གཉིས་པ། ཡང་དག་པར་སྤྲོ་བར་བྱ་བའི་ལེའུ།
དགེ་སློང་དག་དེ་ལ་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་རྒྱ་ཆེར་རོལ་པ་ཞེས་བྱ་བ་དེ་གང་ཞེ་ན། དགེ་སློང་དག་འདི་ལ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་མཆོག་ན་གནས་པ། མཆོད་པར་བྱ་བས་མཆོད་པ། དབང་བསྐུར་བ་ཐོབ་པ། ལྷ་བརྒྱ་སྟོང་གིས་བསྟོད་ཅིང་བཀུར་ཏེ་བརྗོད་ཅིང་བསྔགས་པ། བསམ་པ་ཐོབ་པ། སྨོན་ལམ་གྱིས་ཡང་དག་པར་འཕགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་ཐོབ་པའི་བློ་དང་ལྡན་པ། ཡེ་ཤེས་ཀྱི་མིག་ཤིན་ཏུ་རྒྱས་ཤིང་ཡོངས་སུ་དག་པ་དང་ལྡན་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཁྲེལ་ཡོད་པ་དང་། དགའ་བ་འབར་བའི་བློ་རླབས་པོ་ཆེ་དང་ལྡན་པ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ལ་མཁས་པ་ཆེན་པོའི་དམ་པའི་ཕ་རོལ་ཏུ་སོན་པ། ཚངས་པའི་ལམ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ལ་མཁས་པ། མངོན་པར་ཤེས་པ་དང་། རིག་པ་ཆེན་པོས་སྒྲིབ་པ་མེད་ཅིང་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་མངོན་དུ་གྱུར་པ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་
པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་རྫོགས་པའི་མཐར་ཕྱིན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་མཚན་དང་དཔེ་བྱད་བཟང་པོས་ལུས་ལེགས་པར་བརྒྱན་པ། ཡུན་རིང་པོར་རྗེས་སུ་འབྲང་བ་དང་ལྡན་པ། ཇི་སྐད་དུ་སྨྲས་པ་དེ་ལྟར་བྱེད་པས་ལོག་པ་མེད་པའི་ཚིག་གི་ལམ་ཡང་དག་པར་སྨྲ་བ། དྲང་ཞིང་མ་ཡོ་ལ། གྱ་གྱུ་མེད་པའི་ཡིད་ཐོགས་པ་མེད་པ་དང་ལྡན་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་དང་། འཇིགས་པ་དང་། ཞུམ་པ་ཐམས་ཅད་མེད་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ངོར་བལྟ་ཞིང་བལྟ་བའི་བཞིན་དང་ལྡན་པ། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། སྲིན་པོ་རྣམས་ཀྱིས་མངོན་པར་དགའ་བར་བྱ་བའི་གྲགས་པ་དང་ལྡན་པ། ཚིག་ཐམས་ཅད་རབ་ཏུ་ཕྱེ་སྟེ་བསྟན་པ་ལ་ཐོགས་པ་མེད་པའི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་གཟུང་བ་ལ་དྲན་པའི་སྣོད་འཁྲུལ་པ་མེད་པ་དང་། གཟུངས་མཐའ་ཡས་མུ་མེད་པ་རབ་ཏུ་ཐོབ་པ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པའི་ཆོས་རིན་པོ་ཆེ་དང་། བསོད་ནམས་ཀྱིས་ཡང་དག་པར་བསྒྲུབས་པའི་ཆོས་ཀྱི་གྲུ་ཆེན་པོའི་དེད་དཔོན་ཆེན་པོ། ཆུ་བོ་བཞིའི་ཕ་རོལ་ཏུ་འགྲོ་བའི་བསམ་པ་ཅན། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པ། གཡུལ་ངོའི་ཐོག་མ་ལ་རབ་ཏུ་འདུག་པ། ཉོན་མོངས་པའི་དགྲའི་ཚོགས་འཇོམས་པ། ཡེ་ཤེས་མཆོག་གི་རྡོ་རྗེའི་མཚོན་སྲ་བ་དང་
ལྡན་པ། བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལས་སྙིང་རྗེ་ཆེན་པོའི་ཆུ་བ་ལྷག་པའི་བསམ་པས་སྐྱེས་པ་ཟབ་ཅིང་བརྟན་པ་དང་། བརྩོན་འགྲུས་ཀྱི་ཆོས་ཀྱི་ཆུས་མངོན་པར་བརླན་པ། ཐབས་མཁས་པའི་སྙིང་པོ་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་གྱི་ཟེ་བ་ཅན། ཏིང་ངེ་འཛིན་གྱི་ཟེ་འབྲུ་དང་ལྡན་པ། ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོའི་མཚོ་ལས་སྐྱེས་པ། ང་རྒྱལ་དང་དྲེགས་པའི་གདུང་བ་མེད་པའི་ཟླ་བས་དྲི་མ་མེད་པའི་འདབ་མ་རྒྱས་པ། ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པའི་བསུང་གི་ངད་ཕྱོགས་བཅུར་ཐོགས་པ་མེད་པར་ལྡང་བ། འཇིག་རྟེན་ན་ཤེས་པའི་ཐུ་བོར་གྱུར་པ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། སྐྱེས་བུ་ཆེན་པོའི་པད་མ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དྲི་ཞིམ་པོ་འབྱུང་བ། ཤེས་རབ་དང་ཡེ་ཤེས་ཀྱི་ཉི་མའི་འོད་ཟེར་གྱིས་མིག་ཤིན་ཏུ་རྣམ་པར་དག་པའི་པད་མ་འདབ་མ་བརྒྱ་པ་རྒྱས་པ། རྫུ་འཕྲུལ་གྱི་རྐང་པ་བཞི་མཆོག་ཏུ་མགྱོགས་པའི་ཤུགས་དང་ལྡན་པ། འཕགས་པའི་བདེན་པ་བཞིའི་སྡེར་མོ་དང་མཆེ་བ་ཤིན་ཏུ་རྣོ་བ། ཚངས་པའི་གནས་པ་བཞིའི་སོ་དྲང་བསྙེར་བ། བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་བསྡུས་པའི་མགོ་དང་ལྡན་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཁོང་དུ་ཆུད་པས་རིམ་གྱིས་འཕགས་པའི་ལུས་དང་ལྡན་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་ཡོངས་སུ་རྫོགས་པས་རལ་པ་ཅན་དུ་བྱས་ཤིང་། རིག་པ་དང་། ཡེ་ཤེས་ཀྱི་ཟེ་བ་ཅན། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཁ་གདངས་པ། ཞི་གནས་དང་ལྷག་མཐོང་ཤིན་ཏུ་རྣམ་པར་དག་པའི་མིག་དང་ལྡན་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་རི་སུལ་གྱི་ཕུག་ན་གནས་པ། སྤྱོད་ལམ་བཞི་དང་། འདུལ་བའི་ནགས་ཚལ་དང་། ནགས་འདབ་ནས་སྐྱེས་པའི་ལུས་དང་ལྡན་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། ཉེ་བའི་སྟོབས་དང་ལྡན་པ། སྐྱེ་བ་དང་འཇིག་པའི་འཇིགས་པ་དང་སྤུ་གཡོ་བ་མེད་པ། རྩལ་ལ་ཞུམ་ པ་མེད་པ། མུ་སྟེགས་ཅན་གྱི་བོང་བུ་དང་རི་དགས་མང་པོའི་ཚོགས་རབ་ཏུ་འཇོམས་པ། བདག ་
མེད་པར་སྒྲ་བརྗོད་པའི་སེང་གེའི་ང་རོ་ཆེན་པོ་སྒྲོག་པ། སྐྱེས་བུ་སེང་གེ། རྣམ་པར་གྲོལ་བ་དང་། བསམ་གཏན་གྱི་དཀྱིལ་འཁོར་ལས་ཤེས་རབ་ཀྱི་འོད་དང་། འོད་ཟེར་གྱིས་མུ་སྟེགས་བྱེད་སྲིན་བུ་མེ་ཁྱེར་གྱི་ཚོགས་འོད་མེད་པར་བྱེད་པ། མ་རིག་པའི་མུན་པ་མུན་ནག་གི་ལིང་ཏོག་དང་རབ་རིབ་མེད་པར་བྱེད་པ། སྟོབས་དང་བརྩོན་འགྲུས་འབར་བ། ལྷ་དང་མིའི་ནང་དུ་བསོད་ནམས་ཀྱི་གཟི་བརྗིད་ཀྱི་གཟི་དང་ལྡན་པ་སྐྱེས་བུ་ཆེན་པོའི་ཉི་མ། ནག་པོའི་ཕྱོགས་མེད་པ། དཀར་པོའི་ཕྱོགས་ཡོངས་སུ་རྫོགས་པ། བལྟ་ན་སྡུག་ཅིང་ཡིད་དུ་འོང་བས་མིག་གི་དབང་པོ་ལ་ཐོགས་པ་མེད་པ། ལྷ་བརྒྱ་སྟོང་གི་སྐར་མའི་ཚོགས་ཀྱིས་ཤིན་ཏུ་བརྒྱན་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཅན། བྱང་ཆུབ་ཀྱི་ཡན་ལག་གི་བདེ་བས་ཟླ་བའི་འོད་ཟེར་དུ་གྱུར་པ། མི་དང་ལྷ་མཁས་པའི་མེ་ཏོག་ཀུ་མུ་ད་ཁ་འབྱེད་པ་སྐྱེས་བུ་ཆེན་པོ་ཟླ་བ། འཁོར་གྱི་གླིང་བཞིར་སོང་བ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་སྦྱོར་བ། བློ་དཔྱད་ཐོགས་པ་མེད་པ། དགེ་བ་བཅུའི་ལས་ཀྱི་ལམ་གྱི་དཀའ་ཐུབ་དང་བརྟུལ་ཞུགས་ཤིན་ཏུ་ཕུན་སུམ་ཚོགས་ཤིང་རབ་ཏུ་རྫོགས་པས་ཁྱད་པར་དུ་བོགས་དབྱུང་བར་བྱ་བའི་བསམ་པ་ཅན། ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་མཆོག་དམ་པ་ཐོགས་པ་མེད་པར་བསྐོར་བ། འཁོར་ལོས་སྒྱུར་བའི་རིགས་ཀྱི་རྒྱུད་དུ་བྱུང་བ། ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་ཅིང་གཏིང་དཔག་དཀའ་བ། ཆོས་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་གང་བ། ཐོས་པས་མི་ངོམས་པས་ཡངས་ཤིང་རྒྱ་ཆེ་ལ་མཐའ་ཡས་པའི་ཡེ་ཤེས་དང་ཚུལ་ཁྲིམས་ཀྱི་ཚོད་ལས་མི་འདའ་བ། བློ་རྒྱ་མཚོ་དང་ས་ལྟར་རྒྱ་ཆེ་བའི་མཆོག་ཏུ་གྱུར་པ། ས་དང་ཆུ་དང་མེ་དང་རླུང་དང་མཉམ་པའི་སེམས་སུ་གྱུར་པ། རི་རབ་ལྟར་བརྟན་ཞིང་མི་གཡོ་ལ་བསྐྱོད་པར་མི་ནུས་པའི་ཡིད་དང་ལྡན་པ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པ། ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་ཅིང་ཡངས་ལ་འདྲ་བ་མེད་པར་རྒྱ་ཆེ་བའི་བློ་དང་ལྡན་པ། ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་
དག་པ། སྦྱིན་པ་ལེགས་པར་བྱིན་པ། སྔོན་སྦྱོར་བ་ལེགས་པར་བྱས་པ། ལྷག་པའི་བྱ་བ་ལེགས་པར་བྱས་པ། བདེན་པའི་རྒྱན་གྱིས་ལེགས་པར་བརྒྱན་པ། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཙལ་བ། གོས་པར་བྱ་བ་བསྒོས་པ། དགེ་བའི་རྩ་བ་ངེས་པར་བྱས་པ། བསྐལ་པ་གྲངས་མེད་པ་བདུན་དུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་པ། སྦྱིན་པ་རྣམ་པ་བདུན་བྱིན་པ། བསོད་ནམས་བྱ་བའི་དངོས་པོ་ལྔ་ཤིན་ཏུ་བསྟེན་པ། ལེགས་པར་སྤྱད་པ་ལུས་ཀྱི་རྣམ་གསུམ། ངག་གི་རྣམ་བཞི། ཡིད་ཀྱི་རྣམ་གསུམ་སྤྱད་པར་གྱུར་པ། དགེ་བ་བཅུའི་ལས་ཀྱི་ལམ་བསྟེན་པ་དང་ལྡན་པ། ཡང་དག་པའི་སྦྱོར་བ་ཡན་ལག་བཞི་བཅུ་དང་ལྡན་པ་བསྟེན་པར་གྱུར་པ། ཡང་དག་པའི་སྨོན་ལམ་ཡན་ལག་བཞི་བཅུ་དང་ལྡན་པའི་སྨོན་ལམ་བཏབ་པ། ལྷག་པའི་བསམ་པ་ཡན་ལག་བཞི་བཅུ་དང་ལྡན་པ་ལ་ཞུགས་པ། ཡང་དག་པའི་རྣམ་པར་ཐར་པ་ཡན་ལག་བཞི་བཅུ་དང་ལྡན་པ། ཡོངས་སུ་རྫོགས་པར་བྱས་པ། ཡང་དག་པའི་མོས་པ་ཡན་ལག་བཞི་བཅུ་དང་ལྡན་པ་དྲང་པོར་བྱས་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཞི་བཅུའི་རྗེས་སུ་རབ་ཏུ་བྱུང་བ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལྔ་བཅུ་རྩ་ལྔ་ལ་སྦྱིན་པ་ཕུལ་བར་གྱུར་པ། རང་སངས་རྒྱས་བྱེ་བ་བརྒྱ་ཕྲག་ཕྱེད་དང་བཞི་ལ་ལྷག་པར་བྱ་བ་བྱས་པ། སེམས་ཅན་ཚད་མེད་གྲངས་མེད་པ་དག་མཐོ་རིས་དང་ཐར་པའི་ལམ་དུ་བཙུད་པར་གྱུར་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། ཚེ་གཅིག་གིས་ཐོགས་པ། འདི་ནས་ཤི་འཕོས་ནས་དགའ་ལྡན་གྱི་གནས་དམ་པ་ན་གནས་པ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བ། ལྷའི་ཚོགས་རྣམས་ཀྱིས་འདི་ནི་འདི