡོན་ཏན་རྒྱ་མཚོས་ཡིད་གསལ་ལྡན་པ་ཉེར་བརྟན་པ། །དེ་དག་བསོད་ནམས་རྒྱ་མཚོའི་ལུས་དང་སྙིང་པོ་སྟེ། །འཇིག་རྟེན་སྤྱོད་ཀྱང་འཇིག་རྟེན་དྲི་མས་གོས་མི་འགྱུར། །རྒྱལ་བའི་གསུང་གི་ཡན་ལག་སྒྲ་སྐད་ཚུལ་ཀུན་གྱིས། །ཆོས་ཀྱི་འབྲུག་སྒྲ་ཉན་ཀྱང་གང་རྣམས་མི་ངོམས་ཤིང་། །ཆོས་ཚུལ་རྗེས་སུ་སྙེགས་པའི་ཤེས་རབ་འོད་ཀྱི་སྒྲོན། །དེ་དག་འགྲོ་བར་འོད་གསལ་བྱེད་པའི་སྤྱོད་འདི་ཡིན། །གང་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཚད་མེད་པ། །གཞན་དང་གཞན་དག་སེམས་ཀྱི་སྐད་ཅིག་ཀུན་སེམས་ཤིང་། །བདེ་གཤེགས་རྒྱ་མཚོ་ཐམས་ཅད་ལྟ་ཞིང་ཤེས་བྱེད་པ། །སངས་རྒྱས་སེམས་ལྡན་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །རྒྱལ་བ་རྣམས་ཀྱི་རྣམ་པར་ཡངས་པའི་འཁོར་མཐོང་ཞིང་། །དེ་དག་ཏིང་ངེ་འཛིན་ཚུལ་རྒྱ་མཚོ་མང་པོ་དང་། །སྨོན་ལམ་རྒྱ་མཚོ་མཐའ་དང་དབུས་མེད་ཚུལ་འཇུག་པ། །མིག་
འཕྲུལ་ལྟ་བུ་དེ་དག་སྤྱོད་པ་འདི་ཡིན་ནོ། །ཕྱོགས་བཅུའི་རྒྱལ་བ་མ་ལུས་ཀུན་གྱིས་བྱིན་བརླབས་ཏེ། །ཕྱི་མཐའི་བསྐལ་པར་སྤྱོད་བྱེད་ཀུན་ཏུ་བཟང་པོ་རྣམས། །ཞིང་རྣམས་འབྱམ་ཀླས་ཀུན་ཏུ་གཟུགས་བརྙན་བྱུང་གྱུར་པ། །ཆོས་འོད་བྱེད་པ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་ཡེ་ཤེས་ཉི་མའི་སྙིང་རྗེའི་དཀྱིལ་འཁོར་ཅན། །འགྲོ་བ་ཉམ་ཉེས་མཐོང་ཞིང་ཆོས་ཀྱི་འོད་སྣང་བས། །འགྲོ་བའི་མུན་པ་བསྩལ་ཅིང་བསྟན་པ་འཆར་འབྱུང་བ། །ཉི་མ་ལྟ་བུར་དེ་དག་སྤྱོད་པ་འདི་ཡིན་ནོ། །སྐྱེ་དགུ་སྲིད་པའི་རྒྱུད་ན་འགྲོ་ལྡོག་མཐོང་གྱུར་ནས། །ཡིད་གསལ་འཁོར་བའི་རྒྱུད་རྣམས་ཕྱིར་ཟློག་རབ་གནས་ཤིང་། །ཆོས་ཀྱི་འཁོར་ལོ་ཀུན་ནས་ཡོངས་སུ་སྒྲུབ་བྱེད་པ། །སྤྱོད་པ་ཀུན་བཟང་དམ་པའི་བློ་ཅན་རབ་ཏུ་སྤྱོད། །ཚུལ་འདིར་བསླབས་པ་དེ་དག་མཐའ་དང་དབུས་མྱེད་པའི། །ལུས་རྣམས་བསམ་པ་ཇི་བཞིན་འགྲོ་བར་ཉེར་བསྟན་ཏེ། །གཟུགས་བརྙན་མིག་ཡོར་འདྲ་བའི་རང་ལུས་ཚད་མེད་པས། །སྲིད་པའི་རྒྱ་མཚོ་དག་ན་འགྲོ་མང་ཡོངས་སྨྱིན་བྱེད། །བྱམས་ཚུལ་ཤིན་ཏུ་ཡངས་པས་འགྲོ་མང་རྒྱས་བཀང་སྟེ། །མོས་པ་སྣ་ཚོགས་འགྲོ་ལ་རྣམ་པར་སྤྱོད་བསྟན་ནས། །འགྲོ་བར་བསམ་པ་ཇི་བཞིན་ཆོས་ཀྱི་ཆར་འབེབས་ཤིང་། །བརྟན་པ་བྱང་ཆུབ་དོན་དུ་སེམས་ཅན་ཁྲག་ཁྲིག་འདུལ། །དེ་ནས་ཤཱཀྱའི་བུ་མོ་གོ་པས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་མཚོའི་ཚུལ་ཐམས་ཅད་ལ་རྣམ་པར་བལྟ་བའི་ཡུལ་ཐོབ་པའོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་མ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་མཚོའི་ཚུལ་ལ་རྣམ་པར་ལྟ་བའི་ཡུལ་དེའི་ཡུལ་ཇི་ལྟ་བུ་ཞིག་མཆིས། སྨྲས་པ། རིགས་ཀྱི་བུ་ཁོ་མོ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་ལ་སྙོམས་པར་
ཞུགས་ན། འཇིག་རྟེན་གྱི་ཁམས་འདིའི་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཐོང་ཞིང་ཁོང་དུ་ཆུད་དོ། །བསྐལ་པ་དེ་དག་གི་སེམས་ཅན་ལམ་གྱི་རྒྱུད་ཐམས་ཅད་དུ་གཏོགས་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །སེམས་ཅན་དེ་དག་གི་ཤི་འཕོ་དང་སྐྱེ་བའི་སྒོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །མངོན་པར་འགྲུབ་པའི་སྒོ་ཇི་སྙེད་ཅིག་ཡོད་པ་དང་། ལས་མངོན་པར་འདུ་བྱེད་པ་ཡོངས་སུ་སྒྲུབ་པ་ཇི་སྙེད་ཅིག་ཡོད་པ་དང་། ལས་རྣམ་པར་སྨྱིན་པ་སྣ་ཚོགས་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །དེ་དག་གི་ལས་ཡོངས་སུ་བླངས་པ་དགེ་བ་ཡང་རབ་ཏུ་ཤེས་སོ། །མི་དགེ་བ་དང་འབྱུང་བ་དང་མི་འབྱུང་བ་དང་། ངེས་པ་དང་མ་ངེས་པ་དང་། ལོག་པར་ངེས་པ་དང་། བག་ལ་ཉལ་བ་དང་བཅས་པ་དང་། བག་ལ་ཉལ་བ་མེད་པ་དང་། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང་། དགེ་བའི་རྩ་བ་རྒུད་པར་གྱུར་པ་དང་། དགེ་བའི་རྩ་བ་ཡོངས་སུ་ཟིན་པ་དང་། མི་དགེ་བའི་རྩ་བ་ཡོངས་སུ་ཟིན་པ་དང་། དགེ་བ་དང་མི་དགེ་བ་ཡོངས་སུ་ཟིན་པ་དང་། དེ་དག་གི་དགེ་བའི་ཆོས་ཡོངས་སུ་འདུས་པ་དང་། སྡིག་ཏོའི་ཆོས་ཡོངས་སུ་འདུས་པའི་ལས་ཡོངས་སུ་བླངས་པ་ཡང་རབ་ཏུ་ཤེས་སོ། །བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བྱུང་བ་དེ་དག་གི་མཚན་རྒྱ་མཚོ་ཡང་ཤེས་ཤིང་ཁོང་དུ་ཆུད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་དང་པོ་བསྐྱེད་པ་རྒྱ་མཚོ་ཡང་རབ་ཏུ་ཤེས་སོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཞུགས་པའི་ཚུལ་རྒྱ་མཚོ་ཡང་རབ་ཏུ་ཤེས་སོ། །སྨོན་ལམ་རྒྱ་མཚོ་ཐམས་ཅད་མངོན་པར་བསྒྲུབས་པ་ཡང་རབ་ཏུ་ཤེས་སོ། །སྔོན་གྱི་སངས་རྒྱས་བྱུང་བ་རྣམས་ཀྱི་དྲུང་དུ་གཤེགས་པ་རྒྱ་མཚོ་ཡང་རབ་ཏུ་ཤེས་སོ། །སྔོན་གྱི་སངས་རྒྱས་ལ་མཆོད་ཅིང་རིམ་
གྲོར་མཛད་པའི་སྦྱོར་བ་རྒྱ་མཚོ་ཡང་རབ་ཏུ་ཤེས་སོ། །སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་མཛད་པ་རྒྱ་མཚོ་ཡང་རབ་ཏུ་ཤེས་སོ། །འབྱུང་བའི་རྒྱན་རྒྱ་མཚོ་ཡང་རབ་ཏུ་ཤེས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སེམས་ཅན་ཡོངས་སུ་སྨྱིན་པར་མཛད་པ་དང་། བཏུལ་བ་རྒྱ་མཚོ་ཡང་རབ་ཏུ་ཤེས་སོ། །མངོན་པར་འཚང་རྒྱ་བར་མཛད་པ་རྒྱ་མཚོ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྱུ་མཆོག་གི་མཐུ་དང་རྣམ་པར་འཕྲུལ་པ་ཡང་རབ་ཏུ་ཤེས་སོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་གྱི་དཀྱིལ་འཁོར་རྣམ་པར་ཕྱེ་བ་དག་ཀྱང་རབ་ཏུ་ཤེས་སོ། །འཁོར་གྱི་དཀྱིལ་འཁོར་དེ་དག་ན་ཉན་ཐོས་ཇི་སྙེད་ཅིག་འཁོད་པ་དེ་དག་གི་འབྱུང་བའི་ཚུལ་ཡང་རབ་ཏུ་ཤེས་སོ། །སྔོན་གྱི་དགེ་བའི་རྩ་བ་ཡང་རབ་ཏུ་ཤེས་སོ། །ལམ་བསྒོམས་པ་སྣ་ཚོགས་ཀྱང་རབ་ཏུ་ཤེས་སོ། །ཡེ་ཤེས་ཐོབ་པར་བྱ་བ་ཕུན་སུམ་ཚོགས་ཤིང་རྣམ་པར་དག་པའི་བྱེ་བྲག་ཀྱང་རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པ་དེ་དག་གིས་སེམས་ཅན་ཇི་སྙེད་ཅིག་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རང་སངས་རྒྱས་དེ་དག་གི་སྔོན་གྱི་དགེ་བའི་རྩ་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རང་སངས་རྒྱས་དེ་དག་གིས་རང་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རང་སངས་རྒྱས་དེ་དག་གི་ཞི་བའི་རྣམ་པར་སྤྱོད་པ་ལ་རྣམ་པར་རྩེ་བའི་རྣམ་པར་ཐར་པའི་སྒོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རང་སངས་རྒྱས་དེ་དག་གི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རང་སངས་རྒྱས་དེ་དག་གིས་སེམས་ཅན་ཇི་སྙེད་ཅིག་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རང་སངས་རྒྱས་དེ་དག་གིས་ཆོས་བསྟན་པ་ཇི་སྙེད་ཅིག་བརྗོད་པ་དེ་དག་ཀྱང་
རབ་ཏུ་ཤེས་སོ། །རང་སངས་རྒྱས་དེ་དག་གི་ཏིང་ངེ་འཛིན་མཐའ་ཡས་པ་ལ་རྣམ་པར་སྤྱོད་ཅིང་རྣམ་པར་ཐར་པའི་སྒོ་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་བརྩེ་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བ་ཇི་སྙེད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཇི་སྙེད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་ཐོག་མ་དགེ་བའི་རྩ་བ་བསྐྱེད་པ་དག་ཀྱང་རབ་ཏུ་ཤེས་སོ། །ཐོག་མ་སེམས་བསྐྱེད་པའི་སྨོན་ལམ་དག་ཀྱང་རབ་ཏུ་ཤེས་སོ། །སྨོན་ལམ་རྣམ་པ་ཐ་དད་པ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པས་འབྱུང་བའི་རྒྱན་ཐམས་ཅད་མངོན་པར་བསྒྲུབ་པ་རྣམ་པ་ཐ་དད་པ་རབ་ཏུ་ཤེས་སོ། །ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཡན་ལག་གི་ཚོགས་རྣམ་པར་དག་པར་བྱ་བ་རྣམ་པ་ཐ་དད་པ་ཡང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ལམ་ལ་ནན་ཏན་དུ་བྱ་བའི་རྒྱན་རྣམ་པ་ཐ་དད་པ་ཡང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པའི་ཚོགས་རྣམ་པ་ཐ་དད་པ་ཡང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པའི་ཤུགས་དྲག་པོ་རྣམ་པ་ཐ་དད་པ་ཡང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ལ་བཟེམ་པའི་མཐུ་དང་ལྡན་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྣམ་པ་ཐ་དད་པ་ཡང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པས་རྣམ་པར་རྩེ་བ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པའི་རྣམ་པར་སྤྱོད་པ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་གནས་པ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་བསྒོམ་པའི་རྒྱུད་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་
སྦྱང་བའི་ཚུལ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ལ་ཡང་དག་པར་གནས་པར་བྱ་བ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་སའི་མཚན་མ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་སའི་དབང་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ནས་སར་འཕར་བའི་ཡེ་ཤེས་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་བསྡུ་བའི་ཡེ་ཤེས་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྨྱིན་པར་བྱ་བའི་ཡེ་ཤེས་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ལ་ཡང་དག་པར་གནས་པར་བྱ་བ་ཡང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་གྱི་རྒྱ་ཡང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པར་བརྩེ་བ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཚུལ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་དེ་དག་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་རྒྱ་མཚོ་སྣ་ཚོགས་ཐོབ་པར་བྱེད་པ་དག་ཀྱང་རབ་ཏུ་ཤེས་སོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣང་བའི་ཚུལ་ཐོབ་པར་བྱེད་པ་དག་ཀྱང་རབ་ཏུ་ཤེས་སོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གློག་གི་སྣང་བའི་སྤྲིན་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པའི་ཚུལ་དག་ཀྱང་རབ་ཏུ་ཤེས་སོ། །ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པའི་ཡེ་ཤེས་ཀྱི་རྣམ་པར་གནོན་པ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཞིང་རྒྱ་མཚོར་རྗེས་སུ་བགྲོད་པར་བྱེད་པ་དག་ཀྱང་རབ་ཏུ་ཤེས་སོ། །ཆོས་རྒྱ་མཚོའི་ཚུལ་ལ་འཇུག་པ་དག་ཀྱང་རབ་ཏུ་ཤེས་སོ། །སེམས་ཅན་རྒྱ་མཚོའི་མཚན་ཉིད་ཐ་དད་པ་དག་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་དམ་པར་སྤྱོད་པའི་ཚུལ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དག་ཀྱང་རབ་ཏུ་ཤེས་སོ། །
སྨོན་ལམ་གྱི་ཚུལ་སྣ་ཚོགས་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་རྒྱ་མཚོ་རྣམ་པ་ཐ་དད་པ་དག་ཀྱང་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་ཁོ་མོ་ཇི་ལྟར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་འདས་པ་དང་། ད་ལྟར་བྱུང་བའི་བསྐལ་པ་སྣ་ཚོགས་རྒྱ་མཚོ་ལ་ཞུགས་ཏེ། ཁོང་དུ་ཆུད་པ་དེ་བཞིན་དུ་ཕྱི་མའི་མཐའ་གཅིག་ནས་གཅིག་ཏུ་བརྒྱུད་དེ། རྒྱུན་མི་འཆད་པའི་མ་འོངས་པའི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བསྐལ་པ་རྒྱ་མཚོ་ཇི་ལྟར་ཤེས་པ་དེ་བཞིན་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་ཇི་ལྟར་ཤེས་པ་དེ་བཞིན་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བའི་ཁོངས་སུ་ཆུད་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བའི་ཁོངས་སུ་ཆུད་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་རྣམས་ཇི་ལྟར་ཤེས་པ་དེ་བཞིན་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུར་འདབ་ཆགས་སུ་གནས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུར་འདབ་ཆགས་སུ་གནས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་རྣམས་ཇི་ལྟར་ཤེས་པ་དེ་བཞིན་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུར་འདབ་ཆགས་སུ་གནས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་
དག་ན་གནས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུར་འདབ་ཆགས་སུ་གཅིག་ནས་གཅིག་ཏུ་བརྒྱུད་པར་གནས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་རྣམས་ཇི་ལྟར་ཤེས་པ་དེ་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་འོད་རྣམ་པར་སྣང་བའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དུ་གཏོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །ཕྱོགས་ཀུན་ཏུ་འོད་རྣམ་པར་སྣང་བའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དུ་གཏོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་ཇི་ལྟར་ཤེས་པ་དེ་བཞིན་དུ་ཕྱོགས་ཀུན་ཏུ་འོད་རྣམ་པར་སྣང་བའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་བཅུར་འདབ་ཆགས་སུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དག་ལ་གནས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་ཀྱི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །ཕྱོགས་ཀུན་ཏུ་འོད་རྣམ་པར་སྣང་བའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་བཅུར་འདབ་ཆགས་སུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དག་ལ་གནས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསྐལ་པ་རྒྱ་མཚོ་རྣམས་རབ་ཏུ་ཤེས་པ་དེ་བཞིན་དུ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདིར་གཏོགས་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་རྣམས་ཀྱི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཚུལ་དུ་བྱ་བ་རྣམས་དང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལོ་རྣམས་དང་། འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་རྣམས་དང་། འཇིག་རྟེན་གྱི་ཁམས་ཀྱི་བྱེ་བྲག་རྣམས་དང་། འཇིག་རྟེན་གྱི་ཁམས་ཀྱི་ཆུ་ཀླུང་རྣམས་དང་། འཇིག་རྟེན་གྱི་ཁམས་ཀྱི་གློང་རྣམས་དང་། འཇིག་རྟེན་གྱི་ཁམས་ཡོངས་སུ་འཁྱིལ་པ་དང་། འཇིག་རྟེན་གྱི་ཁམས་རི་རབ་དང་། འཇིག་
རྟེན་གྱི་ཁམས་ཡོངས་སུ་འབྱུང་བ་དང་། འཇིག་རྟེན་གྱི་ཁམས་པདྨོ་དང་། འཇིག་རྟེན་གྱི་ཁམས་སྡོང་པོ་དང་། འཇིག་རྟེན་གྱི་ཁམས་རྟ་བགབ་དང་། འཇིག་རྟེན་གྱི་མྱིང་དུ་བྱ་བ་རྣམས་ཀྱི་བསྐལ་པ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ། འདི་ཇི་ལྟར་ཤེས་པར་གྱུར་པ་དེ་བཞིན་དུ། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་གི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྨོན་ལམ་རྒྱ་མཚོ་དག་ཀྱང་རབ་ཏུ་ཤེས་སོ། །རྗེས་སུ་དྲན་ནོ། །སྔོན་གྱི་སྦྱོར་བ་རྒྱ་མཚོ་དག་ལའང་ཤེས་ཤིང་། ཁོང་དུ་ཆུད་དོ། །སྔོན་ཡོངས་སུ་བསྒྲུབས་པའི་ཚུལ་རྒྱ་མཚོ་དག་ལའང་ཤེས་ཤིང་ཁོང་དུ་ཆུད་དོ། །བསྐལ་པ་མཐའ་དང་དབུས་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་བཞུགས་པ་མཛད་པ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཞིང་ཡོངས་སུ་དག་པར་མཛད་པའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སེམས་ཅན་ཡོངས་སུ་སྨྱིན་པར་མཛད་པའི་ཐབས་ཀྱི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་མཛད་ཅིང་གཤེགས་པའི་རྣམ་པར་འཕྲུལ་པ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སྔོན་གྱི་དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོར་མཛད་པའི་སྦྱོར་བའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སྔོན་གྱི་དེ་བཞིན་གཤེགས་པ་དག་གིས་ཆོས་བསྟན་པ་ཡོངས་སུ་བཟུང་བའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སྔོན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་རབ་ཏུ་བརྙེས་པའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཡོ་བྱད་ལ་དབང་བསྒྱུར་བ་རབ་ཏུ་བརྙེས་པའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སྔོན་གྱི་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་ནན་ཏན་ཏུ་མཛད་པའི་ཚུལ་དག་ཀྱང་
ཤེས་ཤིང་ཁོང་དུ་ཆུད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་མངོན་པར་བསྒྲུབ་པ་མཛད་པའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའི་བཟོད་པ་བརྙེས་པའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཤུགས་དྲག་པོ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །བསམ་གཏན་གྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཤེས་རབ་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པར་མཛད་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །འཇིག་རྟེན་གྱི་ཁམས་ཀྱི་སྐྱེ་གནས་ཐམས་ཅད་དུ་སྐུའི་གཟུགས་བརྙན་ཡོངས་སུ་བསྟན་པ་མཛད་པའི་ཐབས་ཀྱི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་གྱི་དཀྱིལ་འཁོར་ཡོངས་སུ་དག་པར་མཛད་པའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཞིང་རྒྱ་མཚོ་ཐམས་ཅད་ཡོངས་སུ་རྒྱས་པར་མཛད་པ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་མཛད་པའི་ཚུལ་རྒྱ་མཚོ་དག་ཀྱང་། ཤེས་ཤིང་ཁོང་དུ་ཆུད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལས་ཡེ་ཤེས་སྣང་བར་གྱུར་པ། རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡོངས་སུ་གནས་པ་མཛད་པའི་རྣམ་པར་འཕྲུལ་པ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བ་རབ་ཏུ་བརྙེས་པའི་ཚུལ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཞུགས་ཏེ་ཐུགས་སུ་ཆུད་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །མངོན་པར་རྫོགས་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་
པ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྱུ་མཆོག་གི་མཐུ་དང་རྣམ་པར་རོལ་བའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །འཁོར་གྱི་དཀྱིལ་འཁོར་དེ་དག་གི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔོན་གྱི་དགེ་བའི་རྩ་བ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཐོག་མའི་སྨོན་ལམ་གྱི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་དང་། གདུལ་བའི་ཐབས་ཀྱི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ། སེམས་ཅན་རྒྱ་མཚོ་ཡོངས་སུ་སྨྱིན་པར་མཛད་པ་དེ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སེམས་ཅན་དེ་དག་གི་སེམས་ཀྱི་སྐད་ཅིག་རེ་རེའི་དགེ་བའི་རྩ་བ་རྣམ་པར་འཕེལ་བའི་ཐབས་ཀྱི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །ཏིང་ངེ་འཛིན་རབ་ཏུ་ཐོབ་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །གཟུངས་ཀྱི་སྒོ་རབ་ཏུ་ཐོབ་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སྤོབས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་གནོན་པའི་རྣམ་པར་འཕྲུལ་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །སྤྱོད་པའི་དྲ་བ་མངོན་པར་བསྒྲུབ་པའི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །མཐར་གྱིས་ཡོངས་སུ་བསྒྲུབ་པའི་ཕྱོགས་ལ་འཇུག་པའི་ཡེ་ཤེས་ཀྱི་ཚུལ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །དེ་དག་གི་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་རྣམ་པར་འཕྲུལ་པ་རྒྱ་མཚོ་དག་ཀྱང་ཤེས་ཤིང་ཁོང་དུ་ཆུད་དོ། །
ཇི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་བྱུང་བ་ཤེས་ཤིང་ཁོང་དུ་ཆུད་དེ། མངོན་པར་བསྒྲུབས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་དང་། ཡེ་ཤེས་ཀྱི་སྒྱུ་མའི་དྲ་བ་མཐའ་ཡས་པ་ལ་འཇུག་པ། ཆོས་ཀྱི་དབྱིངས་མཐའ་ཡས་པ་རྒྱས་པར་འགེངས་པ། སྒོ་མཐའ་ཡས་པ་ནས་ཤིན་ཏུ་བསྟན་པར་བྱ་བ། ཕྱི་མའི་མཐའི་བསྐལ་པར་གནས་པ་ལ་འཇུག་པས་བསྟན་པར་བྱ་བ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པར་བྱུང་བ་ཐམས་ཅད་ཀྱང་མ་འདྲེས་པར་ཤེས་ཤིང་། ཁོང་དུ་ཆུད་དེ་མངོན་པར་སྒྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་རྣམ་པར་བལྟ་བའི་ཡུལ་གྱི་ཡུལ་ནི་དེ་ལྟ་བུ་སྟེ། དེའི་ཕྱིར་དེ་ལ་སྙོམས་པར་ཞུགས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པའི་ཚུལ་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཚོགས་ཀྱང་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཡེ་ཤེས་ཀྱི་ཚུལ་རྣམས་ཀྱང་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་ལས་སྣ་ཚོགས་ཀྱང་རབ་ཏུ་ཤེས་སོ། །ཉན་ཐོས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་རབ་ཏུ་ཤེས་སོ། །ཉན་ཐོས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ས་ཡང་རབ་ཏུ་ཤེས་སོ། །རང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་པ་ཞི་བས་རྣམ་པར་འཕྲུལ་པ་ཡང་ཤེས་ཤིང་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྒྱ་མཚོའི་ཚུལ་དག་ཀྱང་རབ་
ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་ཚུལ་རྒྱ་མཚོ་ལ་འཇུག་པ་ཡང་རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་ཚུལ་རྒྱ་མཚོ་ལ་འཇུག་པ་ཡང་རབ་ཏུ་ཤེས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཤཱཀྱའི་བུ་མོ་གོ་པ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་རྣམ་པར་ལྟ་བའི་ཡུལ་འདི་བརྙེས་ནས་ཇི་སྲིད་ཅིག་ལགས། སྨྲས་པ། རིགས་ཀྱི་བུ། སྔོན་འདས་པའི་དུས་སངས་རྒྱས་ཀྱི་ཞིང་བརྒྱའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བསྐལ་པ་འདས་པའི་ཕ་རོལ་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་འཇིགས་པ་བྱེད་པ་ཞེས་བྱ་བ་བྱུང་སྟེ། འཇིག་རྟེན་གྱི་ཁམས། དེའི་བསྐལ་པ་འགྲོ་བའི་མཆོག་ཅེས་བྱ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་དབུས་སུ། གླིང་བཞི་པ་བདེ་བ་ཡོད་པ་ཞེས་བྱ་བ་བྱུང་སྟེ། གླིང་བཞི་པ་དེའི་འཛམ་བུའི་གླིང་གི་དབུས་སུ། རྒྱལ་པོའི་གནས་སྡོང་པོ་རི་བོའི་དཔལ་ཞེས་བྱ་བ། གྲོང་རྡལ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཕུལ་དུ་བྱ་བ་བྱུང་བ་སྟེ། རྒྱལ་པོའི་གནས་སྡོང་པོ་རི་བོའི་དཔལ་དེ་དང་། གྲོང་རྡལ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་ཀྱང་སོ་སོ་ནས་སའི་གཞི་བཻ་ཌཱུརྻ་སྔོན་པོ་ལས་གྲུབ་པ་ལ་གནས་པ། རིན་པོ་ཆེ་བདུན་ལས་བྱས་པའི་ར་བས་ཀུན་ནས་བསྐོར་བ། འོབས་སྤོས་ཆུས་ཡོངས་སུ་གང་བ་གཞི་གསེར་གྱི་བྱེ་མ་བདལ་བ། ཨུཏྤལ་དང་། པདྨོ་དང་། ཀུ་མུ་ཏ་དང་། མེ་ཏོག་པུནྡ་རི་ཀ་ཤིང་རྟའི་འཁོར་ལོ་ཙམ་ཁ་དོག་དང་འོད་ཀྱི་དྲ་བ་སྣ་ཚོགས་ཤིང་དྲི་ཤིན་ཏུ་ཞིམ་པས་ཀུན་ནས་ཁྱབ་པ་བདུན་གྱིས་ཡོངས་སུ་བསྐོར་བ། རིན་པོ་ཆེ་ལས་བྱས་པའི་སྟེགས་
བུའི་ཁྲི་འཕང་བདུན་ལས་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་དགྲིགས་པ། རིན་པོ་ཆེ་སྣ་བདུན་གྱི་ཤིང་གི་ནགས་ཚལ་གྱི་ཕྲེང་བ་དགྲིགས་པས་ཀུན་ནས་བསྐོར་བ་སྟེ། སྟེང་ནས་གསེར་གྱི་དྲ་བ་བྲེས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་ཕྱེ་བའི་མིག་མངས་རིས་མཛེས་པར་རྣམ་པར་བྲེས་པས་སའི་གཞི་ཤིན་ཏུ་སྤ་བར་གྱུར་པ། དངོས་གྲུབ་ཅན་གྱི་ཚོགས་རྣམ་པར་རྒྱུ་བ། བྱ་བཙུན་པའི་ཁྱུས་སྒྲ་སྐད་ཡིད་དུ་འོང་བའི་དབྱངས་སྙན་པ་ཕྱུང་བ། བཟའ་ཤིང་གི་ར་བ་བྱེ་བ་བརྒྱ་ཕྲག་སྟོང་གིས་མཛེས་པར་བྱས་པ་ཤིན་ཏུ་སྐྱིད་ཅིང་ཕུན་སུམ་ཚོགས་པར་གནས་པ་སྐྱེས་པ་དང་། བུད་མྱེད་བརྒྱ་སྟོང་རབ་ཏུ་དགའ་བས་གང་བ། སེར་བུ་བདེ་ཞིང་ཡིད་དུ་འོང་བས་བསྐྱེད་དེ། མེ་ཏོག་གི་ཆར་མང་པོ་རྒྱུན་མི་འཆད་པར་རབ་ཏུ་འགྲུལ་བ། སའི་བདག་པོ་དམ་པ་བརྒྱ་ཕྲག་སྟོང་གི་གནས་སུ་གྱུར་པ་དག་སྟེ། གྲོང་རྡལ་ཆེན་པོ་དེ་དག་གི་རིན་པོ་ཆེའི་ཤིང་ཐམས་ཅད་དང་། གསེར་གྱི་དྲ་བའི་རྒྱན་ལ་སྩོགས་པ་རླུང་གིས་བསྐྱོད་དེ། རོལ་མོ་མང་པོའི་སྒྲ་དང་མཉམ་པའི་སྒྲ་སྐད་བྱུང་བ་དག་ལས་ཡིད་དུ་འོང་བའི་ཚིག་འདི་སྐད་དག་འབྱུང་ངོ་། །གསོལ་ཅིག་མནོབས་ཤིག་ཆོས་ལ་སྤྱོད་ཅིག །བྱང་ཆུབ་ཏུ་སེམས་སྐྱེད་ཅིག །ཕྱིར་མྱི་ལྡོག་པའི་ས་ལ་མངའ་ཐོབ་པར་མཛོད་ཅིག ། ཁྱེད་རྣམས་བདེ་བར་གྱུར་ཅིག་ཅེས་ཟེར་རོ། །རྒྱལ་པོའི་གནས་སྡོང་པོ་རི་བོའི་དཔལ་དེར་ཁམས་ཀྱི་རྒྱལ་པོ་ནོར་གྱི་བདག་པོ་ཞེས་བྱ་བ་བྱུང་སྟེ། དེ་ལ་བཙུན་མོའི་འཁོར་བུད་མེད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དོ། །བློན་པོ་བརྒྱ་ཕྲག་ལྔ་ཡོད་པར་གྱུར་ཏེ། རྒྱལ་པོ་ནོར་གྱི་བདག་པོ་དེ་ལ་བུ་ལྔ་བརྒྱ་ཡོད་པ་དེ་ཐམས་ཅད་ཀྱང་། དཔའ་བོ་རྟུལ་ཕོད་པ་ཡན་ལག་དམ་པའི་གཟུགས་དང་ལྡན་པ། གཞན་གྱི་སྡེ་རབ་ཏུ་འཇོམས་པ་ཤིན་ཏུ་མཛེས་པ།
བལྟ་ན་སྡུག་པ། ཁ་དོག་བཟང་པོའི་མཆོག་ཤིན་ཏུ་རྒྱས་པ་དང་ལྡན་པ་ཤ་སྟག་གོ །རྒྱལ་པོ་ནོར་གྱི་བདག་པོ་དེའི་བཙུན་མོ་དམ་པ་ནི་པདྨོའི་དཔལ་དམ་པ་འབྱུང་བ་ཞེས་བྱ་བ་སྟེ། བུད་མེད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་གི་ནང་ནས་གཙོ་མོར་བྱ་བའོ། །དེའི་བུ་གཟི་བརྗིད་ཀྱི་དབང་པོ་ཞེས་བྱ་བ་གཟུགས་བཟང་བ་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་རབ་ཏུ་བརྒྱན་པའི་ལུས་དང་ལྡན་པ་ཞིག་ཡོད་པར་གྱུར་ཏེ། དེ་ལ་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་ཡོད་པར་གྱུར་ཏོ། །དེའང་འདི་ལྟར་རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་དེ་རྐང་པའི་མཐིལ་ཤིན་ཏུ་གནས་པ་དང་ལྡན་ཏེ། ས་ཆེན་པོ་ལ་རྐང་པའི་མཐིལ་འདོར་ན་མཉམ་པར་འདོར་ལ། འདེག་ན་མཉམ་པར་འདེག་སྟེ། གཞོག་ན་རྐང་པའི་མཐིལ་ཀུན་གྱིས་ས་ཆེན་པོ་ལ་མཉམ་པར་རེག་གོ །དེའི་རྐང་པའི་མཐིལ་གཉིས་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ། ལྟེ་བ་དང་བཅས་པ་མུ་ཁྱུད་དང་བཅས་པ། རྣམ་པ་ཐམས་ཅད་དུ་ཤིན་ཏུ་ཚང་བ་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ་དག་ཀྱང་བྱུང་བར་གྱུར་ཏོ། །དེའི་རྐང་པའི་བོལ་གཉིས་ཀྱང་ཤིན་ཏུ་རྒྱས་པར་གྱུར་ཏོ། །རྐང་པའི་སྟེང་གི་མདོག་ཤིན་ཏུ་གསལ་ལ། ཤིན་ཏུ་མཛེས་ཏེ། མེ་ཏོག་དམ་པ་བས་ཀྱང་ལྷག་པར་མདོག་བཟང་ཞིང་གསལ་བར་གྱུར་ཏེ། དེའི་རྐ་ལག་གི་སོར་མོ་དྲ་བར་འབྲེལ་པར་གྱུར་ཏེ། ཤིན་ཏུ་མཛེས་པ་རྣམ་པར་ཕྱེ་བ། བུ་ག་མེད་པས་ཟག་པ་མེད་པ་ནི་དཔེར་ན་ངང་པའི་རྒྱལ་པོ་གནས་སྲུང་ལྟ་བུར་གྱུར་ཏོ། །དེའི་རྐང་པའི་རྟིང་པ་ཡངས་པ་ཤིན་ཏུ་དག་ལ་ཤིན་ཏུ་གསལ་བ་རིན་པོ་ཆེ་ཐམས་ཅད་ཀྱི་འོད་རབ་ཏུ་འགྱེད་པར་གྲུབ་པ་དང་ལྡན་པར་གྱུར་ཏོ། །དེའི་སོར་མོ་རྣམས་ཀྱང་རིང་ཞིང་ཟླུམ་ལ་ཚིགས་བར་མཉམ་ཞིང་ཡངས་པ་དང་ལྡན་པར་གྱུར་ཏེ། དེ་དག་མཉམ་པར་
ས་ལ་འཇོག་གོ །མཉམ་པར་ས་ལས་འདེག་གོ །དེའི་རྐང་པ་དང་ལག་པའི་མཐིལ་ཡང་ཀ་ཙ་ལིནྡི་བས་ཀྱང་ལྷག་པར་རེག་ན་བདེ་བར་གྱུར་ཏེ། དེས་སྐྱེས་པའམ་བུད་མེད་དམ། ཁྱེའུ་དང་བུ་མོ་གང་ལ་རེག་ཀྱང་རུང་སྟེ། དེ་དག་ཐམས་ཅད་ཀྱང་བདེ་བ་དང་། ཡིད་དགའ་བའི་དམ་པས་ཚིམ་ཞིང་ཡིད་ཤིན་ཏུ་བདེ་བར་འགྱུར་རོ། །དེའི་བྱིན་པ་རི་དགས་ཨེ་ནེ་ཡའི་བྱིན་པ་ལྟར་འདུག་པར་གྱུར་ཏེ། རིམ་གྱིས་གཞོལ་བ་དང་། ཤིན་ཏུ་མཛེས་པ་དང་། ལེགས་པར་གྲུབ་པར་གྱུར་པས། རི་དགས་ཀྱི་རྒྱལ་པོ་ཨེ་ནེ་ཡ་ལྟར་དེ་ལ་སུས་ཀྱང་བསྙེགས་པའམ། སླེབས་པར་མི་ནུས་ཏེ། འགྲོ་བས་ངལ་ཞིང་དུབ་པར་མི་འགྱུར་རོ། །རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་དབང་པོ་དེ་བདུན་ཤིན་ཏུ་མཐོ་བ་དང་ལྡན་པར་གྱུར་ཏེ། དེའི་རྐང་པ་གཉིས་ལ་ཤིན་ཏུ་མཐོ་བ་ཟླུམ་ལ་ཤིན་ཏུ་ལེགས་པ་དང་། ཤིན་ཏུ་རྒྱས་པ་དང་། ཚིགས་མི་སྣང་བ་དང་། ཤིན་ཏུ་ཡིད་དུ་འོང་བ་དང་། བལྟ་ན་སྡུག་པ་གཉིས་སུ་གྲུབ་པར་གྱུར་ཏོ། །ལག་པ་ལ་གཉིས། ཐལ་གོང་གི་ལྷུན་ལ་གཉིས། ལྟག་པ་ལ་གཅིག་སྟེ། དེ་ལྟར་བདུན་ནོ། །དེའི་མཚན་གསང་བའི་སྦུབས་ན་འདུག་པར་གྲུབ་པར་གྱུར་ཏེ། དེའི་གསང་བའི་གནས་སྦུབས་ན་འདུག་པ་ཤིན་ཏུ་མི་མངོན་ལ་ནང་དུ་ནུབ་ཅིང་ཀུན་ནས་ཡོག་པར་འདུག་པ་སྟེ། དཔེར་ན་གླང་པོ་ཅང་ཤེས་སམ། རྟ་ཅང་ཤེས་ལྟར་འདུག་པས་དེ་གོས་མ་གྱོན་པར་འདུག་ཀྱང་བུད་མེད་དམ། སྐྱེས་པའམ། ཁྱེའུ་འམ། བུ་མོའམ། རྒན་པའམ། དར་ལ་བབ་པའམ། བླ་མའམ། བླ་མར་བྱ་བ་རྣམས་ཀྱིས་ཀྱང་མི་མཐོང་སྟེ། གཞན་དུ་ན་བདག་ལོངས་པར་སྤྱོད་པའམ། ཆེད་དུ་བསྟན་པར་བྱས་ཏེ། འདོད་པས་སྤྱད་པ་ནི་མ་གཏོགས་སོ། །རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་དེ་རོ་སྟོད་སེང་གེ་ལྟར་འདུག་པ་དང་ལྡན་པར་གྱུར་ཏེ། ལུས་རིམ་པས་རྒྱས་ལ་རོ་སྟོད་ཤིན་ཏུ་ཡངས་ཤིང་རྫོགས་པས་རི་དགས་ཀྱི་རྒྱལ་པོ་བས་ཀྱང་མཛེས་པར་དབྱིབས་ཤིན་ཏུ་ལེགས་
པའི་རོ་སྟོད་དང་ལྡན་པར་གྱུར་ཏོ། །དེའི་ཐལ་གོང་རྒྱས་ཤིང་ལུས་ཤིན་ཏུ་རྒྱས་པ་ལུས་རྣམ་པར་ཕྱེ་བ། ལུས་ཀྱི་ཆ་ཐམས་ཅད་རྐྱེན་དུ་འབབ་པར་མཉམ་པ། ལུས་ལ་དམའ་བ་མེད་པ། ལུས་ལ་མཐོ་བ་མེད་པ། ལུས་ལ་ཞུམ་པ་མེད་པ། ལུས་ལ་དགུ་བ་མེད་པ། ལུས་རིན་པོ་ཆེའི་གཏན་པ་ཤིན་ཏུ་ཕྱིས་པ་བས་ཀྱང་ལྷག་པར་གསལ་བར་གྱུར་ཏོ། །དེའི་དཔུང་མགོ་ཤིན་ཏུ་ཟླུམ་ཞིང་ཤ་རྒྱས་ལ་ཤིན་ཏུ་མཛེས་པར་གང་བ་དང་ལྡན་པར་གྱུར་ཏོ། །དེས་མི་ཆེན་པོའི་མཚན་ལག་པ་ཤིན་ཏུ་རིང་བ་ཐོབ་པར་གྱུར་པ་དེས་ལུས་མ་བཏུད་དེ། ལུས་དྲང་པོར་འདུག་ཀྱང་པུས་མོའི་ལྷ་ང་གཉིས་ལ་ཉུག་ཅིང་རེག་གོ །དེས་མི་ཆེན་པོའི་མཚན་ལུས་ཆེ་ཞིང་དྲང་བའང་ཐོབ་པར་གྱུར་ཏེ། རྣམ་པ་ཐམས་ཅད་དུ་མཆོག་ཏུ་གྱུར་པ་དང་ལྡན་ལ་ལུས་ཚུལ་དང་འདྲ་བར་མཉམ་པ་དང་། ལུས་རབ་ཏུ་གཉེན་པ་དང་། ལུས་ཤིན་ཏུ་ལྕི་བ་དང་། ལུས་རབ་ཏུ་གསལ་བ་དང་། ལུས་ཤིན་ཏུ་སིམ་པར་བྱེད་པ་དང་ལྡན་པར་གྱུར་ཏོ། །དེས་མི་ཆེན་པོའི་མཚན་མགུལ་དུང་ལྟ་བུ་ཡང་ཐོབ་པར་གྱུར་ཏེ། མི་དམའ་བའི་མགུལ་དང་། དེའི་མགུལ་གྱི་འཁོར་ཐམས་ཅད་དང་། བཞིན་གྱི་འཁོར་ཐམས་ཅད་ན་རྩ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཤིན་ཏུ་མཉམ་པར་གྱུར་ཏེ། ཀུན་ཀྱང་རབ་ཏུ་ཚང་བར་གྱུར་ཏོ། །མི་ཆེན་པོའི་མཚན་སེང་གེའི་འགྲམ་པ་ལྟ་བུ་ཡང་ཐོབ་པར་གྱུར་ཏེ། ཟ་འགྲམ་ཤིན་ཏུ་འཁྲེགས་པ་དང་། བཞིན་གྱི་དཀྱིལ་འཁོར་ཤིན་ཏུ་རྒྱས་པ་དང་། བཞིན་གྱི་དཀྱིལ་འཁོར་ཤིན་ཏུ་ལེགས་ཤིང་ཡོངས་སུ་དག་པ་དང་། ཁའི་སྒོ་ཤིན་ཏུ་ཡངས་པ་དང་ལྡན་པར་གྱུར་ཏོ། །མི་ཆེན་པོའི་མཚན་སོ་མཉམ་པ་བཞི་བཅུ་དང་ཡང་ལྡན་པར་གྱུར་ཏེ། སོ་མ་ཚང་བ་མེད་ལ་ཟས་ཤིག་ཟ་ན་ཡང་ལན་གཅིག་བལྡད་པས་ཆུང་ངུ་ན་འབྲས་ཆན་གྱི་འབྲུ་འགའ་ཡང་མ་ཞིབ་པར་ཟ་བ་མེད་དོ། །སོ་ཐགས་བཟང་ཞིང་མཉམ་པ་རབ་ཏུ་ཐོབ་སྟེ། མཚམས་ཆུ་སྒོ་མེད་པ་དང་། ཤིན་ཏུ་མཉམ་པ་དང་། རྐྱེན་རྐྱེན་ཏུ་ཤིན་ཏུ་མཛེས་པ་སྟེ། དེ་ཁ་ཟས་ཤིག་ཟ་ན་ཡང་འགོ་བ་དང་། འཆགས་པ་དང་། ཞེན་པ་དང་།
ལྗན་ལྗིན་ཏུ་འགྱུར་བའམ། ཐོགས་པར་འགྱུར་བའམ། གསེབ་འགང་བར་འགྱུར་བ་མེད་དོ། །མི་ཆེན་པོའི་མཚན་སོ་མཉམ་པ་རབ་ཏུ་ཐོབ་པར་གྱུར་ཏེ། སོ་མཉམ་ཞིང་རྡ་རྡོ་མེད་པ་དང་། སོ་ལྷག་མེད་པ་དང་། སོ་ཞུམ་པ་མེད་པ་དང་། སོ་གྱེས་པ་མེད་པ་དང་སོ་ཐོག་དྲུང་མཉམ་པ་དང་། སོ་རྡོ་བ་མེད་པར་གྱུར་ཏོ། །གཞོན་ནུ་དེའི་མཆེ་བ་ཤིན་ཏུ་དཀར་བར་གྱུར་ཏེ། མཆེ་བ་སྐྱོན་མེད་པ། མཆེ་བ་ཤིན་ཏུ་གསལ་བ། མཆེ་བ་ཤིན་ཏུ་དག་པ། མཆེ་བ་ཤིན་ཏུ་བརྟན་པར་གྱུར་ཏོ། །མི་ཆེན་པོའི་མཚན་ལྕེ་ཤིན་ཏུ་ཡངས་པ་ཡང་རབ་ཏུ་ཐོབ་པར་གྱུར་ཏེ། དེའི་ལྕེ་ནི་ཤིན་ཏུ་ཡངས་ལ་སྲབ་ཅིང་མཉེན་ཏེ། ཤིན་ཏུ་འཇམ་པ་དང་། ལས་སུ་རུང་བ་དང་། ཡིད་དུ་འོང་བ་དང་བསྒྱུར་ན་བདེ་བ་དང་། གདོང་གི་དཀྱིལ་འཁོར་ཀུན་ཏུ་འགེབས་པ་དང་། བདེན་ཞིང་ཕན་པར་འགྱུར་བའི་དོན་དང་། ཡི་གེ་དང་ངག་དང་ངེས་པའི་ཚིག་ཐོགས་པ་མེད་པར་བརྗོད་པར་གྱུར་ཏོ། །གཞོན་ནུ་དེ་ཚངས་པའི་དབྱངས་དང་ལྡན་པར་གྱུར་ཏེ། དབྱངས་ཡིད་དུ་འོང་བ་དང་། རོལ་མོའི་སྒྲ་དང་། གླུའི་ང་རོ་དང་། སིལ་སྙན་ཀྱི་དབྱངས་དང་། སྒྲ་སྐད་དང་བརྗོད་ཅིང་སྨྲ་བའི་ཚིག་གི་ལས་ཡིད་དུ་འོང་བ་བརྗོད་པས་ངག་གི་ལས་མངོན་པར་དགའ་བ་སྐྱེད་པ། འཇིག་རྟེན་ཐམས་ཅད་མངོན་པར་འདུན་པར་འགྱུར་བར་ཚངས་པ་ལས་ཀྱང་ལྷག་པའི་དབྱངས་ཀྱི་ངག་རྗོད་དེ། འཁོར་གྱི་དཀྱིལ་འཁོར་ལས་ཀྱང་གུད་དུ། མི་འདའ་བར་ཐམས་ཅད་ཀྱི་ཡིད་དང་། མཐུན་པར་བྱེད་པ་དང་ལྡན་པར་གྱུར་ཏོ། །གཞོན་ནུ་དེ་ནི། མིག་དཀར་ནག་འབྱེས་པར་གྱུར་ཏེ། མིག་ཤིན་ཏུ་དང་བ་དང་། མིག་ཡོངས་སུ་དག་པ་དང་། མིག་ལ་འོད་ཆགས་པ་དང་། མིག་རྣམ་པར་གསལ་བ་དང་། མིག་མངོན་པར་མཛེས་པ་དང་། མིག་བལྟ་ན་སྡུག་པ་དང་། མིག་ཡིད་དུ་འོང་བ་དང་། མིག་འཛུམ་པ་དང་ལྡན་པར་གྱུར་ཏོ། །གཞོན་ནུ་དེ་ནི་རྫི་མ་བའི་རྫི་མ་ལྟ་བུ་དང་ལྡན་པར་
གྱུར་ཏེ། མིག་གི་སྐྱེ་མཆེད་རིན་པོ་ཆེ་པདྨ་རཱ་ག་ལྟར་ཤིན་ཏུ་དག་པ། མིག་གི་སྤྲིན་མཉམ་པ། མིག་གི་སྤྲིན་མཚུངས་པ། མིག་གི་སྤྲིན་ལེགས་པ། མིག་གི་སྤྲིན་ཡངས་པ། མིག་གི་སྤྲིན་རྫོགས་པ། མིག་གི་སྤྲིན་ཤིན་ཏུ་བརྟན་པར་གྱུར་ཏོ། །དེའི་སྨིན་མཚམས་སུ་མཛོད་སྤུ་སྐྱེས་པར་གྱུར་ཏེ། འཇམ་པ་ལས་སུ་རུང་བ། ཤིན་དུ་མཉེན་པ། ཤིང་བལ་ལྟར་རེག་ན་བདེ་བ། དང་བ། གསལ་བ་འོད་ཡོད་པ། ཆབ་བྲོམ་ལྟ་བུ་ཁ་བའི་ཁ་དོག་ལྟར་འདུག་པ། འོད་ཟེར་དཀར་པོའི་དཀྱིལ་འཁོར་གྱི་འོད་རབ་ཏུ་སྣང་བ་དང་ལྡན་པར་གྱུར་ཏོ། །དེའི་སྤྱི་བོ་ལ་གཙུག་ཏོར་མངོན་པར་གྲུབ་པར་གྱུར་ཏེ། ཤིན་ཏུ་ལེགས་པ། ཀུན་ནས་ཟླུམ་པ། དབུས་སུ་བབ་པ། སྐྲའི་རྒྱན་དུ་གྱུར་པ། རིན་པོ་ཆེའི་པད་མོ་འདབ་མ་བྱེ་བ་བརྒྱ་ཕྲག་སྟོང་དང་ལྡན་པ་ལྟར་སྣང་བ། ཀུན་ནས་ཆ་མཉམ་པར་གནས་པ། རིན་ཐང་གདབ་ཏུ་ཚད་མེད་པས་གཅེས་པའི་གཙུག་ཏུ་གྱུར་པ་དང་ལྡན་པར་གྱུར་ཏོ། །གཞོན་ནུ་དེ་ནི་པགས་པ་ཤིན་ཏུ་འཇམ་པ་དང་ལྡན་པར་གྱུར་ཏེ། དེའི་ལུས་ལ་རྡུལ་ལམ། དྲི་མའམ། རྔུལ་ལམ། སེར་གའམ། གཉེར་མའམ། ལྷོད་པའམ། འཁུམས་པའམ། འཕྱང་བའམ། སློད་བག་ཏུ་གནས་པ་མེད་པར་གྱུར་ཏོ། །གཞོན་ནུ་དེ་ནི་མདོག་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པར་གྱུར་ཏེ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་མདོག་ལྟ་བུ་དང་ལྡན་ཞིང་འོད་ཀུན་ཏུ་འདོམ་གང་བ་དང་། གསེར་ལྟར་གཅིག་ཏུ་འབར་བའི་འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པར་བརྒྱན་པ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་དྲི་ཞིམ་པོའི་འོད་ཟེར་འབྱུང་བས་ལུས་ཀྱི་རྒྱན་རབ་རིབ་མེད་ཅིང་འོད་གསལ་བ་དང་ལྡན་པར་གྱུར་ཏོ། །གཞོན་ནུ་དེ་ནི་བ་སྤུ་རེ་རེར་བྱུང་བ་དང་ལྡན་པར་གྱུར་ཏེ། བ་སྤུའི་བུ་ག་རེ་རེ་ནས་བ་སྤུ་རེ་རེ་སྐྱེས་པར་གྱུར་པ། བཻ་ཌཱུརྻ་སྔོན་པོའི་ཁ་དོག་ལྟ་བུ་གཡས་ཕྱོགས་སུ་འཁྱིལ་པ། ལེགས་པར་སྐྱེས་པ། མཐང་ལ་ཞ་བར་འདུག་པ་ཤིན་ཏུ་ལེགས་པར་གནས་པ་དང་ལྡན་པར་གྱུར་ཏོ། །གཞོན་ནུ་དེའི་སྤུ་ཡན་ལག་གྱེན་དུ་
འཁྱིལ་པར་གྱུར་ཏེ། ཕྱིར་མི་ཟློག་པའི་སྤུ་དང་། མི་ལྡོག་པའི་སྤུ་དང་། མ་འདྲེས་པའི་སྤུ་དང་ལྡན་པར་གྱུར་ཏོ། །གཞོན་ནུ་དེ་མི་ཆེན་པོའི་མཚན་སྐྲ་མཐོན་ཏིང་དུ་འདུག་པ་ཐོབ་པར་གྱུར་ཏེ། དེའི་སྐྲ་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་མདོག་ལྟར་མཐོན་ཏིང་དུ་འདུག་པ། འཇམ་པ་སྣུམ་པ། ལེགས་པར་འཁྱིལ་པ། གཡས་ཕྱོགས་སུ་འཁྱིལ་པ། དྲུང་ཤིན་ཏུ་རན་པ། ཟད་ཟེད་མེད་པ། འཇམ་འཇམ་ལྟར་འདུག་པ། མི་འཛིང་བ། དབྱིབས་མཉམ་ཞིང་མཐུན་པར་གནས་པ་དང་ལྡན་པར་གྱུར་ཏོ། །རྒྱལ་བུ་གཞོན་ནུ་དེ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའི་མི་ཆེན་པོའི་མཚན་རབ་ཏུ་ཐོབ་པར་གྱུར་ཏེ། ཀུན་ནས་གྱེན་དུ་རན་པ་དང་། ཀུན་ཏུ་བཟང་བ་དང་། ཀུན་ཏུ་མཛེས་པ་དང་ལྡན་པར་གྱུར་ཏེ། དེ་ནི་མདུན་ནས་བལྟས་ནའང་ངོམས་མི་ཤེས་ཤིང་བལྟ་ན་ཡིད་དུ་འོང་བ་རྒྱབ་དང་གཡས་གཡོན་དང་། འགྲོ་བ་དང་འདུག་པ་དང་། འགྲེང་བ་དང་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བར་འདུག་པ་ལ་བལྟས་ན། ཡང་ངོམས་མི་ཤེས་ཤིང་ཡིད་དུ་འོང་ལ་བལྟ་ན་སྡུག་པར་གྱུར་ཏོ། །རིགས་ཀྱི་བུ་རྒྱལ་པོ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་དེ་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་ཡོངས་སུ་བརྒྱན་པའི་ལུས་དང་ལྡན་པར་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་བལྟ་ན་ཡིད་དུ་མི་འོང་བའི་བག་མེད་པ་བལྟ་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། བལྟ་ན་སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཡོངས་སུ་འབྱུང་བ། དེ་ལྟ་བུ་ཞིག་སྐྱེས་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་ལན་གཅིག་ཅིག་རྒྱལ་པོ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་དེ་ཡབ་ཀྱིས་གནང་ནས་རྒྱལ་པོའི་གནས་སྡོང་པོ་རི་བོ་དཔལ་གྱི་བཟའ་ཤིང་གི་ར་བ་སྤོས་ཀྱི་མྱུ་གུའི་རྩེ་མོ་ལས་འོད་ཀྱི་སྤྲིན་འབྱུང་བ་ཞེས་བྱ་བ་དེར་ས་བཟང་པོ་ལྟ་བའི་ཕྱིར་བུ་མོ་སྟོང་ཕྲག་ཉི་ཤུ་དང་ལྷན་ཅིག་ཏུ་བསོད་ནམས་ཀྱི་གཟི་བརྗིད་དང་དཔལ་གྱི་བསྐལ་པ་བཟང་པོའི་རྣམ་པར་འཕྲུལ་པའི་རྒྱན་གྱིས་བྱུང་ནས་སྐྱེས་པ་དང་། བུད་མྱེད་ཀྱི་ཚོགས་ཀྱིས་ཀུན་ནས་དགའ་བར་བྱ་ཞིང་། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཤིང་རྟ་
རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་ཆེན་པོ་བཞི་དང་ལྡན་པ། རྡོ་རྗེ་མཐུ་བོ་ཆེའི་སྲོག་ཤིང་གི་རྩ་བ་ཅན་ཙན་དན་དམ་པ་ལས་བསྒྲུབས་པའི་ཡུ་བ་བཟང་པོ་དང་ལྡན་པ། རིན་པོ་ཆེའི་རྒྱལ་པོ་སྤོས་སྣ་ཚོགས་ཀྱི་ཤིང་ཐགས་རྣམ་པར་བཀྱེ་བ། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་སྣ་ཚོགས་ཀྱིས་རབ་ཏུ་མཛེས་པར་བྱས་པ། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་ཀུན་ནས་ཡོག་པའི་རྒྱན་དང་ལྡན་པ། སེང་གེའི་ཁྲི་རིན་པོ་ཆེ་དམ་པའི་དྲ་བའི་རྒྱན་གྱི་སྙིང་པོ་ཅན་དབུས་སུ་བཤམས་པ། བུ་མོ་ལྔ་བརྒྱས་རིན་པོ་ཆེའི་སྲད་བུའི་ལྡ་ལྡི་ནས་ཡོངས་སུ་གཟུང་བ། ནམ་མཁའ་ལ་ཆགས་པ་མེད་པའི་རླུང་ལྟར་མགྱོགས་པའི་རྟ་ཅང་ཤེས་སྟོང་དང་བཅས་པ་ལ་ཞོན་ནས་གདུགས་ཆེན་པོ་རིམ་གྱིས་གཞོལ་ཞིང་བལྟ་ན་སྡུག་པ། སྟེང་ཡོགས་རིན་པོ་ཆེའི་རྒྱལ་པོ་བཻ་ཌཱུརྻ་དཀར་པོ་ལས་བྱས་པ། འོད་དྲི་མ་མྱེད་པ་ཚད་མེད་པ་འབྱུང་བ། རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་རྨད་དུ་བྱུང་བ་སྣ་ཚོགས་ཐམས་ཅད་ཀྱིས་སྤ་བར་སྤྲས་ཏེ། རྣམ་པ་ཐམས་ཅད་དུ་མཛེས་པར་བརྒྱན་པ། ཡུ་བ་རིན་པོ་ཆེའི་རྒྱལ་པོ་བཻ་ཌཱུརྱ་སྔོན་པོ་ལས་བསྒྲེང་བས་ནི་བསྐྱབས། སྲོག་ཆགས་བརྒྱ་སྟོང་མང་པོས་ནི་ཡོངས་སུ་བསྐོར། རོལ་མོ་བརྒྱ་སྟོང་མང་པོ་ལྷ་རྫས་ཀྱི་དབྱངས་ཡིད་དུ་འོང་བ་སྙན་པ་དང་ལྡན་པ་དག་ནི་རབ་ཏུ་བླངས། མེ་ཏོག་གི་ཆར་ཆེན་པོ་ནི་མངོན་པར་འབབ། ལྷ་རྫས་ཀྱི་སྤོས་དྲི་ཞིམ་པའི་བདུག་སྤོས་ཀྱི་སྣོད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ནི་རབ་ཏུ་བདུག་ཅིང་འགྲོ་བར་གྱུར་ཏོ། །དེ་དེ་ལྟར་འགྲོ་བའི་ཚེ་ལམ་ཡང་རྒྱུད་བརྒྱད་དང་ལྡན་པར་གྱུར་ཏེ། མཐོན་དམན་མྱེད་པ་དང་། གསེག་མ་དང་གྱོ་མོ་མྱེད་པ་དང་། གསེར་དངུལ་དང་རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་ཀྱི་ཁམས་ཀྱིས་སའི་གཞི་རབ་ཏུ་བསྒྲུབས་པ་དང་། གསེར་གྱི་བྱེ་མ་བཀྲམ་པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་སིལ་མས་ཆལ་བར་གང་བ་དང་། གཡས་གཡོན་ནས་རིན་པོ་ཆེའི་ཤིང་གི་ཕྲེང་བས་དཀྲིགས་པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་རན་བཀྱེ་བ་དང་། སྟེང་ནས་རིན་པོ་ཆེའི་དྲིལ་བུའི་དྲ་བ་བྲེས་པ་དང་། རིན་པོ་ཆེའི་གནམ་ཡོལ་སྣ་ཚོགས་ཀྱིས་བཀབ་པ་དང་། རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། སྣམ་བུ་བརྒྱ་སྟོང་རབ་ཏུ་བརྒྱན་པ་དུ་མ་བསྒྲེང་ཞིང་སྤྱངས་
པས་མཛེས་པར་བརྒྱན་པ་དང་། གཡས་གཡོན་ནས་རིན་པོ་ཆེའི་སྟེགས་བུའི་ཕྲེང་བ་རྣམ་པར་བཀོད་པས་རྣམ་པར་བརྒྱན་པ་སྟེ། རིན་པོ་ཆེའི་སྟེགས་བུ་ལ་ལ་ལ་ནི་སློངས་མོ་བའི་ཚོགས་ལ་ཡོངས་སུ་བསྟབས་པའི་དོན་དུ་རིན་པོ་ཆེའི་སྣོད་སྣ་ཚོགས། རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བ་བཀོད། སྟེགས་བུ་ལ་ལ་ལ་ནི་རྒྱན་འདོད་པའི་སློངས་མོ་བ་རྣམས་བརྒྱན་པའི་དོན་དུ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་གྱི་རྣམ་པ་ཡོངས་སུ་བཀོད། སྟེགས་བུ་ལ་ལ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཀོད། སྟེགས་བུ་ལ་ལ་ལ་ནི་སུ་ཅི་འདོད་པ་དེ་དག་ལ་དེ་སྦྱིན་པའི་དོན་དུ་ཁ་ཟས་དང་བཏུང་བ་དང་། བྲོ་བ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བའི་སྣོད་མང་པོ་བཀོད་སྟེགས་བུ་ལ་ལ་ལ་ནི་རྣམ་པ་ཐམས་ཅད་དུ་མཆོག་ཏུ་ཞིམ་པའི་རོ་དང་། ཁ་དོག་དང་དྲི་དང་། བྲོ་དང་། རེག་ཡིད་དུ་འོང་བ་དང་ལྡན་པའི་ལྷ་རྫས་ཀྱི་ཁ་ཟས་ཀྱི་རྣམ་པ་བཀོད། སྟེགས་བུ་ལ་ལ་ལ་ནི་རོ་བྲོ་བ་སྣ་ཚོགས་དང་ལྡན་པའི་ལྷ་རྫས་ཀྱི་ཤིང་ཏོག་སྣ་ཚོགས་ཐམས་ཅད་སྤུངས། སྟེགས་བུ་ལ་ལ་ལ་ནི་གོས་འདོད་པ་རྣམས་ཡིད་བཞིན་དུ་སྤྱོད་དུ་གཟུད་པའི་ཕྱིར་ལྷ་རྫས་ཀྱི་གོས་རིན་པོ་ཆེ་ཁ་དོག་སྣ་ཚོགས་དང་ལྡན་པ་མདོག་བཟང་པོ་རྣམ་པ་སྣ་ཚོགས་དག་དང་རི་མོ་སྣ་ཚོགས་ཤིན་ཏུ་སྤ་བར་རྣམ་པར་ཕྱེ་བ་ཤིན་ཏུ་བཙུན་པ་ལ་འོས་པ་ཤིན་ཏུ་ཕྲ་བ། རབ་ཏུ་འཇམ་པ། ཐགས་སུ་མ་བཏགས་པ། བྱེ་བ་བརྒྱ་ཕྲག་སྟོང་སྙེད་ཡོངས་སུ་བཀོད་པར་གྱུར་ཏོ། །སྟེགས་བུ་ལ་ལ་ལ་ནི་བྱུག་པ་འདོད་པའི་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྤྱོད་དུ་གཟུད་པའི་ཕྱིར། ལྷ་རྫས་ཀྱི་སྤོས་ཀྱི་རྣམ་པ་ཁ་དོག་དང་། དྲི་རྣམ་པ་སྣ་ཚོགས་ཐམས་ཅད་དང་ལྡན་པ་དག་ཀྱང་བཀོད་པར་གྱུར་ཏོ། །སྟེགས་བུ་ལ་ལ་ལ་ནི་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྤྱོད་དུ་གཟུད་པའི་ཕྱིར་ཡོ་བྱད་ཐམས་ཅད་ཀྱི་ཕུང་པོ་དག་ཀྱང་བཀོད་པར་གྱུར་ཏོ། །སྟེགས་བུ་ལ་ལ་ལ་ནི་ན་ཆུང་གཟུགས་བཟང་བ་རབ་ཏུ་མཛེས་པ་ཤིན་ཏུ་སྡུག་པ། ཆ་ལུགས་སྡུག་གུ་སྣ་ཚོགས་དང་ལྡན་
པ་ཡིད་དུ་འོང་བའི་གོས་སྣ་ཚོགས་གྱོན་པ། རྒྱན་ཐམས་ཅད་ཀྱིས་མཛེས་པར་བརྒྱན་པ། བྱུག་པ་སྣ་ཚོགས་ཀྱིས་ཚུལ་སྡུག་གུར་བརྒྱན་ཅིང་མཛེས་པར་བྱས་པའི་ལུས་དང་ལྡན་པ། བུད་མྱེད་ཀྱི་བཟོ་དང་སྒྱུ་དང་། ཤེས་ཉེན་གྱི་ཚུལ་ལ་མཁས་པ་དག་ཀྱང་བཀོད་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་གནས་སྡོང་པོ་རི་བོའི་དཔལ་དེ་ཉིད་ན་སྦྲུལ་འཚོང་མའི་དམ་པ་རྒྱལ་པོའི་ལོངས་སྤྱོད་དུ་འོས་པ། བལྟ་ན་མཛེས་པ་ཞེས་བྱ་བ་ཞིག་ཡོད་པ། དེའི་བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་གཟུགས་བཟང་ཞིང་ཤིན་ཏུ་མཛེས་པ། བལྟ་ན་སྡུག་པ་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཐུང་། ཧ་ཅང་ཡང་མི་སྦོམ། ཧ་ཅང་ཡང་མི་ཕྲ། ཧ་ཅང་ཡང་མི་དཀར། ཧ་ཅང་ཡང་མི་སྔོ་བ། སྐྲ་མཐོན་ཏིང་དུ་འདུག་པ། མྱིག་དཀར་ནག་འབྱེས་པ། བཞིན་ཡིད་དུ་འོང་བ། ཚངས་པའི་དབྱངས་དང་ལྡན་པ། འཇམ་ཞིང་སྙན་པར་སྨྲ་བ། ཤེས་རབ་དང་ལྡན་པ། ཤེས་ཉེན་གྱི་ཚུལ་ཐམས་ཅད་ལ་མཁས་པ་གཙུག་ལག་ཐམས་ཅད་ལ་ཤེས་པ། བརྩོན་པ། ལེ་ལོ་མྱེད་པ། རིམ་འགྲོ་ཡོད་པ། མོས་པ་དང་ལྡན་པ། བྱམས་པའི་སེམས་འདོགས་པ། ཁོང་ཁྲོ་བ་མི་མངའ་བ། བལྟ་ན་མི་ངོམས་ཤིང་ཡིད་དུ་འོང་བ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཆུང་བ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། དྲང་ཞིང་མཉེན་པ། གཡོ་དང་སྒྱུ་མེད་པ་ཞིག་ཡོད་དེ། དེ་མ་དང་ལྷན་ཅིག་ཏུ་བུ་མོ་དུ་མ་ཞིག་གིས་ཡོངས་སུ་བསྐོར་ཏེ། རིན་པོ་ཆེའི་ཤིང་རྟ་ལ་ཞོན་ནས་རྒྱལ་པོའི་གནས་སྡོང་པོ་རི་བོའི་དཔལ་ནས་བྱུང་སྟེ། རྒྱལ་པོས་བཀའ་སྩལ་ནས། རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོའི་མདུན་ནས། ཕར་རྒྱལ་བུ་གཞོན་ནུ་དེ་གླུ་ལེན་ཞིང་འདོང་འདོང་བ་ལས། རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་མཐོང་ནས། འདོད་ཆགས་ཀྱི་སེམས་ཤིན་ཏུ་མི་བཟད་པ་ཞིག་གཡོས་ཏེ། རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་ཤིན་ཏུ་ཡིད་དུ་འོང་ཆེས་ནས་རྗེས་སུ་འབྲང་ཞིང་སེམས་ལ་རང་དབང་མེད་པས། བལྟ་ན་སྡུག་པ་ལ་འདི་སྐད་ཅེས་སྨྲས་སོ། །མ་འདི་ལྟར་མཁྱེན་པར་མཛོད་ཅིག །གལ་ཏེ་བདག་རྒྱལ་བུ་གཞོན་
ནུ་གཟི་བརྗིད་ཀྱི་བདག་པོ་ལ་མ་བཏང་ན་ནི་འགུམ་པའམ། སྲོག་ལ་འབབ་པའི་སྡུག་བསྔལ་གཅིག་ཏུ་འགྱུར་རོ། །དེས་སྨྲས་པ། བུ་མོ་དེ་ལྟ་བུའི་སེམས་མ་སྐྱེད་ཅིག །གཞོན་ནུ་འདི་ནི་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་སྟེ། དེའི་ཡབ་ནོར་གྱི་བདག་པོ་མི་བཞུགས་པར་གྱུར་ན། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་གནས་པར་འགྱུར་བའི་གནས་ཡོད་དོ། །དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བས། དེའི་བུད་མེད་རིན་པོ་ཆེ་ནམ་མཁའ་ལ་འགྲོ་བ་འབྱུང་བར་འགྱུར་ལ། བུ་མོ་བདག་ཅག་ཀྱང་། སྦྲུལ་འཚོང་མ་དག་ཅིག་སྟེ། འཇིག་རྟེན་ཐམས་ཅད་དགའ་བར་བྱེད་པ་ཡིན་གྱི། ཡུ་བུས་སེམས་ཅན་འགའ་ཞིག་ལ་ནམ་འཚོའི་བར་དུ་བསྙེན་བཀུར་མྱི་བྱར་མྱི་རུང་བའང་མྱེད་དེ། ཡུ་བུ་ནི་རྒྱལ་པོ་ནོར་གྱི་བདག་པོའི་བཀས་རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོའི་རིམ་འགྲོར་འདོང་འདོང་བར་ཟད་ཀྱིས་དེ་ལྟ་བུའི་སེམས་བརྟན་པར་མ་བྱེད་ཅིག །གནས་དེ་ནི་ཐོབ་པར་ཡང་ཤིན་ཏུ་དཀའོ། །དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ཉི་མ་དམ་པ་ཞེས་བྱ་བ་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་བླ་ན་མྱེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ལྷ་དང་། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེའི་སྙིང་པོ་བྱང་ཆུབ་ཆོས་ཀྱི་སྤྲིན་ཤིན་ཏུ་སྡུག་པའི་འོད་ཅེས་བྱ་བ་ཡང་བཟའ་ཤིང་གི་ར་བ་སྤོས་ཀྱི་མྱུ་གུའི་རྩེ་མོ་ལས་འོད་ཀྱི་སྤྲིན་འབྱུང་བ་ཞེས་བྱ་བ་དེའི་ནང་དུ་བྱུང་སྟེ། དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པ་ཐོག་མར་མངོན་པར་རྫོགས་པར་སངས་རྒྱས་ནས། ཞག་བདུན་ལོན་པ་དེ་བུ་མོ་དེ་ཤིང་རྟ་ལ་ཞོན་བཞིན་དུ་ཡུར་ཞིང་འཆོག་འཆོག་པའི་རྨི་ལམ་དུ་མཐོང་ནས་སད་པར་གྱུར་པ་དང་། སྔོན་གཉེན་བཤེས་སུ་གྱུར་པའི་ལྷ་མོ་ཞིག་གིས་བསྟན་པ། བུ་མོ་དེ་བཞིན་གཤེགས་པའི་སྐུ་ཉི་མ་དམ་པ་དེ་ནི་སྙིང་པོ་བྱང་ཆུབ་ཆོས་ཀྱི་སྤྲིན་ཤིན་ཏུ་སྡུག་པའི་འོད་ཅེས་བྱ་བ་ན་རྣམ་པར་སྤྱོད་ཅིང་ཐོག་མ་མངོན་པར་རྫོགས་པར་སངས་
རྒྱས་ནས་ཞག་བདུན་ལོན་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཚངས་པ་དང་། གྱ་ནོམ་སྣང་བ་དང་། འོག་མྱིན་གྱི་ལྷའི་ཚོགས་ཀྱིས་མདུན་དུ་བྱས་ཤིང་བཞུགས་ཏེ། དེར་སའི་ལྷ་མོ་ཐམས་ཅད་ཀྱང་ཀུན་ནས་འདུས། ཆུའི་ལྷ་མོ་དང་། མྱེའི་ལྷ་མོ་དང་། རླུང་གི་ལྷ་མོ་དང་། རྒྱ་མཚོའི་ལྷ་མོ་དང་། ཆུ་ཀླུང་གི་ལྷ་མོ་དང་། རིའི་ལྷ་མོ་དང་། མཚན་མོའི་ལྷ་མོ་དང་། སྐྱ་རེངས་འཆར་བའི་ལྷ་མོ་དང་། ནགས་ཚལ་གྱི་ལྷ་མོ་དང་། ཤིང་གི་ལྷ་མོ་དང་། སྨན་གྱི་ལྷ་མོ་དང་། ལོ་ཐོག་གི་ལྷ་མོ་དང་། གྲོང་ཁྱེར་གྱི་ལྷ་མོ་དང་། རྐང་གིས་འགྲོ་བའི་ལྷ་མོ་དང་། སྙིང་པོ་བྱང་ཆུབ་ཀྱི་ལྷ་མོ་དང་། ལུས་ཀྱི་འོད་གཟེར་གྱི་ལྷ་མོ་དང་། སེམས་ཅན་གྱི་རིས་ཀྱི་ལྷ་མོ་དང་། ནམ་མཁའི་ལྷ་མོ་དང་། ཕྱོགས་ཐམས་ཅད་ཀྱི་ལྷ་མོ་དག་ཀྱང་བཅོམ་ལྡན་འདས་སྐུ་ཉི་མ་དམ་པའི་ཞལ་བལྟ་བའི་ཕྱིར་ཀུན་ནས་འདུས་སོ་ཞེས་ནས། དེ་ལྟར་དེས་དེ་བཞིན་གཤེགས་པ་མཐོང་བ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་ཐོས་པས་བག་ཚ་མྱེད་པ་ཐོབ་པར་གྱུར་ཏེ། སྐབས་སུ་བབ་ནས་རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོའི་མདུན་དུ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གཟུགས་ཀྱི་མཆོག་གིས་འཇིག་རྟེན་ཁྱད་པར་འཕགས། །ཡོན་ཏན་རྣམས་ཀྱིས་ཐམས་ཅད་ཕྱོགས་སུ་གྲགས། །ཤེས་རབ་སྟོབས་ཀྱིས་བདག་དང་འདྲ་མ་མཆིས། །སྒྱུ་རྩལ་དགའ་བ་སྒྱུ་མའི་ཚུལ་ཀུན་འཚལ། །སྲོག་ཆགས་མང་པོ་སྟོང་ཕྲག་དུ་མ་ཡིས། །འདོད་ཆགས་དབང་གིས་བདག་ལ་རབ་བལྟས་ཀྱང་། །གཞོན་ནུ་བདག་ནི་འཇིག་རྟེན་གང་ལ་ཡང་། །གློ་བ་ཆགས་པར་གྱུར་པ་གཅིག་མ་མཆིས། །སེམས་ཅན་གང་ལ་ཡང་ཞེན་པར་གྱུར་པའམ། །གང་ལའང་ཁོང་ཁྲོར་བདག་གི་སེམས་མ་གྱུར། །གང་ལའང་དགྲ་མྱི་བགྱིད་དེ་ཞེ་མྱི་སྡང་། །བདག་ནི་སེམས་ཅན་སྨན་པར་དགའ་བ་ལགས། །སྐུ་གཞན་སྐུ་མཆོག་ཡོན་ཏན་རབ་མངའ་ཁྱོད། །གང་ཚེ་བདག་གིས་གསལ་
བར་མཐོང་གྱུར་པ། །དེ་ཚེ་དབང་པོ་ཀུན་ཀྱང་ཉམས་སུ་བདེ། །རྒྱ་ཆེ་ཡངས་པར་ཤིན་ཏུ་དགའ་བར་གྱུར། །ཁྱོད་ཀྱི་དབུ་བཟང་ལྕང་ལོར་འཁྲིལ་བ་ནི། །རིན་ཆེན་རྣམ་སྣང་མདོག་ཏུ་མཐོན་ཏིང་གསལ། །ཞལ་གྱི་སྨིན་སྡུག་འཕྲལ་བ་ཤངས་སུ་མཛེས། །ཁྱོད་ཀྱི་ཞལ་སྔར་ལུས་འདི་བདག་འབུལ་ལོ། །མཚན་གྱི་རབ་འཆང་གཟི་བརྗིད་ཆེ་མངའ་བ། །སྐུ་གཟུགས་གསེར་གྱི་རི་བོ་བཟང་པོ་འདྲ། །ཁྱོད་ཀྱི་སྤྱན་སྔར་བདག་ལྟ་མི་མཛེས་ཏེ། །ཟིལ་དུ་རླག་པས་སྣག་ཚའི་གཟུགས་ཀྱང་འདྲ། །སྤྱན་གསལ་རིང་ལ་དཀར་ནག་འབྱེས་པས་མཛེས། །ཤིན་ཏུ་ཞལ་རྒྱས་སེང་གེའི་ཟ་འགྲམ་ཅན། །ཁྱོད་ཀྱི་གསུང་ནི་ཐོགས་པ་མ་མཆིས་ན། །གསུང་མཆོག་མངའ་བས་བདག་ནི་གཟུང་དུ་གསོལ། །ཁྱོད་ཀྱི་ཞལ་ན་ལྗགས་ཡངས་མངའ་བ་ནི། །མདོག་དམར་ཡངས་པ་རིན་ཆེན་མཆོག་གི་འོད། །ཚངས་དབྱངས་ཡན་ལག་མཆོག་གི་གསུང་མངའ་བས། །གསུང་ཞིང་འགྲོ་བ་རབ་ཏུ་དགའ་བ་མཛད། །ཁྱོད་ཀྱི་ཞལ་ན་ཐགས་བཟང་ཚེམས་མངའ་བ། །དུང་ལྟར་དྲི་མེད་ཤིན་ཏུ་རྣམ་པར་གསལ། །འཛུམ་ཞིང་བཞད་པ་རྣམ་པར་སྟོན་མཛད་ཀྱང་། །སྐྱེས་བུ་དཔལ་ཁྱོད་འགྲོ་བ་དགའ་བར་མཛད། །ཁྱོད་ཀྱི་སྐུ་ལ་མཚན་རབ་མཛེས་པ་རྣམས། །སུམ་ཅུ་རྩ་གཉིས་དག་ཅིང་འོད་ཀྱང་གསལ། །སྐུ་གཟུགས་བཟང་པོ་ཡོངས་སུ་དེས་བརྒྱན་པས། །མི་ཡི་དབང་པོ་འཁོར་ལོས་སྒྱུར་བ་བྱོན། །དེ་ནས་རྒྱལ་བུ་གཟི་བརྗིད་ཀྱི་བདག་པོས། བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་སུའི། ཁྱོད་ལ་ཡོངས་སུ་སྲུང་བ་ནི་གང་ཞིག་ཡོད། བུ་མོ་ང་ལ་ནི་གཞན་གྱིས་ཡོངས་སུ་གཟུང་བའི་བུད་མེད་བདག་གིར་བྱར་མི་རུང་ངོ་ཞེས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །བལྟ་སྡུག་གཟུགས་ཀྱི་ཡོན་ཏན་ལེགས་ལྡན་པ། །མཚན་བཟང་བསོད་ནམས་རྣམ་པར་དག་པའི་ལུས། །ཁྱོད་ལ་དྲི་བའི་དོན་འདི་ང་ལ་སྨྲོས། །ལུས་མཆོག་ཁྱོད་ནི་སུ་ཡིས་ཡོངས་སུ་གཟུང་། །ཁྱོད་ལ་ཕ་དང་མ་ནི་ཡོད་དམ་མྱེད། །ཁྱིམ་ཐབ་མྱེད་དམ་ཁྱོད་ནི་སུ་ཞིག་དབང་། །གཟུགས་མཛེས་ཁྱོད་ལ་སེམས་
ཅན་གཞན་ནམ་གཅིག །བདག་གི་ཡིན་པར་འདུ་ཤེས་བྱེད་མྱེད་དམ། །ཁྱོད་ཀྱི་ཡིད་ནི་གསོད་ལ་མྱི་དགའ་འགྲང་། །གཞན་ལས་མ་བྱིན་ཕྲོགས་པར་མི་བྱེད་དམ། །འདོད་པས་ལོག་པར་གཡེམ་ལ་མྱི་དགའ་འགྲང་། །བརྫུན་དུ་བརྗོད་སྨྲར་ཡིད་ནི་མི་མོས་སམ། །ཁྱོད་ཀྱི་བློ་གྲོས་མཛའ་འབྱེད་མི་འཇུག་གམ། །ཚིག་བརླང་གཞན་ལ་གནོད་པར་མྱི་སྨྲ་འགྲང་། །གཞན་གྱི་ནོར་ལ་ཆགས་པར་སེམས་མྱེད་དམ། །འགྲོ་བ་རྣམས་ལ་གནོད་པར་མྱི་སེམས་འགྲང་། །བལྟ་བའི་འབྲོག་དགོན་ལམ་དུ་མ་ཞུགས་འགྲང་། །ལས་ཀྱི་རྒྱུད་ལ་ཡེ་བརྔམ་སེམས་མྱེད་དམ། །གཡོ་མདོག་སྒྱུ་ཡི་དབང་དུ་མི་འགྲོ་འམ། །མི་འཐད་འཇིག་རྟེན་གནོད་པར་མྱི་བྱེད་འགྲང་། །ཕ་མ་གཉེན་དང་མཛའ་བཤེས་བླ་མ་ལ། །སྲི་ཞུ་རིམ་གྲོར་བྱ་བའི་ཚུལ་འཆང་ངམ། །ཕོངས་པར་གྱུར་པ་ཡོངས་སུ་བསྡུ་དོན་དུ། །ཁྱེད་ཀྱི་ཡིད་ལ་བྱིན་པར་སེམས་ཡོད་དམ། །ཆོས་དང་མཐུན་པར་དུས་སུ་འདོམས་བྱེད་ཅིང་། །ལུས་དང་སེམས་ཡིད་ཡོངས་སུ་དག་བྱེད་ལ། །ཡང་དག་ལས་སུ་རུང་བ་སྐྱེད་བྱེད་པའི། །དགེ་བཤེས་རྣམས་ལ་དགའ་བར་སེམས་ཡོད་དམ། །སངས་རྒྱས་རྣམས་ལ་རིམ་གྲོར་བྱེད་ལྡན་ནམ། །སངས་རྒྱས་སྲས་ལ་དགའ་མཆོག་ཡོད་དམ་མྱེད། །གང་ལས་བདེ་གཤེགས་སྲས་རྣམས་སྐྱེར་འགྱུར་བའི། །ཆོས་ཀྱི་དམ་པ་དེ་ནི་ཤེས་མི་ཤེས། །ཆོས་ཡིད་མཆོག་ལ་གནས་པར་ཁྱོད་བྱེད་འགྲང་། །ཆོས་མིན་སྤྱད་པའི་བློ་གྲོས་མེད་འགྲང་ངོ་། །ལེགས་པ་མཐའ་ཡས་ཡོན་ཏན་རྒྱ་མཚོ་ལ། །གུས་པའི་སྲི་ཞུ་དགའ་སེམས་མཆོག་ཡོད་དམ། །སྐྱེ་བོ་མགོན་མེད་ཕོངས་པར་གྱུར་པ་ཡི། །འདྲེན་པ་རྣམས་ལ་བྱམས་པའི་ཡིད་ཡོད་དམ། །ངན་སོང་འགྲོ་བའི་ལམ་ལ་ཞུགས་པ་ཡི། །ཤིན་ཏུ་ཉམ་ཐག་སྙིང་རྗེ་སེམས་འགྲང་ངོ་། །གཞན་གྱི་ཕུན་སུམ་ཚོགས་པ་མཐོང་གྱུར་ན། །ཁྱོད་ནི་དགའ་བ་མཆོག་དང་ལྡན་འགྱུར་རམ། །སྐྱེ་བོ་ཉོན་མོངས་རྣམས་ཀྱིས་འཁོལ་གྱུར་ལ། །ཤེས་རབ་མཐུ་བསྐྱེད་བཏང་སྙོམས་བྱེད་མི་བྱེད། །མྱི་ཤེས་གཉིད་ལོག་སྐྱེ་བོ་མང་མཐོང་ན། །བྱང་ཆུབ་དམ་
པར་སྨོན་ལམ་འདེབས་བྱེད་འགྲོང་། །བསྐལ་པ་མཐའ་ཡས་སྤྱད་པ་སྤྱོད་བྱེད་ན། །སྨོན་ལམ་དམ་པས་སྐྱོ་བར་མི་འགྱུར་འགྲང་། །དེ་ནས་བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པའི་མ་སྦྲུལ་འཚོང་མའི་གཙོ་མོ་བལྟ་ན་སྡུག་པས་རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་གི་བུ་མོ་འདི་ནི་རྫུས་ཏེ་བྱུང་བ། པད་མོའི་ནང་ནས་སྐྱེས་པ་སྟེ། སྔན་ཆད་ཁྱིམ་གྱི་ནང་ནས་ཕྱི་རོལ་ཏུ་མ་བྱུང་ངོ་ཞེས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཅེས་སྨྲས་སོ། །བུ་མོ་འདི་ལ་ཁྱོད་ཀྱིས་གང་སྨྲས་པ། །དེ་ནི་བདག་གིས་རིམ་པས་ཁྱོད་ལ་བརྗོད། །ཇི་ལྟར་བུ་མོ་འདི་སྐྱེས་བསྐྱེད་བསྐྱེད་པ། །བདག་གིས་ཁྱོད་ལ་གསོལ་གྱིས་གསན་དུ་གསོལ། །གང་ཚེ་དགུང་སངས་ཁྱོད་ནི་བལྟམ་གྱུར་པ། །དེ་ཚེ་བདག་གི་བུ་མོ་འདི་སྐྱེས་ཏེ། །རྫུས་ཏེ་དྲི་མེད་པད་མའི་སྦུབས་ནས་བྱུང་། །ཡན་ལག་ཀུན་ཚང་མྱིག་ཡངས་འདི་ཡང་སྐྱེས། །དུས་ཀྱི་ནང་ན་སོས་ཀ་དུས་མཆོག་ལ། །སྨན་དང་ལོ་ཏོག་མྱུ་གུ་འཐོན་པའི་ཚེ། །སཱ་ལའི་ར་བ་བཟའ་ཤིང་རབ་མཆོག་ཏུ། །བདག་ནི་རྩེ་དགའ་དེ་ཁྲོད་མཆི་མཆི་སྟེ། །སྣ་ཚོགས་ཡལ་གའི་ལོ་མ་རྒྱས་གྱུར་ཅིང་། །ཞུགས་ཤིང་མེ་ཏོག་སྡུག་རྒྱས་སྤྲིན་གྱི་མདོག །བྱ་བྲན་སྣ་ཚོགས་སྒྲ་སྙན་ཞུགས་ཤིང་ནང་། །ནགས་ཁྲོད་མྱ་ངམ་མ་མཆིས་དགར་མཆིས་མཆིས། །རྒྱན་དང་ལྡན་ཞིང་ཤིན་ཏུ་ཡིད་འོང་ལ། །རིན་ཆེན་རད་པ་སྣ་ཚོགས་འཚལ་པ་རྣམས། །རོལ་མོ་གླུ་ལ་ཤིན་ཏུ་བསླབས་པ་ཡི། །བུ་མོ་བརྒྱ་ཕྲག་བརྒྱད་དང་བདག་ཀྱང་ལྡན། །སྤོས་མཆོག་ལྡན་པའི་པུན་ད་རི་ཀ་དང་། །རྫིང་འགྲམ་མེ་ཏོག་སིལ་མས་བལྟམས་པ་ཡི། །ས་ཕྱོགས་དེ་ན་བུད་མྱེད་མང་པོ་དང་། །བདག་ཅག་དེ་ན་དགའ་བར་མཆིས་མཆིས་ན། །ཆབ་དབུས་དེ་ནས་རིན་ཆེན་པད་མོའི་མཆོག །འདབ་མ་སྟོང་དང་ལྡན་པ་བྱུང་བར་གྱུར། །ལོ་མ་རིན་ཆེན་ཡུ་བ་བཻ་དཱུ་རྱ། །སྙིང་པོ་འཛམ་བུ་ཆུ་ཀླུང་གསེར་ལས་བགྱིས། །སྤོས་མཆོག་རིན་ཆེན་དམ་པའི་ཟེ་བ་ཅན། །འོད་ཆེན་འཛམ་བུའི་རྒྱལ་
མཚན་ཀུན་ཏུ་འཕྲོ། །དེ་ཚེ་དགུང་ལ་གདུགས་ཤིག་ཤར་ཏམ་ཞེས། །སྐྱེ་བོ་ཀུན་ཀྱང་ཡིད་གཉིས་འཚལ་བར་གྱུར། །དགུང་སངས་གྱུར་ནས་པད་མོ་ཆེན་པོ་དེ། །གདུགས་ཀྱི་འོད་ཀྱིས་རབ་ཏུ་རྒྱས་བགྱིས་ནས། ། སྣང་བ་དེ་དང་སྒྲ་སྙན་རབ་ཀྱང་བཀྱེ། །འདི་འབྱུང་དེ་ནི་སྔོན་གྱི་ལྟས་སུ་བྱུང་། །བུད་མྱེད་རིན་ཆེན་འདི་འདྲ་འཇིག་རྟེན་དུ། །ཚུལ་ཁྲིམས་དམ་པ་རྣམ་པར་དག་པས་བྱུང་། །སུག་ལས་བགྱིས་པ་ཆབ་འཚལ་མི་འགྱུར་བས། །འདི་ནི་སྔོན་ཅད་ལེགས་པར་སྤྱད་པའི་འབྲས། །སྐྲ་ནི་མཐོན་ཏིང་མིག་ཡངས་ཨུད་པ་ལ། །ཚངས་པའི་དབྱངས་ལྡན་ཁ་དོག་རྣམ་དག་ལྡན། །ཕྲེང་བ་རྒྱན་མཆོག་ཆ་ལུགས་དབྱིབས་སུ་ཤིས། །དཔལ་ལྟར་དྲི་མྱེད་པད་མོའི་མཆོག་ལས་སྐྱེས། །ལུས་ནི་རྣམ་དག་ཡན་ལག་རྒྱན་དུ་མཉམ། །ལུས་ཀྱི་དབྱིབས་ལེགས་ཡན་ལག་ཡོངས་སུ་ཚང་། །གསེར་གྱི་གཟུགས་ལ་ནོར་བུས་ཕྱིས་པ་འདྲ། །ཕྱོགས་ཀུན་འོད་ཀྱིས་རྣམ་པར་གདའ་བར་གསལ། །ལུས་ལས་ཙན་དན་རྒྱལ་པོའི་སྤོས་ཀྱི་དྲི། །ཕྱོགས་སུ་རྒྱས་པར་འདི་ཡི་ལུས་ལས་འབྱུང་། །སྒྲ་སྙན་ལྷ་རྫས་ཡིད་དུ་འོང་བརྗོད་ཚེ། །ཁ་ནས་ཨུད་པ་ལ་ཡི་ངད་ཀྱང་ལྡང་། །འདི་ནི་གང་ཚེ་འཛུམ་ཞིང་རྒོད་པའི་ཚེ། །རོལ་མོའི་སྒྲ་སྙན་དེ་ཚེ་འབྱུང་བར་འགྱུར། །བུད་མེད་རིན་ཆེན་འཇིག་རྟེན་འདིར་བྱུང་སྟེ། །ཐ་མལ་ཀུན་གྱི་དབང་དུ་འགྱུར་མ་ལགས། །ཁྱོད་མ་གཏོགས་པར་མི་ཡི་འཇིག་རྟེན་ན། །འདི་ཡི་བདག་པོ་གཞན་ནི་གཅིག་མ་མཆིས། །མཚན་རབ་བརྒྱན་པའི་སྐུ་གཟུགས་མཛེས་མངའ་བ། །ཁྱོད་ཀྱི་ཞལ་སྔར་བུ་མོ་འདི་བཞེས་གསོལ། །འདི་ནི་ཧ་ཅང་མི་རིང་མི་ཐུང་སྟེ། །ཧ་ཅང་མི་སྦོམ་ཧ་ཅང་ཕྲ་མ་ལགས། །ལྟོ་ནི་གཞུ་འདྲ་ནུ་མ་ཤས་ཀྱང་རྒྱས། །ཡན་ལག་སྐྱོན་བྲལ་འདི་ནི་ཁྱོད་ལ་འོས། །གྲངས་དང་ཡི་གེ་ཤེས་བགྱི་ཚུལ་རྣམས་དང་། །ལག་བརྡའི་ཚུལ་དང་གཙུག་ལག་ཚུལ་ལ་མཁས། །འཇིག་རྟེན་ཀུན་ན་བཟོ་རྣམས་ཇི་སྙེད་པ། །མ་ལུས་དེ་ལ་འདི་ནི་ཕ་རོལ་ཕྱིན། ། མདའ་གཞུའི་ཚུལ་ལའང་རྣམ་
པ་རྒྱུས་སུ་མཁས། །འཕོང་གི་ཆོ་ག་རྣམ་པར་ངེས་པར་རྟོགས། །དགྲ་ཡིད་བཞོང་ཞིང་དབབ་པ་ཀུན་ལ་ཡང་། །འདི་ནི་མཆོག་ཏུ་ཕ་རོལ་ཕྱིན་པར་གྱུར། །ལུས་རྣམས་ཀུན་ལ་རིན་ཆེན་རྣམ་དག་པའི། །འོད་མཆོག་འཁོར་གྱིས་ཤིན་ཏུ་མཛེས་པ་སྟེ། །སྔོན་བགྱིས་ལེགས་པས་ཤིན་ཏུ་སྡུག་པར་བརྒྱན། །འདི་ནི་ཁྱོད་ཀྱི་ཕྱག་རྗེད་ཁྱོད་ལ་འོས། །མི་ཡི་འཇིག་རྟེན་གནས་རྣམས་ཇི་སྙེད་པ། །དེ་དག་གསོ་བའི་ཚུལ་གྱི་ཆོ་ག་འཚལ། །དེ་དག་མ་ལུས་ཐམས་ཅད་ཞིར་བགྱི་ནའང་། །མ་ནོར་སྨན་གྱི་ཆོ་གས་གསོ་ལ་མཁས། །འཛམ་བུའི་རྒྱལ་མཚན་སྐད་རྣམས་ཐམས་ཅད་དང་། །སྐྱེ་བོའི་ངེས་ཚིག་མ་ལུས་བྱེ་བྲག་དང་། །འཇིག་རྟེན་ཐ་སྙད་བརྗོད་པའི་མཚམས་སྦྱར་བ། །སྣ་ཚོགས་ཀུན་ལའང་འདི་ནི་ཕ་རོལ་ཕྱིན། །དབྱངས་ཀྱི་ཡན་ལག་མངོན་པར་བསྒྲུབ་པའི་ཚུལ། །དེ་དག་བྱེ་བྲག་ཚུལ་ལའང་རབ་ཏུ་ཞུགས། །འཇིག་རྟེན་གླུ་གར་རྣམ་པ་ཇི་སྙེད་པ། །མ་ལུས་དེ་རྣམས་ཀུན་གྱི་ཚུལ་ཡང་འཚལ། །རོལ་མོ་སིལ་སྙན་དག་གི་ཐབས་རྣམས་དང་། །བཞད་གད་རོལ་མོའི་ཚུལ་ལ་རྣམ་པར་མཁས། །ཆགས་དང་མ་ཆགས་མི་རྣམས་མངོན་འཚལ་ཀྱང་། །ཁོང་ཁྲོ་ཆགས་པར་འགྱུར་བ་མ་མཆིས་སོ། །འཇིག་རྟེན་བུད་མེད་སྒྲ་རྣམས་ཇི་སྙེད་པ། །ཁྱད་པར་ནང་དུ་དེ་ལ་མ་ལུས་འཚལ། །བུད་མྱེད་སྐྱེ་བོའི་སྐྱོན་དུ་བགྱི་བ་རྣམས། །གྲངས་མེད་དེ་དག་འདི་ལ་གཅིག་མ་མཆིས། །ཐིལ་གྱིས་བལྟ་དང་ཟུར་གྱིས་བལྟ་བ་དང་། །ཡན་ལག་སྟབས་དང་ཡན་ལག་རྣམས་བསྟན་དང་། །ཤེས་ཉེན་ཀུན་ལ་མཁས་པའི་མཐར་ཕྱིན་ཏེ། །ཁྱོད་ཀྱི་ དགོངས་པ ་ཡོངས་སུ་རྫོགས་པར་བགྱིད། །འདི་ནི་ཕྲག་དོག་སེར་སྣ་མ་མཆིས་ཏེ། །འདོད་པ་ཞེ་དུག་མི་ལྡང་སྡིག་མི་བགྱིད། །བཟོད་ཅིང་དྲང་ལ་མཉེན་ཞིང་དེས་པ་སྟེ། །མི་ཁྲོ་མི་བརླང་ཤིན་ཏུ་མཁས་པ་ལགས། །ལྡང་བའི་ངང་ཚུལ་ཡིད་དུ་འོང་བའི་ངག །རྟག་ཏུ་བླ་མའི་ཐུགས་དང་སྦྱོར་བ་སྟེ། །སྐུ་ཉམས་གར་བདེ་ལྟ་ཞིང་སྲིད་ཞུ་ཆེ། །ཁྱོད་ཀྱི་སྤྱོད་མཐུན་རྗེས་སྙེགས་ཚུལ་དང་མཐུན། །རྒས་ཤིང་གཏུགས་དང་ནད་དང་ལྡན་པ་དང་། །
ཕོངས་པ་ཤིན་ཏུ་སྡུག་བསྔལ་གྱུར་པ་དང་། །མིག་དང་བྲལ་ཞིང་མགོན་སྐྱབས་མ་མཆིས་ལ། །འདི་ནི་སྙིང་བརྩེ་རྟག་ཏུ་བསྐྱེད་པ་ལགས། །འདི་ནི་རྟག་ཏུ་གཞན་དོན་སེམས་ལ་བརྩོན། །བདག་ལ་སྨན་པ་སེམས་པར་བགྱིད་མ་མཆིས། །འཇིག་རྟེན་ཀུན་ལ་སྨན་པར་དགའ་བ་སྟེ། །རླབས་ཆེན་སེམས་ཀྱི་ཡོན་ཏན་ཀུན་གྱིས་བརྒྱན། །མཆིས་སམ་ཉལ་ལམ་མཆི་འམ་འགྲེང་ཡང་རུང་། །སྨྲ་འམ་མི་སྨྲ་འཛུམ་ཞིང་རྒོད་ཀྱང་རུང་། །རྟག་ཏུ་བག་མཆིས་དྲན་པ་ཤེས་བཞིན་ཏེ། །འདི་ནི་འཇིག་རྟེན་ཀུན་གྱིས་རྟག་ཏུ་བསྔགས། །བསོད་ནམས་ལྡན་པས་ཀུན་ཏུ་རྣམ་པར་སྣང་། །འགྲོ་བ་ཀུན་ཀྱང་རྟག་ཏུ་དགའ་བ་སྟེ། །འདི་ལ་ལྟ་བས་འཇིག་རྟེན་ངོམས་མྱི་འགྱུར། །འདི་ནི་གང་ལའང་ཆགས་པར་མ་མཆིས་ལགས། །དགེ་བཤེས་རྣམས་ལ་སྲི་ཞུ་འདི་ཆེ་སྟེ། །དེ་དག་མཐོང་བར་རྟག་པར་རབ་ཏུ་དགའ། །རྗེས་སུ་ཅི་འབྱུང་ལྟ་ཞིང་སྐྱོན་མེད་ཚུལ། །སེམས་བདག་བརྟན་པ་རི་རབ་རི་དང་འདྲ། །འདི་ནི་བསོད་ནམས་མཆོག་གིས་རྟག་ཏུ་བརྒྱན། །མི་མཛའ་དགྲར་ལེན་འདི་ལ་ཡོང་མ་མཆིས། །འདིའི་ཤེས་འདྲ་བུད་མྱེད་གཅིག་མ་མཆིས། །རྒྱལ་སྲས་ཁྱོད་ལ་འདི་ནི་ཚུལ་དང་འཐུན།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅོ་ལྔ་པ། དེ་ནས་རྒྱལ་བུ་གཟི་བརྗིད་ཀྱི་བདག་པོ་བཟའ་ཤིང་གི་ར་བ་སྤོས་ཀྱི་མྱུ་གུའི་རྩེ་མོ་ལས་འོད་ཀྱི་སྤྲིན་འབྱུང་བར་ཕྱིན་ཏེ། བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པའི་མ་སྦྲུལ་འཚོང་མའི་གཙོ་མོ་བལྟ་ན་སྡུག་པའི་མདུན་དུ། བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཡིན་ཏེ། དེ་བས་ན་ངས་ཐམས་ཅད་མཁྱེན་པའི་ཚོགས་ནི་ཚད་མྱེད་པ་ཞིག་བསྩགས་པར་བྱ་དགོས། བསྐལ་པ་མཐའ་དང་དབུས་མེད་པ་ཞིག་ཏུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་ཡོངས་སུ་རྫོགས་པར་བྱ་དགོས། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ནི་དེ་བཞིན་གཤེགས་པ་རྣམས་མཆོད་པར་བྱ་དགོས་ཏེ། སངས་
རྒྱས་ཐམས་ཅད་ཀྱི་བསྟན་པ་ནི་ཡོངས་སུ་གཟུང་བར་བྱ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནི་ཡོངས་སུ་སྦྱང་བར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་མི་གཅད་པར་བྱ། སེམས་ཅན་གྱི་རྒྱུད་ཐམས་ཅད་ནི་ཡོངས་སུ་སྨྱིན་པར་བྱ། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་ནི་རྣམ་པར་བཟློག་པར་བྱ། མཐའ་ལས་རྒལ་བར་བདེ་བ་ལ་ནི་སེམས་ཅན་རབ་ཏུ་དགོད་པར་བྱ། སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མྱིག་ནི་ཡོངས་སུ་དག་པར་བྱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྒྲུབ་པ་ལ་ནི་བརྩོན་པར་བྱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་ནི་གནས་པར་བྱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ས་ནི་ཡོངས་སུ་བསྒྲུབ་པར་བྱ། སེམས་ཅན་གྱི་ཁམས་ཐམས་ཅད་ནི་ཡོངས་སུ་སྦྱང་བར་བྱ། སེམས་ཅན་ཐམས་ཅད་ཀྱི་ཕོངས་པ་ཡོངས་སུ་གཅད་པའི་ཕྱིར་བདག་གི་ནོར་ཐམས་ཅད་ནི་གཏང་བར་བྱ། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁ་ཟས་དང་། བཏུང་བའི་སྦྱིན་པས་ནི་སེམས་ཅན་ཡོངས་སུ་ཚིམ་པར་བྱ། ཡོ་བྱད་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་གཏང་བས་ནི་སློང་བའི་ཚོགས་ཐམས་ཅད་ཡོངས་སུ་ཚིམ་པར་བྱ་དགོས་ཏེ། དེ་ལྟར་ང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ནན་ཏན་ཉམས་སུ་ལེན་པའི་ཚེ། ཕྱི་ནང་གི་དངོས་པོ་གང་ཅིའང་རུང་སྟེ། ཡོངས་སུ་མི་གཏང་བ་དེ་ལྟ་བུ་མེད་པས་དེ་ལྟར་ངས་བུ་དང་བུ་མོ་དང་། ཆུང་མ་ཡང་སྦྱིན་པར་བྱ་དགོས། མྱིག་དང་མགོ་དང་རྐ་ལག་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱང་ཡོངས་སུ་གཏང་དགོས་ན། དེའི་ཚེ་ཁྱོད་གཞན་བྱིན་ན། ངའི་སྦྱིན་པའི་བགེགས་སུ་འགྱུར་རོ། །བུ་ཡིད་དུ་འོང་བ་ཡོངས་སུ་གཏང་ན་ཡིད་མི་དགའ་བར་འགྱུར་རོ། །ལུས་དང་སེམས་ཀྱི་སྡུག་བསྔལ་ཡང་མང་པོ་ཞིག་ཉམས་སུ་མྱོང་བར་འགྱུར་རོ། །ང་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱས་ན་སེར་སྣའི་སེམས་སུ་འགྱུར་རོ། །ངའི་ཡན་ལག་དང་ཉིང་ལག་གཏུབས་ཤིང་སློངས་
མོ་བ་རྣམས་ལ་གཏོང་བའི་ཚེ། ཡིད་མི་དགའ་བར་ཡང་འགྱུར་རོ། །ནམ་ཞིག་ན་ངས་ཁྱོད་བོར་ཏེ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བར་འགྱུར་བ་དེ་ལྟ་བུའི་དུས་ཀྱང་ཡོད་དེ། དེའི་ཚེའང་ཁྱོད་ཡིད་མི་དགའ་བར་འགྱུར་རོ། །ཞེས་ནས་རྒྱལ་བུ་གཟི་བརྗིད་ཀྱི་བདག་པོས་དེའི་ཚེ། བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། ངས་ནི་འགྲོ་ཀུན་སྙིང་རྗེ་རབ་བསྐྱེད་དེ། །ཡུན་རིང་མཆོག་ནས་བྱང་ཆུབ་རབ་ཞུགས་པས། །ཡང་དག་བྱང་ཆུབ་ཚོགས་ཆེན་རྒྱ་མཚོ་རྣམས། །ཚད་མེད་ཐམས་ཅད་ཡོངས་སུ་རྫོགས་བྱ་དགོས། །བསྐལ་པ་རྒྱ་མཚོ་མཐའ་དང་དབུས་མྱེད་པར། །མཁའ་ལྟར་ཚད་མྱེད་སྨོན་ལམ་རྣམ་སྦྱངས་ཤིང་། །དེ་བཞིན་གཤེགས་པ་བཞུགས་པའི་ས་ཡི་རྣམས། །བསྐལ་པ་མཐའ་ཡས་ཡོངས་སུ་སྦྱངས་ཡང་དགོས། །རྒྱལ་བ་དུས་གསུམ་འབྱུང་བ་ཐམས་ཅད་ཀྱི། །ཕ་རོལ་ཕྱིན་པའི་ལམ་ལ་ངས་བསླབས་ཏེ། །ཡེ་ཤེས་བླ་ན་མེད་པའི་ཚུལ་ཆེན་གྱིས། །བྱང་ཆུབ་ལམ་མཆོག་རྣམ་པར་སྦྱངས་ཡང་དགོས། །ཕྱོགས་རྣམས་ཀུན་གྱི་ཞིང་རྣམས་ཐམས་ཅད་ཀྱང་། །ཀུན་ནས་ཉོན་མོངས་རྣམ་པར་སྦྱང་བར་བྱ། །འཇིག་རྟེན་ཀུན་གྱི་མི་ཁོམ་ཐམས་ཅད་དང་། །ངན་སོང་ཀུན་ཀྱང་རྣམ་པར་བཟློག་དགོས་སོ། །ཉོན་མོངས་བསྒྲིབས་ཤིང་གཏི་མུག་མུན་འཐོམས་པའི། །སེམས་ཅན་ཀུན་ཀྱང་མ་ལུས་རྣམ་སྦྱང་དགོས། །སྣ་ཚོགས་ཐབས་ཀྱིས་ཡོངས་སུ་སྦྱང་བྱས་ཏེ། །ཐམས་ཅད་མཁྱེན་ལམ་ཚུལ་ལ་དགོད་ཀྱང་དགོས། །ཆགས་མེད་ས་རྣམས་ཀུན་ཀྱང་ངས་སྦྱངས་ཏེ། །བསྐལ་པ་རྒྱ་མཚོར་རྒྱལ་བ་མཆོད་པར་བྱ། །འགྲོ་བ་མ་ལུས་ཀུན་ལ་བྱམས་བསྐྱེད་དེ། །འཇིག་རྟེན་དག་ཏུ་མ་ལུས་སྦྱིན་གཏང་དགོས། །སློང་བ་ཀུན་ནས་འདུས་ཤིང་འོངས་མཐོང་ནས། །ཐམས་ཅད་གཏང་བར་རྟག་ཏུ་བརྩོན་གྱུར་ན། །དེ་ཚེ་ཁྱོད་ནི་ང་སེམས་མི་འཐུན་ཏེ། །ཞུམ་ཞིང་དམའ་ལ་འཇུངས་པར་
མི་འགྱུར་རམ། །ངའི་མགོ་འདོད་འོངས་པ་ངས་མཐོང་སྟེ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་གྱུར་ན། །དེ་ཚེ་ཁྱོད་ནི་སྡུག་བསྔལ་གདུངས་གྱུར་གྱིས། །འདི་འདྲའི་དོན་ཐོས་རབ་ཏུ་བསྟན་པར་གྱིས། །ངའི་རྐ་ལག་གཏུབས་པ་མཐོང་གྱུར་ན། །ཁྱོད་ནི་མི་དགའ་དེ་ཚེ་སློང་བ་ལ། །བུད་མྱེད་རང་གིས་ཚིག་དྲག་མི་བཟོད་སྨྲ། །དོན་འདི་ཐོས་ཤིང་སེམས་ལ་ཡོངས་སུ་སོམས། །འཕགས་པའི་དངོས་དང་དེ་བཞིན་བུ་རྣམས་དང་། །ཁྱོད་ཀྱང་སློང་བའི་ཚོགས་ལ་སྦྱིན་དགོས་ཀྱིས། །དོན་འདི་ཐོས་ཏེ་མི་དགའ་མྱེད་ན་ལྟ། །ཁྱོད་དགའ་ཐམས་ཅད་དེ་བཞིན་བྱ་ལ་རག །དེ་སྐད་ཅེས་སྨྲས་པ་དང་། བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པས། རྒྱལ་བུ་གཟི་བརྗིད་ཀྱི་བདག་པོ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཇི་སྐད་གསུངས་པ་དེ་ལྟར་བགྱིའོ། །བདག་ནི་ཁྱོད་ཅི་དགྱེས་པ་དང་། ཅི་བཞེད་པར་ལོངས་སྤྱོད་པ་དང་། གང་དུ་དགྱེས་པར་མཆི་བ་དང་། ཐམས་ཅད་དུ་ཡང་སླད་ན་མ་ལས་པར་རྗེས་སུ་འབྲང་བ་དང་། རྟག་ཏུ་ཞམ་རིང་སླེབས་པ་དང་། དོན་ཐམས་ཅད་ལ་བརྩོན་པ་དང་། ཐུགས་དང་འཐུན་པར་སྤྱད་པ་དང་། མད་པར་ཉམས་སུ་བླང་བ་དང་། མི་འཐུན་པ་མ་མཆིས་པར་ནན་ཏན་ཏུ་བགྱི་བའི་ཚུལ་ལ་སྤྱད་པར་བགྱིའོ། །ཞེས་ནས་བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པས། རྒྱལ་པོའི་སྲས་གཟི་བརྗིད་ཀྱི་བདག་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་ལུས་འདི་སེམས་ཅན་དམྱལ་བ་ཡི། །ཞུགས་ཀྱིས་ཡོངས་གདུངས་ཞུ་བར་གྱུར་ཀྱང་རུང་། །ཁྱོད་སྤྱོད་སྐལ་བ་མཉམ་པའི་ཕྱག་རྗེད་དུ། །ཚེ་རབས་རྒྱ་མཚོར་བདག་གིས་སྤྲོ་བར་བགྱི། །ཚེ་རབས་མཐའ་ཡས་སྐྱེས་པ་རེ་རེ་ཞིང་། །བདག་གི་ལུས་ནི་ཤིན་ཏུ་གཏུབས་གཤགས་ཀྱང་། །བརྟན་དམ་སེམས་ཀྱིས་རབ་ཏུ་སྤྲོ་བར་བགྱིས། །དད་དགེ་ཁྱོད་ཀྱིས་བདག་གི་ཁྱིམ་ཐབ་མཛོད། །ཁོར་ཡུག་རི་ཡིས་བསྐལ་པ་མཐའ་ཡས་སུ། །བདག་གི་མགོ་ནི་ཡོངས་སུ་བཏགས་གྱུར་ཀྱང་། །
སེམས་ལ་མི་བདེ་མ་མཆིས་དད་པར་བགྱིད། །ཁྱོད་ཀྱིས་རྟག་པར་བདག་གི་ཁྱིམ་ཐབ་མཛོད། །ཁྱོད་ཀྱིས་ཚེ་རབས་གྲངས་མེད་ཐམས་ཅད་དུ། །བདག་ལ་ཐུགས་བརྟན་ཐུགས་ཀྱིས་མངའ་མཛད་དེ། །ཡན་ལག་ཤ་གཏུབས་གཞན་ལ་སྩལ་བར་མཛོད། །ཁྱོད་ཀྱི་ཆོས་ལ་བདག་ཀྱང་བརྟན་གཞག་གསོལ། །བདག་གི་ལུས་ནི་སླད་ན་མ་ལས་པར། །སྐྱེས་བུ་ལྷ་ཡི་སྲས་པོ་ཁྱོད་ལ་དབུལ། །བསྐལ་པ་རྒྱ་མཚོར་སྤྱོད་པ་མཛད་པའི་ཚེ། །སྐྱེ་བོ་སློང་བ་རྣམས་ལ་དགྱེས་པར་གསོལ། །སེམས་ཅན་ཀུན་ལ་ཐུགས་རྗེ་མཐའ་ཡས་པ། །བསྐྱེད་དེ་སེམས་ཅན་རྒྱ་མཚོ་བསྡུ་སླད་དུ། །བྱང་ཆུབ་དམ་པ་མཆོག་ཏུ་ཁྱོད་བཞུགས་པས། །དེ་སླད་བདག་ཀྱང་ཐུགས་རྗེས་གཟུང་བ་མཛོད། །ལོངས་སྤྱོད་དོན་དང་ནོར་གྱི་དོན་མ་ལགས། །འདོད་སྤྱོད་དགའ་བ་བསྐྱེད་པའི་དོན་སླད་དུ། །སེམས་ཅན་མཆོག་ཁྱོད་ཁྱོར་འཚལ་མ་ལགས་ཀྱི། །ཁྱོད་དང་སྤྱོད་པ་འཐུན་པར་སྤྱད་སླད་དུའོ། །སྤྱན་གསལ་མཛེས་ཤིང་བྱམས་པའི་ཐུགས་མངའ་བ། །ཁྱོད་ནི་འཇིག་རྟེན་གཟིགས་པ་ཅི་ཚུལ་ལགས། །ཐུགས་རྗེ་ཆེ་ཡི་འདོད་ཆགས་ཐུགས་མི་མངའ། དེ་ལ་ཐུབ་དབང་འགྱུར་བ་གདོན་མི་འཚལ། །ཁྱོད་ཀྱི་ཞབས་ཀྱིས་བཅགས་པའི་ས་རྣམས་ཀྱང་། །དྲི་མེད་རིན་ཆེན་འོད་དུ་གནས་པ་ལས། །ཁམས་གསུམ་ཀུན་ཏུ་འཁོར་ལོས་སྒྱུར་བར་ཡང་། །མཚན་རབ་ཡོངས་ཀྱིས་བརྒྱན་བྱོན་གདོན་མི་འཚལ། །བདག་གིས་གཡར་ལམ་མཐོང་བ་དགུང་ཞིག་ལ། །ཆོས་བཟང་སྤྲིན་འོད་བྱང་ཆུབ་སྙིང་པོ་ཡི། །ཤིང་དབང་དྲུང་ན་དེ་བཞིན་གཤེགས་པ་བཞུགས། །སངས་རྒྱས་སྲས་མང་དུ་མས་མདུན་དུ་བདར། །རྒྱལ་བའི་དབང་པོ་སྐུ་མཆོག་ཉི་མ་དེ། །འཛམ་བུ་ཆུ་ཀླུང་རིན་ཆེན་འཚེར་བ་འདྲ། །གཡར་ལམ་མཐོང་བར་ཕྱག་གིས་བདག་མགོ་བྱུག །དེ་ནས་སང་ནས་གློ་བ་རབ་ཏུ་དགའ། །དགའ་བའི་འོད་ཅེས་བགྱི་བ་རྣམ་དག་ལུས། །
སྔན་ཆད་གཉེན་བཤེས་གྱུར་པའི་ལྷ་མོ་ཡིས། །བདག་ལ་བསྟན་པ་བདེ་གཤེགས་དེ་ཉིད་ནི། །སྙིང་པོ་ཡང་དག་བྱང་ཆུབ་ཡོངས་ལ་ཞུགས། །སྔོན་ཡང་གཞོན་ནུ་གཟི་བརྗིད་ཁྱོད་བལྟ་ཞེས། །བདག་གི་སེམས་བསྐྱེད་དེ་ལྟར་བསམ་པར་གྱུར། །མདང་སུམ་དགུང་ལ་ལྷ་མོ་དགེ་བ་ཡིས། །གཞོན་ནུ་དེ་ནི་མཐོང་བར་འགྱུར་ཞེས་བསྟན། །བདག་གི་བདེ་གཤེགས་གཡར་ལམ་ཊྜུས་པས་མཐོང་། །ཡོངས་སུ་དག་པའི་སེམས་ཅན་ཁྱོད་ཀྱང་མཐོང་། །ཡིད་བཞིན་བསམ་གྲུབ་ཁྱོད་དང་བདག་བཅས་པས། །དེ་རིང་རྒྱལ་བ་དེ་ལ་མཆོད་པར་བགྱི། །དེ་ནས་རྒྱལ་པོའི་བུ་གཟི་བརྗིད་ཀྱི་བདག་པོས། དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པའི་མཚན་ཐོས་ཏེ། སངས་རྒྱས་བལྟ་བའི་སྐབས་བྱུང་ནས་དགའ་བ་དང་མོས་པའི་ཤུགས་ཆེན་པོ་སྐྱེས་ཏེ། བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་ལ་ནོར་བུ་རིན་པོ་ཆེ་ལྔ་བརྒྱས་མངོན་པར་གཏོར་ནས། གཙུག་གི་རིན་པོ་ཆེ་དཔལ་གྱི་འོད་འབར་བ་ཞེས་བྱ་བ་ཡང་དེ་ལ་བྱིན་ནོ། །མྱེའི་མདོག་ལྟར་འདུག་པའི་ནོར་བུ་རིན་པོ་ཆེ་དམ་པས་བརྒྱན་པའི་གོས་རིན་པོ་ཆེས་ཀྱང་དེ་བཀབ་པོ། །དེ་དེ་ལྟར་རིམ་གྲོར་བྱས་ཀྱང་དགའ་བར་གྱུར་པའམ། ཉམས་བདེ་བར་གྱུར་པ་ལྟ་བུའང་མེད་ལ་དགའ་བ་དང་མོས་པར་ཡང་མ་གྱུར་གྱི། གཞན་དུ་ན་ཐལ་མོ་སྦྱར་ཅིང་མྱིག་མི་འགེབས་པར་གཞོན་ནུ་གཟི་བརྗིད་བདག་གི་གདོང་ལ་བལྟ་ཞིང་གནས་པར་གྱུར་ཏོ། །དེ་ནས་སྦྲུལ་འཚོང་མའི་གཙོ་མོ་བལྟ་ན་སྡུག་པས། རྒྱལ་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། བུ་མོ་འདི་ནི་ཁྱོད་གསལ་བགྱི་སྙམ་ནས། །ཡུན་རིང་སྔ་ནས་བདག་གིས་བསམ་བསམ་སྟེ། །གཟུགས་མཛེས་དེ་ཡང་དེ་རིང་ཁྱོད་ལ་ཕུལ། །བསོད་ནམས་ལེགས་བརྒྱན་ཡོན་ཏན་རབ་དང་ལྡན། །ཚུལ་ཁྲིམས་བློ་དང་ཡོན་ཏན་གཞན་གྱིས་ཀྱང་། །བུ་མོ་དམ་པ་འདི་དང་འདྲ་བ་ནི། །མི་ཡི་འཇིག་རྟེན་གང་ནའང་མ་མཆིས་ཏེ། །འཇིག་རྟེན་ཀུན་གྱི་བུད་
མེད་ནང་ན་མཆོག །པད་མོའི་སྦུབས་ནས་སྐྱེས་པས་རིགས་སྨོས་སུ། །སྐྱོན་གྱི་དྲི་མས་མ་གོས་འཐད་མ་ལགས། །མ་ལུས་སྐྱོན་གྱིས་མ་གོས་སེམས་དང་ལྡན། །རྟག་པར་ཁྱོད་ཀྱི་སྤྱོད་ཚུལ་མཐུན་པར་འགྱུར། །རེག་ན་བདེ་ལ་ཀུན་ནས་འཕགས་པས་ན། །འདི་ཡི་ལུས་ནི་ཤིན་ཏུ་འཇམ་པ་སྟེ། །བྲོ་འཚལ་ནད་པ་གང་ལ་རེག་གྱུར་ཀྱང་། །དེའི་མོད་ལ་བྲོ་དང་བྲལ་བར་འགྱུར། །འདིའི་ལུས་ལས་སྤོས་ཀྱི་ངད་འབྱུང་བ། །སྤོས་མཆོག་གཞན་རྣམས་མངོན་པར་ཟིལ་གྱིས་གནོན། །དེ་ཡི་དྲི་ཞིམ་ཚོར་ན་རྣམ་དག་པའི། །ཚུལ་ཁྲིམས་གནས་པར་མི་རྣམས་ཀུན་ཀྱང་འགྱུར། །འདི་ཡི་ལུས་ནི་གསེར་གྱི་མདོག་འདྲ་སྟེ། །པད་མོའི་མཆོག་ལྟར་རྣམ་པར་རབ་ཏུ་གསལ། །ཁྲོས་པས་བལྟས་ན་བྱམས་པའི་སེམས་ལྡན་པར། །སེམས་ཅན་མ་ལུས་ཀུན་ཀྱང་རབ་ཏུ་འགྱུར། །འདི་ཡི་ཚིག་སྙན་ཡིད་དུ་འོང་བ་སྟེ། །ཉམས་སུ་བདེ་བས་འགྲོ་བ་ཉན་པར་དགའ། །ཐོས་ན་དེ་རྒྱུས་སྐྱོན་གྱི་མུན་པ་དང་། །མི་དགེའི་སུག་ལས་བགྱིད་པར་མོས་མི་འགྱུར། །འདི་ནི་བསམ་དག་ཡིད་ལ་དྲི་མེད་དེ། །འདི་ལ་ཀུན་ཏུ་གཡོ་དང་སྒྱུ་མ་མཆིས། །ཇི་སྨྲ་དེ་དག་ཡིད་ལའང་དེ་བཞིན་ཏེ། །ཚིག་དབྱངས་དེས་ནི་འགྲོ་བ་ཚིམ་པར་བགྱིད། །སྒྱུ་ཡིས་སེམས་ཅན་འདྲིད་པར་མི་བགྱིད་དེ། །ནོར་གྱི་དོན་དུ་འགྲོ་བ་ཡོངས་མི་སླུ། །ཡིད་བསྡམས་ཁྲེལ་གྱིས་འཛེམ་དང་ལྡན་པ་སྟེ། །རྒན་ནམ་གཞོན་ལའང་རྟག་ཏུ་སྲི་ཞུས་སྤྱོད། །རིགས་རྒྱུད་གཟུགས་ཀྱིས་དྲེགས་པ་མ་མཆིས་ཏེ། །འདི་ནི་འཁོར་གྱིས་དྲེགས་པའང་ཡོང་མ་མཆིས། །ང་རྒྱལ་རློམ་སེམས་ཡོངས་དང་བྲལ་བ་སྟེ། །འགྲོ་བ་རྣམས་ལ་རྟག་ཏུ་གུས་པར་འདུད། །དེ་ནས་རྒྱལ་པོའི་བུ་གཟི་བརྗིད་ཀྱི་བདག་པོ་བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་འཁོར་དང་བཅས་པ་དང་། བུ་མོ་སྟོང་ཕྲག་ཉི་ཤུ་དང་། འཁོར་ཐམས་ཅད་དང་བཅས་པར་བཟའ་ཤིང་གི་ར་བ་སྤོས་ཀྱི་མྱུ་གུའི་རྩེ་མོ་ནས་འོད་ཀྱི་སྤྲིན་འབྱུང་བ་དེ་ནས་བྱུང་སྟེ། སྙིང་པོ་བྱང་ཆུབ་ཆོས་ཀྱིས་
འཕགས་པའི་འོད་གང་ན་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པ་གང་ན་བ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པའི་ཞལ་བལྟ་བ་དང་། དེ་ལ་ཕྱག་འཚལ་བ་དང་། མཆོད་པ་དང་བསྙེན་བཀུར་བྱ་བའི་ཕྱིར་དོང་སྟེ། དེ་རྟ་བབས་སའི་བར་དུ་བཞོན་པས་སོང་ནས་བབས་ཏེ་རྐང་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པའི་དྲུང་དུ་སོང་ངོ་། །དེ་ནས་རྒྱལ་པོའི་བུ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོས་རྒྱང་རིང་ཞིག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་བཟང་བ་བལྟ་ན་སྡུག་པ་དབང་པོ་ཞི་བ་ཐུགས་ཞི་བ། དབང་པོ་བསྡམས་པ། གླང་པོ་ལྟར་ཤིན་ཏུ་དུལ་བ། མཚོ་ལྟར་དང་ཞིང་རྙོག་པ་མེད་ལ་རྣམ་པར་གསལ་བ་མཐོང་ངོ་། །དེ་ལྟར་མཐོང་ནས་དེའི་སེམས་མངོན་པར་མོས་པར་གྱུར་ཏེ། དེ་ལྟར་སེམས་མངོན་པར་མོས་པར་གྱུར་ནས་སངས་རྒྱས་མཐོང་བའི་དགའ་བ་དང་། མོས་པའི་ཤུགས་ཆེན་པོ་རྣམ་པར་སྤེལ་ཏེ་དགའ་བ་དང་མོས་པ་དང་། སྤྲོ་བ་ཆེན་པོས་ཡོངས་སུ་རྒྱས་པའི་སེམས་ཀྱིས་བཅོམ་ལྡན་འདས་དེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་ལ་སྩོགས་པ་འཁོར་ཐམས་ཅད་དང་བཅས་པས། བཅོམ་ལྡན་འདས་དེའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། རིན་པོ་ཆེ་དམ་པའི་པད་མོ་སྟོང་ཕྲག་ལྔ་བརྒྱས་བཅོམ་ལྡན་འདས་དེ་ལ་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་དེའི་གཙུག་ལག་ཁང་ལྔ་བརྒྱ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྤོས་སྣ་ཚོགས་ལས་བྱས་པ་རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ། ལྔ་བརྒྱ་བརྩིགས་སོ། །གཙུག་ལག་ཁང་རེ་རེ་ཞིང་ཡང་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྟོང་ཕྲག་ལྔ་བརྒྱས་རབ་ཏུ་བརྒྱན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པས་གཞོན་ནུ་གཟི་བརྗིད་ཀྱི་བདག་པོའི་བསམ་པ་ཐུགས་སུ་ཆུད་ནས་མདོ་སྡེ་སྒོ་ཀུན་ཏུ་ལྟ་བའི་སྒྲོན་མ་ཞེས་བྱ་བ་ཡང་དག་པར་བསྟན་ཏོ། །དེས་དེ་ཐོས་ནས་ཆོས་ཐམས་ཅད་ཀྱི་ཚུལ་ལ་ཏིང་ངེ་འཛིན་གྱི་སྒོ་རྒྱ་མཚོ་ཕྲག་བཅུ་ཐོབ་པར་གྱུར་
ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་རྒྱ་མཚོ་ཡང་དག་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་བོ། །དུས་གསུམ་སྣང་བའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་བོ། །སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་མངོན་དུ་གྱུར་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་བོ། །སེམས་ཅན་འབྱམ་ཀླས་པ་ཐམས་ཅད་རབ་ཏུ་སྣང་བར་བྱ་བ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་བོ། །འཇིག་རྟེན་ཐམས་ཅད་དུ་འབྱུང་བའི་ཡེ་ཤེས་ཀྱི་སྣང་བ་ལ་ཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ལ་འཇུག་པ་སྣང་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་པོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཡེ་ཤེས་ཀྱི་སྤྲིན་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་པོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་མངོན་དུ་གྱུར་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་སྒྲ་རྣམས་དམྱིགས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་པོ། །ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་དག་པར་བྱེད་པའི་སྨོན་ལམ་གྱི་སྤྲིན་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཐོབ་སྟེ། ཏིང་ངེ་འཛིན་གྱི་སྒོ་བཅུ་པོ་འདི་དག་ལ་སྩོགས་པ་ཆོས་ཀྱི་ཚུལ་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་རྒྱ་མཚོ་ཕྲག་བཅུ་རབ་ཏུ་ཐོབ་པར་གྱུར་ཏོ། །བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པས་ཀྱང་ཡེ་ཤེས་ཐུབ་པར་དཀའ་བ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བའི་སེམས་ངེས་པར་གཞག་པ་རབ་ཏུ་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་རྒྱལ་པོའི་བུ་གཟི་བརྗིད་ཀྱི་བདག་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པའི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་
ནས། བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་དང་། འཁོར་ཐམས་ཅད་དང་བཅས་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔ་ནས་དོང་ངོ་། །དེ་ནས་རྒྱལ་པོའི་གནས་སྡོང་པོ་རི་བོའི་དཔལ་གང་ན་བ་དང་། རྒྱལ་པོ་ཡབ་ནོར་གྱི་བདག་པོ་གང་ན་བ་དེར་དོང་སྟེ། དྲུང་དུ་ཕྱིན་ནས། རྒྱལ་པོ་ཡབ་ནོར་གྱི་བདག་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དོན་འདི་བརྗོད་དོ། །ལྷའི་ཞལ་སྔ་ནས་མཁྱེན་པར་མཛད་དུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ཉི་མ་དམ་པ་ཞེས་བགྱི་བ་མཁྱེན་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་བླ་ན་མེད་པ་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། ཁྱོད་ཀྱི་ཁམས་འདི་ཉིད་ཀྱི་སྙིང་པོ་བྱང་ཆུབ་ཆོས་ཀྱི་སྤྲིན་ཤིན་ཏུ་སྡུག་པའི་འོད་ན་རྣམ་པར་སྤྱོད་དེ། མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལགས་སོ། །དེ་ནས་རྒྱལ་པོ་ནོར་གྱི་བདག་པོས། གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཁྱོད་ལ་དོན་འདི་ལྷ་འམ་མིའམ་སུ་ཞིག་གིས་སྦྲན། དེས་སྨྲས་པ། བདག་ལ་བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པས་སྦྲན་ཏོ། །དེ་ནས་རྒྱལ་པོ་ནོར་གྱི་བདག་པོས་སངས་རྒྱས་བྱུང་བར་ཐོས་ནས། སངས་རྒྱས་སྐྱེ་བ་ལ་ནི་གཏེར་རབ་ཏུ་ཐོབ་པ་ཙམ་དུ་སེམས། སངས་རྒྱས་རིན་པོ་ཆེ་དང་ཕྲད་པར་ནི་དཀའ་བར་སེམས། དེ་བཞིན་གཤེགས་པ་མཐོང་བས་ནི་ངན་སོང་གི་གཡང་སའི་འཇིགས་པ་ཐམས་ཅད་ཀྱང་རྣམ་པར་ལྡོག་པར་སེམས། ཉོན་མོངས་པའི་ནད་ཆེན་པོ་རབ་ཏུ་ཞི་བར་བྱ་བ་ལ་ནི་སྨན་པའི་རྒྱལ་པོ་ཆེན་པོ་དང་ཕྲད་པ་ཙམ་དུ་སེམས། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ནི་ཡོངས་སུ་འགྲེལ་པ་ཡིན་པར་སེམས། ཤིན་ཏུ་བདེ་ཞིང་ལྡན་པ་ལ་ནི་རབ་ཏུ་གཞོག་པར་སེམས། རབ་རིབ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ནི་ཡང་དག་པར་སྟོན་པར་སེམས། མ་རིག་པའི་མུན་པ་བསྩལ་
བ་ལ་ནི་སྒྲོན་མ་ཆེན་པོ་བྱུང་བ་ཙམ་དུ་སེམས། འཇིག་རྟེན་མགོན་མེད་པ་ལས་ནི་ཆོས་ཀྱི་ཚུལ་གྱི་མགོན་དང་ཕྲད་པར་སེམས། འཇིག་རྟེན་འདྲེན་པ་མེད་པ་ལས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པས་འདྲེན་པ་སྐྱེས་པར་སེམས་ཤིང་སངས་རྒྱས་བྱུང་བར་ཐོས་པས་མོས་པ་དང་། སྤྲོ་བ་ཆེན་པོ་སྐྱེས་ནས་རྒྱལ་རིགས་དང་བྲམ་ཟེ་དང་ལྗོངས་ཀྱི་མི་དང་། ཡུལ་གྱི་མི་དང་། བློན་པོ་དང་ཞམ་རིང་བ་དང་། གཞོན་ནུ་དང་རྒྱལ་ཕྲན་དང་། ཁམས་ཀྱི་བདག་པོ་དང་། འཁོར་ཐམས་ཅད་ཀྱང་ཀུན་ནས་བསྡུས་ནས། སངས་རྒྱས་བྱུང་བར་སྒྲ་སྙན་པ་སྒྲོག་པའི་གཞོན་ནུ་གཟི་བརྗིད་ཀྱི་བདག་པོ་ལ་རྒྱལ་པོའི་སྲིད་དེ་ཡང་ཆོས་ཀྱི་དགབ་པར་བྱིན་ནོ། །དེ་ལྟར་གཞོན་ནུ་དེ་རྒྱལ་སྲིད་ལ་དབང་བསྐུར་ནས། སྲོག་ཆགས་སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པ་གང་ན་བ་དེར་སོང་སྟེ། སྤྱན་སྔར་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་དེའི་སྤྱན་སྔར་རང་གི་འཁོར་དང་བཅས་ཏེ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པས། རྒྱལ་པོ་ནོར་གྱི་བདག་པོ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་གཟིགས་ནས། དེའི་ཚེ་མཛོད་སྤུ་ནས་འོད་གཟེར་འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་སྒྲོན་མ་ཞེས་བྱ་བ་རབ་ཏུ་བཀྱེའོ། །དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འཇིག་རྟེན་གྱི་དབང་པོ་ཐམས་ཅད་མངོན་སུམ་དུ་བཀོད་ནས། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྟན་ཏེ། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཀྱི་བསམ་པ་དང་། ལྷག་པའི་བསམ་པ་རྣམ་པར་སྦྱངས་ནས། དེའི་ཚེ་སངས་རྒྱས་ཀྱི་བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པའི་མཐུས་སངས་རྒྱས་ཀྱི་སྐུ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། སངས་རྒྱས་ཀྱི་གསུང་དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཐམས་
ཅད་དང་ལྡན་པས། གཟུངས་ཀྱི་སྒོ་ཆོས་ཐམས་ཅད་ལ་རབ་རིབ་མེད་པའི་དོན་གྱི་སྒྲོན་མ་ཞེས་བྱ་བ་གཟུངས་ཀྱི་སྒོ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་བཅས་པར་ཡང་དག་པར་བསྟན་ཏོ། །དེ་ནས་རྒྱལ་པོ་ནོར་གྱི་བདག་པོས་གཟུངས་ཀྱི་སྒོ་དེ་ཐོས་ནས་ཆོས་ཐམས་ཅད་ལ་ཆོས་ཀྱི་སྣང་བ་ཆེན་པོ་སྐྱེས་པར་གྱུར་ཏོ། །འཁོར་དེའི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཀྱང་ཆོས་ཐམས་ཅད་ལ་རབ་རིབ་མེད་པའི་དོན་གྱི་སྒྲོན་མའི་གཟུངས་རབ་ཏུ་ཐོབ་པར་གྱུར་ཏོ། །ཁྲག་ཁྲིག་དྲུག་ཅུས་ནི་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་སྟོང་ཕྲག་བཅུས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པར་རྣམ་པར་དག་པར་གྱུར་ཏོ། །སེམས་ཅན་གྲངས་མེད་པ་ཞིག་གིས་ནི་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་བསྐྱེད་དོ། །ཕྱོགས་བཅུར་ཡང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྟན་པ་དེས་སེམས་ཅན་གྱི་ཁམས་མཐའ་དང་དབུས་མེད་པ་ཐེག་པ་གསུམ་གྱིས་དུལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ནོར་གྱི་བདག་པོ་ཆོས་ཀྱི་སྣང་བ་རབ་ཏུ་ཐོབ་པ། དེའི་ཡིད་ལ་འདི་སྙམ་སྟེ། ཁྱིམ་ན་གནས་པས་ནི་རྣམ་པ་འདི་ལྟ་བུའི་ཆོས་ཀྱང་ཁོང་དུ་ཆུད་པར་མི་ནུས་ལ་ཡེ་ཤེས་རྣམ་པ་འདི་ལྟ་བུ་ཡང་བསྒྲུབས་པར་མི་ནུས་ཀྱིས་བདག་ནི་བཅོམ་ལྡན་འདས་ཀྱི་ཞམ་རིང་དུ་རབ་ཏུ་འབྱུང་ངོ་སྙམ་ནས། རྒྱལ་པོ་ནོར་གྱི་བདག་པོས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་ཀྱི་ཞམ་རིང་དུ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་གི་ཚུལ་ལ་མཆིས་པར་ཅི་གནང་ཞེས་ནས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེའི་དུས་ལ་དབབ་པར་ཤེས་ན་རུང་ངོ་། །དེ་ནས་རྒྱལ་པོ་ནོར་གྱི་བདག་པོ་སྲོག་ཆགས་སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པའི་ཞམ་རིང་དུ་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་གཟུངས་ཀྱི་སྒོ་ཆོས་ཐམས་ཅད་ལ་རབ་རིབ་མེད་པའི་དོན་གྱི་སྒྲོན་མ་ཞེས་བྱ་བ་དེ་འཁོར་དང་
བཅས་པར་ཡོངས་སུ་བསྒྲུབས་སོ། །བསྒོམས་སོ། །ཤིན་ཏུ་བསྒོམས་སོ། །དེ་སྙེད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ཡང་རབ་ཏུ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བཅུ་ཡང་རབ་ཏུ་ཐོབ་བོ། །སོ་སོ་ཡང་དག་པར་རིག་པའི་ཚུལ་རྒྱ་མཚོ་ལ་ཡང་དག་པར་ཞུགས་པར་གྱུར་ཏོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ཐོགས་པ་མེད་པའི་སྤྱོད་ཡུལ་ཞེས་བྱ་བའི་ལུས་ཡོངས་སུ་དག་པ་ཡང་རབ་ཏུ་ཐོབ་སྟེ། དེས་བཅོམ་ལྡན་འདས་དེའི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བླངས་སོ། །ཡོངས་སུ་བཟུང་ངོ་། །གཏམ་གྱི་སྐྱེས་བུ་ཡང་བྱས་སོ། །ཆོས་སྨྲ་བ་ཆེན་པོ་ཡང་བྱས་སོ། །བསྟན་པ་ཡོངས་སུ་གཟུང་བ་ཡང་བྱས་སོ། །མངོན་པར་ཤེས་པ་ཐོབ་པའི་སྟོབས་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ལུས་ཡོངས་སུ་བསྟན་ནས། སངས་རྒྱས་བྱུང་བ་དེ་རབ་ཏུ་བརྗོད་པ་དང་། སྔོན་གྱི་དེ་བཞིན་གཤེགས་པས་ཡོངས་སུ་བསྒྲུབས་པའི་ཆོས་ཉིད་མངོན་པར་བརྗོད་པ་དང་། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་དེ་དག་ཡོངས་སུ་བརྗོད་པ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་མཐུ་དེ་དག་ཡོངས་སུ་བརྗོད་པར་བྱ་བས་བསྟན་པ་ཡོངས་སུ་གཟུང་བ་བྱས་སོ། །རྒྱལ་པོའི་སྲས་གཟི་བརྗིད་ཀྱི་བདག་པོས་ཀྱང་དེའི་ཉིན་པར་ཟླ་བ་ཉ་སྟེ། རྒྱས་པའི་ཚེ་རིན་པོ་ཆེ་བདུན་རབ་ཏུ་ཐོབ་པར་གྱུར་ཏེ། དེ་ཁང་པའི་སྟེང་ན་བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཅིང་འདུག་པའི་མདུན་དུ་འཁོར་ལོ་རིན་པོ་ཆེ་ཆེན་པོ་ཤུགས་ལ་ཐོགས་པ་མེད་པ་ཞེས་བྱ་བ་རྩིབས་སྟོང་ཕྲག་བརྒྱ་དང་ལྡན་པ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་ལས་གྲུབ་པ། འོད་ཀུན་ཏུ་འབྱུང་བ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་བྱུང་བར་གྱུར་ཏོ། །གླང་པོ་རིན་པོ་ཆེ་ཆེན་པོ་རྡོ་རྗེ་རིན་པོ་ཆེའི་རིའི་གཟི་བརྗིད་ཅེས་བྱ་བ་བྱུང་བར་གྱུར་ཏོ། །རྟ་རིན་པོ་ཆེ་རི་སྔོ་རླུང་གི་ཤུགས་ཤེས་བྱ་བ་བྱུང་བར་གྱུར་ཏོ། །ནོར་བུ་རིན་པོ་ཆེ་ཆེན་པོ་ཉི་མའི་སྙིང་པོ་འོད་སྤྲིན་རྒྱལ་པོ་ཞེས་བྱ་བ་བྱུང་བར་གྱུར་ཏོ། །བུ་མོ་དགའ་
བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་དེ་ཡང་བུད་མེད་རིན་པོ་ཆེར་བྱུང་བར་གྱུར་ཏོ། །ཁྱིམ་བདག་རིན་པོ་ཆེ་ནོར་ཀྱི་ཕུང་པོ་མང་པོ་ཞེས་བྱ་བ་བྱུང་བར་གྱུར་ཏོ། །བློན་པོ་རིན་པོ་ཆེ་མིག་དྲི་མ་མེད་པ་ཞེས་བྱ་བ་ཡང་བྱུང་བར་གྱུར་ཏོ། །དེ་ལྟར་བདུན་ནོ་དེ་དེ་ལྟར་རིན་པོ་ཆེ་བདུན་དང་ལྡན་པའི་རྒྱལ་པོ་འཁོར་ལོས་སྒྱུར་བ་གླིང་བཞི་ལ་དབང་བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རྣམ་པར་རྒྱལ་བ་དང་ལྡན་པ་ཡུལ་གྱི་མཐུ་དང་བརྩོན་འགྲུས་སུ་ལྡན་པར་གྱུར་ཏེ། དེ་ལ་བུ་དཔའ་ལ་བརྟུལ་ཕོད་ཅིང་ཡན་ལག་དམ་པའི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡོད་པར་གྱུར་ཏེ། དེས་ས་ཆེན་པོ་འདི་སྐྱོན་མེད་པ་དང་། དགྲ་མེད་པ་དང་། གནོད་པ་མེད་པ་དང་། འཚེ་བ་མེད་པ་དང་། སྐྱིད་པ་དང་ཕུན་སུམ་ཚོགས་པ་དང་། བདེ་བ་དང་ལོ་ལེགས་པ་དང་། མདངས་དགའ་བ་དང་། སྐྱེ་བོའི་མི་མང་པོས་ཡོངས་སུ་གང་བ་ཡང་རི་དང་རྒྱ་མཚོའི་མཐས་ཀླས་པར་ཆོས་ཀྱིས་མངོན་པར་བརྒྱན་ཏེ། གནས་པར་བྱས་སོ། །དེས་འཛམ་བུའི་གླིང་དེའི་རྒྱལ་པོའི་གནས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དག་ཏུ་ཡང་རྒྱལ་པོའི་གནས་རེ་རེར་གཙུག་ལག་ཁང་ལྔ་བརྒྱ་ལྔ་བརྒྱ་བྱེད་དུ་བཙུད་དེ། ཐམས་ཅད་ཀྱང་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཤ་སྟག་གོ །ལོངས་སྤྱོད་དང་ཡོ་བྱད་ཀྱི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཤ་སྟག་གོ །བཟའ་ཤིང་གི་ར་བ་དང་། ཁང་པ་དང་འཆག་ས་དང་། དུས་ཐམས་ཅད་དུ་བདེ་བར་སྤྱད་པའི་ནགས་ཚལ་གྱི་ཕྲེང་བས་རྣམ་པར་བརྒྱན་པ་ཤ་སྟག་གོ །གཙུག་ལག་ཁང་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་པ་ནི་ལྷུན་གྱི་རྒྱ་ཤིན་ཏུ་ཆེ་བར་བྱས་པ་སྟེ། ནང་རིན་པོ་ཆེ་རྣམ་པ་མང་པོས་བརྒྱན་པ། རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པ་ཤ་སྟག་སྟེ། རྒྱལ་པོའི་གནས་དེ་ཐམས་ཅད་དུའང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པ་འཁོར་དང་བཅས་པ། གྲོང་ཁྱེར་དུ་གཤེགས་པར་བྱ་བའི་ཕྱིར་སྤྱན་དྲངས་སོ། །རྒྱལ་པོའི་གནས་དེ་དག་ཀུན་ཏུ་ཡང་དེ་བཞིན་གཤེགས་པ་དེ་ལ་དེ་བཞིན་
གཤེགས་པའི་མཆོད་པ་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པས་མཆོད་དེ། སངས་རྒྱས་གྲོང་ཁྱེར་དུ་གཤེགས་པའི་ཆོ་འཕྲུལ་དང་། རྣམ་པར་འཕྲུལ་པས་སེམས་ཅན་ཚད་མེད་པའི་དགེ་བའི་རྩ་བ་ཡོངས་སུ་བསྐྱེད་པའི་ཕྱིར་གཤེགས་སུ་གསོལ་ཏོ། །དེར་ཡང་སེམས་ཅན་མ་དད་པའི་སེམས་དང་ལྡན་པ་རྣམས་ནི་དད་པ་ཐོབ་པར་གྱུར་ཏོ། །དད་པ་དང་ལྡན་པའི་སེམས་ཅན་རྣམས་ནི་སངས་རྒྱས་མཐོང་བས་དགའ་བའི་ཤུགས་རྣམ་པར་འཕེལ་བར་གྱུར་ཏོ། །དགའ་བའི་ཤུགས་རྣམ་པར་འཕེལ་བའི་སེམས་ཅན་རྣམས་ནི་བྱང་ཆུབ་ཀྱི་བསམ་པ་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་ཀྱི་བསམ་པ་རྣམ་པར་དག་པའི་སེམས་ཅན་རྣམས་ནི་སྙིང་རྗེ་ཆེན་པོའི་སེམས་སྐྱེས་པར་གྱུར་ཏོ། །སེམས་ཅན་ལ་ཕན་པར་ཞུགས་པའི་སེམས་ཅན་རྣམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཙལ་བ་ལ་བརྩོན་པར་གྱུར་ཏོ། །སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་གྱི་རྣམ་པ་ལ་མཁས་པའི་སེམས་ཅན་རྣམས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སེམས་མངོན་པར་གཞོལ་བར་གྱུར་ཏོ། །ཆོས་མཉམ་པ་ཉིད་ལ་ཞུགས་པའི་སེམས་ཅན་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སེམས་མངོན་པར་གཞོལ་བར་གྱུར་ཏོ། །དུས་གསུམ་གྱི་ཡེ་ཤེས་སྣང་བ་ཐོབ་པའི་སེམས་ཅན་རྣམས་ནི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པར་དམྱིགས་པར་བྱ་བའི་དོན་དུ་ཡེ་ཤེས་སྣང་བ་ལ་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་སྣ་ཚོགས་རྣམ་པར་དམྱིགས་པར་བྱ་བ་ལ་ཞུགས་པའི་སེམས་ཅན་རྣམས་ནི་འགྲོ་བ་ཐམས་ཅད་ཡོངས་སུ་བསྡུ་བའི་དོན་དུ་སེམས་མངོན་པར་གཞོལ་བར་གྱུར་ཏོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྡུ་བ་ལ་བརྩོན་པའི་སེམས་ཅན་རྣམས་ནི་བྱང་ཆུབ་སེམས་དཔའི་ལམ་རྣམ་པར་དག་པར་བྱ་བའི་ཕྱིར་སྨོན་ལམ་སྐྱེད་པར་གྱུར་ཏོ། །ལམ་གྱི་མཉམ་པ་ཉིད་ལ་ཞུགས་པའི་སེམས་ཅན་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་མངོན་པར་བསྒྲུབ་པའི་ཕྱིར་
ཡེ་ཤེས་སྣང་བ་སྐྱེད་པར་གྱུར་ཏོ། །ཆོས་རྒྱ་མཚོ་རྣམ་པར་དབྱེ་བ་ལ་མངོན་པར་མོས་པའི་སེམས་ཅན་རྣམས་ནི་ཞིང་གི་དྲ་བ་ཐམས་ཅད་རང་གི་ལུས་ཀྱིས་རྒྱས་པར་གང་བའི་དོན་དུ་སེམས་མངོན་པར་གཞོལ་བར་གྱུར་ཏོ། །ཞིང་མཉམ་པ་ཉིད་ལ་ཞུགས་པའི་སེམས་ཅན་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྨོན་ལམ་འདེབས་པར་གྱུར་ཏོ། །འགྲོ་བ་ཐམས་ཅད་ཀྱི་དབང་པོ་དང་མོས་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་པ་ལ་བརྩོན་པའི་སེམས་ཅན་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསམ་པ་རྣམ་པར་དག་པར་གྱུར་ཏོ། །སེམས་ཅན་རྣམ་པ་དེ་ལྟ་བུ་དག་གི་དོན་རྣམ་པ་དེ་ལྟ་བུ་དེ་དག་འགྲུབ་པར་འགྱུར་བ་མཐོང་ནས། རྒྱལ་པོ་གཟི་བརྗིད་ཀྱི་བདག་པོས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་པས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་དོན་དུ་རྒྱལ་པོའི་གནས་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པ་གཤེགས་སུ་གསོལ་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུ་གཟི་བརྗིད་ཀྱི་བདག་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འདི་ནི་དེའི་ཚེ་དེའི་དུས་ན། རྒྱལ་པོའི་བུ་གཟི་བརྗིད་ཀྱི་བདག་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་དབང་བ་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པ་ལ་བསྙེན་བཀུར་བྱེད་བྱེད་པ་དེ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ནོར་གྱི་བདག་པོ་གཞོན་ནུ་གཟི་བརྗིད་ཀྱི་བདག་པོའི་ཡབ་དུ་གྱུར་པ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་གི་འོད་ཅེས་བྱ་བ་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་ནོར་གྱི་བདག་པོ་ཞེས་བྱ་བར་གྱུར་པ་སྟེ། ད་ལྟར་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་
རྒྱ་མཚོ་ཆོས་ཀྱི་དབྱིངས་ནམ་མཁའི་གཟུགས་བརྙན་གྱི་སྤྲིན་ཅེས་བྱ་བ་ན། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དབུ་མ་དུས་གསུམ་རབ་ཏུ་སྣང་བའི་རིན་པོ་ཆེའི་རྒྱལ་པོ་ཡོངས་སུ་འབྱུང་བའི་དབྱིངས་ཤེས་བྱ་བའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་དཔལ་གྱི་སྒྲོན་མ་ཞེས་བྱ་བ་ན། སྙིང་པོ་བྱང་ཆུབ་ཐམས་ཅད་ལ་དབང་བའི་ལུས་རབ་ཏུ་སྣང་བ་ཞེས་བྱ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་ཅིང་ཆོས་སྟོན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་འོད་ཅེས་བྱ་བ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཆོས་ཀྱི་དབྱིངས་ནམ་མཁའི་གཟུགས་བརྙན་དུ་སྣང་བའི་སྤྲིན་ཡོངས་སུ་དག་པར་མཛད་དེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེར་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བྱུང་བར་གྱུར་པ་དང་། འབྱུང་བ་དང་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་གི་འོད་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨྱིན་པར་མཛད་པ་ཤ་སྟག་གོ །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བཙུན་མོ་པད་མོ་དཔལ་གྱི་སྙིང་པོ་འབྱུང་བ་ཞེས་བྱ་བ་བྱུང་སྟེ། གཞོན་ནུ་གཟི་བརྗིད་ཀྱི་བདག་པོའི་ཡུམ་དུ་གྱུར་པ་བུད་མེད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཙོ་མོར་གྱུར་པ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི། དེ་ལྟར་མི་བལྟ་སྟེ། རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱི་ཡུམ་ལྷ་མོ་སྒྱུ་མ་བྱང་ཆུབ་སེམས་དཔའ་བསྐྱེད་བསྐྱེད་པ་རྣམ་པར་ཐར་པ་ཀུན་ཏུ་སྣང་ཞིང་སྒྲིབ་པ་མེད་པ་ལ་རབ་ཏུ་གནས་པ། སྔོན་དེ་བཞིན་གཤེགས་པས་ཡོངས་སུ་བསྒྲུབས་པ་མངོན་དུ་གྱུར་པ། བྱང་ཆུབ་སེམས་དཔའི་སྐྱེ་བ་ཐམས་ཅད་ཡོངས་སུ་བསྟན་པའི་ཚུལ་ལ་མཁས་པ་འདི་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་ནོར་གྱི་བདག་པོའི་བཙུན་མོ་དམ་པ་པད་མོ་དཔལ་གྱི་སྙིང་
པོ་འབྱུང་བ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྦྲུལ་འཚོང་མའི་གཙོ་མོ་བལྟ་ན་སྡུག་པ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི་དེ་ལྟར་མི་བལྟ་སྟེ། ཤཱཀྱ་ལག་ན་ཁར་བའི་ཆུང་མ་ཁོ་མོའི་མ་མིག་མཛེས་ཤེས་བྱ་བ་འདི་ནི་དེའི་ཚེ་དེའི་དུས་ན་སྦྲུལ་འཚོང་མའི་གཙོ་མོ་བལྟ་ན་སྡུག་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ། ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི་དེ་ལྟར་མི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན། སྦྲུལ་འཚོང་མའི་བུ་མོ་དགའ་བའི་འོད་ཀྱི་དཔལ་ཤིན་ཏུ་སྦྱངས་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གཟི་བརྗིད་ཀྱི་བདག་པོའི་འཁོར་དུ་གྱུར་པ་དེ་རྣམས་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི། རིགས་ཀྱི་བུ་དེ་ནི་དེ་ལྟར་མི་བལྟ་སྟེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་ལ་དགོད་དགོད་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་འདི་ཉིད་ན་འཁོད་ཅིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཟུགས་བརྙན་རབ་ཏུ་བྱུང་བའི་ལུས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པར་སྤྱོད་པ་ལས་མ་ཉམས་པའི་སེམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་མངོན་དུ་མཐོང་བར་རྣམ་པར་དམྱིགས་པའི་མིག་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཡན་ལག་གི་སྤྲིན་ནམ་མཁའ་དང་མཉམ་པའི་འཁོར་ལོ་རབ་ཏུ་བསྒྲགས་པའི་དབྱངས་རྣམ་པར་དམྱིགས་པའི་རྣ་བ་དང་། ཆོས་ཐམས་ཅད་ལ་རྣམ་པར་སྤྱད་པར་དབང་བསྒྱུར་བའི་དབུགས་ཕྱི་ནང་དུ་རྒྱུ་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྗེས་སུ་གྲགས་པའི་མིང་གི་སྒྲ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཉེ་བར་འགྲོ་བ་རྒྱུན་མི་གཅོད་པའི་བྱང་ཆུབ་སེམས་དཔའི་ལུས་དང་།
སེམས་ཅན་ཐམས་ཅད་ལ་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་སྟོན་པའི་ལུས་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་རྗེས་སུ་མཐུན་པ་མངོན་པར་བསྒྲུབས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་། ཡང་དག་པར་བསྒྲུབས་པ་ཕྱོགས་ཀྱི་དྲ་བ་མ་ལུས་པ་ཐམས་ཅད་དུ་འདལ་ཏེ། མ་འོངས་པའི་བསྐལ་པ་ཐམས་ཅད་དུ་རྒྱུན་མི་འཆད་པ་དང་ལྡན་པ་ཤ་སྟག །བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ན་འཁོད་པ་འདི་དག་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པ་དེ་ནི་འཁོར་ལོས་སྒྱུར་བ་གཟི་བརྗིད་ཀྱི་བདག་པོ་དང་། ཁོ་མོས་ནམ་བཞུགས་ཀྱི་བར་དུ་ན་བཟའ་དང་བཤོས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་ཡོ་བྱད་ཀྱིས་བསྙེན་བཀུར་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་སྐུ་ཉི་མ་དམ་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་དེ་བཞིན་གཤེགས་པ་སྐུ་ཤིན་ཏུ་དང་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ཡང་ཁོ་མོ་ཅག་གིས་བསྙེན་བཀུར་ཏོ། །རིམ་གྲོར་བྱས་སོ། །བསྟི་སྟང་དུ་བྱས་སོ། །ཕུ་དུད་དུ་བྱས་སོ། །མཆོད་དོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྐུ་ཐམས་ཅད་ལ་ཡེ་ཤེས་ཀྱི་གཟུགས་བརྙན་གྱི་ཟླ་བ་སྣང་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ཡང་ཁོ་མོ་ཅག་གིས་ལྷའི་དབང་པོར་གྱུར་ཏེ། བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འཛམ་བུ་ཆུ་ཀླུང་གི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྐུ་མཚན་གྱིས་རྣམ་པར་བརྒྱན་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་གཟེར་སྣ་ཚོགས་འབར་བའི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གཟིགས་པའི་ཡེ་ཤེས་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོའི་འོད་གཟེར་ཤིན་ཏུ་ཡངས་པའི་
རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྡོ་རྗེ་མཐུ་བོ་ཆེའི་བརྩོན་འགྲུས་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་གཞན་གྱིས་མི་ཐུབ་པའི་མཐུ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་པའི་ཡེ་ཤེས་ཤེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་དྲི་མ་མེད་པ་ཕུན་སུམ་ཚོགས་པའི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སེང་གེ་རྣམ་པར་བསྒྱིངས་པའི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་ཟེར་འབར་བའི་གཙུག་ཕུད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡོན་ཏན་འོད་གཟེར་རྒྱལ་མཚན་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཉི་མའི་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྐུ་རིན་པོ་ཆེའི་པད་མོ་ཤིན་ཏུ་རྒྱས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་བསོད་ནམས་སྒྲོན་མའི་རྒྱལ་མཚན་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་འོད་གཟེར་གྱི་སྤྲིན་གྱི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་སྣང་བའི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྒྱན་དང་གདུགས་ཀྱི་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་སྣང་བས་རྣམ་པར་གནོན་པའི་སེང་གེ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་ཡུལ་གྱི་བློ་གྲོས་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སེམས་ཅན་ནམ་མཁའི་སེམས་སྣང་བའི་གཟུགས་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རབ་ཏུ་ཞི་བའི་སྤོས་ཀྱི་གཙུག་བཟང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཞི་བའི་དབྱངས་ཀུན་ཏུ་
བསྒྲགས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་རབ་ཏུ་བརྟན་པའི་འོད་གཟེར་གྱི་དྲ་བའི་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་བདུད་རྩིའི་རི་བོའི་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོའི་འབྲུག་སྒྲ་སྒྲོག་པའི་དབྱངས་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སངས་རྒྱས་ནམ་མཁའ་སྣང་བའི་གཙུག་ཕུད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་གཟེར་ཟླ་བ་མཛོད་སྤུའི་སྤྲིན་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་ཞལ་ཤིན་ཏུ་རྒྱས་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་མེ་ཏོག་སྣང་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་བའི་རི་བོ་དཔལ་གྱི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་ཆེན་པོ་གཟི་བརྗིད་ཀྱི་འོད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་རི་རབ་མངོན་པར་འཕགས་པའི་ཡེ་ཤེས་ཤེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བའི་རྒྱལ་མཚན་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྐུ་འོད་འཕྲོ་བའི་དཀྱིལ་འཁོར་ཞེས་བྱ་བ་བསྙེན་བཀུར་ཏོ། ། དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་མཆོག་གི་འོད་ཀྱི་གཟི་བརྗིད་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་སྤྱོད་པ་ཀུན་ཏུ་ཐོགས་པ་མེད་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་འོད་འཕྲོ་རྒྱ་མཚོའི་སྒོའི་སྒྲོན་མ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བའི་རྒྱལ་མཚན་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱི་གཞལ་མེད་ཁང་གི་དབྱངས་ཀྱི་རྒྱན་ཞེས་བྱ་བ་བསྙེན་
བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡོན་ཏན་མི་མཚུངས་གྲགས་པའི་རྒྱལ་མཚན་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཕྱག་རབ་ཏུ་བརྐྱང་པ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྔོན་གྱི་སྨོན་ལམ་གྱི་འཕྲུལ་པའི་ཟླ་བ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ནམ་མཁའི་ཡེ་ཤེས་དོན་གྱི་སྒྲོན་མ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་ཀྱིས་འཕགས་པའི་ནམ་མཁའི་དབང་ཕྱུག་ཅེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དཔལ་གྱི་སྙིང་པོའི་རྒྱལ་པོ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་མཐུ་བོ་ཆེའི་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་ཞེས་བྱ་བ་བསྙེན་བཀུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོའི་པད་མོ་ཞེས་བྱ་བ་བསྙེན་བཀུར་ཏོ། །རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པ་དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་བྱུང་སྟེ། དེ་དག་ཐམས་ཅད་ཁོ་མོ་ཅག་གིས་ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་ཀྱིས་བསྙེན་བཀུར་ཏོ། །རིམ་གྲོར་བྱས་སོ། །བསྟི་སྟང་དུ་བྱས་སོ། །ཕུ་དུད་དུ་བྱས་སོ། །མཆོད་དོ། ། རིགས་ཀྱི་བུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱི་ཐ་མར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་ཆེན་པོ་ལ་མོས་པ་ཡང་དག་པར་འབྱུང་བའི་གཟི་བརྗིད་ཅེས་བྱ་བ་བྱུང་སྟེ། བཅོམ་ལྡན་འདས་དེ་གྲོང་ཁྱེར་དུ་གཤེགས་པ་ལ་ཁོ་མོ་རྒྱལ་པོའི་ཆུང་མར་གྱུར་ཏེ། ཁྱིམ་ཐབ་དང་བཅས་པས་དེ་བཞིན་གཤེགས་པའི་མཆོད་པ་མཆོད་པའི་སྒོ་རྣམ་པ་ཐམས་ཅད་དུ་བཤམས་པས་མཆོད་པ་བྱས་ནས་བཅོམ་ལྡན་འདས་དེ་ལས་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་
པ་ཐམས་ཅད་སྐྱེ་བ་འབྱུང་བའི་སྒྲོན་མ་ཞེས་བྱ་བ་ཐོས་སོ། །དེ་ཐོས་ནས་ཁོ་མོས་ཡེ་ཤེས་ཀྱི་མིག་རབ་ཏུ་ཐོབ་སྟེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་རྣམ་པར་ལྟ་བའི་ཡུལ་འདི་ཡང་རབ་ཏུ་ཐོབ་པར་གྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་རྣམ་པར་ཐར་པ་འདི་ལ་སྒོམ་ཞིང་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་ཅིང་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཏུ་རྒྱུ་རྒྱུ་སྟེ། སངས་རྒྱས་ཀྱི་ཞིང་དེ་སྙེད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བསྐལ་པ་དེ་དག་ལ་དེ་བཞིན་གཤེགས་པ་མཐའ་དང་དབུས་མེད་པ་ཞིག་བསྙེན་བཀུར་ནས། བསྐལ་པ་ལ་ལ་ལ་ནི་དེ་བཞིན་གཤེགས་པ་བསྐལ་པར་བཞུགས་པ་གཅིག་ཀྱང་བསྙེན་བཀུར་ཏོ། །བསྐལ་པ་ལ་ལ་ལ་ནི་དེ་བཞིན་གཤེགས་པ་གཉིས་ཀྱང་བསྙེན་བཀུར་ཏོ། །བསྐལ་པ་ལ་ལ་ལ་ནི་དེ་བཞིན་གཤེགས་པ་བརྗོད་དུ་མེད་པའི་བར་དག་ཀྱང་བསྙེན་བཀུར་ཏོ། །བསྐལ་པ་ལ་ལ་ལ་ནི་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་བསྙེན་བཀུར་ཏེ། དེ་སྲིད་དུ་ཁོ་མོས་བྱང་ཆུབ་སེམས་དཔའི་སྐུ་ཡང་ཚད་ནི་ཇི་ཙམ་ཞིག །དབྱིབས་ནི་ཇི་ལྟ་བུ་ཞིག །སྐུ་མདོག་ནི་ཅི་འདྲ་བ་ཞིག་ཡིན་པ་ཁོང་དུ་མ་ཆུད་དོ། །སྐུའི་ཕྲིན་ལས་ཀྱང་ཁོང་དུ་མ་ཆུད། གསུང་གི་ཕྲིན་ལས་དང་ཐུགས་ཀྱི་ཕྲིན་ལས་ཀྱང་ཁོང་དུ་མ་ཆུད་དོ། །ཡེ་ཤེས་ཀྱི་གཟིགས་པ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ཡང་ཁོང་དུ་མ་ཆུད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་མཐོང་ནས། བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་སྐྱེས་ཏེ། བརྡ་སྣ་ཚོགས་དང་བསྙེན་པ་སྣ་ཚོགས་ཀྱིས་མོས་པ་བསྐྱེད་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐབས་སྣ་ཚོགས་ཀྱིས་ཡོངས་སུ་བཟུང་སྟེ། བྱང་ཆུབ་སེམས་དཔའི་འཁོར་དུ་གྱུར་ཏོ། །དེ་དག་ཀྱང་བྱང་
ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ་འཁོར་དུ་འགྲོགས་འགྲོགས་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོས་དེ་བཞིན་གཤེགས་པ་ཆོས་རྒྱ་ཆེན་པོ་ལ་མོས་པ་ཡང་དག་པར་འབྱུང་བའི་གཟི་བརྗིད་ཀྱི་ཞལ་མཐོང་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཚུལ་རྒྱ་མཚོ་ལ་རྣམ་པར་ལྟ་བའི་ཡུལ་འདི་ཐོབ་ནས། རྣམ་པར་ཐར་པ་འདི་སྒོམ་ཞིང་བྱང་ཆུབ་སེམས་དཔའ་དང་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཏུ་འགྲོགས་འགྲོགས་ཏེ། བསྐལ་པ་སངས་རྒྱས་ཀྱི་ཞིང་བརྒྱའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ལ་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་ཁོ་མོས་བསྙེན་བཀུར་ཏོ། །མཆོད་དོ་རིམ་གྲོར་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཀྱང་ཁོ་མོས་ཆོས་བསྟན་པ་ཐོས་ཏེ། ཡོངས་སུ་བླངས་སོ། །ཡང་དག་པར་གཟུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལས་ཀྱང་ཁོ་མོས་རྣམ་པར་ཐར་པ་འདི་ཚུལ་སྣ་ཚོགས་དང་། མདོ་སྡེའི་ཚུལ་གྱི་གསུང་སྣ་ཚོགས་དང་། རྣམ་པར་ཐར་པའི་རང་བཞིན་སྣ་ཚོགས་དང་། རྣམ་པར་ཐར་པའི་སྒོ་སྣ་ཚོགས་དང་། རྣམ་པར་ཐར་པའི་རྒྱུད་སྣ་ཚོགས་དང་། དུས་ལ་འཇུག་པ་སྣ་ཚོགས་དང་། ཞིང་རྒྱ་མཚོ་ལ་འཇུག་པ་སྣ་ཚོགས་དང་། སངས་རྒྱས་བལྟ་བ་རྒྱ་མཚོ་རྣམ་པར་དམྱིགས་པར་བྱ་བ་སྣ་ཚོགས་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་པ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་མཚོའི་ཚུལ་གྱི་ལམ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་བསྒྲུབ་པ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འབྱམ་ཀླས་པ་སྣ་ཚོགས་ཀྱིས་ཐོབ་པར་གྱུར་ཀྱང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་ཚུལ་ནི་ཁོང་དུ་མ་ཆུད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་
ཀུན་ཏུ་བཟང་པོ་རྣམས་ཀྱི་རྣམ་པར་ཐར་པའི་ཚུལ་ནི་ནམ་མཁའི་དབྱིངས་ཀྱིས་ཀླས་པར་ཚད་མྱེད་དོ། །སེམས་ཅན་གྱི་མིང་དུ་བྱ་བ་ཐམས་ཅད་ཀྱི་དབྱིངས་ལྟར་ཚད་མྱེད་དོ། །དུས་གསུམ་གྱི་རྒྱུད་རྒྱ་མཚོའི་དབྱིངས་ལྟར་ཚད་མེད་དོ། །ཕྱོགས་རྒྱ་མཚོའི་དབྱིངས་ལྟར་ཚད་མེད་དོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོའི་དབྱིངས་ལྟར་ཚད་མེད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་ཀྱི་རྣམ་པར་ཐར་པའི་ཚུལ་གྱི་ལུས་ནི་དེ་བཞིན་གཤེགས་པའི་ཡུལ་དང་མཉམ་པའོ། །དེ་ལྟར་རིགས་ཀྱི་བུ་ཁོ་མོས་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྐུ་ལ་ལྟ་ལྟ་ཡང་བལྟ་བས་མ་ངོམས་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གཅིག་ཏུ་འདོད་ཆགས་ལ་སྤྱོད་པའི་སྐྱེས་པ་དང་བུད་མེད་ཕན་ཚུན་ནས་ཕྲད་པར་དུས་བྱས་པ་གཉིས་ལ་ནི་སེམས་ཀྱི་རྒྱུད་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་གཙང་བའི་འདུ་ཤེས་དང་། རྣམ་པར་རྟོག་པས་མྱོས་པ་ལས་བྱུང་བ་ཚད་མྱེད་པ་ཞིག་སྐྱེའོ། །རིགས་ཀྱི་བུ་དེ་བཞིན་དུ་ཁོ་མོ་བྱང་ཆུབ་སེམས་དཔའི་སྐུ་ལ་ལྟ་ན་བ་སྤུའི་སྒོ་རེ་རེ་ནས་ཀྱང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འབྱམ་ཀླས་པ་མཐའ་དང་དབུས་མེད་པ་ཚད་མེད་པར་ཤིན་ཏུ་བསྟན་པ་གཞི་སྣ་ཚོགས་དང་ལྡན་པ། མཚམས་ཀྱི་རྒྱན་སྣ་ཚོགས་དང་ལྡན་པ་དབྱིབས་སྣ་ཚོགས་དང་ལྡན་པ་རིའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་སའི་གཞིའི་རྒྱན་སྣ་ཚོགས་བསྟན་དུ་ཡོད་པ་སྤྲིན་སྣ་ཚོགས་དང་ལྡན་པའི་ནམ་མཁའ་ཀུན་ནས་ཁྱབ་པའི་རྒྱན་དང་ལྡན་པ། ཚུལ་དང་མྱིང་དང་གྲངས་སྣ་ཚོགས་སུ་བརྗོད་པ་སངས་རྒྱས་འབྱུང་བ་དང་དེ་བཞིན་གཤེགས་པའི་རྒྱུད་སྣ་ཚོགས་འབྱུང་བ་སྙིང་པོ་བྱང་ཆུབ་ཀྱི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པར་འཕྲུལ་པ་སྣ་ཚོགས་དང་ལྡན་པ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་སྣ་ཚོགས་དང་ལྡན་པ། མདོ་སྡེའི་ཚུལ་སྣ་ཚོགས་ཤིན་ཏུ་བསྟན་པའི་སྒྲ་འབྱུང་བ། ཐེག་པའི་ཚུལ་སྣ་ཚོགས་མངོན་པར་བསྒྲུབ་པ་འབྱུང་བ་དང་ལྡན་
པ། ཡོངས་སུ་དག་པའི་འོད་དང་སྣང་བ་སྣ་ཚོགས་ཀྱི་རབ་ཏུ་སྣང་བ་མཚན་མ་སྔན་ཆད་མ་མཐོང་བ་དག་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་མྱིག་ལམ་དུ་སྣང་ངོ་། །བ་སྤུའི་སྒོ་རེ་རེ་ནས་ཀྱང་སངས་རྒྱས་རྒྱ་མཚོ་མཐའ་དང་དབུས་མེད་པ་སྙིང་པོ་བྱང་ཆུབ་ཀྱི་རྒྱན་སྣ་ཚོགས་མངའ་བ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པར་འཕྲུལ་པ་སྣ་ཚོགས་དང་ལྡན་པ་མདོ་སྡེའི་ཚུལ་སྣ་ཚོགས་སྒྲོག་པའི་རྣམ་པར་འཕྲུལ་པ་དང་ལྡན་པ་དག་ཀྱང་རྒྱུན་མི་འཆད་པའི་ཚུལ་དུ་སེམས་ཀྱི་སྐད་ཅིག་རེ་རེ་ལ་མྱིག་ལམ་དུ་སྣང་ངོ་། །བ་སྤུའི་སྒོ་རེ་རེ་ནས་ཀྱང་སེམས་ཅན་རྒྱ་མཚོ་མཐའ་དང་དབུས་མེད་པ་ཁྱིམ་དང་ཀུན་དགའི་ར་བ་དང་རི་དང་གཞལ་མེད་ཁང་དང་ཆུ་ཀླུང་དང་རྒྱ་མཚོ་ལ་གནས་པ་གཟུགས་དང་ལུས་སྣ་ཚོགས་ཅན་ལོངས་སྤྱོད་ཀྱི་ཡུལ་སྣ་ཚོགས་དང་ལྡན་པ། སྤྱོད་པ་དང་སྤྱོད་ཡུལ་དང་སྦྱོར་བ་སྣ་ཚོགས་དང་ལྡན་པ། དབང་པོ་སྣ་ཚོགས་སུ་བསྒྲུབ་པའི་ཚུལ་དང་ལྡན་པ་དག་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་མྱིག་ལམ་དུ་སྣང་ངོ་། །བ་སྤུའི་སྒོ་རེ་རེ་ནས་ཀྱང་དུས་གསུམ་རྒྱ་མཚོ་ལ་འཇུག་པའི་ཚུལ་མཐའ་དང་དབུས་མེད་པ་ཞིག་མིག་ལམ་དུ་སྣང་ངོ་། །བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་མཚོ་མཐའ་དང་དབུས་མེད་པ་ཞིག་ནི་རྣམ་པར་དག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་སྤྱོད་པ་རྣམ་པ་ཐ་དད་པ་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་ཡོངས་སུ་སྣང་ངོ་། །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་ཡོངས་སུ་དག་པ་མཐའ་དང་དབུས་མེད་པ་དག་ཀྱང་ཡོངས་སུ་སྣང་ངོ་། །བྱང་ཆུབ་སེམས་དཔའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་ཡོངས་སུ་སྣང་ངོ་། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཚུལ་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་ཡོངས་སུ་སྣང་ངོ་། །བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོའི་ཚུལ་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་ཡོངས་སུ་སྣང་ངོ་། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་གདུལ་བའི་མཐུ་དང་ཐབས་རྒྱ་མཚོ་དག་ལ་འང་འཇུག་ཅིང་ཁོང་དུ་ཆུད་
དོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་སྤྲིན་གྱི་ཚུལ་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་ཡོངས་སུ་འགྲུབ་བོ། །བྱང་ཆུབ་སེམས་དཔའི་དགའ་བའི་ཤུགས་ཆེན་པོ་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་རྣམ་པར་འཕེལ་ཏེ། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བའི་ཚུལ་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་རབ་ཏུ་འགྲུབ་བོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྒྱའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་ཏུ་བྱང་ཆུབ་སེམས་དཔའ་བ་སྤུའི་སྒོ་རེ་རེ་ཞིང་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་ཚུལ་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་ཞུགས་ཏེ། ཁོང་དུ་ཆུད་པར་བྱས་ཀྱང་མཐར་ཐུག་པར་མ་གྱུར་ཏེ་སྔོན་ཁོང་དུ་ཆུད་པ་ལ་བཟླས་ཏེ། ཁོང་དུ་ཆུད་པར་བྱས་པའང་མེད་དོ་སྔོན་ཐོས་པ་ལ་བཟླས་ཏེ། ཐོས་པར་བྱ་བའང་མེད་དོ། །རིགས་ཀྱི་བུ་དེ་ལྟར་དོན་ཐམས་ཅད་གྲུབ་པ་བཙུན་མོའི་འཁོར་གྱི་ནང་ན་བཞུགས་ཤིང་བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བཞུགས་པའི་ཚེའང་ཁོ་མོ་ནི་བ་སྤུའི་སྒོ་རེ་རེ་ནས་ཀྱང་དུས་གསུམ་གྱི་ཚུལ་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཚུལ་རྒྱ་མཚོ་ཁོང་དུ་ཆུད་པར་བྱ་བས་ཡོངས་སུ་འཇུག་གོ །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་རྣམ་པར་ལྟ་བའི་ཡུལ་འདི་ཤེས་ཏེ། མཉམ་པར་གཞོག་པར་ཟད་ན་ཁོ་མོས་བྱང་ཆུབ་སེམས་དཔའ་ཐབས་ཀྱི་ཚུལ་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་ཞུགས་པ་སེམས་ཅན་ཐམས་ཅད་དང་མཉམ་ཞིང་འདྲ་བའི་དབྱིངས་སུ་གནས་པའི་ལུས་རྣམ་པར་དམིགས་པ་ཡོངས་སུ་སྟོན་པ་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དང་མཐུན་པར་སྤྱོད་པ་ཡོངས་སུ་སྟོན་པ་བ་སྤུའི་སྒོ་ཐམས་ཅད་ནས་ཁ་དོག་མཐའ་ཡས་པའི་སྤྲུལ་པའི་སྤྲིན་རབ་ཏུ་འགྱེད་པ་ལུས་མེད་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ཤིན་ཏུ་རྣམ་པར་དག་པ་ནམ་མཁའི་མཚན་ཉིད་དུ་འགྲོ་བའི་རང་བཞིན་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མེད་པ་ཐམས་ཅད་དུ་རྗེས་སུ་སོང་བའི་བློ་རྣམ་པར་གདོན་མི་ཟ་བས་དེ་བཞིན་གཤེགས་པ་དང་མཉམ་པ་
རྣམ་པར་འཕྲུལ་པ་ལ་བརྩོན་པ་རྣམ་པར་ཐར་པའི་ཡུལ་མཐའ་དང་དབུས་མེད་པས་རྣམ་པར་འཕྲུལ་པ་ལ་ཞུགས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྒྱ་ཆེན་པོར་སེམས་བསྐྱེད་པས་འཇུག་པ་ལ་རྣམ་པར་སྤྱོད་ཅིང་དབང་བསྒྱུར་བ་ཆོས་ཀྱི་གནས་སྒོ་ཐམས་ཅད་དང་ལྡན་པའི་རྣམ་པར་ཐར་པ་རྒྱ་མཚོ་ལ་རྣམ་པར་རྩེ་བ་དེ་དག་གི་སྤྱོད་པ་ཤེས་པའམ ་ཡོན་ཏན་གྱི་གཏེར་མ་ལུས་པར་བསྟན་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་ཀྱི་དྲུང་འདི་ཉིད་ན་ཁྲི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་པད་མོའི་སྙིང་པོ་ཅན་ལ་བྱང་ཆུབ་སེམས་དཔའི་ཡུམ་ལྷ་མོ་སྒྱུ་མ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཆོས་ཀྱི་དྲི་མ་ཐམས་ཅད་ཀྱིས་མི་གོས་པ་ཡིན་པ་དང་། དེ་བཞིན་གཤེགས་པ་མཆོད་པའི་ནན་ཏན་ལ་རྒྱུན་མི་ཆད་པ་ཡིན་པ་དང་བྱང་ཆུབ་སེམས་དཔའི་ལས་ཀྱི་མཐའ་ཐམས་ཅད་ལས་ཕྱིར་མི་ལྡོག་པ་ཡིན་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལ་འཇུག་པ་ལ་སྒྲིབ་པ་ཐམས་ཅད་དང་བྲལ་བར་འགྱུར་བ་ཡིན་པ་དང་བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པ་ཡིན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་མངོན་དུ་གྱུར་པར་གནས་པ་ཡིན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བའི་ནན་ཏན་ལས་ཕྱིར་མི་ལྡོག་པ་ཡིན་པ་དང་། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་གནས་པར་བྱ་བ་ལས་ཕྱིར་མི་ལྡོག་པ་ཡིན་པ་དང་། ཐེག་པ་ཆེན་པོའི་སྨོན་ལམ་ལས་ཕྱིར་མི་ཟློགས་པ་ཡིན་པ་དང་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་གཟུང་བ་དང་རྣམ་པར་སྤེལ་བ་ལ་སྒྱིད་ལུག་པར་མི་འགྱུར་བ་ཡིན་པ་དྲིས་ཤིག །དེ་ནས་ཤཱཀྱའི་བུ་མོ་གོ་པས་རྣམ་པར་ཐར་པའི་སྒོའི་ཚུལ་འདི་ཉིད་ཡོངས་སུ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཡང་དག་བྱང་ཆུབ་སྤྱོད་ལ་བརྩོན་པ་ཡི། །སེམས་ཅན་དམ་པ་སེམས་ཅན་སུས་མཐོང་བ། །མོས་པའི་
སེམས་སམ་ཁོང་ཁྲོ་ལྡན་ཡང་རུང་། །དེ་ཡི་བསྡུ་བས་ཀུན་ཀྱང་ཡོངས་སུ་འདུ། །ཞིང་བརྒྱའི་རྡུལ་ཕྲན་རབ་ཏུ་ཕྲ་སྙེད་ཀྱི། །བསྐལ་པ་མང་པོ་ཁོ་མོས་འདི་ནས་དྲན། །དེ་ཡི་ཕ་རོལ་བསྐལ་པ་རྣམ་བརྒྱན་ལ། །འཇིག་རྟེན་ཁམས་རབ་རི་བོའི་འོད་བྱུང་ངོ་། །དེ་ལ་ཐུབ་པ་སྟོང་ཕྲག་འགྲངས་པ་ནི། །བྱེ་བ་ཁྲག་ཁྲིག་སུམ་ཅུ་དྲུག་བྱུང་སྟེ། །དེ་ཀུན་ཐ་མར་ཐུབ་དབང་བྱུང་བ་ནི། །འགྲོ་བའི་སྒྲོན་མ་ཆོས་ཀྱི་རྒྱལ་མཚན་ནོ། །དེ་ཚེ་རྒྱལ་པོ་དཔལ་གྱི་གཟི་བརྗིད་བྱུང་། །ཐུབ་དབང་དེ་ནི་མྱ་ངན་ཡོངས་འདས་ནས། །དགྲ་ཡི་འཁོར་བཅོམ་འཛམ་བུའི་རྒྱལ་མཚན་འདིར། །བཀའ་ལ་ཐོགས་མེད་མངའ་བདག་དམ་པར་གྱུར། །དེ་ལ་བུ་ནི་བརྒྱ་ཕྲག་ལྔ་ཡོད་དེ། །ཀུན་ཀྱང་དཔའ་ཞིང་བརྟུལ་ཕོད་གཟུགས་དང་ལྡན། །ཡན་ལག་ཀུན་རྫོགས་རྣམ་པར་དག་པའི་ལུས། །གོང་ན་མེད་པའི་དཔལ་གྱིས་རབ་ཏུ་བརྒྱན། །རྒྱལ་པོ་སྲས་བཅས་བདེ་གཤེགས་འདུན་པར་གྱུར། །རྒྱལ་བའི་མཆོད་པ་རྒྱ་ཆེན་རབ་ཀྱང་བྱས། །དེ་ནི་རྟག་ཏུ་དམ་ཆོས་ཡོངས་བཟུང་བའི། །ཆོས་ལ་མངོན་བརྩོན་རབ་ཏུ་བརྟན་པར་གྱུར། །རྒྱལ་པོ་དེ་སྲས་འོད་གཟེར་བཟང་པོ་ནི། །སེམས་ཅན་རྣམ་དག་གཞོན་ནུ་འཁྲུངས་གྱུར་པ། །ཤིན་ཏུ་བལྟ་མཛེས་ཡིད་འོང་གཟུགས་ལྡན་ཏེ། །ཡན་ལག་མཚན་རབ་སུམ་ཅུ་གཉིས་ཀྱིས་བརྒྱན། །རྒྱལ་སྲིད་ཡོངས་སུ་སྤངས་ནས་མི་ཡི་འཁོར། །བྱེ་བ་ལྔས་བསྐོར་དེ་ཚེ་རབ་ཏུ་བྱུང་། །རབ་ཏུ་བྱུང་ནས་བརྩོན་འགྲུས་བརྟན་ལྡན་ཏེ། །རྒྱལ་བའི་ཆོས་ཀྱང་ཡོངས་སུ་གཟུང་བར་གྱུར། །ཕོ་བྲང་དམ་པ་སྡོང་པོ་ལྡན་པ་ནི། །གྲོང་མཆོག་བྱེ་བ་སྟོང་གིས་ཀུན་ནས་བསྐོར། །ནགས་ཚལ་ཡལ་ག་སྣ་ཚོགས་དེར་བྱུང་བ། །རབ་ཏུ་སྒྲ་ཞི་བླ་ན་མེད་པའི་དཔལ། །དེ་ན་འོད་བཟང་བརྟུལ་ཞུགས་རབ་ལྡན་པ། །འཇིགས་མེད་ཤེས་རབ་སྤོབས་དང་ལྡན་པ་བཞུགས། །དེས་ནི་སེམས་ཅན་ཉོན་མོངས་སྦྱངས་པའི་ཕྱིར། །རྒྱལ་བའི་ཆོས་ཀྱང་ཡོངས་སུ་བསྟན་པ་མཛད། །ཤེས་རབ་ལྡན་པ་དེ་ནི་བསོད་
