འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ།
རྒྱ་གར་སྐད་དུ། ཨཱཪྱ་མ་ཧཱ་པ་རི་ནིརྦཱ་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤི་ན། ཆུ་ཀླུང་གསེར་ལྡན་གྱི་འགྲམ། གྱད་ཀྱི་ཉེན་ཀོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་དགེ་སློང་བྱེ་བ་འབུམ་ཕྲག་བརྒྱད་ཅུས་བསྐོར་ཅིང་མདུན་གྱིས་བལྟས་ཏེ། དཔྱིད་ཟླ་ཐ་ཆུངས་ཟླ་བ་ཉ་བའི་ནང་པར་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དང་ཉེ་བར་གྱུར་པ་ན། སེམས་ཅན་ཐམས་ཅད་ཀྱི་རང་རང་གི་ཡུལ་གྱི་སྐད་དུ་ཤིན་ཏུ་ཟུར་ཕྱིན་པར་དོན་བརྡ་སྤྲོད་པའི་ཚིག་རྣམས་ཀྱིས། སྲིད་པའི་རྩེ་མོ་མན་ཆད་གོ་བར་མཛད་དེ། དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན། འཇིག་རྟེན་ཐམས་ཅད་
སྐྱོབ་པ། སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་དང་འདྲ་བར་གཟིགས་པ་སྐྱབས་ཆེན་པོའི་གནས་དང་གཞི་བོར་གྱུར་པ་ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བཀའ་སྩལ་ཏེ། སེམས་ཅན་ཐམས་ཅད་ཀྱི་ཞུ་བ་ལུང་བསྟན་པ་ཐ་མ་ལ་དེ་ལྟ་བུའི་གསུང་རྣམས་བྱུང་བར་གྱུར་ཏོ། །གཞན་ཡང་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཤེལ་གྱི་ཁ་དོག་དང་། རྡོའི་སྙིང་པོའི་ཁ་དོག་ལྟ་བུ་དག་བྱུང་སྟེ། འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་མ་ཡིན་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་དེ་དག་ལ་ཕོག་ནས། དེའི་མོད་ལ་ཉོན་མོངས་པའི་མུན་པ་ཐམས་ཅད་དང་། ངན་སོང་དང་། མི་ཁོམ་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཏོ། །དེ་ནས་མྱ་ངན་ཆེན་པོས་ནོན་ཏེ་ཚིག་འཐུན་པར་ཀྱེ་མ་ཁེབས་སོ་ཁེབས་སོ་ཞེས་ཀྱང་ཟེར་ཏོ། །ཀྱི་ཧུད་ཀྱི་ཧུད་ཅེས་ཀྱང་སྐད་ཆེར་འབོད་ཅིང་ལག་པ་བརྐྱང་བས་ཀྱང་མགོ་བོ་ལ་རྡོབས་ཤིང་ལུས་འདར་ཞིང་ཤིན་ཏུ་ངུའོ། །དེའི་ཚེ་ས་ཆེན་པོ་ནགས་ཚལ་དང་བཅས་རི་དང་བཅས་པའི་རྒྱ་མཚོའི་མཐས་གཏུགས་པ་ཡང་རབ་ཏུ་གཡོས་ཏེ། སེམས་ཅན་དེ་དག་ཀྱང་གཅིག་ལ་གཅིག་འཛིན་ཅིང་འདི་སྐད་དུ་གྲོགས་པོ་དག་རིངས་གྲོགས་པོ་དག་རིངས། གྱད་ཡུལ་གྱི་གྲོང་ཁྱེར་ཀུ་ཤིར་འདོང་ངོ་འདོང་ངོ་། །དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པ་ལས་བཟློག་ལ་བསྒྲིམ་མི་དགོས་པར་
བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་བཞུགས་པར་གསོལ་བ་གདབ་བོ་ཞེས་ཟེར་ཏོ། །གཅིག་ལ་གཅིག་འཇུས་ནས་འདི་སྐད་དུ། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ། །ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ། །ཀྱེ་མ་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་ཟད་དོ། །ལས་མི་བཟད་པ་ནི་བྱུང་ངོ་། །ཚེ་དང་ལྡན་པ་དག་མྱུར་ཅིག ། ཚེ་དང་ལྡན་པ་དག་མྱུར་ཅིག ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེང་གི་ཡུད་ཙམ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ། །ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མི་བཞུགས་ན། བདག་ཅག་མགོན་མེད་པ་དང་། རྩ་ལག་མེད་པ་དང་། ཕོངས་པར་ཇི་ལྟར་འགྱུར་ཞིག་གུ། བདག་ཅག་གི་ཐེ་ཚོམ་དང་སོམ་ཉི་ཅི་དང་ཅི་ཡོད་པ་དེ་དང་དེ་དག་ཞུ་བར་བྱའོ་ཞེས་ཀྱང་ཟེར་ཏོ། །ཉན་ཐོས་ཆེན་པོ་འདི་དག་ཀྱང་དེ་ན་འཁོད་དེ། འདི་ལྟ་སྟེ། གནས་བརྟན་ཀཱ་ཏྱཱ་ཡ་ན་ཆེན་པོ་དང་། གནས་བརྟན་བཀྐུ་ལ་དང་། གནས་བརྟན་ཉེ་དགའ་བོ་དང་། དེ་དག་ལ་སོགས་པ་གཞན་དག་ཀྱང་དེ་ན་འཁོད་དེ། དེ་དག་ལ་འོད་ཟེར་གྱིས་ཕོག་ནས། འདར་རབ་ཏུ་འདར། དམ་དམ་རབ་ཏུ་དམ་དམ། འཁྲུགས་རབ་ཏུ་འཁྲུགས། བརྟབས་རབ་ཏུ་བརྟབས། འུར་འུར་རབ་ཏུ་འུར་འུར། འཁམས་རབ་ཏུ་འཁམས། རྨུགས་རབ་ཏུ་རྨུགས། རེངས་རབ་ཏུ་རེངས་ཏེ། དེ་དག་ལ་སོགས་པ་དག་ཏུ་གྱུར་ནས་ཆས་སོ། །དེའི་ཚེ་དགེ་སློང་ས་ཡ་ཕྲག་བརྒྱད་སོ་ཤིང་ཟོས་ནས་ཕྱིར་བྱུང་སྟེ། གནས་བརྟན་དེ་དག་ལ་འོད་ཟེར་གྱི་སྣང་བ་དེས་ཕོག་ནས་ཤིན་ཏུ་རིངས་པར་ཁ་གདོང་བཀྲུས་ཏེ་གཅིག་ལ་གཅིག་འཇུས་སོ། །དེ་བཞིན་གཤེགས་པའི་སྲས་དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ། དབང་ཐོབ་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཅང་ཤེས་པ། གཙོ་བོ་ཆེན་པོ། ཆེན་པོ་སྟོང་པ་ཉིད་ཀྱིས་རང་གི་དོན་ཐོབ་པ། ཙན་དན་ཆེན་པོ་ལྟ་བུའི་གཡོག་འཁོར་དང་ལྡན་པ། སེང་གེ་ལྟ་བུའི་གཡོག་འཁོར་དང་ལྡན་པ་ཤ་སྟག་སྟེ། དེ་ལ་
སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དེ་དག་ཐམས་ཅད་སྔ་དྲོ་ཉི་མ་འཆར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ཀོ་ཏ་ཀའི་བུ་མོ་རབ་བཟངས་མ་ལ་སོགས་པ་དགེ་སློང་མ་བྱེ་བ་འབུམ་ཕྲག་དྲུག་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། དབང་ཐོབ་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། ཉོན་མོངས་པ་མེད་པ། གཙོ་མོ་ཆེན་མོ། ཆེན་པོ་སྟོང་པ་ཉིད་ཀྱིས་རང་གི་དོན་ཐོབ་པ་ཤ་སྟག་སྟེ། འདི་ལྟ་སྟེ། ཀོ་ཏ་ཀའི་བུ་མོ་དགེ་སློང་མ་རབ་བཟངས་མ་དང་། དགེ་སློང་མ་ཉེ་དགའ་མོ་དང་། དགེ་སློང་མ་རྒྱ་མཚོ་བློ་གྲོས་དང་། དེ་ལ་སོགས་པ་དགེ་སློང་མ་བྱེ་བ་འབུམ་ཕྲག་དྲུག་སྔ་དྲོ་ཉི་མ་འཆར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་
ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །འཁོར་དེ་ན་དགེ་སློང་མ་འཁོད་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་མི་མཆོག་ས་བཅུ་ཐོབ་པ་ཤ་སྟག་སྟེ། གདུལ་བའི་དབང་གི་ཕྱིར་བུད་མེད་ཀྱི་གཟུགས་དང་། བུད་མེད་ཀྱི་དབྱིབས་དང་། ཤ་དང་། ཁྲག་དང་། རྒྱུས་པ་མང་པོ་དང་རུས་པའི་ལུས་འཆང་བ། རྟག་ཏུ་ཚད་མེད་པ་བཞི་བསྒོམ་པ་དང་ལྡན་པ། བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཡུལ་གྱི་ཆོ་འཕྲུལ་ཆེན་པོའི་དོན་བྱེད་ནུས་པ་ཤ་སྟག་གོ །གཞན་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་རྒྱ་མཚོས་བྱིན་ལ་སོགས་པ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱང་མི་མཆོག་ས་བཅུ་ཐོབ་པ། ཐབས་ཀྱིས་ལུས་འཆང་བ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱ་མཚོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་། ཐེག་པ་ཆེན་པོ་ཐོས་པར་འདོད་པ། ཐེག་པ་ཆེན་པོ་ལ་ཞུགས་པ། ཐེག་པ་ཆེན་པོས་བཀྲེས་པ། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་འཐུན་པར་བྱེད་ནུས་པ་ཤ་སྟག་དང་། བདག་ཅག་རྒལ་ནས་གཞན་བསྒྲལ་བར་བྱའོ་སྙམ་སྟེ། སྔོན་གྱི་བསྐལ་པ་བྱེ་བ་སྙེད་དུ་ཚུལ་ཁྲིམས་ཀྱི་བཀོད་པའི་དམ་བཅའ་བ་ལེགས་པར་བླངས་པ། འཛིན་པའི་སྤྱད་པ་སྤྱོད་པ་ཤ་སྟག་དང་། དེ་བཞིན་དུ་བདག་ཅག་གྲོལ་ནས་གཞན་དགྲོལ་བར་བྱའོ་སྙམ་པ་དང་། དེ་བཞིན་དུ་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱའོ་སྙམ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་པ་དང་། གོ་ཆ་ཆེན་པོ་བགོ་བར་བྱའོ་སྙམ་དུ་སེམས་པ་ཤ་སྟག་དང་། དེ་བཞིན་དུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དང་། བུ་གཅིག་པ་ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙོམས་པར་ལྟ་བ་ཤ་སྟག་སྟེ། དེ་དག་ཐམས་ཅད་སྔ་དྲོའི་ཉི་མ་འཆར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ།
མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་དོན་དུ། ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ་སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་། ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པའི་དགེ་བསྙེན་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ལ་སོགས་པ་དགེ་བསྙེན་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཐམས་ཅད་ཀྱང་ཟུང་དང་ཟུང་དུ་ཤེས་པར་འདོད་པ་ཤ་སྟག་སྟེ། སྡུག་བསྔལ་བ་དང་། བདེ་བ་དང་། རྟག་པ་དང་། མི་རྟག་པ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། སྟོང་པ་དང་། སྟོང་པ་མ་ཡིན་པ་དང་། དེ་ཁོ་ན་དང་། དེ་ཁོ་ན་མ་ཡིན་པ་དང་། སྐྱབས་དང་། སྐྱབས་མ་ཡིན་པ་དང་། སེམས་ཅན་དང་། སེམས་ཅན་མེད་པ་དང་། བརྟན་པ་དང་། བརྟན་པ་མ་ཡིན་པ་དང་། ཞི་བ་དང་། ཞི་བ་མ་ཡིན་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཐེར་ཟུག་དང་། ཐེར་ཟུག་མ་ཡིན་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་དང་ཁྱད་པར་དུ་འཕགས་པ་ཤེས་པར་འདོད་པ་ཤ་སྟག་སྟེ། འདི་ལྟ་སྟེ། དགེ་བསྙེན་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་དང་། དགེ་བསྙེན་རབ་སྦྱིན་ལ་སོགས་པ་དགེ་བསྙེན་ཐེག་པ་ཆེན་པོ་ཐོས་པར་འདོད་ལ། ཐོས་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ་སྙམ་དུ་དམ་བཅས་ཤིང་ཚུལ་ཁྲིམས་བླངས་པ། ཐེག་པ་ཆེན་པོས་སྐོམ་ལ་ངོམས་ནས་ཀྱང་གཞན་སྐོམ་པ་དག་ངོམས་པར་བྱའོ་སྙམ་དུ་དམ་བཅས་པ། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་འཐུན་པར་བྱེད་ནུས་པ་ཤ་སྟག་དང་། བདག་ཅག་རྒལ་ནས་གཞན་
བསྒྲལ་བར་བྱའོ། །བདག་ཅག་གྲོལ་ནས་གཞན་དགྲོལ་བར་བྱའོ། །དཀོན་མཆོག་གསུམ་གྱི་གདུང་མི་ཆད་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་སློབ་པར་འདོད་པ། གོ་ཆ་ཆེན་པོ་བགོས་པ། བསླབ་པ་རྣམས་ལ་སེམས་གུས་པ་དང་། དེ་བཞིན་དུ་ཡོན་ཏན་གྲངས་མེད་པ་དང་ལྡན་པ། བུ་གཅིག་པ་ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞེན་པའི་ཕྱིར་རེ་རེས་ཀྱང་ཙན་དན་དང་། ཨ་ག་རུ་དང་། ཐང་ཤིང་གི་མཆོག་དང་། ཙན་དན་ས་མཆོག་པའི་བུད་ཤིང་རྣམས་དང་། ཡམ་སྲེག་ཤིང་དྲི་བསུང་དང་ལྡན་པ་ཡོན་ཏན་ཅན་ལྔ་སྟོང་ལྔ་སྟོང་ཁྱེར་ཏེ་འོངས་སོ། །དེ་ལ་ཡམ་སྲེག་ཤིང་སྣ་རེ་ཞིང་ཡང་གསེར་གྱི་སྐུད་པ་རིན་པོ་ཆེ་སྣ་བདུན་རིགས་བདུན་དང་ལྡན་པས་སྤྲས་པས་དཀྲིས་པ། རི་མོ་ལ་བྲིས་པ་ཁོ་ན་བཞིན་དུ་འདུག་པ། རང་བཞིན་གྱིས་གཞོན་ཤ་ཅན་ལེགས་པར་བཅོས་པ་ཤ་སྟག་སྟེ། སྣ་རེ་ཞིང་ཡང་འོད་རྣམ་པ་སྣ་ཚོགས་དང་ལྡན་པའི་ཕུང་པོ་ཆེན་པོ་མདོག་སྔོ་བ་དང་། བར་བར་ཁ་ཅིག་ཏུ་མདོག་དཀར། ཁ་ཅིག་ཏུ་སྔོ་སྐྱ། ཁ་ཅིག་ཏུ་རྩ་དམར། ཁ་ཅིག་ཏུ་སེར་བ། མིག་ཏུ་སྡུག་པར་བྱ་བ་ཤ་སྟག་གོ །བམ་པོ་རེ་རེའི་གཡོགས་མའི་ཕྱར་བུ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ །ཆིངས་མའི་ཐེ་གུ་མང་པོ་རེ་རེ་ཞིང་ཡང་ལྡོང་རོས་ཀྱི་མདོག་ལྟ་བུ་དང་། ཟར་མའི་མེ་ཏོག་གི་མདོག་ལྟ་བུ་དང་། སྔོན་པོ་དང་། སེར་པོ་རྣམས་ཀྱིས་བར་བར་དུ་སྤེལ་བ་ཤ་སྟག་གོ །དེ་ལ་ཆིངས་མའི་ཐེ་གུ་མང་པོ་རེ་རེ་ཞིང་ཡང་གསེར་ཐགས་ཀྱི་མཆོག་རྣམ་པར་དག་པ། ཡུལ་མང་པོར་གྲགས་པ་དག་གིས་སྤེལ་བ་ཤ་སྟག་གོ །དེ་ལ་ཡམ་སྲེག་ཤིང་སྣ་རེ་རེ་ཞིང་ཡང་སྤོས་དྲི་བསུང་ཞིམ་པོ་དང་། མེ་ཏོག་ཕྲེང་དང་། གུར་གུམ་གྱི་ཕྱེ་མ་དང་ལྡན་པར་བྱས་པ། གསེར་ཐགས་ཀྱིས་གཡོགས་པ། དར་སྣས་བརྒྱན་པ། རིན་པོ་ཆེ་སྣ་བདུན་གྱི་ཤུབས་སྔོན་པོ་དང་། སེར་པོ་དང་། སྔོ་སྐྱ་དང་། དཀར་པོ་དང་། བཙོད་ཀ་ལྟ་བུ་དག་གི་ནང་དུ་བཅུག་པ། ཡུལ་ཀ་ལིང་ཀའི་རས་དང་། ཟར་མའི་རས་དང་།