་ནས་ཤི་འཕོས་ནས་མིའི་འཇིག་རྟེན་དུ་སྐྱེས་ཏེ། རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དེར་ཤིན་ཏུ་མཆོད་པ། གཞལ་མེད་ཁང་གནས་སུམ་ཁྲི་ཉིས་སྟོང་ལ་རབ་ཏུ་གནས་པ། སྟེགས་བུ་དང་། བ་གམ་དང་། རྟ་བབས་དང་། སྐར་ཁུང་དང་། བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། ཁྱམས་
ཀྱིས་ལེགས་པར་བརྒྱན་པ། གདུགས་དང་། རྒྱལ་མཚན་དང་། བ་དན་སྒྲེང་བ། རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བའི་བླ་རེ་བྲེས་པ། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་ཆལ་པར་བཀྲམ་པ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གླུ་དབྱངས་ལེན་པ། མེ་ཏོག་ཨ་ཏི་མུཀ་ཏ་ཀ་དང་། ཙམ་པ་ཀ་དང་། སྐྱ་སྣར་དང་། ས་བརྟོལ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། མྱ་ངན་འཚང་དང་། ནྱ་གྲོ་དྷ་དང་། ཏིན་དུ་ཀ་དང་། ཨཱ་ས་ན་དང་། དོང་ཀའི་མེ་ཏོག་དང་། ཤིང་ཀེ་ས་ར་དང་། ཏ་མ་ལ་དང་། སཱ་ལ་དང་། རིན་པོ་ཆེའི་ཤིང་ལྗོན་པ་ཆེན་པོས་བརྒྱན་པ། གསེར་གྱི་དྲ་བས་གཡོགས་པ། གཞི་མཉམ་ཞིང་བཀོད་པས་མཛེས་པར་བྱས་པ། མེ་ཏོག་སྣང་འོད་དང་། མཱ་ལི་ཀ་དང་། སྣ་མའི་མེ་ཏོག་དང་། བཱར་ཤི་ཀ་དང་། ཏ་ར་ནི་དང་། བ་ལི་དང་། ཀོ་ཏ་ར་ནི་དང་། མཆོག་ཏུ་དྲི་ཞིམ་དང་། དྷ་ནུས་ཀ་རི་དང་། ལྷའི་སྣ་མའི་མེ་ཏོག་དང་། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་རབ་ཏུ་ཞིམ་པའི་བླ་རེ་ཆེན་པོ་ཕྱོགས་ཕྱོགས་སུ་བྲེས་པ། བྱ་འདབ་སྤེན་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ངང་པ་དང་། རྨ་བྱ་དང་། ངུར་པ་དང་། ཀུ་ན་ལ་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་ལ་སོགས་པ་བྱ་སྣ་ཚོགས་སྒྲ་སྙན་པ་འབྱིན་པ། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་མིག་མངོན་དུ་ཕྱོགས་ཏེ་བལྟ་ཞིང་ལྟད་མོར་བྱ་བ། ཆོས་རྒྱ་ཆེ་བ་ཆེན་པོ་ཡང་དག་པར་བརྗོད་པས་འདོད་པ་ལ་དགའ་བའི་ཤུགས་ཀྱིས་ཉོན་མོངས་པ་ཐམས་ཅད་གཅོད་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་དང་། ཁྲོ་བ་དང་། ཐ་བ་དང་། ཁོང་ཁྲོ་བ་མེད་པར་གྱུར་པ། དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་དང་། དྲན་པ་རྒྱ་ཆེ་