སྙོམས་ལ། །སྤྱོད་ལམ་མཛེས་ཤིང་ཆ་བྱད་ཞི་བ་དང་། །མི་གཡེང་སྤྱན་གྱིས་ དགོངས་པ ་མཁྱེན་བཞིན་དུ། །ཚུལ་ཟབ་བརྟན་པར་བཞུད་པས་གྲོང་དུ་བྱོན། །གྲོང་མཆོག་དགའ་བའི་རྒྱལ་མཚན་ཞེས་བྱ་བར། །ཚོང་དཔོན་ལེགས་པ་སྙན་གྲགས་དེར་བྱུང་སྟེ། །ཁོ་མོ་དེ་ཡི་བུ་མོ་ཡིད་འོང་གྱུར། །གཟུགས་མཛེས་ལྡན་ཏེ་ཉི་མའི་འོད་ཅེས་བྱ། །ཁྱིམ་གྱི་དམ་པ་དེ་ཡི་སྒོ་ནས་སུ། །འོད་གཟེར་བཟང་པོ་འཁོར་བཅས་ཁོ་མོས་མཐོང་། །ཡན་ལག་མཚན་བརྒྱན་ཤིན་ཏུ་མཛེས་པ་སྟེ། །དེ་ལ་ཁོ་མོ་མོས་པ་མཆོག་ཅིག་སྐྱེས། །དེ་ནི་ཁོ་མོའི་ཁྱིམ་གྱི་སྒོར་བྱོན་ནས། །ནོར་བུ་དེ་ཡི་ལྷུང་བཟེད་ནང་དུ་གསོལ། །རྒྱན་རྣམས་ཀུན་ཀྱང་བཀྲོལ་ཏེ་མོས་སེམས་ཀྱིས། །ཤིན་ཏུ་འདུན་པར་དེ་ལ་བདག་གིས་ཕུལ། །བདེ་གཤེགས་སྲས་པོ་འོད་གཟེར་བཟང་དཔལ་ལ། །འདོད་ཆགས་སེམས་ཀྱིས་མཆོད་པ་རྣམས་བསྒྲུབས་པས། །བསྐལ་པའི་དམ་པ་ཉིས་བརྒྱ་ལྔ་བཅུར་ཡང་། །ངན་སོང་གང་དུའང་སོང་བར་མ་གྱུར་ཏོ། །ལྷ་ཡི་ཡུལ་དུ་ལྷ་རིགས་ལྡན་པར་སྐྱེས། །མི་ཡི་ཡུལ་དུ་རྒྱལ་པོའི་སྲས་མོར་གྱུར། །ཁ་དོག་མཐའ་ཡས་སྐུ་ཡི་མདོག་མངའ་བས། །ཀུན་ཏུ་ཁོ་མོ་མངོན་པར་ཞལ་ཡང་བསྟན། །བསྐལ་པ་ཉིས་བརྒྱ་ལྔ་བཅུ་འདས་གྱུར་ནས། །སྦྲུལ་འཚོང་གཙོ་མོ་བལྟ་ན་སྡུག་པ་སྟེ། །མི་འཇིགས་བྱེད་པའི་བུ་མོར་སྐྱེས་པར་གྱུར། །དེ་ཚེ་ཤིན་ཏུ་སྦྱངས་ཤེས་བྱ་བ་ཡིན། །རྒྱལ་བུ་གཟི་བརྗིད་འོད་ཀྱི་བདག་མཐོང་ནས། །ཁོ་མོས་དེ་ལ་དགའ་བས་མཆོད་པ་བྱས། །བདག་ཉིད་དེ་ལ་ཡོངས་སུ་དབུལ་བྱས་ནས། །ཁོ་མོ་དེ་ཡི་དབང་གྱུར་ཆུང་མར་གྱུར། །དྲང་སྲོང་ཆེན་པོའི་སྐུ་མཆོག་ཉི་མ་ལའང་། །བདག་ཅག་བསྡོམས་ཏེ་ལེགས་པར་མཆོད་པ་བྱས། །མོས་པས་སངས་རྒྱས་དེ་ཡི་ཞལ་བལྟས་ནས། །བདག་གིས་བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །རྒྱལ་བ་བྱེ་བ་དྲུག་ཅུ་ཚང་བ་ཡང་། །བསྐལ་པ་དེ་ལ་ཁོ་
མོས་རིམ་གྲོ་བྱས། །རྒྱལ་བ་དེ་དག་ཐ་མའི་དུས་ཀྱི་ཚེ། །སངས་རྒྱས་མོས་པའི་གཟི་བརྗིད་བྱུང་བར་གྱུར། །དེར་ནི་ཁོ་མོའི་ཆོས་མྱིག་རྣམ་པར་དག །ཆོས་ཀྱི་རང་བཞིན་བདག་གིས་ཁོང་དུ་ཆུད། །ཚུལ་མྱིན་རྣམ་རྟོག་རབ་ཏུ་ཞི་བར་གྱུར། །དེ་ཚེ་ཚུན་ཆད་ཁོ་མོས་སྣང་བ་ཐོབ། །རྒྱལ་སྲས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡང་། །དེ་ཕྱི་ཚུན་ཆད་རྣམ་པར་མཐོང་བར་གྱུར། །སེམས་ཀྱི་སྐད་ཅིག་གཅིག་གིས་རྒྱ་མཚོའི་ཞིང་། །བསམ་ལས་རྣམ་འདས་ཕྱོགས་སུ་ཁོ་མོ་འཇུག །ཕྱོགས་རྣམས་ཀུན་གྱི་སྣ་ཚོགས་རྣམ་དག་པའི། །ཞིང་རྣམས་ཚད་མེད་རྨད་མཐོང་ཁོ་མོས་མཐོང་། །མཐོང་ཡང་དེ་དག་ལ་ནི་ཆགས་པ་མེད། །ཉོན་མོངས་བཅས་ལའང་ཁོང་ཁྲོ་སྡང་བ་མེད། །ཞིང་རྣམས་དེ་དག་མ་ལུས་ཐམས་ཅད་ཀྱི། །སྙིང་པོ་བྱང་ཆུབ་སངས་རྒྱས་མ་ལུས་མཐོང་། །དེ་དག་འོད་ཀྱི་རྒྱ་མཚོ་ཚད་མེད་པའང་། །སེམས་ཀྱི་སྐད་ཅིག་གཅིག་གིས་རྣམ་པར་བལྟ། །དེ་དག་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཡང་། །སེམས་ཅིག་ཐོགས་པ་མེད་པས་ཁོང་དུ་ཆུད། །རྣམ་པར་ཐར་པ་ཚད་མེད་ཐམས་ཅད་དང་། །དེ་དག་ཏིང་འཛིན་མ་ལུས་དེ་བཞིན་ཤེས། །དེ་དག་སྤྱོད་པ་ཡངས་པའང་ཁོང་དུ་ཆུད། །ས་ཚུལ་མ་ལུས་ཀུན་ཀྱང་ཁོ་མོས་ཤེས། །སྨོན་ལམ་གྲངས་མེད་རྒྱ་མཚོ་ཆེན་པོ་ཡང་། །སྐད་ཅིག་རེ་རེས་མཐའ་ཡས་ཁོང་དུ་ཆུད། །བསྐལ་པ་མཐའ་ཡས་སྤྱད་པ་སྤྱོད་བྱེད་ཅིང་། །སྐྱེས་བུ་དམ་པའི་སྐུ་ལ་ལྟ་ལྟ་སྟེ། །དེ་ཡི་བ་སྤུ་རྣམ་པར་འཕྲུལ་པ་ཡང་། །ནམ་ཡང་མུར་ཕྱིན་བདག་གིས་མ་ནུས་སོ། །དེ་ཡི་བ་སྤུ་གཅིག་གི་རྩེ་ལ་ཡང་། །ཞིང་མང་རྒྱ་མཚོ་གྲངས་ལས་འདས་པ་མཐོང་། །རླུང་གི་ཕུང་པོ་ཆུ་བོ་ཆེན་པོ་དང་། །ས་ཡི་ལྷུན་རྣམས་མེ་ཡིས་ཡོངས་གང་མཐོང་། །གཞི་རྣམས་སྣ་ཚོགས་རྣམ་ཕྱེའི་གཟུགས་ལྡན་ཞིང་། །དབྱིབས་ཚུལ་སྣ་ཚོགས་ཁོང་དུ་ཆུད་བྱ་བ། །དབྱིབས་དང་ལུས་ཀྱི་རྣམ་པས་སྣ་ཚོགས་ཤིང་། ། ལུས་དང་རྣམ་པ་མཐའ་ཡས་གཟུགས་ལྡན་པའི། །བརྗོད་ཡས་ཁམས་རྣམས་
ཞིང་རྣམས་རྒྱ་མཚོ་དག །ཚད་མེད་རྣམས་སུ་ཐ་དད་གསལ་བར་མཐོང་། །ཆོས་ཀྱི་གསུང་གིས་འགྲོ་བ་གདུལ་དོན་དུ། །བརྩོན་པའི་རྒྱལ་བ་དེ་ཉིད་བཞུགས་པ་མཐོང་། །བསྐལ་པར་སྤྱོད་པ་ཡངས་པ་སྤྱོད་པའི་ཚེ། །སྐུ་ཡི་ཕྲིན་ལས་ཁོ་མོས་དེ་མ་ཤེས། །གསུང་དང་ཐུགས་མིན་དེ་གཉིས་ཕྲིན་ལས་མིན། །རྫུ་འཕྲུལ་རྣམ་འཕྲུལ་ཐ་དད་ཚུལ་མ་ཤེས། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཤཱཀྱའི་བུ་མོ་གོ་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཤཱཀྱའི་བུ་མོ་གོ་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ཤཱཀྱའི་བུ་མོ་གོ་པའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་དྲུག་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལྷ་མོ་སྒྱུ་མའི་གན་དུ་འགྲོ་བར་མངོན་དུ་བལྟས་ནས། སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་རྒྱུད་ཀྱི་ཡེ་ཤེས་ལ་ཞུགས་པ་དེས་འདི་སྙམ་དུ་བསམས་སོ། །བདག་གི་དགེ་བའི་བཤེས་གཉེན་འཇིག་རྟེན་ཐམས་ཅད་ལས་གྱེན་དུ་འཕགས་པའི་སྐྱེ་མཆེད་དྲུག་དང་ལྡན་པ། གནས་མེད་པ་ལ་རབ་ཏུ་གནས་པ། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ལུས་དང་ལྡན་པ། ཆགས་པ་མེད་པར་འགྲོ་བའི་ལམ་དུ་ཞུགས་པ་ཆོས་ཀྱི་ལུས་ཤིན་ཏུ་རྣམ་པར་དག་པ། ལུས་ཀྱི་ལས་སྒྱུ་མས་ལེགས་པར་སྤྲུལ་པའི་ལུས་དང་ལྡན་པ། ཡེ་ཤེས་སྒྱུ་མའི་རྣམ་པས་འཇིག་རྟེན་ན་རྣམ་པར་སྤྱོད་པ། སྨོན་ལམ་སྒྱུ་མའི་གཟུགས་དང་ལུས་སུ་ལྡན་པ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཡིད་ཀྱི་རང་བཞིན་གྱི་ལུས་དང་ལྡན་པ། མ་སྐྱེས་མ་འགགས་པའི་ལུས་དང་ལྡན་པ། འོངས་པ་མེད་པའི་ལུས་དང་ལྡན་པ། བདེན་པ་མེད་པ་དང་། བརྫུན་པ་མེད་པའི་ལུས་དང་ལྡན་པ། མ་འཕོས་མ་ཞིག་པའི་ལུས་དང་ལྡན་པ། མ་བྱུང་མི་འཇིག་པའི་ལུས་དང་ལྡན་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ལུས་དང་ལྡན་པ། གཉིས་ལ་ཆགས་པ་དང་བྲལ་བའི་ལུས་དང་ལྡན་པ། ཀུན་གཞི་མེད་པ་ལ་གནས་པའི་ལུས་དང་ལྡན་པ། མི་ཟད་ཅིང་ཉམས་པ་མེད་པའི་ལུས་དང་
ལྡན་པ། གཟུགས་བརྙན་ལྟར་རྣམ་པར་རྟོག་པ་མེད་པའི་ལུས་དང་ལྡན་པ། རྨི་ལམ་དང་མཉམ་པར་རྣམ་པར་རྒྱུ་བའི་ལུས་དང་ལྡན་པ་མེ་ལོང་གི་དཀྱིལ་འཁོར་ལྟར་འཕོ་བ་མེད་པའི་ལུས་དང་ལྡན་པ། །ཕྱོགས་མེད་པ་ལྟར་རབ་ཏུ་ཞི་བར་ཁོང་དུ་ཆུད་པའི་ལུས་དང་ལྡན་པ། ཕྱོགས་ཀུན་ཏུ་རྒྱས་པར་འགེངས་པའི་ལུས་དང་ལྡན་པ། དུས་གསུམ་དུ་ཐ་མི་དད་པའི་ལུས་དང་ལྡན་པ། ལུས་མེད་པའི་སེམས་ཀྱི་ལུས་རྣམ་པར་མི་རྟོག་པའི་ལུས་དང་ལྡན་པ། འཇིག་རྟེན་ཐམས་ཅད་ཀྱི་མྱིག་གི་ལམ་ལས་ཡོངས་སུ་འདས་པའི་ལུས་དང་ལྡན་པ། ཀུན་ཏུ་བཟང་པོའི་མྱིག་གི་རྒྱུད་ཀྱིས་རྣམ་པར་ཤེས་པར་བྱ་བས་འདུལ་བའི་ལུས་དང་ལྡན་པ། ཆགས་པ་མེད་པས། ནམ་མཁའི་སྤྱོད་ཡུལ་དང་ལྡན་པ་རྣམས་མཐོང་བར་བྱ་བའམ། བསྙེན་བཀུར་བར་བྱ་བའམ། མངོན་གསུམ་དུ་ཕྲད་པར་བྱ་བའམ། འགྲོགས་པར་བྱ་བའམ། མཚན་མ་གཟུང་བར་བྱ་བའམ། དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་རིག་པར་ཤེས་པར་བྱ་བའམ། ཚིག་གི་རྒྱུད་ཡོངས་སུ་ཤེས་པར་བྱ་བའམ། གདམས་ངག་ཡོངས་སུ་གཟུང་བར་བྱ་བར་ཐབས་ཇི་ལྟ་བུ་ཞིག་ཏུ་ནུས་པར་འགྱུར་སྙམ་ནས། དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པ་ལ་བརྩོན་པར་གནས་པའི་ཚེ། གྲོང་ཁྱེར་གྱི་ལྷ་མོ་རིན་ཅེན་མིག་ཅེས་བྱ་བ་ནམ་མཁའི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཞིག་གིས། བདག་གི་ལུས་རྒྱན་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པ། བདག་གི་ལུས་རྒྱན་གྱིས་རྣམ་པར་ཀླུབས་པར་ནམ་མཁའ་ལ་འདུག་པར་ཉེ་བར་བསྟན་ནས། ལྷ་རྫས་ཀྱི་མེ་ཏོག་རྣམ་པ་དང་། ཁ་དོག་དུ་མ་ཅན་སྙིམ་པ་ནས་མངོན་པར་གཏོར་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འཁོར་བའི་ཡུལ་ལ་དགའ་བར་མི་གནས་པས་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་བསྲུང་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དམིགས་པས་སེམས་ཀྱི་གྲོང་ཁྱེར་བརྒྱན་པ་ལ་བརྩོན་པར་གྱིས་ཤིག །
རིགས་ཀྱི་བུ་ཁྱོད་ཀྱིས་ཕྲག་དོག་དང་། སེར་སྣ་དང་གཡོ་དང་བྲལ་བས་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་སྦྱང་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་གྱི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ལ་བརྩོན་འགྲུས་ཆེན་པོའི་ཤུགས་རྣམ་པར་སྤེལ་བས་སེམས་ཀྱི་གྲོང་ཁྱེར་རྣམ་པར་སྤེལ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཆོས་ཀྱི་གཞལ་མེད་ཁང་ཡངས་པའི་རྣམ་པར་སྤྱོད་པ་ལ་དབང་བསྒྱུར་བས་སེམས་ཀྱི་གྲོང་ཁྱེར་དང་། གནས་ཀྱི་མཛོད་བརྒྱན་པ་དང་། བསྲུང་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཡང་དག་པར་བསྒྲུབས་པའི་ས་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་པར་འཚལ་བས། སེམས་ཀྱི་གྲོང་ཁྱེར་སྣང་བར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འབྱུང་བའི་ཐབས་ཀྱི་ལམ་གྱིས་རང་གི་སེམས་ཀྱི་གྲོང་ཁྱེར་དུ་གཞོལ་བར་བྱ་བས་སེམས་ཀྱི་གྲོང་ཁྱེར་ཉེ་བར་བརྟན་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་མངོན་པར་བསྒྲུབ་པའི་སེམས་རྣམ་པར་དག་པས་སེམས་ཀྱི་གྲོང་ཁྱེར་གྱི་ར་བ་བརྟན་པ་མངོན་པར་བསྒྲུབ་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཉོན་མོངས་པ་དང་། བདུད་ཀྱི་རིས་ཀྱི་སྡིག་ཏོའི་གྲོགས་པོ་དང་། བདུད་ཀྱི་འཁོར་གྱིས་མི་ཆོམས་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་བརྒལ་དཀའ་བ་དང་། ཤིགས་པར་དཀའ་བ་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སེམས་ཀྱི་
གྲོང་ཁྱེར་སྣང་བར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་ཡོངས་སུ་གཟུང་བར་སེམས་ཀྱི་གྲོང་ཁྱེར་མངོན་པར་བརླན་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་རྒྱ་མཚོ་རང་གི་སེམས་ཀྱིས་ཡང་དག་པར་བླང་བས་སེམས་ཀྱི་གྲོང་ཁྱེར་བརྟན་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་བྱམས་པ་ཆེན་པོས་འགྲོ་བ་ཐམས་ཅད་རྒྱས་པར་དགང་བས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་རྒྱས་པར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་མི་དགེ་བའི་ཆོས་ཀྱི་གཉེན་པོ་ཆོས་ཀྱི་གདུགས་ཡངས་པ་བསྒྲུབ་པས་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་དག་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་སྙིང་རྗེ་ཆེན་པོ་ཤིན་ཏུ་ཡངས་པས་འགྲོ་བ་ཐམས་ཅད་ཀྱི་དོན་དུ་སེམས་གཡོ་བར་བྱ་བས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་བསྐྱོད་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཕྱི་ནང་གི་དངོས་པོ་འགྲོ་བ་ཐམས་ཅད་ལ་ཡོངས་སུ་བསྟན་པའི་ཕྱིར་སེམས་ཀྱི་གྲོང་ཁྱེར་གྱི་སྒོ་དབྱེ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་འཁོར་བའི་ཡུལ་ཐམས་ཅད་ལ་དགའ་བ་ལས་ཕྱིན་ཕྱོགས་སུ་བལྟ་བས་སེམས་ཀྱི་གྲོང་ཁྱེར་རྣམ་པར་དག་པར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་མི་དགེ་བའི་ཆོས་ཀྱི་རྒྱུད་ཐམས་ཅད་མི་སྲིད་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་གྱི་སྲོག་རབ་ཏུ་མཁྲང་བ་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡང་དག་པར་བསྒྲུབ་པའི་བརྩོན་འགྲུས་ལས་ཕྱིར་མི་ལྡོག་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་བརྟན་པར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་དྲན་པ་ཤིན་ཏུ་སྣང་བར་བྱ་བས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་གསལ་བར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་མདོ་སྡེ་
སྣ་ཚོགས་ཀྱི་ཆོས་ཀྱི་སྒོ་རབ་ཏུ་དབྱེ་བའི་ཡེ་ཤེས་ལ་མངོན་པར་མཁས་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་རྣམ་པར་དབྱེ་བའི་ཚུལ་ལ་མཁས་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་འགྲོ་བ་ཐམས་ཅད་དང་མངོན་སུམ་དུ་གནས་པའི་ཐམས་ཅད་མཁྱེན་པའི་སྒོ་དང་། ལམ་གྱི་ཚུལ་ཡོངས་སུ་བསྟན་པའི་ཕྱིར་སེམས་ཀྱི་གྲོང་ཁྱེར་དམིགས་པར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་རྒྱ་མཚོ་རང་གི་སྨོན་ལམ་དུ་མངོན་པར་བསྒྲུབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་སེམས་ཀྱི་གྲོང་ཁྱེར་བྱིན་གྱི་བརླབ་པའི་ཚུལ་ལ་མཁས་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རྣམ་པར་སྤེལ་བས་སེམས་ཀྱི་གྲོང་ཁྱེར་གྱི་ཚོགས་ཀྱི་མཐུ་རྣམ་པར་འཕེལ་བར་བྱ་བའི་ཐབས་ལ་མཁས་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་བསམ་པ་དང་། དབང་པོ་དང་མོས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་ཤེས་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་ནས་འོད་ཀུན་ཏུ་དགྱེ་བའི་ཐབས་ལ་མཁས་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ཡང་དག་པར་བསྡུ་བས་སེམས་ཀྱི་གྲོང་ཁྱེར་དུ་དབང་བསྒྱུར་བའི་ཚུལ་ལ་མཁས་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དྲན་ཞིང་སྣང་བར་བྱ་བས་སེམས་ཀྱི་གྲོང་ཁྱེར་འོད་གསལ་བར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ལུས་མེད་པའི་ཆོས་ཀྱི་ཚུལ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་གྱི་རང་བཞིན་ཡོངས་སུ་ཤེས་པར་བྱ་བ་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པའི་ཆོས་ཀྱི་གྲོང་ཁྱེར་དུ་འགྲོ་བར་བྱ་བས་སེམས་ཀྱི་གྲོང་ཁྱེར་སྒྱུ་མ་ལྟ་བུར་བརྟག་པ་ལ་བརྩོན་པར་གྱིས་ཤིག་དང་། རིགས་ཀྱི་བུ་དེ་ལྟར་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་སྦྱང་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྒྲུབ་པ་ཐོབ་པར་ནུས་སོ། །དེ་ཅིའི་ཕྱིར་
ཞེ་ན། དེ་ལྟར་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་དེའི་མདུན་ན་ནི་སངས་རྒྱས་མཐོང་བར་བྱ་བ་ལ་སྒྲིབ་པའམ། ཆོས་མཉན་པར་བྱ་བ་ལ་སྒྲིབ་པའམ། དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོར་བྱ་བ་ལ་སྒྲིབ་པའམ། སེམས་ཅན་ཡོངས་སུ་བསྡུ་བའི་སྦྱོར་བ་ལ་སྒྲིབ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སྒྲིབ་པ་ཡང་རུང་སྟེ། སྒྲིབ་པ་ཐམས་ཅད་མི་གནས་སོ། །རིགས་ཀྱི་བུ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སེམས་དང་། ལྷག་པའི་བསམ་པས་དགེ་བའི་བཤེས་གཉེན་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔས་ནི་ལས་གྲོན་ཆུ་ངུས་དགེ་བའི་བཤེས་གཉེན་མཐོང་བར་འགྱུར་ཏེ། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ནས་ལུས་ཀྱི་རིས་སུ་གཏོགས་པའི་ལྷ་མོ་ཚོགས་ཀྱི་པད་མོ་དཔལ་གྱི་དཀྱིལ་འཁོར་ཅེས་བྱ་བ་དང་ངོ་ཚ་ཤེས་པའི་དཔལ་གྱི་དོག་པའི་འོད་ཅེས་བྱ་བ་གཉིས་ཤིག་ལྷ་མོའི་ཚོགས་ཚད་མེད་པས་ཡོངས་སུ་བསྐོར་ནས། ལྷ་མོ་སྒྱུ་མའི་ལེགས་པ་བརྗོད་ཅིང་སྙིང་པོ་བྱང་ཆུབ་ནས་འཐོན་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་མདུན་གྱི་ནམ་མཁའ་ལ་འཁོད་ནས། རང་རང་གི་རིན་པོ་ཆེའི་རྣ་ཆ་ལས་འོད་གཟེར་གྱི་དྲ་བ་རིན་པོ་ཆེའི་ཁ་དོག་དུ་འདུག་པ་དུ་མ་དང་། སྤོས་དང་། བདུག་པ་དྲི་མ་མེད་པ། འོད་འཕྲོ་བའི་ཁ་དོག་དུ་འདུག་པ་དུ་མ་དང་། སེམས་དང་བསམ་པ་མོས་པར་བྱེད་པའི་ཁ་དོག་དང་། སེམས་ཀྱི་དགའ་བའི་ཤུགས་རྣམ་པར་འཕེལ་བར་བྱེད་པའི་ཁ་དོག་དང་། ལུས་ཀྱི་གདུང་བ་སིམ་པར་བྱེད་པའི་ཁ་དོག་དང་། ལུས་རྣམ་པར་དག་པ་ཡོངས་སུ་སྟོན་པའི་ཁ་དོག་དང་། ལུས་ཀྱི་མཐུ་ཐོགས་པ་མེད་པར་འབྱུང་བའི་ཡུལ་དང་ལྡན་པའི་འོད་གཟེར་གྱི་དྲ་བ་མང་པོ་བཀྱེ་བས། ཞིང་རྒྱ་ཆེན་པོ་སྣང་བར་བྱས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཐམས་ཅད་དུ་ཁྱབ་པ། ཐམས་ཅད་ལ་མངོན་དུ་གྱུར་པ་ཡོངས་སུ་བསྟན་ནས་
འཇིག་རྟེན་ཐམས་ཅད་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་སྤྱི་བོའི་གཙུག་ཏུ་ཤར་ནས། སྤྱི་བོའི་གཙུག་མན་ཆད་བ་སྤུའི་བུ་ག་ཐམས་ཅད་དུ་ཞུགས་ཏེ་ལུས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །དེ་ལྟར་ལྷ་མོ་དེ་དག་གི་འོད་གཟེར་གྱིས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཕོག་མ་ཐག་ཏུ་དེའི་མོད་ལ་མུན་པ་ཐམས་ཅད་དང་། མི་གནས་པའི་མིག་རྡུལ་དང་བྲལ་བའི་འོད་སྣང་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །སེམས་ཅན་གྱི་རང་བཞིན་ཁོང་དུ་ཆུད་པར་བྱེད་པའི་མིག་རབ་རིབ་དང་བྲལ་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ལ་རྣམ་པར་ལྟ་བའི་མྱིག་རྡུལ་དང་བྲལ་བས་དབང་བསྒྱུར་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །ཞིང་ཐམས་ཅད་ལ་རྣམ་པར་ལྟ་བའི་མྱིག་རྣམ་པར་དག་པ་ལ་དབང་བསྒྱུར་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་རྣམ་པར་ལྟ་བའི་མིག་རྣམ་པར་སྣང་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་རྣམ་པར་ཕྱེ་བ་བསམ་གྱིས་མི་ཁྱབ་པ་ལ་རྣམ་པར་ལྟ་བའི་མིག་རྣམ་པར་དག་པའི་བློ་གྲོས་ཤེས་བྱ་བ་ཐོབ་པར་གྱུར་ཏོ། །ཞིང་རྒྱ་མཚོ་འབྱམ་ཀླས་པ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་འབྱུང་བ་དང་། འཇིག་པ་རྣམ་པར་ཕྱེ་བ་ལ་རྣམ་པར་ལྟ་བའི་མིག་ཆགས་པ་མེད་པའི་འོད་ཅེས་བྱ་བ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་མདོ་སྡེའི་ཚུལ་མངོན་པར་བསྒྲུབ་པའི་ཕྱོགས་ལ་རྣམ་པར་ལྟ་བའི་མིག་ཀུན་ཏུ་སྣང་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། སེམས་ཅན་འདུལ་བའི་བྱིན་གྱི་རླབས་ལ་རྣམ་པར་ལྟ་བའི་མྱིག་ཀུན་ནས་ཡུལ་དུ་འགྱུར་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱུང་བའི་སངས་རྒྱས་སྐྱེས་པ་ལ་རྣམ་པར་ལྟ་བའི་མིག་ཀུན་ཏུ་ལྟ་བ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་
ཡང་དག་པར་འགྲོ་བའི་ཁང་པའི་སྒོ་སྲུང་སྲིན་པོའི་དབང་པོ་སྲིན་པོ་སྟོང་ཕྲག་བཅུའི་གཙོ་བོ་མྱིག་བཟངས་ཤེས་བྱ་བ་ཆུང་མར་བཅས་བུ་དང་བཅས། རང་གི་གཉེན་བཤེས་དང་འཁོར་དུ་བཅས་པས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་མེ་ཏོག་ཁ་དོག་སྣ་ཚོགས་ཡིད་དུ་འོང་བས་མངོན་པར་གཏོར་ཏེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཆོས་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི་དགེ་བའི་བཤེས་གཉེན་ཐམས་ཅད་དང་ཉེ་བར་བསྙེན་པ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟར་བསམ་པ་ཡོངས་སུ་དག་པ། གཡོ་དང་སྒྱུ་མེད་པ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་པ་ལ་ཐ་མི་དད་པའི་སྙིང་རྗེ་ཆེན་པོ་དང་། སེམས་ཅན་ཐམས་ཅད་ལ་སེམས་ཅན་མེད་པའི་རང་བཞིན་ངེས་པར་རྟོགས་པའི་རབ་ཏུ་རྟོགས་པ་དང་། ལྷག་པའི་བསམ་པའི་སྟོབས་ཐམས་ཅད་མཁྱེན་པར་འགྲོ་བ་ལས་ཕྱིར་མི་ལྡོག་པ་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་མངོན་པར་འདུན་པའི་མོས་པའི་སྟོབས་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དྲི་མ་མེད་པས་རྣམ་པར་དག་པའི་མིག་དང་། སེམས་ཅན་གྱི་དཀྱིལ་འཁོར་ཐམས་ཅད་ལ་ཐ་མི་དད་པའི་བྱམས་པ་ཆེན་པོ་དང་། བསྒྲིབས་པ་ཐམས་ཅད་རྣམ་པར་འཐོར་བའི་ཡེ་ཤེས་ཀྱི་སྣང་བ་དང་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་གཉེན་པོ་གདུགས་སུ་གྱུར་པའི་ཆོས་ཀྱི་སྤྲིན་ཆེན་པོ་དང་། ཆོས་ཀྱི་དབྱིངས་ཀྱི་རྒྱུད་ཐམས་ཅད་ལ་རབ་ཏུ་ཞུགས་ཤིང་། དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་བ་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་མིག་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ཐམས་ཅད་དང་ཉེ་བར་བསྙེན་པ་ཡིན་ནོ། །ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་བཅུས་རྣམ་པར་ལྟ་བའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ཐམས་ཅད་དང་མངོན་ཏུ་གྱུར་པ་ཐོབ་པ་ཡིན་ཏེ། བཅུ་གང་ཞེ་ན། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་ཆོས་ཐམས་ཅད་ནམ་མཁའ་ལྟར་རྡུལ་དང་
བྲལ་བར་རྣམ་པར་དཔྱོད་པའི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་ཕྱོགས་རྒྱ་མཚོ་ཐམས་ཅད་མངོན་དུ་གྱུར་པའི་མྱིག་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་དམྱིགས་པ་ཐམས་ཅད་ལ་རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་པ་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་ཕྱོགས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྤྲིན་ཡོངས་སུ་འབྱུང་བ་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། བསོད་ནམས་རྒྱ་མཚོ་སྩོགས་པའི་སྙིང་པོ་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་སེམས་བསྐྱེད་པ་ཐམས་ཅད་ལ་དགེ་བའི་བཤེས་གཉེན་འབྱུང་བ་དང་། འབྲལ་བ་མེད་ཅིང་ཉེ་བར་གྱུར་པ་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དགེ་བའི་བཤེས་གཉེན་གྱི་ཁར་ལས་པས་ཡོངས་སུ་གྲུབ་པ་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་དགེ་བའི་བཤེས་གཉེན་ཐམས་ཅད་དང་ཡོངས་སུ་མི་འབྲལ་བ་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་དགེ་བའི་བཤེས་གཉེན་ཐམས་ཅད་མཉམ་པ་ཉིད་ཀྱིས་རྟག་པར་ཀུན་ཏུ་ཉེ་བར་འགྲོ་བའི་སྦྱོར་བ་དང་། ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་དགེ་བའི་བཤེས་གཉེན་གྱི་ཐབས་ཀྱི་སྤྱོད་པ་ཐམས་ཅད་ཀྱིས་དུབ་པ་མེད་པའི་སྦྱོར་བ་སྟེ། རིགས་ཀྱི་བུ་ཏིང་ངེ་འཛིན་ལ་ངེས་པར་གཞག་པའི་སྒོ་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ཐམས་ཅད་དང་། མངོན་ཏུ་གྱུར་པ་ཐོབ་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་རྣམ་པར་ཐར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་དགེ་བའི་བཤེས་གཉེན་གྱི་ཁ་ནས་གྲགས་པ་ཞེས་བྱ་བ་ཡང་ཐོབ་པས་དེ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཐམས་ཅད་ཐ་མི་དད་ཅིང་མཉམ་པ་ཉིད་དུ་འགྱུར་བ་ཡང་རབ་ཏུ་འཐོབ་བོ། །དགེ་བའི་བཤེས་གཉེན་ཐ་མི་དད་ཅིང་ཐམས་ཅད་དུ་ཁྱབ་པའང་རབ་ཏུ་ཐོབ་པར་འགྱུར་རོ། །སྲིན་པོའི་དབང་པོ་
མིག་བཟངས་ཀྱིས་དེ་སྐད་ཅེས་སྨྲས་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ནམ་མཁའི་དབྱིངས་ལ་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ལ་ཐུགས་བརྩེ་བར་མཛད་དེ། དགེ་བའི་བཤེས་གཉེན་བསྟེན་པས་སྨན་ཡོན་བཏགས་པ་མ་ནོངས་སོ། །ད་དུང་ཡང་དགེ་བའི་བཤེས་གཉེན་བལྟ་བའི་སླད་དུ། ཇི་ལྟར་བརྩོན་པར་བགྱི་བ་དང་། ཕྱོགས་གང་ལོགས་སུ་མཆི་བར་བགྱི་བ་དང་། གནས་གང་ཞིག་དུ་ཡོངས་སུ་བཙལ་བ་དང་། དམིགས་པ་གང་ཞིག་བསམ་པར་བགྱི་བའི་ཐབས་ཀྱི་སྒོ་མ་ནོར་བར་བསྟན་དུ་གསོལ། སྨྲས་པ་རིགས་ཀྱི་བུ་དེ་བས་ན་ཕྱོགས་ཀུན་ཏུ་རབ་ཏུ་འདུད་པའི་ལུས་དང་། དམིགས་པ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དྲན་པ་དང་། འབྲེལ་པའི་བསམ་པ་དང་། ཀུན་ཏུ་འགྲོ་བའི་ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བ་དང་། སེམས་ཀྱི་ཤུགས་རྨི་ལམ་ལྟ་བུ་དང་། ཡིད་ཀྱི་ལུས་གཟུགས་བརྙན་ལྟ་བུས་རྣམ་པར་རྒྱུ་སྟེ། འགྲོ་བས་དགེ་བའི་བཤེས་གཉེན་གྱི་གན་དུ་སོང་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་སྲིན་པོའི་དབང་པོ་མིག་བཟངས་ཀྱིས་ཇི་སྐད་དུ་གཏམས་པ་དེ་ལྟར་ནན་ཏན་དུ་བྱས་པ་དང་། མདུན་གྱི་སའི་ནང་ནས་པད་མོ་ཆེན་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་ལས་གྲུབ་པའི་ཆུ་བ་ཅན། ནང་རིམ་རིན་པོ་ཆེའི་རྒྱལ་པོ་འགྲོ་བ་རྒྱ་མཚོ་སྣ་ཚོགས་ལས་བྱས་པ། རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ལས་འདབ་མའི་ཕྲེང་བ་གྲུབ་པ། རིན་པོ་ཆེའི་རྒྱལ་པོ་རྣམ་པར་སྣང་བའི་སྙིང་པོ་ཅན་སྤོས་ཀྱི་རིན་པོ་ཆེའི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་ཀྱི་མདོག་གི་ཟེ་བ་དང་ལྡན་པ། རིན་པོ་ཆེའི་དྲ་བ་གྲངས་མེད་པས་ཀུན་ནས་ཡོག་པ་བྱུང་བ་མཐོང་ངོ་། །རིན་པོ་ཆེའི་རྒྱལ་པོའི་པད་མོ་ཆེན་པོ་དེའི་སྙིང་པོ་ལའང་། ཁང་པ་བརྩེགས་པ་ཆོས་ཀྱི་ཕྱོགས་སུ་ཡང་དག་པར་གཞོལ་བའི་སྙིང་པོ་ཞེས་བྱ་བ་ཤིན་ཏུ་སྤ་ལ་བལྟ་ན་སྡུག་པ་སའི་གཞི་རྣམ་པར་སྣང་བའི་དབྱིབས་དང་ལྡན་པ། རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ལས་བྱས་
པའི་ཀ་བ་སྟོང་ཚང་བས་མཛེས་པར་བརྒྱན་པ། རྒྱན་ཐམས་ཅད་དུ་རིན་པོ་ཆེ་ཐམས་ཅད་བཀྲམ་པ། འཛམ་བུ་ཆུ་ཀླུང་གི་གསེར་དྲི་མ་མེད་པའི་ལྷ་རྫས་ཀྱི་གཞི་བཏིང་བ། མུ་ཏིག་གི་ཕྲེང་བ་སྣ་ཚོགས་ཀྱི་དྲ་བ་གྲངས་མེད་པ་ཀུན་ནས་བྲེས་པ། རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་རབ་ཏུ་སྤ་བར་སྤེལ་བས་བརྒྱན་པ། འཛམ་བུ་ཆུ་ཀླུང་གི་ནོར་བུ་རིན་པོ་ཆེས་ཀུན་ནས་རྣམ་པར་ཕྱེ་བ། རིན་པོ་ཆེའི་ཁྲི་འཕང་གྲངས་མེད་པས་ཀུན་ནས་བསྐོར་བ། ཕྱོགས་ཐམས་ཅད་ནས་རིན་པོ་ཆེའི་རྒྱལ་པོའི་ཐེམ་སྐས་མཛེས་པར་བཀྱེ་བ་གནས་པར་མཐོང་ངོ་། །ཁང་པ་བརྩེགས་པ་དེའི་དབུས་ན་ཡང་ཁྲི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་པད་མོའི་སྙིང་པོ་ཅན། ནོར་བུ་རིན་པོ་ཆེའི་གཟུགས་འཇིག་རྟེན་གྱི་དབང་པོའི་དབྱིབས་ལྟ་བུའི་རྟེན་གྱིས་བཟུང་བ། ནོར་བུ་རིན་པོ་ཆེའི་འབྲུ་ཐམས་ཅད་ཀྱི་ཁ་དོག་དུ་འདུག་པ། དབང་པོའི་རྒྱལ་མཚན་རབ་ཏུ་སྣང་བའི་དབྱིབས་སུ་འདུག་པ། རྡོ་རྗེ་རིན་པོ་ཆེའི་འཁོར་ལོའི་ས་ལ་རྟེན་པ། རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་ཀྱི་ཕྲེང་བས་བརྒྱན་པ། རིན་པོ་ཆེའི་ཁྲི་འཕང་དུ་མ་ལས་བླངས་པ། རིན་པོ་ཆེའི་རྒྱལ་པོ་སྣང་བའི་རྒྱལ་མཚན་གྱིས་རབ་ཏུ་སྤྲས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་ཤིན་ཏུ་བརྒྱན་པ། རིན་པོ་ཆེའི་རྒྱལ་པོའི་སྟན་ལྷ་རྫས་ལས་འདས་པ་ལེགས་པར་བཏིང་བ། གོས་རིན་པོ་ཆེ་ཁ་དོག་མཐའ་ཡས་པ་སྣ་ཚོགས་ཀྱི་གཞི་ཐམས་ཅད་དུ་བཀྲམ་པ། རིན་པོ་ཆེའི་གོས་ཐམས་ཅད་ཀྱི་གནམ་ཡོལ་བྲེས་པས། ནམ་མཁའ་རབ་ཏུ་བརྒྱན་པ། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་ཀུན་ཏུ་བྲེས་པ། ཕྱོགས་ཀུན་ནས་རིན་པོ་ཆེའི་རྒྱལ་མཚན་དགྲིགས་པའི་སྒྲ་འབྱུང་བ། རིན་པོ་ཆེ་ཐམས་ཅད་ཀྱི་སྣམ་བུའི་རྒྱལ་མཚན་ཕུར་ལབ་དུ་ལྡིང་བ། སྤོས་ཀྱི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་མཚན་རྣམ་པར་བྲེས་པས་ཀུན་ནས་བརྒྱན་པ། མེ་ཏོག་ཐམས་ཅད་ཀྱི་རྒྱལ་མཚན་ལས་མེ་ཏོག་གི་གློང་སྣ་ཚོགས་ཆར་དུ་མངོན་པར་འབྲུལ་པ། རིན་པོ་
ཆེའི་དྲིལ་བུའི་རྒྱལ་མཚན་འཁྲོལ་བའི་སྒྲ་ཡིད་བདེ་བའི་དབྱངས་སྙན་པར་གྲག་པ། ཁང་པའི་ཁ་ཐམས་ཅད་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་རབ་ཏུ་སྤྱངས་པ། རིན་པོ་ཆེའི་གཟུགས་སྣ་ཚོགས་ཀྱི་ཁ་ནས་སྤོས་ཆུ་ཁ་དོག་དུ་མ་དང་ལྡན་པའི་ཆར་འབབ་པ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྣམ་པར་སྣང་བ་ལས་གླང་པོ་དམ་པའི་གཟུགས་སུ་བྱས་པའི་ཁ་ནས་པད་མོའི་དྲ་བ་འབྱུང་བ་དང་ལྡན་པ། རྡོ་རྗེ་སྣ་ཚོགས་ཀྱི་སེང་གེའི་ཁ་ནས་སྤོས་ཀྱི་སྤྲིན་ཁ་དོག་མཐའ་ཡས་པ་རབ་ཏུ་འབྱུང་བ། རིན་པོ་ཆེའི་རྒྱལ་པོ་རྣམ་པར་སྣང་བ། ཚངས་པའི་གཟུགས་སུ་འདུག་པའི་ཁ་ནས་བྱམས་པ་ཆེན་པོའི་ཚུལ་ཚངས་པའི་དབྱངས་ཀྱི་ང་རོ་སྒྲོག་པ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཤིན་ཏུ་མཛེས་པའི་གཟུགས་ཀྱི་ཁ་ནས་དཀར་པོའི་ཕྱོགས་ཀྱི་ལེགས་པ་རབ་ཏུ་བརྗོད་པའི་ང་རོ་འབྱུང་བ་དུས་གསུམ་གྱི་སངས་རྒྱས་ཀྱི་མཚན་གསེར་གྱི་དྲིལ་གྱི་ཕྲེང་བ་ལས་སྒྲ་སྙན་པའི་དབྱངས་སུ་འབྱུང་བ་དང་ལྡན་པ། ནོར་བུ་རིན་པོ་ཆེ་དམ་པའི་དྲིལ་གྱི་ཕྲེང་བ་ལས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་སྒྲ་ཡིད་དུ་འོང་བ་འབྱུང་བ། རྡོ་རྗེའི་དྲིལ་སྣ་ཚོགས་ལས་བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཀྱི་སྒྲ་རབ་ཏུ་འབྱུང་བ། རིན་པོ་ཆེའི་རྒྱལ་པོ་ཟླ་བའི་རྒྱལ་མཚན་གྱི་ཕྲེང་བས་སངས་རྒྱས་ཐམས་ཅད་ཀྱི་གཟུགས་བརྙན་རབ་ཏུ་འབྱུང་བའི་དབྱངས་སྣ་ཚོགས་རབ་ཏུ་བསྒྲག་པ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྙིང་པོ་དག་པའི་ཕྲེང་བས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཚེ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གཟུགས་བརྙན་རྣམ་པར་དམྱིགས་པར་བྱ་བ། རིན་པོ་ཆེའི་རྒྱལ་པོ་ཉི་མའི་སྙིང་པོའི་ཕྲེང་བས་ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཀྱི་དབྱིངས་སུ་འོད་ཟེར་ཡོངས་སུ་བསྟན་པ། རིན་པོ་ཆེའི་རྒྱལ་པོ་སྣང་བའི་རྒྱལ་མཚན་གྱི་ཕྲེང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་
དཀྱིལ་འཁོར་སྣང་བ་རབ་ཏུ་བཀྱེ་བ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྣམ་པར་སྣང་བའི་ཕྲེང་བས་སྤྲུལ་པའི་སྤྲིན་འགྲོ་བ་ཐམས་ཅད་ཀྱི་དབང་པོ་ལྟ་བུ་དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོར་བྱེད་པའི་འོད་རབ་ཏུ་དགྱེ་བ། རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ཕྲེང་བས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པས་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་སུ་རྒྱས་པར་དགང་བ། རིན་པོ་ཆེའི་རྒྱལ་པོ་རི་བོའི་རྒྱལ་མཚན་གྱི་ཕྲེང་བས། ལྷའི་དབང་པོ་ཐམས་ཅད་ཀྱི་ཁྱིམ་གྱི་ལྷ་མོའི་དབྱངས་སྙན་པ་རབ་ཏུ་བསྒྲག་པ་དང་ལྡན་ཞིང་ཁྲི་དེ། དམིགས་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ལ་བསྟོད་པའི་སྤྲིན་འགྱེད་པས་ཡོན་ཏན་དང་། ལེགས་པ་བསམ་གྱིས་མི་ཁྱབ་པ་བརྗོད་དུ་ཡོད་པ་དང་། རིན་པོ་ཆེའི་རྒྱན་གྲངས་མེད་པའི་འཁོར་གྱི་སྟན་གྱིས་བསྐོར་བར་མཐོང་ངོ་། །ཁྲི་དེ་ལ་ལྷ་མོ་སྒྱུ་མ་འཇིག་རྟེན་གསུམ་ལས་ཡང་དག་པར་འདས་པའི་གཟུགས་འཇིག་རྟེན་ཐམས་ཅད་ལ་མངོན་པར་གནས་པ་དང་། སྲིད་པའི་རྒྱུད་ཐམས་ཅད་ལས་གྱེན་དུ་འཕགས་པའི་གཟུགས་འགྲོ་བ་ཐམས་ཅད་ཀྱིས་རྣམ་པར་དམིགས་སུ་ཡོད་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་མ་གོས་པའི་གཟུགས་བསོད་ནམས་ཡངས་པས་བྱུང་བ་དང་། འགྲོ་བ་ཐམས་ཅད་དང་མཉམ་ཞིང་འདྲ་བའི་གཟུགས་སེམས་ཅན་ཐམས་ཅད་ལ་རང་བཞིན་མངོན་པར་སྟོན་པ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་མཐུན་པའི་གཟུགས་སེམས་ཅན་ཐམས་ཅད་དང་མངོན་སུམ་དུ་འདལ་བ་དང་། དུས་གསུམ་ཐམས་ཅད་དུ་འགྲོ་བ་ནམ་མཁའ་ལ་རྣམ་པར་དམིགས་པ་ཐ་མི་དད་པའི་གཟུགས་འགྲོ་བ་ཐམས་ཅད་ཀྱི་མཐས་ཀླས་པར་དམིགས་སུ་ཡོད་པར་བྱིན་གྱིས་རློབ་པ་དང་། འགྲོ་བ་མེད་པའི་གཟུགས་འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐམས་ཅད་འགག་པ་དང་། འོང་བ་མེད་པའི་གཟུགས་འགྲོ་བ་ཐམས་ཅད་དུ་མ་བྱུང་བ་དང་། མ་སྐྱེས་པའི་གཟུགས་མི་སྐྱེ་བར་མཉམ་པའི་ཆོས་ལ་བརྩོན་པ་དང་། མ་འགགས་པའི་གཟུགས་འཇིག་རྟེན་
གྱི་རྣམ་པར་སྤྱོད་པ་ཐམས་ཅད་ལ་གཞོལ་བ་དང་། ཡང་དག་པར་དམིགས་པའི་གཟུགས་བདེན་པ་མེད་པ་དང་། འཇིག་རྟེན་གྱི་རྣམ་པར་དམིགས་པའི་གཟུགས་བརྫུན་པ་མེད་པ་དང་། འཕོ་བ་མེད་པའི་གཟུགས་ཤི་འཕོ་བ་དང་། སྐྱེ་བ་ལས་འདས་པ་དང་། མི་འཇིག་པའི་གཟུགས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་འཇིག་པ་མེད་པ་དང་། མཚན་ཉིད་མེད་པའི་གཟུགས་དུས་གསུམ་ཚིག་གི་ལམ་དུ་གཞོལ་བ་དང་། མཚན་ཉིད་གཅིག་པའི་གཟུགས་མཚན་ཉིད་མེད་པས་བྱུང་བ་དང་། གཟུགས་བརྙན་ལྟ་བུའི་གཟུགས་འགྲོ་བ་ཐམས་ཅད་ཀྱི་སེམས་དང་བསམ་པ་ཇི་ལྟ་བ་བཞིན་དུ་དམིགས་པ་དང་། སྒྱུ་མ་ལྟ་བུའི་གཟུགས་ཡེ་ཤེས་སྒྱུ་མས་ཡོངས་སུ་གྲུབ་པ་དང་། སྨིག་རྒྱུ་བ་ལྟ་བུའི་གཟུགས་འགྲོ་བའི་འདུ་ཤེས་བཞིན་དུ་བྱིན་གྱིས་རློབ་པ་ལ་གཞོལ་བ་དང་། གྲིབ་མ་ལྟ་བུའི་གཟུགས་སྔོན་གྱི་སྨོན་ལམ་གྱིས་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འབྲང་བ་དང་། རྨི་ལམ་ལྟ་བུའི་གཟུགས་བསམ་པ་ཇི་ལྟ་བ་བཞིན་དུ་འགྲོ་བས་དམིགས་པ་ལ་མ་འདྲེས་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་གཞོལ་བའི་གཟུགས་ནམ་མཁའི་དབྱིངས་ལྟར་རང་བཞིན་ཡོངས་སུ་དག་པ་དང་། སྙིང་རྗེ་ཆེན་པོས་བྱུང་བའི་གཟུགས་སེམས་ཅན་གྱི་རྒྱུད་ཐམས་ཅད་ཡོངས་སུ་བསྐྱང་བ་ལ་བརྩོན་པ་དང་། ཆགས་པ་མེད་པའི་སྒོས་བྱུང་བའི་གཟུགས་སྐད་ཅིག་རེ་རེས་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་དང་། མཐའ་དང་དབུས་མེད་པའི་གཟུགས་རྙོག་པ་མེད་པར་འགྲོ་བ་ཐམས་ཅད་ལ་རྟེན་པ་དང་། ཚད་མེད་པའི་གཟུགས་ཚིག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་། མི་གནས་པའི་གཟུགས་འགྲོ་བ་ཐམས་ཅད་གདུལ་བའི་བྱིན་གྱི་རླབས་ཀྱིས་གྲུབ་པ་དང་། བྱིན་གྱིས་མ་བརླབས་པའི་གཟུགས་བྱིན་གྱི་རླབས་ཀྱིས་འགྲོ་བའི་དོན་ལ་བརྩོན་པ་དང་། མ་བྱུང་བའི་གཟུགས་སྨོན་ལམ་སྒྱུ་མས་ཡོངས་སུ་གྲུབ་པ་དང་། ཟིལ་གྱིས་མ་ནོན་པའི་གཟུགས་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། ཡང་དག་པ་མ་ཡིན་
པའི་གཟུགས་ཞི་གནས་ཀྱི་སྣང་བས་རྣམ་པར་དམིགས་པ་དང་། མི་འབྱུང་བའི་གཟུགས་འགྲོ་བའི་ལས་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བ་དང་། རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ལྟར་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་སྨོན་ལམ་ཡོངས་སུ་གྲུབ་པ་དང་། རྣམ་པར་མི་རྟོག་པའི་གཟུགས་འགྲོ་བ་ཐམས་ཅད་ཀྱི་ཡོངས་སུ་རྟོག་པ་བཞིན་དུ་ཉེ་བར་གནས་པ་དང་། མི་རྟོག་པས་རྟོག་པ་མེད་པའི་གཟུགས་འགྲོ་བ་ཐམས་ཅད་ཀྱིས་རྣམ་པར་དམིགས་པ་དང་། ཐོགས་པ་མེད་པའི་གཟུགས་འཁོར་བ་ལས་བཟློག་པ་ལ་རབ་ཏུ་བརྩོན་པ་དང་། རྣམ་པར་དག་པའི་གཟུགས་དེ་བཞིན་ཉིད་དང་། མཉམ་པར་རྣམ་པར་མི་རྟོག་པ་དང་། རྣམ་པ་དེ་ལྟ་བུའི་གཟུགས་གཟུགས་མེད་པར་གཟུགས་སུ་སྣང་བ་དང་། ཚོར་བ་མེད་པའི་གཟུགས་ཀྱིས་འཇིག་རྟེན་གྱི་སྡུག་བསྔལ་གྱི་ཚོར་བ་རབ་ཏུ་ཞི་བར་བྱ་བ་ལ་བརྩོན་པ་དང་། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་ལས་གྱེན་དུ་འཕགས་པའི་གཟུགས་སེམས་ཅན་ཐམས་ཅད་ཀྱི་འདུ་ཤེས་ཀྱི་རྣམ་པས་རྣམ་པར་དམིགས་པ་དང་། མངོན་པར་འདུ་བྱ་བ་མེད་པའི་ཆོས་ཉིད་ཀྱིས་བྱུང་བའི་གཟུགས་ཆོས་སྒྱུ་མའི་རྣམ་པས་གྲུབ་པ་དང་། རྣམ་པར་ཤེས་པའི་ཡུལ་ལས་ཡོངས་སུ་འདས་པའི་གཟུགས་བྱང་ཆུབ་སེམས་དཔའི་སྨོན་ལམ་ཀྱི་ཡེ་ཤེས་ལས་བྱུང་བ་དང་། རང་བཞིན་མེད་པའི་གཟུགས་འགྲོ་བ་ཐམས་ཅད་ཀྱི་ཚིག་གི་ལམ་ལ་གཞོལ་བ་དང་། གདུང་བ་ཡོངས་སུ་བསྩལ་བའི་གཟུགས་ཆོས་ཀྱི་སྐུ་བསིལ་བ་དམ་པ་དང་ལྡན་པས། ལྷ་མོ་སྒྱུ་མ་བསམ་པ་ཇི་ལྟ་བ་བཞིན་དུ་འགྲོ་བའི་གཟུགས་ཀྱི་ལུས་ཡོངས་སུ་སྟོན་པ་དང་། སེམས་ཅན་གྱི་བསམ་པའི་དབང་དུ་འགྲོ་བ་ཐམས་ཅད་དང་མཉམ་ཞིང་འདྲ་བའི་གཟུགས་ཀྱི་ལུས་འགྲོ་བ་ཐམས་ཅད་ཀྱི་གཟུགས་ཀྱི་ལུས་ལས་འཕགས་པ་སྟོན་ཅིང་འདུག་པ་མཐོང་ངོ་། །དེ་ལ་སེམས་ཅན་ལ་ལས་ནི་ལྷ་མོ་སྒྱུ་མ་དེ་བདུད་ཀྱི་བུ་མོའི་གཟུགས་སུ་འདུག་ལ་བདུད་ཀྱི་བུ་མོའི་གཟུགས་པས་ཀྱང་ལྷག་པར་
མཐོང་ངོ་། །ལ་ལས་ནི་དབང་བསྒྱུར་གྱི་ལྷའི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །ལ་ལས་ནི་རབ་འཕྲུལ་དགའི་ལྷའི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །ལ་ལས་ནི་རབ་དགའ་ལྡན་གྱི་ལྷའི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །ལ་ལས་ནི་རབ་མཚེ་མའི་ལྷའི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །ལ་ལས་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །ལ་ལས་ནི་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །ལ་ལས་ནི་གྲུལ་བུམ་གྱི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །ལ་ལས་ནི་ལྟོ་འཕྱེ་ཆེན་པོའི་དབང་པོའི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །སེམས་ཅན་ལ་ལས་ནི་ལྷ་མོ་སྒྱུ་མ་དེ་མིའི་དབང་པོའི་བུ་མོའི་གཟུགས་པས་ཀྱང་ལྷག་པར་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་འགྲོ་བ་ཐམས་ཅད་ཀྱི་གཟུགས་ཀྱི་འདུ་ཤེས་དང་བྲལ་ཡང་སེམས་ཅན་ཕ་རོལ་གྱི་བསམ་པ་ལ་འཇུག་པ་དེས་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རྣམ་པ་ལ་ལྷ་མོ་སྒྱུ་མ་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བའི་བསོད་ནམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་བསོད་ནམས་ཀྱིས་བསྒྲུབས་པའི་ལུས་དང་ལྡན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཐ་མི་དད་པ་དང་ལྡན་པ། འགྲོ་བ་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཞུགས་པ། སྙིང་རྗེ་ཆེན་པོའི་ལྷས་སུ་སེམས་ཅན་ཐམས་ཅད་ཡོངས་སུ་སྡུད་པ། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་ལ་ནན་ཏན་དུ་བྱས་པས་བྱུང་བ། བཟོད་པ་ཐམས་ཅད་ཀྱི་ཚུལ་རྒྱ་མཚོ་ལ་ཞུགས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་བརྩོན་འགྲུས་ཀྱི་ཤུགས་ཀྱིས་སེམས་ཅན་རྣམ་པར་སྤེལ་བ། ཆོས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པས་བྱུང་བ། བསམ་གཏན་གྱི་ཡན་ལག་དང་
ཚུལ་ཐམས་ཅད་ལས་ཡོངས་སུ་གྲུབ་པའི་སེམས་དང་ལྡན་པ། བསམ་གཏན་གྱི་ཡན་ལག་ཐ་མི་དད་པའི་ཡུལ་ཡོངས་སུ་འཛིན་པའི་དེ་བཞིན་གཤེགས་པའི་བསམ་གཏན་གྱི་དཀྱིལ་འཁོར་སྣང་བ་རབ་ཏུ་ཐོབ་པ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྒྱ་མཚོ་བསྐམ་པ་ལ་ཤིན་ཏུ་གདོན་མི་ཟ་བར་བྱས་པའི་ངེས་པར་རྟོག་པ་སྣ་ཚོགས་ལ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རྣམ་པར་དབྱེ་བའི་ཚུལ་ལ་མཁས་པ། ཆོས་ཐམས་ཅད་ཀྱི་ཚུལ་རྒྱ་མཚོ་རྣམ་པར་དཔྱད་པའི་ཤེས་རབ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བས་མ་ངོམས་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་རྣམ་པར་ལྟ་བའི་རྒྱུན་མི་གཅོད་པ། སངས་རྒྱས་ཐམས་ཅད་ལྟ་བའི་སྒོ་ལ་མངོན་དུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྒྲུབས་པའི་ལམ་ཡོངས་སུ་དག་པར་བྱ་བ་རྣམ་པ་ཐ་དད་པའི་ཚུལ་ལ་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ནམ་མཁའ་དང་མཉམ་པ་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བའི་ཐབས་ཀྱི་ཚུལ་ལ་མཁས་པ། འགྲོ་བ་མཐའ་དང་དབུས་མེད་པ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་སྣང་བ་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམ་པར་དག་པ་རྣམ་པ་ཐ་དད་པ་ལ་ཞུགས་པ། ཞིང་རྒྱ་མཚོ་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་དང་ལྡན་པ། སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་གདུལ་བའི་བྱིན་གྱི་རླབས་མཐར་ཐུག་པར་བྱ་བའི་སྨོན་ལམ་ཡོངས་སུ་དག་པ། དེ་བཞིན་གཤེགས་པའི་ཡུལ་ཐམས་ཅད་མཆོད་པས་རྒྱས་པར་དགང་བའི་སེམས་དང་། ལྡན་པ། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཐམས་ཅད་ལ་བརྩོན་པས་བྱུང་བ། ཆོས་ཀྱི་སྐུ་བླ་ན་མེད་པ་ཡོངས་སུ་དག་པ་དང་ལྡན་པ། གཟུགས་ཀྱི་ལུས་མཐའ་ཡས་པ་ཡོངས་སུ་སྟོན་པ། བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་འཇོམས་པ།
དགེ་བའི་རྩ་བ་ཤིན་ཏུ་རྒྱ་ཆེན་པོའི་སྟོབས་དང་ལྡན་པ། ཆོས་ཀྱི་སྟོབས་རབ་ཏུ་སྐྱེས་པའི་བློ་ཅན། སངས་རྒྱས་ཀྱི་སྟོབས་སྣང་བ་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ཀྱི་སྟོབས་ཡོངས་སུ་རྫོགས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་ཀྱི་སྟོབས་ཡོངས་སུ་སྐྱེས་པ། དེ་བཞིན་གཤེགས་པའི་ཡེ་ཤེས་གློག་གིས་ཤེས་རབ་སྣང་བར་བྱས་པ། སེམས་ཅན་མཐའ་དང་དབུས་མེད་པའི་སེམས་རྒྱ་མཚོ་རྣམ་པར་དཔྱད་པ་ལ་མཁས་པ། འགྲོ་བ་ཤིན་ཏུ་མང་བའི་བསམ་པ་ལ་ཞུགས་པ། སེམས་ཅན་ཕ་རོལ་གྱི་དབང་པོ་རྣམ་པ་ཐ་དད་པ་ཤེས་པར་བྱ་བའི་ཚུལ་ལ་མཁས་པ། སེམས་ཅན་མཐའ་ཡས་པའི་མོས་པ་རྣམ་པ་ཐ་དད་པའི་རྒྱུས་ལ་མཁས་པར་ཁོང་དུ་ཆུད་པ། ཕྱོགས་བཅུའི་ཞིང་རྒྱ་མཚོ་ཚད་མེད་པ་ལུས་ཀྱིས་རྒྱས་པར་འགེངས་པ། འཇིག་རྟེན་གྱི་ཁམས་རྣམ་པ་ཐ་དད་པ་ཐམས་ཅད་ཤེས་པར་བྱ་བའི་ཚུལ་དང་། རྣམ་པ་ལ་མཁས་པ། ཞིང་ཐ་དད་པའི་ཚུལ་ཐམས་ཅད་ཤེས་པར་བྱ་བའི་ཚུལ་ལ་མཁས་པའི་རྗེས་སུ་སོང་བ། ཡེ་ཤེས་ཀྱི་ལྟ་བ་ཕྱོགས་རྒྱ་མཚོ་ཐམས་ཅད་དུ་རབ་ཏུ་འདལ་བ། དུས་རྒྱ་མཚོ་ཐམས་ཅད་དུ་ཁྱབ་པའི་བློ་དང་ལྡན་པ། སངས་རྒྱས་རྒྱ་མཚོ་ཐམས་ཅད་ལ་མངོན་སུམ་དུ་འདུད་པའི་ལུས་ཅན། ཆོས་ཀྱི་སྤྲིན་རྒྱ་མཚོའི་ཆར་ཐམས་ཅད་ཡང་དག་པར་གཟུང་བ་ལ། མངོན་ཏུ་གྱུར་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རབ་ཏུ་རྫོགས་པར་བྱ་བའི་ནན་ཏན་གྱིས་འབྱུང་བ་ལ་རབ་ཏུ་བརྩོན་པ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཡོངས་སུ་བསྒྲུབ་པ་ལ་རབ་ཏུ་ཞུགས་པའི་བློ་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རབ་ཏུ་འཇུག་པ་ལ་རྣམ་པར་དཔྱོད་པའི་མཐུ་ཡོད་པ། བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་གྲུབ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བསྐྱང་བ་ལ་རབ་ཏུ་བརྩོན་པ། སངས་རྒྱས་ཐམས་ཅད་ཀྱི་ལེགས་པའི་སྤྲིན་ཀུན་ཏུ་སྣང་བ་རབ་ཏུ་སྟོན་པ།
བྱང་ཆུབ་སེམས་དཔའ་དང་རྒྱལ་བ་ཐམས་ཅད་སྐྱེད་པའི་སྨོན་ལམ་གྱིས་བྱུང་བ་དང་། དེ་དག་ལ་སོགས་པ་མཐོང་བའི་ཚུལ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ལྷ་མོ་སྒྱུ་མ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་བར་གྱུར་ཏོ། །དེས་དེ་མཐོང་ནས་ལྷ་མོ་སྒྱུ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་བདག་གི་ལུས་བྱིན་གྱིས་བརླབས་ནས། ཕྱོགས་ཐམས་ཅད་ལ་མངོན་ཏུ་བལྟས་པའི་ལྷ་མོ་སྒྱུ་མ་ལ་ཐམས་ཅད་དུ་ཁྱབ་པའི་ལུས་ཀྱིས་ཕྱག་བྱས་སོ། །དེས་དེ་ལྟར་ཕྱག་བྱས་མ་ཐག་ཏུ་ཏིང་ངེ་འཛིན་གྱི་སྒོ་མཐའ་དང་དབུས་མེད་པ་ཐོབ་པར་གྱུར་ཏེ། དེས་ཏིང་ངེ་འཛིན་གྱི་སྒོ་དེ་དག་ལ་རྣམ་པར་བལྟས་ནས། མཚན་མར་བྱ་བ་དང་། བསྒོམ་པ་དང་། ལྷུར་བླང་བ་དང་། རྗེས་སུ་དྲན་པར་བྱ་བ་དང་། རྒྱས་པར་དགང་བ་དང་། རབ་ཏུ་རྒྱ་ཆེར་བྱ་བ་དང་། བལྟ་བ་དང་། རྣམ་པར་སྤེལ་བ་དང་། མངོན་པར་བསྒྲུབ་པ་དང་། རྒྱས་གདབ་པར་བྱས་ཏེ། ཏིང་ངེ་འཛིན་གྱི་སྒོ་དེ་དག་ལས་ལངས་ནས་ལྷ་མོ་སྒྱུ་མ་འཁོར་དང་བཅས། གནས་དང་བཅས། སྟན་དང་བཅས་པ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་ནི་འཇམ་དཔལ་གཞོན་ནུར་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དགེ་བའི་བཤེས་གཉེན་བསྙེན་བཀུར་བ་ལ་ཡོངས་སུ་བསྐུལ་བ་བགྱིས་པ་སྟེ། དེ་ལྟར་བདག་དགེ་བའི་བཤེས་གཉེན་ནས་དགེ་བའི་བཤེས་གཉེན་དུ་བསྙེན་བཀུར་བགྱིད་ཅིང་མཐར་གྱིས་ཁྱོད་ཀྱི་ཞབས་ཀྱི་དྲུང་འདིའི་བར་དུ་མཆིས་པ་ལགས་ན། འཕགས་མ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་ན། ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་པ་ལགས། དེས་སྨྲས་པ་རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྨོན་ལམ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རྣམ་པས་རྣམ་པར་བརྒྱན་པ་ཐོབ་པ་སྟེ། རིགས་ཀྱི་བུ་ཁོ་མོ་རྣམ་པར་ཐར་པ་དེ་དང་ལྡན་པས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདིའི་འཇིག་རྟེན་གྱི་ཁམས་
ཐམས་ཅད་ཀྱི་འཛམ་བུའི་གླིང་ཐམས་ཅད་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་དཔའི་སྲིད་པའི་ཐ་མ་ལ་སྐྱེ་བས་རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་ཡོད་པའི་བྱང་ཆུབ་སེམས་དཔའི་སྲིད་པའི་ཐ་མ་པ་དེ་དག་ཐམས་ཅད་སོ་སོའི་མར་གྱུར་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ལྟོ་ན་གནས་པ་ཁོ་མོའི་ལྟོ་གཡས་པ་ནས་འབྱུང་ངོ་། །རིགས་ཀྱི་བུ་སྐལ་བ་དང་ལྡན་པའི་གླིང་བཞི་པ་འདི་ཉིད་ཀྱི་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་སུ་ཡང་། རྒྱལ་པོ་ཟས་གཙང་མའི་བཙུན་མོའི་རིགས་དང་ལྡན་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་དོན་གྲུབ། བྱང་ཆུབ་སེམས་དཔའ་སྐྱེ་བའི་རྣམ་པར་འཕྲུལ་པ་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པས་བསྐྱེད་དོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་ན་འདུག་འདུག་པ་ལས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ཕོ་བྲང་ནས་འཕོ་བའི་དུས་ལ་བབ་པ་དང་། བ་སྤུའི་སྒོ་ཐམས་ཅད་ཀྱི་བ་སྤུའི་སྒོ་རེ་རེ་ནས་ཀྱང་འོད་ཟེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་གྱི་ཡོན་ཏན་གྱི་དཀྱིལ་འཁོར་ལས་བྱུང་བའི་སྣང་བ་ཞེས་བྱ་བ་མང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་གྱི་ཡོན་ཏན་གྱི་རྒྱན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འཐོན་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཁོ་མོའི་ལུས་ལ་ཤར་ནས། སྤྱི་བོ་མན་ཅད་བ་སྤུའི་བུ་ག་ཐམས་ཅད་དུ་འཕྲོས་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའི་འོད་ཟེར་མིང་གཅིག་ལ། བྱང་ཆུབ་སེམས་དཔའི་ཡུམ་གྱི་རྣམ་པར་འཕྲུལ་པ་དང་། རྒྱན་དང་རྣམ་པར་ཐར་པ་སྣ་ཚོགས་རབ་ཏུ་འགྱེད་པ་དེ་དག་ཁོ་མོའི་ལུས་སུ་དོང་མ་ཐག་ཏུ་དེའི་མོད་ལ་ཁོ་མོའི་ལུས་སུ་བྱང་ཆུབ་སེམས་དཔའི་འོད་ཟེར་གྱི་སྒོའི་དཀྱིལ་འཁོར་གྱིས་རྣམ་པར་དམིགས་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་སྐྱེ་བའི་རྣམ་པར་འཕྲུལ་པའི་ཚུལ་དང་རྒྱན་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །ཁྱིམ་དང་འཁོར་ལ་ཡང་དེ་བཞིན་དུ་སྣང་བར་གྱུར་
ཏོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའི་འོད་ཟེར་དེ་དག་ཁོ་མོའི་ལུས་སུ་དོང་མ་ཐག་ཏུ་དེའི་མོད་ལ་བྱང་ཆུབ་སེམས་དཔའི་འོད་ཟེར་གྱི་སྒོའི་དཀྱིལ་འཁོར་དེ་དག་གིས་བྱང་ཆུབ་སེམས་དཔའ་གང་དག་གི་སྐྱེ་བའི་ཚུལ་དང་། རྣམ་པར་འཕྲུལ་པ་རྣམ་པར་དམིགས་པར་བྱས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོས་མཐོང་བར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་ཏུ་གཤེགས་ནས། སེང་གེའི་གདན་ལ་བཞུགས་ཤིང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱིས་བསྐོར་ཏེ། འཇིག་རྟེན་གྱི་དབང་པོ་རྣམས་ཀྱིས་བསྐོར་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་མང་པོ་མཐོང་ངོ་། །དེ་བཞིན་གཤེགས་པ་དེ་དག་གིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བསྙེན་བཀུར་བ་དེ་དག་ཐམས་ཅད་ཀྱང་ཁོ་མོས་དང་པོ་ཐུགས་བསྐྱེད་པ་དང་། སྐྱེ་བའི་རྣམ་པར་འཕྲུལ་པ་དང་བཅས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བའི་རྣམ་པར་འཕྲུལ་པ་དང་བཅས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་རྒྱན་དང་བཅས་པར་མཐོང་ངོ་། །དེ་བཞིན་གཤེགས་པ་དེ་དག་གི་སྤྲུལ་པའི་དཀྱིལ་འཁོར་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོས་མཐོང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོའི་ལུས་སུ་བྱང་ཆུབ་སེམས་དཔའི་འོད་ཟེར་དེ་དག་དོང་མ་ཐག་ཏུ་ཁོ་མོའི་ལུས་ཀྱང་འགྲོ་བ་ཐམས་ཅད་ལས་མངོན་པར་འཕགས་པར་གྱུར་ཏེ། རུམ་ནམ་མཁའི་དབྱིངས་ལྟར་ཡངས་པར་གྱུར་ཀྱང་མིའི་ལུས་ལས་ལྷག་པར་ཡང་མི་སྣང་ངོ་། །ཕྱོགས་བཅུ་ན་བྱང་ཆུབ་སེམས་དཔའི་མངལ་གྱི་གནས་དང་། ཁང་ཁྱིམ་དང་རྒྱན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ལུས་ཀྱི་ཁོངས་སུ་ཆུད་པ་དང་། ཁོ་མོའི་ལུས་སུ་ཤོང་བར་གྱུར་པར་སྣང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོའི་ལུས་སུ་བྱང་ཆུབ་སེམས་དཔའི་མངལ་
གྱི་གནས་དང་། ཁང་ཁྱིམ་དང་རྒྱན་དང་ལོངས་སྤྱོད་བྱུང་བར་གྱུར་པ་དང་། དེའི་མོད་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སྨོན་ལམ་གཅིག་པ་སྐལ་བ་མཉམ་པར་སྤྱོད་སྤྱོད་པ། དགེ་བའི་རྩ་བ་གཅིག་པ་རྒྱན་གཅིག་པ། རྣམ་པར་ཐར་པ་གཅིག་ལ་རྣམ་པར་སྤྱོད་པ། ཡེ་ཤེས་ཀྱི་ས་གཅིག་ལ་གནས་པ། རྣམ་པར་འཕྲུལ་པ་གཅིག་གིས་བྱུང་བ། སྨོན་ལམ་གཅིག་གིས་གྲུབ་པ། སྤྱོད་པ་གཅིག་གིས་བྱུང་བ། ཆོས་ཀྱི་ལུས་ཡོངས་སུ་དག་པ། གཟུགས་ཀྱི་ལུས་མཐའ་དང་དབུས་མེད་པའི་བྱིན་གྱི་རླབས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་དང་རྣམ་པར་འཕྲུལ་པས་བྱུང་བ་དག་དང་། རིན་པོ་ཆེའི་ཀླུའི་དབང་པོའི་སྙིང་པོའི་ཁང་པ་བརྩེགས་པ་ན་འཁོད་ཅིང་། ཀླུའི་རྒྱལ་པོ་གང་ཆེན་མཚོ་ལ་སྩོགས་པ་ཀླུའི་དབང་པོ་སྟོང་ཕྲག་བརྒྱད་ཅུ་དང་། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱིས་ཀྱང་མངོན་པར་མཆོད་ཅིང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དགའ་ལྡན་གྱི་ཕོ་བྲང་ཐམས་ཅད་ནས་ཤི་འཕོ་ཡོངས་སུ་སྟོན་པས། དགའ་ལྡན་གྱི་གནས་རེ་རེ་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདལ་བའི་གླིང་བཞི་པར་སྐྱེ་བ་ལེན་པ་ཡོངས་སུ་སྟོན་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་ལ་མཁས་པའི་རྗེས་སུ་སོང་བ་དང་སེམས་ཅན་བག་མེད་པ་ཐམས་ཅད་ཡོངས་སུ་བསྐུལ་ཞིང་མངོན་པར་ཞེན་པ། ཐམས་ཅད་ལས་གྱེན་དུ་བསྐྱོད་པ་དང་། འོད་ཟེར་གྱི་དྲ་བ་ཆེན་པོ་རབ་ཏུ་དགྱེ་བས་འཇིག་རྟེན་གྱི་མུན་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་དང་། སེམས་ཅན་དམྱལ་བའི་ལམ་གྱི་རྒྱུད་ཐམས་ཅད་ནས་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་ལས་ཡོངས་སུ་
བསྐུལ་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པ་དང་། སེམས་ཅན་ཐམས་ཅད་ལ་ལུས་མངོན་པར་སྟོན་པས་དགའ་ལྡན་གྱི་ཕོ་བྲང་ནས་འཕོས་ཏེ། འཁོར་དང་བཅས་པར་ཁོ་མོའི་ལུས་སུ་ཞུགས་ནས་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁོང་ན་གོམ་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་ཡངས་པ་ནས། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཡངས་པའི་འགྲོས་ཀྱིས་རྒྱུ་ཞིང་སྤྱོད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་གི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པ་དག་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་བྱང་ཆུབ་སེམས་དཔའི་མངལ་གྱི་གནས་དང་། རྣམ་པར་འཕྲུལ་པ་ལྟ་བའི་ཕྱིར་ཁོ་མོའི་ཁོང་དུ་འདོང་ངོ་། །རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་དང་རབ་མཚེ་མ་དང་རབ་དགའ་ལྡན་དང་རབ་འཕྲུལ་དགའ་དང་དབང་བསྒྱུར་གྱི་ལྷའི་དབང་པོ་རྣམས་དང་། ཚངས་པ་རྣམས་ཀྱང་མངལ་གྱི་གནས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བ་དང་། ཆོས་མཉན་པའི་གཏམ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་ཉེ་བར་དོང་ཡང་ཁོ་མོའི་རུམ་འདིས་དེ་སྙེད་ཀྱི་འཁོར་གྱི་དཀྱིལ་འཁོར་ཅིག་ཡོངས་སུ་བཟུང་ཡང་ཡངས་པར་གྱུར་པ་ཡང་མེད། མིའི་ལུས་ཐ་མལ་པ་ལས་ཁོ་མོའི་ལུས་ཁྱད་པར་ཅན་དུ་གྱུར་པ་ཡང་མེད་མོད་ཀྱི། འཁོར་གྱི་དཀྱིལ་འཁོར་དེ་སྙེད་ཀྱང་ཡོངས་སུ་བཟུང་ངོ་། །ལྷ་དང་མི་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་སྣ་ཚོགས་དང་། རྒྱན་ཡོངས་སུ་དག་པ་ཡང་མཐོང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྨོན་ལམ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རྣམ་པ་འདི་ཉིད་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །རིགས་ཀྱི་བུ་ཇི་ལྟར་ཁོ་མོ་སྐལ་བ་དང་ལྡན་པའི་གླིང་བཞི་པ་འདིའི་
འཛམ་བུའི་གླིང་ན་བྱང་ཆུབ་སེམས་དཔའ་ཁོང་ན་ཡོངས་སུ་འཛིན་པ་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གླིང་བཞི་པ་ཐམས་ཅད་ཀྱི་འཛམ་བུའི་གླིང་དག་ན་ཡང་རྣམ་པར་འཕྲུལ་པའི་རྒྱན་གྱི་ཚུལ་འདི་ཉིད་ཀྱིས་ཡོངས་སུ་འཛིན་པར་བྱེད་དེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྨོན་ལམ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རྣམ་པ་འདི་ཉིད་ཤིན་ཏུ་བསྒོམས་པའི་ཕྱིར་ཁོ་མོའི་ལུས་འདི་གཉིས་སུ་གྱུར་པའང་མེད། མི་གཉིས་པའང་མེད། གཅིག་ལ་གནས་པ་ཡང་མེད། མང་པོ་ལ་གནས་པ་ཡང་མེད་དོ། །རིགས་ཀྱི་བུ་ཇི་ལྟར་ཁོ་མོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདིའི་ཡུམ་དུ་གྱུར་པ་དེ་བཞིན་དུ་སྔོན་གྱི་དེ་བཞིན་གཤེགས་པ་མཐའ་དང་དབུས་མེད་པ་དག་གི་ཡང་ཡུམ་དུ་གྱུར་ཏོ། །ལ་ལ་ཞིག་ཏུ་བྱང་ཆུབ་སེམས་དཔའ་པད་མོའི་སྦུབས་ནས་རྫུས་ཏེ་སྐྱེ་བ་ཞིག་ཏུ་གྱུར་ན་ཡང་པད་མོའི་ཚལ་གྱི་ལྷ་མོར་གྱུར་ཅིང་ཁོ་མོ་བྱང་ཆུབ་སེམས་དཔའ་ལེན་ཏེ། འཇིག་རྟེན་རྣམས་ཀྱིས་ཀྱང་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་ཡུམ་ཡིན་པར་ཤེས་སོ། །ལ་ལ་ཞིག་ཏུ་ཐུ་བར་སྐྱེ་བར་གྱུར་ན་ཡང་དེ་དག་ཏུ་ཡང་ཁོ་མོས་ཐུ་བར་བླངས་ཏེ། བྱང་ཆུབ་སེམས་དཔའི་ཡུམ་དུ་གྱུར་ཏོ། །ལ་ལ་ཞིག་ཏུ་སངས་རྒྱས་ཀྱི་ཞིང་དུ་དེ་བཞིན་འབྱུང་བར་གྱུར་ན་ཡང་དེ་དག་ཏུའང་ཁོ་མོ་སྙིང་པོ་བྱང་ཆུབ་ཀྱི་ལྷ་མོར་གནས་གནས་སོ། །རིགས་ཀྱི་བུ་ཐབས་ཀྱི་སྒོ་ཇི་སྙེད་ཅིག་གིས་བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མ་པ་འཇིག་རྟེན་དུ་འབྱུང་བ་ཡོངས་སུ་སྟོན་པ་དེ་སྙེད་ཀྱི་ཐབས་ཀྱི་སྒོས་ཁོ་མོ་བྱང་ཆུབ་སེམས་དཔའི་ཡུམ་དུ་གྱུར་ཏེ། རིགས་ཀྱི་བུ་ཁོ་མོ་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་དཔའི་སྐྱེ་བའི་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པ་དག་ཏུ་ཡུམ་དུ་གྱུར་པ། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལོག་པ་དད་སེལ་དང་། གསེར་ཐུབ་དང་བསོད་སྐྱབས་ཀྱི་ཡུམ་དུ་ཡང་གྱུར་ཏོ། །དེ་བཞིན་དུ་མ་བྱོན་པའི་དེ་བཞིན་གཤེགས་པ་བསྐལ་པ་བཟང་པོ་པ་རྣམས་ཀྱི་ཡང་ཡུམ་དུ་འགྱུར་ཏེ།
འདི་ལྟར་བྱང་ཆུབ་སེམས་དཔའ་བྱམས་པ་དགའ་ལྡན་གྱི་གནས་ན་བཞུགས་ཤིང་ཤི་འཕོ་ཡོངས་སུ་སྟོན་པའི་དུས་ལ་བབ་པ་དང་། འོད་ཟེར་བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱེ་བར་འབྱུང་ཞིང་མངལ་ན་བཞུགས་པའི་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པའི་འོད་བཀྱེ་ནས་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ཚུལ་དང་གཞི་རབ་ཏུ་སྣང་བར་བྱས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཚུལ་དང་། གཞི་ཇི་སྙེད་ཅིག་ཏུ་བྱང་ཆུབ་སེམས་དཔའ་བྱམས་པས་མྱིའི་འཇིག་རྟེན་གྱི་མིའི་དབང་པོའི་རིགས་སུ་ཚེར་སྐྱེ་བ་ཡོངས་སུ་བསྟན་པས་སེམས་ཅན་གདུལ་བར་བྱ་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་དུའང་ཁོ་མོ་བྱང་ཆུབ་སེམས་དཔའི་ཡུམ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་བྱམས་པའི་ཡུམ་དུ་ཇི་ལྟར་འགྱུར་བ་དེ་བཞིན་དུ་བྱམས་པའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ། སེང་གེ་དང་། དེ་བཞིན་དུ་རབ་ཏུ་སྣང་བ་དང་། དཔལ་དང་སྤྱན་བཟང་པོ་དང་། མེ་ཏོག་དང་། མེ་ཏོག་དཔལ་དང་། རྒྱས་པ་དང་། རྒྱལ་དང་། ཐུགས་བཟང་པོ་དང་། རྡོ་རྗེ་དང་། རྡུལ་དང་བྲལ་བ་དང་། ཟླ་བ་སྒྲོན་མ་འཛིན་པ་དང་། གྲགས་པ་དང་། རྡོ་རྗེ་དག་པ་དང་། དོན་གཅིག་ཏུ་སྟོན་པ་དང་། མི་དཀར་ཡན་ལག་དང་། ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེ་འོད་འཕྲོ་བའི་རི་བོ་དང་། སྒྲོན་མ་ཆེན་པོ་འཛིན་པ་དང་། པད་མོ་དམ་པ་དང་། སྒྲ་རྣམ་པར་གྲགས་པ་དང་། ཡོན་ཏན་དཔག་ཏུ་མེད་པ་མངའ་བ་དང་། མར་མེའི་དཔལ་དང་། ཡན་ལག་རྣམ་པར་བརྒྱན་པ་དང་། ལེགས་པར་བཞུད་པ་དང་། བྱམས་པའི་དཔལ་དང་། སྤྲུལ་པ་བཟང་པོ་དང་། གནས་དང་བྲལ་བ་དང་། གཟི་བརྗིད་འབར་བ་དང་། གསུང་མཐའ་ཡས་པ་དང་། ལེན་པ་མེད་པའི་སྤྱན་དང་། ལེན་པ་མེད་པའི་མུ་ཁྱུད་དང་། ཡིད་གཉིས་རྣམ་པར་སེལ་བ་དང་། ཡོངས་སུ་དག་པ་དང་། འོད་ཤིན་ཏུ་ཡངས་པ་དང་། གྲགས་པ་དག་པས་བྱུང་བ་དང་། སྤྲིན་གྱི་དཔལ་དང་། གཙུག་ཕུད་རྣམ་པར་མཛེས་པ་དང་། ཤིང་
གི་རྒྱལ་པོ་དང་། རིན་པོ་ཆེའི་དཀྱིལ་འཁོར་རིན་པོ་ཆེ་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ཁ་དོག་དང་། བློ་གྲོས་རྒྱ་མཚོ་དང་། རིན་པོ་ཆེ་བཟང་པོ་དང་། སྟོབས་ལ་ཐུབ་པ་མེད་པ་དང་། དགོངས་པ ་ཡོངས་སུ་རྫོགས་པ་དང་། དབང་ཕྱུག་ཆེན་པོ་དང་། དབང་པོའི་དཔལ་དང་། མེའི་དཔལ་དང་། མཆོག་གི་དཔལ་དང་། ཙན་དན་གྱི་སྤྲིན་དང་། མི་དཀར་རིངས་པོའི་སྤྱན་དང་། བློ་གྲོས་དམ་པ་དང་། བློ་གྲོས་རྣམ་པར་བསྒོམས་པ་དང་། སྒྲུབ་པའི་རྒྱལ་པོ་དང་། སྦྱོང་བའི་རྒྱལ་པོ་དང་། རྡོ་རྗེ་བློ་གྲོས་དང་། རྣམ་པར་བརྒྱན་པ་དང་། ཕུན་སུམ་སྣ་ཚོགས་དང་། ཟེ་བ་དགའ་བ་དང་། དབང་ཕྱུག་ལྷ་དང་། གཙུག་ཏོར་དཔལ་དང་། ཡེ་ཤེས་རྡོ་རྗེའི་རི་བོ་དང་། དཔལ་གྱི་སྙིང་པོ་དང་། གསེར་གྱི་དྲ་བས་སྐུ་རྣམ་པར་བརྒྱན་པ་དང་། ཤིན་ཏུ་རྣམ་པར་ཕྱེ་བ་དང་། དབང་ཕྱུག་ལྷ་དང་། དབང་ཆེན་ལྷ་དང་། མི་དམིགས་པའི་དཔལ་དང་། རྣམ་པར་དག་པས་དགྱེས་པ་དང་། འོད་འཕྲོ་མངའ་བ་དང་། ཆུའི་དཔལ་དང་། རྣམ་དག་བློ་གྲོས་དང་། ཐེག་པ་དམ་པ་དང་། མ་ཉམས་པའི་ཡོན་ཏན་འབྱུང་བ་དང་། དགྲ་ལས་དབེན་པ་དང་། གསུང་སྒྲོག་པ་དང་། དབང་དུ་གྱུར་པའི་ཡོན་ཏན་གཟི་བརྗིད་དང་། རྣམ་པར་སྣང་མཛད་དཔལ་དང་། དྲི་ཞིམ་པོའི་ལོངས་སྤྱོད་དང་། དྲི་ཞིམ་པོ་རྣམ་པར་ཕྱེ་བ་དང་། ཡན་ལག་རྣམ་པར་ཕྱེ་བ་དང་། ས་ག་བཟང་པོ་དང་། ཞལ་ནས་སྤོས་ཐམས་ཅད་འོད་དུ་འཕྲོ་བ་དང་། རྡོ་རྗེ་རིན་པོ་ཆེས་རྣམ་པར་བརྒྱན་པ་དང་། རབ་ཏུ་བཞད་པའི་སྤྱན་དང་། འདོད་ཆགས་རྡུལ་བཅོམ་དང་། སྐུ་མཆོག་ཏུ་འཁྲུངས་པ་དང་། ལྷའི་དབྱིག་དང་། རླབས་ཆེན་ལྷ་དང་། འགོག་པར་གཞོལ་བ་དང་། ཐུགས་རྣམ་པར་སངས་རྒྱས་པ་དང་། རྡུལ་རྣམ་པར་བསྩལ་པ་དང་། འོད་འཕྲོ་མངའ་ཆེན་དང་། ཉེ་བར་ཞི་བ་མངའ་བ་དང་། ས་གའི་ལྷ་དང་། རྡོ་རྗེ་རི་བོ་དང་། ཡེ་ཤེས་འོད་འཕྲོ་འབར་བའི་སྐུ་དང་། བདེ་བ་མཛད་པ་དང་། བསྐྲུན་པའི་སྟག་དང་།
དགེ་བ་ཡོངས་སུ་རྫོགས་པ་དང་། གྲགས་པ་ཡིད་དུ་འོང་བས་བཟང་བ་དང་། མཐུས་རྣམ་པར་གནོན་པ་དང་། དོན་དམ་པ་རྣམ་པར་གནོན་པ་དང་། ཞི་བའི་འོད་ཟེར་དང་། གཅིག་ཏུ་འཕགས་པ་དང་། དབྱངས་ཟབ་མོ་དང་། སའི་བདག་པོ་དང་། དཔག་ཏུ་མེད་པ་དང་། དབྱངས་ཀྱི་དཔལ་དང་། རྣམ་པར་གྲགས་པ་དང་། ལོངས་སྤྱོད་འཐུན་པ་དང་། ལོངས་སྤྱོད་ཚོགས་པ་དང་། སྨན་པའི་དམ་པ་དང་། ཡོན་ཏན་ཟླ་བ་དང་། བཞད་པའི་གཟི་བརྗིད་དང་། ཡོན་ཏན་བསྩགས་པ་དང་། ཟླ་བ་འཕགས་པ་དང་། ཉི་མའི་ལྷ་དང་། འཇིགས་པར་གྲགས་པ་དང་། འོད་ཟེར་གྱི་ཞལ་དང་། སཱ་ལའི་དབང་པོའི་ལྷུན་དང་། གྲགས་པ་དང་། སྨན་གྱི་རྒྱལ་པོ་དང་། རིན་ཅེན་མཆོག་དང་། བློ་གྲོས་རྡོ་རྗེ་དང་། དཀར་པོའི་དཔལ་དང་། གཞི་ཤིན་ཏུ་སྦྱངས་པ་དང་། རིན་ཅེན་རྒྱལ་པོ་དང་། གྲགས་པ་ཆེན་པོ་དང་། ཤུགས་དྲག་འཛིན་པ་དང་། མི་དཔོགས་འོད་དང་། འོད་འཕྲོ་ཆེན་པོས་བཞུགས་པ་དང་། དོན་ཡོད་པའི་ཆོས་ལ་མངའ་བ་དང་། བརྩོན་འགྲུས་མ་ཉམས་པ་དང་། དག་པའི་ལྷ་དང་། འོད་བརྟན་པ་དང་། ཀུན་གྱི་བཤེས་གཉེན་དང་། རྣམ་པར་གྲོལ་བའི་དབྱངས་དང་། རྣམ་པར་བསྒྲགས་པའི་རྒྱལ་པོ་དང་། ཚིག་གཅོད་པ་དང་། ཙམ་པ་ཀ་དྲི་མ་མེད་པའི་འོད་དང་། ཁ་ན་མ་ཐོ་བ་མི་མངའ་བ་དང་། ཟླ་བ་རྣམ་པར་འཕགས་པ་དང་། སྒྲོན་མ་འཛིན་པ་དང་། སྐུ་རྣམ་པར་མཛེས་པ་དང་། བརྗོད་དུ་མེད་པར་འཕགས་པ་དང་། འགྲོ་བའི་བཤེས་གཉེན་དང་། འོད་ཟེར་མང་པོ་དང་། དབྱངས་ཀྱི་ཡན་ལག་དཔའ་བོ་དང་། ཆུའི་ལྷའི་སྤྱན་དང་། མོས་པའི་བློ་གྲོས་མངའ་བའི་གཟི་བརྗིད་དང་། མེ་ཏོག་ཀུན་དའི་དཔལ་དང་། མཆོད་པའི་ཟླ་བ་དང་། བློ་མི་མངའ་བ་དང་། ཆགས་པ་མི་མངའ་བ་དང་། མི་དམིགས་པའི་བློ་གྲོས་དང་། ཕུང་པོ་བསྩགས་པ་དང་། ངན་སོང་རབ་ཏུ་འཇོམས་པ་དང་། མེ་ཏོག་དམ་པ་དང་། སེང་གེ་རྣམ་པར་སྒྲོག་པ་དང་། དོན་མི་