ཟབ་དར་དང་། རྒྱ་དར་གྱི་མཆོག་རྣམས་ཀྱིས་དཀྲིས་པ། མེ་ཏོག་མང་པོས་བརྒྱན་པ། བྱུག་པ་དྲི་བསུང་ཞིམ་པོ་དག་གིས་བྱུགས་པ་ཤ་སྟག་གོ །ཡམ་སྲེག་ཤིང་སྣ་རེའི་ཤིང་རྟ་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས་པ་ཁ་ཅིག ། ཁ་ཅིག་ཏུ་སྔོན་པོ་དང་། དཀར་པོ་དང་། བབ་ལའི་ཁ་དོག་དང་། ལི་ཁྲིའི་ཁ་དོག་པས་ལྷག་པའི་འོད་གསལ་བ་དང་ལྡན་པ་ཤ་སྟག་གོ །ཤིང་རྟ་དེ་དག་གི་གཉའ་ཤིང་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། དཔེ་མེད་པ། རྟ་ཅང་ཤེས་མགྱོགས་པ་དག་དང་སྦྱར་བ་ཤ་སྟག་གོ །རྟ་དེ་དག་ཀྱང་རླུང་གི་ཤུགས་པས་མགྱོགས་པ། སྤུ་ཁ་ཆུ་སྐྱར་གྱི་མདོག་དང་། ལྡོང་རོས་ཀྱི་མདོག་དང་། སྤྲིན་གྱི་མདོག་ཅན་ཤ་སྟག་སྟེ། ཐབས་དེ་འདྲ་བའི་ཤིང་རྟ་རེ་རེའི་མདུན་ལོགས་དང་རྒྱབ་ལོགས་སུ་རྒྱལ་མཚན་དང་བ་དན་བསྒྲེང་སྟེ། རྒྱལ་མཚན་ཐམས་ཅད་ཀྱང་རིན་པོ་ཆེ་ལས་བྱས་པ། གསེར་གྱི་དྲ་བས་གཡོགས་པ་ཤ་སྟག་གོ །རྒྱལ་མཚན་གྱི་མདུན་ལོགས་སུ་ཡང་གདུགས་རྩིབས་དང་རྩ་བ་ནོར་བུ་དྲི་མ་མེད་པ་འོད་ཅན་ལས་བྱས་པ། མུ་ཏིག་གི་ཆུན་པོ་སྤྱངས་པ་ཤ་སྟག་ཁྱེར་རོ། །གདུགས་རེ་རེའི་མདུན་ལོགས་སུ་ཡང་གསེར་གྱི་མེ་ཏོག་ཀུ་མུ་ད་དང་། ཨུད་པ་ལ་དང་། པདྨ་དཀར་པོ་སྡོང་བུ་བཻ་དཱུཪྱ་ལས་བྱས་པ། ཟེ་བ་རྡོ་རྗེ་ལས་བྱས་པ། བུང་བ་མང་པོ་སྐད་འབྱིན་པ། དྲི་བསུང་ཞིམ་པོ་དང་ལྡན་པ། ཡིད་དུ་འོང་བ། འོད་དང་ལྡན་པ། ཆེ་བ་མང་བ་ཤ་སྟག་དང་། ལྡ་ལྡི་ཆེན་པོ་ཤ་སྟག་ཁྱེར་རོ། །ལྡ་ལྡི་ཆེན་པོ་རྣམས་ཀྱི་མདུན་དུ་ཡང་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་སྤྱོད་པ་རི་མོར་བྲིས་པ་ཆེན་པོ་དག་ཐོགས་སོ། །རི་མོའི་གཟུགས་རེ་རེའི་གློ་གཡས་གཡོན་ནས་ཀྱང་། ཟློས་གར་གྱི་གར་ཐབས་ཡུལ་དབུས་ནས་བྱུང་བ་རྣམ་པ་སྣ་ཚོགས་བྱེད་དེ། གར་ཐབས་བྱེད་པ་དེའི་ནང་ན་སིལ་སྙན་རིན་པོ་ཆེ་ལས་བྱས་པའི་རྫ་རྔ་དང་། ཁར་རྔ་དང་། རྔ་ཟླུམ་དང་། པི་བང་དང་། གླིང་བུ་དང་། པི་བང་རྒྱུད་གཅིག་པ་དང་། རྔ་བོ་ཆེ་དང་། དུང་ལ་སོགས་པ་དག་བརྡུང་ཞིང་འབུད་དོ། །གར་ཐབས་ཀྱི་སིལ་སྙན་དེ་དག་ལས་ཀྱང་ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་
རྣམ་པ་བརྗོད་ཅིང་གདུང་གདུང་སྐད་དུ་དབྱངས་ལེན་ཏོ། །གར་ཐབས་ཀྱི་སིལ་སྙན་རེ་རེའི་མདུན་དུ་ཡང་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་རྣམ་པར་འཚེར་བ་རྣམས་ཀྱི་ཕྱེ་མས་རིན་པོ་ཆེའི་སྐོན་བུ་ལེགས་པར་བཅོས་པ་གཞོན་ཤ་ཅན་དག་གིས་བཀང་བ་ཤ་སྟག་དང་། དེ་མ་ཡིན་པའི་སྐོན་བུ་མང་པོ་བལྟ་ན་སྡུག་པ། གུར་གུམ་གྱི་ཕྱེ་མས་བཀང་བ་མང་པོ་ཤ་སྟག་ཐོགས་སོ། །དེ་དག་གི་མདུན་དུ་ཡང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཁྱབ་པར་འགྱུར་བའི་ཞལ་ཟས་དག་ཁྱེར་ཞིང་འདོང་ངོ་། །ཞལ་ཟས་དེ་དག་ཀྱང་བུད་ཤིང་ཙན་དན་དམར་པོ་དང་། ཨ་ག་རུ་དང་། ཐང་ཤིང་གི་མེ་ཆུང་ངུས་བཙོས་པ་དང་། གང་གཱའི་ཀླུང་གི་ཆུས་བཙོས་པ་ཤ་སྟག་སྟེ། སྐྱུར་བ་དང་། ལན་ཚྭའི་རོ་དང་། མངར་བ་དང་། བསྐ་བ་དང་། ཚ་བ་དང་། ཁ་བའི་རོ་དང་ལྡན་པ། མདངས་སྐྱེད་པ། ཕན་པར་འགྱུར་བ་ཤ་སྟག་གོ །སཱ་ལ་ཟུང་གི་དྲུང་གི་ཉེན་ཀོར་ཐམས་ཅད་ཀྱང་གསེར་གྱི་བྱེ་མ་འཇམ་པོས་བདལ་ཏེ། ག་པུ་ཤའི་རས་དང་། སྣམ་བུ་དང་། བཙོས་སྣམ་དང་། དྲེའུ་རྔོག་དང་། ཀ་ལིང་ཀའི་རས་དང་། ཟབ་དར་འཇམ་ཞིང་མདོག་དཀར་བ་རྣམས་ཀྱང་བཏིང་ངོ་། །གྲུབ་པའི་གནས་དེའི་གཞི་དཔག་ཚད་སུམ་ཅུ་རྩ་གཉིས་ཁོ་ར་ཁོར་ཡུག་ཀྱང་གུར་གུམ་གྱིས་བྱུགས་སོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་སེང་གེའི་ཁྲི་ཆེན་པོ་གསེར་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱིས་སྤྲས་ཤིང་སྣང་བར་བྱས་པ། རི་རབ་ལྟར་ཆེ་ཞིང་འཕང་མཐོ་བ་དག་ཀྱང་བཤམས་སོ། །གཡོགས་མ་ཡང་དེ་དག་གི་རྐྱེན་དུ་འཚམ་པ་ཤ་སྟག་གིས་གཡོགས་ཏེ། གསེར་གྱི་དྲིལ་བུ་གཡེར་ཀ་སྒྲ་སི་ལི་ལི་དང་། ཁྲོལ་ཤང་གི་སྒྲ་འབྱུང་བའི་དྲ་བ་ཅན་གྱི་ཡོལ་བ་རྣམས་ཀྱིས་ནི་བསྐོར། རྒྱ་དར་སྤུ་སྡུག་ཡུག་ཁྱིམ་ཆེན་པོའི་བླ་རེ་རྣམས་ནི་བྲེས། གདུགས་དཀར་པོ་རྣམས་ཀྱིས་ནི་ཉི་མཚན་བསྒྲིབས། རྔ་ཡབ་དཀར་པོ་རྣམས་ཀྱིས་ནི་གཡབས། རྒྱབ་རྟེན་གླང་པོ་ཆེའི་མཆེ་བ་ལ་ཆུ་སྲིན་མ་ཀ་ར་རྟེན་པའི་ཁ་ནས། ཟླ་བ་ཉ་བའི་འོད་ཟེར་ལྟར་དཀར་བའི་མུ་ཏིག་གི་ཆུན་པོ་འབྱུང་ཞིང་སྤྱངས་པ་དང་ལྡན་པ་
རྣམས་ནི་བཅས། ས་ཕྱོགས་རྣམས་ནི་མེ་ཏོག་དྲི་ཞིམ་པོའི་སིལ་མས་གཏོར་ཏོ། །དགེ་བསྙེན་དེ་དག་རེ་རེ་ནས་ཀྱང་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་ནོ། །སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་ནོ། །མགོ་བོ་དང་མིག་ལ་སོགས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་འདོད་པ་རྣམས་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་ནོ། །དབུལ་པོ་དང་། བཀྲེན་པ་དང་། ཕོངས་པ་རྣམས་ལ་ཡང་འདོད་པ་དང་། དུག་དང་། གནོད་པ་དང་། མ་བརྟགས་པའི་སྦྱིན་པ་རྣམས་མ་གཏོགས་པར་གང་དང་གང་དག་ཅི་དང་ཅི་འདོད་པ་དེ་དང་དེ་དག་ཆོག་པར་སྦྱར་རོ་སྙམ་དུ་སེམས་ཀྱི། གཞན་ནི་ཅི་ཡང་མི་སེམས་སོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་གྱི་སྡེ་ཚན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་དག་ཐམས་ཅད་ཀྱིས་བསམས་པ། དེ་བཞིན་གཤེགས་པ་ལ་བདག་གིས་བཤོས་གསོལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །དེ་བཞིན་གཤེགས་པ་ལ་བདག་གིས་བཤོས་གསོལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་སྟེ། སོ་སོ་ནས་དེ་འབའ་ཞིག་སྙིང་ལ་སེམས་ཤིང་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། རང་རང་གི་མཆོད་པའི་ཡོ་བྱད་བུད་ཤིང་དང་། ཡམ་སྲེག་ཤིང་དང་། ཤིང་རྟ་དང་། རྒྱལ་མཚན་དང་། གདུགས་དང་། བ་དན་རྣམས་དང་ཆས་ཏེ་ཞལ་ཟས་ཀྱི་མཆོག་གིས་སྦྱར་བའི་སྣོད་རྣམས་ཐོགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་སྤོས་དང། མེ་ཏོག་ཕྲེང་དང་། ཕྱེ་མ་དང་། ཕྱེ་མ་ཞིབ་བུ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་རྒྱ་ཆེན་པོ་དག་གིས་མཆོད་ནས་ལན་འབུམ་བསྐོར་བ་བྱས་ཏེ། མིག་ནས་མཆི་མ་རྒྱུན་མི་ཆད་པར་ཆར་བཞིན་དུ་ཕབ་ནས། བདག་ཉིད་ལ་སྡུག་བསྔལ་གྱི་རྣམ་པ་མང་པོ་བྱེད་ཅིང་། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་
རོ། །ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ་ཞེས་དེ་སྐད་དུ་སྐད་པོ་ཆེ་འདོན་ཏེ། དེ་བཞིན་གཤེགས་པའི་ཞབས་དྲུང་ན་སྲོག་ཆགས་ཤི་ཤུ་མ་ར་བཞིན་དུ་འགྲེ་ལྡོག་ཅིང་གསོལ་བ་འདེབས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པས་བདག་གིས་སྦྱར་བའི་བཤོས་གསོལ་བར་ཅི་གནང་། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་སྦྱིན་པའི་ཐ་མ་དེ་བཞིན་གཤེགས་པས་བཞེས་སུ་གསོལ། ཞེས་གསོལ་བ་འདེབས་སོ། །དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་བཞིན་དུ་ཅང་མི་གསུང་བར་གྱུར་ཏོ། །དེ་དག་གིས་ལན་གཉིས་ལན་གསུམ་དུ་དེ་སྐད་ཅེས་གསོལ་ཀྱང་། ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དགེ་བསྙེན་གྱི་ཚོགས་དེ་དག་རེ་ཐག་ཆད་དེ་ཅང་མི་ཟེར་བར་འཁོད་ནས། བུ་གཅིག་པ་ཤི་ནས་དུར་ཁྲོད་དུ་བོར་མ་ཐག་པའི་ཕ་མ་འགྲེ་ལྡོག་པ་བཞིན་དུ་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏོ། །དེ་བཞིན་དུ་དགེ་བསྙེན་དེ་དག་ཐམས་ཅད་མཆོག་ཏུ་སྡུག་བསྔལ་བར་གྱུར་པ་ལས་ལངས་ཏེ། རང་རང་གི་མཆོད་པའི་ཡོ་བྱད་རྣམས་བསྡུས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་། ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པ་དང་། དམ་པའི་ཆོས་ཀྱི་གཅེས་པ་འཛིན་པའི་དགེ་བསྙེན་མ་ཚོང་དཔོན་གྱི་བུ་མོ་འཚོ་བའི་དཔལ་ལ་སོགས་པ་དགེ་བསྙེན་མ་གང་གཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཐམས་ཅད་ཀྱང་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་བྱེ་བ་ཕྲག་མང་པོ་ངེས་པར་སྒྲོལ་བ། ཁྱིམ་གྱི་གནས་ལ་སྨོད་པ་ཤ་སྟག་སྟེ། ལུས་འདི་ནི་ཉེས་པའི་ཁམས་བརྒྱད་ཅུ་རྩ་བཞི་ལས་ལྷགས་པས་བསྡུས་པའོ། །ལུས་འདི་ནི་སྲིན་བུའི་རིགས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིའི་ཟས་སོ། །ལུས་འདི་ནི་རྒྱལ་པོའི་ཁྲི་མོན་དུ་བྲུབས་པའི་དྲི་མནམ་པའོ། །ལུས་འདི་ནི་ཁྱི་རོ་རུལ་པའི་དྲི་བམ་གྱིས་ལྷག་པར་སྦགས་པའོ། །ལུས་འདི་ནི་སྒོ་དགུ་ནས་མི་གཙང་བ་འཛག་པའོ། །ལུས་འདི་ནི་ཤ་དང་། ཆུ་བ་དང་། རུས་པ་དང་། ཁྲག་དང་། པགས་པའི་ཞལ་ཞལ་ཅན།
རྐང་ལག་གི་ཕྱི་སྒོ་དང་། ར་བ་དང་། བ་གམ་ཅན། མིག་གི་སྐར་ཁུང་ཅན། མགོ་བོའི་ཡང་ཏོག་ཅན། ཡིད་རྒྱལ་པོ་ལྟ་བུའི་ཕོ་བྲང་གྲོང་ཁྱེར་ལྟ་བུའོ། །ལུས་འདི་ནི་མཁས་པ་ཐམས་ཅད་ཀྱིས་སྤངས་ཤིང་བྱིས་པའི་སྐྱེ་བོ་དགའ་བར་བྱེད་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་བྱེ་བ་སྙེད་ཀྱི་སྲིན་པོ་བརྟེན་པ། འདམ་བུ་དང་། ཨེ་རཎྜ་དང་། དབུ་བ་དང་། ཆུ་ཤིང་ལྟ་བུར་སྙིང་པོ་མེད་པ། གློག་དང་། རི་གཟར་པོའི་འབབ་ཆུའི་དབའ་རླབས་ལྟར་ཤིན་ཏུ་མི་བརྟན་པའོ། །སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། ཟླ་བའི་གཟུགས་བརྙན་ལྟར་སླུ་བར་བྱེད་པ། རླུང་ཤུགས་དྲག་པོས་རྣམ་པར་དཀྲུགས་པའི་ཆུའི་ཤུགས་ཀྱིས་བརྐོས་པའི་འགྲམ་གྱི་སྡོང་པོ་ལྟར་གཡང་ས་ན་འདུག་པའི་ཆོས་ཅན། སྤྱང་ཀི་དང་། ཝ་དང་། བྱ་རྒོད་དང་། བྱ་རོག་རྣམས་ཀྱི་ཟས་ཡིན་ན། སུ་ཞིག་འདི་ལྟ་བུ་འཆང་བ་ལ་དགའ་བར་བྱེད། རྒྱ་མཚོའི་ཆུ་ཐམས་ཅད་སྐྲའི་རྩེ་མོས་བླངས་ཏེ། བ་ལང་གི་རྨིག་རྗེས་སུ་བླུགས་པར་ནི་ནུས་སྲིད་ཀྱི། ལུས་ནད་བཞི་བརྒྱ་རྩ་བཞིས་གཟིར་བ་འདི་སྙིང་པོ་མེད་པའམ། མི་གཙང་བ་ནི་ཚིག་ཙམ་གྱིས་བསྟན་པར་མི་ནུས་སོ། །ས་ཆེན་པོ་འདི་རྒྱ་ཤུག་གི་འབྲས་བུའི་རུས་པའི་འབྲུ་ཙམ་ཤ་སྟག་ཏུ་བྱས་པའམ། ཡུངས་འབྲུ་ཙམ་འམ། རྡུལ་ཕྲ་རབ་ཀྱི་རྡུལ་ཙམ་ཤ་སྟག་ཏུ་བྱས་པས་ནི་ཟད་པར་འགྱུར་ཡང་སྲིད་ཀྱི། ལུས་འདི་ཡོད་ཀྱི་བར་དུ་འདིའི་ཉེས་དམིགས་ནི་མཐར་ཐུག་པར་མི་འགྱུར་ཏེ། དེ་བས་ན་དམ་པའི་ཆོས་བསྲུང་བའི་ཕྱིར་འདི་མཆིལ་མ་བཞིན་དུ་དོར་བར་བྱའོ་སྙམ་སྟེ། འདི་ལྟར་དགེ་བསྙེན་མ་དེ་དག་ཐམས་ཅད་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམས་པས་སེམས་བསྒོམས་པ་ཤ་སྟག་སྟེ། འདི་ལྟ་སྟེ། དགེ་བསྙེན་མ་འཚོ་བའི་དཔལ་ཞེས་བྱ་བ་དང་། དགེ་བསྙེན་མ་དཔལ་ཕྲེང་ཞེས་བྱ་བ་དང་། དགེ་བསྙེན་མ་ས་ག་ཞེས་བྱ་བ་དང་། དེ་ལ་སོགས་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཐོས་པར་འདོད་ལ། ཐོས་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ་སྙམ་དུ་དམ་བཅས་པ། བསྲུང་བ་ལྷུར་ལེན་
པ། བུད་མེད་ཀྱི་ལུས་ངན་ནོ་སྙམ་དུ་སྨོད་པ་དང་། ལུས་སྙིང་པོ་མེད་དོ་སྙམ་དུ་སྨོད་པ་སོ་སོ་ནས་ཤས་ཆེར་སྒོམ་པ་དང་། འཁོར་བའི་འཁོར་ལོ་གཞིག་གོ་སྙམ་དུ་སེམས་པ་ཤ་སྟག་དང་། ཐེག་པ་ཆེན་པོས་སྐོམ་ལ་ངོམས་ནས་ཀྱང་གཞན་སྐོམ་པ་དག་ངོམས་པར་བྱའོ་སྙམ་དུ་དམ་བཅས་པ་ཤ་སྟག་དང་། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་འཐུན་པར་སློབ་པར་འདོད་པ་དང་། གྲོལ་ནས་གཞན་དགྲོལ་བར་བྱའོ། །རྒལ་ནས་གཞན་བསྒྲལ་བར་བྱའོ། །དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་སློབ་པར་འདོད་པ་ཤ་སྟག་དང་། གོ་ཆ་ཆེན་པོ་བགོས་པ། བསླབ་པ་རྣམས་ལ་བརྟུལ་ཞུགས་བརྟན་པ་དང་། དེ་བཞིན་དུ་ཡོན་ཏན་དུ་མ་དང་ལྡན་པ་དང་། བུ་གཅིག་པ་ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་ཤིན་ཏུ་རིངས་པར་གཅིག་ལ་གཅིག་འཇུས་ཏེ། དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞེན་པའི་ཕྱིར། ཡམ་སྲེག་ཤིང་དགེ་བསྙེན་ཕ་རྣམས་ཀྱི་ཉིས་འགྱུར་ཁྱེར་བ་ལས་བཅོམ་ལྡན་འདས་ཀྱིས་ཞལ་ཟས་མ་བཞེས་ནས། བུ་ཤི་བ་བཞིན་དུ་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། ངུས་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལིད་ཙ་བཱི་གཞོན་ནུ་གཙང་མ་དྲི་མ་མེད་པའི་སྙིང་པོ་ལ་སོགས་པ་ཡངས་པ་ཅན་ན་གནས་པའི་ལིད་ཙ་བཱི་གཞོན་ནུ་གྲོང་ཁྱེར་གྱི་ནང་ན་གནས་པ་དང་། ཕྱི་རོལ་ན་གནས་པ་དང་བཅས་པ་རྣམས་དང་། འཛམ་བུའི་གླིང་ན་གནས་པའི་རྒྱལ་ཕྲན་བློན་པོ་དང་བཅས་པ་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ཐམས་ཅད་ཀྱང་དམ་པའི་ཆོས་བསྲུང་བ་ལ་མཁས་པ། ཚུལ་ཁྲིམས་དང་ཆོ་ག་དང་ཡོན་ཏན་དང་ལྡན་པ། དམ་པའི་ཆོས་སུན་འབྱིན་ཅིང་རྟགས་ཅན་འཆལ་པ་རྣམས་ཀྱི་སེར་བ་ལྟ་བུར་གྱུར་པ་ཤ་སྟག་ལ། དེ་དག་ཐམས་ཅད་ཀྱང་འདི་ལྟ་བུར་འདོད་དེ། བདག་ཅག་གི་ནོར་དང་། འབྲུའི་ཚོགས་དང་། མཛོད་དང་། བང་བའི་ཚོགས་གང་ཡིན་པ་དེ་དག་ཐམས་
ཅད་ནི་བདུད་རྩི་མི་ཟད་པར་བྱ་བ་དང་། བདུད་རྩི་གནས་པར་བྱ་བའི་ཕྱིར་ཡིན་གྱིས། བདག་ཅག་གིས་དམ་པའི་ཆོས་ལ་ནན་ཏན་བྱའོ། །དམ་པའི་ཆོས་ལ་སུན་འབྱིན་ཅིང་ལོག་པར་ལྟ་བ་རྣམས་ཀྱི་ལྕེ་གཅད་པར་བྱའོ་ཞེས་ལེགས་པར་དམ་བཅས་པ། ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་ལ་མི་གནས་པ་རྣམས་ནི་གོས་དཀར་པོ་གྱོན་དུ་བཅུག་སྟེ། ཁྱིམ་པའི་ལས་བྱེད་དུ་གཞུག་གོ་སྙམ་དུ་སེམས་བརྟུལ་བ། དམ་པའི་ཆོས་སྟུག་པ་ལ་ནི་བླ་མ་བཞིན་དུ་རིམ་གྲོ་བྱའོ་སྙམ་དུ་དམ་བཅས་པ། དགེ་འདུན་ལ་ཕན་པ་དང་བདེ་བར་གནས་པར་བྱ་བའི་ཡོངས་སུ་རྫོགས་པར་བྱས་ཀྱང་། དེས་ཆོག་གོ་སྙམ་དུ་སེམས་པ་དང་། ཐེག་པ་ཆེན་པོ་ཐོས་པར་འདོད་ལ། ཐོས་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ་སྙམ་དུ་ཡི་དམ་བཅས་པ་ལ་བརྟན་པ་དང་། དེ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཤ་སྟག་སྟེ། འདི་ལྟ་སྟེ། ལིད་ཙ་བཱི་གཞོན་ནུ་གཙང་མ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་དང་། སྒྲིབ་པ་དག་པ་ཞེས་བྱ་བ་དང་། གང་གཱའི་ཆུ་དྲི་མ་མེད་པས་བྱིན་པ་ཞེས་བྱ་བ་དང་། དེ་ལ་སོགས་པ་ལིད་ཙ་བཱི་གཞོན་ནུ་དེ་དག་ཀྱང་གཅིག་ལ་གཅིག་འཇུས་ཏེ། རེ་རེས་ཀྱང་གདུང་ཞུགས་ལ་བཞེན་པའི་བུད་ཤིང་ཐང་ཤིང་གི་མཆོག་དང་། ཙན་དན་དང་། ཨ་ག་རུ་རྣམས་དང་། ཡམ་སྲེག་ཤིང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་དང་། མཆོད་པ་སྔ་མའི་ཉིས་འགྱུར་རྣམས་ཁྱེར་ནས་མཆོད་པ་རྣམས་བསྒྲགས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ངོ་། །ལིད་ཙ་བཱི་གཞོན་ནུ་རེ་རེ་ལ་ཡང་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་བརྒྱད་ཁྲི་བཞི་སྟོང་དང་། ནོར་བུ་ཆུ་ཤེལ་བརྒྱད་ཁྲི་བཞི་སྟོང་དང་ཆས་སོ། །གླང་པོ་ཆེ་རེ་རེའི་མདུན་དུ་ཡང་། ཆེ་བ་ལ་འོས་པའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དར་གྱི་བླ་རེ་ཆེན་པོ་རྣམས་ཐོགས་སོ། །གདུགས་རྣམས་ཀྱི་ནང་ན་ཐུང་ངུ་གང་ཡིན་པ་དེ་ལ་ཡང་། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་དོ། །དར་གྱི་བླ་རེ་ཆེན་པོ་རྣམས་ཀྱི་ནང་ན་ཆུང་ངུ་གང་ཡིན་པ་དེ་ལ་ཡང་ཆུ་ཞེང་དུ་དཔག་
ཚད་སུམ་ཅུ་རྩ་གཉིས་ཡོད་དོ། །རྒྱལ་མཚན་རྣམས་ཀྱི་ནང་ན་ཐུང་ངུ་གང་ཡིན་པ་དེ་ལ་ཡང་འཕང་དུ་དཔག་ཚད་བརྒྱ་ཡོད་དོ། །བ་དན་རྣམས་ཀྱི་ནང་ན་ཐུང་ངུ་གང་ཡིན་པ་དེས་ཀྱང་དཔག་ཚད་སྟོང་དུ་ཕྱིན་ཏོ། །དེ་ལྟར་དེ་དག་མཆོད་པ་རྣམས་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཞལ་ཟས་ཕུལ་བ་ལས་བཅོམ་ལྡན་འདས་ཅང་མི་གསུང་སྟེ། མ་བཞེས་ནས་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། རེ་ཐག་ཆད་ནས་ལངས་ཏེ་བཅོམ་ལྡན་འདས་ཀྱི་མཐུས་ཏ་ལ་བདུན་གྱི་སྲིད་ཙམ་དུ་འཕགས་ཏེ་འཁོད་དོ། །གཞན་ཡང་དེའི་ཚེ་འཛམ་བུ་གླིང་པའི་བློན་པོ་དང་། ཚོང་དཔོན་དང་། ཁྱིམ་བདག་གང་གའི་ཀླུང་ལྔའི་བྱེ་མ་སྙེད་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་དད་པ། ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་རྣམ་པར་དག་པ་དང་ལྡན་པ། དམ་པའི་ཆོས་སུན་འབྱིན་པ་རྣམས་ཀྱི་སེར་བ་ལྟ་བུར་གྱུར་པ་ཤ་སྟག་སྟེ། འདི་ལྟ་སྟེ། ཁྱིམ་བདག་གི་རྒྱལ་པོ་རྣམ་པར་སྣང་བྱེད་ཅེས་བྱ་བ་དང་། འགྲོ་བ་སྐྱོང་ཞེས་བྱ་བ་དང་། ཆོས་སྐྱོང་ཞེས་བྱ་བ་དང་། དེ་ལ་སོགས་པ་དག་ཀྱང་དེའི་ཚེ་དེར་ལྷགས་ཏེ། དེ་དག་ཐམས་ཅད་ཀྱིས་ཀྱང་རང་རང་གི་མཆོད་པས་མཆོད་པ་སྔ་མ་རྣམས་ཟིལ་གྱིས་མནན་ནས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ཚོགས་ཀྱིས་མཆོད་ནས་ཞལ་ཟས་མ་བཞེས་པའི་ཕྱིར། མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། རེ་ཐག་ཆད་ནས་ལངས་ཏེ་བཅོམ་ལྡན་འདས་ཀྱི་མཐུས་ཏ་ལ་བདུན་གྱི་སྲིད་ཙམ་དུ་འཕགས་ཏེ་འཁོད་དོ། །གཞན་ཡང་དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་མ་གཏོགས་པར་ཡངས་པ་ཅན་གྱི་རྒྱལ་པོ་ཟླ་བ་དྲི་མ་མེད་པའི་སྙིང་པོ་གྲོང་ཁྱེར་གྱི་ནང་ན་གནས་པ་དང་། ཕྱི་རོལ་ན་གནས་པའི་གཡོག་འཁོར་དང་བཅས་པ་ལ་སོགས་པ་འཛམ་བུ་གླིང་ཐམས་ཅད་ཀྱི་གྲོང་ཁྱེར་དང་། རི་ཁྲོད་ཀྱི་གྲོང་དང་། ཡུལ་པོ་ཆེ་དང་། ཁ་ལུངས་ཀྱི་རྒྱལ་པོ་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་དང་ལྷན་ཅིག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཏེ་ལྷགས་སོ། །རྒྱལ་པོ་དེ་རྣམས་རེ་རེ་ལ་ཡང་དམག་འཁྲུག་ས་ཡ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་