ཞིང་གསལ་བ་སྐྱེ་བའི་གཞལ་མེད་ཁང་ཆེན་པོ་དེ་ན་བདེ་བར་གནས་ཤིང་ཆོས་ཀྱི་ཡང་དག་པའི་གཏམ་བྱུང་བ་དང་། སིལ་སྙན་དང་། གླུ་དབྱངས་བརྒྱད་ཁྲི་བཞི་སྟོང་པོའི་སྒྲ་དེ་དག་ལས་བྱང་ཆུབ་སེམས་དཔའི་སྔོན་གྱི་ལས་དགེ་བའི་ཚོགས་ཀྱིས་ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །བསོད་ནམས་རྒྱ་ཆེན་ཚོགས་མངའ་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་
མེད་སྟོབས་མངའ་སྐུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། ། རྒྱ་ཆེན་དྲི་མ་མེད་པའི་ཐུགས་མངའ་བ། །དྲི་མ་གསུམ་སྤངས་རྒྱགས་དང་སྐྱོན་ཞི་བ། །དགེ་བ་དྲི་མེད་རྣམ་པར་དག་པའི་ཐུགས། །སྔོན་ཆད་ཇི་ལྟར་སྦྱིན་སྤྱད་དགོངས་པར་མཛོད། །ཞི་གནས་ཚུལ་ཁྲིམས་བརྟུལ་ཞུགས་བཟོད་པ་དང་། །དུལ་དང་བརྩོན་འགྲུས་བསམ་གཏན་ཤེས་རབ་སྟོབས། །བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམས་སྤྱད་པ། །སྤྱོད་རིགས་ཆེར་བྱུང་དགོངས་མཛོད་དགོངས་པར་མཛོད། །སེམས་ཅན་རྣམས་ལ་ཐུགས་བརྩེ་མཛད་གྱུར་ཅིང་། །སངས་རྒྱས་བྱེ་བ་ཁྲག་ཁྲིག་ཁྱོད་ཀྱིས་མཆོད། །དགོངས་མཛོད་དགོངས་པར་མཛོད་ཅིག་གྲགས་མཐའ་ཡས། །དེ་དུས་ལགས་ཀྱིས་བཏང་སྙོམས་མ་མཛད་ཅིག ། རྒ་ཤི་ཉོན་མོངས་འཇིག་མཛད་རྡུལ་བྲལ་བ། །ལྷ་དང་ཀླུ་དང་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་དབང་པོ་དག་ཀྱང་སྡོད་ལགས་ཀྱིས། །འཆི་འཕོའི་ཚུལ་མཁྱེན་འཕོ་བ་བསྟན་པར་མཛོད། །བསྐལ་པ་སྟོང་དུ་དཀའ་བ་སྤྱད་གྱུར་ཀྱང་། །རྒྱ་མཚོ་ཆུ་ཡིས་ཇི་བཞིན་མི་ངོམས་ཀྱིས། །ངོམས་པ་ཁྱོད་ཀྱི་ཐུགས་དམ་དགེ་བ་སྟེ། །ཡུན་རིང་སྐོམ་ཉེན་སྐྱེ་བོ་ཚིམ་པར་མཛོད། །སྨད་པ་མེད་པའི་གྲགས་པ་མངའ་བ་ཁྱོད། །ཆོས་ལ་དགྱེས་པར་ཁྱོད་དགྱེས་འདོད་མི་དགྱེས། །འོན་ཀྱང་དྲི་མ་མེད་པའི་སྤྱན་མངའ་བ། །ལྷར་བཅས་འཇིག་རྟེན་དག་ལ་ཐུགས་བརྩེ་མཛོད། །ལྷ་རྣམས་བྱེ་བ་ཁྱོད་ལས་ཆོས་ཐོས་པས། །ངོམས་པར་འགྱུར་བ་མ་ལགས་འོན་གྱིས་ཀྱང་། །དལ་དང་མི་ལྡན་གྱུར་པའི་ངན་སོང་དུ། །གནས་པར་གྱུར་པ་དག་ལ་གཟིགས་སུ་གསོལ། །དྲི་མ་མེད་པའི་སྤྱན་མངའ་ཕྱོགས་བཅུ་ཡི། །འཇིག་རྟེན་དག་གི་སངས་རྒྱས་གཟིགས་གྱུར་ཅིང་། །དེ་དག་རྣམས་ལ་ཆོས་གསན་ཆོས་མཆོག་དེ། །འཇིག་རྟེན་དག་ལ་རྣམ་པར་དབྱེ་བ་མཛོད། །དཔལ་ལྡན་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེ་ཐུགས་དང་ལྡན་པས་ན། །འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། །བརྟུལ་ཞུགས་གྲུབ་པ་བྱང་ཆུབ་རེག་ཅེས་ཏེ། །འདོད་པའི་ཁམས་ལས་རབ་ཏུ་འདས་པ་ཡི། །གཟུགས་ཀྱི་