དམའ་བ་དང་། བསྒྲིབས་པ་མེད་པར་གཟིགས་པ་དང་། ཕ་རོལ་གྱི་ཚོགས་འཇོམས་པ་དང་། རླུང་གི་མུ་ཁྱུད་དང་། སྙིང་པོ་མི་གཡོ་བ་དང་། སྙིང་པོ་བཟང་པོ་དང་། གཞན་གྱིས་མི་ཐུབ་པའི་རི་བོ་དང་། མི་གནས་ཡེ་ཤེས་དང་། མཐའ་ཡས་བཞུགས་པ་དང་། གཡུལ་དུ་བརྟན་པ་དང་། སྤྱོད་པས་གྲུབ་པ་དང་། བླ་མས་བོན་པ་དང་། མཆོག་ཏུ་དགའ་བ་དང་། རྗེས་སུ་འཛིན་པའི་ཟླ་བ་དང་། ལྷུན་མི་གཡོ་བ་དང་། ཐུགས་དྲག་པོ་དང་། ཐུགས་བརྩེ་བའི་བློ་གྲོས་དང་། ཤིན་ཏུ་མཐོ་འཛིན་པ་དང་། འོད་ཟེར་མུ་ཁྱུད་དང་། མཚན་དཔེ་མེད་པ་དང་། གཟི་བརྗིད་མཉམ་པ་དང་། ཐམས་ཅད་ཁ་དོག་དང་། མཚན་མ་མེད་པའི་ཤེས་རབ་དང་། མི་གཡོ་བའི་ལྷ་དང་། བསམ་གྱིས་མི་ཁྱབ་པའི་དཔལ་དང་། རྣམ་པར་ཐར་པའི་ཟླ་བ་དང་། བླ་ན་མེད་པའི་རྒྱལ་པོ་དང་། ཟླ་བའི་ཕུང་པོ་དང་། མཆོད་པའི་ཚངས་པ་དང་། སྤྱན་མི་འགྱུར་བ་དང་། བྱམས་པའི་རིགས་དང་། ཕྲིན་ལས་འཕགས་པ་དང་། གཉེར་བའི་ཆོས་ཀྱི་བློ་གྲོས་དང་། བླ་ན་མེད་པའི་དཔལ་དང་། ཚངས་པའི་ལྷ་དང་། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་འོད་དང་། བླ་ན་མེད་པའི་ཆོས་ཀྱི་སྤྱོད་ཡུལ་དང་། མཐའ་ཡས་བཟང་པོ་དང་། ཚུལ་དང་འདྲ་བའི་གཟུངས་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་མཐོ་བའི་ལྷ་དག་སྟེ། རིགས་ཀྱི་བུ་དེ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་མ་བྱོན་པའི་དེ་བཞིན་གཤེགས་པ་བྱམས་པ་ལ་སྩོགས་ཏེ། སྨོས་པ་འདི་དག་ལ་སྩོགས་པ་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུའང་ཁོ་མོ་ཉིད་འགྱུར་རོ། །འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཚུལ་མཐའ་དང་དབུས་མེད་པ་ལ་ཞུགས་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་བྱམས་པའི་ཡུམ་དུ་ཡོན་ཏན་གྱི་ཁྱད་
པར་བརྗོད་དུ་མེད་པས་འགྱུར་བ་དེ་བཞིན་དུ་ཡོན་ཏན་གྱི་ཁྱད་པར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་དེ་བཞིན་གཤེགས་པ་སེང་གེ་ནས་དེ་བཞིན་གཤེགས་པ་སྣང་བའི་བར་གྱི་ཡུམ་དུ་འགྱུར་རོ། །ཇི་ལྟར་དེ་བཞིན་གཤེགས་པ་བསྐལ་པ་བཟང་པོ་བ་རྣམས་ཀྱི་ཡུམ་དུའང་འགྱུར་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་འཛམ་བུ་གླིང་ཡོད་པ་ཐམས་ཅད་དུ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱད་པ་སྤྱོད་ཅིང་བསྐལ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་བྱིན་གྱིས་བརླབས་ཏེ། མ་བྱོན་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ཐམས་ཅད་ཀྱི་ཡུམ་དུ་ཡང་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལྷ་མོ་སྒྱུ་མ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྨོན་ལམ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རྣམ་པས་རྣམ་པར་བརྒྱན་པ་འདི་བརྙེས་ནས་ཇི་སྲིད་ཅིག་ལགས། སྨྲས་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་བསམ་གྱིས་མི་ཁྱབ་པ། སེམས་ཀྱི་ཡུལ་ལས་འདས་པ་རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའི་མིག་གི་ལམ་གྱིས་རྣམ་པར་དམིགས་པ་རྣམ་པར་ཤེས་པས་བགྲང་བ་ལས་ཡོངས་སུ་འདས་པའི་ཕ་རོལ་ཅིག་ཏུ་བསྐལ་པ་དགེ་བའི་འོད་ཅེས་བྱ་བ་ཞིག་བྱུང་སྟེ། བསྐལ་པ་དགེ་བའི་འོད་དེ་ལ་འཇིག་རྟེན་གྱི་ཁམས་རི་བོ་ཤིན་ཏུ་མཐོ་བའི་དཔལ་ཞེས་བྱ་བ་རྣམ་པར་དག་ལ་ཀུན་ནས་ཉོན་མོངས་པ་རིན་པོ་ཆེ་དུ་མ་ལས་གྲུབ་པ་ཁོར་ཡུག་དང་བཅས་པ་རི་རབ་དང་རྒྱ་མཚོར་བཅས་པ། འགྲོ་བ་ལྔའི་རྒྱུད་དང་བཅས་པ། སྣ་ཚོགས་བལྟ་ན་མཛེས་པ་ཞིག་བྱུང་སྟེ། འཇིག་རྟེན་གྱི་ཁམས་རི་བོ་
ཤིན་ཏུ་མཐོ་བའི་དཔལ་དེར་གླིང་བཞི་པ་བྱེ་བ་བརྒྱ་ཕྲག་བཅུ་བྱུང་སྟེ། གླིང་བཞི་པ་བྱེ་བ་བརྒྱ་ཕྲག་བཅུ་པོ་དེ་དག་གི་དབུས་ན་གླིང་བཞི་པ་དབུ་མ་སེང་གེ་རྒྱལ་མཚན་དམ་པའི་གཟི་བརྗིད་ཅེས་བྱ་བ་ཞིག་ཡོད་པར་གྱུར་ཏེ། གླིང་བཞི་པ་དེར་རྒྱལ་པོའི་གནས་བྱེ་བ་བརྒྱ་ཕྲག་བརྒྱད་ཅུ་བྱུང་བར་གྱུར་ཏོ། །རྒྱལ་པོའི་གནས་བྱེ་བ་བརྒྱ་ཕྲག་བརྒྱད་ཅུ་པོ་དེ་དག་གི་དབུས་སུ་རྒྱལ་པོའི་གནས་དབུ་མ་རྒྱལ་མཚན་གྱི་དམ་པ་དང་ལྡན་པ་ཞེས་བྱ་བ་བྱུང་སྟེ། དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཟི་བརྗིད་ཆེན་པོའི་མཐུ་ཞེས་བྱ་བ་བྱུང་ངོ་། །རྒྱལ་པོའི་གནས་རྒྱལ་མཚན་གྱི་དམ་པ་དང་ལྡན་པ་དེར་སྙིང་པོ་བྱང་ཆུབ་ཡལ་ག་སྣ་ཚོགས་ཀྱི་འོད་ཅེས་བྱ་བ་ཞིག་བྱུང་སྟེ། དེ་ན་སྙིང་པོ་བྱང་ཆུབ་ཀྱི་ལྷ་མོ་མིག་གི་དཔལ་ཞེས་བྱ་བ་འདུག་འདུག་གོ །སྙིང་པོ་བྱང་ཆུབ་ཡལ་ག་སྣ་ཚོགས་ཀྱི་འོད་དེ་ལ་བྱང་ཆུབ་སེམས་དཔའ་རྒྱལ་མཚན་དྲི་མ་མེད་པ་ཞེས་བྱ་བ་ཞིག་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདུག་པ་ལས་དེའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཁོང་དུ་ཆུད་པར་བྱ་བ་ལ་བར་ཆད་བྱ་བའི་ཕྱིར་བདུད་ཁ་དོག་བཟང་པོའི་འོད་ཅེས་བྱ་བ་བདུད་ཀྱི་སྡེ་ཆེན་པོའི་འཁོར་དང་ལྡན་པ་ཞིག་ལུས་མི་སྣང་བར་མ་བྱས་པར་དྲུང་དུ་ཕྱིན་པར་གྱུར་ཏོ། །འཁོར་ལོས་སྒྱུར་བ་གཟི་བརྗིད་ཆེན་པོའི་མཐུ་དེ་ཡང་བྱང་ཆུབ་སེམས་དཔའི་དབང་ཐོབ་པའི་རྫུ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པས་བྱུང་བ་ཞིག་སྟེ། དེས་བདུད་ཀྱི་སྡེ་དེ་བས་ཀྱང་འཕགས་ལ་ཆེས་མང་བའི་དཔུང་གི་ཚོགས་ཆེན་པོ་མངོན་པར་སྤྲུལ་ཏེ། བདུད་ཀྱི་སྡེ་ཕམ་པར་བྱ་བའི་ཕྱིར་སྙིང་པོ་བྱང་ཆུབ་དེའི་འཁོར་ཀུན་ནས་ཡོངས་སུ་བསྐོར་བ་དང་། དེས་བདུད་ཀྱི་སྡེ་ཆེན་པོ་དེ་ཡང་རྣམ་པར་གཏོར་བར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་མཚན་དྲི་མ་མེད་པ་དེས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་སྙིང་པོ་བྱང་ཆུབ་ཀྱི་ལྷ་མོ་མིག་གི་དཔལ་གྱིས་འཁོར་ལོས་སྒྱུར་
བའི་རྒྱལ་པོ་གཟི་བརྗིད་ཆེན་པོའི་མཐུ་ལ་བུའི་འདུ་ཤེས་བསྐྱེད་ནས། དེ་བཞིན་གཤེགས་པ་དེའི་ཞབས་གཉིས་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་འཁོར་ལོས་སྒྱུར་བ་གཟི་བརྗིད་ཆེན་པོའི་མཐུ་འདི་བདག་གི་བུར་གྱུར་ཅིག །ནམ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེའང་། བདག་ཉིད་དེའི་མར་གྱུར་ཅིག །ཅེས་ནས་དེས་སྨོན་ལམ་དེ་སྐད་དུ་བཏབ་སྟེ། སྙིང་པོ་བྱང་ཆུབ་ཡལ་ག་སྣ་ཚོགས་ཀྱི་འོད་དེ་ཉིད་ལ་གནས་ཤིང་བསྐལ་པ་འོད་བཟང་པོ་དེ་ཉིད་ལ་དེ་བཞིན་གཤེགས་པ་ཁྲག་ཁྲིག་ཕྲག་བཅུ་བསྙེན་བཀུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྙིང་པོ་བྱང་ཆུབ་ཀྱི་ལྷ་མོ་མིག་གི་དཔལ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན་སྙིང་པོ་བྱང་ཆུབ་ཀྱི་ལྷ་མོ་མིག་གི་དཔལ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བ་གཟི་བརྗིད་ཆེན་པོའི་མཐུ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་དབང་ཐོབ་པ། རྫུ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པས་བྱུང་བ་བདུད་ཀྱི་སྡེ་ཆེན་པོ་རྣམ་པར་འཐོར་བར་བྱེད་བྱེད་པ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི་དེ་ལྟར་མི་བལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འདི་ནི་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཟི་བརྗིད་ཆེན་པོའི་མཐུ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་དེ་ནས་ཉེ་བར་བཟུང་ནས་གང་དང་གང་དུ་སྐྱེས་པ་དེ་དག་ཐམས་ཅད་དུའང་འདི་ནི་ཁོ་མོའི་བུར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་འགྲོ་བའི་རྒྱུད་ཀྱི་སྒོ་ཐམས་ཅད་དང་། སྐྱེ་གནས་ཀྱི་སྒོ་ཐམས་ཅད་དང་། དགེ་བའི་རྩ་བའི་སྒོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུད་
ཀྱི་ཚུལ་ཐམས་ཅད་དང་། སྐྱེས་པའི་རབས་ཀྱི་ཚུལ་ཐམས་ཅད་དང་། ལྷའི་དབང་པོའི་ཚེ་ཐམས་ཅད་དང་། འཇིག་རྟེན་གྱི་དབང་པོའི་འགྲོ་བའི་རྒྱུད་ཐམས་ཅད་དང་། དབང་ཕྱུག་གི་ས་ཐམས་ཅད་དང་། འགྲོ་བའི་རྒྱུད་དུ་སྣང་བ་ཐམས་ཅད་གང་དང་གང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་དུ་ཡང་ཁོ་མོ་ཉིད་འདིའི་ཡུམ་དུ་གྱུར་ཏེ། སྲིད་པ་ཐམས་ཅད་དུ་ཡང་ཁོ་མོ་ཉིད་དང་འབྲལ་བ་མེད་པར་ཡུམ་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའི་སྐྱེ་བའི་སྒོ་ཐམས་ཅད་དུ་སྐད་ཅིག་སྐད་ཅིག་བྱང་ཆུབ་སེམས་དཔའི་སྐྱེ་བའི་རྣམ་པར་འཕྲུལ་པ་བསྟན་པར་གྱུར་པ་དེ་དག་ཐམས་ཅད་དུའང་ཁོ་མོ་ཉིད་འདིའི་ཡུམ་དུ་གྱུར་ཏོ། །འདས་པའི་དེ་བཞིན་གཤེགས་པ་མཐའ་དང་དབུས་མེད་པ་ཚད་མེད་པ་དག་གི་ཡུམ་དུའང་ཁོ་མོ་གྱུར་ཏོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ད་ལྟར་བྱུང་བ་མཐའ་དང་དབུས་མེད་པ་ཚད་མེད་པ་དག་གི་ཡུམ་དུ་ཡང་ཁོ་མོ་གྱུར་ཏེ། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་གི་སྲིད་པ་ཐ་མ་ལ་ཁོ་མོ་བྱང་ཆུབ་སེམས་དཔའི་ཡུམ་དུ་གྱུར་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་ལྟེ་བའི་དཀྱིལ་འཁོར་ནས་འོད་ཟེར་མང་པོ་བྱུང་ཞིང་ཁོ་མོའི་ལུས་དང་སེམས་རབ་ཏུ་སྣང་བར་མཛད་དོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྨོན་ལམ་ཆེན་པོའི་ཡེ་ཤེས་སྒྱུ་མའི་རྣམ་པས་རྣམ་པར་བརྒྱན་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་སྙིང་པོ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བས་མི་ངོམས་པའི་ལྟོ་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ། བ་སྤུའི་རྩེ་མོ་ལས་འབྱུང་བར་སྟོན་པ་ལ་དབང་བསྒྱུར་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་སུམ་ཅུ་རྩ་གསུམ་གྱི་དབང་པོའི་གནས་དེ་ཉིད་ན་ལྷའི་བུ་དྲན་པ་དང་ལྡན་པའི་བུ་མོ་ལྷ་དབང་འོད་ཅེས་བྱ་བ་འདུག་
གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལྷ་མོ་སྒྱུ་མའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ་ལྷ་མོ་སྒྱུ་མའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་བདུན་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སུམ་ཅུ་རྩ་གསུམ་གྱི་དབང་པོའི་གནས་གང་ན་བ་དང་། ལྷའི་བུ་དྲན་པ་དང་ལྡན་པའི་བུ་མོ་ལྷ་དབང་འོད་གང་ན་བ་དེར་སོང་སྟེ་ཕྱིན་ནས། ལྷའི་བུ་མོ་ལྷ་དབང་འོད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལྷའི་བུ་མོ་ལྷ་དབང་འོད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ལྷའི་བུ་མོ་ལྷ་དབང་འོད་ཀྱི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ལྷ་མོ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་མ་ལྷ་མོ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བསྟན་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་མོ་ལྷ་དབང་འོད་ཀྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དྲན་པ་ཐོགས་པ་མེད་ལ་རྣམ་པར་དག་པས་བརྒྱན་པ་ཞེས་བྱ་བ་ཐོབ་པ་སྟེ། རིགས་ཀྱི་བུ་ཁོ་མོས་མངོན་པར་དྲན་པ་བསྐལ་པ་ཨུད་པ་ལ་ཞེས་བྱ་བ་ཞིག་བྱུང་བ་ལ་ཁོ་མོས་དེ་བཞིན་གཤེགས་པ་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ཅིག་བསྙེན་བཀུར་ཏེ། དེ་དག་མངོན་
པར་བྱུང་བའི་ཚེའང་ཡོངས་སུ་བསྲུང་བ་བྱས་སོ། །མཆོད་པ་བྱས་སོ། །ལོངས་སྤྱོད་པའི་དོན་དུ་བཟའ་ཤིང་གི་ར་བ་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔར་གྱུར་ཏེ། ཡུམ་གྱི་སྐུ་ན་བཞུགས་པ་དང་། བལྟམ་པ་དང་གཤེགས་སྟབས་བདུན་དུ་བཞུད་པ་དང་། སེང་གེའི་ང་རོ་ཆེན་པོ་སྒྲོགས་པ་དང་། གཞོན་ནུའི་ས་ལ་བཞུགས་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པའམ། མངོན་པར་འབྱུང་བའམ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའམ། ཆོས་ཀྱི་འཁོར་ལོ་བསྐོར་བའམ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་སྟོན་པ་མཛད་པའི་ཚེ། སེམས་ཅན་ཡོངས་སུ་སྨིན་པ་དང་། རྣམ་པར་གདུལ་བ་མཛད་པ་དེ་དག་ཐམས་ཅད་ཀྱང་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་བ་ཚུན་ཅད་དམ་པའི་ཆོས་མཐར་ཐུག་པར་ཟད་ཀྱི་བར་དུ་ཁོ་མོས་ཤེས་སོ། །དྲན་ནོ། །རྗེས་སུ་དྲན་ནོ། ། བཟུང་ངོ་། །ཡོངས་སུ་བཟུང་ངོ་། །ཉེ་བར་བཟུང་ངོ་། །རྗེས་སུ་འབྲང་བར་བྱེད་དོ། །བསྐལ་པ་ས་བཟང་པོ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ། ཁོ་མོས་དེ་བཞིན་གཤེགས་པ་ཆུ་ཀླུང་གངྒཱ་བཅུའི་བྱེ་མ་སྙེད་ཅིག་བསྙེན་བཀུར་ཏོ། །བསྐལ་པ་གྲགས་པ་བཟང་པོ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་ཁོ་མོས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་བསྙེན་བཀུར་ཏོ། །བསྐལ་པ་དམིགས་སུ་མེད་པ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་ཁོ་མོས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྙེན་བཀུར་ཏོ། །བསྐལ་པ་འོད་བཟང་པོ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་ཁོ་མོས་དེ་བཞིན་གཤེགས་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་བསྙེན་བཀུར་ཏོ། །བསྐལ་པ་འོད་གཞལ་དུ་མེད་པ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་ཁོ་མོས་དེ་བཞིན་གཤེགས་པ་ཆུ་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཅིག་བསྙེན་བཀུར་ཏོ། །བསྐལ་པ་དཔལ་ཤིན་ཏུ་འབར་བ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་ཁོ་མོས་དེ་བཞིན་གཤེགས་པ་ཆུ་ཀླུང་གང་གཱའི་བྱེ་མ་
སྙེད་ཅིག་བསྙེན་བཀུར་ཏོ། །བསྐལ་པ་སྙིང་རྗེ་བཟང་པོ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་ཁོ་མོས་དེ་བཞིན་གཤེགས་པ་ཆུ་ཀླུང་གང་གཱ་བརྒྱད་ཅུའི་བྱེ་མ་སྙེད་ཅིག་བསྙེན་བཀུར་ཏོ། །བསྐལ་པ་རྒྱལ་བར་གྱུར་པ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་ཁོ་མོས་དེ་བཞིན་གཤེགས་པ་ཆུ་ཀླུང་གངྒཱ་དྲུག་ཅུའི་བྱེ་མ་སྙེད་ཅིག་བསྙེན་བཀུར་ཏོ། །བསྐལ་པ་ཟླ་བ་བཟང་པོ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་ཁོ་མོས་དེ་བཞིན་གཤེགས་པ་ཆུ་ཀླུང་གང་གཱ་བདུན་ཅུའི་བྱེ་མ་སྙེད་ཅིག་བསྙེན་བཀུར་ཏོ། །རིགས་ཀྱི་བུ་དེ་ལྟར་ཚུལ་དེ་བཞིན་དུ་ཁོ་མོ་རྟག་ཏུ་རྒྱུན་མ་ཆད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་བྲལ་བར་མ་གྱུར་པ་ནི་བསྐལ་པ་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཅིག་དྲན་ཏེ། ཁོ་མོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དྲན་པ་ཐོགས་པ་མེད་ལ་རྣམ་པར་དག་པས་བརྒྱན་པ་འདི་ཐོས་སོ། །ཐོས་ནས་ཀྱང་ཡོངས་སུ་བཟུང་ངོ་། །ཇི་སྐད་དུ་གསུངས་པ་བཞིན་དུ་ཁོང་དུ་ཆུད་དོ། །རྣམ་པར་ཐར་པ་འདི་ཉིད་ལ་ཁོ་མོ་རྟག་ཏུ་རྒྱུན་མ་ཆད་པར་རྗེས་སུ་ཞུགས་པར་གནས་གནས་ཏེ། དེ་བཞིན་གཤེགས་པ་དེ་དག་གི་བྱང་ཆུབ་སེམས་དཔའི་ས་ཉེ་བར་བཟུང་བ་ནས་དམ་པའི་ཆོས་གནས་པ་ཟད་པའི་མཐར་ཐུག་གི་བར་གྱི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དྲན་པ་ཐོགས་པ་མེད་ལ་རྣམ་པར་དག་པས་བརྒྱན་པ་འདི་དྲན་ནོ། །རྗེས་སུ་དྲན་ནོ། །བཟུང་ངོ་། །ཡོངས་སུ་བཟུང་ངོ་། །ཉེ་བར་བཟུང་ངོ་། །རྗེས་སུ་འབྲང་བར་བྱེད་དོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་མུན་པའི་མུན་ནག་དང་བྲལ་བ། འཁོར་བའི་ནམ་ནངས་པ། སྒྲིབ་པ་དང་བྲལ་བ། གཉིད་མེད་པ་ལ་མོས་ཤིང་། དགའ་བ་སྙོམས་པ་དང་། ལེ་ལོ་རྣམ་པར་སྤངས་པ། ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བ། རྟག་པར་ཆོས་ཐམས་ཅད་ཀྱི་རང་
བཞིན་ཁོང་དུ་ཆུད་པས་ཤིན་ཏུ་དག་པ། སྟོབས་བཅུ་རྣམ་པར་དག་པ་ཁོང་དུ་ཆུད་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ན་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ་པའི་ཤུགས་དྲག་པོ་རྣམ་པར་འཕེལ་བས། ལྷའི་བུ་མོ་ལྷ་དབང་འོད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལྷའི་བུ་མོ་ལྷ་དབང་འོད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ལྷའི་བུ་མོ་ལྷ་དབང་འོད་ཀྱི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སུམ་ཅུ་རྩ་གསུམ་གྱི་དབང་པོའི་གནས་ནས་བབས་ཏེ། མཐར་གྱིས་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་སུ་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གང་ན་བ་དེར་སོང་སྟེ། ཕྱིན་ནས། བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་
པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་འཕགས་པས་བདག་ལ་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པ་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའ་ལས་ཡི་གེའི་ཤེས་པ་སློབ་སློབ་པ་ཡིན་གྱིས་འདིའི་གན་དུ་སོང་སྟེ་དྲིས་དང་། འདི་ནི་ཁྱོད་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་ཏུ་བྱ་བ་སྟོན་པར་འགྱུར་རོ་ཞེས་ནས། ཚོང་དཔོན་གྱི་བུ་ནོར་བཟངས། ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པ་གང་ན་བ་དེར་སོང་སྟེ། ཕྱིན་ནས་ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་འཕགས་པས་བདག་ལ་བཀའ་སྩལ་དུ་གསོལ། དེས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བཟོ་མངོན་པར་ཤེས་པ་དང་ལྡན་པ་ཐོབ་པ་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་བོ་ཡི་གེའི་མ་མོ་སློབ་པའི་ཚེ་ཡི་གེ་ཨ་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཡུལ་ཐ་མི་དད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ར་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་གཞིའི་བྱེ་བྲག་མཐའ་ཡས་པ་ཞེས་བྱ་བ་
ཁོང་དུ་ཆུད་དོ། །པ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཆོས་ཀྱི་དབྱིངས་ཀྱི་གཞི་ཡང་དག་པར་འདྲེན་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཙ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འཁོར་ལོ་རྣམ་པར་ཕྱེ་བ་ཀུན་ནས་གཅོད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ན་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་གནས་མྱེད་པས་གཞི་ཐུག་པ་མེད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ལ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མྱིང་དང་བྲལ་ཏེ། གནས་མྱེད་པས་དྲི་མ་མྱེད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ད་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྦྱོར་བ་ཕྱིར་མྱི་ལྡོག་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །བ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཌ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཀུན་ཏུ་འཁོར་བ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཥ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་ཁོང་དུ་ཆུད་དོ། །བ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཀུན་ནས་རྣམ་པར་འཕེལ་བར་རྣམ་པར་བསྒྲུབ་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཏ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྐར་མའི་དཀྱིལ་འཁོར་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཡ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཕུང་པོ་ཐ་མི་དད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཥྚ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་གདུང་བ་ཀུན་ནས་ཞི་བར་བྱེད་པའི་འོད་ཅེས་བྱ་བ་ཁོང་དུ་ཆུད་དོ། །ཀ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྤྲིན་ཐ་མྱི་དད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ས་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཆར་མངོན་པར་འབབ་པས་ཁྱབ་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །མ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཤུགས་ཆེན་པོས་བརྒྱན་པའི་རྩེ་
མོ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ག་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཀུན་ནས་རྣམ་པར་བསྒྲུབ་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཐ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དེ་བཞིན་ཉིད་ཐ་མྱི་དད་པའི་སྙིང་པོ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཛ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འགྲོ་བའི་འཁོར་བ་རྣམ་པར་དག་པ་ལ་འཇུག་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །སྭ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སངས་རྒྱས་ཐམས་ཅད་དྲན་པས་བརྒྱན་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །དྷ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཆོས་ཀྱི་དཀྱིལ་འཁོར་རྣམ་པར་དཔྱོད་པ་རྣམ་པར་འབྱེད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཤ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སངས་རྒྱས་ཐམས་ཅད་ཀྱི་གདམས་ངག་གི་འཁོར་ལོ་སྣང་བ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཁ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མངོན་པར་འདུ་བྱ་བའི་རྒྱུ་དང་སའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཀྴ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ལས་ཞི་བ་རྒྱ་མཚོའི་མཛོད་རྣམ་པར་འབྱེད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །སྟ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཉོན་མོངས་པ་ཐམས་ཅད་རྣམ་པར་འཐོར་བས་རྣམ་པར་དག་པའི་སྙིང་པོ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཉ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འཇིག་རྟེན་འབྱུང་བ་རྣམ་པར་དམྱིགས་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཕ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འཁོར་བ་དང་མྱི་མཐུན་པའི་འཁོར་ལོའི་ཡེ་ཤེས་དཀྱིལ་འཁོར་ཅེས་བྱ་བ་ཁོང་དུ་ཆུད་དོ། །བྷ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་གནས་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་དམྱིགས་པར་བརྒྱན་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཚ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་
བསྩགས་པ་དམ་པའི་ཐབས་ཀྱི་སྤྱོད་པའི་གདུགས་ཀྱི་དཀྱིལ་འཁོར་ཐ་དད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །སྨ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སངས་རྒྱས་ཐམས་ཅད་བལྟ་བའི་ཕྱོགས་ལ་མངོན་དུ་གྱུར་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཧྭ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སེམས་ཅན་ཐམས་ཅད་ཀྱི་མདོག་ལ་རྣམ་པར་ལྟ་བའི་སྟོབས་ཤིན་ཏུ་སྐྱེས་པ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཡས་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཡོན་ཏན་རྒྱ་མཚོ་ཐམས་ཅད་ཀྱི་ནན་ཏན་རྟོགས་པར་འཇུག་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །གྷ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཆོས་ཐམས་ཅད་ཀྱི་སྤྲིན་ཡོངས་སུ་འཛིན་པའི་རྒྱ་མཚོ་བརྟན་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཊ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་གྱི་ཕྱོགས་སུ་མངོན་པར་འགྲོ་བ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ན་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཡི་གེ་འཁོར་ལོ་མྱི་ཟད་པའི་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །སྥ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་མཐར་ཕྱིན་པའི་དཀྱིལ་འཁོར་ཅེས་བྱ་བ་ཁོང་དུ་ཆུད་དོ། །སྐ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སའི་སྙིང་པོ་སོ་སོ་ཡང་དག་པར་རིག་པ་ཐོགས་པ་མྱེད་པར་སྣང་བས་འཁོར་ལོ་རྒྱས་པར་འགེངས་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །བྩ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཤིན་ཏུ་བསྟན་པའི་ཡུལ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཤྩ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སེམས་ཅན་གྱི་ནམ་མཁའ་ལས་ཆོས་ཀྱི་སྤྲིན་གྱི་འབྲུག་སྒྲ་བྱུང་བས་རྒྱས་པར་འགེངས་པ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཋ་ཞེས་བྱ་བ་བརྗོད་པ་དང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སེམས་ཅན་གྱི་དོན་བདག་མྱེད་པའི་དགོས་པ་མཐར་ཕྱིན་པར་ཟིན་པའི་སྒྲོན་མ་ཞེས་བྱ་བ་ཁོང་དུ་ཆུད་དོ། ། དྷ་ཞེས་བྱ་བ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཆོས་ཀྱི་འཁོར་ལོ་ཐ་མི་དད་པའི་སྙིང་པོ་ཞེས་བྱ་བ་ཁོང་དུ་ཆུད་དོ། །རིགས་ཀྱི་བུ་ཁོ་བོ་དེ་ལྟར་ཡི་གེའི་མ་མོ་སློབ་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དེ་དག་ལ་སྩོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཚད་མེད་གྲངས་མེད་པ་ཞིག་ཁོང་དུ་ཆུད་དེ། རིགས་ཀྱི་བུ་དེ་ལྟར་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བཟོ་མངོན་པར་ཤེས་པ་དང་ལྡན་པ་འདི་ཐོབ་པ་སྟེ། རིགས་ཀྱི་བུ་ཁོ་བོས་དེ་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བཟོའི་གནས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ། བཟོའི་གནས་ཐམས་ཅད་ལ་འཇུག་པ་དང་། ཡི་གེ་དང་གྲངས་དང་རྩིས་དང་ཤོད་ཐབས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་དང་། སྔགས་དང་སྨན་ཐམས་ཅད་ཀྱི་ཚུལ་ལ་མཁས་པ་རབ་ཏུ་ཐོབ་པར་བྱ་བ་དང་། འབྱུང་པོ་དང་། གཟའ་དང་སྐར་མ་དང་། བརྗེད་བྱེད་དང་། བྱད་སྟེམས་དང་། རོ་ལངས་ཀྱི་གདོན་ཐམས་ཅད་གསོ་བ་དང་། སེམས་ཅན་གྱི་ཁམས་གསོ་བར་བྱ་བའི་སྨན་དང་ཐབས་ཀྱི་རྒྱུས་དང་ཁམས་ཀྱི་ཐབས་ཡོངས་སུ་བསྡུ་བའི་ཆོ་ག་དང་། གསེར་དང་ནོར་བུ་དང་། མུ་ཏིག་དང་བཻ་ཌཱུརྱ་དང་། དུང་དང་མན་ཤེལ་དང་། བྱི་རུ་དང་། མུ་ཏིག་དམར་པོ་དང་། མུ་ས་ར་གལ་བ་དང་། ཀེ་ས་ར་དང་། དཔལ་གྱི་སྙིང་པོ་དང་། རིན་པོ་ཆེ་ཐམས་ཅད་འབྱུང་ཞིང་སྐྱེ་བ་དང་། རིགས་དང་འབྱུང་ཁུངས་དང་། རིན་ཐང་གི་རྒྱུས་ཤེས་པར་བྱ་བ་དང་། བཟའ་ཤིང་གི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཁང་པ་དང་། རྒྱལ་པོའི་གནས་མངོན་པར་བསྒྲུབ་པ་དང་། རི་དགས་དང་། འཁོར་ལོ་དང་། མཚན་མ་བལྟ་བ་དང་། སེམས་ཅན་གྱི་མཚན་གྱི་ལྟས་དང་། ས་གཡོ་བ་དང་། ཕྱོགས་ཚིག་པ་དང་། སྐར་མདའ་ལྷུང་བ་དང་། དགེ་མྱི་དགེ་དང་། མུ་གེ་དང་ལོ་ལེགས་པ་ལ་
སྩོགས་པ་འཇིག་རྟེན་གྱི་ཐམ་ལག་ཐམས་ཅད་ཀྱི་རྒྱུས་ཁོང་དུ་ཆུད་པར་བྱ་བ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམ་པར་ཕྱེ་བ་ཐམས་ཅད་བརྗོད་ཅིང་བསྟན་པ་དང་། ཁོང་དུ་ཆུད་པར་བྱ་བ་དང་། ཡང་དག་པ་ཉིད་རྗེས་སུ་རིག་པར་བྱ་བའི་རྒྱུས་ལ་སྒྲིབ་པའམ། ཐེ་ཙོམ་མམ། ཡིད་གཉིས་སམ། ནེམ་ནུར་རམ། ཚམ་ཚོམ་མམ། མགོ་རྨོངས་པའམ། འཁོར་བའམ། མྱི་བདེ་བའམ། སྒྱིད་ལུག་པའམ། མྱི་ཤེས་པའམ། ཁོང་དུ་མི་ཆུད་པ་མྱེད་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ཡུལ་མ་ག་ངྷ་འདི་ཉིད་ཀྱི་ལྗོངས་དག་པ་ཞེས་བྱ་བའི་གྲོང་ཁྱེར་འཚོ་བ་ཞེས་བྱ་བ་ན་དགེ་བསྙེན་མ་བཟང་མོའི་མཆོག་ཅེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་ཏུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལྗོངས་དག་པའི་གྲོང་ཁྱེར་འཚོ་བ་གང་ན་བ་དང་། དགེ་བསྙེན་མ་བཟང་མོའི་མཆོག་གང་ན་བ་དེར་སོང་སྟེ་ཕྱིན་ནས། དགེ་བསྙེན་མ་བཟང་མོའི་མཆོག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། དགེ་བསྙེན་མ་བཟང་མོའི་མཆོག་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། དགེ་བསྙེན་མ་བཟང་མོའི་མཆོག་གི་མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་
དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་འཕགས་མས་བདག་ལ་བསྟན་དུ་གསོལ། དེས་སྨྲས་པ་རིགས་ཀྱི་བུ་ཁོ་མོ་ནི་ཆོས་ཀྱི་རྣམ་གྲངས་གནས་མེད་པའི་དཀྱིལ་འཁོར་ཅེས་བྱ་བ་ཤེས་ཤིང་སྟོན་པ་སྟེ། ཁོ་མོས་ཐོགས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པོ། །ཏིང་ངེ་འཛིན་དེ་ནི་ཆོས་གང་ལ་ཡང་ཐོགས་པ་མྱེད་དེ། དེ་ལ་གནས་ན་ཐམས་ཅད་མཁྱེན་པ་ཉིད་དུ་མྱིག་ཐོགས་པ་མེད་པ་ལ་འཇུག་གོ །ཐམས་ཅད་མཁྱེན་པ་ཉིད་དུ་རྣ་བ་ཐོགས་པ་མྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སྣ་ཐོགས་པ་མྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ལྕེ་ཐོགས་པ་མྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ལུས་ཐོགས་པ་མྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཡིད་ཐོགས་པ་མྱེད་པ་ཡང་རབ་ཏུ་འཇུག་གོ །ཐམས་ཅད་མཁྱེན་པ་ཉིད་ཀྱི་རླབས་ཐོགས་པ་མྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སྣང་བ་ཐོགས་པ་མྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཤུགས་ཐོགས་པ་མྱེད་པ་འགྲོ་བ་རབ་ཏུ་སྣང་བའི་དཀྱིལ་འཁོར་དག་ཀྱང་རབ་ཏུ་འཇུག་གོ །རིགས་ཀྱི་བུ་ཁོ་མོ་ནི་ཆོས་ཀྱི་རྣམ་གྲངས་གནས་མེད་པའི་དཀྱིལ་འཁོར་འདི་ཤེས་ཤིང་ཁོང་དུ་ཆུད་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆགས་པ་མེད་པ་ལ་རིལ་གྱིས་ཤེས་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་ན་གྲོང་ཁྱེར་རྒྱས་པའི་འགྲམ་ཞེས་པ་ཡོད་དེ། དེ་ན་གསེར་འཚོང་གཅེས་པ་གཏོང་བ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་བསྙེན་མ་བཟང་མོའི་མཆོག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་བསྙེན་མ་བཟང་མོའི་མཆོག་ལ་ལན་
བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། དགེ་བསྙེན་མ་བཟང་མོའི་མཆོག་གི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཐར་གྱིས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སོང་སྟེ། གྲོང་ཁྱེར་རྒྱས་པའི་འགྲམ་དུ་གསེར་འཚོང་གཅེས་པ་གཏོང་བ་གང་ན་བ་དེར་ཕྱིན་ཏེ། གསེར་འཚོང་གཅེས་པ་གཏོང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་འཕགས་པས་བདག་ལ་བཀའ་སྩལ་དུ་གསོལ། དེས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དྲན་པ་ཐོགས་པ་མྱེད་པ་ལ་རྣམ་པར་དག་པས་རྣམ་པར་བརྒྱན་པ་ཞེས་བྱ་བ་ཤེས་ཏེ། ཁོ་བོས་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་ཀྱི་དྲུང་ན་ཆོས་ཡོངས་སུ་ཚོལ་བ་རྒྱུན་མི་གཅོད་པའོ། །རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དྲན་པ་ཐོགས་པ་མེད་པ་ལ་རྣམ་པར་དག་པས་རྣམ་པར་བརྒྱན་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་བག་ཚ་བ་མྱེད་པར་སེང་གེའི་ང་རོ་སྒྲོག་པ་བསོད་ནམས་དང་ཡེ་ཤེས་ཆེན་པོ་ལ་གནས་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་རྒྱས་པའི་འགྲམ་གྱི་གྲོང་ཁྱེར་འདི་ཉིད་ན་ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ་རྟག་ཏུ་ཁྱིམ་སྣང་བར་གྱུར་པ་དང་ལྡན་པ་ཞིག་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་
སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་གསེར་འཚོང་གཅེས་པ་གཏོང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། གསེར་འཚོང་གཅེས་པ་གཏོང་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། གསེར་འཚོང་གཅེས་པ་གཏོང་བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཁྱིམ་བདག་ཟླ་བ་བཟང་པོ་གང་ན་བ་དེར་སོང་སྟེ། ཁྱིམ་བདག་ཟླ་བ་བཟང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བསྟན་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁོ་བོས་ནི་རྣམ་པར་ཐར་པ་ཡེ་ཤེས་དྲི་མ་མེད་པའི་འོད་ཅེས་བྱ་བ་ཐོབ་སྟེ། རིགས་ཀྱི་བུ་ཁོ་བོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་དྲི་མ་མྱེད་པའི་འོད་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཚད་མེད་པ་ཐོབ་པ་རྣམས་ཀྱི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་རི་དགས་གནས་ཤེས་བྱ་བ་ཡོད་དེ། དེ་ན་ཁྱིམ་བདག་མྱི་ཕམ་སྡེ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱིམ་བདག་ཟླ་བ་བཟང་པོ་ལ་ལན་བརྒྱ་
སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ཁྱིམ་བདག་ཟླ་བ་བཟང་པོའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཐར་གྱིས་གྲོང་ཁྱེར་རི་དགས་ཀྱི་གནས་གང་ན་བ་དེར་སོང་སྟེ། ཁྱིམ་བདག་མི་ཕམ་སྡེ་གང་ན་བ་དེར་ཕྱིན་ནས། ཁྱིམ་བདག་མི་ཕམ་སྡེའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། སྨྲས་པ། རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མྱི་ཟད་པའི་མཚན་ཉིད་ཅེས་བྱ་བ་ཐོབ་སྟེ་དེ་ཐོབ་པས་ནི། སངས་རྒྱས་མི་ཟད་པ་མཐོང་བའི་གཏེར་རབ་ཏུ་ཐོབ་པར་འགྱུར་རོ། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཆོས་ཀྱི་ཡུལ་གྲུ་ན་བྲམ་ཟེ་ཞི་འཛིན་མཆོག་ཅེས་བྱ་བ་ཞིག་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁྱིམ་བདག་མྱི་ཕམ་སྡེའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱིམ་བདག་མི་ཕམ་སྡེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ཁྱིམ་བདག་མི་ཕམ་སྡེའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཐར་གྱིས་ཆོས་ཀྱི་ཡུལ་གྲུར་སོང་ནས། བྲམ་ཟེ་ཞི་འཛིན་མཆོག་གང་ན་བ་དེར་ཕྱིན་ཏེ། བྲམ་ཟེ་ཞི་འཛིན་མཆོག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས་མདུན་དུ་འདུག་སྟེ། ཐལ་
མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཀའ་སྩལ་དུ་གསོལ། དེས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་བདེན་པའི་བྱིན་གྱི་རླབས་ཀྱིས་སྤྱོད་པ་སྟེ། བདེན་པའི་ཚིག་གང་གིས་དུས་གསུམ་དུ་བྱང་ཆུབ་སེམས་དཔའ་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ལྡོག་པར་མི་འགྱུར་ཞེ་ན། བདེན་པའི་ཚིག་གི་བྱིན་གྱི་རླབས་དེས། བདག་གི་དགོས་པ་འདི་དང་འདི་ཞིག་གྲུབ་པར་ཤོག་ཤིག་ཅེས་བྱས་ན་ཡང་དེས་ཁོ་བོའི་བསམ་པ་ཐམས་ཅད་དེ་བཞིན་དུ་འགྲུབ་བོ། །རིགས་ཀྱི་བུ་ཁོ་བོ་ནི་བདེན་པའི་བྱིན་གྱི་རླབས་དེ་ལྟ་བུས་དགོས་པ་ཐམས་ཅད་སྒྲུབ་སྟེ། རིགས་ཀྱི་བུ་ཁོ་བོས་བདེན་པའི་བྱིན་གྱིས་རླབས་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་བདེན་པའི་རྗེས་སུ་འབྲང་བའི་ཚིག་རབ་ཏུ་ཐོབ་པ་རྣམས་ཀྱི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་ཡིད་བཟང་པོའི་སྒོ་ཞེས་བྱ་བ་ཡོད་དེ། དེ་ན་ཁྱེའུ་དཔལ་འབྱུང་བ་ཞེས་བྱ་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མ་ཞེས་བྱ་བ་གཉིས་ཤིག་འཁོད་ཀྱིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་ཆོས་ཀྱི་རིམ་གྲོ་ཆེར་བསྐྱེད་དེ། བྲམ་ཟེ་ཞི་འཛིན་མཆོག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། བྲམ་ཟེ་ཞི་འཛིན་མཆོག་ལ་ལན་བརྒྱ་སྟོང་དུ་མར་གཡས་
ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས། བྲམ་ཟེ་ཞི་འཛིན་མཆོག་གི་དྲུང་ནས་སོང་ངོ་། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཐར་གྱིས་གྲོང་ཁྱེར་ཡིད་བཟང་པོའི་སྒོར་སོང་སྟེ། ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མ་གང་ན་བ་དེར་ཕྱིན་ནས་དེ་གཉིས་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་མ་འཚལ་ཏེ། འཕགས་པ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པ་དག་གིས་བདག་ལ་བཀའ་སྩལ་དུ་གསོལ། དེ་ནས་ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ཅག་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མའི་རྣམ་པ་ཞེས་བྱ་བ་ཐོབ་སྟེ། མངོན་དུ་བྱས་སོ་རིགས་ཀྱི་བུ་དེ་ལྟར་ཁོ་བོ་ཅག་རྣམ་པར་ཐར་པ་འདི་དང་ལྡན་པས། འཇིག་རྟེན་ཐམས་ཅད་སྒྱུ་མའི་རྣམ་པར་རྒྱུ་རྐྱེན་སྒྱུ་མ་ལས་བྱུང་བར་མཐོང་ངོ་། །ལས་དང་ཉོན་མོངས་པ་སྒྱུ་མར་ཤེས་པས། སེམས་ཅན་ཐམས་ཅད་ཀྱང་སྒྱུ་མའི་རྣམ་པར་ཤེས་སོ། །མ་རིག་པ་དང་། སྲིད་པ་དང་། སྲེད་པའི་རྒྱུ་ལས་བྱུང་བས་འགྲོ་བ་ཐམས་ཅད་ཀྱང་སྒྱུ་མའི་རྣམ་པར་མཐོང་ངོ་། །ཕན་ཚུན་གྱི་རྐྱེན་གྱི་རྒྱུ་ལས་བྱུང་བས་ཆོས་ཐམས་ཅད་ཀྱང་སྒྱུ་མའི་རྣམ་པར་མཐོང་ངོ་། །ཕྱིན་ཅི་ལོག་གི་སྒྱུ་མ་ལས་བྱུང་བས་ཁམས་གསུམ་ཐམས་ཅད་ཀྱང་སྒྱུ་མའི་རྣམ་པར་མཐོང་ངོ་། །ཡང་དག་པ་མ་ཡིན་པའི་རྟོག་པའི་རྒྱུས་བསྐྱེད་པས་སེམས་ཅན་
ཐམས་ཅད་ཀྱི་ཤི་འཕོ་དང་། འབྱུང་བ་དང་། སྐྱེ་བ་དང་། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱང་སྒྱུ་མའི་རྣམ་པར་མཐོང་ངོ་། །འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་གི་རྒྱུ་ལས་དངོས་པོ་མྱེད་པའི་འདུ་ཤེས་ཀྱིས་རྨོངས་ཏེ། བྱུང་བས་ཞིང་ཐམས་ཅད་ཀྱང་སྒྱུ་མའི་རྣམ་པར་མཐོང་ངོ་། །ཡེ་ཤེས་ཀྱིས་སྤོང་བའི་རྒྱུ་ལས་བརྟག་སྟེ། བསྐྱེད་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་སྒྱུ་མའི་རྣམ་པར་མཐོང་ངོ་། །སྒྱུ་མར་མངོན་པར་བསྒྲུབ་པ་ལས་གྲུབ་སྟེ། སྤྲུལ་པའི་སྤྱོད་པ་དང་། འདུལ་བའི་སྒྱུ་མའི་རང་བཞིན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་སྒྱུ་མའི་རྣམ་པ་ལྟ་བུར་ཤེས་སོ། །སྨོན་ལམ་དང་ཡེ་ཤེས་སྒྱུ་མས་མངོན་པར་བསྒྲུབས་ཏེ། ཡུལ་བསམ་གྱིས་མི་ཁྱབ་པ་སྒྱུ་མའི་རང་བཞིན་ཡིན་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་ཡང་སྒྱུ་མར་མཐོང་ངོ་། །རིགས་ཀྱི་བུ་བདག་ཅག་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མའི་རང་བཞིན་འདི་ཤེས་པར་ཟད་ན། ཁོ་བོ་ཅག་གིས་བྱང་ཆུབ་སེམས་དཔའ་ལས་སྒྱུ་མ་མཐའ་ཡས་པས་རྣམ་པར་བསྒྲུབས་པའི་དྲ་བ་ཁོང་དུ་ཆུད་པ་རྣམས་ཀྱི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། དེ་ནས་ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་རྩ་བའི་ཤུགས་དྲག་པོ་བསམ་གྱིས་མི་ཁྱབ་པས་མངོན་པར་བརླན་ནས་རང་གི་རྣམ་པར་ཐར་པའི་ཡུལ་བསྟན་ཏེ། འདི་སྐད་ཅེས་སྨྲས་སོ། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཕྱོགས་ཀྱི་སྒོའི་གནས་རྒྱ་མཚོའི་འགྲམ་ཞེས་བྱ་བ་དེ་ན་བཟའ་ཤིང་གི་ར་བ་རྒྱན་ཆེན་པོ་ཞེས་བྱ་བ་ཡོད་དེ། དེའི་ནང་ན་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམ་པར་སྨིན་པ་ལས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའི་སེམས་
དང་ཡིད་ལ་བྱ་བ་ལས་བྱུང་བ། བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་མངོན་པར་སྐྱེས་པ། བྱང་ཆུབ་སེམས་དཔའི་དབང་ལས་བྱུང་བ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་སྤྲུལ་པ། བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ལས་བྱུང་བ། བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་རྫོགས་པ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོས་སེམས་ཅན་རྣམ་པར་གདུལ་བའི་དོན་དུ་བསྟན་པ། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་རྣམ་པར་ཕྱེ་བས་བསྒྲུབས་པ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་གནས་ལ་འཇུག་པའི་རྒྱན་གྱིས་བརྒྱན་པ་ཡོད་དེ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་སྐྱེ་བའི་ས་ལ་གནས་པའི་མྱི་རྣམས་རྗེས་སུ་གཟུང་བ་དང་། ཕ་དང་མ་དང་གཉེན་དུ་གྱུར་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སྐལ་བ་མཉམ་པ་རྣམས་ཀྱི་ཐེག་པ་ཆེན་པོ་རབ་ཏུ་བརྟན་པར་བྱ་བ་དང་། དེ་མ་ཡིན་པའི་སེམས་ཅན་གཞན་རྣམས་ཀྱང་གར་འོས་པའི་སར་དགེ་བའི་རྩ་བས་ཡོངས་སུ་སྨིན་པར་བྱ་བ་དང་། རང་གི་རྣམ་པར་ཐར་པའི་ཚུལ་ལ་འཇུག་པར་བྱ་བ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སྐྱེ་བ་ལ་དབང་བསྒྱུར་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་རབ་ཏུ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ཡོངས་སུ་བསྟན་པ་ལ་མངོན་པར་གཞོལ་བར་བྱ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་གཏང་བ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་གཟུང་བ་མི་སྨད་པས་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་སྟོབས་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་གནས་གཞི་རྟེན་ཐམས་ཅད་ལས་གྱེན་དུ་འཕགས་པ་ཁོང་དུ་ཆུད་པར་བྱ་བ་དང་གནས་མེད་པ་ལ་གཞོལ་བར་སྲིད་པར་སྐྱེ་བ་ཐམས་ཅད་ན་གནས་པ་ཡོངས་སུ་བསྟན་པའི་དོན་དུ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་དྲི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་
དག་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ནན་ཏན་དུ་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱང་བར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྨོན་ལམ་མངོན་པར་བསྒྲུབ་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་བསགས་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བཟོད་པ་ལ་འཇུག་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ནན་ཏན་གྱི་ཡོན་ཏན་ལ་གནས་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་བསྙེན་བཀུར་བར་བྱ་བ་དྲིས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ཞུགས་པའོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་བསམ་པ་རྟོགས་པར་ཁོང་དུ་ཆུད་པའོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་རྗེས་སུ་ཞུགས་པའོ། །དེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་མངོན་དུ་གྱུར་པའོ། །དེ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་རབ་ཏུ་གནས་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཐམས་ཅད་རབ་ཏུ་ཐོབ་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པའོ། །དེ་ནི་ལུང་བསྟན་པ་ཐམས་ཅད་ཡང་དག་པར་བླང་བའོ། །དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐམས་ཅད་ལ་རྣམ་པར་རྩེ་བའོ། །དེ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཐམས་ཅད་ཡོངས་སུ་བླང་བའོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་
མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་དབང་བསྐུར་བས་མངོན་པར་དབང་བསྐུར་བའོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་དེ་ཁྱོད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ནི་མངོན་པར་བརླན་པར་བྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྣམ་པར་འཕེལ་བར་བྱེད་དོ། །ལྷག་པའི་བསམ་པའི་དབྱིངས་ནི་རབ་ཏུ་བརྟན་པར་བྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་ནི་ཤིན་ཏུ་བྱང་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་དབང་པོའི་ཤུགས་ནི་ཡང་དག་པར་འཕེལ་བར་བྱེད་དོ། །ཆོས་ཀྱི་ཕྱོགས་བསྒྲིབས་པ་མེད་པ་ནི་ཡོངས་སུ་སྟོན་པར་བྱེད་དོ། །གཞི་ཀུན་ཏུ་ཟུག་པའི་ས་ཁོང་དུ་ཆུད་པར་བྱ་བ་ནི་རྟོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་གྱི་སར་འབྱུང་བའི་སྒོ་ལ་ནི་གཞོག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་དང་། སྨོན་ལམ་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི་ཡང་དག་པར་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཐོབ་པར་བྱ་བའི་སྐྱེ་བའི་སྒོ་ནི་ཡོངས་སུ་སྟོན་པར་འགྱུར་གྱིས། རིགས་ཀྱི་བུ་ཁྱོད་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག ། ཆོས་ཀྱི་སྒོའི་འོད་སྣང་བ་གཅིག་ལ་གཞོལ་བར་མ་བྱེད་ཅིག །སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་སེམས་ཤིག །སྨོན་ལམ་གཅིག་པུ་མངོན་པར་བསྒྲུབ་པ་ལྷུར་མ་ལེན་ཅིག །ལུང་བསྟན་པ་གཅིག་གིས་མཐར་ཐུག་པས་རྒྱུན་གཅད་པར་མ་བྱེད་ཅིག །བཟོད་པ་གསུམ་ལ་འཇུག་པས་ཆོག་པར་བྱ་བའི་འདུ་ཤེས་སུ་མ་བྱེད་ཅིག །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་རྒྱུན་མ་གཅོད་ཅིག །ས་བཅུ་ཐོབ་པས་མཐར་ཐུག་པར་མ་བྱེད་ཅིག །སངས་རྒྱས་ཀྱི་ཞིང་ཚད་ཡོད་པ་ཡོངས་སུ་གཟུང་བ་དང་། ཡོངས་སུ་དག་པར་བྱ་བ་མ་སྨོན་ཅིག །དགེ་བའི་བཤེས་གཉེན་ཚད་ཡོད་པ་དགའ་བར་བྱ་བ་དང་། བསྙེན་བཀུར་བས་ངོམས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་
བསྡུ་བར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་པ་ཤིན་ཏུ་བསྒྲུབ་དགོས་སོ། །བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུ་ཚད་མེད་པ་ཡོངས་སུ་བསྩགས་དགོས་སོ། །ཡོངས་སུ་བསྔོ་བའི་ཚུལ་ཚད་མེད་པ་ལ་བསླབ་པར་བྱ་དགོས་སོ། །སེམས་ཅན་གྱི་ཁམས་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་དགོས་སོ། །སེམས་ཅན་གྱི་བསམ་པའི་ཁམས་ཚད་མེད་པ་ལ་འཇུག་པར་བྱ་དགོས་སོ། །སེམས་ཅན་གྱི་དབང་པོ་ཚད་མེད་པ་ཡོངས་སུ་ཤེས་པར་བྱ་དགོས་སོ། །སེམས་ཅན་གྱི་མོས་པ་ཚད་མེད་པའི་རྗེས་སུ་འབྲང་བར་བྱ་དགོས་སོ། །སེམས་ཅན་གྱི་སྤྱོད་པ་ཚད་མྱེད་པ་ཁོང་དུ་ཆུད་པར་བྱ་དགོས་སོ། །སེམས་ཅན་ཚད་མེད་པ་གདུལ་བར་བྱ་དགོས་སོ། །ཉོན་མོངས་པ་དང་བག་ལ་ཉལ་བ་ཚད་མེད་པ་ཡང་དག་པར་གཞོམ་དགོས་སོ། །ལས་ཀྱི་སྒྲིབ་པ་ཚད་མེད་པ་ཡོངས་སུ་སྦྱང་དགོས་སོ། །ལྟ་བའི་རྣམ་པ་ཚད་མེད་པ་རྣམ་པར་བཟློག་དགོས་སོ། །སེམས་ཀྱི་ཀུན་ནས་ཉོན་མོངས་པ་ཚད་མེད་པ་བསྩལ་བར་བྱ་དགོས་སོ། །སེམས་རྣམ་པར་དག་པ་ཚད་མེད་པ་བསྐྱེད་པར་བྱ་དགོས་སོ། །སྡུག་བསྔལ་གྱི་ཟུག་རྔུ་ཚད་མེད་པ་ཡང་དག་པར་དབྱུང་དགོས་སོ། །སྲིད་པའི་རྒྱ་མཚོ་ཚད་མེད་པ་ཡོངས་སུ་བསྐམ་པར་བྱ་དགོས་སོ། །མ་རིག་པའི་མུན་པ་ཚད་མེད་པ་རྣམ་པར་བསལ་དགོས་སོ། །ང་རྒྱལ་གྱི་རི་ཚད་མེད་པ་རབ་ཏུ་བསྙིལ་དགོས་སོ། །འཁོར་བའི་བཅིངས་པ་ཚད་མེད་པ་ཤིན་ཏུ་གཏུབ་དགོས་སོ། །སྲིད་པའི་ཆུ་བོ་ཚད་མེད་པ་བརྒལ་དགོས་སོ། །ཚེའི་རྒྱ་མཚོ་ཚད་མེད་པ་བསྐམ་དགོས་སོ། །སེམས་ཅན་འདོད་པའི་འདམ་དུ་ཐོགས་པ་ཚད་མེད་པ་ཡོངས་སུ་དགྲོལ་དགོས་སོ། །སེམས་ཅན་ཁམས་གསུམ་གྱི་ཁྱིམ་དུ་ཐོགས་པ་ཚད་མེད་པ་གདོན་པར་བྱ་དགོས་སོ། །སེམས་ཅན་ཚད་མེད་པ་འཕགས་པའི་ལམ་ལ་དགོད་དགོས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་སྤྱོད་པ་ཚད་མེད་པ་རབ་ཏུ་ཞི་བར་བྱ་དགོས་སོ། །བདུད་ཀྱི་ཞགས་པ་ཚད་མེད་པ་ལས་
ཡང་དག་པར་འདའ་བར་བྱ་དགོས་སོ། །བདུད་ཀྱི་ལས་ཚད་མེད་པ་རྣམ་པར་བཟློག་དགོས་སོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པའི་ཁམས་ཚད་མྱེད་པ་ཡོངས་སུ་སྦྱང་དགོས་སོ། །བྱང་ཆུབ་སེམས་དཔའི་སྦྱོར་བ་ཚད་མེད་པ་རྣམ་པར་འཕེལ་བར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་དབང་པོ་ཚད་མེད་པ་ཡོངས་སུ་བསྐྱེད་དགོས་སོ། ། བྱང་ཆུབ་སེམས་དཔའི་མོས་པ་ཚད་མེད་པ་ཡོངས་སུ་སྦྱང་དགོས་སོ། །བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཚད་མེད་པ་ལ་འཇུག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་ཚད་མེད་པའི་རྗེས་སུ་འབྲང་བར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཚད་མེད་པ་ཡོངས་སུ་དག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་བྱ་བའི་སྤྱོད་པ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་དགོས་སོ། །འཇིག་རྟེན་གྱི་སྤྱོད་པ་ཚད་མེད་པའི་རྗེས་སུ་འབྲང་བར་བྱ་དགོས་སོ། །འཇིག་རྟེན་གྱི་རྗེས་སུ་འབྲང་བ་ཚད་མེད་པ་ཡོངས་སུ་བསྟན་དགོས་སོ། །དད་པའི་སྟོབས་ཚད་མེད་པ་ཡོངས་སུ་བསྐྱེད་དགོས་སོ། །བརྩོན་འགྲུས་ཀྱི་སྟོབས་ཚད་མེད་པ་ཉེ་བར་བརྟན་དགོས་སོ། །དྲན་པའི་སྟོབས་ཚད་མེད་པ་ཡོངས་སུ་དག་པར་བྱ་དགོས་སོ། །ཏིང་ངེ་འཛིན་གྱི་སྟོབས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་དགོས་སོ། །ཤེས་རབ་ཀྱི་སྟོབས་ཚད་མེད་པ་བསྐྱེད་པར་བྱ་དགོས་སོ། །མོས་པའི་སྟོབས་ཚད་མེད་པ་བརྟན་པར་བྱ་དགོས་སོ། །བསོད་ནམས་ཀྱི་སྟོབས་ཚད་མེད་པ་ཡང་དག་པར་བསྒྲུབ་དགོས་སོ། །ཡེ་ཤེས་ཀྱི་སྟོབས་ཚད་མེད་པ་རྣམ་པར་སྤེལ་དགོས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ཚད་མེད་པ་ཡང་དག་པར་བསྒྲུབ་དགོས་སོ། །སངས་རྒྱས་ཀྱི་སྟོབས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་དགོས་སོ། །ཆོས་ཀྱི་སྒོ་ཚད་མེད་པ་རབ་ཏུ་དབྱེ་དགོས་སོ། །ཆོས་ཀྱི་ཕྱོགས་ཚད་མེད་པ་ལ་འཇུག་པར་བྱ་དགོས་སོ། །ཆོས་ཀྱི་སྒོ་ཚད་མེད་པ་ཡོངས་སུ་སྦྱང་དགོས་སོ། །ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་དག་པར་བསྐྱེད་དགོས་སོ། །ཆོས་ཀྱི་གསལ་བ་ཚད་མེད་པ་རབ་ཏུ་བྱ་དགོས་སོ། །
དབང་པོའི་རྒྱུད་ཚད་མེད་པ་སྣང་བར་བྱ་དགོས་སོ། །ཉོན་མོངས་པའི་ནད་ཚད་མེད་པ་ཡོངས་སུ་ཤེས་པར་བྱ་དགོས་སོ། །ཆོས་ཀྱི་སྨན་ཚད་མེད་པ་ཡང་དག་པར་བསྡུ་དགོས་སོ། །ཉོན་མོངས་པའི་ནད་ཀྱིས་བཏབ་པའི་སེམས་ཅན་གྱི་ཁམས་ཚད་མེད་པ་གསོ་དགོས་སོ། །བདུད་རྩིའི་ཚོགས་ཚད་མེད་པ་ཡང་དག་པར་བསྡུ་བར་བྱ་དགོས་སོ། །སངས་རྒྱས་ཀྱི་ཞིང་ཚད་མེད་པ་འདའ་བར་བྱ་དགོས་སོ། །དེ་བཞིན་གཤེགས་པ་ཚད་མེད་པ་མཆོད་དགོས་སོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པར་འཇུག་པར་བྱ་དགོས་སོ། །དེ་བཞིན་གཤེགས་པའི་བསྟན་པ་ཚད་མེད་པ་ཡོངས་སུ་གཟུང་དགོས་སོ། །སེམས་ཅན་གྱི་གནོད་པ་ཚད་མེད་པ་བཟོད་པར་བྱ་དགོས་སོ། །མི་ཁོམ་པ་དང་ངན་སོང་གི་ལམ་ཚད་མེད་པ་ཡོངས་སུ་གཅད་དགོས་སོ། །སེམས་ཅན་གྱི་བདེ་བ་ཚད་མེད་པ་ཉེ་བར་བསྒྲུབ་དགོས་སོ། །སེམས་ཅན་བསྡུ་བ་ཚད་མེད་པ་བྱ་དགོས་སོ། །གཟུངས་ཀྱི་སྒོ་ཚད་མེད་པ་ཡོངས་སུ་སྦྱང་དགོས་སོ། །སྨོན་ལམ་གྱི་སྒོ་ཚད་མེད་པ་མངོན་པར་བསྒྲུབ་དགོས་སོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སྟོབས་ཚད་མེད་པ་ཡོངས་སུ་བསྒོམ་དགོས་སོ། །ཆོས་ཡོངས་སུ་བཙལ་བ་ལ་བརྩོན་པར་བྱ་བ་ཚད་མེད་པ་རྒྱུན་མི་གཅད་པར་བྱ་དགོས་སོ། །ངེས་པར་རྟོགས་པའི་སྟོབས་ཚད་མྱེད་པའི་རྗེས་སུ་འཇུག་དགོས་སོ། །མངོན་པར་ཤེས་པ་མངོན་དུ་བསྒྲུབ་པ་ཚད་མེད་པ་བསྐྱེད་དགོས་སོ། །རིག་པ་དང་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་རྣམ་པར་དག་པར་བྱ་དགོས་སོ། །སེམས་ཅན་གྱི་རྒྱུད་ཚད་མེད་པའི་རྗེས་སུ་འགྲོ་བར་བྱ་དགོས་སོ། །སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་གཟུང་དགོས་སོ། །ལུས་རྣམ་པར་ཕྱེ་བ་ཚད་མེད་པ་ཡོངས་སུ་བསྟན་དགོས་སོ། །སྐད་རྣམ་པར་ཕྱེ་བ་ཚད་མེད་པ་ཡོངས་སུ་ཤེས་པར་བྱ་དགོས་སོ། །སེམས་ཅན་གྱི་སེམས་རྣམ་པ་ཐ་དད་པ་ཚད་མེད་པ་ཁོང་དུ་ཆུད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྒྱ་ཆེན་པོའི་རྗེས་སུ་འཇུག་པར་བྱ་དགོས་སོ། །བྱང་ཆུབ་སེམས་
དཔའི་གནས་ཤིན་ཏུ་ཡངས་པར་རྗེས་སུ་སྤྱད་དགོས་སོ། །བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་ཟབ་མོ་ལ་རྣམ་པར་བལྟ་དགོས་སོ། །བྱང་ཆུབ་སེམས་དཔའི་ཡུལ་རྟོགས་པར་དཀའ་བ་ཁོང་དུ་ཆུད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་ལམ་བགྲོད་པར་དཀའ་བ་བགྲོད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་ཤུགས་བསྒྲུབ་པར་དཀའ་བ་ཡོངས་སུ་གཟུང་དགོས་སོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་འཇུག་པར་དཀའ་བ་ལ་འཇུག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་སྣ་ཚོགས་ཁོང་དུ་ཆུད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཐམས་ཅད་དུ་ཁྱབ་པ་ཀུན་ཏུ་བསྟན་དགོས་སོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྤྲིན་ཡོངས་སུ་གཟུང་དགོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་དྲ་བ་མཐའ་དང་དབུས་མེད་པ་རབ་ཏུ་རྒྱས་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་ལུང་བསྟན་པ་ཚད་མེད་པར་ཡང་དག་པར་མནོད་དགོས་སོ། །བྱང་ཆུབ་སེམས་དཔས་བཟོད་པའི་སྒོ་དཔག་ཏུ་མེད་པ་ལ་འཇུག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་ས་གྲངས་མྱེད་པ་ཡོངས་སུ་སྦྱང་བར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་ཡོངས་སུ་དག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཡོངས་སུ་སྦྱང་དགོས་སོ། །བྱང་ཆུབ་སེམས་དཔས་བསྐལ་པ་མཐའ་ཡས་པར་གོ་ཆ་བགོ་དགོས་སོ། །བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཆོད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་སྨོན་ལམ་མངོན་པར་བསྒྲུབ་པ་བསམ་གྱིས་མི་ཁྱབ་པ་མངོན་པར་བསྒྲུབ་དགོས་སོ། །རིགས་ཀྱི་བུ་མདོར་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་སེམས་ཅན་ཐམས་ཅད་དང་མཉམ་པར་བསྟན་ཏོ། ། བསྐལ་
པ་ཐམས་ཅད་དུ་གནས་པས་བསྐལ་པ་ཐམས་ཅད་དང་མཉམ་པར་བསྟན་ཏོ། །ཐམས་ཅད་དུ་སྐྱེ་བ་ཡོངས་སུ་སྟོན་པས་སྐྱེ་བ་ཐམས་ཅད་དང་མཉམ་པར་བསྟན་ཏོ། །དུས་གསུམ་གྱི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དུས་ཐམས་ཅད་དང་མཉམ་པར་བསྟན་ཏོ། །ཆོས་ཐམས་ཅད་ལ་ནན་ཏན་དུ་བྱེད་པས་ཆོས་ཐམས་ཅད་དང་མཉམ་པར་བསྟན་ཏོ། །ཞིང་ཐམས་ཅད་ཡོངས་སུ་དག་པར་བྱེད་པས་ཞིང་ཐམས་ཅད་དང་མཉམ་པར་བསྟན་ཏོ། །སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས། སྨོན་ལམ་ཐམས་ཅད་དང་མཉམ་པར་བསྟན་ཏོ། །སངས་རྒྱས་ཐམས་ཅད་མཆོད་པ་མངོན་པར་བསྒྲུབ་པས། སངས་རྒྱས་ཐམས་ཅད་དང་མཉམ་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་དང་གཅིག་ཏུ་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པར་བསྟན་ཏོ། །དགེ་བའི་བཤེས་གཉེན་ཐམས་ཅད་ལ་བསྙེན་བཀུར་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་དགེ་བའི་བཤེས་གཉེན་ཐམས་ཅད་དང་མཉམ་པར་བསྟན་ཏོ། །རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ཡོངས་སུ་བཙལ་བ་ལ་སྐྱོ་བར་མི་བྱའོ། །དགེ་བའི་བཤེས་གཉེན་མཐོང་བས་ངོམས་པ་བསྐྱེད་པར་མི་བྱའོ། །དགེ་བའི་བཤེས་གཉེན་ལ་ཡོངས་སུ་དྲི་བས་ཆོག་ཤེས་པར་མི་བྱའོ། །དགེ་བའི་བཤེས་གཉེན་དང་འགྲོགས་པ་ལས་བསམ་པ་ཕྱིར་ལྡོག་པར་མི་བྱའོ། །དགེ་བའི་བཤེས་གཉེན་ལ་ཕུ་དུད་དང་། རིམ་གྲོའི་སྦྱོར་བ་རྒྱུན་གཅད་པར་མི་བྱའོ། །དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་། རྗེས་སུ་བསྟན་པ་ལ་ལོག་པར་གཟུང་བར་མི་བྱའོ། །དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ཐོབ་པར་འགྱུར་བ་ལ་ཐེ་ཙོམ་མི་བསྐྱེད་དོ། །དགེ་བའི་བཤེས་གཉེན་གྱིས་འབྱུང་བའི་སྒོ་བསྟན་པ་ལ་ཡིད་གཉིས་སུ་མི་བྱའོ། ། དགེ་བའི་བཤེས་གཉེན་གྱི་ཐབས་ཀྱི་བསམ་པ་དང་། འཇིག་རྟེན་གྱི་རྗེས་སུ་འབྲང་བར་བྱ་བའི་རྒྱུད་ལ་ཞེ་སྡང་བསྐྱེད་པར་མི་བྱའོ། །དགེ་བའི་
བཤེས་གཉེན་ལ་མོས་པ་རྣམ་པར་བསྐྱེད་པས་ལུས་དང་སེམས་རྣམ་པར་ལྡོག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོས་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་རྒྱུན་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྒྲུབས་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྒོ་སྣང་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་འབྱུང་བའི་སྒོ་རྣམ་པར་དག་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ་ནན་ཏན་དུ་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་གནས་པའོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ཡོངས་སུ་དག་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་རྩ་བར་གྱུར་པའོ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་བརྟན་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་སྐྱེས་པའོ། །བྱང་ཆུབ་སེམས་དཔའི་གཟུངས་དང་སྤོབས་པའི་སྒོ་སྣང་བ་ཐམས་ཅད་དུ་ཁྲིད་པ་ནི་དགེ་བའི་བཤེས་གཉེན་ནོ། །བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྒོའི་མཛོད་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ཁྱད་པར་ཅན་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་ལག་ན་འདུག་པའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཚུལ་གྱི་རྒྱུད་གཅིག་ཏུ་གྱུར་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་
ལ་བརྟེན་པའོ། །བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་པ་ཁྱད་པར་ཅན་མཉམ་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་རྒྱུད་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་གསང་བའི་གནས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་མཛོད་ན་འདུག་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་འབྱུང་གནས་ནས་བྱུང་བའོ། །བྱང་ཆུབ་སེམས་དཔའི་དབང་པོའི་ཤུགས་ཀྱི་མྱུ་གུ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤེལ་བའོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་རྒྱ་མཚོ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་སྤེལ་བའོ། །བྱང་ཆུབ་སེམས་དཔའི་གཏེར་གྱི་མཛོད་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྐྱངས་པའོ། །བྱང་ཆུབ་སེམས་དཔའི་བསོད་ནམས་བསྩགས་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྲུངས་པའོ། །བྱང་ཆུབ་སེམས་དཔའི་ཚེ་རྣམ་པར་དག་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་ཆོས་མཉན་པའི་སྤྲིན་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་ཁ་ནས་བྱུང་བའོ། །བྱང་ཆུབ་སེམས་དཔའ་འབྱུང་བའི་ལམ་ལ་འཇུག་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་ཁོང་ན་ཡོད་པའོ། །སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱས་པས་ཐོབ་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྟན་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་ཕྱོགས་ཀྱི་རྗེས་སུ་འབྲང་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྟན་པའོ། །བྱང་ཆུབ་སེམས་དཔའི་སེམས་དང་ལྷག་པའི་བསམ་པའི་བདག་ཉིད་ཆེ་བ་ནི་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བརྗོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོའི་སྟོབས་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །
བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་སྟོབས་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་ཕན་པ་ཉེ་བར་བསྒྲུབ་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་སོང་དུ་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་ཆེན་པོ་ལས་མྱི་ལྡོག་གོ །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མྱི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་བསྲུངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྡིག་པའི་གྲོགས་པོའི་ལག་ཏུ་མྱི་འདོང་ངོ་། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་ཆོས་ལས་ཉམས་པར་མི་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སོ་སོའི་སྐྱེ་བོའི་ས་ལས་ཡོངས་སུ་འདའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྲུངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐྱོན་མེད་པར་མི་འཇུག་གོ །དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་གྱི་ཆོས་ཀྱིས་མྱི་གོས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་འཁྲུལ་པར་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་བསྒྲུབས་
པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བརྩམ་པ་ཐམས་ཅད་ལས་ཕྱིར་མི་ལྡོག་གོ །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པས་ཐུབ་པར་དཀའ་བ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་བརྟན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདུད་ཐམས་ཅད་ཀྱིས་མི་ཐུབ་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱི་རྟེན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཀྱིས་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་བསྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་ལས་རྣམ་པར་སྦྱོང་བའོ། །དགེ་བའི་བཤེས་གཉེན་ནི་སྡིག་ཏོ་ལས་རྣམ་པར་བཟློག་པའོ། །དགེ་བའི་བཤེས་གཉེན་ནི་མི་བྱ་བ་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །བག་མེད་པའི་གནས་ལས་ཡང་དག་པར་བཟློག་པའོ། །མ་རིག་པའི་མུན་པ་རྣམ་པར་སེལ་བའོ། །ལྟ་བའི་འཆིང་བ་འཐུབ་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །འཇིག་རྟེན་གྱི་གནས་འདོར་བར་བྱེད་པའོ། །བདུད་ཀྱི་ཞགས་པ་ལས་ཐར་བར་བྱེད་པའོ། །སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པའོ། །མི་ཤེས་པའི་ཐིབས་པོ་ལས་ཐར་བར་བྱེད་པའོ། །ལྟ་བའི་མྱ་ངན་ལས་ཡོངས་སུ་ཟློ་བའོ། །སྲིད་པའི་ཆུ་བོ་ལས་སྒྲོལ་བའོ། །འདོད་པའི་འདམ་ནས་འབྱིན་པའོ། །ལམ་མི་བདེ་བ་ནས་རྣམ་པར་ཟློག་པའོ། །བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་སྟོན་པའོ། །བྱང་ཆུབ་སེམས་དཔའི་ཡི་དམ་ལ་གཞོག་པའོ། །ནན་ཏན་ལ་རབ་ཏུ་འགོད་པའོ། །ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བའི་ཕྱོགས་རབ་ཏུ་སྟོན་པའོ། །ཤེས་རབ་ཀྱི་མིག་རྣམ་པར་སྦྱོང་བའོ། །བྱང་ཆུབ་ཀྱི་སེམས་རྣམ་པར་འཕེལ་བར་བྱེད་པའོ། །སྙིང་རྗེ་ཆེན་པོ་ཡང་དག་པར་སྐྱེད་པའོ། །སྤྱོད་པ་ཡོངས་སུ་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པའི་གདམས་ངག་རབ་ཏུ་སྟོན་པའོ། །ས་ལ་རབ་ཏུ་འགོད་པའོ། །བཟོད་པ་རྣམ་པར་
འབྱེད་པའོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འགྲུབ་པར་བྱེད་པའོ། །ཚོགས་ཐམས་ཅད་སྐྱེད་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་སྟོབས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པར་བྱེད་པའོ། །ཡོན་ཏན་ཐམས་ཅད་ཡོངས་སུ་སྟོན་པའོ། །དོན་ཐམས་ཅད་ཡང་དག་པར་ལེན་དུ་འཇུག་པའོ། །ནན་ཏན་ལ་གཟེངས་བསྟོད་པའོ། །འབྱུང་བའི་སྒོ་སྟོན་པའོ། །ལམ་གོལ་བ་ལས་ཡོངས་སུ་སྲུང་བའོ། །ཆོས་སྣང་བའི་སྒོ་སྣང་བར་བྱེད་པའོ། །ཆོས་ཀྱི་སྒོ་མངོན་པར་བརླན་པར་བྱེད་པའོ། ། ཆོས་ཐོས་པར་བྱ་བའི་སྤྲིན་གྱི་ཆར་རབ་ཏུ་འབེབས་པའོ། །ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའོ། །ལྟ་བའི་རྣམ་པ་ཐམས་ཅད་ལས་རྣམ་པར་ཟློག་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །འདི་ལྟར་ཡང་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པས་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཕན་པ་རྒྱ་ཆེན་པོར་སྒྲུབ་པས་ཕ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་སྡིག་པ་ཐམས་ཅད་ལས་སྲུང་བས་མ་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཁོང་དུ་ཆུད་པར་བྱེད་པས་སློབ་དཔོན་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འཛུད་པས་ལམ་མཁན་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཉོན་མོངས་པའི་ནད་ལས་ཐར་བར་བྱེད་པས་སྨན་པ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཡེ་ཤེས་ཀྱི་སྨན་རྣམ་པར་འཕེལ་བར་བྱེད་པས་གངས་རི་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་འཇིགས་པ་ཐམས་ཅད་ལས་སྲུང་བས་དཔའ་བོ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བས་མཉན་པ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པས་སྐྱ་བ་འཛིན་པ་ལྟ་བུའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་ཁྱོད་ཀྱིས་དགེ་
བའི་བཤེས་གཉེན་བསྙེན་པར་གྱིས་ཤིག །ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང་། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང་སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་འཁོར་ཡུག་ལྟ་བུའི་སེམས་དང་། ཅི་དགའ་བར་བཀའ་ཉན་པས་བྲན་ལྟ་བུའི་སེམས་དང་། ངག་ཐམས་ཅད་མི་གཅག་པས་སློབ་མ་ལྟ་བུའི་སེམས་དང་། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨད་པས་འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་སྐྱོ་བའི་ཕྱིར་མ་མ་ལྟ་བུའི་སེམས་དང་། བྱའོ་ཅོག་ལ་མཐུན་པར་གཟུང་བས་གཡོག་ལྟ་བུའི་སེམས་དང་། ང་རྒྱལ་དང་མཐོ་བའི་ང་རྒྱལ་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང་། དུས་དང་དུས་མ་ཡིན་པར་མཐོན་དམན་དུ་འགྱུར་བས་ཟླ་བ་ཉ་བ་ལྟ་བུའི་སེམས་དང་། མྱི་སྲུན་པ་ཐམས་ཅད་རྣམ་པར་སྤོང་བས་རྟ་ཅང་ཤེས་ལྟ་བུའི་སེམས་དང་། ཁུར་ལྕི་བ་བཀུར་བས་ཐེག་པ་ལྟ་བུའི་སེམས་དང་། དུལ་བ་དང་ཅང་ཤེས་ཀྱི་བསམ་པས་གླང་པོ་ལྟ་བུའི་སེམས་དང་། མྱི་སྒུལ་མྱི་བསྐྱོད་པས་རི་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། ང་རྒྱལ་དང་དུས་མེད་པས་གདོལ་པ་ལྟ་བུའི་སེམས་དང་། དྲེགས་པ་ཐམས་ཅད་མེད་པས་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་དང་། རློམ་སེམས་མེད་པས་མཚན་བུ་ལྟ་བུའི་སེམས་དང་། འགྲོ་ཞིང་འོང་བས་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངག་གི་མཐར་ཕྱིན་པར་བྱེད་པས་ཟམ་པ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བས་བུ་མཛངས་པ་ལྟ་བུའི་སེམས་དང་། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འགལ་བར་བྱ་བས་རྒྱལ་པོ་གཞོན་ནུ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པར་འདུ་ཤེས་བསྐྱེད་དོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་
བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་འདྲོན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ལམ་མཚོན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་ལམ་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཕྱོགས་བདེ་བར་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཕ་རོལ་ཏུ་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་མཉན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་མུ་སྟེགས་ཀྱི་འདུ་ཤེས་དང་། ནན་ཏན་ལ་ནི་གྲུའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཞིང་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཀླུའི་དབང་པོའི་འདུ་ཤེས་དང་། གདམས་ངག་ལ་ནི་ཆར་པའི་འདུ་ཤེས་དང་། ནན་ཏན་ལ་ནི་ལོ་ཏོག་འགྲུབ་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་དབུལ་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ངལ་བསོ་པོའི་འདུ་ཤེས་དང་། གདམས་ངག་ལ་ནི་ནོར་དང་དོན་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་དབུལ་བ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་སློབ་མའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སློབ་དཔོན་གྱི་འདུ་ཤེས་དང་གདམས་ངག་ལ་ནི་བཟོ་བའི་འདུ་ཤེས་དང་། ནན་ཏན་ལ་ནི་བཟོ་ཁོང་དུ་ཆུད་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང་། གདམས་ངག་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཚོང་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྐྱ་བ་འཛིན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་རིན་པོ་ཆེའི་འདུ་ཤེས་དང་། ནན་ཏན་ལ་ནི་རིན་པོ་ཆེ་སྡུད་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་བུ་དམ་པའི་འདུ་ཤེས་བསྐྱེད་པར་
བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཕ་མའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་རིགས་ཀྱི་བུའི་ཚུལ་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཚུལ་མ་ཉམས་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་རྒྱལ་པོ་གཞོན་ནུའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཆོས་ཀྱི་རྒྱལ་པོ་དང་བློན་པོ་དམ་པའི་འདུ་ཤེས་དང་། གདམས་ངག་ལ་ནི་རྒྱལ་པོའི་ཁྲིམས་ཀྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཡེ་ཤེས་ཀྱི་རྒྱལ་པོའི་ཅོད་པན་དང་རྒྱན་དང་། ཆོས་ཀྱི་ཐབས་མགོ་ལ་འཆིང་བ་དང་། ཆོས་ཀྱི་རྒྱལ་པོའི་གྲོང་ཁྱེར་ལ་རྣམ་པར་ལྟ་བའི་འདུ་ཤེས་བསྐྱེད་པར་བྱ་སྟེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟ་བུའི་འདུ་ཤེས་ཡིད་ལ་བྱ་བ་ཡོངས་སུ་སྒོམ་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་ཉེ་བར་བསྙེན་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་ལྟར་དགེ་བའི་བཤེས་གཉེན་ལ་ལྷག་པའི་བསམ་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་གྱི་ངག་ཐམས་ཅད་ཉམས་སུ་ལེན་པའི་ཚེ། གངས་ཀྱི་རི་ལ་རྟེན་པའི་རྩྭ་དང་གེལ་པ་དང་། སྨན་དང་ནགས་ཚལ་ལྟ་བུར་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རྣམ་པར་འཕེལ་ལོ། །རྒྱ་མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །གང་ཆེན་མཚོ་ཆེན་པོ་རིན་པོ་ཆེ་མང་པོའི་འབྱུང་གནས་སུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ། །མྱེའི་དྲོད་ཀྱིས་གསེར་ཡོངས་སུ་འབྱང་བ་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་བྱང་བར་འགྱུར་རོ། །རྒྱ་མཚོ་ཆེན་པོ་ལས་འཕགས་པའི་རི་རབ་ལྟར་འཇིག་རྟེན་ལས་མངོན་པར་འཕགས་པར་འགྱུར་རོ། །པད་མོ་ལ་ཆུས་མྱི་ཆགས་པ་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་མྱི་གོས་པར་འགྱུར་རོ། །རྒྱ་མཚོ་ཆེན་པོ་རོ་རུལ་པ་དང་མི་འགྲོགས་པ་ལྟར། སྤྱོད་པ་ངན་པ་ཐམས་ཅད་དང་མི་འགྲོགས་སོ། །ཡུད་དུ་ཡར་གྱི་ཟླ་བ་ལྟར་ཆོས་དཀར་པོས་རྣམ་པར་འཕེལ་བར་འགྱུར་རོ། །འཛམ་བུའི་གླིང་སྣང་བར་བྱེད་པའི་ཉི་མ་ལྟར་ཆོས་ཀྱི་དབྱིངས་སུ་སྣང་
བར་འགྱུར་རོ། །ཕ་མ་དང་འགྲོགས་པའི་བུ་ལྟར་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ལུས་ཐམས་ཅད་ཡང་དག་པར་སྐྱེ་བར་འགྱུར་རོ། །དེ་ལྟར་མདོར་ན་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུ་ནི་རབ་ཏུ་འཛིན་པར་འགྱུར་རོ། །དེའི་ལྷག་པའི་བསམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་ཡོངས་སུ་སྦྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དབང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་རབ་ཏུ་འཕེལ་བར་འགྱུར་རོ། །བྱིན་གྱི་རླབས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་རྣམ་པར་སྤྱོད་པར་འགྱུར་རོ། །སྒྲིབ་པའི་ཆོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་རྣམ་པར་སྦྱོང་བར་འགྱུར་རོ། །སྒྲིབ་པའི་ཆོས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ནི་ཡོངས་སུ་དག་པར་འགྱུར་རོ། །བདུད་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ལས་ནི་ཡང་དག་པར་འདས་པར་འགྱུར་རོ། །ཆོས་ཀྱི་སྒོ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ལ་ནི་རབ་ཏུ་འཇུག་པར་འགྱུར་རོ། །ཚོགས་རྣམ་པར་དག་པའི་སྒོ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་ཡོངས་སུ་རྫོགས་པར་འགྱུར་རོ། །སྤྱོད་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ནི་ཀུན་ནས་དག་པར་འགྱུར་རོ། །སྨོན་ལམ་ཆེན་པོ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ནི་མངོན་པར་གྲུབ་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་མདོར་ན་བྱང་ཆུབ་སེམས་དཔའི་སྤྱད་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་བཟོད་པ་ལ་འཇུག་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་འཕྲུལ་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་གཟུངས་དང་སྤོབས་པའི་སྣང་བ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་བསྔོ་བའི་ཡེ་ཤེས་དང་མངོན་པར་ཤེས་པ་ཚད་མེད་པ་ཐམས་ཅད་དང་། བྱང་ཆུབ་
སེམས་དཔའི་སྨོན་ལམ་མངོན་པར་བསྒྲུབ་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་ཅིང་ཡོངས་སུ་གྲུབ་པ་རྣམས་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པ་དག་གོ །དགེ་བའི་བཤེས་གཉེན་རྩ་བར་གྱུར་པ་དག་གོ །དགེ་བའི་བཤེས་གཉེན་ལས་བྱུང་བ་དག་གོ །དགེ་བའི་བཤེས་གཉེན་སྐྱེ་གནས་སུ་གྱུར་པ་དག་གོ །དགེ་བའི་བཤེས་གཉེན་སྐྱེ་མཆེད་དུ་གྱུར་པ་དག་གོ །དགེ་བའི་བཤེས་གཉེན་ལས་ཡོངས་སུ་སྐྱེས་པ་དག་གོ །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་སྤེལ་བ་དག་གོ །དགེ་བའི་བཤེས་གཉེན་ལ་རབ་ཏུ་རྟེན་པ་དག་གོ །དགེ་བའི་བཤེས་གཉེན་རྒྱུར་གྱུར་པའོ། །དགེ་བའི་བཤེས་གཉེན་ལས་རབ་ཏུ་སྐྱེས་པ་དག་གོ །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྣམ་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་། བསྔགས་པ་རྗེས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཐོས་ནས་དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ཀྱི་རྐང་པ་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅྭ་བརྒྱད་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་གདམས་ངག་གིས་སེམས་མངོན་པར་བརླན་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་བསྟན་པ་དེ་ནི་རྗེས་སུ་རྣམ་པར་སེམས། སྔོན་གྱི་མཐའི་ལུས་མང་པོ་ཡང་དག་པར་སྤྱོད་པ་ཉམས་སུ་མ་བླངས་པར་ཆུད་ཟོས་པ་ལ་བསམ་པས་ནི་ལུས་ཀྱི་སྟོབས་རབ་ཏུ་བརྟན་པར་བྱེད། སྔོན་གྱི་མཐའི་མུར་ཐུག་པའི་ལུས་དང་སེམས་ཡོངས་སུ་དག་ཀྱང་དོན་མེད་པར་འཁོར་བའི་སེམས་ཀྱི་རྒྱུད་དུ་གྱུར་པ་ལ་བསམ་པས་ནི་སེམས་དང་ཡིད་ལ་བྱ་བ་རབ་ཏུ་སྦྱོང་། སྔོན་གྱི་མཐའི་མུར་ཐུག་པའི་ལས་ཡང་དག་པ་མ་ཡིན་པས་འཇིག་རྟེན་གྱི་དོན་དུ་གཡེན་སྤྱོ་སྟེ། མི་གཅེས་པར་ཤ་ཐང་བ་
ལ་བསམ་པས་ནི་ད་ལྟར་བྱུང་བའི་དོན་ཤིན་ཏུ་གཅེས་པ་ལ་ལེགས་པར་བསྒྲུབ་པ་རྣམ་པར་སེམས། སྔོན་གྱི་མཐའི་མུར་ཐུག་པའི་ཡོངས་སུ་རྟོག་པ་ཡང་དག་པ་མ་ཡིན་པར་རྣམ་པར་བརྟགས་པ་ལས་བྱུང་བ་ཕྱིན་ཅི་ལོག་གིས་ཡིད་ལ་བྱ་བ་ཀུན་ནས་གླགས་པ་ལ་བསམ་པས་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པའི་རྟོག་པས་མངོན་པར་འདུ་བྱ་བའི་སྟོབས་ཡང་དག་པར་བསྐྱེད། འདས་པའི་ལུས་ཀྱིས་བདག་གི་དོན་གྱི་སྦྱོར་བ་ལ་རྩོམ་རྩོམ་པའི་ཡུལ་ལ་ཡོངས་སུ་བསམ་པས་ནི། སེམས་ཅན་ཐམས་ཅད་ཀྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་ལྷག་པའི་བསམ་པའི་སྟོབས་རབ་ཏུ་བརྟན་པར་བྱེད། སྔོན་འདོད་པ་ཡོངས་སུ་ཚོལ་ཚོལ་བའི་སྤྱོད་པ་རོ་མྱེད་པ་ལ་ཡོངས་སུ་བསམ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་སྦྱོར་བས་དབུགས་ཕྱིན་པ་ཆེན་པོ་འཐོབ་པའི་དབང་པོའི་ཤུགས་དྲག་པོ་རྣམ་པར་འཕེལ་བར་བྱེད། འདས་པའི་དུས་ཀྱི་ལྷག་པའི་བསམ་པ་ཕྱིན་ཅི་ལོག་དང་ལྡན་པའི་སྦྱོར་བ་ལ་ཡོངས་སུ་བསམ་པས་ནི། ད་ལྟར་བྱུང་བའི་དུས་སུ་ཕྱིན་ཅི་ལོག་མེད་པ་དང་ལྡན་པའི་ཡང་དག་པའི་ལྟ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་ལ་ཡི་དམ་བཅའ་བས་སེམས་ཀྱི་རྒྱུད་ཡོངས་སུ་རྒྱས་པར་བྱེད། སྔོན་གྱི་མཐའི་བརྩོན་འགྲུས་བརྩམས་པ་མི་ཆ་ལ་དོན་མ་ཡིན་པ་དང་། ཡོངས་སུ་མ་གྲུབ་པའི་བརྩོན་འགྲུས་ཉམས་སུ་བླངས་པ་ལ་ཡོངས་སུ་བསམ་པས་ནི། ད་ལྟར་བྱུང་བའི་དུས་སུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ་སྟ་གོན་དུ་གནས་པའི་བརྩོན་འགྲུས་ཆེན་པོ་རྩོམ་པའི་རྣམ་པར་གནོན་པས་ལུས་དང་སེམས་ཀྱི་གཟེངས་མཐོ་བ་ཡང་དག་པར་བསྐྱེད། སྔོན་གྱི་མཐའི་མུར་ཐུག་པའི་འགྲོ་བ་ལྔའི་རྒྱུད་ཀྱི་ངན་སོང་དུ་བདག་དང་གཞན་བོར་བ་ལ་བརྟག་པས་ལུས་འཚོ་བ་མེད་པ་ཡོངས་སུ་གཟུང་བ་ལ་ཡང་དག་པར་བསམ་པས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པ་དང་། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བར་ནུས་པའི་ལུས་
ཡོངས་སུ་བཟུང་བས་དགའ་བ་དང་མོས་པའི་ཤུགས་དྲག་པོ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད། ད་ལྟར་བྱུང་བའི་ཚེར་མངོན་པར་གྲུབ་ཀྱང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་གྱི་འབྱུང་གནས་སུ་གྱུར་ཏེ་འདུ་བ་དང་འབྲལ་བའི། གཏེར་དུ་གྱུར་པའི་ལུས་ཀྱང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་བརྩོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པའི་ཞལ་ལྟ་ཞིང་ཞིང་ཐམས་ཅད་དུ་རྒྱུ་བ་དང་། ཆོས་སྨྲ་བ་ཐམས་ཅད་ལ་རིམ་གྲོར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བཟུང་བ་ལ་བརྩོན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་གྲོགས་སུ་གྱུར་པ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་མཐོང་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། ཡེ་ཤེས་ཀྱི་ལུས་ཀྱི་རྒྱུ་དང་རྐྱེན་དུ་གྱུར་པ་ལ་བལྟས་ཤིང་དགེ་བའི་རྩ་བའི་དབང་པོ་དང་། ཤུགས་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བྱེད་ཅིང་དེ་ལྟ་བུའི་སེམས་དང་། དེ་ལྟ་བུའི་ཡིད་ལ་བྱ་བ་དང་། ཚུལ་བཞིན་དེ་ལྟ་བུ་ལ་རབ་ཏུ་བརྩོན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མོས་པས་ཡང་དག་པར་བསྒྲུབས་པའི་དད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་བསྒྲུབས་པའི་ཉེ་བར་སེམས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལྷག་པའི་བསམ་པས་སྒྲོ་བཏགས་པའི་རིམ་གྲོ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་པོ་དང་བར་སྒྲོ་བཏགས་པའི་ཕུ་དུད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་ལ་མོས་པས་ཡང་དག་པར་བསྒྲུབས་པའི་དབང་པོ་དང་བའི་ཤུགས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རིམ་གྲོས་བྱུང་བའི་སེམས་ཀྱི་མོས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དད་པ་ལས་ཡོངས་སུ་བྱུང་བའི་དགེ་བའི་རྩ་བའི་ཚོགས་དང་།
བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་ཡོངས་སུ་གྲུབ་པའི་མཆོད་པ་རྣམ་པ་ཐ་དད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པའི་ལུས་ཀྱི་ཐལ་མོ་སྦྱར་བ་དང་། འགྲོ་བའི་ལུས་ཐམས་ཅད་དུ་ཡོངས་སུ་བྱུང་བའི་མིག་རྣམ་པ་སྣ་ཚོགས་ཀྱིས་བལྟ་བ་དང་། འགྲོ་བར་མིང་བཏགས་པ་ཐམས་ཅད་དུ་སྒྲོ་བཏགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་གྱིས་སྤྲུལ་པ་ལས་བྱུང་བར་སྒྲོ་བཏགས་པའི་ལུས་ཀྱིས་བཏུད་ཅིང་ཕྱག་བྱ་བ་ཚད་མེད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ལས་བྱུང་བའི་ལེགས་པར་བརྗོད་པའི་རྒྱན་མངོན་པར་བསྒྲུབ་པ་དང་། སྔོན་གྱི་མཐའ་དང་ད་ལྟར་བྱུང་བའི་དུས་སུ་བྱུང་བའི་སེམས་ཅན་གྱི་གནས་ཐམས་ཅད་ཡོངས་སུ་རྒྱས་པའི་དེ་བཞིན་གཤེགས་པའི་ཕོ་བྲང་མངོན་དུ་བྱས་པའི་འདུ་ཤེས་ཀྱི་རྣམ་པ་དང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པས་མངོན་པར་རྫོགས་པར་འཚང་རྒྱ་བ་ཐམས་ཅད་དུ་ཁྱབ་པ་དང་། སྐྲའི་རྩེ་མོ་གཅིག་ལས་ཀྱང་ལྷག་པ་མེད་པར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་ཀྱིས་རྒྱས་པར་འགེངས་པའི་རྗེས་སུ་སོང་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མིག་གི་ལམ་རྣམ་པར་དག་པར་སྒྲོ་བཏགས་པའི་མངོན་པར་ཤེས་པ་སྣང་བས་རྣམ་པར་དམྱིགས་པ་དང་། ཕྱོགས་ཀྱི་དྲ་བ་ཐ་དད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་དབྱིངས་ཀྱི་གཞི་ཐ་དད་པ་རྒྱས་པར་འགེངས་པའི་སྨོན་ལམ་མངོན་པར་བསྒྲུབས་པའི་སྟོབས་དང་། ཆོས་ཐམས་ཅད་ལ་འཇུག་པའི་སྒོ་ནམ་མཁའི་དབྱིངས་ཀྱིས་ཀླས་ཏེ། མཐས་གཏུགས་པ་ཐམས་ཅད་དུ་ཁྱབ་ལ། དུས་གསུམ་དུ་ཐ་མི་དད་ཅིང་རྒྱུན་མི་འཆད་པ་དང་། དད་པ་དང་མོས་པ་ལ་འཇུག་པའི་སྟོབས་དགེ་བའི་བཤེས་གཉེན་གྱི་གདམས་ངག་སྣང་བའི་ཕྱོགས་ལ་ཞུགས་པས་ཡུལ་རྒྱ་མཚོའི་འགྲམ་གང་ན་བ་དེར་ཕྱིན་ཏེ། དེ་ལྟར་ཚོང་དཔོན་གྱི་བུ་ནོར་བཟངས་རིམ་
གྲོ་དང་། ཕུ་དུད་དང་། མཆོད་པ་དང་། བསྟོད་པ་དང་། ཕྱག་བྱ་བ་དང་། བལྟ་བའི་བྱིན་གྱི་རླབས་དང་། སྨོན་ལམ་དང་། འདུ་ཤེས་ཀྱི་རྗེས་སུ་སོང་བ་དེ་ལྟ་བུའི་ཡིད་དང་ལྡན་པ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་ཚད་མེད་པའི་ས་དེ་ལྟ་བུ་ལ་ཞུགས་པའི་ཡེ་ཤེས་ཀྱི་མིག་གིས་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་ནས་ལུས་ཐམས་ཅད་ཀྱིས་ཕབ་སྟེ། ཕྱག་བྱས་སོ། །དེས་རྣམ་པ་དེ་ལྟ་བུའི་མངོན་པར་བསྒྲུབ་པའི་ཚུལ་ཡུད་ཙམ་ཏུ་རྣམ་པར་དཔྱད་དེ་མོས་པ་དང་དད་པ་ལས་བྱུང་བའི་ལྷག་པའི་བསམ་པ་དང་། སྨོན་ལམ་གྱིས་མངོན་པར་བསྒྲུབས་པའི་མཐུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་བདག་ཉིད་རྒྱུན་མི་འཆད་པར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མངོན་སུམ་དུ་གནས་པ་དང་། དགེ་བའི་བཤེས་གཉེན་གྱི་གནས་ཐམས་ཅད་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕོ་བྲང་ཐམས་ཅད་དང་། ཆོས་རིན་པོ་ཆེའི་གནས་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གནས་དང་། མཆོད་རྟེན་ཐམས་ཅད་དང་། མངོན་སུམ་དུ་གནས་པ་ནས། འཕགས་པའི་ཚོགས་དང་སྦྱིན་པའི་གནས་དང་། བླ་མ་དང་ཕ་མ་ཐམས་ཅད་ཀྱི་བར་གྱི་འགྲོ་བའི་ཚོགས་ཐམས་ཅད་དང་། མངོན་སུམ་དུ་གནས་པ་རྒྱུན་མི་འཆད་པར་ཡེ་ཤེས་ཀྱི་ལུས་ཐ་མི་དད་པའི་ཚུལ་ལ་འཇུག་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། འདུ་ཤེས་ཀྱི་བྱིན་གྱི་རླབས་དང་། ཡེ་ཤེས་ཡིད་ལ་བྱ་བས་བྱིན་གྱིས་བརླབས་སོ། །ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་ནས་ཇི་ལྟ་བ་དེ་བཞིན་དུ་གོང་དུ་བརྗོད་པའི་དམིགས་པ་ཐམས་ཅད་ལ་ཡང་། ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་འདུད་ཅིང་ཕྱག་བྱ་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་ཕྱི་མའི་མཐའི་མུར་ཐུག་པར་རྒྱུན་འཆད་པ་མེད་པར་བྱིན་གྱིས་བརླབས་ཏེ། ནམ་མཁའི་དབྱིངས་ཚད་མེད་པ་དང་མཉམ་པ་ཉིད་དང་།
ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པ་དང་མཉམ་པ་ཉིད་དང་། ཡང་དག་པའི་མཐའ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། མཉམ་པ་ཉིད་དང་། དེ་བཞིན་ཉིད་རྣམ་པར་མི་རྟོག་པ་དང་མཉམ་པ་ཉིད་དང་། གྲིབ་མ་ལྟ་བུའི་ཡེ་ཤེས་དང་། འདུ་ཤེས་ཀྱིས་རྒྱས་པར་དགང་བ་མཉམ་པ་ཉིད་དང་། རྨི་ལམ་ལྟ་བུའི་རྣམ་པར་དཔྱོད་པ་དང་མཉམ་པ་ཉིད་དང་། གཟུགས་བརྙན་ལྟ་བུའི་འཇིག་རྟེན་དང་། འགྲོ་བ་ཐམས་ཅད་རྣམ་པར་དམིགས་པའི་མཉམ་པ་ཉིད་དང་། རྒྱུ་དང་རྐྱེན་ལས་བྱུང་བས་སྒྲ་བརྙན་ལྟ་བུའི་མཉམ་པ་ཉིད་དང་། འབྱུང་བ་དང་འཇིག་པ་མི་སྐྱེ་བ་དང་། མཉམ་པའི་མཉམ་པ་ཉིད་དང་། རྐྱེན་དང་རྟེན་པའི་རྒྱུད་དངོས་པོ་མེད་པའི་རང་བཞིན་དང་མཉམ་པའི་མཉམ་པ་ཉིད་ཀྱིས་ལས་ཇི་ལྟ་བ་བཞིན་དུ་ཡོངས་སུ་བྱུང་བའི་རྣམ་པར་སྨིན་པ་ལ་ནི་མོས་པར་བྱེད། རྒྱུ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བྱུང་བའི་འབྲས་བུ་ལ་ནི་མོས་པར་བྱེད། བསྩགས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བྱུང་བའི་བྱ་བ་ཐམས་ཅད་ལ་ནི་མོས་པར་བྱེད། དང་བ་ལས་ཡོངས་སུ་བྱུང་བའི་དེ་བཞིན་གཤེགས་པ་བྱུང་བ་ཐམས་ཅད་ལ་ནི་མོས་པར་བྱེད། མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བྱུང་བའི་སངས་རྒྱས་མཆོད་པའི་སྤྲུལ་པ་ཐམས་ཅད་ལ་ནི་མོས་པར་བྱེད། རིམ་གྲོ་ལས་བྱུང་བའི་དེ་བཞིན་གཤེགས་པའི་སྤྲུལ་པ་ཐམས་ཅད་ལ་ནི་མོས་པར་བྱེད། དགེ་བའི་རྩ་བའི་ཚོགས་ལས་ཡོངས་སུ་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ལ་ནི་མོས་པར་བྱེད། ཤེས་རབ་དང་ཐབས་ལས་ཡོངས་སུ་བྱུང་བའི་རྒྱན་ཡིད་ཀྱི་རང་བཞིན་ཏུ་བསྒྲུབས་པ་ཐམས་ཅད་ལ་ནི་མོས་པར་བྱེད། སྨོན་ལམ་ལས་ཡོངས་སུ་བྱུང་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ནི་མོས་པར་བྱེད། བསྔོ་བ་ལས་ཡོངས་སུ་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། ཆོས་ཀྱི་དབྱིངས་ཐམས་ཅད་མཁྱེན་པའི་ཡུལ་དུ་གྱུར་པ་རྣམ་པར་བསྒྲུབ་པས་རྒྱས་པར་དགང་བའི་རྒྱན་ལ་ནི་མོས་པར་བྱེད་ཅིང་ཡོངས་སུ་བསྔོ་བའི་ཡེ་ཤེས་ཆད་པའི་འདུ་ཤེས་དང་བྲལ་བ་དང་། སྐྱེ་བ་མེད་པའི་ཡེ་ཤེས་རྟོག་པའི་འདུ་ཤེས་མེད་པ་དང་། ཡང་དག་
པའི་སྤྱོད་པ་ལ་འཇུག་ཅིང་རྒྱུ་ཉེ་བར་སྩོགས་པའི་ཡེ་ཤེས་རྒྱུ་དང་བྱ་བའི་ལྟ་བ་མེད་པ་དང་། ཕྱིན་ཅི་ལོག་མེད་པའི་ཡེ་ཤེས་ཕྱིན་ཅི་ལོག་གི་ལྟ་བ་དང་བྲལ་བ་དང་། གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་དབང་ཕྱུག་ཏུ་ལྟ་བ་མེད་པ་དང་། རྟེན་པ་ལ་འཇུག་པའི་ཡེ་ཤེས་བདག་དང་ཕ་རོལ་གྱི་འདུ་ཤེས་ཀྱི་ལྟ་བ་དང་། བྲལ་བ་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་འཇུག་པའི་ཡེ་ཤེས་མཐར་འཛིན་པའི་ལྟ་བ་དང་བྲལ་བ་དང་། གཟུགས་བརྙན་ལྟ་བུར་མངོན་པར་གྲུབ་པའི་ཡེ་ཤེས་འཕོ་བའི་ལྟ་བ་མེད་པ་དང་། མི་སྐྱེ་མི་འགག་པའི་ཡེ་ཤེས་སྐྱེ་བ་དང་། འཇིག་པའི་ལྟ་བ་དང་བྲལ་བ་དང་། སྟོང་པ་ཉིད་ཀྱིས་མི་སྐྱེ་བའི་ཡེ་ཤེས་ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བ་དང་། སྨོན་ལམ་མངོན་པར་སྒྲུབ་པའི་ཡེ་ཤེས་ཀྱི་སྟོབས་དབང་ཕྱུག་མེད་པའི་ཆོས་ཉིད་རབ་ཏུ་རྟོགས་པ་དང་། མཚན་མ་མེད་པའི་མཐའི་སྒོ་དང་ལྡན་པའི་ཡེ་ཤེས་མཚན་མ་ཐམས་ཅད་དང་བྲལ་བས་ས་བོན་ལས་མྱུ་གུ་ཆུད་མི་ཟ་བའི་ཆོས་ཉིད་དང་། རྒྱ་ལས་རྒྱའི་གཟུགས་བརྙན་འབྱུང་བའི་ཆོས་ཉིད་དང་། གཟུགས་ལས་གཟུགས་བརྙན་འབྱུང་བའི་ཆོས་ཉིད་དང་། སྒྲ་བརྙན་དང་སྒྲར་མཉམ་པ་རྣམ་པར་དམིགས་པའི་ཆོས་ཉིད་དང་རྣམ་པར་དཔྱོད་པ་དང་། རྨི་ལམ་དུ་མཉམ་པར་རྣམ་པར་དམིགས་པའི་ཆོས་ཉིད་དང་། སྒྱུ་མའི་རྣམ་པ་ལྟར་ལས་ལས་ཡོངས་སུ་བྱུང་བའི་ཆོས་ཉིད་དང་། སེམས་གཟུགས་མེད་པས་འཇིག་རྟེན་ཡོངས་སུ་བསྐྱེད་པའི་ཆོས་ཉིད་དང་། རྐྱེན་དང་རྒྱུ་ཇི་ལྟར་བསྩགས་པ་བཞིན་དུ། འབྲས་བུ་འབྱུང་བའི་ཆོས་ཉིད་དང་ལས་ཇི་ལྟར་བསྩགས་པ་དང་། མཉམ་པར་རྣམ་པར་སྨིན་པ་འབྱུང་བའི་ཆོས་ཉིད་དང་། ཐབས་མཁས་པས་རྣམ་པར་བསྒྲུབས་པའི་ཆོས་ཉིད་དང་ཆོས་དང་ཆོས་མ་ཡིན་པ་མཉམ་པ་ཉིད་ཀྱི་མངོན་པར་བརླན་པའི་ཆོས་ཉིད་དང་། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་དེ་ལྟ་བུས་མངོན་པར་བསྒྲུབས་པའི་འདུ་ཤེས་དང་། ཡིད་ལ་བྱ་བས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁང་པ་བརྩེགས་པ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་ནས་རྣམ་པ་དེ་ལྟ་བུར་བཏུད་
དེ། ཕྱག་འཚལ་ནས་ཡུན་རིང་མོ་ཞིག་ལོན་པ་དང་། དགེ་བའི་རྩ་བའི་ཤུགས་བསམ་གྱིས་མི་ཁྱབ་པས་མངོན་པར་བརླན་པའི་སེམས་དང་ལྡན་པ་ལུས་དང་སེམས་ཤིན་ཏུ་སིམ་པར་གྱུར་པ་དེ། ཁང་པ་བརྩེགས་པའི་སྒོའི་གནས་ནས་ལངས་ཏེ། ཡུད་ཙམ་ཞིག་ཏུ་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་དེ་ལ་མིག་མི་འགེབས་པས་བལྟས་ནས། ཐལ་མོ་སྦྱར་ཏེ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། དེ་ལྟ་བུའི་འདུ་ཤེས་དང་། ཡིད་ལ་བྱ་བས་བསྐུལ་བའི་སེམས་དང་ལྡན་པས། ཚིག་ཏུ་བརྗོད་པ་འདི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །འདི་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །ཆོས་ཀྱི་དབྱིངས་ཐ་མི་དད་པའི་གནས་ལ་རྣམ་པར་སྤྱོད་པ་སེམས་ཅན་གྱི་ཁམས་མི་དམིགས་པའི་གནས་ལ་རྣམ་པར་སྤྱོད་པ། ཆོས་ཐམས་ཅད་མི་སྐྱེ་བའི་གནས་ལ་རྣམ་པར་སྤྱོད་པ། འཇིག་རྟེན་ཐམས་ཅད་གནས་མེད་པའི་གནས་ལ་རྣམ་པར་སྤྱོད་པ། འགྲོ་བ་ཐམས་ཅད་ཀྱི་གནས་གནས་མྱེད་པའི་གནས་ལ་རྣམ་པར་སྤྱོད་པ། གནས་ཐམས་ཅད་རྣམ་པར་བསྒོམས་པའི་གནས་ལ་རྣམ་པར་སྤྱོད་པ། བརྟེན་པ་ཐམས་ཅད་ལ་མི་རྟེན་པའི་གནས་ལ་རྣམ་པར་སྤྱོད་པ། ལུས་ཐམས་ཅད་ལ་མི་རྟེན་པའི་གནས་ལ་རྣམ་པར་སྤྱོད་པ། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་བསྩལ་བའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །འདི་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དུ། རྣམ་པར་མི་རྟོག་པའི་གནས་ལ་རྣམ་པར་སྤྱོད་པ། འདུ་ཤེས་དང་སེམས་དང་ཡིད་ཐམས་ཅད་ཀྱིས་རྣམ་པར་དབེན་པའི་གནས་ལ་སྤྱོད་པ། ལམ་ཐམས་ཅད་བླང་བ་མེད་པ་དང་། དོར་བ་མེད་པའི་གནས་ལ་རྣམ་པར་སྤྱོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་འཇུག་པའི་གནས་ལ་རྣམ་པར་སྤྱོད་པ། སྒོ་ཀུན་ནས་ཆོས་ཀྱི་དབྱིངས་རྒྱས་པར་
འགེངས་པ་ཐབས་ཀྱི་གནས་ལ་རྣམ་པར་སྤྱོད་པ། ཉོན་མོངས་པ་ཐམས་ཅད་ཞི་ཞིང་ཉེ་བར་ཞི་བའི་གནས་ལ་རྣམ་པར་སྤྱོད་པ། ལྟ་བ་དང་སྲིད་པ་དང་། ང་རྒྱལ་ཐམས་ཅད་སྤོངས་པའི་ཤེས་རབ་ཤས་ཆེ་བའི་གནས་ལ་རྣམ་པར་སྤྱོད་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། རིག་པ་བསྐྱེད་པ་ཐམས་ཅད་ལ་རྣམ་པར་རོལ་བའི་གནས་ལ་རྣམ་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསྒོམས་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་ཉེ་བར་གནས་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །འདི་ནི་གང་དེ་དག་བསྐལ་པ་གཅིག་ལ་བསྐལ་པ་ཐམས་ཅད་དང་། བསྐལ་པ་ཐམས་ཅད་ལ་བསྐལ་པ་གཅིག་ཏུ་འཇུག་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་ཞིང་གཅིག་དང་ཞིང་ཐམས་ཅད་དང་། ཞིང་ཐམས་ཅད་དང་ཞིང་གཅིག་ཏུ་ཐ་མི་དད་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་ཆོས་གཅིག་དང་ཆོས་ཐམས་ཅད་དུ། ཆོས་ཐམས་ཅད་དང་ཆོས་གཅིག་ཏུ་མྱི་འགལ་བའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་སེམས་ཅན་གཅིག་དང་། སེམས་ཅན་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་། སེམས་ཅན་གཅིག་ཏུ་ཐ་མི་དད་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་སངས་རྒྱས་གཅིག་དང་། སངས་རྒྱས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་དང་། སངས་རྒྱས་གཅིག་ཏུ་མྱི་གཉིས་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་དུས་ཐམས་ཅད་ལ་སྐད་ཅིག་གཅིག་གིས་འཇུག་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་སེམས་བསྐྱེད་པ་གཅིག་གིས་ཞིང་ཐམས་ཅད་དུ་འགྲོ་བའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གཟུགས་བརྙན་སྣང་བའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་ཀྱི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་ཐོབ་པར་བྱ་བ་ཐམས་ཅད་
རང་ལ་རག་ལས་པའི་གནས་ལ་རྣམ་པར་སྤྱོད་པ་དེ་དག་གི་གནས་སོ། །འདི་ནི་གང་དེ་དག་འཇིག་རྟེན་གྱི་གནས་ཐམས་ཅད་ལས་གྱེན་དུ་འཕགས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་གནས་ན་སྣང་བ་དང་། གང་དེ་དག་ཞིང་ཐམས་ཅད་ལ་མི་གནས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱ་བའི་ཕྱིར་ཞིང་ཐམས་ཅད་དུ་རྗེས་སུ་སྤྱོད་པ་དང་། གང་དེ་དག་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་ཡོངས་སུ་གཟུང་བའི་ཕྱིར་ཞིང་ཐམས་ཅད་དུ་རྗེས་སུ་སྤྱོད་ཀྱང་གནས་ནས་གཡོ་བ་མེད་པ་དང་། གང་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་འདུག་ཀྱང་སངས་རྒྱས་ཀྱི་འདུ་ཤེས་སུ་མངོན་པར་ཞེན་པ་དང་བྲལ་བ་དང་། གང་དེ་དག་དགེ་བའི་བཤེས་གཉེན་ཐམས་ཅད་ལ་རྟེན་པའི་གནས་ལ་རྣམ་པར་སྤྱོད་ཀྱང་འགྲོ་བ་ཐམས་ཅད་ན་དེའི་ཡེ་ཤེས་ལ་མཉམ་ཞིང་འདྲ་བ་མེད་པ་དང་། གང་དེ་དག་བདུད་ཀྱི་གནས་ཐམས་ཅད་ན་སྤྱོད་ཀྱང་འདོད་པའི་ཡོན་ཏན་གྱི་དགའ་བ་དང་བྲལ་བ་དང་། གང་དེ་དག་འདུ་ཤེས་ཀྱི་རྣམ་པའི་གནས་ཐམས་ཅད་ལ་རྣམ་པར་སྤྱོད་ཀྱང་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་རྣམ་པར་བསྩལ་བའི་ཡིད་དང་ལྡན་པ་དང་། གང་དེ་དག་འགྲོ་བ་ཐམས་ཅད་དུ་ཁྱབ་པའི་ལུས་དང་ལྡན་ཡང་བདག་དང་སེམས་ཅན་དུ་གཉིས་སུ་བྱ་བར་མི་སྤྱོད་པ་དང་། གང་དེ་དག་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་ཆུད་པའི་ལུས་དང་ལྡན་ཡང་། ཆོས་ཀྱི་དབྱིངས་ཐ་དད་དུ་བྱ་བའི་གནས་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་མ་འོངས་པའི་བསྐལ་པ་ཐམས་ཅད་དུ་གནས་པར་བྱ་བའི་སྨོན་ལམ་དང་ལྡན་ཡང་། བསྐལ་པ་རིང་བ་དང་། ཐུང་བའི་འདུ་ཤེས་ཀྱི་རྣམས་པས་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་སྐྲའི་རྩེ་མོ་གཅིག་ནས་མི་གཡོ་ཡང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བ་དེ་ལྟ་བུ་བསྒྲུབ་དཀའ་བའི་ཆོས་ཀྱི་ཕྱོགས་ལ་འཇུག་པ་རྣམ་པར་སྤྱོད་པ་དེ་དག་གིས་གནས་སོ། །འདི་ནི་ཟབ་མོའི་གནས་ལ་རྣམ་པར་སྤྱོད་པ་མི་གཉིས་པའི་གནས་ལ་རྣམ་པར་སྤྱོད་པ། མཚན་
ཉིད་མེད་པའི་གནས་ལ་རྣམ་པར་སྤྱོད་པ། གཉེན་པོ་མེད་པའི་གནས་ལ་རྣམ་པར་སྤྱོད་པ། མི་དམྱིགས་པའི་གནས་ལ་རྣམ་པར་སྤྱོད་པ། སྤྲོས་པ་མེད་པའི་གནས་ལ་རྣམ་པར་སྤྱོད་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་གནས་ལ་རྣམ་པར་སྤྱོད་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཆུད་པར་དཀའ་བའི་གནས་ལ་རྣམ་པར་སྤྱོད་པ། བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་གནས་ལ་རྣམ་པར་སྤྱོད་པ། འཇིག་རྟེན་གྱི་ཡུལ་ཐམས་ཅད་ཀྱིས་མ་གོས་པའི་གནས་ལ་རྣམ་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ལ་རྣམ་པར་སྤྱོད་པ། སངས་རྒྱས་ཐམས་ཅད་ཀྱི་གནས་དང་མཐུན་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །གང་དེ་དག་མཚན་མ་ཐམས་ཅད་དང་བྲལ་བའི་གནས་ལ་རྣམ་པར་སྤྱོད་ཀྱང་ཉན་ཐོས་ཀྱི་སྐྱོན་མེད་པར་མི་འཇུག་པ་དང་། གང་དེ་དག་ཆོས་ཐམས་ཅད་སྐྱེ་བ་མེད་པའི་གནས་ལ་རྣམ་པར་སྤྱོད་ཀྱང་མི་སྐྱེ་བའི་ཆོས་ཉིད་དུ་མི་ལྟུང་བ་དང་། གང་དེ་དག་མི་སྡུག་པའི་གནས་ལ་རྣམ་པར་སྤྱོད་ཀྱང་འདོད་ཆགས་དང་བྲལ་བའི་ཆོས་ཉིད་མངོན་དུ་མི་བྱེད་དེ་འདོད་ཆགས་ཀྱི་ཆོས་དང་ཡང་ལྷན་ཅིག་མི་གནས་པ་དང་། གང་དེ་དག་བྱམས་པའི་གནས་ལ་རྣམ་པར་སྤྱོད་ཀྱང་ཞེ་སྡང་གི་དྲི་མའི་རྗེས་སུ་སོང་བའི་སེམས་མེད་པ་དང་། གང་དེ་དག་རྟེན་ཅིང་འབྲེལ་བའི་གནས་ལ་རྣམ་པར་སྤྱོད་ཀྱང་ཆོས་ཐམས་ཅད་ལ་ཤིན་ཏུ་རྨོངས་པ་མེད་པ་དང་། གང་དེ་དག་བསམ་གཏན་བཞིའི་གནས་ལ་རྣམ་པར་སྤྱོད་ཀྱང་བསམ་གཏན་གྱི་དབང་གིས་མི་སྐྱེ་བ་དང་། གང་དེ་དག་ཚད་མེད་པ་བཞིའི་གནས་ལ་རྣམ་པར་སྤྱོད་ཀྱང་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་དོན་དུ་གཟུགས་ཀྱི་ཁམས་ཀྱི་ལམ་གྱི་རྒྱུད་དུ་མི་འདོང་བ་དང་། གང་དེ་དག་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་གནས་ལ་རྣམ་པར་སྤྱོད་ཀྱང་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་གཟུགས་མེད་པའི་ཁམས་ཀྱི་ལམ་གྱི་རྒྱུད་དུ་མི་འདོང་བ་དང་། གང་དེ་དག་ཞི་གནས་དང་ལྷག་མཐོང་གི་གནས་ལ་རྣམ་པར་སྤྱོད་
ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བདག་གིས་རིག་པའི་རྣམ་པར་གྲོལ་བ་མངོན་ཏུ་མི་བྱེད་པ་དང་། གང་དེ་དག་བཏང་སྙོམས་ཆེན་པོའི་གནས་ལ་རྣམ་པར་སྤྱོད་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་མི་གཏོང་བ་དང་། གང་དེ་དག་སྟོང་པ་ཉིད་ཀྱི་གནས་ལ་རྣམ་པར་སྤྱོད་ཀྱང་ལྟ་བའི་རྣམ་པ་ལ་མི་གནས་པ་དང་། གང་དེ་དག་མཚན་མ་མེད་པའི་སྤྱོད་ཡུལ་དང་ལྡན་ཡང་མཚན་མ་ལ་སྤྱོད་པའི་སེམས་ཅན་རྣམ་པར་གདུལ་བ་ལ་བརྩོན་པ་དང་། གང་དེ་དག་སྨོན་ལམ་ཐམས་ཅད་དང་བྲལ་བ་ཡིན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྨོན་ལམ་གྱི་རྒྱུན་མི་འཆད་པ་དང་། གང་དེ་དག་ལས་དང་ཉོན་མོངས་པ་ཐམས་ཅད་ལ་དབང་བསྒྱུར་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ལས་དང་ཉོན་མོངས་པའི་རྗེས་སུ་འབྲང་བར་སྣང་བ་དང་། གང་དེ་དག་ཤི་འཕོ་དང་སྐྱེ་བ་ཡོངས་སུ་ཤེས་ཀྱང་ཚེའི་ཤི་འཕོ་དང་སྐྱེ་བ་ཡོངས་སུ་སྟོན་པ་དང་། གང་དེ་དག་འགྲོ་བ་ཐམས་ཅད་ལས་རྣམ་པར་ལོག་ཀྱང་སེམས་ཅན་གདུལ་བའི་དབང་གིས་འགྲོ་བ་ཐམས་ཅད་དུ་འདོང་བ་དང་། གང་དེ་དག་བྱམས་པ་ལ་རྣམ་པར་སྤྱོད་ཀྱང་གང་ལ་ཡང་ཆགས་པར་རྣམ་པར་སྤྱོད་པ་མེད་པ་དང་། གང་དེ་དག་སྙིང་རྗེ་ལ་རྣམ་པར་སྤྱོད་ཀྱང་གང་ལ་ཡང་ཆགས་པར་ལྟ་བས་རྣམ་པར་སྤྱོད་པ་མ་ཡིན་པ་དང་། གང་དེ་དག་དགའ་བ་ལ་རྣམ་པར་སྤྱོད་ཀྱང་སེམས་ཅན་སྡུག་བསྔལ་བ་ལ་རྣམ་པར་བལྟ་བས་རྟག་ཏུ་མི་དགའ་བ་དང་། གང་དེ་དག་བཏང་སྙོམས་ལ་རྣམ་པར་སྤྱོད་ཀྱང་གཞན་གྱི་དོན་ལ་རྟག་ཏུ་འབད་པ་དང་། གང་དེ་དག་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རྣམ་པར་སྤྱོད་ཀྱང་འདོད་པའི་ཁམས་སུ་སྐྱེ་བ་ལ་མི་སྨོད་པ་དང་། གང་དེ་དག་སྐྱེ་བ་ཐམས་ཅད་ལ་མི་གནས་པར་རྣམ་པར་སྤྱོད་ཀྱང་ཡང་དག་པའི་མཐའ་མངོན་དུ་བྱ་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་རྣམ་པར་ཐར་པ་གསུམ་ལ་རྣམ་པར་སྤྱོད་ཀྱང་ཉན་ཐོས་ཀྱི་རྣམ་པར་ཐར་པ་ཐོབ་པར་བྱ་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་འཕགས་པའི་བདེན་པ་བཞི་རྣམ་པར་ལྟ་བ་ལ་རྣམ་པར་སྤྱོད་ཀྱང་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རྣམ་པར་མི་སྤྱོད་པ་དང་། གང་དེ་
དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་བརྟགས་པ་ལ་རྣམ་པར་སྤྱོད་ཀྱང་ཤིན་ཏུ་འགོག་པར་ལྟུང་བར་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམ་པ་ལ་རྣམ་པར་སྤྱོད་ཀྱང་ཤིན་ཏུ་འབྱུང་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པར་རྣམ་པར་སྤྱོད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡོངས་སུ་ཤེས་པ་ལ་རྣམ་པར་སྤྱོད་ཀྱང་ཕུང་པོ་ཤིན་ཏུ་འགོག་པར་ལྟུང་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་བདུད་ཀྱི་ལས་བཞི་ལས་ཤིན་ཏུ་འདས་པར་རྣམ་པར་སྤྱོད་ཀྱང་བདུད་དུ་རྟོག་པ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་སྐྱེ་མཆེད་དྲུག་ལས་ཤིན་ཏུ་འདས་པར་རྣམ་པར་སྤྱོད་ཀྱང་ཤིན་ཏུ་མངོན་པར་འགྲུབ་པ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་དེ་བཞིན་ཉིད་ལ་རྣམ་པར་སྤྱོད་ཀྱང་ཡང་དག་པའི་མཐར་ལྟུང་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་ཐེག་པ་ཐམས་ཅད་ཀྱིས་འབྱུང་བ་ཡོངས་སུ་སྟོན་པ་ལ་རྣམ་པར་སྤྱོད་ཀྱང་ཐེག་པ་ཆེན་པོ་ལས་ཉམས་པ་ལ་རྣམ་པར་མི་སྤྱོད་པ་དེ་དག་དེ་ལྟ་བུར་ཡོན་ཏན་གྱི་གནས་ཐམས་ཅད་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདི་ལ་ཐུགས་རྗེ་ཆེན་པོ་བརྙེས་པས་རྣམ་དག་པ། །བྱམས་པ་བཤེས་གཉེན་དཔལ་ཆེན་འཇིག་རྟེན་ཕན་བརྩོན་པ། །དབང་བསྐུར་ས་གནས་རྒྱལ་བའི་སྲས་ཀྱི་ཐུ་བོ་སྟེ། །སངས་རྒྱས་ཡུལ་ལ་རྗེས་སུ་ དགོངས་ཤིང་རྣམ་པར་སྤྱོད། །རྒྱལ་བའི་སྲས་པོ་གྲགས་པ ་ཆེན་པོ་མངའ་བ་རྣམས། །ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་རྣམ་ཐར་བཞུགས་པ་དག །གང་རྣམས་ཆོས་དབྱིངས་ཀུན་ཏུ་ཐོགས་མེད་རྣམ་རྒྱུ་བ། །དཔེ་ཟླ་མེད་པ་དེ་དག་གནས་ནི་འདི་འདྲ་ཡིན། །དུས་སྦྱིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྟོབས་ཀྱིས་འཕགས། །བསམ་གཏན་མངོན་ཤེས་སྟོབས་ཀྱི་མཐར་ཕྱིན་ཤེས་རྟོགས་པས། །ཤེས་རབ་ཐབས་དང་སྨོན་ལམ་སྟོབས་ལ་གནས་པ་རྣམས། །
ཐེག་ཆེན་ཕ་རོལ་ཕྱིན་པ་རྣམས་ཀྱི་གནས་འདི་ཡིན། །འདི་ནི་ཆགས་མེད་བློ་གྲོས་བསམ་པ་རྒྱ་ཆེན་ཏེ། །ནམ་མཁའི་སྤྱོད་ཡུལ་ལྡན་པ་མི་གནས་མི་རྟེན་པ། །དུས་གསུམ་ཐམས་ཅད་རྒྱས་འགེངས་བསྒྲིབས་པ་མེད་པའི་རྣམས། །སྲིད་ཀུན་དངོས་པོ་རྣམ་པར་བསྒོམས་པ་རྣམས་ཀྱི་གནས། །གང་རྣམས་ཆོས་ཀུན་མི་སྐྱེའི་ཚུལ་ལ་ཞུགས་པ་རྣམས། །ཆོས་ཀྱི་རང་བཞིན་ནམ་མཁའི་དངོས་ཉིད་རྟོགས་མཛད་ལ། །ཅི་ལའང་གནས་པ་མི་མཛད་ནམ་མཁའི་བྱ་བཞིན་ཏེ། །མཁྱེན་པས་བསྙེངས་པ་མི་མངའ་དེ་དག་གནས་འདི་ཡིན། །གང་རྣམས་འདོད་ཆགས་ཞེ་སྡང་གཏི་མུག་རང་བཞིན་དངོས། །རྟོག་པའི་རྒྱུས་བསྐྱེད་ཕྱིན་ཅི་ལོག་ལས་བྱུང་མཁྱེན་ནས། །འདོད་ཆགས་བྲལ་བའང་རྣམ་པར་རྟོག་པ་མི་མཛད་པ། །ཞི་དང་ཉེ་བར་ཞི་ལྡན་དེ་དག་གནས་འདི་ཡིན། །གང་རྣམས་རྣམ་པར་ཐར་དང་བདེན་ཚུལ་འཕགས་ལམ་དང་། །ཕུང་པོ་དེ་བཞིན་ཁམས་དང་སྐྱེ་མཆེད་རྟེན་པའི་དངོས། །ཡོངས་སུ་རྟོགས་མཛད་མཁས་པ་ཞི་བར་མི་ལྟུང་བ། །ཤེས་རབ་ཐབས་ལ་མཁས་པ་དེ་དག་གནས་འདི་ཡིན། །གང་རྣམས་སྒྲིབ་པ་མེད་པའི་ཡེ་ཤེས་ཕྱོགས་ཞུགས་ཤིང་། །རྒྱལ་བའི་ཞིང་ལ་ཡོངས་རྟོག་རྣམ་རྟོག་ཀུན་ཞི་ལ། །ཆོས་རྣམས་དངོས་པོའི་རང་བཞིན་མེད་པར་རྟོགས་མཛད་པ། །ཞི་བར་གཞོལ་བ་དེ་དག་གནས་ནི་འདི་འདྲ་འོ། །གང་རྣམས་ཆགས་མེད་སྤྱོད་པས་ཆོས་དབྱིངས་འདི་དག་ཏུ། །དངོས་དང་བྲལ་བར་རྣམ་སྤྱོད་མཁའ་ཡི་རླུང་འདྲ་བ། །དངོས་པོ་ཀུན་དང་བྲལ་ཞིང་དངོས་མེད་རྣམ་སྤྱོད་པ། །མི་གནས་བློ་མངའ་དེ་དག་གནས་ནི་འདི་ཡང་འདྲ། །གང་རྣམས་ངན་སོང་རྒྱུད་དུ་འགྲོ་བ་སོང་གྱུར་ཏེ། །སྡུག་བསྔལ་ནད་པ་མི་བདེ་ཉམས་སུ་མྱོང་གཟིགས་ཤིང་། །བྱམས་པའི་འོད་ཀྱིས་ངན་སོང་ཐམས་ཅད་ཞི་མཛད་པ། །བྱམས་དང་ཐུགས་རྗེའི་ཐུགས་མངའ་དེ་དག་གནས་འདི་ཡིན། །ཉམ་ངའི་འཁོར་ན་གནས་ཤིང་འཕགས་ལམ་གོལ་གྱུར་ཏེ། །འདྲོན་པ་དམུས་ལོང་དམྱིགས་དང་བྲལ་བར་འགྱུར་འདྲ་བའི། །འཇིག་རྟེན་
གཟིགས་ཤིང་ཐར་ལམ་རབ་ལ་འགོད་མཛད་པ། །འདྲོན་པོའི་བསེལ་རབ་འདྲ་བ་དེ་དག་གནས་འདི་ཡིན། །གང་རྣམས་སྐྱེ་དང་མྱ་ངན་རྒ་ཤི་དབང་གྱུར་པའི། །འགྲོ་བ་བདུད་ཀྱི་ཞགས་པས་ཡོངས་སུ་བཅིངས་གཟིགས་ཤིང་། །རྣམ་པར་བཀྲོལ་ནས་མི་འཇིགས་ཕྱོགས་བདེར་འདོན་མཛད་པ། །དཔའ་བོ་དེ་དག་ཐུབ་པར་དཀའ་བའི་གནས་འདི་ཡིན། །ཉོན་མོངས་ནད་པའི་འགྲོ་མང་གང་གིས་གཟིགས་གྱུར་ཅིང་། །ཡེ་ཤེས་བདུད་རྩི་སྨན་ཆེན་ཡོངས་སུ་བསྡུ་མཛད་ནས། །ཐུགས་རྗེ་ཆེན་པོ་བསྐྱེད་ཅིང་ཡོངས་སུ་འགྲེལ་མཛད་པ། །སྨན་པའི་རྒྱལ་པོ་ཆེན་པོ་འདྲ་བའི་གནས་འདི་ཡིན། །གང་གིས་འགྲོ་མང་སྡུག་བསྔལ་མགོན་མེད་གྱུར་པ་རྣམས། །ཉོན་མོངས་གཏོས་སུ་ལྷུང་སྟེ་ཚམ་གྱི་མཚོར་ལྷུང་བ། །གཟིགས་ཤིང་དགེ་བའི་ཆོས་ཀྱི་གྲུ་ཆེན་ཡོངས་སྦྱར་སྟེ། །སྒྲོལ་མཛད་མཉན་པའི་བུ་འདྲ་དེ་དག་གནས་འདི་ཡིན། །གང་གིས་ཉོན་མོངས་རྒྱ་མཚོ་སྤྱོད་པའི་འགྲོ་གཟིགས་ཤིང་། །ཐམས་ཅད་མཁྱེན་ཐུགས་རིན་ཆེན་ དགོངས་དག་སེམས་ཅན་མཆོག །སྲིད་པའི་རྒྱ་མཚོར་གཤེགས་ཤིང་མངོན་པར་འདྲེན་མཛད་པ། །མཉན་པའི་བུ་ལྟར་སྤྱོད་པ ་དེ་དག་གནས་འདི་ཡིན། །སྨོན་ལམ་གནས་ན་བཞུགས་ཤིང་ཐུགས་རྗེ་བྱམས་སྤྱན་གྱིས། །གང་རྣམས་སེམས་ཅན་གནས་སུ་རྣམ་པར་གཟིགས་མཛད་ཅིང་། །སྲིད་པའི་རྒྱ་མཚོ་གནས་པའི་འགྲོ་མང་མངོན་འདོན་པ། །མཁའ་ལྡིང་གཞོན་འདྲ་དེ་དག་གནས་ནི་འདི་འདྲ་འོ། །གང་རྣམས་ཆོས་དབྱིངས་མཁའ་ལ་ཉི་ཟླ་འདྲ་ཚུལ་དུ། །སེམས་ཅན་གནས་སུ་འོད་ཀྱིས་ཁྱབ་པར་རྣམ་སྤྱོད་པ། །སྨོན་ལམ་དཀྱིལ་འཁོར་ཡེ་ཤེས་དྲི་མེད་བཟང་པོའི་འོད། །འཇིག་རྟེན་སྣང་བར་མཛད་པ་དེ་དག་གནས་འདི་ཡིན། །གང་རྣམས་སེམས་ཅན་གཅིག་ནི་ཡོངས་སུ་སྨིན་བྱའི་ཕྱིར། །ཕྱི་མཐའི་བསྐལ་པ་བྱེ་བ་ཟད་དུ་བརྟན་གནས་ལ། །སེམས་ཅན་གཅིག་ལ་ཇི་བཞིན་དེ་བཞིན་འགྲོ་བ་ཀུན། །འཇིག་རྟེན་མགོན་དུ་གྱུར་པ་དེ་དག་གནས་འདི་ཡིན། །གང་རྣམས་འབྱམ་ཀླས་ཞིང་གཅིག་ཕྱི་མཐའི་
བསྐལ་པར་ཡང་། །འགྲོ་དོན་བརྩོན་འགྲུས་སྐྱོ་མེད་སྤྱོད་པ་རྣམ་སྤྱོད་པ། །ཞིང་གཅིག་ཇི་བཞིན་དེ་བཞིན་ཕྱོགས་རྣམས་ཀུན་ཏུ་སྟེ། །བསམ་པ་རྡོ་རྗེ་བཞིན་བརྟན་དེ་དག་གནས་འདི་ཡིན། །གང་རྣམས་ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱི་ཆོས་སྤྲིན་ལ། །སྟན་གཅིག་གནས་བཞིན་རྨོངས་པ་མེད་པར་འཐུང་བྱེད་ཀྱང་། །ཕྱི་མཐའི་བསྐལ་པ་ཁྲག་ཁྲིག་འགྲངས་པར་མི་ངོམས་སེམས། །བློ་ཆེན་རྒྱ་མཚོ་ལྟ་བུའི་གནས་ནི་འདི་འདྲ་འོ། །གང་རྣམས་ཞིང་མང་རྒྱ་མཚོ་བརྗོད་དུ་མེད་འདོང་ཞིང་། །མགོན་པོའི་འཁོར་རྣམས་རྒྱ་མཚོར་ཡོངས་སུ་འཇུག་བྱེད་ལ། །རྒྱལ་བའི་མཆོད་པ་སྣ་ཚོགས་རྒྱ་མཚོ་རབ་བྱེད་པ། །ཆགས་མེད་སྤྱོད་ཡུལ་མངའ་བ་དེ་དག་གནས་འདི་ཡིན། །བརྟན་པ་གྲངས་རྣམས་སྨོན་ལམ་རྒྱ་མཚོར་འཇུག་བྱེད་ཅིང་། །སྤྱོད་པ་རྒྱ་མཚོར་མཐའ་དང་དབུས་མེད་ཞུགས་གྱུར་ཏེ། །འགྲོ་ལ་ཕན་ཕྱིར་བསྐལ་པ་རྒྱ་མཚོ་མང་སྤྱོད་པ། །ཡོན་ཏན་འབྱུང་གནས་དེ་དག་གནས་ནི་འདི་འདྲ་འོ། ། གང་རྣམས་སྐྲ་རྩེ་གཅིག་ཏུ་ཞིང་རྣམས་ཐམས་ཅད་དང་། །སངས་རྒྱས་ཐམས་ཅད་བསྐལ་པ་མཐའ་དང་དབུས་མེད་པ། །འཛུད་ཅིང་དེ་ཡི་ཚུལ་ལ་འཇུག་ཀྱང་རྨོངས་མྱེད་པ། །ཆགས་པ་མེད་པའི་མིག་ཅན་རྣམས་ཀྱི་གནས་འདི་ཡིན། །གང་རྣམས་སེམས་ཀྱི་སྐད་ཅིག་གཅིག་ལ་རྒྱ་མཚོ་ཡི། །བསྐལ་པ་འཛུད་བྱེད་ཞིང་དང་སངས་རྒྱས་འགྲོ་བ་རྣམས། །དེ་བཞིན་འཛུད་བྱེད་བསྒྲིབས་མེད་ཡེ་ཤེས་དྲན་གནས་པ། །ཡོན་ཏན་མཐར་ཕྱིན་དེ་དག་གནས་ནི་འདི་འདྲ་འོ། །གང་རྣམས་ཞིང་མང་ཐམས་ཅད་རྡུལ་དུ་བགྲང་བྱས་ཤིང་། །ཆུ་བོ་མ་ལུས་ཐམས་ཅད་ཐིགས་པས་ཚད་བཟུང་སྟེ། །དེ་སྙེད་གྲངས་སུ་སྨོན་ལམ་མངོན་པར་སྒྲུབ་བྱེད་པ། །ཆགས་མེད་བགྲང་བ་དེ་དག་གནས་ནི་འདི་འདྲ་འོ། །སྨོན་ལམ་གཟུངས་དང་ཏིང་འཛིན་སྒོ་ལ་འཇུག་བྱ་བ། །བསམ་གཏན་རྣམ་ཐར་སྨོན་ལམ་སྒོ་རྣམས་དེ་བཞིན་ཏེ། །བསྐལ་པ་མཐའ་ཡས་མངོན་པར་སྒྲུབ་ཅིང་རྣམ་
སྤྱོད་པ། །བདེ་གཤེགས་སྲས་པོ་ དགོངས་ལྡན་དེ་དག་འདིར་འདོང་ངོ་། །འདི་ན་གནས་པ ་རྒྱལ་སྲས་རྣམ་པ་སྣ་ཚོགས་ཏེ། །ཚིག་དང་དོན་ལྡན་གཙུག་ལག་མང་པོ་མངོན་པར་སྒྲུབ། །འགྲོ་ལ་བདེར་འགྱུར་བཟོ་ཡི་གནས་སུ་བྱ་བ་དག །རྗེས་སུ་སེམས་ཤིང་དམ་པའི་གནས་ན་རྣམ་པར་སྤྱོད། །འདི་ན་གནས་པ་མངོན་ཤེས་ཐབས་དང་ཡེ་ཤེས་ཀྱིས། །ཕྱོགས་བཅུའི་སེམས་ཅན་འགྲོ་རྒྱུད་སྣ་ཚོགས་ཇི་སྙེད་པ། །ཀུན་ཏུ་སྐྱེ་ཞིང་འཆི་བའི་ཁྱད་པར་རྣམ་པར་སྟོན། །རྣམ་ཐར་སྒྱུ་མའི་ཚུལ་གནས་ཆགས་མེད་སྤྱོད་དང་ལྡན། །འདི་ན་གནས་པ་ཐོག་མར་སེམས་བསྐྱེད་ཉེར་བཟུང་ཞིང་། །ཆོས་བཟང་མཐར་ཐུག་ཆོས་ཀྱི་སྤྱོད་པ་ཡོངས་སུ་སྟོན། །སྤྲུལ་པའི་སྤྲིན་གྱིས་ཆོས་དབྱིངས་ཡོངས་སུ་རྒྱས་བཀང་ཞིང་། །དེ་བཞིན་རྣམ་འཕྲུལ་བརྒྱ་མང་ཀུན་ཀྱང་ཉེ་བར་སྟོན། །གང་རྣམས་སེམས་ཀྱི་ཆ་གཅིག་བྱང་ཆུབ་རྣམ་སངས་རྒྱས། །ཡེ་ཤེས་བློ་གྲོས་མཐའ་དང་དབུས་མེད་ལས་འཇུག་པ། །ཐོས་ཏེ་རྣམ་པར་བསམས་ན་འཇིག་རྟེན་རྨོངས་སུ་རུང་། །ཐུབ་པར་དཀའ་བ་དེ་དག་གནས་ནི་འདི་འདྲའོ། །འདི་ནི་ཆགས་མེད་བློ་གྲོས་རྣམས། །ཆོས་དབྱིངས་བསྒྲིབས་པ་མེད་པའི་རྣམ་པར་སྤྱོད་བྱེད་པ། །དམྱིགས་པ་མེད་པའི་སྤྱོད་ཡུལ་ཅན། །དྲི་མེད་བསམ་པའི་བློ་གྲོས་གནས་ཡིན་ནོ། །གང་རྣམས་ཆགས་པ་མེད་སྤྱོད་ཅིང་། །ཞིང་རྣམས་ཀུན་ཏུ་གནས་པ་མེད་པར་རྣམ་སྤྱོད་པ། །མི་གཉིས་ཤེས་ལ་སྤྱོད་པ་ཡི། །མཉམ་པ་མེད་པ་དེ་དག་གནས་འདི་ཡིན། །གང་རྣམས་ནམ་མཁའི་རང་བཞིན་དང་། །མཉམ་པའི་ཆོས་རྣམས་གནས་མེད་ཞི་བ་རྟོགས་གྱུར་ཏེ། །གང་རྣམས་མཁའ་ཡུལ་རྣམ་སྤྱོད་པ། །རྡུལ་དང་བྲལ་བ་དེ་དག་གནས་འདི་ཡིན། །འདི་ན་སྙིང་རྗེའི་སེམས་ལྡན་པ། །གནས་ཤིང་འགྲོ་བ་སྡུག་བསྔལ་གཟིར་བ་མཐོང་གྱུར་ནས། །འཇིག་རྟེན་ཕན་པར་བསམ་བརྩོན་ཏེ། །སྙིང་རྗེ་ཆེན་པོ་བརྙེས་པ་རྣམ་པར་སྤྱོད། །འདི་ནས་མི་སྣང་མེད་གསལ་བར། །སེམས་ཅན་ཀུན་གྱི་གནས་སུ་ཐོགས་པ་མེད་པར་སྣང་། །ཉི་མ་ཟླ་བའི་དཀྱིལ་
འཁོར་བཞིན། །འཁོར་བའི་ཞགས་པ་ཀུན་ལས་རྣམ་པར་གྲོལ། །རྒྱལ་སྲས་དེ་དག་འདི་ན་གནས། །རྒྱལ་བ་རྣམས་ཀྱི་ཞབས་དྲུང་ཐམས་ཅད་ཀུན་ན་ཡང་། །ཞིང་རྣམས་ཀུན་ཏུ་རབ་ཏུ་སྣང་། །མཐའ་ཡས་བསྐལ་པ་རྣམས་ཀྱང་ཟད་པར་མཛད། །འདི་ནས་འགྲོ་བའི་ལུས་མཉམ་དང་། །རྒྱལ་སྲས་ཀུན་གྱི་ལུས་དང་གྲངས་མང་མཉམ་པ་ཡི། །སྤྲུལ་པའི་སྤྲིན་གྱིས་ཕྱོགས་ཀྱི་རྣམས། །མ་ལུས་ཐམས་ཅད་རྒྱས་པར་འགེངས་པ་མཛད། །འདི་ན་བཞུགས་པའི་དཔའ་བོ་རྣམས། །རྒྱལ་བའི་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་འཇལ་བྱེད་ཅིང་། །བསྐལ་པ་བྱེ་བར་རྣམ་སྤྱོད་ཀྱང་། །ཡོངས་སུ་ངོམས་པར་འགྱུར་བའི་དུས་མེད་དོ། །འདིར་ནི་ཏིང་འཛིན་བྱེ་བ་རྣམས། །བརྗོད་དུ་མེད་པ་སྐད་ཅིག་རེ་རེ་རྟོགས་བྱས་ཤིང་། །ཏིང་ངེ་འཛིན་གྱི་ཚུལ་བཞིན་དུ། །སངས་རྒྱས་ཡུལ་རྣམས་རྣམ་པར་སྟོན་པ་མཛད། །འདིར་ནི་སྐད་ཅིག་བརྗོད་མེད་པའི། །བསྐལ་པ་ཞིང་རྣམས་སངས་རྒྱས་མཚན་ལ་རབ་བཞུགས་ཏེ། །ཤིན་ཏུ་ཡངས་པའི་བློ་ལྡན་པ། །བསྐལ་པ་དཔག་ཏུ་མེད་པའི་མཐར་ཡང་འབྱིན། །འདི་ན་གནས་ཤིང་ཚད་མེད་པའི། །བསྐལ་པར་སེམས་རྒྱུད་གཅིག་གིས་རབ་ཏུ་འཇུག་པ་བྱེད། །ཡོངས་རྟོག་འདུ་ཤེས་མེད་བྲལ་ཡང་། །འགྲོ་བའི་འདུ་ཤེས་དབང་དུ་སྟོན་པ་བྱེད། །དེ་དག་ཏིང་འཛིན་འདི་གནས་སུ། །ཞུགས་ཀྱང་དུས་གསུམ་ཐམས་ཅད་གསལ་བར་མངོན་དུ་མཐོང་། །སྐད་ཅིག་ཡུད་ལ་གནས་བརྟེན་ཅིང་། །རྣམ་ཐར་གནས་ལ་རྣམ་པར་སྤྱོད་པ་མཛད། །དེ་དག་རྣམ་སྤྱོད་གནས་འདི་ན། །མ་གཡོས་ལུས་ཀྱི་སྐྱིལ་མོ་ཀྲུང་དུ་འཁོད་བཞིན་དུ། །ཞིང་རྣམས་ཐམས་ཅད་ཀུན་ཏུ་ཡང་། །ཐམས་ཅད་ཁྱབ་པར་ཅིག་ཅར་ཡོངས་སུ་སྣང་། །ཁྱུ་མཆོག་
དེ་དག་འདི་ན་གནས། །བདེ་གཤེགས་རྣམས་ལས་ཆོས་ཀྱི་རྒྱ་མཚོ་ཡང་དག་འཐུང་། །ཡེ་ཤེས་རྒྱ་མཚོར་རབ་ཏུ་ཞུགས། །མི་ཟད་ཡོན་ཏན་རྣམས་ཀྱི་ཕ་རོལ་ཕྱིན། །འདི་ན་ཞིང་རྣམས་ཀུན་གྲངས་དང་། །བསྐལ་པའི་གྲངས་དང་དེ་བཞིན་ཆོས་ཀྱི་གྲངས་རྣམས་དང་། །རྒྱལ་བ་ཀུན་གྱི་མཚན་གྱི་གྲངས། །སྒྲིབ་མེད་སེམས་དཔའ་རྣམ་པར་ དགོངས་པ ་མཛད། །རྒྱལ་སྲས་དེ་དག་འདི་ན་གནས། །དུས་གསུམ་ཞིང་མང་འགྲངས་པ་ཐམས་ཅད་མ་ལུས་པར། །དེ་དག་སྐད་ཅིག་གཅིག་གིས་ཀྱང་། །ཡོངས་སུ་འབྱུང་དང་འཇིག་པ་རྣམ་པར་འབྱེད། །རྒྱལ་སྲས་དེ་དག་འདི་ན་གནས། །རྒྱལ་བའི་སྤྱོད་པ་སྨོན་ལམ་འགྲོ་བའི་དབང་པོ་རྣམས། །གནས་ན་རྣམ་པར་སྤྱོད་བྱེད་ཀྱང་། །རྒྱལ་སྲས་བློ་ལ་ཐོགས་པ་མེད་པས་མཐོང་། །རྡུལ་ཕྲན་གཅིག་ལ་གང་ཡོད་པའི། །འཁོར་རྣམས་རྒྱ་མཚོ་ཞིང་མང་སེམས་ཅན་དེ་བཞིན་དུ། །བསྐལ་པ་རྡུལ་ཕྲན་ཀུན་མཉམ་པ། །སྒྲིབ་པ་མེད་པར་མཐོང་བ་རྣམས་ཀྱིས་མཐོང་། །རྡུལ་ཕྲན་ཀུན་རྩེར་དེ་བཞིན་དུ། །འཁོར་དང་ཞིང་དང་བསྐལ་པ་ཐམས་ཅད་མ་ལུས་པར། །ཀུན་ཀྱང་གཟུགས་བརྙན་ཐབས་ཚུལ་དུ། །ཤིན་ཏུ་རྣམ་ཕྱེ་ཡོངས་སུ་མཐོང་བ་ཡིན། །འདི་ནས་དེ་དག་ཆོས་རྣམས་ཀྱི། །རང་བཞིན་ཞིང་རྣམས་ཀུན་དང་དུས་དང་བསྐལ་པ་དང་། །ཡང་དག་སངས་རྒྱས་དེ་བཞིན་ཏེ། །རང་བཞིན་དངོས་བྲལ་འབྱུང་བའི་ཚུལ་གྱིས་མཁྱེན། །འདི་གནས་སེམས་ཅན་མཉམ་ཉིད་དང་། །ཆོས་རྣམས་མཉམ་པ་ཉིད་དང་སངས་རྒྱས་མཉམ་ཉིད་དང་། །ཞིང་དང་སྨོན་ལམ་མཉམ་པ་ཉིད། །དུས་གསུམ་མཉམ་པ་ཉིད་ལའང་དེ་བཞིན་འཇུག །སེམས་ཅན་ཁྲག་ཁྲིག་རྣམ་པར་འདུལ། །སངས་རྒྱས་ཁྲག་ཁྲིག་རྣམས་ཀྱང་དེ་བཞིན་གཞན་མཆོད་བྱེད། །གཞན་རྣམས་ཆོས་ལ་རྣམ་པར་རྟོག །འོན་ཀྱང་བརྟན་པ་གནས་མཆོག་འདི་ན་འཁོད། །བསྐལ་པ་ཁྲག་ཁྲིག་མང་པོས་ཀྱང་། །དེ་དག་སྨོན་ལམ་ཡེ་ཤེས་ཡུལ་བློའི་རྣམ་པ་དག །བདག་གིས་བརྗོད་པར་མི་ནུས་ཏེ། །མཐའ་ཡས་བློ་མངའ་རྣམས་ཀྱི་ཤིན་ཏུ་
ཡངས། །དེ་དག་སྨད་པ་མི་མངའ་བ། །བསྒྲིབས་མེད་སྤྱོད་ཡུལ་རབ་ལ་ཤིན་ཏུ་དགྱེས་པ་ཡི། །ཕོ་བྲང་འདི་ལ་ཐལ་སྦྱར་ཏེ། །བདག་ཀྱང་ལུས་བཏུད་གུས་པར་ཕྱག་འཚལ་ལོ། །རྒྱལ་བའི་སྲས་ཀྱི་ཐུ་བོ་སྟེ། །བསྒྲིབས་མེད་སྤྱོད་པ་མངའ་བ་འཕགས་པ་བྱམས་པ་དེ། །རྣམ་དག་བློ་མངའ་དཔེ་མེད་ལ། །དེ་ཡི་རྗེས་སུ་བསམས་ཏེ་ཕྱག་འཚལ་ལོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་ཀྱིས་བརྒྱན་པའི་སྙིང་པོ་ན་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། དེ་དག་དང་བྱང་ཆུབ་སེམས་དཔའི་བསྟོད་པ་གཞན་ཚད་མེད་པ་དག་གིས་ཀྱང་། མངོན་པར་བསྟོད་དེ་ཤིན་ཏུ་བཏུད་ནས་ཕྱག་འཚལ་ཏེ། རབ་ཏུ་གུས་པར་བལྟས་ནས་རིམ་གྲོར་བྱས་ཏེ། མངོན་དུ་བྱས་ནས་མཆོད་དེ་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བལྟ་བར་ནི་མོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ཕྲད་པར་ནི་དགའ་ཞིང་སྡོད་སྡོད་པ་ལས་དེས་བྱང་ཆུབ་སེམས་དཔའ་བྱམས་པ་ཁང་པ་བརྩེགས་པ། དེའི་ཕྱི་རོལ་གྱི་ཕྱོགས་གཞན་ཞིག་ནས་སྲོག་ཆགས་བརྒྱ་སྟོང་དུ་མའི་འཁོར་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དུ་མས་མདུན་དུ་བྱས་ཏེ། གཡས་གཡོན་ནས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས་ཕྱག་བྱ་ཞིང་ཡུལ་དེ་ན་གནས་པ་གཉེན་བཤེས་སུ་འོང་བའི་བྲམ་ཟེ་བརྒྱ་སྟོང་མང་པོས་བསྐོར་ཅིང་མདུན་དུ་བྱས་ཏེ། ཁང་པ་བརྩེགས་པ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་ལོགས་སུ་འོང་བ་མཐོང་ནས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། བྱང་ཆུབ་སེམས་དཔའ་བྱམས་པ་གང་ན་བ་དེར་ལོགས་སུ་མངོན་དུ་བལྟས་ཏེ། ཐག་རིང་པོ་ནས་བྱང་ཆུབ་སེམས་
དཔའ་བྱམས་པ་ལ་ལུས་ཐམས་ཅད་ཀྱིས་ཕབ་སྟེ་ཕྱག་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་བལྟས་ཏེ། འཁོར་ཀུན་ལ་ལག་པ་གཡས་པས་བསྟན་ནས་ཡང་དག་པའི་ཡོན་ཏན་གྱིས་བསྔགས་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟངས་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་ཚོལ་ཞིང་། །མཁས་པ་ངའི་དྲུང་དུ་ཉེ་བར་འོངས། །ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པ་ལེགས་འོངས་སམ། །ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ། །སྤྱད་པ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། །རྣམ་དག་བསམ་ལྡན་ཚུར་ཤོག་འོངས་པ་ལེགས། །སྐྱོ་མེད་ཡིད་ལྡན་ཚུར་ཤོག་འོངས་པ་ལེགས། །དབང་པོ་མ་ཞུམ་ཚུར་ཤོག་འོངས་པ་ལེགས། །མཁས་པ་སྤྱོད་ཚེ་དུབ་པ་མེད་གྲང་ངོ་། །ཆོས་རྣམས་ཐམས་ཅད་རྣམ་ཕྱེའི་དོན་བྱུང་བ། །འགྲོ་བ་ཐམས་ཅད་རྣམ་གདུལ་རབ་བརྩོན་པ། །བཤེས་གཉེན་ཐམས་ཅད་བསྙེན་བཀུར་རབ་ཞུགས་པ། །བརྟུལ་ཞུགས་མི་གཡོ་བརྟན་པ་ཁྱོད་འོངས་ལེགས། །དགེ་བའི་ལམ་གྱིས་འོངས་པ་བདེར་འོངས་སམ། །ཡོན་ཏན་ལམ་ལ་གནས་པ་བདེར་འོངས་སམ། །རྒྱལ་བའི་ལམ་ལ་ཞུགས་པ་བདེར་འོངས་སམ། །ལམ་རྣམས་གང་དུའང་ངལ་བར་མ་གྱུར་ཏམ། །ཡོན་ཏན་རང་བཞིན་ཚུར་ཤོག་བདེར་འོངས་སམ། །དགེ་བས་མངོན་བརླན་ཚུར་ཤོག་བདེར་འོངས་སམ། །མཐའ་ཡས་སྤྱོད་ཡུལ་ལེགས་པར་བདེར་འོངས་སམ། །འགྲོ་བ་ཀུན་ན་ཁྱོད་མཐོང་ཤིན་ཏུ་དཀོན། །ཐོབ་དང་མ་ཐོབ་མཉམ་པའི་ཡིད་ལྡན་པ། །སྨད་དང་སྡུག་བསྔལ་མ་གྲགས་རྣམ་པར་སྤངས། །འཇིག་རྟེན་ཆོས་ལ་ཨུཏ་པལ་པད་མོ་བཞིན། །ཡིད་ལ་འཁྲུལ་མེད་ལེགས་པར་བདེར་འོངས་སམ། །གཡོ་དང་སྒྱུ་བྲལ་བསམ་པ་དགེ་ལྡན་པ། །ང་རྒྱལ་དྲེགས་མེད་སྣོད་ཀྱི་དམ་པ་པོ། །ཁྲོ་དང་འཚིག་མེད་ཁེངས་ཤིང་འགྱིང་བ་མེད། །
བལྟ་ན་སྡུག་པ་ཁྱོད་མཐོང་ལེགས་པ་ཡིན། །ཚུར་ཤོག་ཕྱོགས་ཀུན་སྤྱོད་ཡུལ་མངོན་གྱུར་པ། །ཚུར་ཤོག་རྒྱལ་བའི་མཛོད་རྣམས་སྒྲུབ་བྱེད་པ། །ཚུར་ཤོག་རྒྱལ་བའི་མཛོད་རྣམས་འཕེལ་བྱེད་པ། །ཡིད་ལ་དུབ་མེད་ལེགས་པར་ཁྱོད་འོངས་སམ། །ཚུར་ཤོག་དུས་གསུམ་ཡུལ་ལྡན་འོངས་པ་ལེགས། །ཆོས་ཀྱི་དབྱིངས་ལ་མོས་པའི་དཀྱིལ་འཁོར་ལྡན། །སངས་རྒྱས་ཀུན་གྱི་ཡོན་ཏན་སྙིང་པོར་བྱུང་། །མཁས་པ་ལེགས་པར་འོངས་སམ་མི་ངལ་ལམ། །ཚུར་ཤོག་འཇམ་དཔལ་ཡེ་ཤེས་པད་མོའི་མཆོག །ཚུར་ཤོག་སྤྲིན་དཔལ་ཆར་པས་རྣམ་སྤེལ་བ། །རྒྱལ་བ་ཀུན་གྱི་སྲས་ཀྱིས་བཏང་བ་ཚུར། །ཁྱོད་ལ་བསྒྲིབས་པ་མེད་པའི་ཕྱོགས་ཀྱང་བསྟན། །ལྟོས་ཤིག་སྨོན་ལམ་དྲ་བ་ཅི་འདྲ་བ། །ཆོས་དབྱིངས་རྒྱས་འགེངས་བསམ་གྱིས་མི་ཁྱབ་སྟེ། །བྱང་ཆུབ་སེམས་དཔའི་སྤྱོད་ལ་ལམ་བསྒྲུབས་པ། །རྒྱ་ཆེ་ཡངས་བྱེད་ནོར་བཟངས་འདིར་འོངས་སོ། །བདེ་བར་གཤེགས་པའི་སྤྱོད་ཡུལ་ཚོལ་བྱེད་ཅིང་། །རྡུལ་དང་བྲལ་བའི་སྤྱོད་པ་འགྲོ་བའི་ཕྱིར། །སྨོན་ལམ་རླབས་ཆེན་ཡོངས་སུ་འདྲི་བྱེད་ཅིང་། །སྐྱོ་བའི་ཡིད་མེད་འདི་ནི་འདིར་འོངས་སོ། །འདས་པའི་མགོན་པོས་གང་ལ་བསླབས་མཛད་དེ། །དེ་བཞིན་མ་བྱོན་རྣམས་ཀྱང་སློབ་འགྱུར་ལ། །བདེ་གཤེགས་བཞུགས་པའི་སྤྱོད་པར་བྱ་བ་རྣམས། །ཡོངས་སུ་དྲིས་ཕྱིར་འདི་ནི་འདིར་འོངས་སོ། །འདི་ནི་བདག་གིས་དགེ་བཤེས་ཆོས་སྨྲ་བ། ། ཆོས་ཀུན་ནན་ཏན་ཡོངས་སུ་སྟོན་བྱེད་པ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམ་ནས་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གིས་བློ་བསྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་བསྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འདི་དག་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྐྱོང་བ་ཡིན། །དགེ་
བཤེས་འདི་དག་གནོད་པ་རྣམ་པར་ཟློག །རྒ་ཤི་མཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་བརྒྱ་བྱིན་ལྷ་དབང་འདྲ། །ཟླ་བ་ལྟ་བུ་དཀར་པོའི་ཕྱོགས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་འགྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུག་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟངས་འདིར་འོངས་སོ། །འཇིགས་མེད་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབས་དམྱིགས་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཆོས་ཀྱི་ཕྱོགས་རྣམས་རྟག་ཏུ་སྟོན་པ་སྟེ། །སངས་རྒྱས་ཡོན་ཏན་ཡེ་ཤེས་སྟོན་པ་ཡིན། །ངན་སོང་ངན་འགྲོ་ཐམས་ཅད་སྦྱོང་བར་བྱེད། །དགེ་བཤེས་འདི་དག་བདག་ལ་དགེ་བ་སྟོན། །འདི་དག་རྒྱལ་བའི་མཛོད་ཀུན་སྟོབས་པ་ཡིན། །འདི་དག་རྒྱལ་བ་ཀུན་གྱི་མཛོད་སྲུང་སྟེ། །འདི་དག་རྒྱལ་བ་ཀུན་གྱི་གསང་འཛིན་ཅེས། །དེ་ལྟར་མཁས་པ་འདི་ནི་དགེ་བཤེས་བསྙེན། །ཡེ་ཤེས་ཕུན་ལྡན་འདི་ལས་རྣམ་པར་དག །གཟུགས་དང་ལོངས་སྤྱོད་ཆོ་རིགས་ཕུན་སུམ་ཚོགས། ། འདི་ལས་ཕུན་སུམ་ཚོགས་ཀུན་དཀོན་པ་མིན། །བསམ་པ་དེ་འདྲས་འདི་ནི་འདིར་འོངས་སོ། །བསམ་པ་རླབས་ཆེན་འདི་ལ་ཀུན་ཀྱང་ལྟོས། །མཁས་པའི་དགེ་བཤེས་རྣམས་ལ་འདི་སྟེན་ཅིང་། །མཁས་པ་འདི་བློ་ཅི་འདྲ་སྐྱེད་པ་ལྟོས། །ཁྱོད་ཀྱིས་རྟག་ཏུ་དེ་ལྟར་བསླབ་པར་བྱ། །འདི་ནི་སྔོན་གྱི་བསོད་ནམས་དགེ་བའི་རྒྱུས། །བྱང་ཆུབ་ཞུགས་ཏེ་འཇམ་དཔལ་མཐོང་གྱུར་ནས། །དེ་ཡི་གདམས་ངག་རྗེས་སུ་མཐུན་སྤྱོད་ཅིང་། །སྐྱོ་བ་མེད་པར་རྒྱུ་བ་འདི་ལ་ལྟོས། །འདི་ནི་དགའ་བདེ་ཐམས་ཅད་ཀུན་སྤངས་ཏེ། །ལྷ་རྫས་ལྟ་བུའི་ཁྱིམ་ཡང་ཡོངས་སུ་སྤངས། །ཕ་མ་མ་མ་སྐྱིད་པ་རྒྱ་ཆེན་ཀུན། །ཡོངས་སུ་སྤངས་ཤིང་བྲན་ལྟར་བཤེས་གཉེན་སྟེན། །མཁས་པ་འདིས་ནི་བསམ་པ་རྣམ་སྦྱངས་ཏེ། །བདག་གིས་མ་ལུས་ཡོངས་སུ་