ཡོད་དོ། །དེ་དག་ལ་གླང་པོ་ཆེ་རྟག་ཏུ་འགྲམ་པ་ནས་རྔུལ་འཛག་པ་དག་དང་། རྟ་རླུང་གི་ཤུགས་པས་ལྷག་པར་མགྱོགས་པ་དག་ཀྱང་ཡོད་དོ། །དེ་དག་གི་མཆོད་པའི་ཡོ་བྱད་གང་ཡིན་པ་དེ་དག་ཀྱང་མཆོད་པའི་ཡོ་བྱད་སྔ་མ་དེ་དག་ལས་ཉིས་འགྱུར་གྱིས་ཆེས་བཟང་ལ་ཆེས་མང་སྟེ། དེ་ལྟ་བུའི་མཆོད་པའི་ཕུལ་དག་ཁྱེར་ནས། དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཏེ་ལྷགས་སོ། །དེ་དག་གི་མཆོད་པ་དེ་རྣམས་ཀྱི་ནང་ན་གདུགས་ཐུང་ངུ་གང་ཡིན་པ་དེ་ཡང་དཔག་ཚད་བརྒྱད་ཅུ་ཆུ་ཞེང་གབ་པར་འདུག་གོ །བ་དན་གྱི་ནང་ན་ཆུང་ངུ་གང་ཡིན་པས་ཀྱང་དཔག་ཚད་བརྒྱ་སྟོང་དུ་ཕྱིན་ཏོ། །རྒྱལ་མཚན་ཕལ་པ་གང་ཡིན་པ་དེ་ལ་ཡང་འཕང་དུ་དཔག་ཚད་སུམ་ཅུ་ཡོད་དོ། །དེ་ལྟར་ཡངས་པ་ཅན་གྱི་རྒྱལ་པོ་ཟླ་བ་དྲི་མ་མེད་པའི་སྙིང་པོ་དང་། ཉི་འོད་ཅེས་བྱ་བ་དང་། དེ་ལ་སོགས་པ་རྒྱལ་པོ་རྣམས་ཉི་མ་འཆར་ཀར་ལྷགས་ཏེ། དེ་དག་ཀྱང་དམ་པའི་ཆོས་སུན་འབྱིན་ཅིང་རྟགས་ཅན་འཆལ་པ་རྣམས་ཀྱི་སེར་བ་ལྟ་བུར་གྱུར་པ། མཐུས་ཀྱང་སེམས་ཅན་རྣམས་དམ་པའི་ཆོས་ལ་འགོད་པར་བྱེད་པ་དང་། བདག་ཅག་གི་ནོར་དང་། འབྲུའི་ཚོགས་དང་། མཛོད་དང་། བང་བའི་ཚོགས་གང་ཡིན་པ་དེ་དག་ནི་དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་རོ་སྙམ་དུ་སེམས་པ་ཤ་སྟག་དང་། བདག་ཅག་གིས་དམ་པའི་ཆོས་ལ་ནན་ཏན་བྱའོ། །དམ་པའི་ཆོས་སུན་འབྱིན་པ་རྣམས་ཀྱི་ལྕེ་ནི་དྲུང་ནས་གཅད་དོ་ཞེས་དམ་བཅས་པ་བརྟན་པོར་བྱས་པ་ཤ་སྟག་དང་། ཐེག་པ་ཆེན་པོ་འདོད་པ་དང་། འཇིག་རྟེན་ཐམས་ཅད་ལ་སྙིང་བརྩེ་བ་ཤ་སྟག་སྟེ། དེ་དག་གི་མཆོད་པ་རྣམས་ཀྱིས་ཡངས་པ་ཅན་ནས་གྲོང་ཁྱེར་ཀུ་ཤིའི་བར་ཐམས་ཅད་ཀུན་ཏུ་གང་བར་གྱུར་ཏོ། །དེ་དག་གི་གདུགས་ཀྱི་གྲིབ་མ་འདབ་ཆགས་སུ་འདུག་པས་ནི་ཉི་མའི་འོད་ཀྱིས་མི་ཕོག་གོ །དེ་དག་གི་ཁ་ཟས་ཀྱི་དྲི་བསུང་གིས་ནི་དཔག་ཚད་བཞིར་ཁྱབ་པར་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་ལ་རང་རང་གིས་སྦྱར་བའི་ཞལ་ཟས་བཞེས་པར་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་ཀྱང་། ཞལ་ཟས་མ་
བཞེས་ནས་ཡིད་མི་དགའ་སྟེ། ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲའི་བཙུན་མོ་མ་གཏོགས་པར་ཡངས་པ་ཅན་གྱི་རྒྱལ་པོའི་བཙུན་མོ་འཇིག་རྟེན་གསུམ་ན་མཛེས་མ་ལ་སོགས་པ་འཛམ་བུ་གླིང་པའི་རྒྱལ་པོ་དང་། ཚོང་དཔོན་དང་། ཁྱིམ་བདག་རྣམས་ཀྱི་ཆུང་མ་གང་གཱའི་ཀླུང་བདུན་གྱི་བྱེ་མ་སྙེད་དང་ལྷན་ཅིག་ཏུ་ལྷགས་ཏེ། དེ་དག་ཐམས་ཅད་ཀྱང་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་མང་པོ་ངེས་པར་སྒྲོལ་བ། རྟག་ཏུ་ལུས་བསྒོམ་པ་དང་ལྡན་པ། ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་སེམས་རྣམ་པར་དག་པ་ཤ་སྟག་སྟེ། འདི་ལྟ་སྟེ། ཡངས་པ་ཅན་གྱི་རྒྱལ་པོའི་བཙུན་མོ་འཇིག་རྟེན་གསུམ་ན་མཛེས་མ་ཞེས་བྱ་བ་དང་། བཙུན་མོ་པྲི་ཡང་ཀུ་ཞེས་བྱ་བ་དང་། དེ་ལ་སོགས་པ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། གཅིག་ལ་གཅིག་འཇུས་ནས། དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞེན་པའི་ཕྱིར། ཡམ་སྲེག་ཤིང་རྣམས་ཁྱེར་ཏེ། མཆོད་པ་སྔ་མ་ཐམས་ཅད་རང་རང་གི་མཆོད་པ་རྣམས་ཀྱིས་ཟིལ་གྱིས་མནན་ནས། བཅོམ་ལྡན་འདས་ལ་ཉིས་འགྱུར་དུ་མཆོད་པ་བྱས་ཏེ། དེ་དག་གི་མཆོད་པའི་ཡོ་བྱད་རྣམས་ཀྱི་རྒྱལ་མཚན་དང་། བ་དན་དང་། གདུགས་རྣམས་ཀྱི་འཕང་དང་ཆུ་ཞེང་གི་ཚད་ཀྱང་སྔ་མའི་ཉིས་འགྱུར་བས་ལྷག་གོ །ཁ་ཟས་རྣམས་ཀྱི་དྲི་བསུང་ནི་དཔག་ཚད་བརྒྱད་དུ་ཁྱབ་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་ཞལ་ཟས་མ་བཞེས་ནས། བཅོམ་ལྡན་འདས་ལ་སྐོར་བ་བྱེད་ཅིང་སྐྲ་འབལ་ལ་རང་རང་གི་རྒྱན་རྣམས་འཐོར་ཞིང་། སྐད་མི་སྙན་པས་ངུས་ཏེ་བུ་གཅིག་པ་ཤི་བ་བཞིན་དུ་མཆོག་ཏུ་སྡུག་བསྔལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་མཐུས་སཱ་ལ་ཟུང་གི་དྲུང་ཉིད་དུ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལྷ་མིག་ཡངས་ཞེས་བྱ་བ་ལ་སོགས་པ་ལྷའི་ཚོགས་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་དང་
ལྷན་ཅིག་ཏུ་ལྷགས་ནས། ལྷ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ལྟོས། གྲོགས་པོ་དག་ལྟོས། མི་རྣམས་ཀྱི་མཆོད་པའི་ཡོ་བྱད་མཆོག་ཏུ་ཁྱད་པར་དུ་འཕགས་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པ་བཀུར་སྟི་ཐམས་ཅད་མཆོད་པར་འདོད་དེ། མི་རྣམས་ཀྱི་ཞལ་ཟས་ཀྱི་ཐ་མ་བཞེས་པའི་ཕྱིར། བཅོམ་ལྡན་འདས་ལ་གསོལ་བ་འདེབས་ཀྱིས། གྲོགས་པོ་དག་བདག་ཅག་གིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོ་སོ་ནས་མཆོད་པ་བྱ་ཞིང་ཐ་མའི་དུས་སུ་ཞལ་ཟས་དབུལ་བར་བྱ་ན། ཇི་ལྟར་བདག་ཅག་གིས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པས་གསོལ་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་དེ་བཞིན་གཤེགས་པས་མཛད་ཅིག་གུ། གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་ཤིན་ཏུ་དཀོན་ནོ། །དེ་བས་ཀྱང་ཞལ་ཟས་ཀྱི་ཐ་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ་ཚོགས་པ་ནི་ཆེས་དཀོན་ནོ། །ཀྱེ་མ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་ནི་འཇིག་རྟེན་སྟོངས་པར་འགྱུར་རོ་ཞེས་སྨྲས་སོ། །ལྷ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཐོས་པར་འདོད་ལ། ཐོས་ནས་ཀྱང་གཞན་དག་ལ་བསྟན་ཏོ་སྙམ་དུ་དམ་བཅས་པ། ཐེག་པ་ཆེན་པོས་སྐོམ་པ་ངོམས་ནས་ཀྱང་གཞན་སྐོམ་པ་རྣམས་ངོམས་པར་བྱའོ་སྙམ་དུ་དམ་བཅས་པ། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ། ཐེག་པ་ཆེན་པོ་ལ་ཕྲག་དོག་དང་། དུས་ཆེ་བ་དང་། འཆབ་པ་དང་། སྒྱུ་མེད་པ། ཐེག་པ་ཆེན་པོ་སུན་འབྱིན་པའི་སེམས་ཅན་རྣམས་ཀྱི་སེར་བ་ལྟ་བུར་གྱུར་པ། དམ་པའི་ཆོས་བསྲུང་བའི་ཚུལ་ཁྲིམས་བླངས་པ། འཇིག་རྟེན་དང་འཐུན་པར་སློབ་པར་འདོད་པ། བདག་ཅག་རྒལ་ནས་གཞན་བསྒྲལ་བར་བྱའོ། །བདག་ཅག་གྲོལ་ནས་གཞན་དགྲོལ་བར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱའོ་སྙམ་དུ་སློབ་པར་འདོད་པ། གོ་ཆ་ཆེན་པོ་བགོས་པ།