ཁམས་ན་ལྷ་རྣམས་གང་འཁོད་པ། །དུ་མ་ཐམས་ཅད་མངོན་པར་རབ་ཏུ་དགའ། །མགོན་པོ་ཁྱོད་ཀྱིས་བདུད་ཀྱི་ལས་རྣམས་བཅོམ། །ཁྱོད་གཞན་མུ་སྟེགས་ཅན་རྣམས་ཕམ་མཛད་དེ། །ཁྱོད་ནི་བྱང་ཆུབ་ཕྱག་མཐིལ་བཞག་དང་འདྲ། །དེ་དུས་ལགས་ཀྱིས་བཏང་སྙོམས་མ་མཛད་ཅིག ། ཉོན་མོངས་རབ་ཏུ་འབར་བའི་འཇིག་རྟེན་ལ། །དཔའ་བོ་ཁྱོད་ཀྱིས་སྤྲིན་ལྟར་ཁྱབ་མཛད་དེ། །བདུད་རྩིའི་ཆར་པ་མངོན་པར་རབ་ཏུ་ཕོབ། །ལྷ་མི་རྣམས་ཀྱི་ཉོན་མོངས་ཞི་བར་མཛོད། །ཁྱོད་ནི་སྨན་པ་ཁམས་ལ་མཁས་པ་སྟེ། །ཡུན་རིང་ནད་པ་སྨན་པས་བོར་བ་ཡི། །སེམས་ཅན་རྣམ་ཐར་གསུམ་གྱི་སྦྱར་སྨན་གྱིས། །མྱ་ངན་འདས་པའི་བདེ་ལ་མྱུར་དུ་ཁོད། །སེང་གེའི་ང་རོ་ཐོས་པར་མ་གྱུར་པས། །ཝ་རྣམས་འཇིགས་པ་མེད་པར་སྒྲ་སྒྲོག་གིས། །སངས་རྒྱས་སེང་གེའི་སྒྲ་ནི་རབ་སྒྲོགས་ཏེ། །མུ་སྟེགས་ཅན་གཞན་ཝ་རྣམས་སྐྲག་པར་མཛོད། །ས་ཡི་དཀྱིལ་ན་སྟོབས་དང་བརྩོན་འགྲུས་ཀྱི། །སྟོབས་ལྡན་ཕྱག་ན་ཤེས་རབ་སྒྲོན་མ་བསྣམས། །ཕྱག་མཐིལ་དམ་པས་ས་ལ་བརྡབ་མཛོད་དེ། །འདི་རྣམས་ཁྱོད་ཀྱིས་རབ་ཏུ་ཕམ་པར་མཛོད། །གང་དག་ཁྱོད་ལ་ལྷུང་བཟེད་འབུལ་བ་ཡི། །འཇིག་རྟེན་སྐྱོང་བ་བཞི་པོ་སྡོད་ཅིང་མཆིས། །ཁྱོད་བལྟམ་གང་དག་ལེན་པར་འགྱུར་བ་ཡི། །བརྒྱ་བྱིན་ཚངས་པ་ཁྲག་ཁྲིག་སྡོད་ཅིང་མཆིས། །བློ་གྲོས་བཟང་པོ་རིགས་ཆེན་རིགས་ལྡན་པ། །གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་སྟོན་གྱུར་དམ་པའི་རིགས་སྐྱེས་པས། །རིགས་ཀྱི་ནང་ན་བཙུན་པའི་རིགས་ལ་གཟིགས། །སྣོད་གྱུར་གང་དུ་ནོར་བུ་རིན་པོ་ཆེ། །བཞག་ན་དཔལ་དང་ལྡན་པར་འགྱུར་བ་བཞིན། །ནོར་བུ་རིན་ཆེན་ལྟ་བུར་དྲི་མེད་ཐུགས། །འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། །གླུ་དབྱངས་སྒྲ་ལས་རྣམ་པ་འདི་ལྟ་ཡི། །ཚིགས་སུ་བཅད་པ་མང་པོ་བྱུང་གྱུར་ནས། །འདི་ནི་དུས་ལགས་བཏང་སྙོམས་མ་མཛད་ཅེས། །སྙིང་རྗེའི་ཡིད་དང་ལྡན་ལ་སྐུལ་བར་བྱེད། །ཡང་དག་པར་སྤྲོ་བར་བྱ་བའི་ལེའུ་སྟེ་གཉིས་པའོ།། །།