སྤངས་བྱས་ནས། །སངས་རྒྱས་ཀུན་གྱི་ཕོ་བྲང་འགྲོ་བར་འགྱུར། །དེ་ཕྱིར་འབྲས་བུ་དེ་འདྲའང་ཐོབ་པར་གྱུར། །འདིས་ནི་རྒ་དང་ནད་ཀྱིས་མནར་བ་ཡི། །སྲོག་ཆགས་སྡུག་བསྔལ་བརྒྱ་ཡིས་གཙེས་པ་རྣམས། །སྐྱེ་ཤི་མྱ་ངན་འཇིགས་པས་གདུང་མཐོང་ནས། །དེ་དག་དོན་དུ་སྙིང་རྗེའི་སེམས་ཀྱིས་སྤྱོད། །འགྲོ་རྒྱུད་ལྔ་ཡི་འཁོར་ལོའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་བཙིར་བའི་འགྲོ་མཐོང་ནས། །སྡུག་བསྔལ་འཁྲུལ་འཁོར་འཁོར་ལོ་འཇོམས་པ་ཡི། །ཡེ་ཤེས་རྡོ་རྗེ་སྲ་བ་འདི་ཚོལ་ལོ། །འདོད་ཆགས་ཞེ་སྡང་རྩྭ་སྡོང་ཚེར་མ་ཅན། །ལྟ་ཆགས་རྩ་མང་ཡོངས་སུ་འཛིངས་པ་ཡི། །སེམས་ཅན་ཞིང་ནི་ཡོངས་སུ་སྦྱང་བའི་ཕྱིར། །ཤེས་རབ་གཞོལ་བརྟན་བཟང་པོ་འདི་ཚོལ་ལོ། །གཏི་མུག་མ་རིག་ཐིབས་པོའི་བསམ་པ་ཅན། །འགྲོ་བ་ཤེས་རབ་མིག་སྟོར་དམྱིགས་མེད་པ། །དེ་ལ་ཕྱོགས་བདེ་སྟོན་པའི་མཐུ་ཡོད་པའི། །འགྲོ་བའི་དེད་དཔོན་བཟང་པོར་འདི་འགྱུར་རོ། །བཟོད་པའི་གོ་བགོས་རྣམ་ཐར་བཞོན་པ་ཞོན། །ཡེ་ཤེས་རལ་གྲིས་མྱ་ངན་དགྲ་འཇོམས་པས། །མི་འཇིགས་སྟོབས་པའི་དཔའ་བོར་གྱུར་པ་འདི། །འགྲོ་བ་རྣམས་ཀྱི་ལམ་སྟོན་འགྱུར་བ་ཡིན། །འདི་ནི་ཆོས་ཀྱི་གྲུ་རབ་སྦྱོར་བ་སྟེ། །ཡེ་ཤེས་རྒྱ་མཚོའི་ལམ་ལ་བསླབས་པའོ། །ཞི་བ་རིན་ཆེན་མཆོག་གིས་གླིང་སྐྱེལ་བ། །འདི་ནི་ཁམས་གསུམ་མཚོ་ཡི་སྐྱེ་བ་འཛིན། །ཡེ་ཤེས་འོད་ཟེར་སྨོན་ལམ་དཀྱིལ་འཁོར་ཅན། །སེམས་ཅན་ཀུན་གྱི་གནས་སུ་སྣང་བྱེད་པའི། །ཆོས་དབྱིངས་མཁའ་ལ་འོད་ཆེན་རབ་ལྡན་པར། །འདི་ནི་སངས་རྒྱས་ཉི་མར་འཆར་བར་འགྱུར། །བྱམས་པའི་དགའ་ལྡན་ཏིང་འཛིན་དང་བསིལ་བའི། །སེམས་ཅན་ཀུན་ལ་སྙོམས་སེམས་འོད་བཟང་ལ། །དཀར་པོའི་ཆོས་ཀྱིས་དཀྱིལ་འཁོར་ཡོངས་རྒྱས་པའི། །སངས་རྒྱས་ཟླ་བ་འདི་ནི་འཆར་བར་འགྱུར། །བསམ་པའི་གཞི་རྟེན་བརྟན་ལ་རབ་གནས་པ། །བྱང་ཆུབ་སྤྱོད་པས་རིམ་གྱིས་འཕགས་པ་སྟེ། །ཆོས་ཀུན་རིན་ཆེན་འབྱུང་གནས་ལྡན་པ་ཡི། །ཡེ་ཤེས་
རྒྱ་མཚོའི་མཆོག་ཏུ་འདི་འགྱུར་རོ། །བྱང་ཆུབ་སེམས་ཀྱི་ཀླུ་ཡི་དབང་གིས་ཕྱུང་། །ཆོས་ཀྱི་དབྱིངས་ཀྱི་མཁའ་ལ་མངོན་པར་འཕགས། །དཀར་པོའི་འབྲས་བུའི་ལོ་ཏོག་འཕེལ་བྱེད་པའི། །འདི་ནི་འགྲོ་བར་ཆོས་སྤྲིན་ཆར་འབེབས་འགྱུར། །དག་པའི་སྙིང་པོའི་དྲི་གསུམ་མུན་སེལ་བ། །བྱམས་པའི་སྣུམ་ཡོད་དྲན་པའི་སྣོད་བརྟན་ལ། །དྲི་མེད་བྱང་ཆུབ་སེམས་མེ་འོད་བཟང་པོའི། །ཆོས་ཀྱི་མར་མེ་འདི་ནི་འབར་བྱེད་འགྱུར། །བྱང་ཆུབ་སེམས་ནི་མར་མེར་སྙིང་རྗེ་སྐོ། །བྱམས་པ་རྡོལ་པ་མི་གཡོ་བསམ་པ་འཁྲེགས། །བྱང་ཆུབ་ཡན་ལག་མཐར་གྱིས་བྱུང་བ་ཡི། །སངས་རྒྱས་སྲས་སུ་འདི་ནི་ཡང་དག་སྐྱེ། །བསོད་ནམས་སྙིང་པོ་མངོན་པར་འཕེལ་བར་བྱེད། །ཡེ་ཤེས་སྙིང་པོ་ཡོངས་སུ་སྤྱོད་པར་འགྱུར། །འདི་ནི་ཤེས་པའི་སྙིང་པོ་འཆར་བར་བྱེད། །སྨོན་ལམ་ཅི་བཞིན་སྙིང་པོ་ཡང་དག་བྱུང་། །སྙིང་རྗེ་བྱམས་པས་སྤྲུལ་པ་འདི་འདྲ་བ། །སེམས་ཅན་དགྲོལ་བློ་ཕན་པའི་བསམ་ལྡན་པ། །རྣམ་དག་ཡིད་ཅན་འདི་ནི་ཅི་འདྲ་བ། །དེ་འདྲའི་འགྲོ་བ་ལྷ་དང་མིར་བཅས་དཀོན། །འདི་འདྲའི་བསམ་པ་རབ་ཏུ་རྩ་བརྟན་ལ། །འདི་འདྲའི་སྦྱོར་བ་བརྟན་པས་རྣམ་འཕེལ་ཅིང་། །སྲིད་གསུམ་ཡོག་པར་བྱེད་པ་འདི་འདྲ་བའི། །ཡེ་ཤེས་ཤིང་ཆེན་འབྲས་བུ་འབྱུང་བ་དཀོན། །འདི་ནི་ཡོན་ཏན་ཀུན་སྒྲུབ་དོན་དུ་གཉེར། །ཆོས་རྣམས་ཐམས་ཅད་ཡོངས་སུ་དྲི་བར་མོས། །ཐེ་ཙོམ་ཐམས་ཅད་རྣམ་པར་གསལ་དོན་དུ། །ལེ་ལོ་མེད་པར་བཤེས་གཉེན་ཐམས་ཅད་སྟེན། །འདི་ནི་བདུད་ཀྱི་དཀྲུགས་མ་ཉོན་མོངས་འཇོམས། །འདི་ནི་ལྟ་བའི་དྲི་མ་སྲེད་པ་སེལ། །འདི་ནི་འགྲོ་བ་ཐམས་ཅད་དགྲོལ་ལ་བརྩོན། །མཁས་པ་འདི་ནི་རྟག་ཏུ་ཁྱད་པར་ཚོལ། །ཡོན་ཏན་ལམ་ལ་མ་ནོར་འདི་གནས་པས། །འདི་ནི་ངན་སོང་ཐམས་ཅད་སྦྱོང་བར་འགྱུར། །མཐོ་རིས་ལམ་ཡང་ཉེ་བར་སྟོན་པར་འགྱུར། །ཐར་པའི་ལམ་དུ་འགྲོ་བ་འཛུད་པར་འགྱུར། །འདི་ནི་འགྲོ་རྒྱུད་ཀུན་གྱི་སྡུག་བསྔལ་སེལ། །འདི་ནི་འགྲོ་རྒྱུད་ཀུན་གྱི་བདེ་བ་
སྟོབས། །འདི་ནི་སྲིད་པ་ཀུན་གྱི་ཞགས་པ་འཐུབ། །སྲིད་པའི་འགྲོ་རྒྱུད་ཐམས་ཅད་སེལ་བར་འགྱུར། །ལྟ་བ་དོགས་པ་རྣམ་པར་འབྱེད་པར་འགྱུར། །སྲིད་པའི་འཁྲི་ཤིང་དྲ་བ་གཅོད་པར་འགྱུར། །ཆགས་པའི་འདོད་ཆགས་ཉེ་བར་སྦྱོང་བར་འགྱུར། །སྲིད་གསུམ་ལམ་ཡང་ཡོངས་སུ་སྟོན་པར་འགྱུར། །འདི་ནི་འཇིག་རྟེན་མགོན་དང་སྐྱབས་ཡིན་ཏེ། །འདི་ནི་འགྲོ་བ་ཀུན་ལ་འོད་བྱེད་པའོ། །རྣམ་པ་ཀུན་ཏུ་སྲིད་པ་སེལ་ལ་མཁས། །ས་གསུམ་ཀུན་གྱི་འདྲེན་པར་འདི་འགྱུར་རོ། །ཉོན་མོངས་གཉིད་ལོག་འགྲོ་བ་སད་པར་བྱེད། །འདོད་པའི་འདམ་ལས་མཁས་པ་འདི་སྒྲོལ་ཏེ། །འདུ་ཤེས་ཆགས་ལས་ཡོངས་སུ་འདི་ཡང་འགྲེལ། །བཅིངས་པ་ཀུན་ལས་ཐར་པར་བྱེད་པར་འགྱུར། །ཆོས་དབྱིངས་གཞི་ཡི་བྱེ་བྲག་སྣང་བར་བྱེད། །འཇིག་རྟེན་ཁམས་ཀྱི་བྱེ་བྲག་སྦྱོང་བར་འགྱུར། །ཆོས་ཀུན་གཞི་ཡི་བྱེ་བྲག་ཕ་རོལ་ཕྱིན། །ནོར་བཟངས་ཁྱོད་ནི་དགའ་བ་སྐྱེད་པར་འགྱུར། །མཁས་པ་ཁྱོད་ཀྱི་སྦྱོར་བའི་ཚུལ་དག་དང་། །དག་ཅིང་ཁྱོད་ལ་སྨད་པ་མེད་ཚུལ་དང་། །ཁྱོད་ཀྱི་བསམ་པའི་ཡོན་ཏན་ལྡན་ཚུལ་ལས། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། །ཁྱོད་ཀྱིས་བདག་ཉིད་དགེ་བར་བྱས་ཚུལ་གྱིས། །རིང་པོར་མི་ཐོགས་སངས་རྒྱས་ཀུན་མཐོང་འགྱུར། །རིང་པོར་མི་ཐོགས་ཞིང་རྣམས་ཀུན་འགྲོར་འགྱུར། །ཆོས་ཀུན་རིང་པོར་མི་ཐོགས་ཤེས་པར་འགྱུར། །ཞིང་རྣམས་རྒྱ་མཚོ་རྣམ་པར་སྦྱོང་བར་འགྱུར། །སེམས་ཅན་རྒྱ་མཚོ་རྣམ་པར་འགྲེལ་བར་འགྱུར། །སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས་པར་འགྱུར། །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་དེ་འདྲ་འོ། །ཁྱོད་ཀྱི་མོས་པའི་དཀྱིལ་འཁོར་ཚུལ་ལས་ན། །ཁྱོད་ནི་ཡོན་ཏན་རྣམས་ཀྱི་སྣོད་དུ་འགྱུར། །ཁྱོད་ནི་དགེ་བ་ཡང་དག་འབྱུང་གནས་འགྱུར། །ཁྱོད་ནི་རྒྱལ་བའི་སྲས་དང་མཉམ་པར་འགྱུར། །ཁྱོད་ཀྱི་སྨོན་ལམ་དཀྱིལ་འཁོར་ཚུལ་ལས་ན། །ཁྱོད་ཀྱིས་བདུད་ཀྱི་དཀྱིལ་འཁོར་ཕམ་པར་བྱས། །ཁྱོད་ཀྱིས་ལས་ཀྱི་དཀྱིལ་འཁོར་རྣམ་པར་
སྦྱངས། །ཉོན་མོངས་དཀྱིལ་འཁོར་ཁྱོད་ཀྱིས་དག་པར་བྱས། །ཡེ་ཤེས་རྒྱུད་ནི་རྣམ་པར་སྦྱོང་བར་འགྱུར། །ཆོས་ཀྱི་རྒྱུད་ནི་རབ་ཏུ་བརྗོད་པར་འགྱུར། །ལས་དང་ཉོན་མོངས་སྡུག་བསྔལ་འཁྲུལ་འཁོར་རྒྱུད། །རིང་པོར་མི་ཐོགས་རྣམ་པར་ཟློག་པར་འགྱུར། །འཇིག་རྟེན་འཁོར་ལོ་སྲིད་པའི་འཁོར་ལོ་རྟེན། ། ཤུ་བའི་ལམ་རྒྱུད་ལྔ་ཡི་འཁོར་ལོར་རྨོངས། །འགྲོ་ཀུན་སྡུག་བསྔལ་འཁོར་ལོ་གཅོད་པ་ཡི། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་འགྱུར། །སངས་རྒྱས་རིགས་ནི་རྗེས་སུ་འཛིན་པར་འགྱུར། །ཆོས་ཀྱི་རིགས་ནི་ཡོངས་སུ་སྦྱོང་བར་འགྱུར། །དགེ་འདུན་རིགས་ནི་ཡོངས་སུ་བསྡུད་པར་འགྱུར། །རིན་ཆེན་འབྱུང་བའི་འབྱུང་གནས་ཁྱོད་འགྱུར་རོ། །སྲེད་པའི་དྲ་བ་རྣམ་པར་ཟློག་པར་འགྱུར། །ལྟ་བའི་དྲ་བ་ཐིབས་པོ་དེ་བཞིན་ཏེ། །འགྲོ་བའི་སྡུག་བསྔལ་དྲ་བ་འགྲེལ་བར་འགྱུར། །སྨོན་ལམ་དྲ་བ་དེ་འདྲ་ཁྱོད་ཀྱིས་སྦྱངས། །སེམས་ཅན་ཁམས་ནི་ཡོངས་སུ་སྨིན་བྱེད་འགྱུར། །འཇིག་རྟེན་ཁམས་ནི་ཡོངས་སུ་སྦྱོང་བར་འགྱུར། །ཡེ་ཤེས་ཁམས་ནི་ཤིན་ཏུ་དག་བྱེད་འགྱུར། །ཁྱོད་ཀྱི་བསམ་པའི་ཁམས་ནི་དེ་འདྲ་འོ། །ནོར་བཟངས་དགའ་བ་འཕེལ་བར་བྱེད་པ་ཁྱོད། །སེམས་ཅན་ཀུན་ལ་ཕན་བདེ་དགའ་བྱེད་འགྱུར། །བྱང་ཆུབ་སེམས་དཔའ་རིགས་རྒྱུད་དགའ་བྱེད་ཅིང་། །སངས་རྒྱས་ཐམས་ཅད་སྨོན་ལམ་དགའ་བྱེད་འགྱུར། །སེམས་ཅན་ཀུན་གྱི་འགྲོ་བའི་གནས་སྟོན་པ། །ཞིང་རྣམས་ཐམས་ཅད་གཟུགས་བརྙན་སྣང་སྟོན་པ། །ཆོས་རྣམས་ཐམས་ཅད་སྣང་བ་རབ་སྟོན་པའི། །ལྟ་ན་བཟང་བའི་རྒྱལ་བར་ཁྱོད་འགྱུར་རོ། །ཆོས་དབྱིངས་སྣང་བར་བྱེད་པའི་འོད་ལྡན་པ། །སེམས་ཅན་ཁམས་རྣམས་བདེ་བྱེད་འོད་ལྡན་པ། །ངན་སོང་ཐམས་ཅད་ཞི་བྱེད་འོད་ལྡན་པའི། །སྲིད་གསུམ་སྡུག་བསྔལ་ཞི་བར་བྱེད་པར་འགྱུར། །མཐོ་རིས་ལམ་ནི་ཉེ་བར་སྟོན་པར་འགྱུར། །སངས་རྒྱས་ལམ་ནི་འགྲོ་ལ་འབྱེད་པར་འགྱུར། །ཐར་པའི་ལམ་དུ་འགྲོ་བ་ཁྲིད་པར་འགྱུར། །དེ་འདྲའི་ལམ་ནི་ཁྱོད་ཀྱིས་རྣམ་པར་
སྦྱངས། །ལོག་པའི་ལམ་ནི་རྣམ་པར་ཟློག་པར་འགྱུར། །སྐྱེ་བོ་འཕགས་པའི་ལམ་ལ་འདུལ་བར་འགྱུར། ། བརྟན་པའི་བློ་གྲོས་ལེ་ལོ་མེད་པ་ཁྱོད། །མྱི་གཡེང་བྱང་ཆུབ་ལམ་ནི་དེ་ལྟར་ཚོལ། །སྲིད་པའི་རྒྱ་མཚོར་གནས་པའི་ལུས་ཅན་རྣམས། །སྡུག་བསྔལ་མཐར་འབྱིན་བྱ་བ་ཁྱོད་བརྩོན་པས། །འགྲོ་བ་སྲིད་པའི་མཚོ་ལས་སྒྲོལ་བར་འགྱུར། །ཁྱོད་ཀྱི་ཡོན་ཏན་མཚོ་ཆེན་དེ་འདྲ་འོ། །ཡེ་ཤེས་ཉི་མ་མཆོག་གི་འོད་གཟེར་མཚོས། །ལུས་ཅན་ཉོན་མོངས་རྒྱ་མཚོ་ཡོངས་སྐམས་ཤིང་། །དེ་དག་ནན་ཏན་མཚོ་ལ་དགོད་བྱས་ནས། །ཡེ་ཤེས་རྒྱ་མཚོ་རབ་ཏུ་དགོད་པར་འགྱུར། །བློ་གྲོས་རྒྱ་མཚོ་རྣམ་པར་འཕེལ་བར་འགྱུར། །སྤྱོད་པ་རྒྱ་མཚོ་རྣམ་པར་སྤྱད་པར་འགྱུར། །སངས་རྒྱས་ཀུན་གྱི་སྨོན་ལམ་རྒྱ་མཚོ་ལ། །རིང་པོར་མི་ཐོགས་ཡོངས་སུ་འཇུག་པར་འགྱུར། །མཁས་པ་ཁྱོད་ནི་བློ་གྲོས་རྒྱ་མཚོའི་མཐུས། །ཞིང་རྣམས་རྒྱ་མཚོ་མང་པོར་ཕྱིན་པར་འགྱུར། །འཁོར་རྣམས་རྒྱ་མཚོ་མང་པོ་མཐོང་བར་འགྱུར། །ཆོས་མང་རྒྱ་མཚོ་ཡོངས་སུ་འཐུང་བར་འགྱུར། །སངས་རྒྱས་སྤྲིན་མང་ཁྲག་ཁྲིག་མཐོང་བར་འགྱུར། །མཆོད་སྤྲིན་ཤིན་ཏུ་རྒྱ་ཆེན་བྱེད་པར་འགྱུར། །ཆོས་ཀྱི་སྤྲིན་མང་ཁྲག་ཁྲིག་ཐོས་པར་འགྱུར། །ཁྱོད་ནི་སྨོན་ལམ་དེ་འདྲའི་སྤྲིན་ཀྱང་བྱེད། །སེམས་ཅན་ཐམས་ཅད་གནས་མང་རྒྱས་འགེངས་འགྱུར། །ཞིང་རྣམས་ཀུན་གྱི་གནས་སུ་འགྲོ་བར་འགྱུར། །སངས་རྒྱས་ཀུན་གྱི་གནས་སུ་ཕྱིན་པར་འགྱུར། །ཁྱོད་ནི་དེ་འདྲའི་ཕྱོགས་སུ་ཞུགས་པ་ཡིན། །ཁྱོད་ནི་ཏིང་འཛིན་གནས་སུ་འཇུག་པར་འགྱུར། །ཁྱོད་ཀྱིས་རྣམ་ཐར་གནས་རྣམས་ཐོབ་པར་འགྱུར། །ཁྱོད་ནི་མངོན་ཤེས་གནས་ལ་སྤྱོད་པར་འགྱུར། །ཆོས་ཀྱི་དབྱིངས་ཀྱི་གནས་ལ་རབ་ཏུ་གནས། །ཉི་ཟླའི་གཟུགས་རྣམས་རབ་ཏུ་སྣང་བ་ལྟར། །སེམས་ཅན་ཀུན་གྱི་གནས་སུ་འཆར་བར་འགྱུར། །རྒྱལ་བ་རྣམས་ཀྱི་སྤྱན་སྔར་མངོན་འབྱུང་འགྱུར། ། ཁྱོད་ཀྱི་འབྱུང་བའི་ལམ་ཆེན་དེ་འདྲ་འོ། །འཇིག་རྟེན་ཀུན་
ལ་མི་གནས་སྤྱོད་ཡུལ་དང་། །ནམ་མཁའི་སྤྱོད་ཡུལ་བཟང་པོར་ཁྱོད་སྤྱོད་འགྱུར། །ཁྱོད་ཀྱི་སྤྱོད་ཡུལ་རབ་ཏུ་ཞི་བར་འགྱུར། །ཁྱོད་ཀྱི་མངོན་ཤེས་སྤྱོད་ཡུལ་དེ་འདྲ་འོ། །མིག་འཕྲུལ་འདྲ་བའི་བྱེ་བྲག་གཞི་མཁས་ཁྱོད། །ཞིང་གི་དྲ་བའི་བྱེ་བྲག་ཇི་སྙེད་གཞི། །སེར་བུ་མཁའ་ལ་ཆགས་པ་མེད་པ་ལྟར། །རིང་པོར་མི་ཐོགས་རྒྱས་པར་འགེངས་པར་འགྱུར། །ཆོས་དབྱིངས་འབྱམ་ཀླས་ཁོང་དུ་ཆུད་པར་འགྱུར། །འབྱམ་ཀླས་འཇིག་རྟེན་ཁམས་སུ་འགྲོ་བར་འགྱུར། །དུས་གསུམ་གཤེགས་པའི་སངས་རྒྱས་འབྱམ་ཀླས་ཀུན། །མཐོང་བར་འགྱུར་གྱིས་ནོར་བཟངས་དགའ་བར་གྱིས། །ཁྱོད་ཀྱིས་དེ་འདྲའི་རྣམ་ཐར་དེ་ལྟ་བུ། །མཐོང་ལ་མཐོང་ཞིང་ད་དུང་མཐོང་བར་འགྱུར། །དེ་བས་མཁས་པ་སྐྱོ་བར་མ་བྱེད་ཅིག །དགའ་ཡངས་ཟང་ཟིང་མེད་པ་ཉམས་སུ་ལོང་། །ནོར་བཟངས་ཁྱོད་ནི་ཡོན་ཏན་སྣོད་བཟང་སྟེ། །ཁྱོད་ནི་རྒྱལ་བ་རྣམས་ཀྱི་གདམས་ངག་མཐུན། །ཁྱོད་ཀྱིས་ཚུལ་འདི་ཡོངས་སུ་གཟུང་བར་ནུས། །དེ་བས་རྣམ་པར་འཕྲུལ་པ་འདི་དག་མཐོང་། །སངས་རྒྱས་སྲས་པོ་གནས་མེད་སྤྱོད་ཡུལ་ཅན། །གང་རྣམས་མཐོང་བར་བསྐལ་པ་ཁྲག་ཁྲིག་དུ། །ཤིན་ཏུ་དགའ་ན་ལེགས་བརྗོད་མི་སྨོས་པ། །དེ་དག་སྤྱོད་ལེགས་སྤྱོད་ཚེ་ཁྱོད་ཀྱིས་མཐོང་། །དེ་ལྟར་འཇམ་དཔལ་མངོན་དུ་མཐོང་གྱུར་ཏེ། །དེ་འདྲའི་ཡོན་ཏན་སྣོད་དུ་གྱུར་བྱས་པ། །ཁྱོད་ཀྱིས་ཐོབ་པ་རྒྱ་ཆེ་བསམ་མི་ཁྱབ། །མི་ཡི་སྲིད་པར་ཁྱོད་ནི་ལེགས་པར་འོངས། །ངན་སོང་ལམ་རྣམས་ཐམས་ཅད་རྣམ་པར་ཟློག །མི་ཁོམ་ངན་འགྲོ་ཐམས་ཅད་རྣམ་པར་སྦྱངས། །སྡུག་བསྔལ་ཆོས་རྣམས་ཁྱོད་ཀྱིས་ཐམས་ཅད་བོར། །མི་དགའ་ཐམས་ཅད་ཡོངས་སུ་སྤང་བར་གྱིས། །བྱིས་པའི་ས་ནི་ཁྱོད་ཀྱིས་རྣམ་པར་ཟློག །བྱང་ཆུབ་སེམས་དཔའི་ཡོན་ཏན་ས་ལ་གནས། །ཡེ་ཤེས་ས་ཡི་དམ་པ་ཡོངས་བསྐང་ཞིང་། །སངས་རྒྱས་ས་རབ་རིང་པོར་མི་ཐོགས་ཐོབ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་སྙེད། །སངས་རྒྱས་ཡེ་ཤེས་ནམ་མཁའི་མཛོད་དང་མཚུངས། །དེ་ཡི་ཚད་ཀྱི་
སྨོན་ལམ་གང་ཆེན་མཚོ། །ཁྱོད་ཀྱིས་བཙལ་ཟིན་ཤིན་ཏུ་དགའ་བར་གྱིས། །དེ་ལྟར་དབང་པོ་ཡོངས་སུ་མི་སྐྱོ་ལ། །བསམ་པ་བརྟན་ཞིང་སྦྱོར་བ་ངེས་པ་རྣམས། །གང་དག་འདི་འདྲའི་བཤེས་གཉེན་བསྟེན་བྱེད་པ། །དེ་དག་རིང་པོར་མི་ཐོགས་མགོན་པོར་འགྱུར། །ཁྱོད་ཀྱི་བྱང་ཆུབ་སྤྱོད་པ་སྣ་ཚོགས་ཀྱིས། །སེམས་ཅན་མང་པོ་དུལ་བར་གྱུར་མཐོང་ཞིང་། །ཆོས་ཀུན་སྒོ་ཡི་བྱང་ཆུབ་སྤྱོད་པ་ལ། །ནམ་ཡང་ཡིད་གཉིས་བྱེད་པར་མ་གྱུར་ཅིག །དེ་ལྟར་ཕུན་སུམ་ཚོགས་པ་འདི་འདྲ་འདི། །སངས་རྒྱས་སྲས་པོ་དེ་རིང་འདིར་མཐོང་བ། །དོན་ཆོས་ཡོན་ཏན་དང་བ་ཕུན་སུམ་ཚོགས། །ཁྱོད་ཀྱི་བསོད་ནམས་ཕུན་ལྡན་བསམ་མི་ཁྱབ། །དེ་ལྟར་རྒྱལ་སྲས་རྣམས་ཀྱི་རྒྱུན་འབྲེལ་བར། །རང་རང་སོ་སོའི་སྨོན་ལམ་བསྟན་བྱས་ཏེ། །ཁྱོད་ཀྱི་དེ་དག་མ་ལུས་མཐུན་རྟོགས་པ། །ཁྱོད་མཐོང་ཐོབ་པ་ཆེན་པོ་ཅི་འདྲ་ལྟོས། །བྱང་ཆུབ་སེམས་དཔའི་སྤྱོད་པའི་སྣོད་གྱུར་པ། །དེ་འདྲའི་སྲིད་པ་བརྒྱར་ཡང་དཀོན་པས་ན། །དེ་ཕྱིར་རྒྱལ་སྲས་དེ་དག་རྒྱུན་འབྲེལ་བར། །ཁྱོད་ལ་རྣམ་ཐར་ཚུལ་རྣམས་ཡོངས་སུ་སྟོན། །བསྐལ་པ་ཁྲག་ཁྲིག་བྱེ་བར་འགྲོ་བ་གང་། །བདེ་གཤེགས་སྲས་དང་ལྷན་ཅིག་འགྲོགས་གྱུར་པ། །དེ་དག་དེ་རྣམས་སྤྱོད་ཡུལ་མི་ཤེས་ཏེ། །དེ་དག་ཡོན་ཏན་སྣོད་དུ་བདག་མ་བྱས། །ཁྱོད་ཀྱིས་འདི་འདྲའི་ཚུལ་འདི་ཐོས་པར་འགྱུར། །བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་འཕྲུལ་བ། །འགྲོ་བ་ཀུན་ན་དཀོན་པ་ཁྱོད་ཀྱིས་མཐོང་། །དེ་ལྟར་ནོར་བཟངས་དགའ་བའི་ཡིད་དུ་གྱིས། །ཁྱོད་ལ་སངས་རྒྱས་ཐམས་ཅད་ དགོངས་པ ་མཛད། །བྱང་ཆུབ་སེམས་དཔའ་ཁྱོད་གཟུང་ཕྱིར་ཡང་གནས། །ཁྱོད་ཀྱང་དེ་དག་རྗེས་སུ་བསྟན་ལ་གནས། །ལེགས་སོ་ནོར་བཟངས་ཁྱོད་ཀྱི་འཚོ་བ་དགེ། །བྱང་ཆུབ་སེམས་དཔའི་རིགས་ཀྱི་ཆོས་ལ་གནས། །ཁྱོད་ནི་རྒྱལ་སྲས་ཡོན་ཏན་རྣམས་ལ་སློབ། །བདེ་བར་གཤེགས་རིགས་རྣམ་པར་འཕེལ་བྱེད་འགྱུར། །ནོར་བཟངས་དགའ་བ་རྒྱ་ཆེན་ཉམས་སུ་ལོང་། །སངས་རྒྱས་མཉམ་མེད་ཐམས་ཅད་
ཁྱོད་ཀྱི་ཕ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྱོད་དང་སྤུན། །བྱང་ཆུབ་ཡན་ལག་ཐམས་ཅད་ཁྱོད་ཀྱི་གཉེན། །ཁྱོད་ནི་བདེ་གཤེགས་ཐུགས་ལས་སྐྱེས་པའི་སྲས། །ཆོས་ཀྱི་རྒྱལ་པོ་རིགས་པའི་རྒྱུད་འཛིན་པ། །བྱང་ཆུབ་སེམས་དཔའི་རིགས་རྒྱུད་འཕེལ་བར་བྱེད། །རིང་པོར་མི་ཐོགས་ཆོས་རྒྱལ་ཐོབ་འགྱུར་གྱིས། །ནོར་བཟངས་དབང་པོ་ཚིམ་ཞིང་དགའ་བར་གྱིས། །སངས་རྒྱས་ཀུན་གྱི་དབང་བསྐུར་དམ་པ་ཡང་། །རིང་པོར་མི་ཐོགས་རྨད་བྱུང་ཐོབ་པར་འགྱུར། །རྒྱལ་བའི་སྲས་དང་མཚུངས་ཤིང་མཉམ་པར་འགྱུར། །ཁྱོད་ཀྱི་སྤྱོད་པའི་ཚུལ་མཐུན་དེ་འདྲ་འོ། །མི་གང་ཅི་འདྲའི་ས་བོན་འདེབས་བྱེད་པ། །དེ་ནི་དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །དགའ་བ་རྒྱ་ཆེན་བསམ་ཡས་ཉམས་སུ་ལོང་། །ངས་ནི་དེ་རིང་ཁྱོད་ཀྱི་དབུགས་ཀྱང་དབྱུང་། །ཚེ་གཅིག་ཁྱོད་ཀྱིས་གང་རྣམས་ཐོབ་གྱུར་པ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བསམ་ཡས་པ། །བསྐལ་པ་ཁྲག་ཁྲིག་བྱང་ཆུབ་སྤྱད་སྤྱོད་པ། །དེ་དག་གིས་ཀྱང་ཕུན་སུམ་འདི་མ་རྙེད། །འདི་རྣམས་ཐམས་ཅད་མོས་པའི་འབྲས་བུ་སྟེ། །བརྩོན་འགྲུས་བསམ་པ་དག་ནི་དེ་བཞིན་ནོ། །གང་ཞིག་སྤྱོད་པ་འདི་འདྲ་དཀའ་བ་ཡང་། །ནོར་བཟངས་སྤྱོད་པ་གང་ཡིན་དེ་ལ་སྤྱོད། །སྤྱོད་པ་ཐམས་ཅད་སྨོན་ལམ་བྱུང་བ་ཡིན། །ཆོས་རྣམས་ཐམས་ཅད་མོས་ལས་ཡོངས་སུ་བྱུང་། །ནོར་བཟངས་དེ་ལྟར་ཁྱོད་ཀྱིས་ཡོངས་སུ་བསྒྲུབས། །རྟག་ཏུ་ཁྱད་པར་སྤྱོད་པ་བཙལ་བར་གྱིས། །ཀླུ་ཡི་བསམ་པ་ཇི་སྙེད་བྱུང་གྱུར་པ། །དེ་སྙེད་ཆར་པ་ཡོངས་སུ་འབབ་པར་འགྱུར། །སྨོན་ལམ་ཡེ་ཤེས་སྤྱོད་ཡུལ་ཇི་སྙེད་པ། །དེ་སྙེད་བྱང་ཆུབ་སྤྱོད་པས་རྒྱས་པར་འགྱུར། །ནོར་བཟངས་བཟང་པོའི་སྤྱོད་ཅེས་བྱ་བ་འདི། །ཚུལ་ནི་ཁྱོད་ལ་བསྟན་པ་འདི་ཡིན་གྱིས། །དེ་ཤེས་གྱིས་ལ་དགེ་བཤེས་རང་བཞིན་གྱིས། །བསྙེན་བཀུར་བྱེད་ཚེ་འཇུག་པར་མ་བྱེད་ཅིག །ལུས་རྣམས་བྱེ་བ་སྔན་ཅད་ཁྱོད་ཀྱིས་ཀྱང་། །འདོད་པའི་དོན་དུ་དོན་མེད་ཟད་བྱས་སོམས། །ད་ནི་བྱང་ཆུབ་ཡོངས་སུ་ཚོལ་གྱུར་ན། །བརྟུལ་ཤུགས་
བཟང་པོ་བརྟུལ་བས་ཞིག་གོ་འདང་། །ཁྱོད་ཀྱིས་བསྐལ་པ་བྱེ་བ་འདས་བྱས་ཏེ། །འདུས་བྱས་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་། །གང་གཱའི་བྱེ་སྙེད་སངས་རྒྱས་མཉེས་མ་བྱས། །འདི་འདྲའི་ཚུལ་ཡང་ཐོས་པར་མ་གྱུར་ཏོ། །དེ་ལས་ད་ནི་ཁོམ་པར་མིར་ཡང་སྐྱེས། །སངས་རྒྱས་འབྱུང་མཐོང་དགེ་བཤེས་འདི་འདྲ་སྟེ། །བྱང་ཆུབ་མཆོག་གི་སྤྱོད་པའང་ཐོས་པར་འགྱུར། །རྣམ་དག་སེམས་སུ་ད་གོ་ཅིར་མི་འགྱུར། །བདེ་བར་གཤེགས་པ་ཡང་དུ་འབྱུང་བར་འགྱུར། །དགེ་བཤེས་དེ་བཞིན་ཆོས་མཉན་ཐོས་པར་འགྱུར། །གལ་ཏེ་བསམ་པ་ཡོངས་སུ་མ་སྦྱངས་ན། །ཚུལ་འདི་ཕྱིན་ཆད་ཐོས་པར་དཀའ་བ་ཡིན། །དེ་བས་དད་དང་མོས་དང་བསམ་པ་རྣམས། །ཡོངས་སུ་བསྐྱེད་ལ་བླ་མ་ཕུད་དུད་ཀྱིས། །ཐེ་ཙོམ་ལྟ་བ་ཡོངས་སུ་སྐྱོ་སྤངས་ལ། །ཡང་དང་ཡང་དུ་འདི་འདྲའི་ཚུལ་ཉོན་ཅིག །གང་གིས་སྤྱོད་ལ་འཇུག་པ་འདི་འདྲ་འདི། །ཐོས་ནས་དེ་འདྲའི་སྨོན་ལམ་མངོན་བསྒྲུབས་པ། །དེ་དག་ཐོབ་པ་དམ་པ་བསམ་མི་ཁྱབ། །དེ་དག་མི་ཡི་སྲིད་པར་ལེགས་པར་འོངས། །གང་གིས་དེ་འདྲའི་མོས་པ་སྦྱངས་པ་ནི། །དེ་ལ་བདེ་གཤེགས་ཐམས་ཅད་མི་དཀོན་ནོ། །དེ་ནི་རྒྱལ་བ་རྣམས་ཀྱི་སྲས་དང་སྤུན། །དེ་ལ་ཕྱིན་ཆད་བྱང་ཆུབ་ཐེ་ཙོམ་མེད། །གང་ཞིག་འདི་འདྲའི་ཚུལ་འདིར་ཞུགས་གྱུར་པ། །དེས་ནི་ལོག་པར་ལྟུང་བ་ཐམས་ཅད་སྤངས། །དེས་ནི་སྡུག་བསྔལ་ཆོས་རྣམས་ཐམས་ཅད་བསྩལ། །དེས་ནི་ཡོན་ཏན་ཐམས་ཅད་བསྡུ་བ་བྱས། །ལུས་ནི་བོར་ནས་རིང་པོར་མི་ཐོགས་སུ། །ཡོངས་སུ་དག་པའི་སངས་རྒྱས་ཞིང་དུ་འགྲོ། །བྱང་ཆུབ་སེམས་དཔའི་གནས་སུ་འཇུག་པར་འགྱུར། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་མཐོང་བར་འགྱུར། །ནོར་བཟངས་ཁྱོད་ཀྱི་སྔོན་གྱི་རྒྱུ་སྟུག་པས། །ད་ལྟར་བྱུང་ལ་མོས་པ་ངེས་པ་ཡིས། །ཁྱད་པར་དོན་གཉེར་དགེ་བཤེས་བསྟེན་བྱས་པས། །ཆུ་ལས་ཨུཏ་པ་ལ་བཞིན་དེ་ཕྱིར་འཕེལ། །དགེ་བཤེས་ཐམས་ཅད་ཕུ་དུད་བསམ་པ་དང་། །སངས་རྒྱས་ཐམས་ཅད་དགྱེས་བྱའི་བསམ་པ་དང་། །
ཆོས་ཀུན་ཡོངས་སུ་དྲི་བའི་བསམ་པ་ཅན། །བརྟུལ་ཞུགས་བཟང་པོ་ལྡན་པ་དལ་གྱིས་ལོངས། །ཆོས་ཀྱི་ནན་ཏན་ཀུན་ལ་རབ་གནས་པ། །ལམ་རྣམས་རྗེས་སུ་ཀུན་ཚོལ་རབ་གནས་པ། །སངས་རྒྱས་སྲས་ཀྱི་སྨོན་ལམ་རབ་གནས་པ། །ཡོན་ཏན་ཆོས་རྣམས་ཀུན་གྱི་སྣོད་ཁྱོད་ལོངས། །མོས་པ་ཕུན་སུམ་ཚོགས་པ་ཅི་འདྲ་བས། །ཁྱོད་ཀྱིས་ང་ལ་ཕྱག་འདི་བྱས་པ་ནི། །སངས་རྒྱས་ཐམས་ཅད་འཁོར་དུ་མངོན་སུམ་དུ། །རིང་པོར་མི་ཐོགས་ཡོངས་སུ་འབྱུང་བར་འགྱུར། །སྐྱོ་བའི་ཡིད་མེད་ནོར་བཟངས་ལེགས་པ་ཡིན། །སངས་རྒྱས་ཀུན་གྱི་སྨོན་ལམ་སེམས་ལྡན་པ། །བརྟུལ་ཞུགས་བརྟན་ཁྱོད་རིང་པོར་མི་ཐོགས་པར། །སངས་རྒྱས་ཀུན་གྱི་ཡོན་ཏན་མཐར་ཕྱིན་འགྱུར། །ཡེ་ཤེས་སྤྱོད་ཡུལ་རྣམ་པར་མཐར་ཕྱིན་པའི། །འཇམ་དཔལ་གན་དུ་ནོར་བཟངས་ཁྱོད་སོང་སྟེ། །བཟང་པོ་སྤྱོད་པ་དམ་པ་མཆོག་དྲིས་ཤིག །དེ་ཚུལ་ཁྱོད་འཇུག་དེ་ནས་བྱེད་པར་འགྱུར། །དེ་ལྟར་བྱམས་པ་ཆགས་མེད་སྤྱོད་ཡུལ་གྱིས། །ནོར་བཟངས་ཡང་དག་ལེགས་པས་འཕགས་མཐོང་ནས། །འཁོར་རྣམས་ཀུན་ལ་མངོན་པར་བསྟན་བྱས་ཏེ། །དེ་ཡི་ཡོན་ཏན་ལེགས་མཛོད་འདི་བརྗོད་དོ། །འདི་འདྲའི་རྗེས་སུ་བསྟན་པ་དམ་པ་དང་། །གདམས་ངག་དེ་འདྲ་ནོར་བཟངས་ཐོས་གྱུར་ནས། །དགའ་བའི་ཤུགས་ཀྱིས་དབང་པོ་མངོན་བརླན་པས། །མཆི་མའི་རྒྱུད་མང་རབ་ཏུ་དེས་ཀྱང་བླགས། །དགའ་བའི་ཉམས་ཆེན་ཉམས་སུ་མྱོང་བར་འགྱུར། །དབང་པོ་ཚིམ་ནས་ཤུགས་ཀྱིས་དབུགས་ཀྱང་ཕྱུང་། །ནོར་བཟངས་ལངས་ཏེ་ཐལ་མོ་རབ་སྦྱར་ནས། །བྱམས་པ་དེ་ལ་བསྐོར་བ་རབ་ཏུ་བྱས། །དེ་ཡི་ལག་ཏུ་འཇམ་དཔལ་སེམས་དབང་གིས། །མེ་ཏོག་ཕྲེང་བ་རིན་ཆེན་མཛེས་པ་དག །བྱང་ཆུབ་སེམས་དཔའི་སྨོན་པས་མངོན་འཐོན་པ། །ཡིད་དུ་འོང་བ་མང་པོ་བྱུང་བར་གྱུར། །ནོར་བཟངས་དེ་ཚེ་རབ་ཏུ་དགའ་གྱུར་ནས། །དགའ་བར་དེ་དག་བྱམས་པ་དེ་ལ་གཏོར། །དེ་ཚེ་དེ་ཡི་མགོ་ལ་ཀུན་ནས་བྱུགས། །
བྱམས་པས་ཚིགས་སུ་བཅད་པ་འདི་དག་སྨྲས། །རྒྱལ་བའི་སྲས་པོ་ནོར་བཟངས་ལེགས་སོ་ལེགས། །དེ་ལྟར་ཁྱོད་ནི་ཡོངས་སུ་མི་སྐྱོ་བས། །ང་དང་འཇམ་དཔལ་ཅི་འདྲ་ཅི་བཞིན་དུ། །ཡོན་ཏན་སྣོད་དུ་ཁྱོད་ནི་མྱུར་དེ་འགྱུར། །ཐོས་ནས་ནོར་བཟངས་དགའ་བའི་ཚིག་བརྗོད་པ། །འདི་འདྲའི་དགེ་བཤེས་བདག་དང་ཕྲད་པ་ནི། །སྲིད་པ་བརྒྱ་ཕྲག་འགྲངས་པར་ཤིན་ཏུ་དཀོན། །བདག་གིས་དེ་རིང་འདིར་ཕྱིན་ཤིན་ཏུ་ལེགས། །ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན་གྱུར་པ། །འཇམ་དཔལ་ཁྱོད་ཀྱི་བྱིན་རླབས་བཟང་པོ་ཡིས། །བདག་གིས་བཤེས་གཉེན་འདི་དག་དཀོན་པ་རྙེད། །ཁྱོད་དང་བདག་ཏུ་མྱུར་དུ་འགྲོགས་པར་རོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་དགུ་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་བྱམས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་ཚེ་གཅིག་གིས་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐུ་ཚེ་གཅིག་གིས་ཐོགས་པ་དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་འགོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་རབ་ཏུ་ཞུགས་པ་ལགས། དེ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལགས། དེ་ནི་བཟོད་པའི་སྒོ་ཐམས་ཅད་དུ་ཞུགས་པ་ལགས། དེས་ནི་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་རབ་ཏུ་བརྙེས་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཐམས་ཅད་ལ་རྣམ་པར་རོལ་པ་ལགས། དེས་ནི་ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་བསྒྲུབས་པ་
ལགས། དེས་ནི་བྱང་ཆུབ་སེམས་དཔའི་རྒྱུད་ཐམས་ཅད་རྟོགས་པར་ཐུགས་སུ་ཆུད་པ་ལགས། དེས་ནི་གཟུངས་དང་སྤོབས་པ་སྣང་བའི་ཚུལ་ཐམས་ཅད་ལ་རབ་ཏུ་བརྙེས་པ་ལགས། དེས་ནི་བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ལ་མངའ་ཐོབ་པ་ལགས། དེས་ནི་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཤིན་ཏུ་བསྩགས་པ་ལགས། དེས་ནི་ཤེས་རབ་དང་ཐབས་མཁས་པའི་ཚུལ་ལ་རྣམ་པར་རོལ་པ་ལགས། དེས་ནི་མངོན་པར་ཤེས་པ་ཆེན་པོ་དང་། རིག་པ་དང་ཡེ་ཤེས་སྣང་བའི་ཚུལ་བསྐྱེད་པ་ལགས། དེ་ནི་བསླབ་པ་ཐམས་ཅད་ལས་བྱུང་བ་ལགས། དེས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱངས་པ་ལགས། དེས་ནི་སྨོན་ལམ་གྱིས་འབྱུང་བའི་སྒོ་ཐམས་ཅད་མངོན་པར་བསྒྲུབས་པ་ལགས། དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་བསྟན་པ་རབ་ཏུ་བླངས་པ་ལགས། དེ་ནི་ཐེག་པ་ཐམས་ཅད་ཀྱིས་འབྱུང་བའི་སྒོ་ལ་མཁས་པ་ལགས། དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཡང་དག་པར་བླངས་པ་ལགས། དེས་ནི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡོངས་སུ་བཟུང་བ་ལགས། དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་བཟུང་བ་ལགས། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་འཛིན་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཕྱིན་པ་ལགས། དེ་ནི་ཉོན་མོངས་པའི་དཔུང་ཐམས་ཅད་རྣམ་པར་དཀྲུགས་པ་ལ་ཤིན་ཏུ་དཔའ་བ་ལགས། དེ་ནི་འཁོར་བའི་འབྲོག་དགོན་པར་ལུས་པ་རྣམས་ཀྱི་ལམ་སྟོན་པ་ལགས། དེ་ནི་ཉོན་མོངས་པའི་ནད་ཀྱིས་ཐེབས་པ་རྣམས་ཀྱི་སྨན་པར་གྱུར་པ་ལགས། དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་ལགས། དེ་ནི་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་དབང་པོ་ལགས། དེ་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཐུ་བོ་ལགས། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་ལགས། དེ་ནི་འཁོར་བའི་རྒྱ་མཚོ་ལ་རྒྱུ་བ་རྣམས་ཀྱི་སྐྱ་བ་འཛིན་པ་ལགས། དེས་ནི་སེམས་
ཅན་གདུལ་བའི་ཐབས་ཀྱི་རྒྱ་མཚོ་ཆེན་པོ་བཤལ་བ་ལགས། དེས་ནི་འགྲོ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་དབང་པོ་རྣམ་པར་གཟིགས་པ་ལགས། དེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བ་ལ་བརྩོན་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡོངས་སུ་བསྐྱང་བ་ལ་བརྩོན་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ལ་ཡང་དག་པར་འགྲོ་བར་བརྩོན་པ་ལགས། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་གནས་པ་ལགས། དེ་ནི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་མངོན་པར་འཕགས་པ་ལགས། དེ་ནི་འགྲོ་བ་ཐམས་ཅད་ཀྱི་གནས་སུ་གཟུགས་བརྙན་སྣང་བ་ལགས། དེ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ལགས། དེ་ནི་བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ལགས། དེ་ནི་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཀྱི་རྗེས་སུ་བཞུད་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའི་ཡུལ་ཐམས་ཅད་ལ་སྒྲིབ་པ་མེད་པ་བརྙེས་པ་ལགས། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བརྩོན་པ་ལགས། དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་ལགས། དེ་ནི་དབང་བསྐུར་བའི་ཐབས་ཐོབ་པ་ལགས། དེ་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་གནས་པར་འགྱུར་བ་ལགས། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་དབང་བསྐུར་བ་ལགས། དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་འབྱུང་བ་ལགས། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྒྱུར་བའི་མཐར་ཕྱིན་པ་ལགས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་ནན་ཏན་དུ་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་བ་དང་། སེམས་ཅན་གྱི་ཁམས་ཇི་ལྟར་གཉེར་བའི་ཚུལ་བཞིན་དུ་རིམ་གྲོར་བགྱིད་པར་འགྱུར་བ་དང་། ཡི་དམ་ཇི་ལྟར་བཅས་པའི་ཚུལ་བཞིན་དུ་མཐར་ཕྱིན་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་བརྩམས་པ་གྲུབ་པར་འགྱུར་བ་དང་། ལྷ་དང་བཅས་པའི་
འཇིག་རྟེན་དབུགས་འབྱིན་པར་འགྱུར་བ་དང་། བདག་དང་སེམས་ཅན་དང་སངས་རྒྱས་དང་ཆོས་དང་དགེ་འདུན་བསླུ་བར་མི་འགྱུར་བ་དང་སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པ་དང་། བྱང་ཆུབ་སེམས་དཔའི་རིགས་སྟོང་བར་མི་འབྱིན་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཡོངས་སུ་འཛིན་པར་འགྱུར་བ་བདག་ལ་བཀའ་སྩལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ལ་བལྟས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཉེ་བར་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཚོང་དཔོན་གྱི་བུ་འདི་འདི་ལྟར་ང་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་ཡོངས་སུ་བསྒྲུབ་པ་འདྲི་བ་ལ་ལྟོས། བཟོད་པ་ཅན་དག་ཚོང་དཔོན་གྱི་བུ་འདི་ནི་བརྩོན་འགྲུས་བརྩམས་པ་འདི་ལྟ་བུ་དང་དོན་དུ་གཉེར་བ་འདི་ལྟ་བུ་དང་མོས་པའི་ཡི་དམ་འདི་ལྟ་བུ་དང་ལྷག་པའི་བསམ་པ་བརྟན་པ་འདི་ལྟ་བུ་དང་བརྩོན་འགྲུས་མི་ཟློག་པ་འདི་ལྟ་བུ་དང་། སངས་རྒྱས་ཀྱི་ཆོས་ཀྱིས་མི་ངོམས་པར་འདི་ལྟ་བུ་དང་། ཁྱད་པར་ཡོངས་སུ་བཙལ་བ་འདི་ལྟ་བུ་དང་མགོའི་ཐོད་ལ་མེ་འབར་བ་ལྟ་བུར་སྤྱོད་པ་འདི་ལྟ་བུ་དང་དགེ་བའི་བཤེས་གཉེན་མཐོང་བར་འདོད་པ་འདི་ལྟ་བུ་དང་། དགེ་བའི་བཤེས་གཉེན་བསྙེན་བཀུར་བས་སྐྱོ་བ་མེད་པ་འདི་ལྟ་བུས་དགེ་བའི་བཤེས་གཉེན་ཐམས་ཅད་ཡོངས་སུ་ཚོལ་ཞིང་ཡོངས་སུ་དྲི་བ་དང་། བསྙེན་བཀུར་བ་བྱེད་ཅིང་འཇམ་དཔལ་གཞོན་ནུར་གྱུར་པས་བཏང་ནས་གྲོང་ཁྱེར་དཔལ་གྱི་འབྱུང་གནས་ཉེ་བར་བཟུང་བ་ནས་ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་རྒྱུས་ཏེ། དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་ལ་ཡོངས་སུ་དྲི་བ་བྱེད་ཅིང་། ཐ་མ་ངའི་དྲུང་འདིའི་བར་དུ་སྐྱོ་བ་ཐམས་ཅད་དང་བྲལ་བའི་ལྷག་པའི་བསམ་པས་ཕྱིན་ཏེ། རིགས་ཀྱི་བུ་དག་རྣམ་པ་འདི་ལྟ་བུར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡི་དམ་ཆེན་པོ་ལ་ཡང་དག་པར་གནས་པ་དང་། བསམ་པ་ཆེན་པོ་ལ་རབ་ཏུ་རྟུལ་བའི་ཡིད་དང་ལྡན་པ། སྙིང་རྗེ་ཆེན་པོའི་གོ་བགོས་པའི་ངད་དང་ལྡན་པ། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་བློ་གྲོས་ཅན་བརྩོན་འགྲུས་ཆེན་པོའི་ཕ་
རོལ་ཏུ་ཕྱིན་པ་ལ་རབ་ཏུ་བརྩོན་པ། སེམས་ཅན་གྱི་ལམ་གྲོགས་མང་པོ་ཡོངས་སུ་བསྐྱང་བ་ལ་མངོན་པར་བརྩོན་པ། འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སེམས་ཅན་བསྒྲལ་བ་ལ་ཞུགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཆེན་པོ་ལ་ཞུགས་པ། ཆོས་ཀྱི་གྲུ་ཆེན་པོ་ཡང་དག་པར་བཤམ་པ་ལ་བརྩོན་པ། ཆོས་ཆེན་པོ་དང་བསོད་ནམས་རིན་པོ་ཆེ་ཡོངས་སུ་བསྡུ་བ་ལ་རབ་ཏུ་རྟུལ་བ། ཆོས་ཀྱི་མཆོད་སྦྱིན་ཆེན་པོའི་ཚོགས་བསྩགས་པ་ལ། བརྩོན་པ་རྣམས་ཀྱི་མིང་ཐོས་པའམ། གཟུགས་ཀྱི་ལུས་མཐོང་བའམ་སྤྱོད་ཡུལ་དུ་འགྲོགས་པའམ། སྤྱོད་པ་དང་སྐལ་བ་མཉམ་པ་ནི་ཤིན་ཏུ་དཀོན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྐྱེས་བུ་དམ་པ་འདི་ནི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་བྱུང་བ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱ་བ་དང་། ངན་སོང་ཐམས་ཅད་ཡང་དག་པར་བསྩལ་པ་དང་། མི་ཁོམ་པའི་ལམ་ཐམས་ཅད་རྣམ་པར་བཟློག་པ་དང་། ལམ་ཉམ་ང་བ་ཐམས་ཅད་ཡོངས་སུ་སྤང་བ་དང་། མི་ཤེས་པའི་མུན་པ་ནག་པོ་ཐམས་ཅད་རྣམ་པར་བསྩལ་བ་དང་། འཁོར་བའི་འབྲོག་དགོན་པ་ཐམས་ཅད་ལས་ཡང་དག་པར་བཟླ་བ་དང་། འགྲོ་བའི་རྒྱུད་ཀྱི་འཁོར་ལོ་ཐམས་ཅད་རྣམ་པར་བཟློག་པ་དང་། བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་བཟླ་བ་དང་། གནས་ཀྱི་རྟེན་ཐམས་ཅད་ལས་གྱེན་དུ་བསྐྱོད་པ་དང་། རྟེན་གྱི་གཞི་ཐམས་ཅད་ལས་བསྐུལ་བ་དང་། འགྲོ་བའི་རྒྱུད་ཐམས་ཅད་དུ་མི་གནས་པར་བྱ་བ་དང་། འདོད་པའི་འདམ་ནས་ཡང་དག་པར་འདོན་པ་དང་། དགའ་བའི་འདོད་ཆགས་སྤང་བ་དང་། ལྟ་བའི་བཅིངས་པ་གཏུབ་པ་དང་། འཇིག་ཚོགས་ལ་མངོན་པར་ཞེན་པ་རྣམ་པར་བཟློག་པ་དང་། འདུ་ཤེས་ཀྱི་ཞགས་པ་ཡང་དག་པར་གཅད་པ་དང་། ཕྱིན་ཅི་ལོག་གི་ལམ་ནས་རྣམ་པར་བཟློག་པ་དང་། ང་རྒྱལ་གྱི་རྒྱལ་མཚན་བསྙལ་བ་དང་། བག་ལ་ཉལ་བའི་ཟུག་རྔུ་ཡང་དག་པར་དབྱུང་བ་དང་། སྒྲིབ་པའི་སྒོ་གླེགས་
གཞོམ་པ་དང་། སྒྲིབ་པའི་རི་རྣམ་པར་གཏོར་བ་དང་། སྲེད་པའི་དྲ་བ་ནས་གདོན་པ་དང་། མ་རིག་པའི་ཀུན་ཏུ་སྦྱོར་བ་ལས་དབྱེ་བ་དང་། སྲིད་པའི་ཆུ་བོ་ལས་བསྒྲལ་བ་དང་། གཡོ་དང་སྒྱུ་སྤང་བ་དང་སེམས་ཀྱི་རྙོག་པ་གདང་བ་དང་། ཐེ་ཙོམ་དང་ཡིད་གཉིས་དང་ནེམ་ནུར་བསྩལ་བ་དང་། མི་ཤེས་པའི་ཆུ་བོ་ཆེན་པོ་ལས་བསྒྲལ་བ་དང་། འཁོར་བའི་སྐྱོན་ཐམས་ཅད་རྣམ་པར་སྨད་པའི་ཕྱིར་རབ་ཏུ་ཞུགས་པའོ། །རིགས་ཀྱི་བུ་སྐྱེས་བུ་དམ་པ་འདི་ནི་སེམས་ཅན་རྣམས་ཆུ་བོ་བཞི་ལས་ཡོངས་སུ་བསྒྲལ་བའི་ཕྱིར་ཆོས་ཀྱི་གྲུ་ཆེན་པོ་ཡང་དག་པར་བཤམ་པར་འདོད་པའོ། །ལྟ་བའི་འདམ་དུ་བྱིང་བ་རྣམས་ཆོས་ཀྱི་རྐང་སྟེགས་ཆེན་པོ་དགོད་པར་འདོད་པའོ། །གཏི་མུག་གི་མུན་པར་འཐོམས་པ་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་དབྱུང་བར་འདོད་པའོ། །འཁོར་བའི་མྱ་ངམ་དུ་འཁྱམས་པ་རྣམས་ལ་འཕགས་པའི་ལམ་བསྟན་པར་འདོད་པའོ། །ཉོན་མོངས་པའི་ནད་ཆེན་པོས་གཟིར་བ་རྣམས་ལ་ཆོས་ཀྱི་སྨན་སྦྱིན་པར་འདོད་པའོ། །སྐྱེ་བ་དང་རྒ་བ་དང་འཆི་བས་གཙེས་པ་རྣམས་ལ་འཆི་བ་མེད་པའི་དབྱིངས་སྦྱིན་པར་འདོད་པའོ། །མེ་གསུམ་རབ་ཏུ་འབར་བ་རྣམས་ལ་ཞི་གནས་ཀྱི་ཆུས་རབ་ཏུ་ཞི་བར་བྱ་བར་འདོད་པའོ། །མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ཡིད་མི་བདེ་བ་དང་འཁྲུག་པས་གདུངས་པ་རྣམས་ལ་དབུགས་ཕྱིན་པ་ཆེན་པོ་སྦྱིན་པར་འདོད་པའོ། །སྲིད་པའི་བཙོན་རས་འཁོར་བ་རྣམས་ལ་ཡེ་ཤེས་ཀྱི་མཚོན་ཆ་སྦྱིན་པར་འདོད་པའོ། །ལྟ་བའི་བཅིངས་པས་གླགས་པ་རྣམས་ལ་ཤེས་རབ་ཀྱི་མཚོན་ཆས་བསྡུད་པར་འདོད་པའོ། །ཁམས་གསུམ་གྱི་གྲོང་ཁྱེར་གྱི་འཁོར་བ་རྣམས་ལ་ཐར་པའི་སྒོ་བསྟན་པར་འདོད་པའོ། །ཕྱོགས་མི་བདེ་བར་མངོན་པར་གཞོལ་བ་རྣམས་ལ་བདེ་བའི་ཕྱོགས་བསྟན་པར་འདོད་པའོ། །ཉོན་མོངས་པའི་ཆོམ་པོས་གཙེས་པ་རྣམས་ལ་དབུགས་ཕྱིན་པ་ཆེན་པོ་སྦྱིན་པར་འདོད་པའོ། །ངན་སོང་གི་གཡང་སས་འཇིགས་ཤིང་སྐྲག་པ་རྣམས་ལ་འཇུ་སའི་ལག་པ་བརྐྱང་བར་འདོད་པའོ། །ཕུང་པོའི་གཤེད་མས་གཙེས་པ་རྣམས་ལ་མྱ་ངན་ལས་འདས་
པའི་གྲོང་ཁྱེར་བསྟན་པར་འདོད་པའོ། །ཁམས་ཀྱི་སྦྲུལ་གྱིས་ཀུན་ནས་འཁོར་བ་རྣམས་ལ་འཕགས་པའི་ལམ་གྱིས་འབྱུང་བ་བསྟན་པར་འདོད་པའོ། །སྐྱེ་མཆེད་ཀྱི་གྲོང་སྟོང་པ་ན་གནས་པ་རྣམས་ལ་ཤེས་རབ་ཀྱི་སྣང་བས་གདོན་པར་འདོད་པའོ། །མུ་སྟེགས་ངན་པ་ལ་ཞུགས་པའི་སེམས་ཅན་རྣམས་ཡང་དག་པའི་མུ་སྟེགས་སུ་གཟུད་པར་འདོད་པའོ། །བཤེས་གཉེན་མ་ཡིན་པའི་ལག་ཏུ་ལྟུང་བ་རྣམས་ལ་ཡང་དག་པའི་དགེ་བའི་བཤེས་གཉེན་བསྟན་པར་འདོད་པའོ། །བྱིས་པའི་ཆོས་ཀྱི་སྤྱོད་ཡུལ་ལ་མངོན་པར་མོས་པ་རྣམས་འཕགས་པའི་ཆོས་ལ་རབ་ཏུ་དགོད་པར་འདོད་པའོ། །འཁོར་བའི་ཁྱིམ་ལ་མངོན་པར་དགའ་བ་རྣམས་གྱེན་དུ་བསྐྱོད་དེ་ཐམས་ཅད་མཁྱེན་པའི་ཕོ་བྲང་དུ་གཟུད་པར་འདོད་པའོ། །རིགས་ཀྱི་བུ་དག་དེ་ལྟར་སྐྱེས་བུ་དམ་པ་འདི་ནི་སེམས་ཅན་ཡོངས་སུ་བསྐྱོབ་པའི་བློ་གྲོས་དེ་ལྟ་བུས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པར་དག་པར་བྱ་བ་ཡོངས་སུ་བཙལ་བ་ལ་རྒྱུན་མི་འཆད་པའོ། །ཐེག་པ་ཆེན་པོ་ཡོངས་སུ་བསྒྲུབ་པའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པའོ། །ཆོས་ཀྱི་སྤྲིན་ཐམས་ཅད་ལས་འཐུང་བས་མི་ངོམས་པའོ། །ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྟག་ཏུ་བརྩོན་པའོ། །ཆོས་ཀྱི་སྒོ་ཐམས་ཅད་ཡོངས་སུ་སྦྱང་བའི་ཕྱིར་མི་གཏོང་བ་ལ་བརྩོན་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱད་པའི་ཕྱིར་བརྩོན་འགྲུས་མི་གཏོང་བའོ། །སྨོན་ལམ་ཐམས་ཅད་མངོན་པར་བསྒྲུབ་པའི་ཕྱིར་མི་ལྡོག་པའི་སྦྱོར་བ་དང་ལྡན་པའོ། །དགེ་བའི་བཤེས་གཉེན་ཐམས་ཅད་མཐོང་བར་བྱ་བས་མི་ངོམས་པའོ། །དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བས་ལུས་ལ་དུབ་པར་འགྱུར་བ་མེད་པའོ། །དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་མཐུན་པར་འཛིན་པ་སྟེ། རིགས་ཀྱི་བུ་དག་སེམས་ཅན་གྱི་འཇིག་རྟེན་ན་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དེ་ལྟ་བུའི་སེམས་ཅན་དཀོན་ནོ། །དེ་
བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། བརྩོན་འགྲུས་བརྩམ་པའི་ཚུལ་འདི་ལྟ་བུས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྡུད་པ་དང་། མོས་པ་དྲག་པོ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་ཚོལ་བ་དང་། དོན་དུ་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་བྱེད་པ་དང་། ཉོན་མོངས་པ་འདི་ལྟ་བུས་དགེ་བའི་བཤེས་གཉེན་བསྙེན་བཀུར་བྱེད་པ་དང་། མགོའི་ཐོད་ལ་མེ་འབར་བ་ལྟར་སྤྱོད་པ་འདི་ལྟ་བུས་དགེ་བའི་བཤེས་གཉེན་གྱི་ངག་དང་འགལ་བར་མི་བྱེད་པ་དང་། ལྷག་པའི་བསམ་པ་བརྟན་པས་ནན་ཏན་ཏུ་བྱེད་པ་འདི་ལྟ་བུས་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱེད་པ་དང་མཐུན་པར་ལེན་པ་འདི་ལྟ་བུས་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་སྒྲུབ་པ་དང་། ཁེ་དང་བཀུར་སྟི་དང་སྙན་པ་དོན་དུ་མི་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་བསམ་པའི་ཁམས་དང་འགལ་བར་མི་བྱེད་པ་དང་། ཁྱིམ་དང་ལོངས་སྤྱོད་དང་འདོད་པའི་དགའ་བ་དང་བདེ་བ་དང་། ཕ་མ་དང་གཉེན་བཤེས་དང་། དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པར་ཡོངས་སུ་བཏང་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་གྲོགས་ཡོངས་སུ་ཚོལ་བ་དང་། ལུས་དང་སྲོག་ལ་འཕངས་པར་མི་རྩི་བ་འདི་ལྟ་བུས་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་མོས་པར་བྱེད་པ་དེ་ལྟ་བུའི་སེམས་ཅན་ནི་ཆེས་དཀོན་ནོ། །རིགས་ཀྱི་བུ་དག་འདིས་ཇི་ལྟར་ཆེར་སྐྱེས་པ་འདི་གཅིག་ལ་ཇི་སྙེད་ཅིག་ཐོབ་པ་དང་། ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་སེམས་དཔའ་དེ་མ་ཡིན་པ་གཞན་གྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་ཐོབ་པ་དང་། ཁོང་དུ་ཆུད་པའམ། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཉེ་བར་འགྱུར་བའམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའམ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའམ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་
འཇུག་པའམ། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབ་པའམ། སྤྱོད་པའི་དྲ་བ་རྒྱ་ཆེར་བྱ་བའམ་སྨོན་ལམ་མངོན་པར་བསྒྲུབ་པ་ཡོངས་སུ་རྫོགས་པར་བྱ་བའམ། བདུད་ཀྱི་ལས་ཡང་དག་པར་འདའ་བར་བྱ་བའམ། དགེ་བའི་བཤེས་གཉེན་བསྙེན་བཀུར་བའམ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་མངོན་པར་བསྒྲུབ་པར་བྱ་བ་དང་ཡོངས་སུ་དག་པར་བྱ་བའམ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མངོན་པར་བསྒྲུབ་པའི་སྟོབས་ཡོངས་སུ་རྫོགས་པར་བྱ་བ་ལ་ཡང་དག་པར་འབྱུང་བ་མེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་ཡོན་ཏན་དང་ལེགས་པ་ཡང་དག་པར་ཡོངས་སུ་བརྗོད་པ་བྱས་ནས། དེ་ལས་བརྟེན་ཏེ་སྲོག་ཆགས་བརྒྱ་ཕྲག་སྟོང་གིས་བྱང་ཆུབ་ཀྱི་ཡན་ལག་གི་བསམ་པ་བརྟན་པར་བྱས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་སེམས་བསྐྱེད་པ་ནི་ཁྱོད་ཀྱིས་ཐོབ་པར་བྱ་བ་ལེགས་པར་ཐོབ་པོ། །ཁྱོད་ཀྱིས་མིའི་ལུས་ལེགས་པར་ཐོབ་བོ། །འཚོ་བའི་འཇིག་རྟེན་དུ་ཁྱོད་ལེགས་པར་འཚོས་སོ། །ཁྱོད་ཀྱིས་སངས་རྒྱས་འབྱུང་བ་དགྱེས་པར་བྱས་སོ། །ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འཇམ་དཔལ་ལེགས་པར་མཐོང་ངོ་། །ཁྱོད་ཀྱི་བསམ་པའི་རྒྱུད་སྣོད་བཟང་པོར་གྱུར་ཏོ། །ཁྱོད་ནི་དགེ་བའི་རྩ་བས་མངོན་པར་བརླན་ཏོ། །ཁྱོད་ནི་དཀར་པོའི་ཆོས་ཀྱིས་ལེགས་པར་བརྟེན་ཏོ། །ཁྱོད་ཀྱིས་མོས་པ་རླབས་ཆེན་པོ་དང་དགེ་བའི་བསམ་པ་ལེགས་པར་ཤིན་ཏུ་
སྦྱངས་སོ། །ཁྱོད་སངས་རྒྱས་ཐམས་ཅད་ཀྱིས་ལེགས་པར་དགོངས་སོ། །རིགས་ཀྱི་བུ་ཁྱོད་ནི་དགེ་བའི་བཤེས་གཉེན་གྱིས་ལེགས་པར་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རབ་ཏུ་རྟེན་པས་ས་ལྟ་བུའོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་བྱེད་པས་ཆུ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བརྟན་པ་མེད་པས་རླུང་ལྟ་བུའོ། །ལྟ་བའི་ཉེ་བར་ལེན་པའི་རྩྭ་ཐམས་ཅད་རབ་ཏུ་སྲེག་པས་མེ་ལྟ་བུའོ། །སེམས་ཅན་ཐམས་ཅད་ཀྱི་གནས་སྣང་བར་བྱེད་པས་ཉི་མ་ལྟ་བུའོ། །ཆོས་དཀར་པོའི་དཀྱིལ་འཁོར་ཡོངས་སུ་རྒྱས་པར་བྱེད་པས་ཟླ་བ་ལྟ་བུའོ། །ཆོས་ཀྱི་སྣང་བ་བྱེད་པས་སྒྲོན་མ་ལྟ་བུའོ། །མཉམ་པ་དང་མི་མཉམ་པ་ཡོངས་སུ་མཐོང་བར་བྱེད་པས་མྱིག་ལྟ་བུའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ལམ་ལྟ་བུའོ། །མུ་སྟེགས་ངན་པ་ཐམས་ཅད་རྣམ་པར་སྤོང་བས་མུ་སྟེགས་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་གནས་པས་བཞོན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་སྒོར་འཇུག་པར་བྱེད་པས་སྒོ་ལྟ་བུའོ། །ཏིང་ངེ་འཛིན་གྱི་ཁང་པ་ན་གནས་པར་བྱེད་པས་གཞལ་མེད་ཁང་ལྟ་བུའོ། །ཆོས་ཀྱི་དགའ་བ་དང་མོས་པ་ཉམས་སུ་མྱོང་བར་བྱེད་པས་བཟའ་ཤིང་གི་ར་བ་ལྟ་བུའོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པས་གནས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་ལ་ཕན་པ་སྐྱེད་པས་རྟེན་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱོད་པར་བྱེད་པས་གཞི་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྲུང་བས་ཕ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་མ་ལྟ་བུའོ། །ཐམས་ཅད་ལས་ཡོངས་སུ་སྐྱོང་བས་མ་མ་ལྟ་བུའོ། །སློབ་པ་དང་མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ཟིལ་གྱིས་གནོན་པས་རྒྱལ་པོ་ལྟ་བུའོ། །སྨོན་ལམ་ཐམས་ཅད་ཀྱིས་ཁྱད་པར་
དུ་འཕགས་པས་དབང་པོ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ཡང་དག་པར་འདུ་བས་རྒྱ་མཚོ་ཆེན་པོ་ལྟ་བུའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་རིན་པོ་ཆེ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པས་ཁོར་ཡུག་ལྟ་བུའོ། །ཡེ་ཤེས་ཀྱི་སྨན་རྣམ་པར་འཕེལ་བར་བྱེད་པས་གངས་ཀྱི་རི་ལྟ་བུའོ། །ཡོན་ཏན་གྱི་སྤོས་ཐམས་ཅད་ཀྱི་གནས་སུ་གྱུར་པས་སྤོས་ཀྱི་ངད་ལྡང་བ་ལྟ་བུའོ། །ཡོན་ཏན་རྒྱ་ཆེ་བས་ནམ་མཁའ་ལྟ་བུའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པས་པད་མོ་ལྟ་བུའོ། །སེམས་དུལ་ཞིང་ཅང་ཤེས་པས་གླང་པོ་ལྟ་བུའོ། །རྒོད་པ་ཐམས་ཅད་དང་བྲལ་བས་རྟ་ཅང་ཤེས་ལྟ་བུའོ། །ཐེག་པ་ཆེན་པོ་ཡོངས་སུ་སྐྱོང་བའི་སྔོན་དུ་འགྲོ་བས་ཁ་ལོ་སྒྱུར་བ་ལྟ་བུའོ། །ཉོན་མོངས་པའི་ནད་སོས་པར་བྱེད་པས་སྨན་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །ཆོས་ཐམས་ཅད་ངེས་པར་ཁོང་དུ་ཆུད་པར་བྱེད་པས་རྡོ་རྗེ་ལྟ་བུའོ། །ཡོན་ཏན་གྱི་དྲི་ཞིམ་པར་བྱེད་པས་སྤོས་ཀྱི་སྣོད་ལྟ་བུའོ། །འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་མངོན་པར་དགའ་བས་མེ་ཏོག་དམ་པ་ལྟ་བུའོ། །འདོད་ཆགས་ཀྱི་གདུང་བ་བསིལ་བར་བྱེད་པས་ཁ་བའི་ཙན་དན་ལྟ་བུའོ། །ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པས་ཨ་ག་རུ་ནག་པོ་ལྟ་བུའོ། །ཉོན་མོངས་པའི་ནད་ཐམས་ཅད་འཇོམས་པས་སྨན་གྱི་རྒྱལ་པོ་བལྟ་ན་སྡུག་པ་ལྟ་བུའོ། །བག་ལ་ཉལ་བའི་ཟུག་རྔུ་ཐམས་ཅད་ཡང་དག་པར་འབྱིན་པས་འབྲལ་བར་བྱེད་པའི་སྨན་ལྟ་བུའོ། །དབང་པོ་ཐམས་ཅད་ལ་དབང་སྒྱུར་བས་དབང་པོ་ལྟ་བུའོ། །དབུལ་བ་ཐམས་ཅད་ཡོངས་སུ་སེལ་བས་ངལ་བསོ་པོ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པར་བྱེད་པས་དཔལ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཛེས་པར་བྱེད་པས་ལྷབ་ལྷུབ་ལྟ་བུའོ། །ཉེས་བྱས་ཐམས་ཅད་སྲེག་པས་བསྐལ་པས་ཚིག་པའི་མེ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་
འཕེལ་བར་བྱེད་པས་རྩ་བ་མ་གྲུབ་པའི་སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའོ། །ཉོན་མོངས་པའི་དུག་ཐམས་ཅད་རྣམ་པར་སེལ་བས་ཀླུའི་རིན་པོ་ཆེ་ལྟ་བུའོ། །རྙོག་པ་ཐམས་ཅད་སེལ་བས་ནོར་བུ་རིན་པོ་ཆེ་ཆུ་འདང་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་སྒྲུབ་པས་ཡིད་བཞིན་གྱི་རིན་པོ་ཆེའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ཀྱི་རྒྱན་གྱི་ཆར་མངོན་པར་འབེབས་པས་འདོད་སྦྱིན་གྱི་ཤིང་ལྟ་བུའོ། །འཁོར་བའི་སྐྱོན་ཐམས་ཅད་དང་མ་འདྲེས་པས་གོས་དང་རིས་ཅན་ལྟ་བུའོ། །རང་བཞིན་གྱིས་འོད་གསལ་བས་ཤིང་བལ་གྱི་རྒྱུད་ལྟ་བུའོ། །སེམས་ཅན་གྱི་བསམ་པའི་ཞིང་རྣམ་པར་སྤྱོད་པས་གཤོལ་ལྟ་བུའོ། །འཇིག་ཚོགས་ཀྱི་གོ་ཅ་རྟོལ་བས་མདེའུ་ཐུང་ལྟ་བུའོ། །སྡུག་བསྔལ་གྱི་འབེན་ངེས་པར་འབིགས་པས་མདའ་ལྟ་བུའོ། །ཉོན་མོངས་པའི་དགྲ་ལས་རྣམ་པར་རྒྱལ་བར་བྱེད་པས་མདུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེབས་པས་གོ་ཅ་ལྟ་བུའོ། །ཉོན་མོངས་པའི་ཀླད་འགེམས་པས་རལ་གྲི་ལྟ་བུའོ། །ང་རྒྱལ་དང་དྲེགས་པ་དང་རློམ་པའི་གོ་ཅ་འདྲལ་བས་རལ་གྲིའི་སོ་ལྟ་བུའོ། །བག་ལ་ཉལ་གྱི་གོ་ཆ་གཤོག་པས་མདའ་སྟེའུ་ཀ་ལྟ་བུའོ། །ང་རྒྱལ་གྱི་རྒྱལ་མཚན་སྙོལ་བས་དཔའ་བོའི་རུ་མཚོན་ལྟ་བུའོ། །མི་ཤེས་པའི་ཤིང་སྒྱེལ་བར་བྱེད་པས་ལག་ཆ་ལྟ་བུའོ། །སྡུག་བསྔལ་གྱི་ཤིང་རབ་ཏུ་གཅོད་པས་སྟ་རེ་ལྟ་བུའོ། །གནོད་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པས་མཚོན་ཆ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པའི་ལུས་ཡོངས་སུ་སྲུང་བས་ལག་པ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ལ་སོ་སོར་འགོད་པས་རྐང་པ་ལྟ་བུའོ། །མ་རིག་པའི་པྲིའི་ལིང་ཏོག་ཡོངས་སུ་སེལ་བས་མིག་མཁན་ལྟ་བུའོ། །འཇིག་ཚོགས་ཀྱི་ཟུག་རྔུ་ཡང་དག་པར་འབྱིན་པས་སྐམ་པ་ལྟ་བུའོ། །བག་ལ་ཉལ་གྱི་ཚེར་མ་འབྱིན་པས་ཚེར་ཟུང་ལྟ་བུའོ། །འཁོར་བའི་བཅིངས་པ་ལས་ཡོངས་སུ་འགྲེལ་པས་མཛའ་བོ་ལྟ་བུའོ། །གནོད་པ་ཐམས་ཅད་
སེལ་བས་ནོར་བུ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱིས་འབྱུང་བའི་ལམ་མངོན་པར་ཤེས་པར་བྱེད་པས་གཙུག་ལག་ལྟ་བུའོ། །བསོད་ནམས་མི་ཟད་པས་གཏེར་ལྟ་བུའོ། །ཡེ་ཤེས་མི་ཟད་པས་ཆུ་མིག་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་གདོང་གི་གཟུགས་བརྙན་སྟོན་པས་མེ་ལོང་གི་དཀྱིལ་འཁོར་ལྟ་བུའོ། །འགོ་བ་མེད་པས་མེ་ཏོག་པུན་ད་རི་ཀ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་རྒྱུན་ཏུ་འབབ་པས་ཆུ་ཀླུང་ཆེན་པོ་ལྟ་བུའོ། །ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབེབ་པས་ཀླུའི་རྒྱལ་པོ་ཆེན་པོ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པས་འཚོ་བའི་དབང་པོ་ལྟ་བུའོ། །འཆི་བ་མེད་པའི་དབྱིངས་སུ་ཕྱིན་པར་བྱེད་པས་བདུད་རྩི་ལྟ་བུའོ། །འདུལ་བའི་སེམས་ཅན་ཐམས་ཅད་ཡོངས་སུ་སྡུད་ཅིང་འདྲེན་པས་ཀུན་ནས་འཁོར་བའི་སྙིང་ལྟ་བུའོ། །འཁོར་བའི་ཆུ་ལ་རྒྱུ་བ་མངོན་པར་འདོན་པས་མཆིལ་པ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ཀྱི་དྲི་ཞིམ་པོ་འཛིན་པས་སྤོས་ཀྱི་སྣོད་ལྟ་བུའོ། །ཤིན་ཏུ་ནད་མེད་པར་བྱེད་པས་དུག་སྨན་ལྟ་བུའོ། །འདོད་པས་དགའ་བའི་དུག་མེད་པར་བྱེད་པས་དུག་གི་གཉེན་པོ་ལྟ་བུའོ། །ཚུལ་བཞིན་མ་ཡིན་པའི་དུག་ཐམས་ཅད་འབྱང་བར་བྱེད་པས་སྔགས་དང་གཟུངས་ལྟ་བུའོ། །སྒྲིབ་པ་དང་བར་ཆད་ཀྱི་རྩྭ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་རིན་པོ་ཆེའི་གླིང་ལྟ་བུའོ། །ཆོས་དཀར་པོ་ཐམས་ཅད་འབྱུང་བས་རིགས་ལྟ་བུའོ། །ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེ་བའི་སྒོར་གྱུར་པས་འབྱུང་གནས་ལྟ་བུའོ། །བྱང་ཆུབ་སེམས་དཔའི་ཚོང་པ་ཐམས་ཅད་ཀྱིས་སྤྱོད་པས་ཚོང་དུས་ལྟ་བུའོ། །ལས་དང་ཉོན་མོངས་པའི་སྒྲིབ་པ་དང་དྲི་མ་ཐམས་ཅད་ཡོངས་སུ་སྦྱོང་བས་ཆུའི་ཁམས་ལྟ་བུའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པས་སྦྲང་རྩིའི་གནས་ལྟ་བུའོ། །
བྱང་ཆུབ་སེམས་དཔའ་ཐམས་ཅད་ཐམས་ཅད་མཁྱེན་པའི་ཕོ་བྲང་དུ་ཕྱིན་པར་བྱེད་པས་ལམ་ལྟ་བུའོ། །ཆོས་དཀར་པོ་ཐམས་ཅད་ཡོངས་སུ་འཛིན་པས་སྣོད་ལྟ་བུའོ། །ཉོན་མོངས་པའི་རྡུལ་ཐམས་ཅད་མི་ལྡང་བར་བྱེད་པས་ཆར་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ཐམས་ཅད་སྟོན་པས་གནས་ལྟ་བུའོ། །ཉན་ཐོས་ཀྱི་རྣམ་པར་གྲོལ་བ་དང་མི་འདྲེ་བས་རྡོ་བ་ཁབ་ལེན་ལྟ་བུའོ། །རང་བཞིན་གྱིས་དྲི་མ་མེད་པས་བཻ་ཌཱུརྱ་ལྟ་བུའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་འཇིག་རྟེན་ཤེས་པ་ཐམས་ཅད་ཟིལ་དུ་རླག་པ་དང་། ཟིལ་གྱིས་ནོན་པར་བྱེད་པས་ཨིནྡྲ་ནཱི་ལ་ལྟ་བུའོ། །ཉོན་མོངས་པའི་གཉིད་ཀྱིས་ལོག་པའི་སེམས་ཅན་སད་པར་བྱེད་པས་ཐོ་རས་ཀྱི་རྔ་ལྟ་བུའོ། །རྙོག་པ་མེད་པས་ཆུ་དང་བ་ལྟ་བུའོ། །འདུས་བྱས་དང་འདུས་མ་བྱས་ལ་སྤྱོད་པའི་དགེ་བའི་རྩ་བའི་ཚོགས་ཟིལ་དུ་བརླག་པར་བྱེད་པས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་ལྟ་བུའོ། །འཇིག་རྟེན་གསུམ་ལས་མངོན་པར་འཕགས་པས་རིའི་རྒྱལ་པོ་ཆེན་པོ་ལྟ་བུའོ། །སྐྱབས་ཚོལ་བ་ཡོངས་སུ་མི་གཏོང་བས་སྐྱབས་ལྟ་བུའོ། །དོན་མ་ཡིན་པ་འཇོམས་པས་དོན་ལྟ་བུའོ། །སྙིང་དགའ་བར་བྱེད་པས་དབྱིག་ལྟ་བུའོ། །འགྲོ་བ་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པས་མཆོད་སྦྱིན་གྱི་ཡོ་བྱད་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་གཙོ་བོ་དང་ཐུ་བོར་གྱུར་པས་ན་རྒན་པ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པས་གླིང་གཞི་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་སྡུད་པས་མདོ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་སྐྱོང་བས་རྫི་ལྟ་བུའོ། །སྡིག་ཏོ་ཐམས་ཅད་ལས་རྣམ་པར་ཟློག་པས་སྲུངས་མ་ལྟ་བུའོ། །ཉོན་མོངས་པའི་ལྷ་མ་ཡིན་འདྲེན་པས་དབང་པོའི་མིག་འཕྲུལ་ལྟ་བུའོ། །འདུལ་བ་འདྲེན་པས་ཆུའི་ཞགས་པ་ལྟ་བུའོ། །བག་ཆགས་དང་བག་ལ་ཉལ་བ་དང་ཉོན་མོངས་པ་ཐམས་ཅད་གཞོབ་དུ་ཀློག་པས་དབང་པོའི་མེ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་མཆོད་རྟེན་ལྟ་བུའོ། །
རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང་ཡོན་ཏན་གྱི་ཁྱད་པར་གཞན་དག་ཀྱང་ཚད་མེད་པ་དང་ལྡན་པ་སྟེ། རིགས་ཀྱི་བུ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་དེ་སྙེད་དུ་བྱང་ཆུབ་ཀྱི་སེམས་ལ་ཡོན་ཏན་དང་ལེགས་པ་ཡོད་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་དཀྱིལ་འཁོར་རབ་ཏུ་འབྱུང་སྟེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །རིགས་ཀྱི་བུ་དེ་བས་ན་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ལྷག་པའི་བསམ་པས་ཤིན་ཏུ་བཟུང་བས་ཡོན་ཏན་ཚད་མེད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཇིགས་པ་མེད་པ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆང་ན་འཇིགས་པ་ལྔ་མི་འབྱུང་སྟེ། འདི་ལྟར་མེས་མི་ཚིག་གོ །དུག་གིས་མི་ཚུགས་སོ། །མཚོན་གྱིས་མི་ཆོད་དོ། །ཆུས་མི་ཁྱེར་རོ། །དུ་བས་མི་འཆིའོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སེམས་ཀྱི་རྩི་འཆང་བའི་བྱང་ཆུབ་སེམས་དཔའ་ཡང་འདོད་ཆགས་ཀྱི་མེས་མི་ཚིག་གོ །ཡུལ་གྱི་དུག་གིས་མི་ཚུགས་སོ། །ཉོན་མོངས་པའི་མཚོན་གྱིས་མི་ཆོད་དོ། །སྲིད་པའི་ཆུས་མི་ཁྱེར་རོ། །ཡོངས་སུ་རྟོག་པའི་དུ་བས་མི་འཆིའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྣམ་པར་མི་གཏོང་བ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆང་ན་གཞན་གྱིས་གནོད་པར་བྱ་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་ཀྱི་རྩི་འཆང་བ་ལའང་འཁོར་བའི་གནོད་པའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མཆུ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆང་ན་དྲི་ཚོར་བ་ཙམ་གྱིས་སྦྲུལ་ཐམས་ཅད་འབྱེར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་རྩི་འཆང་བའི་ཡོན་ཏན་གྱི་དྲི་ཙམ་གྱིས་ཀྱང་ཉོན་
མོངས་པའི་སྦྲུལ་ཐམས་ཅད་འབྱེར་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཞན་གྱིས་མི་ཐུབ་པའི་རྩི་འཆང་བ་ནི་དགྲ་ཡི་དཀྱིལ་འཁོར་ཐམས་ཅད་ཀྱིས་མི་ཚུགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཞན་གྱིས་མི་ཐུབ་པའི་རྩི་འཆང་བ་ཡང་བདུད་དང་ཕྱིར་རྒོལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཐུབ་པར་དཀའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྣམ་པར་སེལ་བ་ཞེས་བྱ་བའི་རྩི་ཡོད་དེ། དེ་བཅངས་ན་ཟུག་རྔུ་ཐམས་ཅད་འབྱིན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་རྣམ་པར་སེལ་བ་འཆང་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཟུག་རྔུ་ཐམས་ཅད་མི་འབྱུང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩིའི་རྒྱལ་པོ་ཆེན་པོ་བལྟ་ན་སྡུག་པ་ཞེས་བྱ་བ་ཡོད་དེ། དེ་བཅངས་ན་ནད་ཐམས་ཅད་སེལ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་རྩིའི་རྒྱལ་པོ་ཆེན་པོ་བལྟ་ན་སྡུག་པ་འཆང་བ་ཡང་ཉོན་མོངས་པ་དང་མི་ཤེས་པའི་ནད་ཐམས་ཅད་རབ་ཏུ་སེལ་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩིའི་ཤིང་ཆེན་པོ་སྦྱོར་བ་ཞེས་བྱ་བ་ཡོད་དེ། དེའི་ཤུན་པས་རྨ་ལ་རེག་མ་ཐག་ཏུ་རྨ་ཐམས་ཅད་འཚོ་བར་འགྱུར་རོ། །གང་ནས་བཤུས་པ་དེའི་ཤུན་ཕྲགས་ཀྱང་ཕྱིར་སྐྱེའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ལས་སྐྱེས་པའི་ཤིང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་ཡང་མཐོང་མ་ཐག་ཏུ་རིགས་ཀྱི་བུ་དད་པ་རྣམས་ཀྱི་ལས་དང་ཉོན་མོངས་པའི་རྨ་ཡོངས་སུ་འཚོ་བར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་དེ་ལ་ཡང་འཇིག་རྟེན་ཐམས་ཅད་ཀྱིས་རྨ་དབྱུང་བའམ་ཉམས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩི་ཆེན་པོའི་རྣམ་པ་རྩ་བ་མ་གྲུབ་པ་ཞེས་བྱ་བ་ཡོད་དེ། དེའི་མཐུས་འཛམ་བུའི་གླིང་གི་ཤིང་ཐམས་ཅད་ཀྱང་ཡན་ལག་ཐམས་ཅད་དུ་རྣམ་པར་འཕེལ་ལོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རྩ་བ་མ་གྲུབ་པའི་རྩི་ཆེན་པོའི་མཐུས་ཀྱང་། སློབ་པ་དང་མི་སློབ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བའི་ཆོས་ཀྱི་ཤིང་རྣམས་རྣམ་པར་འཕེལ་ལོ། །འདི་ལྟ་སྟེ་དཔེར་ན། དགའ་བ་འཐོབ་པ་ཞེས་བྱ་བའི་རྩི་ཡོད་དེ། དེ་སུའི་ལུས་ལ་ཐོགས་པ་དེའི་ལུས་དང་སེམས་ནད་མེད་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དགའ་བ་འཐོབ་པར་བྱེད་པའི་རྩི་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་དང་སེམས་ནད་མེད་པ་ཡོངས་སུ་སྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དྲན་པ་འཐོབ་པ་ཞེས་བྱ་བའི་རྩི་ཡོད་དེ། དེ་བཅངས་ན་སེམས་ཀྱི་དྲན་པ་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དྲན་པ་འཐོབ་པར་བྱེད་པའི་རྩི་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་དྲན་པ་རྣམ་པར་དག་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། པད་མ་ཆེན་པོ་ཞེས་བྱ་བའི་རྩི་ཡོད་དེ། དེ་ཟོས་པ་ཙམ་གྱིས་ཚེའི་ཚད་བསྐལ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་པད་མོ་ཆེན་པོའི་རྩི་ཟོས་པའི་བྱང་ཆུབ་སེམས་དཔའ་ཡང་བསྐལ་པ་གྲངས་མེད་པའི་ཚེ་ལ་དབང་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མི་སྣང་བ་ཞེས་བྱ་བའི་རྩི་ཡོད་དེ། དེ་བཅངས་ན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མི་མཐོང་ངོ་། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་རྩི་མི་སྣང་བར་འགྱུར་བ་བཅངས་ཏེ་འདྲེས་པ་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་བདུད་ཀྱི་ཡུལ་ཐམས་ཅད་དུ་མི་སྣང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཡོངས་སུ་སྡུད་པ་ཞེས་བྱ་བ་ཡོད་དེ། དེ་འཇིག་རྟེན་གྱི་ཁམས་གཞན་དུ་མ་འཕོས་ན་རྒྱ་མཚོ་ཆེན་པོ་ལ་བསྐལ་པས་ཚིག་པའི་མེ་ཐམས་ཅད་ཀྱིས་ཀྱང་ཏ་ལ་ཙམ་ཡང་བསྐམ་པར་ནུས་པའི་གནས་མེད་སྐབས་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནོར་བུ་རིན་པོ་ཆེ་ཐམས་ཅད་ཡོངས་སུ་སྡུད་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་བསམ་པ་དང་། སེམས་ཀྱི་རྒྱུད་ལ་ཡོད་པ་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་འགའ་ཞིག་རྣམ་པར་ཆུད་ཟ་
བར་འགྱུར་བ་དེ་ལྟ་བུའི་གནས་མེད་སྐབས་མེད་དེ། དེ་ནི་མི་སྲིད་དེ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡོངས་སུ་བཏང་བ་ཞིག་ཏུ་གྱུར་ན་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱང་བསྐམ་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་འོད་ཐམས་ཅད་ཡོངས་སུ་འདུས་པ་ཞེས་བྱ་བ་ཡོད་དེ། དེ་མགུལ་དུ་བཏགས་ན་ནོར་བུ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱང་ཟིལ་གྱིས་ནོན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འོད་ཐམས་ཅད་ཡོངས་སུ་འདུས་པའི་རིན་པོ་ཆེ་ཆེན་པོ་བསམ་པའི་རྒྱན་དུ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཉན་ཐོས་དང་རང་སངས་རྒྱས་སུ་སེམས་བསྐྱེད་པའི་རིན་པོ་ཆེའི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཆུ་འདང་ཞེས་བྱ་བ་ཡོད་དེ། དེ་ཆུར་བཅུག་ན་འདམ་དང་རྙོག་པ་ཐམས་ཅད་རབ་ཏུ་དང་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཆུ་འདང་གི་ནོར་བུ་རིན་པོ་ཆེ་ཡང་ཉོན་མོངས་པའི་འདམ་དང་། རྙོག་པ་ཐམས་ཅད་རབ་ཏུ་དང་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཆུ་དང་འགྲོགས་པ་ཞེས་བྱ་བ་ཐོགས་པའི་ཉ་པ་ནི་ཆུར་མི་འཆིའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཆུ་དང་འགྲོགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་འཁོར་བའི་རྒྱ་མཚོ་ཐམས་ཅད་དུ་མི་འཆིའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཀླུའི་ནོར་བུའི་གོ་ཆ་ཞེས་བྱ་བ་ཡོད་དེ། དེ་ལག་ན་འདུག་ན་ཉ་པ་ལ་སྩོགས་པ། ཆུ་ལས་འཚོ་བ་རྣམས་ཀླུའི་གནས་ཐམས་ཅད་དུ་འདོང་ཡང་ཀླུའི་སྦྲུལ་ཐམས་ཅད་ཀྱིས་མི་ཚུགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཡེ་ཤེས་ཀླུའི་ནོར་བུའི་གོ་ཅ་འཆང་བའི་བྱང་ཆུབ་སེམས་དཔའ་ཡང་འདོད་པའི་གནས་ཀྱི་ཁམས་ཐམས་ཅད་དུ་འགྲོ་བ་ཡང་ཉམས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བརྒྱ་བྱིན་མངོན་པར་ཆགས་པ་ཐོགས་པའི་ལྷའི་རྒྱལ་པོ་བརྒྱ་བྱིན་ནི། ལྷའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བརྒྱ་བྱིན་མངོན་པར་ཆགས་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་སྨོན་ལམ་གྱི་ཅོད་པན་མགོ་ལ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཁམས་གསུམ་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཡིད་བཞིན་གྱི་རྒྱལ་པོ་ཐོགས་པའི་མི་ནི་ཕོངས་པ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡིད་བཞིན་གྱི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཡོ་བྱད་དང་འཚོ་བས་བག་ཚ་བ་ཐམས་ཅད་ཀྱིས་མི་འཇིགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཉི་མས་མཛེས་པ་ནི་ཉི་མ་ལ་བསྟན་ན་མེ་འབྱུང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཉི་མས་མཛེས་པའི་ནོར་བུ་རིན་པོ་ཆེ་ཡང་ཤེས་རབ་ཀྱི་འོད་ཟེར་གྱིས་ཕོག་ན་ཡེ་ཤེས་ཀྱི་མེ་འབྱིན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཟླ་བས་མཛེས་པ་ཞེས་བྱ་བ་ལ་ཟླ་བའི་འོད་ཀྱིས་ཕོག་ན་ཆུའི་རྒྱུན་འབྱིན་ཏོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟླ་བས་མཛེས་པའི་རིན་པོ་ཆེ་ཆེན་པོ་ཡང་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཟླ་བའི་འོད་ཀྱིས་ཕོག་ན་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྨོན་ལམ་གྱི་ཆུའི་རྒྱུན་འབྱིན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་གཞན་གྱི་གནོད་པར་བྱ་བའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལའང་ངན་སོང་དང་ངན་འགྲོས་གནོད་པར་བྱ་བའི་འཇིགས་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་འགྲོ་བའི་རྒྱན་དམ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བས་ནམ་ཡང་བྱང་བར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འགྲོ་བ་ཐམས་ཅད་ཀྱི་རྒྱན་གྱི་དམ་པའི་ནོར་བུ་རིན་