བསླབ་པ་རྣམས་ལ་དམ་བཅས་པ་བརྟན་པ་དང་། དེ་བཞིན་དུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། བུ་གཅིག་པ་ལ་བྱ་བ་བཞིན་དུ་འཇིག་རྟེན་ཐམས་ཅད་ལ་སྙིང་རྗེས་ལྟ་བ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བའི་གདུང་ཞུགས་ལ་བཞེན་པའི་ཕྱིར། བུད་ཤིང་དང་། ཡམ་སྲེག་ཤིང་རྣམས་ཁྱེར་ཏེ། དེ་དག་ཀྱང་སྔ་མས་ཕུལ་བའི་ཡམ་སྲེག་ཤིང་གི་ཉིས་འགྱུར་བས་བཟང་བའི་ལྷ་རྫས་དྲི་བསུང་དང་ལྡན་པ། ཡིད་དུ་འོང་བ། མི་ལ་དཀོན་པ་ཤ་སྟག་གོ །ཤིང་རྟ་ཡང་རྟའི་མཆོག་མགྱོགས་པ་དག་དང་སྦྱར་བ། དར་ལ་དཀར་པོས་གཡོགས་པ། གཟུགས་དང་དབྱིབས་རི་མོ་བྲིར་ཡང་མི་ནུས་པ། དྲིལ་བུ་གཡེར་ཀའི་དྲ་བ་ཅན་གྱི་ཡོལ་བས་བསྐོར་བ། དར་ཡུག་ཁྱིམ་ཆེན་པོའི་བླ་རེ་རྒྱ་ཆེན་པོ་རྩ་བ་རི་མོ་ཅན་དག་ལ་བཙུགས་པ་དང་། གར་ཐབས་དང་། རོལ་མོ་ཡིད་དུ་འོང་བ་རྣམས་ཀྱིས་མདུན་དུ་དྲངས་པ། ཁ་ཟས་ཞིམ་པོ་མང་པོ་དག་དང་། སེང་གེའི་ཁྲི་བཻ་དཱུཪྱའི་རྒྱབ་རྟེན་རྩེ་མོ་ནོར་བུའི་འོད་ཀྱིས་སྣང་བར་བྱས་པ། ཞབས་རྟེན་གསེར་ལས་བྱས་པ་དག་ཀྱང་བཤམས་པ་དང་། ས་ཕྱོགས་ཀྱང་མེ་ཏོག་དྲི་བསུང་ཞིམ་པོ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། མེ་ཏོག་གི་སིལ་མ་བཀྲམ་ཞིང་བཀོད་པ། དཔུང་གི་ཚོགས་ཡན་ལག་བཞི་ཕྱི་བཞིན་འབྲང་བ་ཤ་སྟག་སྟེ། སོ་སོ་ནས་མཆི་མ་ཁྲག་ལྟ་བུ་མི་ཐུབ་ཅིང་མཆོག་ཏུ་སྡུག་བསྔལ་བས་གདུངས་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། མཆོད་པ་དང་བཀུར་སྟིའི་མཆོག་རྣམ་པ་མང་པོ་དག་བྱས་ཏེ་བསྐོར་བ་ཡང་བྱས་ནས། བཅོམ་ལྡན་འདས་ཀྱི་འཁོར་རྣམས་ཀྱི་ཕྱིར་རང་རང་གི་བླ་གོས་ས་ལ་བཏིང་སྟེ། རང་རང་གི་རྒྱན་རྣམས་ཕོག་ཅིང་གཏོར་ནས་རང་རང་
གི་སྐྲ་འབལ་ཅིང་སྐད་མི་སྙན་པས་ངུ་སྟེ། བཅོམ་ལྡན་འདས་ལ་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་གིས་སྦྱར་བའི་བཤོས་གསོལ་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དུ་གསོལ། ཞེས་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་ཀྱང་བཅོམ་ལྡན་འདས་ཀྱིས་མ་བཞེས་ཏེ་ཅང་མི་གསུང་ནས། དེ་དག་རེ་ཐག་ཆད་དེ་ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ཀླུའི་རྒྱལ་པོ་ཕྱོགས་བཞི་ན་གནས་པ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པ་ཀླུའི་རྒྱལ་པོ་གང་གཱའི་ཀླུང་དགུའི་བྱེ་མ་སྙེད་ཤིན་ཏུ་རིངས་པར་ཉི་མ་འཆར་ཀར་ལྷ་རྣམས་ཀྱི་མཆོད་པ་ལས་ཀྱང་ཉིས་འགྱུར་བས་ལྷག་པའི་མཆོད་པའི་ཡོ་བྱད་རང་རང་གི་འབྱོར་པ་དང་འཚམ་པ་དག་ཁྱེར་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ་ཕྱག་འཚལ་ནས། ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་བསམ་པ་བཞིན་དུ་མ་གྲུབ་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་རྣམ་ཐོས་ཀྱི་བུ་ལ་སོགས་པ་གནོད་སྦྱིན་གྱི་བདག་པོ་གཡོག་འཁོར་དང་བཅས་པ། གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་གཅིག་ལ་གཅིག་འཇུས་ནས། རང་རང་གི་མཆོད་པ་རྣམས་ཀྱིས་ཀླུའི་རྒྱལ་པོ་རྣམས་ཀྱི་མཆོད་པ་སྔ་མ་ཟིལ་གྱིས་མནན་ནས། ཚོགས་ཆེན་པོ་དང་ཆས་ཏེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། བཅོམ་ལྡན་འདས་ཀྱིས་ཞལ་ཟས་མ་བཞེས་ནས་ཡིད་མི་དགའ་སྟེ་ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་དགྲའི་མཛའ་བོ་ཞེས་བྱ་བ་ལ་སོགས་པ་ནམ་མཁའ་ལྡིང་གི་རྒྱལ་པོ་གང་གཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་ཀྱིས། རང་རང་གི་མཆོད་པས་གནོད་སྦྱིན་གྱི་རྒྱལ་པོ་སྔ་མ་དག་གི་མཆོད་པ་རྣམས་ཟིལ་གྱིས་མནན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་ཞལ་ཟས་མ་བཞེས་ནས། ཡིད་མི་དགའ་སྟེ་ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་དྲི་ཟའི་བདག་པོ་མིས་
བྱིན་གྱི་བུ་ལ་སོགས་པ་དྲི་ཟའི་བདག་པོ་གང་གཱའི་ཀླུང་སུམ་ཅུའི་བྱེ་མ་སྙེད་ཀྱིས་མཆོད་པ་སྔ་མ་ཐམས་ཅད་པས་ཀྱང་ཆེས་མཆོག་ཏུ་གྱུར་པའི་མཆོད་པ་རྣམས་ཁྱེར་ཏེ་འོངས་ནས། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། རོལ་མོ་སྙན་དགུ་བྱས་ནས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས། དེ་དག་ཀྱང་ཡིད་མི་དགའ་བར་གྱུར་ཏེ། ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་མིའམ་ཅིའི་བདག་པོ་ལེགས་མཐོང་ལ་སོགས་པ་མིའམ་ཅིའི་བདག་པོ་གང་གཱའི་ཀླུང་བཞི་བཅུའི་བྱེ་མ་སྙེད་ལྷགས་ཏེ། སྔ་མ་རྣམས་ཀྱི་མཆོད་པ་དེ་དག་བསྡོམས་པ་བས་ཀྱང་དེ་དག་རེ་རེའི་མཆོད་པ་ཆེས་ཁྱད་པར་འཕགས་པར་གྱུར་ཏེ། དེ་དག་ཀྱང་ཞལ་ཟས་མ་བཞེས་ནས། ཡིད་མི་དགའ་བར་གྱུར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལྟོ་འཕྱེ་ཆེན་པོའི་བདག་པོ་ལེགས་མཐོང་ཆེན་པོ་ལ་སོགས་པ་ལྟོ་འཕྱེ་ཆེན་པོའི་བདག་པོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱིས་མཆོད་པ་སྔ་མའི་ཉིས་འགྱུར་ཁྱེར་བ་ལས། སྔ་མ་བཞིན་དུ་ཞལ་ཟས་མ་བཞེས་ནས། ཡིད་མི་དགའ་སྟེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལྷ་མ་ཡིན་གྱི་བདག་པོ་བདེ་མཆོག་རིགས་ལ་སོགས་པ་ལྷ་མ་ཡིན་གྱི་བདག་པོ་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ལུས་ཆེ་ཞིང་སྣང་བ་ཆེན་པོ་དང་ལྡན་པ། ལྷ་མ་ཡིན་གྱི་བསམ་པ་མེད་པ་ཤ་སྟག་གིས། མཆོད་པ་སྔ་མའི་ཉིས་འགྱུར་ཉིས་འགྱུར་གྱི་མཆོད་པ་དག་ཁྱེར་ཏེ་འོངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ཞལ་ཟས་མ་བཞེས་ཏེ་ཡིད་མི་དགའ་བར་གྱུར་ནས། ལངས་ཏེ་ཤིང་སཱ་ལ་ཟུང་གི་དྲུང་དུ་རང་རང་གི་གཟི་བྱིན་གྱིས་སྣང་བར་བྱས་ཏེ་འཁོད་དོ། །གཞན་ཡང་དེའི་ཚེ་སྦྱིན་བྱེད་མའི་བུའི་བདག་པོ་གང་གཱའི་ཆུ་དྲི་མ་མེད་པ་རྗེས་བྱིན་ལ་སོགས་པ་སྦྱིན་བྱེད་མའི་བུ་གང་གཱའི་ཀླུང་བདུན་ཅུའི་བྱེ་མ་སྙེད་ལུས་ཆེ་ཞིང་སྣང་བ་ཆེན་པོ་དང་ལྡན་པ། སྦྱིན་བྱེད་མའི་བུའི་བསམ་པ་མེད་པ་ཤ་སྟག་གིས་མཆོད་པ་སྔ་མ་ཐམས་ཅད་ལས་མཆོད་པ་ཉིས་འགྱུར་ཉིས་