པོ་ཆེ་ཆེན་པོ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བས་ནམ་ཡང་བྱང་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ནི་མུན་པ་ཐམས་ཅད་ཡོངས་སུ་སེལ་ཅིང་འགྲོ་སྟེ། ཁྱིམ་གྱི་ནང་ན་གནས་ན་ཡང་རབ་ཏུ་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེ་ཡང་མ་རིག་པའི་མུན་པ་ཐམས་ཅད་སེལ་ཅིང་འགྲོ་བའི་རྒྱུད་ཐམས་ཅད་དུ་འགྲོ་སྟེ། འདོད་པའི་ཁམས་ན་གནས་ན་ཡང་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རབ་ཏུ་འགྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གང་ཅི་ཡང་རུང་སྟེ་ནོར་བུ་རིན་པོ་ཆེ་ཆེན་པོ་ཨིན་དྲ་ནཱི་ལའི་འོད་ཀྱིས་ཕོག་པ་དེ་དག་ཐམས་ཅད་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ཨིནྡྲ་ནཱི་ལའི་ཁ་དོག་དུ་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཨིན་དྲ་ནཱི་ལ་ཡང་ཆོས་གང་དང་གང་ལ་རྣམ་པར་སྤྱད་པ་དང་། ཡོངས་སུ་བཏང་བ་དང་། དགེ་བའི་རྩ་བ་གང་ཅི་ཡང་རུང་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པས་ཡོངས་སུ་བསྔོས་པ་དེ་དག་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཁ་དོག་ཏུ་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ནི་ལོ་བརྒྱ་ཕྲག་སྟོང་དུ་མི་གཙང་བའི་ནང་ཞིག་ན་འདུག་ཀྱང་དྲི་མི་ཞིམ་པ་ཐམས་ཅད་དང་ལྷན་ཅིག་མི་གནས་ཏེ། དེའི་རང་བཞིན་འོད་གསལ་བ་ནི་དེ་བཞིན་དུ་གསལ་ཞིང་ཤིན་ཏུ་དྲི་མ་མེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཡང་བསྐལ་པ་བརྒྱ་ཕྲག་སྟོང་ཞིག་ཏུ་འདོད་པའི་ཁམས་ཐམས་ཅད་དུ་གནས་ཀྱང་འདོད་པའི་ཁམས་ཀྱི་སྐྱོན་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འོད་གསལ་བ་ནི་དེ་བཞིན་དུ་ཤིན་ཏུ་དག་པར་གནས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དྲི་མ་མེད་པས་རྣམ་པར་དག་པའི་འོད་ཅེས་
བྱ་བ་ནི་རིན་པོ་ཆེའི་འབྱུང་གནས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དྲི་མ་མེད་པས་རྣམ་པར་དག་པའི་འོད་ཀྱང་སོ་སོའི་སྐྱེ་བོ་དང་། སློབ་པ་དང་མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེ་ཆེན་པོ་མེ་འབྱུང་བ་ཞེས་བྱ་བ་ནི་གཅིག་པུ་གནས་ཀྱང་མུན་པ་ཐམས་ཅད་རྣམ་པར་སེལ་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་མེ་འབྱུང་བ་ལྷག་མཐོང་དང་ལྡན་པ་གཅིག་པུ་ཡང་ཚུལ་བཞིན་ཡིད་ལ་བྱ་བས་མི་ཤེས་པའི་མུན་པ་ཐམས་ཅད་རྣམ་པར་སེལ་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནས་གྲུས་བླངས་པའི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཚོང་པའི་ལག་དུ་འོང་བ་ནི་གྲོང་ཁྱེར་དུ་ཕྱིན་ན་ནོར་བུ་འཆིང་བུ་བརྒྱ་ཕྲག་སྟོང་ཡང་ཁ་དོག་དང་རིན་ཐང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་འཁོར་བའི་རྒྱ་མཚོ་ཆེན་པོ་ན་གནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་རིན་ཐང་མེད་པ་སྨོན་ལམ་གྱི་གྲུར་བཅུག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པས་ལྷག་པའི་བསམ་པའི་རྒྱུད་ལ་འདུག་སྟེ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་མ་ཕྱིན་ཀྱང་རྣམ་པར་གྲོལ་བའི་གྲོང་ཁྱེར་དུ་ཕྱིན་ན་ཉན་ཐོས་དང་རང་སངས་རྒྱས་ནོར་བུ་འཆིང་བུ་ལྟ་བུ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོ་ཞེས་བྱ་བ་ཡོད་དེ། དེ་ནི་འཛམ་བུའི་གླིང་ན་གནས་ཀྱང་དཔག་ཚད་སྟོང་ཕྲག་བཞི་བཅུ་ན་གནས་པའི་གཉི་ཟླའི་དཀྱིལ་འཁོར་གྱི་ཁྱིམ་གྱི་གཞལ་མེད་ཁང་གི་གཟུགས་བརྙན་གྱི་རྒྱན་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་ཡོན་ཏན་ཐམས་ཅད་ཀྱིས་ཡོངས་སུ་སྦྱངས་པའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོ་ཡང་
འཁོར་བའི་གནས་ན་འདུག་བཞིན་དུ། ཆོས་ཀྱི་དབྱིངས་ཀྱི་ནམ་མཁའི་སྤྱོད་ཡུལ་ལས་རྒྱུ་བའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་གཉི་ཟླ་དང་སངས་རྒྱས་ཀྱི་ཡུལ་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་གཟུགས་བརྙན་གྱི་རྒྱན་ཡོངས་སུ་སྟོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཇི་སྲིད་དུ་གཉི་ཟླའི་དཀྱིལ་འཁོར་འོད་ཀྱིས་སྣང་བར་བྱེད་པ་དེ་སྲིད་དུ་ནོར་དང་། འབྲུ་དང་། རིན་པོ་ཆེའི་རྣམ་པ་དང་། གསེར་དང་དངུལ་དང་། མྱེ་ཏོག་དང་སྤོས་དང་ཕྲེང་བ་དང་། གོས་དང་ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ །དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མི་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟག་པ་ཡོད་པའམ། ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་རྒྱ་མཚོའི་རྒྱན་ཀྱི་དམ་པ་ཞེས་བྱ་བ་ཡོད་དེ། དེ་ནི་རྒྱ་མཚོའི་རྒྱན་ཐམས་ཅད་ཡོངས་སུ་སྟོན་ཏོ། ། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་རྒྱ་མཚོའི་རྒྱན་གྱི་དམ་པ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་རྒྱ་མཚོའི་རྒྱན་ཐམས་ཅད་ཡོངས་སུ་སྟོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཡིད་བཞིན་གྱི་རྒྱལ་པོ་མ་གཏོགས་པར་ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་ལས་ལྷག་པར་འཕགས་པ་གང་ཡང་མེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནོར་བུ་རིན་པོ་ཆེ་ཆེན་པོ་ཡིད་བཞིན་གྱི་རྒྱལ་པོ་མ་གཏོགས་པར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་ལས་ལྷག་པར་ཁྱད་པར་དུ་འཕགས་པ་གང་ཡང་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཀླུའི་ཚོགས་གྲུབ་པར་གྱུར་པའི་སྦྲུལ་འདུལ་བ་ནི་ཀླུ་དང་
སྦྲུལ་ཐམས་ཅད་ལ་དབང་བསྒྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནན་ཏན་གྱི་ཀླུའི་དཀྱིལ་འཁོར་གྲུབ་པའི་བྱང་ཆུབ་སེམས་དཔའ་སྦྲུལ་འདུལ་བ་ཡང་ཉོན་མོངས་པའི་ཀླུ་དང་། སྦྲུལ་ཐམས་ཅད་ལ་དབང་བསྒྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དཔའ་བོ་ལག་ཆ་དང་ལྡན་པ་ནི་དགྲའི་འཁོར་གྱིས་ཚུགས་པར་དཀའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ལག་ཆ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཉོན་མོངས་པའི་དགྲའི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཐུབ་པར་དཀའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ལྷ་རྫས་ཀྱི་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མ་སྲང་གཅིག་གིས་ནི་སྟོང་གི་འཇིག་རྟེན་གྱི་ཁམས་དྲི་ཞིམ་པོས་རྒྱས་པར་འགེངས་ཏེ་དེ་ཞོ་གཅིག་ཙམ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་ཡོངས་སུ་གང་བ་རིན་དུ་མི་ཆོག་གོ །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལྷ་རྫས་ཀྱི་ཙན་དན་སྦྲུལ་གྱི་སྙིང་པོས་ལྷག་པའི་བསམ་པ་གཅིག་ལ་གནས་པའི་ཁམས་ཀྱང་ཆོས་ཀྱི་དབྱིངས་ཐམས་ཅད་ཡོན་ཏན་གྱི་དྲི་ཞིམ་པོར་རྒྱས་པར་འགེངས་ཏེ་སློབ་པ་དང་མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱང་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཙན་དན་རིན་པོ་ཆེ་ཆེན་པོ་ཁ་བའི་ཙན་དན་ཞེས་བྱ་བ་ནི་གདུང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ། ལུས་ཐམས་ཅད་ཀྱང་རབ་ཏུ་བསིལ་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཁ་བའི་ཙན་དན་རིན་པོ་ཆེ་ཡང་ཉོན་མོངས་པའི་ཀུན་ཏུ་རྟོག་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་གདུང་བ་ཐམས་ཅད་ཀྱང་རབ་ཏུ་སེལ་ཏོ། །ཡེ་ཤེས་ཀྱི་ལུས་ཀྱང་རབ་ཏུ་སིམ་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཇི་སྙེད་ཅིག་ཉེ་བར་འདོང་བ་དེ་དག་ཐམས་ཅད་གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་གང་སུ་ཡང་
རུང་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོངས་པ་དེ་དག་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་སུས་ཀྱང་མི་ཚུགས་པ་དང་། ཀུན་ནས་འདུ་བའི་ཤུན་ཕྲགས་ཀྱི་དྲི་ཞིམ་པོ་འབྱུང་བ་དེ་ལྟ་བུ་ནི་འཛམ་བུ་གླིང་གི་མེ་ཏོག་པར་ཤི་ཀ་དང་། མེ་ཏོག་ཛ་ཏི་དང་། མེ་ཏོག་སུ་མ་ན་ལ་སྩོགས་པ་མེ་ཏོག་གི་རྣམ་པ་ཐམས་ཅད་ལ་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ས་བོན་ལས་བྱུང་བའི་སྨོན་ལམ་གྱི་ཤིང་གི་ཡོན་ཏན་དང་ཡེ་ཤེས་ཀྱི་ཤུན་ཕྲགས་ཀྱི་དྲི་ཞིམ་པོའི་ངད་འབྱུང་བ་འདི་ལྟ་བུ་ནི་དགེ་བའི་རྩ་བ་དམའ་བ་དང་ལྡན་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་མེ་ཏོག་པར་ཤི་ཀ་དང་། མེ་ཏོག་ཛ་ཏི་དང་། མེ་ཏོག་སུ་མ་ནའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཟག་པ་མེད་པ་དང་ལྡན་པ་ཐམས་ཅད་ལ་ཡང་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་སུས་ཀྱང་མི་ཐུབ་པ་དང་། ཀུན་ནས་འདུ་བ་ཁ་འབུས་པར་གྱུར་ན། མེ་ཏོག་སྟོང་ཕྲག་མང་པོའི་འབྱུང་གནས་སུ་གྱུར་པར་ཤེས་པར་བྱའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཤིང་ཀུན་ནས་འདུ་བ་དགེ་བའི་རྩ་བས་ཁ་འབུས་པར་གྱུར་ན། ལྷ་དང་མྱི་གྲངས་མྱེད་པའི་བྱང་ཆུབ་ཀྱི་མེ་ཏོག་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་སྐྱེ་གནས་སུ་འགྱུར་བར་ཤེས་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་ཀུན་ནས་འདུ་བའི་མེ་ཏོག་གིས་ཉི་མ་གཅིག་ཏུ་བསྒོས་པའི་གོས་སམ། ཏིལ་མར་ལས་དྲི་ཞིམ་པོའི་ངད་འབྱུང་བ་དེ་ལྟ་བུ་ཡང་མེ་ཏོག་ཙམ་པ་ཀ་དང་། མེ་ཏོག་སུ་མ་ནས་ཉི་མ་བརྒྱ་ཕྲག་སྟོང་དུ་བསྒོས་པའི་གོས་སམ་ཏིལ་མར་ལས་ཀྱང་མི་འབྱུང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་རྒྱུད་ཚེ་
གཅིག་ཏུ་ཡོངས་སུ་བསྒོམས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་ཡེ་ཤེས་ཀྱི་དྲི་ཞིམ་པོའི་ངད་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞབས་ཀྱི་དྲུང་དུ་ལྡང་བ་དེ་ལྟ་བུ་ནི་བསྐལ་པ་བརྒྱ་ཕྲག་སྟོང་དུ་བསྒོམས་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ལས་ཀྱང་ཟག་པ་མེད་པའི་དགེ་བའི་རྩ་བ་དང་། ཆོས་ཀྱི་ཡེ་ཤེས་ཀྱི་དྲི་ཞིམ་པོ་མི་འབྱུང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་གི་རིགས་ན་ལི་ཀི་རི་ཞེས་བྱ་བ་རྒྱ་མཚོ་གནོད་པ་དང་བྲལ་བ་ནས་སྐྱེ་བ་ཡོད་དེ། དེའི་རྩ་བ་ཡན་ཆད་མེ་ཏོག་གི་བར་དུ་ཡང་དུས་ཐམས་ཅད་དུ་ནམ་ཡང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་མི་འགྱུར་བ་མེད་དོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་རྩ་བས་ཡང་དག་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཡང་ཐོག་མ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་བ་ཕྱིན་ཆད་དམ་པའི་ཆོས་གནས་པའི་མཐར་ཐུག་གི་བར་དུ་ནམ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཉེ་བར་འཚོ་བར་མི་འགྱུར་བ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ་ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱིས་བཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ། ཟད་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མེ་ནི་ཇི་ཙམ་དུ་ཆུང་དུ་ཟིན་ཀྱང་རྐྱེན་ཇི་ཙམ་དང་ཕྲད་པ་དེ་ཙམ་གྱི་མེ་
ལྕེ་ཡོངས་སུ་བསྐྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མྱེ་ཅི་ཙམ་དུ་ཆུང་དུ་ཟིན་ཀྱང་དམྱིགས་པ་རྒྱ་ཆེན་པོའི་ཚོགས་ཀྱི་རྐྱེན་ཇི་ཙམ་དང་ཕྲད་པ་དེ་ཙམ་དུ་ཡེ་ཤེས་ཀྱི་འོད་འཕྲོ་བ་རབ་ཏུ་དགྱེ་བས་རྣམ་པར་འཕེལ་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མྱེ་མར་གཅིག་ལས་མྱེ་མར་བྱེ་བ་བརྒྱ་ཕྲག་སྟོང་ཞིག་བུས་ཀྱང་མེ་མར་དེ་ནི་མྱེ་མར་དེ་སྙེད་བྱུང་བས་མི་ཟད་དེ་མཐར་ཐུག་པ་མེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མེ་མར་གཅིག་ལས་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པ་ཉིད་དུ་ཐུགས་བསྐྱེད་པའི་མེ་མར་མང་པོ་འབར་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མེ་མར་གཅིག་པོ་དེ་ནི་དེ་སྙེད་ཀྱི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མེ་མར་འབྱུང་བས་མི་ཟད་དེ་མཐར་ཐུག་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མེ་མར་གཅིག་ཅིག་ཁྱིམ་འམ། ཁང་བུ་ཇི་ལྟ་བུར་བཅུག་ཀྱང་རུང་སྟེ། བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་བསགས་པའི་མུན་པ་ཡང་རྣམ་པར་སེལ་ཅིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་གཅིག་ཀྱང་སེམས་ཅན་གྱི་བསམ་པའི་ཁྱིམ་ཐིབས་པོ་མ་རིག་པའི་མུན་པ་དང་ལྡན་པ་ཇི་ལྟ་བུ་ཡང་རུང་སྟེ། དེའི་རྒྱུད་དུ་ཕྱིན་ན་དེ་ཕྱིན་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་བརྗོད་དུ་མེད་པར་བསྩགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། མུན་པ་ཐམས་ཅད་རྣམ་པར་སེལ་ཅིང་ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་བསྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མེ་མར་ནི་སྙིང་པོ་ཇི་ཙམ་པ་དེའི་རྐྱེན་ཙམ་དུ་སྣང་བར་བྱེད་དེ། མར་གྱི་ཚོགས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་འབར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མེ་མར་ཡང་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྙིང་པོའི་ཁྱད་པར་ཅི་འདྲ་བ་དེ་ལྟ་བུར་ཆོས་ཀྱི་དབྱིངས་ཡོངས་སུ་སྣང་བར་བྱེད་དེ། སྙིང་རྗེ་ཆེན་པོས་སྤྱོད་པའི་མར་
གྱི་ཚོགས་ཅི་སྲིད་དུ་གནས་པ་དེ་སྲིད་དུ་སེམས་ཅན་གདུལ་བ་དང་། ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་ཀྱི་སྐུ་དོན་བསྒྲུབ་པ་ལ་ཡོངས་སུ་འབར་བར་གནས་སོ།། །།ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སངས་རྒྱས་རྨད་ག་ཅད་ཅེས་བྱ་བ། བམ་པོ་ཉི་ཤུ་པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་མགོ་ལ་ཐོགས་པ་ནི་འདོད་པ་ལ་སྤྱོད་པའི་ལྷའི་བུ་ཐམས་ཅད་ཀྱིས་མི་འཕྲོགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་ནན་ཏན་དང་ཡོན་ཏན་ལ་རབ་ཏུ་གནས་པ་བྱང་ཆུབ་སེམས་དཔའ་ཕྱིར་མྱི་ལྡོག་པ་རྣམས་ཀྱི་སྨོན་ལམ་ཆེན་པོའི་མགོ་ལ་ཐོགས་པ་ནི་བྱིས་པ་ཐ་དད་པའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པ་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རི་དགས་ཀྱི་རྒྱལ་པོ་སེང་གེའི་ང་རོས་ནི་སེང་གེའི་ཕྲུ་གུ་སྐྱེས་ནས། རིང་པོར་མ་ལོན་པའང་ཉམས་སུ་བདེ་ཞིང་རྟའི་རི་དགས་ཐམས་ཅད་ནི་ཀུན་ཏུ་འབྱེར་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་སྐྱེས་བུའི་སེང་གེ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ང་རོ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བརྗོད་པ་ཕྱུང་བས་ནི་ལས་དང་པོ་བའི་བྱང་ཆུབ་སེམས་དཔའ་སེང་གེའི་ཕྲུ་གུ་རྣམས་སངས་རྒྱས་ཀྱི་ཉམས་སུ་བདེ་ཞིང་རྟའི་དམྱིགས་པ་ལ་གནས་པའི་སེམས་ཅན་ཐམས་ཅད་ནི་ཀུན་ཏུ་འབྱེར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སེང་གེའི་རྒྱུས་པ་ལས་རྒྱུད་དུ་བྱས་པའི་པི་བང་གི་སྒྲས་ནི་པི་བང་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་ཆད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་སེང་གེ་ཕ་རོལ་ཏུ་ཕྱིན་པའི་སྐུ་མངའ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུས་པའི་ཡོན་ཏན་བརྗོད་པའི་སྒྲས་འདོད་པའི་རྒྱུད་ཀྱི་དགའ་བའི་པི་བང་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་ཆད་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་དང་། ཡོན་ཏན་གྱི་གཏམ་ཐམས་ཅད་
ཀྱང་ཡོངས་སུ་འགགས་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་བ་དང་། མ་ཧེ་དང་། རའི་འོ་མས་ཡོངས་སུ་གང་བའི་ནང་དུ་སེང་གེའི་འོ་མ་ཐིགས་པ་གཅིག་བླུགས་པས་འོ་མ་དེ་དག་ཐམས་ཅད་འགྱེས་པར་འགྱུར་ཏེ་འདུར་མི་གཏུབ་བོ། །དེ་བཞིན་དུ་བསྐལ་པ་བརྒྱ་ཕྲག་སྟོང་དུ་བསྩགས་པའི་ཉོན་མོངས་པ་ཀུན་གྱི་འོ་མའི་རྒྱ་མཚོར་ཡང་དེ་བཞིན་གཤེགས་པ་སྐྱེས་བུའི་སེང་གེ་ཆེན་པོའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་འོ་མ་ཐིགས་པ་གཅིག་བླུགས་པས་ཐམས་ཅད་མ་ལུས་པར་ཟད་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་པ་རྣམས་ཀྱང་མི་གནས་མི་འདུའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བྱ་ཀ་ལ་པིང་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ནས་མ་བྱུང་བ་ལ་ང་རོའི་མཐུའི་ཁྱད་པར་ཡོད་པ་དེ་ལྟ་བུ་ནི། གངས་ཀྱི་རི་ལ་གནས་པའི་བྱའི་ཚོགས་མཐུ་དང་ཤུགས་ཐམས་ཅད་ཡོངས་སུ་རྫོགས་པ་ཐམས་ཅད་ལ་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཀ་ལ་པིང་ཀའི་ཕྲུ་གུ་ལས་དང་པོ་བ་འཁོར་བའི་སྒོ་ངའི་སྦུབས་ན་འདུག་པ་ལ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱི་ང་རོ་མཐུའི་ཁྱད་པར་ཡོད་པ་དེ་ལྟ་བུ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལྡིང་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པ་ལ་གཤོག་པའི་རླུང་གི་སྟོབས་དང་མཐུ་བདོག་པ་དང་། མྱིག་ཡོངས་སུ་དག་པའི་ཡོན་ཏན་ཡོད་པ་དེ་ལྟ་བུ་ནི་དེ་མ་ཡིན་པའི་བྱ་ལུས་ཚད་དུ་ཕྱིན་པ་གཞན་ཐམས་ཅད་ལ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་ཆེན་པོའི་རིགས་དང་རྒྱུད་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནམ་མཁའ་ལྡིང་ཆེན་པོའི་ཕྲུ་གུ་སེམས་དང་པོ་བསྐྱེད་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་རླུང་གི་སྟོབས་དང་ཤུགས་བདོག་པ་དང་། སྙིང་རྗེ་ཆེན་པོ་དང་ལྷག་པའི་བསམ་པའི་མྱིག་ཡོངས་སུ་དག་པའི་ཡོན་ཏན་ཡོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་བསྐལ་
པ་བརྒྱ་སྟོང་ཚང་བས་བྱུང་བ་ཐམས་ཅད་ལ་མྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཆེན་པོའི་ལག་ནས་སྤྱད་པའི་མདེའུ་ཐུང་གིས་ནི་གོ་ཅ་ཇི་ཙམ་དུ་སྲ་ཡང་རྟོལ་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྟན་པོ་དང་ལྡན་པའི་ལག་ནས་སྤྱད་པའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མདེའུ་ཐུང་གིས་ཀྱང་ལྟ་བ་དང་བག་ལ་ཉལ་བའི་གོ་ཅ་ཐམས་ཅད་མི་རྟོལ་བ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མཐུ་བོ་ཆེ་ཆེན་པོ་ཁྲོས་ཏེ་རྔམ་པའི་འཕྲལ་བ་ལ་ཐོར་བུ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱིས་ཀྱང་མི་ཐུབ་པོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ་ཆེན་པོ་སྙིང་རྗེ་ཆེན་པོས་རྔམ་པའི་ལྷག་པའི་བསམ་པའི་གདོང་ལ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཐོར་བུ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་བདུད་ཐམས་ཅད་དང་བདུད་ཀྱི་ལས་ཐམས་ཅད་ཀྱིས་ཀྱང་མི་ཐུབ་པོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཕོང་གི་སློབ་དཔོན་གྱི་མཆན་བུ་མ་བྱང་བ་འཕོང་གི་ཐབས་ལ་མ་གོམས་པ་ལ་འཕོང་གི་གནས་དང་ཐབས་ཀྱི་མཐུ་དང་ཁྱད་པར་བདོག་པ་དེ་ལྟ་བུ་ནི་ཐམས་ཅད་ལ་བྱང་ཡང་འཕོང་མི་ཤེས་པ་རྣམས་ལ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཅང་ཤེས་ལས་དང་པོ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་མ་གོམས་པ་ལ་སྨོན་ལམ་གྱི་ཡེ་ཤེས་དང་། མོས་པས་སྤྱོད་པའི་མཐུའི་ཁྱད་པར་ཅི་བདོག་པ་དེ་ལྟ་བུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་ཐམས་ཅད་དང་སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཕོང་སློབ་པའི་འཕོང་གི་རྒྱུས་ཐམས་ཅད་ལ་ནི་དང་པོར་རྐང་པའི་སྟངས་ལ་གོམ་པར་བྱ་བ་སྔོན་དུ་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་སློབ་པས་སངས་རྒྱས་ཀྱི་
ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་ཡང་དང་པོར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ལྷག་པའི་བསམ་པ་ལ་ཡང་དག་པར་གནས་པ་སྔོན་དུ་འགྲོའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་སྒྱུ་མའི་རྣམ་པ་དང་ཡུལ་ཐམས་ཅད་ཡོངས་སུ་སྟོན་པའི་བྱ་བ་ཐམས་ཅད་ནི་དང་པོར་སྔགས་ཀྱི་དངོས་གྲུབ་མངོན་པར་བསྒྲུབ་པ་ཡིད་ལ་བྱས་ན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡུལ་དང་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་སྟོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡུལ་ཐམས་ཅད་ལ་ཡང་དང་པོ་སེམས་བསྐྱེད་པའི་སྨོན་ལམ་མངོན་པར་བསྒྲུབ་པ་ནི་ཡོངས་སུ་གྲུབ་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྔགས་དང་རིག་སྔགས་ཐམས་ཅད་ནི་གཟུགས་མེད་པ་ལ་བསྟན་དུ་མྱེད་པ་ཡིན་ཡང་སེམས་བསྐྱེད་པས་སྒྱུ་མའི་སྤྲུལ་པ་དང་གཟུགས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡང་གཟུགས་མེད་པ་ལ་བསྟན་དུ་མེད་དེ། ཆོས་ཀྱི་དབྱིངས་ཐམས་ཅད་སེམས་བསྐྱེད་པ་ལ་དབང་བསྒྱུར་བ་ཙམ་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་ཡོན་ཏན་གྱི་རྒྱན་རྣམ་པར་ཕྱེ་བ་ཐམས་ཅད་ཀྱིས་རྣམ་པར་སྒྲུབ་བོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བྱི་ལའི་མིག་གིས་བལྟས་པ་ཙམ་གྱིས་བྱི་བ་ཐམས་ཅད་ཀུན་ཏུ་འབྱེར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ལྷག་པའི་བསམ་པའི་སྦྱོར་བ་ཙམ་གྱིས་ལས་དང་ཉོན་མོངས་པ་ཐམས་ཅད་འབྱེར་བར་འགྱུར་རོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་བཏགས་ན་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་ཐོགས་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །ཟིལ་དུ་རླག་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་བ་ཁབ་ལོང་གི་རྒྱལ་པོའི་
ཁམས་ཇི་ཙམ་དུ་ཆུང་ཡང་ལྕགས་སྒྲོག་སྲ་བ་ཐམས་ཅད་ཞིག་པར་བྱེད་དོ། །དེ་བཞིན་དུ་སེམས་ཐག་པ་ནས་བསྐྱེད་པའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཁམས་ཇི་ཙམ་དུ་ཆུང་ཡང་ལྟ་བའི་རྣམ་པ་དང་། མ་རིག་པ་དང་སྲེད་པའི་སྒྲོག་ཐམས་ཅད་ཞིག་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་བ་ཁབ་ལོང་གི་ཁམས་ནི་གང་དང་གང་དུ་བཞག་པ་དེ་དང་དེར་ལྕགས་ཕལ་པ་ཐམས་ཅད་འགྱེས་ཤིང་མི་གནས་ལ་མི་འདུའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཁམས་ཀྱང་ལས་དང་ཉོན་མོངས་པའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་གང་དང་གང་དུ་བྱུང་བ་དེ་དང་དེ་དག་གི་ལས་དང་ཉོན་མོངས་པ་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཐམས་ཅད་ཀྱང་འབྱེར་ཞིང་མི་འཁོད་མི་འདུའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཆུ་སྲིན་གྱི་ཚིལ་གྱི་ཟེགས་མ་གཅིག་ཟོས་པའི་ཉ་པ་ནི་ཆུའི་སྲོག་ཆགས་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བ་ཡིན་ཏེ། ཆུ་སྲིན་གྱིས་སོས་བཏབ་ཀྱང་ལུས་ལ་མི་ཚུགས་སོ། །དེ་བཞིན་དུ་ལྷག་པའི་བསམ་པས་བྱང་ཆུབ་ཀྱི་སེམས་ཀྱི་ཆ་གཅིག་ཟོས་པའི་བྱང་ཆུབ་སེམས་དཔའ་ཡང་འཁོར་བའི་ལས་དང་ཉོན་མོངས་པའི་འཇིགས་པ་དང་བྲལ་བ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་ཁོང་དུ་ཆུད་པར་བྱ་བའི་ནང་ན་འདུག་ཀྱང་ཡང་དག་པའི་མཐའ་མངོན་དུ་བྱ་བའི་ལམ་གོལ་བར་ལྟུང་བས་གནོད་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བདུད་རྩིའི་ཆུ་འཐུངས་པའི་སྐྱེས་བུ་ནི་གཞན་གྱི་གནོད་པར་བྱ་བ་ཐམས་ཅད་ཀྱིས་མི་འཆིའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་བདུད་རྩིའི་ཆུ་འཐུངས་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སར་མི་འཆིའོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་སྨོན་ལམ་ལས་ཀྱང་རྒྱུན་འཆད་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན།
བསྐུ་བ་གྲུབ་པའི་སྐྱེས་བུ་ནི་མིའི་གནས་ཐམས་ཅད་ན་རྣམ་པར་སྤྱོད་ཀྱང་མྱི་ཀུན་གྱིས་མི་མཐོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཤེས་རབ་དང་སྨོན་ལམ་གྱིས་ཉེ་བར་བསྟན་པ་བདུད་ཀྱི་ཡུལ་ཐམས་ཅད་རྣམ་པར་སྤྱོད་ཀྱང་བདུད་ཐམས་ཅད་ཀྱིས་མི་མཐོང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་ཆེན་པོ་ལ་རྟེན་པའི་སྐྱེས་བུ་ནི་སྐྱེ་བོ་མ་རབས་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ལ་རྟེན་པ་ཡང་སྒྲིབ་པ་དང་བར་ཆད་དང་ངན་སོང་ཐམས་ཅད་ཀྱིས་མི་འཇིགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ས་ཕུག་གི་ཁྱིམ་ན་གནས་ན་སའི་གསེབ་ཐམས་ཅད་རླན་གྱིས་ཡོངས་སུ་གང་བས་མེའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱུད་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བས་མངོན་པར་བརླན་པ་ལའང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་མྱེས་འཇིགས་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དཔའ་བོ་ལ་རྟེན་པའི་མྱི་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དཔའ་བོ་ལ་རྟེན་པ་ཡང་སྤྱོད་པ་ངན་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ལྷའི་དབང་པོ་བརྒྱ་བྱིན་རྡོ་རྗེའི་ལག་ཅ་ཐོགས་པ་ནི་ལྷ་མ་ཡིན་གྱི་ཚོགས་ཐམས་ཅད་རབ་ཏུ་འཇོམ་མོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་བརྟན་པའི་ལྷག་པའི་བསམ་པ་རྡོ་རྗེའི་ལག་ཅ་ཐོགས་པ་ཡང་བདུད་དང་ཕས་ཀྱི་རྒོལ་བའི་ལྷ་མ་ཡིན་གྱི་ཚོགས་ཐམས་ཅད་རབ་ཏུ་འཇོམ་མོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩི་རོའི་བཅུད་འཐུངས་པའི་སྐྱེས་བུ་ནི་ཚེ་ཤིན་ཏུ་རིང་བར་གནས་སོ། །ཉམ་ཆུང་བར་མི་འགྱུར་རོ། །རྒ་བར་མི་
འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་བཅུད་ཀྱི་ཚོགས་འཐུངས་པ་ཡང་བསྐལ་པ་གྲངས་མེད་པར་འཁོར་བ་ན་འཁོར་ཡང་ཡོངས་སུ་སྐྱོ་བ་མེད་ལ་འཁོར་བའི་སྐྱོན་གྱིས་མི་གོས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྨན་གྱི་རོ་སྦྱར་རོ་ཅོག་ཐམས་ཅད་དུ་ཆུ་ནི་སྔོན་དུ་འགྲོ་བ་སྟེ། གང་ལའང་སྐྱོན་དུ་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་གྱི་ཚོགས་སྦྱར་བ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནི་སྔོན་དུ་འགྲོ་བ་སྟེ། གང་ལ་ཡང་སྐྱོན་དུ་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མིའི་དོན་དུ་བྱ་བ་ཐམས་ཅད་ལ་ནི་སྲོག་གི་དབང་པོ་སྔོན་དུ་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བླང་བ་ལའང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྲོག་གི་དབང་པོ་དང་བྲལ་བ་ནི་ལས་ཐམས་ཅད་ལ་མཐུ་མེད་པས་ཕ་མ་དང་གཉེན་བཤེས་ཀྱི་ཚོགས་ཀྱིས་ཀྱང་ཉེ་བར་འཚོ་བར་བྱར་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དང་བྲལ་བ་ཡང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བ་ལ་མཐུ་མེད་པས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོན་ཏན་གྱིས་ཉེ་བར་འཚོ་བར་བྱར་མྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་དུག་ཐམས་ཅད་ཀྱིས་གདུག་པར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྒྱ་མཚོ་ཆེན་པོ་ཡང་ལས་དང་ཉོན་མོངས་པ་དང་། ཉན་ཐོས་དང་རང་སངས་རྒྱས་སུ་སེམས་བསྐྱེད་པའི་དུག་ཐམས་ཅད་ཀྱིས་གདུག་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་ནི་སྐར་མ་ཐམས་ཅད་ཀྱི་འོད་ཀྱིས་ཐུབ་པར་མི་ནུས་སོ། །
དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐར་མ་ཐམས་ཅད་ཀྱི་ཡོན་ཏན་ཟག་པ་མེད་པའི་འོད་ཀྱིས་མི་ཐུབ་པོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་སྐྱེས་ནས་ཡུན་རིང་དུ་མ་ལོན་པ་ཡང་བློན་པོའི་མཆོག་ཏུ་བྱ་བ་ནས་རྒན་པ་ཐམས་ཅད་རིགས་སུ་རིགས་དང་ལྡན་པར་སྐྱེས་པ་དང་། དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ལས་དང་པོ་བ་ཡང་ཡུན་རིང་པོ་ནས་ཚངས་པར་སྤྱོད་སྤྱོད་པའི་ཉན་ཐོས་ནས་རྒན་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་རྗེ་ཆེན་པོའི་དབང་གི་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བློན་པོ་ཇི་ཙམ་དུ་ནས་རྒན་པས་ཀྱང་རྒྱལ་བུ་གཞོན་ནུ་ཇི་ཙམ་དུ་ཆུང་བ་ལ་ཡང་ཕྱག་བྱ་དགོས་སོ། །རྒྱལ་པོའི་བུས་ཀྱང་བློན་པོ་རྒན་པོ་ལ་རིམ་གྲོར་མི་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཇི་ཙམ་དུ་རྒན་ལ་ཇི་ཙམ་དུ་ཚངས་པའི་སྤྱོད་པ་རིང་དུ་སྤྱོད་སྤྱོད་པ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་ལ་གདུད་པར་བྱའོ། །བྱང་ཆུབ་སེམས་དཔས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་རིམ་གྲོ་མེད་པར་བྱ་བ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་ཐམས་ཅད་ཀྱིས་མི་དགོས་པར་བྱ་བ་ཞིག་ནའང་རྒྱལ་པོའི་མཚན་དང་ལྡན་ན་རིགས་ཀྱི་བཙུན་པས་རྒྱལ་པོའི་བློན་པོ་དམ་པར་བྱ་བ་ཐམས་ཅད་དང་ཡང་མི་མཉམ་མོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་ལས་དང་ཉོན་མོངས་པའི་ཉེ་བར་ལེན་པ་ཐམས་ཅད་ཀྱིས་ནོན་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མཚན་དང་ལྡན་ན། སངས་རྒྱས་ཀྱི་རིགས་ཀྱིས་བཙུན་ཞིང་ཆེ་བས་ཉན་ཐོས་དང་རང་སངས་རྒྱས་མཆོག་ཏུ་ཕྱིན་པ་ཐམས་ཅད་དང་ཡང་མི་མཉམ་མོ། །
རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཡོངས་སུ་དག་པ་ནི་མིག་ལ་རབ་རིབ་ཀྱི་སྐྱོན་ཡོད་ན་ཡོངས་སུ་མ་དག་པར་སྣང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རིན་པོ་ཆེ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་སེམས་ཅན་དད་པའི་མིག་མི་ཤེས་པའི་རབ་རིབ་ཀྱི་སྐྱོན་དང་ལྡན་པ་རྣམས་ལ་ཡོངས་སུ་མ་དག་པར་སྣང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩིའི་གཟུངས་སྔགས་དང་རྩི་ཐམས་ཅད་བསྡུས་ཏེ་བྱས་པ་ནི། རེག་གམ་མཐོང་ངམ། འགྲོགས་ན་ཡང་སེམས་ཅན་གྱི་ནད་རབ་ཏུ་ཞི་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་ལུས་དགེ་བའི་རྩ་བའི་ཚོགས་དང་ཤེས་རབ་དང་ཐབས་ཀྱི་སྔགས་དང་རྩི་ཐམས་ཅད་ལས་བསྒྲུབས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ནི་ཐོས་སམ་མཐོང་ངམ། འགྲོགས་སམ་རྗེས་སུ་དྲན་པའི་ཚུལ་གྱིས་ཀྱང་སེམས་ཅན་གྱི་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གོས་དང་བའི་མཚན་ཉིད་ཅན་ནི་འདམ་གྱི་ཉེས་པ་ཐམས་ཅད་ཀྱིས་མི་གོས་སོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་གོས་དང་བའི་མཚན་ཉིད་ཅན་ནི་འཁོར་བའི་ཉོན་མོངས་པའི་འདམ་གྱི་སྐྱོན་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་གི་གཟུགས་མགོ་གཟེར་གྱིས་བཏབ་པ་ནི་ཡོངས་སུ་འགྱེས་པར་མི་འགྱུར་ཏེ། བྱ་བ་ཐམས་ཅད་ཀྱང་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་པའི་ཡེ་ཤེས་ཀྱི་ལུས་ཀྱི་སྤྱི་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྨོན་ལམ་གྱི་གཟེར་གྱིས་བཏབ་པ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ལ་མཐུ་ཡོད་དེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་གྱི་ཡེ་ཤེས་ལས་ལུས་སུ་གྲུབ་པ་ཡིན་པས་ཡོངས་སུ་འགྱེས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གཟེར་དང་མི་ལྡན་པའི་འཁྲུལ་འཁོར་ནི་ཤིང་གི་ཡན་ལག་དེ་ཉིད་ཡིན་ཡང་དགོས་པ་བྱ་བའི་མཐུ་མེད་དོ། །དེ་བཞིན་དུ་བྱང་ཆུབ་
སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ལྷག་པའི་བསམ་པ་དང་མི་ལྡན་ན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་དེ་ཉིད་ཡིན་ཡང་སངས་རྒྱས་ཀྱི་ཆོས་བསྒྲུབ་པ་ལ་མཐུ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་རིན་པོ་ཆེའི་ཨ་ག་རུ་ནག་པོ་གླང་པོའི་སྙིང་པོ་ཞེས་བྱ་བ་ཡོད་པ་དེས་བདུགས་མ་ཐག་ཏུ་རྒྱལ་པོའི་འཁོར་ལོས་སྒྱུར་བའི་ཡན་ལག་བཞིའི་དཔུང་གི་ཚོགས་ཐམས་ཅད་ཀྱང་ནམ་མཁའ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཨ་ག་རུས་བདུགས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཁམས་གསུམ་པ་ཐམས་ཅད་ལས་རྣམ་པར་འདས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ནམ་མཁའི་སྤྱོད་ཡུལ་འདུས་མ་བྱས་པ་ཐམས་ཅད་ཀྱི་མཐར་ཐུག་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་རིན་པོ་ཆེ་མ་རབས་ཀྱི་འབྱུང་ཁུང་ནས་མི་འབྱུང་གི་རྡོ་རྗེའི་འབྱུང་ཁུང་ངམ། གསེར་གྱི་འབྱུང་ཁུངས་ནས་འབྱུང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུའང་སེམས་ཅན་གྱི་བསམ་པའི་དགེ་བའི་རྩ་བ་མ་རབས་ཀྱི་རིན་པོ་ཆེའི་འབྱུང་གནས་ནས་མི་སྐྱེ་སྟེ། གཞན་དུ་ན་སེམས་ཅན་ཡོངས་སུ་སྐྱོབ་པའི་སྙིང་རྗེ་ཆེན་པོའི་རྡོ་རྗེའི་འབྱུང་ཁུང་ངམ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལྷག་པར་དམིགས་པའི་གསེར་གྱི་འབྱུང་ཁུངས་ཆེན་པོ་ནས་འབྱུང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་གི་རིགས་རྩ་བ་མེད་པ་ཞེས་བྱ་བ་ཡོད་དེ། དེའི་རྩ་བ་མཐར་ཐུག་པ་མི་དམིགས་མོད་ཀྱི་ཤིང་རྣམས་ལ་ཡལ་ག་དང་ལོ་མ་དང་འདབ་མ་དང་མེ་ཏོག་ཤིན་ཏུ་རྒྱས་པ་དྲ་བ་ལྟ་བུར་གྱུར་པ་ཡང་སྣང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དགེ་བའི་རྩ་བའི་མཐར་ཐུག་པའང་མི་དམིགས་མོད་ཀྱི་འཇིག་རྟེན་གྱི་སྐྱེ་གནས་ཐམས་ཅད་དུ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་དང་
མངོན་པར་ཤེས་པའི་མེ་ཏོག་ཤིན་ཏུ་རྒྱས་པ་སྨོན་ལམ་ཆེན་པོའི་དྲ་བར་གྱུར་པ་ཡང་ཡོངས་སུ་སྣང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་སྣོད་ངན་པའི་གཞི་ལ་འདུག་ན་མཛེས་པར་མི་སྣང་ངོ་། །སྣོད་མ་རྡོལ་བ་མ་གཏོགས་པར་སྣོད་རྡོལ་བ་དང་། བུ་ག་ཅན་གྱིས་གཟུང་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་ཆེན་པོ་ཡང་སེམས་ཅན་མོས་པ་ཞེན་པའི་སྣོད་དང་། སེར་སྣ་ཅན་ནམ་ཚུལ་ཁྲིམས་ངན་པ་ཅན་ནམ་གནོད་སེམས་ཅན་ནམ། ལེ་ལོ་ཅན་ནམ། དྲན་པ་འཁྲུག་པའམ། ཤེས་རབ་འཆལ་པ་ཅན་རྣམས་ལ་མི་མཛེས་ཏེ། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རིན་པོ་ཆེའི་སྣོད་མ་གཏོགས་པར་སེམས་ཅན་ལྷག་པའི་བསམ་པ་ལོག་པ་ལ་ཞུགས་པ་བློ་མི་བརྟན་པའི་སྣོད་ཀྱིས་ཀྱང་གཟུང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་རིན་པོ་ཆེ་ཐམས་ཅད་འབུགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་ཡང་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་ཕུགས་པར་ཁོང་དུ་ཆུད་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་བྲག་ཐམས་ཅད་ཤིགས་པར་འཇོམ་མོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་ཡང་། ལྟ་བའི་རྣམ་པ་ཐམས་ཅད་ཀྱི་བྲག་ཤིགས་པར་འཇོམ་མོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་བསམ་པ་ལོག་པར་ཞུགས་པས་ཆག་པར་གྱུར་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་ཕོངས་པ་ཐམས་ཅད་རྣམ་པར་སེལ་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ནན་ཏན་མེད་པས་ཆག་པར་གྱུར་ཀྱང་། འཁོར་བའི་
ཕོངས་པ་ཐམས་ཅད་རྣམ་པར་སེལ་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེའི་ཁམས་ནི་ཇི་ཙམ་ཞིག་ཏུ་ཆུང་ཡང་ནོར་བུ་དང་རྡོ་ཐམས་ཅད་གཅོག་པའི་མཚན་ཉིད་དོ། །དེ་བཞིན་དུ་དམིགས་པ་ཇི་ཙམ་དུ་ཆུང་བ་ལ་ཞུགས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེའི་ཁམས་ནི་མི་ཤེས་པ་ཐམས་ཅད་འཇིག་པར་བྱེད་པའི་མཚན་ཉིད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་སྐྱེ་བོ་མ་རབས་ཀྱི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ཡང་མ་རབས་ཀྱི་བསམ་པ་དང་ལྡན་པ། དགེ་བའི་རྩ་བ་ངན་ངོན་ཅན་གྱི་ལྷ་དང་མིའི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེ་ཡོངས་སུ་བརྟག་པ་ལ་མི་མཁས་པའི་སྐྱེས་བུ་ནི་རྡོ་རྗེ་རིན་པོ་ཆེའི་ཡོན་ཏན་མི་ཤེས་པས་དེའི་ཡོན་ཏན་ཉམས་སུ་མྱོང་བར་མི་འགྱུར་རོ། །དེ་བཞིན་དུ་ཤེས་རབ་འཆལ་པའི་ངང་ཚུལ་དང་ལྡན་པའི་སྐྱེས་བུ་གང་ཟག་ཀྱང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་ཡོན་ཏན་ལ་མི་མཁས་པས་ཀྱང་དེའི་ཡོན་ཏན་གྱི་ཁྱད་པར་ཉམས་སུ་མྱོང་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་ཞུ་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུར་གྱུར་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་ཡང་ཞུ་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེའི་ལག་ཅ་ཆེན་པོ་ནི་གཞན་དུ་ན་མཐུ་བོ་ཆེ་ཆེན་པོའི་སྟོབས་ལྟར་ཁྱད་པར་དུ་འཕགས་པའི་མཐུ་སྟོབས་ཀྱི་ཤུགས་དྲག་པོ་མ་གཏོགས་པར་སྟོབས་པོ་ཆེ་ཆེན་པོས་ཀྱང་གཟུང་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེའི་ལག་ཅ་ཆེན་པོ་ཡང་གཞན་དུ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུའི་སྟོབས་ཀྱིས་བརྟན་པ་དགེ་བའི་རྩ་བ་ཚད་མེད་པའི་མཐུ་བོ་ཆེ་ཆེན་པོའི་སྟོབས་ལྟར་ཁྱད་པར་དུ་འཕགས་པ་སྟོབས་ཀྱི་ཤུགས་ཆེན་པོ་རབ་ཏུ་ཐོབ་པ་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་སྟོབས་པོ་ཆེ་ཐམས་
ཅད་ཀྱིས་ཀྱང་ཡོངས་སུ་གཟུང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མཚོན་ཆ་ཐམས་ཅད་ཀྱིས་མི་ཚུགས་པ་གང་དུ་ཡང་རྡོ་རྗེས་མི་ཚུགས་པ་མེད་དེ་ཁ་མི་འབབ་པོ། །དེ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། གདུལ་བའམ། དུས་གསུམ་གྱི་བསྐལ་པར་སྤྱད་པའི་སྡུག་བསྔལ་དང་འགྲོགས་པར་བྱ་བ་གང་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་མཚོན་ཆས་རྡུགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེའི་མཚོན་ཆ་ཆེན་པོ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྐྱོ་བའི་ཡིད་མེད་པས་ནི་མི་བཟོད་པ་མེད་དེ། ཁ་མི་འབབ་པོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་གཞན་དུ་ན་རྡོ་རྗེ་ཉིད་ལས་གྱུར་པའི་གཞི་མ་གཏོགས་པར་སའི་ཕྱོགས་གང་གིས་ཀྱང་གཟུང་བར་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་འབྱུང་བའི་སྨོན་ལམ་གྱི་ཚོགས་རྡོ་རྗེ་ནི་གཞན་དུ་ན་ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་བརྟན་པའི་ས་གཞི་མ་གཏོགས་པར། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་གཟུང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་སྣོད་རྡོ་རྗེའི་གཞི་སྲ་ཞིང་གསེབ་མེད་པས་ཆུ་གསང་དུ་འཛག་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གསེབ་མེད་པ་ཡོངས་སུ་བསྔོས་པའི་གཞི་ཅན་ལ་གནས་པ་ཡང་སྲིད་པར་སྐྱེ་བ་ཐམས་ཅད་ཀྱིས་ཟད་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེའི་གཞི་ལ་བརྟེན་པའི་ས་ཆེན་པོ་ནི་འཇིག་པར་མི་འགྱུར་རོ། །དམའ་བར་མི་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་སྲ་བའི་གཞི་ལ་བརྟེན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམས་ཀྱང་ཁམས་གསུམ་ཐམས་ཅད་དུ་འཇིག་པར་མི་འགྱུར་དམའ་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་ཆུས་བངས་པའམ་རུལ་བར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་ཡང་ལས་དང་ཉོན་མོངས་པ་ཐམས་
ཅད་ཀྱི་ཆུར་བསྐལ་པར་གནས་ཀྱང་རུལ་བར་མི་འགྱུར་བངས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་མེ་ཐམས་ཅད་ཀྱི་དྲོད་ཀྱིས་ཀྱང་ཚིག་པར་མི་འགྱུར་ཡོངས་སུ་གདུང་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་ཡང་འཁོར་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་མྱེའི་དྲོད་ཐམས་ཅད་ཀྱིས་མི་ཚིག་གོ །ཉོན་མོངས་པ་ཐམས་ཅད་ཀྱི་མྱེའི་གདུང་བས་གདུང་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་པོ་བྱང་ཆུབ་ལ་བཞུགས་ཤིང་། བདུད་རྒོལ་ཏུ་གཞུག་པ་མཛད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་རྣམས་ཀྱི་གདན་ནི་གཞན་དུ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོ་རྗེའི་ལྟེ་བའི་སའི་གཞི་མ་གཏོགས་པར་སའི་ཕྱོགས་གཞན་གྱིས་གཟུང་བར་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང་སྤྱད་པ་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བཟོད་པ་ལ་འཇུག་པ་དང་ས་ཐོབ་པར་བྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱེད་པ་དང་། ལུང་བསྟན་པ་ཡོངས་སུ་ནོད་པ་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་ཐམས་ཅད་ཉེ་བར་སྟོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པ་དང་། ཆོས་ཀྱི་སྤྲིན་ཆེན་པོ་ཡོངས་སུ་འཛིན་པ་རྣམས་ཀྱི་དགེ་བའི་རྩ་བའི་སྟོབས་དང་ཤུགས་དང་དྲག་ཤུལ་དེ་དག་ཀྱང་གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་སྨོན་ལམ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་སྲ་བའི་ལྟེ་བ་ཅན་མ་གཏོགས་པར་སེམས་ཅན་གཞན་གྱིས་ཡོངས་སུ་གཟུང་བར་མི་ནུས་སོ། །རིགས་ཀྱི་བུ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནི་ཡོན་ཏན་དེ་དག་དང་གཞན་ཚད་མེད་པ་ནས། ཡོན་ཏན་གྱི་ཁྱད་པར་བརྗོད་དུ་མེད་པའི་ཡང་
བརྗོད་དུ་མེད་པ་དང་ལྡན་པ་སྟེ། སེམས་ཅན་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་། ཡོན་ཏན་གྱི་ཆོས་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ། །ལྡན་པར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་དེ་ལྟར་ཁྱོད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡོན་ཏན་འདི་དག་རབ་ཏུ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་བ་ནི་ཁྱོད་ཀྱིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། །རིགས་ཀྱི་བུ་ཁྱོད་ན་རེ་ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པར་བྱ། ཇི་ལྟར་ནན་ཏན་དུ་བྱ་ཞེས་ཟེར་བ་ནི། རིགས་ཀྱི་བུ་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་འདི་ཉིད་ཀྱི་ནང་དུ་སོང་སྟེ་ལྟོས་ཤིག་དང་། དེར་ཁྱོད་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། བསླབས་ནས་ཀྱང་ཡོན་ཏན་ཇི་ལྟ་བུ་ཡོངས་སུ་འགྲུབ་པར་འགྱུར་བ་ཤེས་པར་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཕོ་བྲང་བརྩེགས་པའི་ཆབ་སྒོ་དབྱེར་གསོལ་ནང་དུ་མཆིའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཁང་པ་བརྩེགས་པ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་དྲུང་དུ་ཕྱིན་ཏེ། ལག་པ་གཡས་པས་སེ་གོལ་གཏོགས་ཏེ། སྒྲ་ཕྱུང་བ་དང་། དེའི་སྒོ་དེ་ཡང་རང་བྱེ་བར་གྱུར་པ་དང་། དེས་སྨྲས་པ། རིགས་ཀྱི་བུ་ད་ཁང་པ་བརྩེགས་པ་འདིར་སོང་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ངོ་མཚར་ཆེན་པོ་ཐོབ་པར་གྱུར་ཏེ། ཁང་པ་བརྩེགས་པ་དེའི་ནང་དུ་ཕྱིན་པ་དང་། ཕྱིན་མ་ཐག་ཏུ་སྒོ་དེ་ཡང་རང་ཆད་པར་གྱུར་ཏོ། །དེས་མཐོང་བ་ཁང་པ་བརྩེགས་པ་དེ་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་ལ་རྒྱར་དཔག་ཚད་བརྒྱ་སྟོང་མང་པོ་དང་ལྡན་པ། ནམ་མཁའི་
དབྱིངས་ཀྱི་ཚད་ཀྱིས་གཞལ་བ། འཁོར་ཐམས་ཅད་དུ་ནམ་མཁའི་དབྱིངས་ལྟར་ཡངས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་རྒྱན་གྲངས་མེད་པས་བརྒྱན་པ། རིན་པོ་ཆེ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། མུ་ཏིག་གི་ཕྲེང་བ་གྲངས་མེད་པ་རབ་ཏུ་སྤྱངས་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཕྲེང་བ་གྲངས་མེད་པ་རབ་ཏུ་སྤྱངས་པའི་རྒྱན་གྱིས་བརྒྱན་པ། མུ་ཏིག་དམར་པོའི་ཕྲེང་བ་གྲངས་མེད་པ་རབ་ཏུ་སྤྱངས་པའི་རྒྱན་གྱིས་བརྒྱན་པ། སེང་གེའི་མུ་ཏིག་གི་ཕྲེང་བ་གྲངས་མེད་པ་རབ་ཏུ་སྤྱངས་པའི་རྒྱན་གྱིས་བརྒྱན་པ། སེང་གེའི་རྒྱལ་མཚན་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ཟླ་བ་དང་། ཟླ་གམ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། དར་གྱི་ལྡ་ལྡི་སྣ་ཚོགས་གྲངས་མེད་པ་རབ་ཏུ་སྤྱངས་པའི་རྒྱན་གྱིས་བརྒྱན་པ། དར་གྱི་བ་དན་སྣ་ཚོགས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་མང་པོ་གྲངས་མེད་པའི་འོད་ཀྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲ་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་སྣམ་བུ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། གསེར་གྱི་ལྕགས་ཕོད་རིན་པོ་ཆེས་སྤྲས་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། དྲིལ་བུ་སྒྲ་སྙན་པ་འབྱུང་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བ་བསྐྱོད་ན་ཡིད་དུ་འོང་བའི་སྒྲ་འབྱུང་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ལྷ་རྫས་ཀྱི་མེ་ཏོག་མང་པོའི་ཆར་མངོན་པར་འབབ་པ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ལྷ་རྫས་ཀྱི་ཕྲེང་བའི་ལྡ་ལྡི་མངོན་པར་སྤྱངས་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། གམ་ཡོ་ནས་སྤོས་ཀྱི་སྣོད་ནས་བདུག་སྤོས་འཐུལ་བའི་ཡོ་བྱད་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། གསེར་ཕྱེ་མའི་ཆར་རབ་ཏུ་འབབ་པ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། པུ་ཤུའི་དྲ་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། སྐར་ཁུང་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རྟ་བབས་གྲངས་མེད་པའི་རྒྱན་
གྱིས་བརྒྱན་པ། བ་གམ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། མྱེ་ལོང་གི་དཀྱིལ་འཁོར་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཕ་གུ་གྲངས་མེད་པ་གཏམས་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་རྩིག་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཀ་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་གོས་ཀྱི་སྤྲིན་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཤིང་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་འཕང་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ལམ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་གྲངས་མེད་པའི་བད་ཀྱི་རྒྱན་གྱིས་བརྒྱན་པ། སའི་གཞི་རྒྱན་སྣ་ཚོགས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་གྲངས་མེད་པ་ལས་བརྩེགས་པའི་ཁང་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་བུ་མོ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་སྣམ་བུ་གྲངས་མེད་པ་བཏིང་བའི་འཆག་སའི་རྒྱན་གྱིས་བརྒྱན་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཆུ་ཤིང་གི་ཀ་བ་ཤིན་ཏུ་རྣམ་པར་ཕྱེ་བ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་ཐམས་ཅད་ཀྱི་གཟུགས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། བྱང་ཆུབ་སེམས་དཔའི་ལུས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། བྱའི་ཚོགས་སྣ་ཚོགས་ཡིད་དུ་འོང་བའི་སྒྲ་འབྱིན་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་པད་མོ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་སྲོག་ཤིང་འཛིན་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རྫིང་བུ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། མེ་ཏོག་པུན་ད་རི་ཀ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཐེམ་སྐས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་སྟེགས་བུ་རྣམ་པར་བཀོད་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ས་རིན་པོ་ཆེ་སྣ་ཚོགས་གྲངས་
མེད་པས་སྤྲས་པའི་རྒྱན་གྱིས་བརྒྱན་པ། ནོར་བུ་རིན་པོ་ཆེ་ཆེན་པོའི་འོད་གྲངས་མེད་པ་རབ་ཏུ་འགྱེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་ཐམས་ཅད་རྣམ་པར་ཕྱེ་བ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ཡོན་ཏན་དང་ལེགས་པ་ཕུན་སུམ་ཚོགས་པ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པར་འདུག་པ་མཐོང་སྟེ། ཁང་པ་བརྩེགས་པ་དེའི་ནང་ན་ཡང་། ཁང་པ་བརྩེགས་པ་གཞན་བརྒྱ་སྟོང་འདི་ལྟ་བུའི་རྒྱན་དང་། ལྷབ་ལྷུབ་ཀྱིས་བརྒྱན་པ། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ་ནས། ཡོན་ཏན་དང་ལེགས་པ་ཕུན་སུམ་ཚོགས་པ། གྲངས་མེད་པའི་བར་གྱི་རྒྱན་གྱིས་བརྒྱན་པས་གང་བར་མཐོང་ངོ་། །ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱང་། དེ་ལྟར་རྒྱ་ཆེ་ཞིང་ཡངས་ལ་དེ་ལྟར་ཚད་མེད་དེ། ནམ་མཁའི་མཛོད་དུ་གྱུར་པ། ཀུན་ནས་ཤིན་ཏུ་སྤ་བར་འཁོད་པར་མཐོང་ངོ་། །དེས་ཁང་པ་བརྩེགས་པ་རྣམ་པར་ཕྱེ་བ་དེ་དག་ཐམས་ཅད་ཀྱང་། དམིགས་པ་གཅིག་ལ་ཕན་ཚུན་མ་འདྲེས་པ་དང་། ཕན་ཚུན་མ་འཛིངས་པ་དང་། ཕན་ཚུན་སལ་སལ་པོར་འདུག་པར་གཟུགས་བརྙན་གྱི་ཚུལ་དུ་དེ་ལ་སྣང་བར་གྱུར་ཏེ། དམིགས་པ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ། དམིགས་པ་མ་ལུས་པ་དེ་དག་ཐམས་ཅད་ལ་ཡང་སྣང་བར་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱིས་རྒྱན་གྱིས་བརྒྱན་པའི་སྙིང་པོའི་ཡུལ་དང་། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་དེ་ལྟ་བུ་དག་མཐོང་ནས། དགའ་བའི་ཤུགས་དཔག་ཏུ་མེད་པ་རྣམ་པར་འཕེལ་བའི་སྤྲོ་བ་དང་། མོས་པ་ཆེན་པོས་ལུས་དང་། སེམས་མངོན་པར་བརླན་པ་དང་། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་རྣམ་པར་བསལ་བའི་ཡིད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་བཟློག་པའི་སེམས་དང་། རྨོངས་པ་ཐམས་ཅད་རྣམ་པར་བྲལ་བ་དང་། འཁྲུག་པ་མེད་པའི་ཕྱོགས་ལ་རབ་ཏུ་གཞོལ་བ་དང་། སྒྲ་ཐམས་
ཅད་ལ་ཐོགས་པ་མེད་པའི་དྲན་པས། རྣམ་པར་དམིགས་པའི་རྣ་བ་དང་ལྡན་པ་དང་། ཡིད་ལ་བྱ་བའི་རྣམ་པར་འཁྲུག་པ་ཐམས་ཅད་དང་བྲལ་བ་དང་། རྣམ་པར་ཐར་པ་སྒྲིབ་པ་མེད་པའི་ཚུལ་གྱི་རྗེས་སུ་འབྲང་བའི་བློ་དང་། དམིགས་པ་ཐམས་ཅད་ལ་སྒྲིབ་པ་མེད་པར་མིག་རབ་ཏུ་འགྲོ་བར་གྱུར་ནས། ཕྱོགས་ཀྱི་རྒྱུད་ཐམས་ཅད་ལ་མངོན་དུ་བལྟས་པའི་ལུས་ཀྱིས་ཕྱག་བྱ་བར། མངོན་པར་སྒྲུབ་པའི་སྟོབས་ཐམས་ཅད་དུ་ཁྱབ་པ་དང་ལྡན་པའི་ལུས་ཐམས་ཅད་ཀྱིས་ཕབ་སྟེ། ཕྱག་བྱས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཕྱག་བྱས་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་ཀྱི་མཐུས་ཁང་པ་བརྩེགས་པ། དེ་དག་ཐམས་ཅད་ཀྱི་ནང་དུ་བདག་ཉིད་ཕྱིན་པར་ཤེས་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེ་དག་ཐམས་ཅད་དུ་ཡང་རྣམ་པར་འཕྲུལ་པ། བསམ་གྱིས་མི་ཁྱབ་པའི་ཡུལ་ཅན་རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པ་མང་པོ་ཡང་མཐོང་བར་གྱུར་ཏེ། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པས་ཐོག་མ་རིགས་ནི་གང་དུ་སྐྱེས་ཏེ། མིང་ནི་ཅི་ཞེས་བྱ་བར་གྱུར་པ་ཞིག་གིས། དགེ་བའི་རྩ་བ་གང་དང་ཡོངས་སུ་བསྐུལ་བ་གང་དང་། དགེ་བའི་བཤེས་གཉེན་གང་གི་ཡང་དག་པར་བསྐུལ་བ་དང་། ཚེའི་ཚད་ནི་ཅི་ཙམ་ཞིག་ཏུ། བསྐལ་པའི་མིང་ནི་ཅི་ཞེས་བྱ་བར། དེ་བཞིན་གཤེགས་པ་ནི་གང་ལ་རྒྱན་ནི་ཇི་ལྟ་བུ་ཞིག་དང་ལྡན་པའི་ཞིང་དུ་འཁོར་ནི་ཇི་ལྟ་བུ་ཞིག་ཏུ་སྨོན་ལམ་གྱི་ཁྱད་པར་ནི་ཇི་ལྟ་བུ་ཞིག་མངོན་པར་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ། སྨོན་ལམ་གྱི་སེམས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཤེས་པར་གྱུར་ཏོ། །ཁོང་དུ་ཆུད་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་དེ་དག་དང་དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་དང་ཚེའི་ཚད་ཇི་སྲིད་ཅིག་ཏུ་གྱུར་པ་དེ་ཙམ་གྱི་དུས་སུ། དེ་བཞིན་གཤེགས་པ་དེའི་ཞབས་ཀྱི་
དྲུང་ན་བདག་ཉིད་འདུག་པར་ཡང་ཤེས་པར་གྱུར་ཏེ། བྱ་བ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པས་ཐོག་མ་གང་དུ། བྱམས་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དང་དུས་གང་ནས་བཟུང་སྟེ། དེའི་མྱིང་བྱམས་པ་ཞེས་བྱ་བར་གྱུར་པ་དེ་དག་མཐོང་བར་གྱུར་ཏོ། །ལ་ལར་ནི་གང་དུ་སྤྱོད་པ་སྤྱད་པ་དང་། ལ་ལར་ནི་གང་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། ལ་ལར་ནི་གང་དུ་བཟོད་པ་ལ་ཞུགས་པ་དང་། ལ་ལར་ནི་གང་དུ་ས་ནོན་པ་དང་། ལ་ལར་ནི་གང་དུ་སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་བཟུང་བ་དང་། ལ་ལར་ནི་གང་དུ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་བཟུང་བ་དང་། ལ་ལར་ནི་གང་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་དང་། ལ་ལར་ནི་གང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། རྣམ་པ་ནི་ཇི་ལྟ་བུ་ཞིག་ཏུ་ལུང་བསྟན་པ་དང་། ལུང་ནི་སུས་བསྟན་པ་དང་། ཡུན་ནི་ཇི་སྲིད་ཅིག་གིས་ལུང་བསྟན་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་འགོད་པ་མཐོང་བར་གྱུར་ཏོ། །ལ་ལར་ནི་འཇིག་རྟེན་གྱི་མགོན་པོར་གྱུར་ཏེ། འཇིག་རྟེན་གྱི་ཕན་པ་དང་། བདེ་བ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ལ་ཉེ་བར་སྡུད་པ་དང་། ལ་ལར་ནི་བརྒྱ་བྱིན་དུ་གྱུར་ཏེ། འདོད་པའི་ཡོན་ཏན་གྱི་དགའ་བ་ལས་སེམས་ཅན་རྣམས་རྣམ་པར་ཟློག་པ་དང་། ལ་ལར་ནི་ཚངས་པར་གྱུར་ཏེ། བསམ་གཏན་དང་། ཚད་མེད་པའི་དགའ་བ་སེམས་ཅན་རྣམས་ལ་ཡོངས་སུ་བརྗོད་པ་དང་། ལ་ལར་ནི་ལྷའི་དབང་པོ་རབ་མཚེ་མར་གྱུར་ཏེ། ཚད་མེད་པའི་ཡོན་ཏན་སེམས་ཅན་རྣམས་ལ་ཡོངས་སུ་བརྗོད་པ་དང་། ལ་ལར་ནི་ལྷའི་དབང་པོ་རབ་དགའ་ལྡན་དུ་གྱུར་ཏེ།
བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པའི་ཡོན་ཏན་བརྗོད་པ་དང་། ལ་ལར་ནི་ལྷའི་རྒྱལ་པོ་རབ་འཕྲུལ་དགར་གྱུར་ཏེ། ལྷའི་འཁོར་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྲུལ་པའི་རྒྱན་ཡོངས་སུ་སྟོན་པ་དང་། ལ་ལར་ནི་ལྷའི་རྒྱལ་པོ་དབང་བསྒྱུར་དུ་གྱུར་ཏེ། ལྷ་རྣམས་ལ་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡང་དག་པར་སྟོན་པ་དང་། ལ་ལར་ནི་བདུད་དུ་གྱུར་ཏེ། ལྷ་རྣམས་ལ་ཕུན་སུམ་ཚོགས་པ་ཐམས་ཅད་མི་རྟག་པར་སྟོན་པ་དང་། ལ་ལར་ནི་ལྷ་མ་ཡིན་གྱི་དབང་པོའི་གནས་སུ་སྐྱེས་ཏེ། ལྷ་མ་ཡིན་གྱི་འཁོར་ན་ང་རྒྱལ་དང་། དྲེགས་པ་དང་། རློམ་པ་ཐམས་ཅད་རབ་ཏུ་སྤང་བ་དང་། ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་འཇུག་པར་བྱ་བ་དང་། ཆོས་ཀྱི་ཡེ་ཤེས་ཀྱི་རྒྱུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་པ་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་གཤིན་རྗེའི་འཇིག་རྟེན་མཐོང་བར་གྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའ་བྱམས་པ་འོད་ཀྱིས། སེམས་ཅན་དམྱལ་བ་ཐམས་ཅད་སྣང་བར་བྱེད་ཅིང་། སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི། སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་ཡི་དགས་ཀྱི་གནས་མཐོང་བར་གྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའ་བྱམས་པ། སེམས་ཅན་ཡི་དགས་ཀྱི་གནས་སུ་སྐྱེས་པ་རྣམས་ལ། ཁ་ཟས་དང་། བཏུང་བ་མང་པོ་ཉེ་བར་བསྒྲུབ་ཅིང་བཀྲེས་པ་དང་། སྐོམ་པ་རབ་ཏུ་ཞི་བར་བྱེད་པ་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་བྱོལ་སོང་གི་སྐྱེ་གནས་ན་སྐྱེ་བའི་སྐྱེ་མཆེད་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱིས་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི། སེམས་ཅན་མང་པོ་འདུལ་བར་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་རྒྱལ་པོ་ཆེན་པོའི་ཁམས་སུ་གཏོགས་པའི། ལྷའི་འཁོར་ན་འཇིག་རྟེན་གྱི་མགོན་པོ་རྣམས་ལ་ཆོས་སྟོན་པ་མཐོང་ངོ་། །ལ་ལར་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་འཁོར་ན། ལ་ལར་ནི་ལྷའི་རྒྱལ་པོ། རབ་མཚེ་མའི་འཁོར་ན།
ལ་ལར་ནི་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱི་འཁོར་ན། ལ་ལར་ནི་ལྷའི་རྒྱལ་པོ་རབ་འཕྲུལ་དགའི་འཁོར་ན། ལ་ལར་ནི་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་འཁོར་ན། ལ་ལར་ནི་བདུད་ཀྱི་འཁོར་ན། ཁང་པ་བརྩེགས་པ་ལ་ལར་ནི། ཚངས་པའི་དབང་པོའི་འཁོར་ན། བྱང་ཆུབ་སེམས་དཔའ་བྱམས་པ་ཆོས་སྟོན་པ་མཐོང་ངོ་། །ལ་ལར་ནི་ཀླུ་དང་ལྟོ་འཕྱེ་ཆེན་པོའི་འཁོར་ན། ལ་ལར་ནི་གནོད་སྦྱིན་དང་སྲིན་པོའི་འཁོར་ན། ལ་ལར་ནི་དྲི་ཟ་དང་མིའམ་ཅིའི་འཁོར་ན། ལ་ལར་ནི་ལྷ་མ་ཡིན་དང་གསོད་འཕྲོག་གི་དབང་པོའི་འཁོར་ན། ལ་ལར་ནི་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་འཁོར་ན། ལ་ལར་ནི་མིའི་འཁོར་ན། ཁང་པ་བརྩེགས་པ་ལ་ལར་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་འཁོར་ན། བྱང་ཆུབ་སེམས་དཔའ་བྱམས་པ་ཆོས་སྟོན་པ་མཐོང་ངོ་། །ལ་ལར་ནི་ཉན་ཐོས་ཀྱི་འཁོར་ན། ལ་ལར་ནི་རང་སངས་རྒྱས་ཀྱི་འཁོར་ན། ལ་ལར་ནི་བྱང་ཆུབ་སེམས་དཔའི་འཁོར་ན། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་སེམས་ཐོག་མ་བསྐྱེད་པ་ལས་དང་པོ་བ་རྣམས་ལ། བྱང་ཆུབ་སེམས་དཔའ་བྱམས་པ་ཆོས་སྟོན་པ་མཐོང་ངོ་། །ལ་ལར་ནི་སྤྱོད་པ་ལ་ཞུགས་པ་རྣམས་ལ། ལ་ལར་ནི་བཟོད་པ་ཐོབ་ཅིང་ཕྱིར་མི་ལྡོག་པ་རྣམས་ལ། ལ་ལར་ནི་ཚེ་གཅིག་གིས་ཐོགས་ཤིང་དབང་བསྐུར་བ་རྣམས་ལ། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་རྣམས་ལ་སའི་ཁྱད་པར་ཡོངས་སུ་བརྗོད་པ་མཐོང་ངོ་། །ལ་ལར་ནི་ས་བཅུ་ལ་གནས་པའི་བར་གྱི། བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ། བྱང་ཆུབ་སེམས་དཔའ་བྱམས་པས་ཐམས་ཅད་ཀྱི་ཁྱད་པར་ཡང་དག་པར་བགྲོ་བར་སྐྱེད་པ་མཐོང་ངོ་། །ལ་ལར་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་
སུ་རྫོགས་པར་བྱ་བ་དང་། ལ་ལར་ནི་བསླབ་པ་ཐམས་ཅད་ལ་མངོན་དུ་འཇུག་པར་བྱ་བ་ཀུན་ཏུ་མཐའ་ཡས་པ་དང་། ལ་ལར་ནི་ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་རྒྱ་ཆེན་པོ་དང་། ལ་ལར་ནི་རྣམ་པར་ཐར་པའི་ཚུལ་ཟབ་མོ་དང་། ལ་ལར་ནི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་ཞི་བའི་ཡུལ་གྱིས་རྒྱས་པར་དགང་བ་དང་། ལ་ལར་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། འདུལ་བ་དང་། ཐབས་ཀྱི་སྒོ་ལ་འཇུག་པ་དང་། ལ་ལར་ནི་སྨོན་ལམ་མངོན་པར་བསྒྲུབ་པ་རྒྱ་ཆེ་བ་དང་། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པ་སྐལ་བ་མཐུན་པར་སྤྱོད་པའི། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་ཤིང་། འཇིག་རྟེན་ལ་ཕན་པར་བྱ་བའི་དོན་དུ། བཟོའི་གནས་སྣ་ཚོགས་དང་། གཙུག་ལག་གི་ཁྱད་པར་སེམས་ཅན་ཐམས་ཅད་ལ། ཕན་པ་དང་བདེ་བར་འགྱུར་བ་དང་། འབྱོར་བ་རྣམས་ཡང་དག་པར་འགྲོ་བ་མཐོང་ངོ་། །ལ་ལར་ནི་བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས། ཐོགས་པ་རྣམས་དང་འགྲོགས་ཤིང་། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་དབང་བསྐུར་བའི་སྒོ་ཡང་དག་པར་འགྲོ་བ་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པ་ཆགས་པ་མྱེད་ཅིང་། ལོ་བརྒྱ་སྟོང་དུ་མར་མི་གཏོང་བ་ལ་བརྩོན་པ་མཐོང་ངོ་། །ལ་ལར་ནི་ལུང་དབོག་པ་དང་། ཁ་ཏོན་བྱ་བ་ལ་བརྩོན་པར། ལ་ལར་ནི་ཆོས་ཀྱི་སྒོ་རབ་ཏུ་བརྟགས་པ་ལ་བརྩོན་པར། ལ་ལར་ནི་དམ་པའི་ཆོས་བགྲོ་བ་ལ་བརྩོན་པར། ལ་ལར་ནི་དམ་པའི་ཆོས་བྲི་བ་ལ་བརྩོན་པར། ལ་ལར་ནི་བྱམས་པ་ལ་མཉམ་པར་གཞག་པར། ལ་ལར་ནི་བསམ་གཏན་དང་། ཚད་མེད་པ་ཐམས་ཅད་ལ་མཉམ་པར་གཞག་པར། ལ་ལར་ནི་རྒྱས་པའི་སྐྱེ་མཆེད་དང་། རྣམ་པར་ཐར་པ་ཐམས་ཅད་ལ་མཉམ་པར་གཞག་པར། ཁང་
པ་བརྩེགས་པ་ལ་ལར་ནི་བྱང་ཆུབ་སེམས་དཔའ་བྱམས་པ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྒྲུབ་པའི་ཐབས་ཀྱི་ཏིང་ངེ་འཛིན་ལ། མཉམ་པར་གཞག་པར་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་བྱང་ཆུབ་སེམས་དཔའི། ཏིང་ངེ་འཛིན་སྤྲུལ་པ་ཡོད་པ་ལ་མཉམ་པར་བཞག་པའི་བྱང་ཆུབ་སེམས་དཔའ་མང་པོ་མཐོང་སྟེ། དེ་དག་གི་ལུས་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་ནས་སྤྲུལ་པ་ཐམས་ཅད་ཀྱི་སྤྲིན་མང་པོ་འབྱུང་བ་མཐོང་ངོ་། །ལ་ལའི་ལུས་དང་། བ་སྤུའི་སྒོ་ཐམས་ཅད་ནས་ནི། ལྷའི་རིས་ཀྱི་སྤྲིན་མང་པོ་འབྱུང་བ་མཐོང་ངོ་། །ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། འཁོར་ལོས་སྒྱུར་བའི་སྤྲིན་མང་པོ་འབྱུང་བ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། ཁམས་ཀྱི་རྒྱལ་པོའི་སྤྲིན་མང་པོ་འབྱུང་བ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། རྒྱལ་བུ་གཞོན་ནུའི་སྤྲིན་མང་པོ་འབྱུང་བ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། ཚོང་དཔོན་དང་། བློན་པོ་དང་། ཁྱིམ་བདག་གི་སྤྲིན་མང་པོ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྲིན་མང་པོ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། དེ་བཞིན་གཤེགས་པའི་སྐུའི་སྤྲིན་མང་པོ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། སེམས་ཅན་ཐམས་ཅད་དུ་སྤྲུལ་པའི། སྤྲིན་ཚད་མེད་པ་འབྱུང་བ་མཐོང་ངོ་། །ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། ཆོས་ཀྱི་སྒོ་རྣམ་པ་སྣ་ཚོགས་འབྱུང་བ་ཐོས་པར་གྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པའི་སྒོ་
དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒོ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དང་། བསྡུ་བའི་དངོས་པོ་དང་། བསམ་གཏན་དང་། ཚད་མེད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། རིག་པ་དང་། གཟུངས་དང་། སྤོབས་པ་དང་། བདེན་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། ཞི་གནས་དང་། ལྷག་མཐོང་དང་། རྣམ་པར་ཐར་པའི་སྒོ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་པ་དང་། ཆོས་ཀྱི་མདོ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཉན་ཐོས་ཀྱི་ཐེག་པའི་གཏམ་དང་། རང་སངས་རྒྱས་ཀྱི་ཐེག་པའི་གཏམ་དང་། ཐེག་པ་ཆེན་པོའི་གཏམ་དང་། ས་དང་བཟོད་པ་དང་། སྤྱོད་པ་དང་། སྨོན་ལམ་གྱི་སྒོ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒོར་འཇུག་པའི་སྒྲ་མང་པོ་འབྱུང་བ་ཐོས་སོ། །ཁང་པ་བརྩེགས་པ་ལ་ལར་ནི། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ཀུན་ནས་འདུས་པར་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གི་རྣམ་པ་ཐ་དད་པ་སྣ་ཚོགས་སྐྱེ་བ་དང་། རིགས་རྣམ་པ་ཐ་དད་པ་དང་། སྐུ་རྣམ་པར་ཕྱེ་བ་ཚད་མེད་པ་རྣམ་པ་ཐ་དད་པ་དང་། སྐུ་ཚེ་རྣམ་པ་ཐ་དད་པ་དང་། ཞིང་རྣམ་པ་ཐ་དད་པ་དང་། བསྐལ་པ་རྣམ་པ་ཐ་དད་པ་དང་། ཆོས་བསྟན་པ་རྣམ་པ་ཐ་དད་པ་དང་། འབྱུང་བའི་སྒོ་རྣམ་པ་ཐ་དད་པ་དང་། དམ་པའི་ཆོས་གནས་པ་རྣམ་པ་ཐ་དད་པ་ནས། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ། རྣམ་པ་ཐ་དད་པ་དག་ཀྱང་མ་ལུས་པར་མཐོང་བར་གྱུར་ཏོ། །ཁང་པ་བརྩེགས་
པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ། དེའི་དབུས་སུ་ཁང་པ་བརྩེགས་པ་གཅིག་ཅིག་གཞན་པས་ཆེ་ལ་ཡངས་ཤིང་། ཁང་པ་བརྩེགས་པ་གཞན་ཐམས་ཅད་ཀྱི་རྒྱན་མ་ལུས་པ་ཐམས་ཅད་པས་ཀྱང་ཆེས་ལྷག་པར་འཕགས་པའི་རྒྱན་གྱིས། ཡང་དག་པར་བརྒྱན་པ་ཞིག་འདུག་པར་མཐོང་སྟེ། ཁང་པ་བརྩེགས་པ་དེའི་ནང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདུག་པ་མཐོང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ཡང་། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དང་། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་དང་། དགའ་ལྡན་གྱི་གནས་བྱེ་བ་ཕྲག་བརྒྱ་འཁོད་པར་མཐོང་ངོ་། །འཛམ་བུའི་གླིང་དེ་དག་ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་བྱམས་པ་པད་མོའི་ནང་དུ་སྐྱེ་བ་དང་། བརྒྱ་བྱིན་དང་། ཚངས་པས་ཡོངས་སུ་བླངས་པ་དང་། གོམ་པ་བདུན་དུ་འགྲོ་བ་དང་། ཕྱོགས་བཅུར་རྣམ་པར་བལྟས་པ་དང་། སེང་གེའི་ང་རོ་ཆེན་པོ་སྒྲོག་པ་དང་། གཞོན་ནུའི་ས་ཐམས་ཅད་ཡོངས་སུ་སྟོན་པ་དང་། བཙུན་མོའི་འཁོར་གྱི་ནང་ན་གནས་པ་དང་། བཟའ་ཤིང་གི་ར་བར་འགྲོ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་མངོན་དུ་ཕྱོགས་ཏེ། མངོན་པར་བྱུང་ནས་རབ་ཏུ་འབྱུང་བ་དང་། དཀའ་བའི་སྤྱོད་པ་ཡོངས་སུ་སྟོན་པ་དང་། ཟས་ཟ་བ་དང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་དང་། བདུད་རྒོལ་དུ་འཇུག་པ་དང་། བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ་དང་། བྱང་ཆུབ་ཀྱི་ཤིང་ལ་མྱིག་མི་འགེབས་པར་ལྟ་བ་དང་། ཚངས་པ་ཆེན་པོས་གསོལ་བ་གདབ་པ་དང་། མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡུལ་སྣ་ཚོགས་ཡོངས་སུ་བསྟན་པ་དང་། རྣམ་པ་ཐ་དད་པ་དང་། ཚུལ་དང་མྱིང་རྣམ་པ་སྣ་ཚོགས་བསྟན་པ་རྣམ་པ་ཐ་དད་པ་དང་། ཚེའི་ཚད་སྣ་ཚོགས་རྣམ་པ་ཐ་དད་པ་དང་། འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་སྣ་ཚོགས་ཐ་དད་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་
པར་དག་པའི་ཚུལ་བསྟན་པ་སྣ་ཚོགས་རྣམ་པ་ཐ་དད་པ་དང་། སྤྱོད་པ་དང་སྨོན་ལམ་བརྗོད་པ་སྣ་ཚོགས་རྣམ་པ་ཐ་དད་པ་དང་། ཆོས་བསྟན་ཅིང་རྣམ་པར་དགོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་སྣ་ཚོགས་རྣམ་པ་ཐ་དད་པ་དང་། རིང་བསྲེལ་བགོ་བ་དང་། བསྟན་པ་གནས་པའི་བྱིན་གྱི་རླབས་ཡོངས་སུ་བསྟན་པ་སྣ་ཚོགས་རྣམ་པ་ཐ་དད་པས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ལྷའི་གནས་སུ་འགྲོ་བ་མཐོང་སྟེ། དེ་དག་ཐམས་ཅད་ནའང་ཚོང་དཔོན་གྱི་བུ་ནོར་བཟངས་ཉིད་རྐང་པའི་དྲུང་ན་འདུག་པར་རང་རང་གིས་ཤེས་པར་གྱུར་ཏོ། །དེའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་། བྱ་བ་ཐམས་ཅད་ཡོངས་སུ་བསྟན་པ་དང་། ཚེའི་ཚད་རྣམ་པ་ཐ་དད་པ་ཐམས་ཅད་ལ་དྲན་པ་མ་ཉམས་པའི་བྱིན་གྱི་རླབས་ཀྱིས་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱི་ས་ལ་གནས་པས། ཁང་པ་བརྩེགས་པ་དེ་དག་གི་དྲིལ་དང་། དྲིལ་བུ་གཡེར་ཀའི་དྲ་བ་དང་། རོལ་མོ་དང་། གླུ་ལ་སྩོགས་པའི་དམྱིགས་པ་ཅི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ལས། ཆོས་ཀྱི་སྤྲིན་གྱི་འབྲུག་སྒྲ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཐོས་པར་གྱུར་ཏེ། ལ་ལ་ལས་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། སྨོན་ལམ་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་ས་ཚད་མེད་པ་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་མངོན་པར་ཤེས་པ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པ་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་དེ་བཞིན་གཤེགས་པའི་མཆོད་པ་སྣ་ཚོགས་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྤྲིན་ཚད་མེད་པ་རྣམ་པ་ཐ་དད་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒྲ་གོང་དུ་ཇི་སྐད་དུ་བརྗོད་པ་ཐམས་ཅད་ཐོས་པར་གྱུར་ཏོ། །ལ་ལ་ལས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པའི་སྒྲ་ཐོས་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཅེས་བྱ་
བར་བྱང་ཆུབ་སེམས་དཔའི་མྱིང་དང་། ཆེ་གེ་མོ་ཞིག་གི་ཆོས་ཀྱི་སྒོ་ནི་ཆེ་གེ་མོ་ཞིག་ཅེས་བྱ་བ་ཐོས། དགེ་བའི་བཤེས་གཉེན་ནི། ཆེ་གེ་མོ་ཞིག་གིས་ཡང་དག་པར་བསྐུལ། དེ་བཞིན་གཤེགས་པ་ནི་ཆེ་གེ་མོ་ཞིག་གི་ཞབས་ཀྱི་དྲུང་དུ་བསྐལ་པའི་མིང་ནི་འདི་ཞེས་བྱ་བར། སངས་རྒྱས་ཀྱི་ཞིང་ནི་འདི་ལྟ་བུ་ཞིག་ཏུ་འཁོར་གྱི་དཀྱིལ་འཁོར་ནི་འདི་ལྟ་བུ་ཞིག་ན་འདུག་འདུག་སྟེ། དགེ་བའི་རྩ་བ་ནི་འདི་ལྟ་བུ་ཞིག་བསྐྱེད་ནས། དེ་བཞིན་གཤེགས་པའི་ཡོན་ཏན་ནི། འདི་ལྟ་བུ་དག་གཅིག་ཐོས་ཏེ། ལྷག་པའི་བསམ་པ་ནི་འདི་ལྟ་བུ་དང་། སྨོན་ལམ་གྱི་རྣམ་པ་ནི་འདི་འདྲ་བ་ཞིག་གིས། བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེས་བསྐལ་པ་ནི་འདི་སྙེད་ཅིག་ཏུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དེ། བསྐལ་པ་འདི་སྙེད་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མཚན་ནི་འདི་ཞེས་བྱ། སྐུ་ཚེའི་ཚད་ནི་འདི་ཙམ་ཞིག་སྟེ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་། རྒྱན་ཕུན་སུམ་ཚོགས་པ་འདི་འདྲ་བ་དང་། སྨོན་ལམ་གྱི་ཁྱད་པར་འདི་ལྟ་བུ་ཞིག་དང་། སེམས་ཅན་རྣམ་པར་གདུལ་བ་འདི་འདྲ་བ་ཞིག་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་འཁོར་ཀུན་ནས་འདུས་པ་འདི་འདྲ་བ་ཞིག་གོ །དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། བསྐལ་པ་འདི་སྙེད་ཅིག་ཏུ་དམ་པའི་ཆོས་གནས་པར་འགྱུར་རོ། །སེམས་ཅན་གྱི་དོན་ནི་འདི་ཙམ་ཞིག་ཏུ་འགྱུར་རོ། །ཞེས་བྱ་བའི་སྒྲ་ཐོས་སོ། །ལ་ལ་ལས་ནི་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའི་མིང་དང་། ཆེ་གེ་མོ་ཞིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། གཏང་བར་དཀའ་བ་འདི་ལྟ་བུའི་ཡོངས་སུ་གཏོང་བ་བརྒྱ་ནི་བྱེད་དོ། །བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞིག་ནི། ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །བསམ་
གཏན་ལ་སྙོམས་པར་འཇུག་གོ །ཤེས་རབ་ཀྱིས་རྣམ་པར་དབྱེ་བ་ལ་བརྩོན་ནོ། །བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞིག་ནི་དམ་པའི་ཆོས་ཡོངས་སུ་བཙལ་བའི་དོན་དུ་རྒྱལ་པོའི་སྲིད་ཡོངས་སུ་གཏོང་བར་བྱེད་དོ། །རིན་པོ་ཆེ་ཡོངས་སུ་གཏོང་བ་དང་། བུ་ཡོངས་སུ་གཏོང་བ་དང་། ཆུང་མ་ཡོངས་སུ་གཏོང་བ་དང་། རྐ་ལག་དང་མྱིག་དང་། མགོ་ཡོངས་སུ་གཏོང་བ་བྱེད་དོ། །མྱེར་མཆོང་བ་བྱེད་དོ། །བྱང་ཆུབ་སེམས་དཔའི་མིང་དང་ཆེ་གེ་མོ་ཞིག་གིས་ནི་དེ་བཞིན་གཤེགས་པའི་བསྟན་པ་བཟུང་སྟེ། ཆོས་སྨྲ་བར་བྱེད་དོ། །ཆོས་ཀྱི་སྦྱིན་པ་གཏོང་ངོ་། །ཆོས་ཀྱི་མཆོད་སྦྱིན་བྱེད་དོ། །ཆོས་ཀྱི་རྒྱལ་མཚན་སྒྲེང་ངོ་། །ཆོས་ཀྱི་རྔ་རྡུང་ངོ་། །ཆོས་ཀྱི་དུང་འབུད་དོ། །ཆོས་ཀྱི་ཆར་འབེབས་སོ། །དེ་བཞིན་གཤེགས་པའི་བསྟན་པ་འཛིན་ཏོ། །དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱན་པ་བྱེད་དོ། །དེ་བཞིན་གཤེགས་པའི་སྐུ་གཟུགས་བརྒྱན་པ་བྱེད་དོ། །སེམས་ཅན་ལ་བདེ་བའི་ཡོ་བྱད་ཀྱིས་སྡུད་དོ། །དམ་པའི་ཆོས་ཀྱི་མཛོད་སྲུང་ངོ་ཞེས་བྱ་བའི་སྒྲ་ཐོས་སོ། །ལ་ལ་ལས་ནི་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་མཚན་ཆེ་གེ་མོ་ཞེས་དབང་བསྐུར་བ་མྱིང་དང་ཆེ་གེ་མོ་ཞིག་གིས་འཁོར་འདི་ལྟ་བུ་ཞིག་ན་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ཞིག་དང་། བསྐལ་པ་འདི་ལྟ་བུ་ཞིག་ལ་སྐུ་ཚེའི་ཚད་འདི་ཙམ་ཞིག་དང་ཆོས་བསྟན་པ་འདི་ལྟ་བུ་དང་། སེམས་ཅན་འདུལ་བ་འདི་འདྲ་བ་དང་། འདི་ལྟ་བུའི་སྨོན་ལམ་གྱི་མངོན་པར་འཚང་རྒྱ་བས་ད་ལྟར་བཞུགས་ཤིང་འཚོ་སྐྱོང་ངོ་ཞེས་བྱ་བ་དང་། དེ་བཞིན་དུ་དྲིལ་དང་དྲིལ་བུ་གཡེར་ཀའི་དྲ་བ་དང་། རོལ་མོ་ལ་སྩོགས་པའི་དམིགས་པ་ཐམས་ཅད་ལས་ཆོས་ཀྱི་སྒོ་རྣམ་པ་ཐ་དད་པ་ཚད་མེད་པའི་སྒྲ་ཐོས་པར་གྱུར་ཏེ། སྒྲ་དེ་དག་ཐམས་ཅད་ཐོས་པས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་བའི་ཤུགས་
རྒྱ་ཆེན་པོས་མངོན་པར་བརླན་པའི་སེམས་ཀྱིས་ཆོས་ཀྱི་སྒོ་དེ་དག་ཐོས་ནས་ལ་ལར་ནི་གཟུངས་ཀྱི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་སྤོབས་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་བཟོད་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་སྤྱོད་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་སྨོན་ལམ་གྱི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་ཕ་རོལ་ཏུ་ཕྱིན་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་མངོན་པར་ཤེས་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་རིག་པ་དང་ཡེ་ཤེས་སྣང་བའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་རྣམ་པར་ཐར་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་ཏིང་ངེ་འཛིན་གྱི་སྒོར་འཇུག་པ་མང་པོ་ཐོབ་པར་གྱུར་ཏོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གཅིག་པ། མེ་ལོང་གི་དཀྱིལ་འཁོར་དེ་དག་ལས་ཀྱང་གཟུགས་བརྙན་གྱི་རྒྱན་རྣམ་པར་དམིགས་པ་ཚད་མེད་པ་མཐོང་བར་གྱུར་ཏེ། ལ་ལར་ནི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་མཐོང་ངོ་། །ལ་ལར་ནི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཉན་ཐོས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་རང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཀུན་ནས་ཉོན་མོངས་པའི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་རྣམ་པར་དག་པའི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཀུན་ནས་ཉོན་མོངས་ཤིང་རྣམ་པར་དག་པའི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པའི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་
པ་དང་། ལ་ལར་ནི་སངས་རྒྱས་དང་བཅས་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཆུང་བའི་འཇིག་རྟེན་ཀྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཆེ་བའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཕྲ་བའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་རྒྱ་ཆེ་བའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་མྱིག་འཕྲུལ་གྱིས་འཇུག་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སྣྲེལ་ཞིའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སྤྱིའུ་ཚུགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སའི་གཞི་མཉམ་པར་འདུག་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཀྱི་གནས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ལྷ་དང་མྱིས་གང་བའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་མཐོང་བར་གྱུར་ཏོ། །འཆག་ས་དེ་དག་དང་། གནས་དེ་དག་དང་། སྟན་དེ་དག་ལ་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དགོས་པ་སྣ་ཚོགས་ལ་བརྩོན་པ་དག་ཀྱང་མཐོང་བར་གྱུར་ཏེ། ལ་ལར་ནི་འཆག་པ་དང་། ལ་ལར་ནི་བསམ་གཏན་བྱེད་པ་དང་། ལ་ལར་ནི་ལྟ་བ་དང་། ལ་ལར་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་རྒྱས་པར་འགེངས་པ་དང་། ལ་ལར་ནི་གཙུག་ལག་གི་ཚུལ་སྣ་ཚོགས་འཇིག་རྟེན་གྱི་དོན་དུ་འགྱུར་བ་བསྒྲུབ་པ་དང་། ལ་ལར་ནི་ལུང་ནོད་པ་དང་། ལ་ལར་ནི་ཁ་ཏོན་བྱེད་པ་དང་། ལ་ལར་ནི་ཡི་གེར་འདྲི་བ་
དང་། ལ་ལར་ནི་དྲི་བ་ཡོངས་སུ་འདྲི་བ་དང་། ལ་ལར་ནི་ཕུང་པོ་གསུམ་པའི་བཤགས་པ་དང་། ཡོངས་སུ་བསྔོ་བ་ལ་བརྩོན་པ་དང་། ལ་ལར་ནི་སྨོན་ལམ་མངོན་པར་སྒྲུབ་པ་བྱེད་པ་མཐོང་ངོ་། །ཀ་བ་དེ་དག་ལས་ཀྱང་རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་འོད་ཀྱི་དྲ་བ་མང་པོ་འབྱུང་བ་མཐོང་སྟེ། ལ་ལ་ལས་ནི་ཁ་དོག་སྔོན་པོ་དང་། ལ་ལ་ལས་ནི་ཁ་དོག་སེར་པོ་དང་། ལ་ལ་ལས་ནི་ཁ་དོག་དམར་པོ་དང་། ལ་ལ་ལས་ནི་ཁ་དོག་དཀར་པོ་དང་། ལ་ལ་ལས་ནི་ཤེལ་གྱི་ཁ་དོག་དང་། ལ་ལ་ལས་ནི་གསེར་གྱི་ཁ་དོག་དང་། ལ་ལ་ལས་ནི་ཨིན་དྲ་ནཱི་ལའི་ཁ་དོག་དང་། ལ་ལ་ལས་ནི་འཇའི་ཁ་དོག་དང་། ལ་ལ་ལས་ནི་འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཁ་དོག་དང་། ལ་ལ་ལས་ནི་འོད་ཐམས་ཅད་དུ་སྣང་བའི་ཁ་དོག་དང་། ལུས་དང་སེམས་ཀྱི་བདེ་བ་སྐྱེད་པ་བལྟ་ན་མཆོག་ཏུ་མཛེས་པ་མཐོང་བར་གྱུར་ཏོ། །འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཆུ་ཤིང་གི་ཀ་བ་དེ་དག་དང་། རིན་པོ་ཆེ་ཐམས་ཅད་ཀྱི་གཟུགས་དེ་དག་ཀྱང་ལག་ནས་མེ་ཏོག་གི་སྤྲིན་མངོན་པར་སྦྱོང་བར་མཐོང་སྟེ། ལག་ནས་ཕྲེང་བའི་ལྡ་ལྡི་དང་། ལག་ནས་གོས་དང་། ལག་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལག་ནས་སྤོས་དང་། བདུག་སྤོས་དང་། བྱུག་པ་དང་། ལག་ནས་ནོར་བུ་རིན་པོ་ཆེའི་དྲ་བ་དང་། ལག་ནས་རིན་པོ་ཆེ་སྣ་ཚོགས་དང་། གསེར་གྱི་ལྕག་ཕོད་སྣ་ཚོགས་དང་། ལག་ནས་མུ་ཏིག་སྣ་ཚོགས་ཀྱི་སེ་མོ་དོ་དང་། ལག་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་སེ་མོ་དོ་མངོན་པར་སྦྱོང་བ་དང་། ལག་ན་རྒྱན་ཐམས་ཅད་ཐོགས་པར་མཐོང་ངོ་། །ལ་ལ་ནི་གཙུག་གི་རིན་པོ་ཆེ་དང་། ཅོད་པན་གྱིས་འདུད་ཅིང་མྱིག་མྱི་འགེབས་པར་བལྟ་བ་དང་། ཐལ་མོ་སྦྱར་ཞིང་ཕྱག་འཚལ་བར་མཐོང་ངོ་། །མུ་ཏིག་གི་ཕྲེང་བ་དེ་དག་ལས་ཀྱང་། སྤོས་སྣ་ཚོགས་ཀྱིས་དྲི་ཞིམ་པོར་བྱས་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པའི་ཆར་གྱི་རྒྱུན་ཕྲ་མོ་འབབ་པར་མཐོང་
ངོ་། །རིན་པོ་ཆེ་བཻ་དཱུ་རྱའི་ཕྲེང་བའི་དྲ་བ་དེ་དག་ལས་ཀྱང་། མར་མྱེའི་ཕྲེང་བ་རབ་ཏུ་འབར་བ་མང་པོ་མཐོང་བར་གྱུར་ཏོ། །རིན་པོ་ཆེའི་གདུགས་དེ་དག་ཀྱང་རྒྱན་དང་། ལྷབ་ལྷུབ་ཐམས་ཅད་ཀྱིས་མཛེས་པར་བརྒྱན་ཏེ། རིན་པོ་ཆེའི་དྲིལ་དང་། དྲིལ་བུ་གཡེར་ཁའི་དྲ་བ་དང་། དར་གྱི་ལྡ་ལྡི་དང་། ཆུན་པོ་དང་། རིན་པོ་ཆེའི་ཤར་བུ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྒོ་ངས་ཡོངས་སུ་བརྒྱན་པའི་སྙིང་པོ་དང་ལྡན་པ་མཐོང་ངོ་། །རྫིང་དེ་དག་ནས་ཀྱང་། རིན་པོ་ཆེའི་མེ་ཏོག་པད་མོ་དང་། ཨུཏ་པ་ལ་དང་། ཀུ་མུ་ད་དང་། པུན་ད་རི་ཀ་གྲངས་མེད་པ་མངོན་པར་འཐོན་པར་མཐོང་སྟེ། ལ་ལ་ནི་མཐོ་གང་འཁོར་བ་ཙམ། ལ་ལ་ནི་འདོམ་གང་འཁོར་བ་ཙམ། ལ་ལ་ནི་ཤིང་རྟའི་འཁོར་ལོ་ཙམ་སྟེ། དེ་དག་ལ་ཡང་གཟུགས་སྣ་ཚོགས་ཀྱི་རྒྱན་མང་པོ་འཁོད་པར་མཐོང་སྟེ། འདི་ལྟར་བུད་མེད་ཀྱི་གཟུགས་དང་། སྐྱེས་པའི་གཟུགས་དང་། ཁྱེའུའི་གཟུགས་དང་། བུ་མོའི་གཟུགས་དང་། བརྒྱ་བྱིན་གྱི་གཟུགས་དང་། ཚངས་པའི་གཟུགས་དང་། འཇིག་རྟེན་གྱི་མགོན་པོའི་གཟུགས་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གཟུགས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གཟུགས་དང་། འགྲོ་བ་ཐམས་ཅད་ཀྱི་གཟུགས་ཀྱི་དབྱིབས་སུ་འདུག་པའི་ལུས་ཁ་དོག་སྣ་ཚོགས་རྣམ་པ་དུ་མ་དང་ལྡན་པ་མང་པོ་ཐལ་མོ་སྦྱར་ཏེ། ལུས་འདུད་ཅིང་། ཕྱག་འཚལ་བར་འཁོད་པར་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་གཟུགས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་སྐྱིལ་མོ་ཀྲུང་དུ་བཅས་ཏེ་བཞུགས་པ་དག་ཀྱང་མཐོང་ངོ་། །ས་ཆེན་པོའི་གཞི་བཻ་དཱུ་རྱ་ལས་གྲུབ་པ། མྱིག་མངས་རིས་སུ་འདུག་པའི་མྱིག་མངས་རིས་རེ་རེ་ནས་
ཀྱང་གཟུགས་བརྙན་རྣམ་པར་དམྱིགས་པ་བསམ་གྱིས་མི་ཁྱབ་པ་མང་པོ་མཐོང་བར་གྱུར་ཏེ། ཁང་པ་བརྩེགས་པ། ལ་ལ་ལས་ནི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་པ། ལ་ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས་བརྙན་རྣམ་པར་དམིགས་པ། ལ་ལ་ལས་ནི་སངས་རྒྱས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་མཐོང་བར་གྱུར་ཏེ། ཁང་པ་བརྩེགས་པ་དེ་དག་གི་རྒྱན་དང་། ལྷབ་ལྷུབ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་། མྱིག་མངས་རིས་རེ་རེ་ལ་གཟུགས་བརྙན་དུ་སྣང་བར་མཐོང་ངོ་། །རིན་པོ་ཆེའི་ཤིང་རིན་པོ་ཆེའི་མེ་ཏོག་དང་། འབྲས་བུའི་མཛོད་སྣ་ཚོགས་དང་ལྡན་པ་དེ་དག་ཐམས་ཅད་ལས་ཀྱང་། ལུས་ཕྱེད་ཙམ་བྱུང་བའི་གཟུགས་དབྱིབས་སྣ་ཚོགས་དང་ཁ་དོག་སྣ་ཚོགས་སུ་འདུག་པ་མང་པོ་འཐོན་པར་མཐོང་སྟེ། ལ་ལ་ལས་ནི་སངས་རྒྱས་ཀྱི་སྐུ་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་བྱང་ཆུབ་སེམས་དཔའི་ལུས་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ལུས་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོའི་ལུས་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་འཁོར་ལོས་སྒྱུར་བ་དང་། མྱིའི་དབང་པོའི་ལུས་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་རྒྱལ་བུ་གཞོན་ནུ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ལུས་ཕྱེད་ཙམ་བྱུང་བ་མཐོང་སྟེ། ལ་ལའི་ལག་ནས་ནི་མེ་ཏོག་གི་ཕྲེང་བ་སྤྱོད་པ་དང་། ལ་ལའི་ལག་ནས་ནི་རིན་པོ་ཆེའི་ཕྲེང་བ་མངོན་པར་སྤྱོད་པ་དང་། ལ་ལའི་ལག་ནས་ནི་རྒྱན་ཐམས་ཅད་མངོན་པར་ཐོགས་པ་དང་། ལ་ལ་ནི་ལུས་
འདུད་ཅིང་ཐལ་མོ་སྦྱར་ཏེ་མྱིག་མི་འགེབས་པར་ལྟ་ཞིང་ཕྱག་འཚལ་བ་དང་། ལ་ལ་ནི་མངོན་པར་བསྟོད་པ་དང་། ལ་ལ་ནི་མཉམ་པར་བཞག་པ་དང་། ལ་ལ་ནི་གསེར་གྱི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་དངུལ་གྱི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་བྱི་རུའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་རིན་པོ་ཆེ་བཻ་དཱུ་རྱ་སྔོན་པོའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་རིན་པོ་ཆེ་ཨིན་དྲ་ནཱི་ལའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་མེ་ཏོག་ཙམ་པ་ཀའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་འོད་ཀྱི་ལུས་དང་། ལ་ལ་ནི་མཚན་གྱིས་རྣམ་པར་བྲིས་པའི་ལུས་སུ་མཐོང་བར་གྱུར་ཏོ། །ཟླ་གམ་དེ་དག་ལས་ཀྱང་གཉི་ཟླ་དང་གཟའ་སྐར་གྱི་གཟུགས་བརྙན་གྲངས་མེད་པ་མང་པོ་འཐོན་ཏེ། ཕྱོགས་བཅུ་སྣང་བར་བྱེད་པ་མཐོང་བར་གྱུར་ཏོ། །ཁང་པ་དང་གཞལ་མེད་ཁང་དང་ཁང་པ་བརྩེགས་པའི་རྩིག་ངོས་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱིས་མྱིག་མངས་རིས་སུ་བྲིས་པར་མཐོང་སྟེ། རིན་པོ་ཆེའི་མྱིག་མངས་རིས་དེ་དག་ཐམས་ཅད་ལས་ཀྱང་། བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རིམ་པས་ཇི་ལྟར་སྤྱད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རིམ་པར་མཐོང་བར་གྱུར་ཏེ། མིག་མངས་རིས་ལ་ལ་ལས་ནི་བྱང་ཆུབ་སེམས་དཔའ་བྱམས་པས་མགོ་བྱིན་པ་མཐོང་ངོ་། །ལ་ལ་ལས་ནི་མྱིག་བྱིན་པ་དང་། ལ་ལ་ལས་ནི་ལག་པ་བྱིན་པ་དང་། ལ་ལ་ལས་ནི་གཙུག་གི་རིན་པོ་ཆེ་བྱིན་པ་དང་། ལ་ལ་ལས་ནི་ཐོར་པག་དང་བཅས་པའི་གཙུག་གི་རིན་པོ་ཆེ་བྱིན་པ་དང་། ལ་ལ་ལས་ནི་སོ་བྱིན་པ་དང་། ལ་ལ་ལས་ནི་ལྕེ་བྱིན་པ་དང་། ལ་ལ་ལས་ནི་རྣ་བ་བྱིན་པ་དང་། ལ་ལ་ལས་ནི་སྣ་བྱིན་པ་དང་། ལ་ལ་ལས་ནི་སྙིང་བྱིན་པ་དང་། ལ་ལ་ལས་ནི་ཤ་དང་
རྐང་བྱིན་པ་དང་། ལ་ལ་ལས་ནི་ཁྲག་བྱིན་པ་དང་། ལ་ལ་ལས་ནི་པགས་པ་དང་པྲི་བྱིན་པ་དང་། ལ་ལ་ལས་ནི་སེན་མོ་ཤ་དང་བཅས་པར་བྱིན་པ་དང་། ལ་ལ་ལས་ནི་དྲ་བར་འབྲེལ་བ་དང་། བཅས་པའི་སོར་མོ་བྱིན་པ་དང་། ལ་ལ་ལས་ནི་བུ་དང་། བུ་མོ་དང་ཆུང་མ་བྱིན་པ་དང་། ལ་ལ་ལས་ནི་རིན་པོ་ཆེའི་ཕུང་པོ་བྱིན་པ་དང་། ལ་ལ་ལས་ནི་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཡུལ་དང་ཁམས་དང་། རྒྱལ་པོའི་གནས་བྱིན་པ་དང་། ལ་ལ་ལས་ནི་འཛམ་བུའི་གླིང་བྱིན་པ་དང་། ལ་ལ་ལས་ནི་གླིང་བཞི་བྱིན་པ་དང་། ལ་ལ་ལས་ནི་རྒྱལ་སྲིད་ཀྱི་དབང་ཕྱུག་བྱིན་པ་དང་། ལ་ལ་ལས་ནི་རྒྱལ་པོའི་ཁྲི་བྱིན་པ་དང་། ལ་ལ་ལས་ནི་བྲན་ཕོ་སྨོས་བྱིན་པ་དང་། ལ་ལ་ལས་ནི་བཙུན་མོའི་འཁོར་བྱིན་པ་དང་། ལ་ལ་ལས་ནི་བཟའ་ཤིང་གི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་བྱིན་པ་དང་། ལ་ལ་ལས་ནི་གདུགས་དང་རྒྱལ་མཚན་དང་བ་དན་བྱིན་པ་དང་། ལ་ལ་ལས་ནི་མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་བྱིན་པ་དང་། ལ་ལ་ལས་ནི་ནད་ཀྱི་རྩི་བྱིན་པ་དང་། ལ་ལ་ལས་ནི་ཁ་ཟས་དང་། སྐོམ་གྱི་རྣམ་པ་མང་པོ་བྱིན་པ་དང་། ལ་ལ་ལས་ནི་ཡོ་བྱད་ཐམས་ཅད་བྱིན་པ་དང་། ལ་ལ་ལས་ནི་གནས་ཐམས་ཅད་བྱིན་པ་དང་། ལ་ལ་ལས་ནི་གཞལ་བའི་སྣོད་རིན་པོ་ཆེས་གང་བ་བྱིན་པ་དང་། ལ་ལ་ལས་ནི་རིན་པོ་ཆེའི་ཤིང་རྟ་བྱིན་པ་དང་། ལ་ལ་ལས་ནི་བཙོན་ར་ན་འཁོད་པ་ཐར་བར་བྱེད་པ་དང་། ལ་ལ་ལས་ནི་གསད་པར་ཆད་པ་ལས་ཐར་བར་བྱེད་པ་དང་། ལ་ལ་ལས་ནི་བྱིས་པ་གསོ་བ་བྱེད་པ་དང་། ལ་ལ་ལས་ནི་ལམ་སྟོར་བ་ལ་ལམ་སྟོན་པ་དང་། ལ་ལ་ལས་ནི་མཉན་པར་གྱུར་ཏེ། ཆུ་ཀླུང་གི་རྒྱུད་ལ་གྲུ་འདོར་བ་དང་། ལ་ལ་ལས་ནི་རྟའི་རྒྱལ་པོ་སྟོབས་ཀྱིས་སྒྲོལ་བར་གྱུར་ཏེ། རྒྱ་མཚོ་ཆེན་པོའི་སྲིན་པོའི་གླིང་དུ་ཕྱིན་པར་གྱུར་པའི་སེམས་ཅན་ཡོངས་སུ་
སྐྱོབ་པ་དང་། ལ་ལ་ལས་ནི་དྲང་སྲོང་ཆེན་པོར་གྱུར་ཏེ། བསྟན་པ་མངོན་པར་བསྒྲུབ་པ་དང་། ལ་ལ་ལས་ནི་འཁོར་ལོས་སྒྱུར་བར་གྱུར་ཏེ། སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་པ་དང་། ལ་ལ་ལས་ནི་སྨན་པར་གྱུར་ཏེ། ན་བའི་གསོས་སྨན་དང་། ལ་ལ་ལས་ནི་ཕ་མ་ལ་ཕུ་དུད་བྱེད་པ་དང་། ལ་ལ་ལས་ནི་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱེད་པ་དང་། ལ་ལ་ལས་ནི་ཉན་ཐོས་ཀྱི་ཁ་དོག་དང་། གཟུགས་ཀྱིས་སེམས་ཅན་འདུལ་བ་ལ་བརྩོན་པ་དང་། ལ་ལ་ལས་ནི་རང་སངས་རྒྱས་ཀྱི་ཁ་དོག་དང་། གཟུགས་ཀྱིས་སེམས་ཅན་འདུལ་བ་ལ་བརྩོན་པ་དང་། ལ་ལ་ལས་ནི་བྱང་ཆུབ་སེམས་དཔའི་ཁ་དོག་དང་། གཟུགས་ཀྱིས་སེམས་ཅན་འདུལ་བ་ལ་བརྩོན་པ་དང་། ལ་ལ་ལས་ནི་སངས་རྒྱས་ཀྱི་སྐུ་མདོག་དང་སྐུ་གཟུགས་ཀྱིས་སེམས་ཅན་འདུལ་བ་ལ་བརྩོན་པ་དང་། ལ་ལ་ལས་ནི་སྐྱེས་པའི་རབས་ཀྱི་ཁྱད་པར་ཐམས་ཅད་ཀྱིས་སྐྱེ་བ་ཡོངས་སུ་བསྟན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། ལ་ལ་ལས་ནི་ཆོས་སྨྲ་བའི་གཟུགས་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་ཏེ། ལུང་དབོག་པ་དང་། ཁ་ཏོན་བྱ་བ་དང་ཚུལ་བཞིན་དུ་དཔྱད་པར་བྱ་བ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྒྱན་གྱིས་བརྒྱན་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། སངས་རྒྱས་མཆོད་པ་ལ་སེམས་ཅན་ཡོངས་སུ་བསྐུལ་བ་དང་། སྤོས་དང་བྱུག་པ་གསོལ་ཞིང་། འབྲུ་མར་དྲི་ཞིམ་པོས་བྱུག་པ་དང་། དྲིལ་བུ་དང་། མེ་ཏོག་གི་ཕྲེང་བ་གསོལ་བ་ལ་སྩོགས་པ། སངས་རྒྱས་ཀྱི་མཆོད་པ་རྣམ་པ་ཐམས་ཅད་ལ་བརྩོན་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་སེམས་ཅན་རབ་ཏུ་འགོད་པ་དང་། བསླབ་པའི་གནས་ལྔ་དང་། གསོ་སྦྱིན་གྱི་ཡན་ལག་བརྒྱད་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་བཙལ་བ་དང་།
རབ་ཏུ་འབྱུང་བ་དང་། ཆོས་མཉན་པ་དང་། ལུང་མནོད་པ་དང་། ཁ་ཏོན་བྱ་བ་དང་། ཚུལ་བཞིན་ཡིད་ལ་བྱ་བ་ལ་སེམས་ཅན་དགོད་པར་བྱེད་པ་དང་། ཆོས་ཀྱི་གཏམ་བྱ་བའི་ཕྱིར་སེང་གེའི་སྟན་ལ་འདུག་ཅིང་སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་འགྲེལ་བ་དང་། དེ་ལྟར་བྱང་ཆུབ་སེམས་དཔའ་བྱམས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དེ་དག་ཐམས་ཅད་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མྱིག་མངས་རིས་དེ་དག་ལས་རྣམ་པ་གཞན་དང་གཞན་དུ་མཐོང་བར་གྱུར་ཏོ། །དེས་ཁང་པ་བརྩེགས་པ། ལ་ལར་ནི་བྱང་ཆུབ་སེམས་དཔའ་བྱམས་པས་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་བསྙེན་བཀུར་བ་དེ་དག་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་རྒྱན་ཐམས་ཅད་ཀྱང་མཐོང་བར་གྱུར་ཏེ། དགེ་བའི་བཤེས་གཉེན་དེ་དག་ཐམས་ཅད་ཀྱི་དྲུང་དུ་བདག་ཉིད་ཕྱིན་ཅིང་། ཚུར་ཤོག་ནོར་བཟངས་ལེགས་པར་འོངས་སམ། མི་ངལ་ལམ། འདེ་རེ་བྱང་ཆུབ་སེམས་དཔའི་རྒྱན་དང་ཡུལ་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འདི་དག་ལ་ལྟོས་ཤིག །ཅེས་བསྒོ་ཞིང་གཏམ་ཤེས་པར་བྱེད་པར་གྱུར་ཏེ། དེ་ལྟར་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁང་པ་བརྩེགས་པ། དེ་དག་རེ་རེ་དང་། དམིགས་པ་དེ་དག་རེ་རེ་ལས་ཀྱང་། བསམ་གྱིས་མི་ཁྱབ་པའི་རྒྱན་དང་། ཡུལ་རྣམ་པར་སྤྲུལ་པ་འདི་དག་དང་། གཞན་དག་ཀྱང་གྲངས་མེད་པ་མང་པོ་མཐོང་བར་གྱུར་ཏེ། དྲན་པའི་མཐུ་ཉམས་པ་མེད་པ་དང་། མིག་ཡོངས་སུ་དག་པ། ཕྱོགས་ཀུན་དུ་རྣམ་པར་ལྟ་བ་དང་། ལྷག་མཐོང་ལ་ལྟ་བའི་ཡེ་ཤེས་སྒྲིབ་པ་མེད་པ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་། བྱིན་གྱི་རླབས་ཀྱི་དབང་རབ་ཏུ་ཐོབ་པས། བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱི་རྣམ་པ་ལ་ཞུགས་པའི་ཡེ་ཤེས་ཀྱི་ས་ལ་གནས་ཏེ། མཐའ་ཡས་པའི་རྒྱན་དང་། ཡུལ་རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ།
དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་དུ། གཟུགས་ཀྱི་དམིགས་པའི་ཁྱད་པར་སྣ་ཚོགས་མང་པོ་ཞིག་མཐོང་བར་གྱུར་ཏེ། འདི་ལྟར་ཁྱིམ་དང་གཞལ་མེད་ཁང་མདངས་དགའ་བའམ། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་མདངས་དགའ་བའམ། བཟའ་ཤིང་གི་ར་བ་དང་། ཀུན་དགའི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་མདངས་དགའ་བའམ། ཤིང་དང་། ཆུ་ཀླུང་དང་། རྫིང་དང་། རི་མདངས་དགའ་བའམ། གོས་དང་། ཁ་ཟས་དང་། བཏུང་བའི་ལོངས་སྤྱོད་ཉམས་སུ་བདེ་བའམ། གླུ་དང་། སིལ་སྙན་དང་། རོལ་མོའི་སྒྲ་སྙན་པ་སྣ་ཚོགས་ཀྱིས་རྩེ་བ་ཉམས་སུ་དགའ་བ་ཞིག་མཐོང་ངམ། ཕ་མ་དང་གཉེན་བཤེས་དང་། བདག་ཉིད་འགྲོགས་པར་ཤེས་པར་གྱུར་པའམ། རྒྱ་མཚོ་ཆེན་པོ་དང་། རིའི་རྒྱལ་པོ་རི་རབ་དང་། ལྷའི་གནས་ཐམས་ཅད་དང་། འཛམ་བུའི་གླིང་དག་ན་བདག་དཔག་ཚད་བརྒྱ་ཕྲག་དུ་མར་གནས་པར་ཤེས་པར་གྱུར་ལ། ཁྱིམ་འམ་གནས་དེ་ཡང་ཤིན་ཏུ་ཡངས་ཤིང་། ཡོན་ཏན་དང་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པར་མཐོང་སྟེ། ཉིན་པར་ཞིག་ཡིན་པར་ཤེས་ཀྱང་། ནམ་དེ་ཡང་རིང་བ་དང་། ཐུང་བར་བྱེ་བྲག་མི་འབྱེད་ལ་རྨི་ལམ་ཡིན་པ་ཙམ་དུའང་མི་ཤེས་སོ། །བདག་ཉིད་ཀྱང་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་ཞིང་ལུས་ཀྱི་འདུ་བྱེད་ཟོ་བདོག་བདེ་ལ་སྙོམས་པ་དང་། གཉིད་མེད་དེ་མི་དགའ་བ་ཐམས་ཅད་ཡོངས་སུ་བསྩལ་བས། དགའ་བ་དང་། བདེ་བ་རྒྱ་ཆེན་པོ་ཉམས་སུ་མྱོང་སྟེ། ཡུན་ཀྱང་རིང་མོ་ཞིག་ལོན་པ་སྙམ་ནས། ཉིན་གཅིག་གམ། ཉིན་བདུན་ནམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ལོ་གཅིག་གམ། ལོ་བརྒྱའམ། དེ་བས་ཀྱང་རིང་བ་ཞིག་ལོན་པ་ཙམ་དུ་ཤེས་པར་གྱུར་ནས། སད་ན་དེ་ཐམས་ཅད་ཀྱང་རྗེས་སུ་དྲན་ནོ། །
དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་དང་། ཁམས་གསུམ་ཐམས་ཅད་རྨི་ལམ་ལྟ་བུར་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱིས་ཆུང་བའི་འདུ་ཤེས་འགགས་པའི་སེམས་དང་ལྡན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱི་རྣམ་པ་ཡངས་ཤིང་། རྒྱ་ཆེ་བ་དང་། སྒྲིབ་པ་མེད་པ་ལ་གནས་ཤིང་། བྱང་ཆུབ་སེམས་དཔའི་རྒྱན་གྱི་ཡུལ་ཁོང་དུ་ཆུད་ལ། བྱང་ཆུབ་སེམས་དཔའི་ཚུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲང་བའི་བློ་དེ་དང་ལྡན་པས། རྒྱན་རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཤེས་པར་གྱུར་ཏོ། །ཉམས་སུ་མྱོང་བར་གྱུར་ཏོ། །རྣམ་པར་དཔྱད་པར་གྱུར་ཏོ། །མཚན་མར་བྱས་པར་གྱུར་ཏོ། །དམིགས་ཀྱིས་རྟོགས་པར་གྱུར་ཏོ། །བདག་ཉིད་ཀྱང་། དེ་དག་ན་འདུག་པར་ཤེས་པར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན། མི་ནད་པ་སེམས་ཀྱི་རྒྱུད་ཐ་མ་བྱུང་བར་གྱུར་ཏེ། དེ་མ་ཐག་ཏུ་སྐྱེ་བའི་སེམས་ཉེ་བར་གནས་ནས། ལས་ཀྱི་སྲིད་པ་མངོན་དུ་གྱུར་ན། ལས་ཇི་ལྟ་བུར་བྱས་ཤིང་བསགས་པའི་རྣམ་པར་སྨིན་པས། ལས་མི་དགེ་བའི་རྐྱེན་གྱིས་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་ལམ། གཤིན་རྗེའི་མྱི་ལག་ཆ་གཉེམས་པ་ཐོགས་པ། གཤེ་ཞིང་ཁྲོ་བ་དག་ཀྱང་མཐོང་བར་འགྱུར། སེམས་ཅན་དམྱལ་བའི་ངུད་མོ་དང་། འོ་དོད་ཀྱི་སྒྲ་ཡང་ཐོས་པར་གྱུར་ལ། བ་ཚྭའི་ཆུ་དེ་དག་ཀྱང་མཐོང་སྟེ། སྤུ་གྲིའི་སོ་བཤིབས་པའི་རི་དེ་དག་དང་། ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་དེ་དག་དང་། རལ་གྱིའི་སོའི་ནགས་ཚལ་དེ་དག་ཀྱང་། མཐོང་བར་གྱུར་ཏམ། སེམས་ཅན་དམྱལ་བ་དེ་དག་ཀྱང་། ཀུན་ནས་འབར་ཞིང་ཡོངས་སུ་འབར་བ་དང་། རབ་ཏུ་འབར་བ་དང་། ལྕགས་ཀྱི་བུམ་པ་གཅིག་ཏུ་འབར་བ་དེ་
དག་ཀྱང་། མཐོང་བར་གྱུར་ལ། གནོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་གནོད་པར་བྱ་ཞིང་། ཚོར་བ་དེ་དག་ཀྱང་ཉམས་སུ་མྱོང་བ་ཙམ་དུ་ཤེས་པར་གྱུར་ཏེ། སེམས་ཅན་དམྱལ་བ་པ་དེ་དག་ཀྱང་། མེའི་གདུང་བས། སྡུག་བསྔལ་བ་ཞིག་ཏུ་མཐོང་ངམ། བདག་གིས་མྱོང་བར་གྱུར་ཏམ། ལས་དགེ་བའི་ཚོགས་ཀྱིས་ལྷའི་ཁང་པ་དང་། གནས་ཤིག་མཐོང་བར་གྱུར་ཏམ། ལྷའི་འཁོར་དང་། ལྷ་མོའི་ཚོགས་དང་། རྒྱན་རྣམ་པར་ཕྱེ་བ་ཐམས་ཅད་ཀྱང་མཐོང་བར་གྱུར་ཏེ། བཟའ་ཤིང་གི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། ཆུ་ཀླུང་དང་། རྫིང་དང་། རིན་པོ་ཆེའི་རི་དང་། ཡིད་བཞིན་གྱི་ཤིང་དང་། ལོངས་སྤྱོད་མང་པོ་མཐོང་ངོ་། །ཉམས་སུ་མྱོང་བར་གྱུར་ཏེ། ཚེའི་ཡུན་ཀྱང་དེ་དང་མཉམ་པར་ཤེས་པར་གྱུར་ན། དེ་ནི་འདི་ནས་ཀྱང་འཕོས་པ་མེད། དེར་ཡང་སྐྱེས་པ་མེད་དེ། མི་སྣང་བར་མ་གྱུར་བཞིན་དུ། ལས་ཀྱི་ཡུལ་བསམ་གྱིས་མྱི་ཁྱབ་པས་བྱ་བའི་རྣམ་པ་དེ་ལྟ་བུ་དག་ཤེས་ཤིང་མཐོང་ལ་ཉམས་སུ་མྱོང་བར་རུང་ངོ་། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའི་ལས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་ཕྱིར། རྒྱན་རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན། སྐྱེས་བུ་འབྱུང་པོའི་གདོན་གྱིས་ནོན་པས་ནི་གཟུགས་ཀྱི་རྣམ་པ་སྣ་ཚོགས་མང་པོ་མཐོང་སྟེ། ཅི་དྲིས་པ་དེ་དག་གི་ལུང་ཡང་སྟོན་ཏོ། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་བྱིན་གྱི་རླབས་ཀྱི་མཐུས་རྒྱན་དེ་དག་ཐམས་ཅད་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། ཀླུའི་ཁང་པར་ཕྱིན་པའི་སྐྱེས་བུ་ནི། ཀླུའི་འདུ་ཤེས་
ཀྱི་རྣམ་པ་ལ་ཞུགས་པས། ཉི་མ་གཅིག་གམ། ཉི་མ་བདུན་ནམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ལོ་གཅིག་གམ། ལོ་བརྒྱར་ཡང་འདུ་ཤེས་ཀྱི་རྣམ་པར་ཤེས་ཏེ། ཀླུའི་འདུ་ཤེས་ཀྱི་རྣམ་པ་དང་། བྲལ་ནས། མིའི་འདུ་ཤེས་ཀྱི་རྣམ་པར་ན་ཡིད་ཙམ་ལས་མ་ལོན་པར་མཐོང་ངོ་། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱི་རྣམ་པ་མ་བཏང་བའི་བློ་དང་ལྡན་པས་ཀྱང་། བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་ཀྱིས། ཡུད་ཙམ་གཅིག་པོ་དེ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ཤེས་པར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན། ཚངས་པ་ཆེན་པོའི་གཞལ་མེད་ཁང་འགྲོ་བ་ཐམས་ཅད་ན་རྒྱན་གྱི་དམ་པ་ཕུལ་ཞེས་བྱ་བ་ཡོད་དེ། དེའི་ནང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་། གཟུགས་བརྙན་གྱི་ཚུལ་དུ་དམིགས་པ་ཐམས་ཅད་དང་མ་འདྲེས་པར་གསལ་བར་སྣང་ངོ་། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཀྱང་། རྒྱན་དེ་དག་ཐམས་ཅད་དམིགས་པ་ཐམས་ཅད་དུ། ཕན་ཚུན་མ་འདྲེས་པ་དང་། ཕན་ཚུན་མ་འཛིངས་པར་གཟུགས་བརྙན་རབ་ཏུ་བྱུང་བ་མཐོང་ངོ་། །འདི་ལྟ་སྟེ། དཔེར་ན། རྒྱས་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་རྣམ་པར་སྤྱོད་པའི་དགེ་སློང་ནི། གཅིག་པུ་གཉིས་སུ་མེད་པར་ཁང་བུའམ། འཆག་ས་འམ། འདུག་པའི་གནས་ན་འདུག་གམ། འགྲེང་ཡང་རུང་སྟེ། འཇིག་རྟེན་ཐམས་ཅད་རྒྱས་པའི་སྐྱེ་མཆེད་གང་ལ་སྙོམས་པར་ཞུགས་པའི། ཡུལ་བཞིན་དུ་བསམ་གཏན་པའི་ཡུལ། བསམ་གྱིས་མི་ཁྱབ་པར་མཐོང་ཞིང་། ཉམས་སུ་མྱོང་ངོ་། །དེ་བཞིན་དུ་ཚོང་དཔོན་གྱི་
བུ། ནོར་བཟངས་ཀྱིས་ཀྱང་ཡུལ་གང་ལ་ཞུགས་པའི་ཚུལ་བཞིན་དུ་རྒྱན་དེ་དག་ཐམས་ཅད་མཐོང་ཞིང་ཤེས་ཏེ། ཉམས་སུ་མྱོང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། དྲི་ཟའི་གྲོང་ཁྱེར་རྣམས་ཀྱི་རྒྱན་དང་ལྷབ་ལྷུབ་ཐམས་ཅད་ནམ་མཁའི་དབྱིངས་ལ་བྱུང་བ་ནི་ཡོངས་སུ་སྣང་ཡང་ཅི་ལ་ཡང་སྒྲིབ་པར་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། གནོད་སྦྱིན་གྱི་གཞལ་མེད་ཁང་མིའི་ཁང་པ་ན་འདུག་པའམ། མིའི་ཁང་པ་གནོད་སྦྱིན་གྱི་ཁང་པའི་ཁོངས་ན་འདུག་པ་ནི་ཕན་ཚུན་ཐ་མི་དད་དེ་ལས་ཀྱི་ཡུལ་རྣམ་པ་ཇི་ལྟར་དག་པའི་ཚུལ་བཞིན་དུ་སྣང་ངོ་། །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྒྱའི་གཟུགས་བརྙན་ལྟར་སྣང་ངོ་། །འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་ནི་སྔགས་དང་རིག་སྔགས་དང་། རྩིའི་མཐུ་དང་བྱིན་གྱི་རླབས་ཀྱིས་གཟུགས་ཀྱི་རྣམ་པ་ཐམས་ཅད་དང་བྱ་བ་ཐམས་ཅད་ཀྱང་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་དང་། ཡེ་ཤེས་སྒྱུ་མ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པས་བྱང་ཆུབ་སེམས་དཔའི་དབང་དང་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཆོས་ཐམས་ཅད་ཤེས་པ་སྒྱུ་མའི་སྟོབས་ཀྱི་མངོན་པར་བསྒྲུབས་པའི་མཐུས་རྒྱན་གྱི་ཡུལ་རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་མཐོང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཁང་པ་བརྩེགས་པ་དེའི་ནང་དུ་སོང་སྟེ། བྱིན་གྱི་རླབས་དེ་དག་བརྟུལ་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་སེ་གོལ་གྱི་སྒྲ་བྱས་ཏེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་གྱི་ལོངས་རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རྣམ་པར་བསྒྲུབ་ན་ཉེ་བར་འགྲུབ་པའི་མཚན་ཉིད་དེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་བྱིན་
གྱིས་བརླབས་པའོ། །རང་བཞིན་དེ་ལྟ་བུ་སྟེ་ཡོངས་སུ་མ་གྲུབ་པའོ། །སྒྱུ་མ་དང་རྨི་ལམ་དང་གཟུགས་བརྙན་ལྟ་བུའོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སེ་གོལ་གྱི་སྒྲ་དེས་ཏིང་ངེ་འཛིན་དེ་ལས་ལངས་པར་གྱུར་པ་དང་། དེ་ལ་བྱང་ཆུབ་སེམས་དཔའ་བྱམས་པས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་རྣམ་པར་འཕྲུལ་པ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཐུ་དང་རྒྱུ་མཐུན་པ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཡེ་ཤེས་ཀྱིས་རྣམ་པར་བསྒྲུབས་པ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་གནས་མདངས་དགའ་བ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་བསྡུ་བ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་འབྱུང་བའི་སྒོ་ཐོས་མོད། ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་རྒྱན་ཚད་མེད་པ་མཐོང་མོད། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྨོན་ལམ་རྣམ་པ་ཐ་དད་པའི་ཁྱད་པར་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲང་བར་བྱས་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་དགའ་བ་དང་བདེ་བ་མྱོང་མོད་ནོར་བཟངས་ཀྱིས་སྨྲས་པ་འཕགས་པ་དགེ་བའི་བཤེས་གཉེན་གྱི་བྱིན་གྱི་རླབས་དང་དགེ་བའི་བཤེས་གཉེན་གྱི་ དགོངས་པ ་དང་དགེ་བའི་བཤེས་གཉེན་གྱི་མཐུས་མཐོང་ངོ་། །འཕགས་པ་རྣམ་པར་ཐར་པ་འདིའི་མིང་ཅི་ཞེས་བགྱི་སྨྲས་པ། རིགས་ཀྱི་བུ་རྣམ་པར་ཐར་པ་འདི་ནི་དུས་གསུམ་གྱི་དམིགས་པ་ཐམས་ཅད་ལ་ཤེས་པ་རབ་ཏུ་ཞུགས་པའི་དྲན་པ་ཉམས་པ་མེད་པས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་སྟེ། རིགས་ཀྱི་བུ་རྣམ་པར་ཐར་པ་འདི་ལྟ་བུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ནི་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཐོབ་བོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་པ་རྒྱན་དེ་དག་གང་དུ་མཆིས། སྨྲས་པ་གང་ནས་འོང་བ་དེར་རོ། །ནོར་བཟངས་ཀྱིས་སྨྲས་པ།
གང་ནས་མཆིས་སྨྲས་པ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་མངོན་པར་བསྒྲུབས་པ་ལས་འོངས་སོ། །དེ་ནི་བྱིན་གྱི་རླབས་དེ་ཉིད་ལ་གནས་ཤིང་གང་དུ་ཡང་སོང་བ་མེད་ལ་འཕོས་པ་མེད་དོ། །ཕུང་པོར་གྱུར་པ་མེད་དོ། །ཚོགས་སུ་གྱུར་པ་མེད་དོ། །བརྩེགས་པར་གནས་པ་མེད་དོ། །དངོས་པོར་གནས་པ་མེད་དོ། །ཡུལ་ན་གནས་པ་མ་ཡིན་ནོ། །ཕྱོགས་ན་གནས་པ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཀླུ་རྣམས་ཀྱི་སྤྲིན་གྱི་དྲ་བ་ནི་ལུས་ལ་ཡང་མི་གནས། སེམས་ལ་ཡང་མི་གནས་ནང་ལ་ཡང་མི་གནས་མོད་ཀྱི་ཀླུའི་སེམས་ཀྱི་དབང་དང་ཀླུའི་དབང་བསམ་གྱིས་མི་ཁྱབ་པས་ཆར་གྱི་རྒྱུན་ཚད་མེད་པ་བཀྱེ་བ་ནི་མེད་པ་མ་ཡིན་ཏེ་སྣང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ་རྒྱན་དེ་དག་ཀྱང་ནང་ནའང་གནས་པ་མ་ཡིན། ཕྱི་རོལ་ན་གནས་པ་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱི་དབང་དང་། ཁྱོད་ཀྱི་སྣོད་བཟང་པོའི་ཕྱིར་མི་སྣང་བར་ཡང་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོས་ནི་སྒྱུ་མའི་ཡུལ་ཐམས་ཅད་ཡོངས་སུ་བསྟན་ཀྱང་གང་ནས་ཀྱང་འོངས་པ་མེད་བཤིག་ཀྱང་གང་དུ་ཡང་འགྲོ་བ་མྱེད་དེ། འཕོ་བ་མྱེད་མོད་ཀྱི་སྔགས་དང་རྩིའི་མཐུས་ཡོངས་སུ་མི་སྣང་བ་མ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་རྒྱན་དེ་དག་ཀྱང་གང་དུ་ཡང་སོང་བ་མེད། གང་ནས་ཀྱང་འོངས་པ་མེད་ལ་གང་དུའང་ཕུང་པོར་གྱུར་པ་མྱེད་མོད་ཀྱི། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྒྱུ་མ་བསམ་གྱིས་མི་ཁྱབ་པ་ལ་ཤིན་ཏུ་བསླབས་པ་དང་། སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་དང་། ཡེ་ཤེས་ཀྱི་དབང་གིས་ཡོངས་སུ་མི་སྣང་བ་མ་ཡིན་ནོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་པ་ཤུལ་ཇི་སྲིད་ཅིག་ནས་གཤེགས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་
འགྲོ་བ་ནི་འོང་བ་མེད་པར་འགྲོའོ། །གཡོ་བ་དང་གནས་པ་མེད་པར་འགྲོའོ། །གནས་དང་བརྟེན་མེད་པར་འགྲོའོ། །ཤི་འཕོ་དང་སྐྱེ་བ་མེད་པར་འགྲོའོ། །གནས་པ་དང་འཕོ་བ་མེད་པར་འགྲོའོ། །གཡོ་བ་དང་ལྡང་བ་མེད་པར་འགྲོའོ། །ལྟོས་པ་དང་གནས་མེད་པར་འགྲོའོ། །ལས་དང་རྣམ་པར་སྨིན་པ་མེད་པར་འགྲོའོ། །མྱི་སྐྱེ་བ་དང་མི་འགག་པར་འགྲོའོ། །རྟག་པ་མེད་པ་དང་ཆད་པ་མེད་པར་འགྲོའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་འདུལ་བའི་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་སྐྱོབ་པས་བྱམས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་གང་དུ་དགའ་བར་སྐྱེ་བས་ཚུལ་ཁྲིམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་སྔོན་གྱི་བྱིན་གྱི་རླབས་ཀྱིས་སྨོན་ལམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་ཐམས་ཅད་དུ་བཞིན་ཡོངས་སུ་སྟོན་པས་མངོན་པར་ཤེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་གཡོ་བ་མེད་པས་མངོན་པར་འདུ་བྱ་བ་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་ལུས་དང་སེམས་ཡོངས་སུ་མི་གཏོང་བས་ལེན་པ་དང་འདོར་བ་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འབྲང་བས་ཤེས་རབ་དང་ཐབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་མིག་ཡོར་དང་གཟུགས་བརྙན་དང་། སྤྲུལ་པ་ལྟ་བུ་ཡིན་པས་སྤྲུལ་པ་ཡོངས་སུ་སྟོན་པའོ། །རིགས་ཀྱི་བུ་གཞན་ཡང་ཁྱོད་ལམ་ཇི་སྲིད་ཅིག་ནས་འོངས་ཤེས་ཁྱོད་ཀྱིས་སྨྲས་པ་ནི། རིགས་ཀྱི་བུ་ང་ནི་ཚེའི་ས་ཡུལ་ཕྲེང་བ་སྟོབས་ཀྱི་གྲོང་རྡལ་ཁང་ཁྱིམ་ཅན་ཞེས་བྱ་བ་དེ་ན་ཚོང་དཔོན་ས་སྐྱོང་ཞེས་བྱ་བ་ཞིག་ཡོད་དེ། དེ་སངས་རྒྱས་ཀྱི་ཆོས་ལ་བཞག་
ནས་ཚེའི་སའི་མི་རྣམས་ལ་སྣོད་ཀྱི་ཚུལ་བཞིན་དུ་ཆོས་བསྟན་པ་བྱས་ཏེ། ཕ་མ་དང་བྲམ་ཟེ་དང་ཁྱིམ་བདག་དང་གཉེན་བཤེས་སུ་འོང་བ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་བསྐུལ་ནས་འདིར་འོངས་སོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་གང་ལགས། སྨྲས་པ་རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ལྷག་པའི་བསམ་པ་ནི་དགེ་བའི་བཤེས་གཉེན་གྱི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ས་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སྨོན་ལམ་མངོན་པར་བསྒྲུབ་པ་ནི་སྤྱོད་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སྙིང་རྗེ་ཆེན་པོ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྟོགས་པར་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཐེག་པ་ཆེན་པོ་ནི་ཐབས་མཁས་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཐབས་དང་ཤེས་རབ་གཉིས་ནི་མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ནན་ཏན་ནི་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་སྐྱེད་པས་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཚེའི་ས་སྟེ། རིགས་ཀྱི་བུ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །རིགས་ཀྱི་བུ་ཐབས་མཁས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འོ་མའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་མའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལྷབ་ལྷུབ་དང་རྒྱན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྐྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྱོད་པ་རྣམ་པར་དག་པར་བྱེད་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བསླབ་པ་ལ་སྤྱོད་དུ་འཇུག་པའོ། །བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ནི་གྲོགས་པོའོ། །དགེ་བའི་རྩ་བའི་ཆོས་ཐམས་ཅད་ནི་གཉེན་བཤེས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཕུ་ནུའོ། །བྱང་ཆུབ་ཀྱི་སེམས་ནི་རིགས་སོ། །ནན་ཏན་ནི་རིགས་ཀྱི་ཆོས་སོ། །སའི་གནས་ནི་རིགས་ཀྱི་གནས་སོ། །བཟོད་པ་ཐོབ་པ་ནི་རིགས་སུ་རིགས་དང་ལྡན་པར་སྐྱེས་པའོ། སྨོན་ལམ་མངོན་པར་བསྒྲུབ་པ་ནི་རིགས་ཀྱི་གཞུང་ཐོབ་པའོ། །སྤྱོད་པ་རྣམ་པར་དག་པ་ནི་རིགས་ཀྱི་ཆོས་ཀྱི་རྗེས་སྙེགས་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་བསྐུལ་བ་ནི་རིགས་ཀྱི་རྒྱུན་མི་གཅོད་པའོ། །དབང་བསྐུར་ནས་ཚེ་གཅིག་གིས་ཐོགས་པ་ནི་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་ཐུ་བོའོ། །དེ་བཞིན་གཤེགས་པ་ཉིད་དུ་ཡང་དག་པར་བསྒྲུབ་པ་ནི་རིགས་ཀྱི་རྒྱུད་ཡོངས་སུ་དག་པ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱིས་པ་ཐ་དད་པའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་ཡང་དག་པར་བྱུང་བ་ཡིན། དེ་བཞིན་གཤེགས་པའི་རྒྱུད་ལ་རབ་ཏུ་གནས་པ་ཡིན། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅད་པ་ལ་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་
བསྡུ་བ་ལ་མངོན་པར་བརྩོན་པ་ཡིན། རིགས་དང་རུས་ཀྱི་ཡོངས་སུ་དག་པ་ཡིན། མནད་ཀྱི་རྒྱུད་ཀྱི་སྨད་དུ་མེད་པ་ཡིན། ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་རིགས་ལ་སྨོས་པའི་སྐྱོན་ཐམས་ཅད་ཀྱི་ཁ་ན་མ་ཐོ་བ་མྱེད་པ་ཡིན་ཏེ། སངས་རྒྱས་ཀྱི་རིགས་དམ་པར་སྐྱེས་ལ་སྨོན་ལམ་ཆེན་པོའི་ལུས་དང་ལྡན་པས་རིགས་ཀྱིས་བཙུན་པ་ཡིན་ནོ། །རིགས་ཀྱི་བུ་རྒྱུད་ཀྱི་རིགས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར་ཡོངས་སུ་ཤེས་པས་འཇིག་རྟེན་གྱི་སྐྱེ་གནས་ཐམས་ཅད་དུ་སྨད་པ་མེད་པ་ཡིན་ཏེ་སྲིད་པའི་སྐྱེ་གནས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་པས་སྲིད་པའི་ལམ་གྱི་རྒྱུད་དུ་སྐྱེ་ཞིང་གནས་པ་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཆོས་ཐམས་ཅད་ལ་བདག་མེད་པར་ཁོང་དུ་ཆུད་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བས་ཡོངས་སུ་མི་སྐྱོའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ལུས་དང་ལྡན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་ངལ་བར་མི་འགྱུར་རོ། །འཁོར་བ་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་རྟོགས་པས་བསྐལ་པ་ཐམས་ཅད་དུ་གནས་པས་སྒྱིད་ལུག་པར་མི་འགྱུར་རོ། །ཕུང་པོ་ཐམས་ཅད་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་པས་སྐྱེ་བ་དང་ཤི་འཕོ་བ་དང་འཆི་བ་ཡོངས་སུ་བསྟན་པ་ཐམས་ཅད་ཀྱིས་དུབ་པར་མི་འགྱུར་རོ། །ཁམས་དང་སྐྱེ་མཆེད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རབ་ཏུ་རྟོགས་པས་ཡུལ་ཐམས་ཅད་ཀྱི་རྨ་མི་འབྱུང་ངོ་། །འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་སྨིག་རྒྱུ་ལྟ་བུར་ཤིན་ཏུ་བསྒོམས་པས་འཁོར་བའི་དགའ་བ་ཐམས་ཅད་ཀྱིས་མོས་པར་མི་འགྱུར་རོ། །སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་རྣམ་པར་བརྩེ་བས་བདུད་ཀྱི་ཡུལ་ཐམས་ཅད་ཀྱིས་མི་དོགས་སོ། །ཆོས་ཀྱི་ལུས་
སུ་བྱུང་བས་ཉོན་མོངས་པ་ཐམས་ཅད་དུ་སྨོས་སུ་མེད་དོ། །སྐྱེ་བ་ལ་དབང་རབ་ཏུ་ཐོབ་པས་འགྲོ་བའི་རྒྱུད་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ང་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྐྱེ་གནས་ཀྱི་ཁོངས་སུ་ཆུད་པའི་ལུས་དང་འགྲོ་བ་ཐམས་ཅད་ཀྱི་གཟུགས་དང་མཉམ་པའི་ཁ་དོག་གི་ཁྱད་པར་དང་སེམས་ཅན་ཐམས་ཅད་དང་མཉམ་པའི་ངེས་པའི་ཚིག་གི་བྱེ་བྲག་དང་། འགྲོ་བ་ཐམས་ཅད་དང་མཉམ་པའི་མྱིང་རྣམ་པ་ཐ་དད་པ་དང་། སེམས་ཅན་ཐམས་ཅད་ཀྱི་མོས་པ་དང་མཉམ་པའི་སྤྱོད་ལམ་དང་འགྲོ་བ་རྣམ་པར་གདུལ་བ་ཐམས་ཅད་དང་མཉམ་པའི་འཇིག་རྟེན་གྱི་རྗེས་སུ་འབྲང་བ་དང་། སེམས་ཅན་རྣམ་པར་དག་པར་བྱ་བ་ཐམས་ཅད་དང་མཉམ་པའི་ཚེ་དང་། རིགས་སུ་སྐྱེ་བ་ཡོངས་སུ་བསྟན་པ་དང་། བྱིས་པའི་སྤྱོད་པ་ཐམས་ཅད་དང་མཉམ་པའི་བྱ་བ་ལ་འཇུག་པའི་སྒོ་དང་། སེམས་ཅན་གྱི་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་དང་མཉམ་པའི་ཡོངས་སུ་ཤེས་པར་བྱ་བ་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྤྲུལ་པ་ཐམས་ཅད་དང་མཉམ་པའི་ལུས་ཡོངས་སུ་བསྟན་ཅིང་བརྗོད་པས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་སྟེ། སྔོན་སྐལ་བ་མཉམ་པར་སྤྱོད་སྤྱོད་པའི་སེམས་ཅན་བྱང་ཆུབ་ཀྱི་སེམས་སྟོར་བར་གྱུར་པ་རྣམས་ཡོངས་སུ་སྨྱིན་པར་བྱ་བ་དང་། འཛམ་བུའི་གླིང་དུ་སྐྱེས་པའི་ཚེ་ཡོངས་སུ་བསྟན་པ་དང་། ལྷོ་ཕྱོགས་ཀྱི་རྒྱུད་འདིའི་ཡུལ་ཕྲེང་བ་སྟོབས་ཀྱི་གྲོང་རྡལ་ཁང་ཁྱིམ་དང་ལྡན་པ་ཞེས་བྱ་བ་འདིའི་བྲམ་ཟེའི་རིགས་སུ་སྐྱེས་པ་རྣམས་དང་། ཕ་མ་དང་གཉེན་བཤེས་སུ་འོང་བ་རྣམས་རྣམ་པར་གདུལ་བ་དང་། བྲམ་ཟེའི་རིགས་དང་། རྒྱུད་ཀྱི་ཁྱད་པར་གྱིས་རིགས་ཀྱི་ང་རྒྱལ་ཅན་དུ་གྱུར་པ་འདི་དག་ང་རྒྱལ་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པའི་རིགས་སུ་བསྐྱེད་པའི་དོན་དུ་འདིར་སྐྱེས་སོ། །རིགས་ཀྱི་བུ་དེ་ལྟར་ང་ལྷོ་ཕྱོགས་ཀྱི་རྒྱུད་འདི་ན་
ཐབས་རྣམ་པ་འདི་ལྟ་བུས་སེམས་ཅན་བསམ་པའི་ཚུལ་ཇི་ལྟ་བུ་དང་ལྡན་པ་དང་། རྣམ་པ་ཇི་ལྟ་བུར་འདུལ་བ་རྣམས་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་བྱེད་ཅིང་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་འདི་ན་འདུག་གོ །འདི་ནས་ང་ཤི་འཕོས་ནས་ཀྱང་བསམ་པའི་ཚུལ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། དགའ་ལྡན་གྱི་རིགས་སུ་གཏོགས་པའི་ལྷའི་བུ་སྐལ་བ་མཉམ་པར་སྤྱོད་སྤྱོད་པ་རྣམས་ཡོངས་སུ་སྨྱིན་པར་བྱ་བ་དང་། འདོད་པའི་ཁམས་ནས་ཡོངས་སུ་འདས་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་དང་། སྤྲུལ་པའི་རྒྱན་ཡོངས་སུ་བསྟན་པ་དང་། འདོད་པའི་དགའ་བའི་སྲེད་པ་ལས་རྣམ་པར་བཟློག་པ་དང་། འདུ་བྱེད་ཐམས་ཅད་མྱི་རྟག་པ་ཉིད་དུ་བསྟན་པ་དང་། ལྷར་སྐྱེས་པ་ཐམས་ཅད་ཀྱང་མཐར་གུད་པར་གྱུར་པ་ཡོངས་སུ་བསྟན་པ་དང་། ཡེ་ཤེས་ཆེན་པོའི་ཆོས་ཀྱི་སྒོ་འཆི་འཕོའི་རྣམ་པ་ཞེས་བྱ་བ་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཡང་དག་པར་བགྲོ་བར་བྱ་བ་དང་། ལྷན་ཅིག་ཡོངས་སུ་སྨིན་པར་གྱུར་པ་རྣམས་དེར་སྐྱེ་བར་ཡོངས་སུ་བསྡུ་བར་བྱ་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀྱེ་བའི་འདུལ་བའི་པད་མོ་རྣམས་ཀྱང་ཁ་དབྱེ་བའི་ཕྱིར་དགའ་ལྡན་གྱི་གནས་སུ་སྐྱེ་བ་ཡོངས་སུ་སྟོན་ཏེ། དུས་ལ་བབ་པ་ལ་བསམ་པ་ཡོངས་སུ་རྫོགས་ནས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་ཀྱིས། ངས་བྱང་ཆུབ་ཐོབ་ནས་ཀྱང་རིགས་ཀྱི་བུ་ཁྱོད་དང་། འཇམ་དཔལ་གཞོན་ནུར་གྱུར་པར་བཅས་པས་ད་དུང་ཡང་མཐོང་བར་འགྱུར་རོ། །སོང་རིགས་ཀྱི་བུ་ད་དུང་ཡང་འཇམ་དཔལ་གཞོན་ནུར་གྱུར་པའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་།
ཇི་ལྟར་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ལ་འཇུག་པར་བྱ་བ་དང་། ཇི་ལྟར་མངོན་པར་བསྒྲུབ་པ་དང་། ཇི་ལྟར་སྨོན་པར་བྱ་བ་དང་། ཇི་ལྟར་རྒྱས་པར་བྱ་བ་དང་། ཇི་ལྟར་རྗེས་སུ་འབྲང་བར་བྱ་བ་དང་། ཇི་ལྟར་ཡོངས་སུ་སྦྱང་བར་བྱ་བ་དང་། ཇི་ལྟར་ཁོང་དུ་ཆུད་པར་བྱ་བ་དང་། ཇི་ལྟར་ཡོངས་སུ་རྫོགས་པར་བྱ་བ་དྲིས་ཤིག་དང་། དགེ་བའི་བཤེས་གཉེན་དེས་ཁྱོད་ལ་སྟོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པས་སྤྱོད་པ་མངོན་པར་བསྒྲུབ་པ་དེ་ལྟ་བུའི་སྨོན་ལམ་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ལ་ཡང་མེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པའི་སྨོན་ལམ་མངོན་པར་བསྒྲུབ་པ་ནི་ཚད་མེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་མངོན་པར་བསྒྲུབ་པ་ནི་ཚད་མེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཡུམ་ལྟ་བུའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ལ་གདམས་ངག་སྟོན་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་རབ་ཏུ་བརྩོན་པའོ་འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མྱིང་གི་འཁོར་ལོས་རྣམ་པར་རྒྱས་པར་གྱུར་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གཏམ་གྱི་སྐྱེས་བུར་གྱུར་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་ཤིང་བསྟོད་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ་ཆོས་ཟབ་མོའི་ཡེ་ཤེས་ལ་རྣམ་པར་སྤྱོད་པའོ། །འཇམ་དཔལ་གཞོན་ནུར་གྱུར་
པ་ནི་རྣམ་པར་ཐར་པ་ཐམས་ཅད་ཀྱི་ཚུལ་ཐམས་ཅད་ལ་རིང་དུ་སོང་བའི་སྤྱོད་ཡུལ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོ་ལ་ཞུགས་པའོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་དེ་ནི་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་སྐྱེད་པའོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འཕེལ་བར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཚོགས་མང་པོ་རབ་ཏུ་སྒྲུབ་པའོ། །ཡང་དག་པའི་དགེ་བའི་བཤེས་གཉེན་སྟོན་པའོ། །ཡོན་ཏན་ཐམས་ཅད་ལ་ཡང་དག་པར་སྐུལ་བའོ། །སྨོན་ལམ་ཆེན་པོའི་དྲ་བ་ཐམས་ཅད་དུ་འཇུག་པའོ། །སྨོན་ལམ་མངོན་པར་བསྒྲུབ་པ་ཐམས་ཅད་ལ་རབ་ཏུ་གཞོག་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བ་ཐོས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཡང་དག་པར་སྟོན་པའོ། །སྔོན་གྱི་ཚེའི་གནས་སུ་སྐལ་བ་མཐུན་པར་སྤྱད་པའོ། །རིགས་ཀྱི་བུ་དེ་བས་ན་ཁྱོད་ད་ལྟར་ཡང་འཇམ་དཔལ་གྱི་རྐང་པའི་དྲུང་ན་འདུག་གིས་ཡོན་ཏན་གྱི་གདམས་ངག་ཐམས་ཅད་ཐོབ་པར་བྱ་བ་ལ་ཡོངས་སུ་སྐྱོ་བ་མ་སྐྱེད་ཅིག་ཡོངས་སུ་སྒྱིད་ལུག་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ནོར་བཟངས་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་མཐོང་བ་དང་། སྤྱོད་པའི་སྒོ་ཇི་སྙེད་ཅིག་ཐོས་པ་དང་། རྣམ་པར་ཐར་པའི་ཚུལ་ཇི་སྙེད་ཅིག་ལ་ཞུགས་པ་དང་། སྨོན་ལམ་གྱི་ཁྱད་པར་ཇི་སྙེད་ཅིག་ཁོང་དུ་ཆུད་པ་དེ་དག་ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པའི་མཐུ་དང་བྱིན་གྱི་རླབས་སུ་བལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཐམས་ཅད་ལའང་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པའོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། བྱང་ཆུབ་སེམས་དཔའ་བྱམས་
པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་བརྒྱ་རྩ་བཅུ་ཀུན་ཏུ་རྒྱུས་ཏེ། ཕྱོགས་ཀྱི་གནས་ཡིད་བདེ་བ་མངོན་དུ་འགྱུར་བ་ཞེས་བྱ་བ་ཞིག་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སེམས་ཤིང་རྣམ་པར་ལྟ་བས་འཇམ་དཔལ་གཞོན་ནུར་གྱུར་པ་མཐོང་བར་མོས་ཤིང་། སྨོན་ལ་ཕྲད་པར་དགའ་བས་སྡོད་ཅིང་འདུག་འདུག་པ་དང་། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། དཔག་ཚད་བརྒྱ་རྩ་བཅུའི་ཕ་རོལ་ནས་ལག་པ་བརྐྱང་སྟེ། ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་ཡིད་བདེ་བ་མངོན་དུ་འགྱུར་བ་ན་འདུག་པའི་སྤྱི་བོར་བཞག་སྟེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དད་པའི་དབང་པོ་དང་མྱི་ལྡན་པ་སེམས་སྐྱོ་བ་ཅན་བསམ་པ་ཞུམ་པ་ཅན་སྦྱོར་བ་བོར་བ་བརྩོན་འགྲུས་ལྡོག་པ། ཡོན་ཏན་ཅུང་ཟད་ཀྱིས་དགའ་བར་རྩི་བ། དགེ་བའི་རྩ་བ་གཅིག་ལ་ཞེན་པར་གནས་པ། སྤྱོད་པ་དང་སྨོན་ལམ་མངོན་པར་བསྒྲུབ་པ་ལ་མྱི་མཁས་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བ། སངས་རྒྱས་ཀྱིས་མ་ དགོངས་པ ་རྣམས་ཀྱིས་ནི་ཆོས་ཉིད་འདི་ལྟ་བུ་ཡོངས་སུ་ཤེས་པར་བྱ་བ་དང་ཚུལ་འདི་ལྟ་བུ་དང་། སྤྱོད་ཡུལ་འདི་ལྟ་བུ་དང་། གནས་འདི་ལྟ་བུ་ཡོངས་སུ་ཤེས་པར་བྱ་བའམ། རྣམ་པར་ཤེས་པར་བྱ་བའམ། ཁོང་དུ་ཆུད་པར་བྱ་བའམ། འཇུག་པར་བྱ་བའམ། ཡིད་ཆེས་པར་བྱ་བའམ། བརྟག་པར་བྱ་བའམ། རྟོགས་པར་བྱ་བའམ། ཐོབ་པར་བྱ་བར་མྱི་ནུས་སོ། །ཞེས་ཏེ་དེས་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་པ་དང་། ཡང་དག་པར་བསྐུལ་བ་དང་། གཟེངས་བསྟོད་པ་དང་དགའ་བར་བྱས་ཏེ་ཆོས་ཀྱི་སྒོ་གྲངས་མྱེད་པ་དང་། ལྡན་པར་བྱས་ནས་ཡེ་ཤེས་མཐའ་ཡས་པའི་སྣང་བ་ཆེན་པོ་ཐོབ་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་གཟུངས་དང་། སྤོབས་པ་དང་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་མཐའ་ཡས་པའི་བྱིན་གྱིས་བྱིན་དུ་བརླབས་པར་བྱས་ཏེ། ཀུན་ཏུ་བཟང་པོའི་སྤྱོད་པའི་
དཀྱིལ་འཁོར་ལ་བཞག་ནས་བདག་གི་ཡུལ་ལའང་རབ་ཏུ་བཞག་སྟེ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དྲུང་ནས་སོང་ངོ་། ། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ལས་སྡོང་པོས་བརྒྱན་པའི་ལེའུ་སྟེ། བཞི་བཅུ་རྩ་ལྔ་པའོ།། །།