འགྱུར་བས་བཟང་བ་དག་ཁྱེར་བ་ལས། སྔ་མ་བཞིན་དུ་ཞལ་ཟས་མ་བཞེས་ནས་ཡིད་མི་དགའ་བར་གྱུར་ཏེ། ཤིང་སཱ་ལ་ཟུང་གི་བར་དུ་རང་རང་གི་གཟི་བརྗིད་ཀྱིས་སྣང་བར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་སྲིན་པོའི་བདག་པོ་འཇིགས་བྱེད་ལ་སོགས་པ་སྲིན་པོའི་བདག་པོ་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་སྲིན་པོའི་བསམ་པ་མེད་པ་ཤ་སྟག་གིས་གཟི་བརྗིད་ཆེན་པོའི་ཚོགས་ཀྱིས་སཱ་ལ་ཟུང་གི་དྲུང་དུ་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་འབྲས་བུའི་ཤིང་གི་བདག་པོ་དྲི་སྲེལ་ལ་སོགས་པ་འབྲས་བུའི་ཤིང་གི་བདག་པོ་གང་གཱའི་ཀླུང་དགུ་བཅུའི་བྱེ་མ་སྙེད་ཀྱིས་སྔ་མའི་མཆོད་པ་ཐམས་ཅད་པས་ཉིས་འགྱུར་ཉིས་འགྱུར་གྱིས་ལྷག་པའི་མཆོད་པའི་ཚོགས་ཁྱེར་ནས། ཁུ་བྱུག་ཕོ་རྒྱགས་པ་རྣམས་དང་། བུང་བ་རྣམས་སྐད་འབྱིན་པ་དང་ལྡན་པའི་མེ་ཏོག་འཚེར་བའི་འཁྲི་ཤིང་མང་པོའི་དོག་པ་དང་། ལོ་མ་ཁ་འབུས་པ་རྣམས་ཀྱིས་ས་ཕྱོགས་བརྒྱན་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་རིག་སྔགས་འཆང་གི་རྒྱལ་པོ་སྒྱུ་འཕྲུལ་ཆེན་པོ་ལ་སོགས་པ་རིག་སྔགས་འཆང་གི་རྒྱལ་པོ་གང་གཱའི་ཀླུང་སྟོང་གི་བྱེ་མ་སྙེད་ཀྱིས་མཆོད་པ་སྔ་མའི་ཉིས་འགྱུར་བས་ལྷག་པའི་མཆོད་པ་དག་ཁྱེར་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལྷ་མོ་འདོད་དགུར་སྒྱུར་བའི་གཟུགས་ཅན་ལེགས་མཐོང་མ་ལ་སོགས་པ་གང་གཱའི་ཀླུང་བྱེ་བའི་བྱེ་མ་སྙེད་ཀྱིས་ཡངས་པ་ཅན་གྱི་རྒྱལ་པོའི་བཙུན་མོའི་མཆོད་པ་ཉིས་འགྱུར་བས་ལྷག་པ་དག་ཁྱེར་ཏེ། རང་རང་གི་རྒྱན་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ས་ལ་སྤུངས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལྷའི་བུ་མོ་རམ་བྷ་དང་། ཨུརྦ་ཤི་ལ་སོགས་པ་ལྷའི་བུ་མོ་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་མཆོད་པ་སྔ་མའི་ཉིས་འགྱུར་ཉིས་འགྱུར་བས་ཆེས་ལྷག་པར་མང་ཞིང་སྤ་བ་དག་གིས་མདུན་དུ་དྲངས་ཏེ། སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་
ཚེ་འབྱུང་པོའི་ཚོགས་པ་བ་སངས་ལྟར་འཁོར་བ་ཞེས་བྱ་བ་ལ་སོགས་པ་གང་གཱའི་ཀླུང་བྱེ་བ་ཕྲག་སྟོང་གི་བྱེ་མ་སྙེད་སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་འཇིག་རྟེན་སྐྱོང་བ་བཞིའི་ལྷའི་བུ་གང་གཱའི་ཀླུང་བྱེ་བ་ཕྲག་འབུམ་དང་ལྷན་ཅིག་ཏུ་མཆོད་པ་སྔ་མའི་ཉིས་འགྱུར་ཉིས་འགྱུར་བས་ལྷག་པ་དག་ཁྱེར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས། སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་རླུང་ལྷ་བཞི་རླུང་གཏོང་བའི་ལྷ་གང་གཱའི་ཀླུང་བྱེ་བ་ཕྲག་འབུམ་དང་ལྷན་ཅིག་ཏུ་དུས་མ་ཡིན་པར་ཡང་ཤིང་ལྗོན་པ་དང་། འཁྲི་ཤིང་དང་། ཤིང་གེལ་པ་དང་། ནགས་མ་རྣམས་དང་། སྙེ་མ་དང་། མེ་ཏོག་གི་འཁྲི་ཤིང་དང་། བྱི་རུ་རྣམས་ཀྱིས་ས་ཕྱོགས་རྒྱན་པར་བྱེད་ཅིང་། དུས་ཚིགས་ཐམས་ཅད་ཀྱི་མེ་ཏོག་གི་དཔལ་རྣམས་ཕྱོགས་སུ་རྒྱས་པར་བྱེད་ལ། ལོ་མ་ཁ་འབུས་པ། རྩ་བ་དམར་བ་རྣམས་ཀྱིས་ཤིང་སཱ་ལ་ཟུང་ཉི་མ་འཆར་ཀའི་འོད་ཟེར་སེར་པོ་ཇ་ཧོང་ཁར་འདུག་པ་བཞིན་དུ་བྱས་ནས། མཆོད་པ་སྔ་མའི་ཉིས་འགྱུར་བས་ལྷག་པའི་མཆོད་པ་དག་ཁྱེར་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། སྔ་མ་བཞིན་དུ་ཤིང་སཱ་ལ་ཟུང་གི་དྲུང་དུ་འཁོད་དོ། །གཞན་ཡང་དེའི་ཚེ་ཆར་པ་འབེབས་པའི་ལྷ་གང་གཱའི་ཀླུང་གི་བྱེ་མ་སྙེད་སྤྲིན་ཆེན་པོ་དང་། ཆུ་སྐྱར་རྣམས་ཕྱི་བཞིན་འབྲང་ཞིང་གློག་འགྱུ་བའི་གསེབ་ནས་རྨ་བྱའི་མགྲིན་པ་ལྟར་མདོག་སྔོ་བའི་ཆར་གྱི་རྒྱུན་འབབ་ལ། འབྲུག་སྒྲ་དལ་ནས་སྒྲོགས་པའི་སྤྲིན་དང་ལྡན་པས་ཆར་ཟིམ་བུ་བསིལ་བ་དང་འདྲེས་པའི་མེ་ཏོག་གི་ཆར་འབེབས་ཤིང་། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས་མ་བཞེས་ནས་རེ་ཐག་ཆད་དེ། དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞེན་པའི་མེ་བསད་པའི་ཕྱིར་ནམ་མཁའ་ཉིད་ལ་འཁོད་དོ། །གཞན་ཡང་དེའི་ཚེ་སྤོས་ཀྱི་གླང་པོ་སྒྲ་གཅན་དང་། ལུང་ཏང་མདོག་དང་། སྦྲང་རྩི་མདོག་སེལ་དང་། འདོད་དགུའི་སྤོས་ལྡན་ལ་སོགས་པ་སྤོས་ཀྱི་གླང་པོ་གང་གཱའི་ཀླུང་ཉི་ཤུའི་
བྱེ་མ་སྙེད་ཐེག་པ་ཆེན་པོ་འདོད་པ་ཤ་སྟག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་གངས་ཀྱི་སྨན་དང་། པདྨའི་རྩ་བ་དང་། སྡོང་བུ་ཤིང་རྟ་ཆེན་པོའི་འཕང་ལོ་ཙམ་ཤ་སྟག་དང་། དགོན་པ་ཆེན་པོ་དག་ནས་པདྨ་དང་། ཨུད་པ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། རྩ་བ་དང་། འབྲས་བུ་དང་། རྡོ་གུ་ཐ་དད་པ་དུ་མ་དག་སྣའི་ཐོར་ཏོས་ཕྱུང་ཞིང་ཕྱུང་ཞིང་ཁྱེར་ཏེ། རླུང་གི་ཤུགས་པས་ཀྱང་ཆེས་མགྱོགས་པ་དང་། ཤིན་ཏུ་རིངས་པར་དབྱར་གྱི་འབྲུག་སྒྲ་བཞིན་དུ་སྒྲོགས་ཤིང་ལྷགས་ནས། པདྨའི་འདབ་མ་བཅེར་བའི་སེང་གེའི་ཁྲིའི་ལྡ་ལྡི་དག་བཤམས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཞལ་ཟས་མ་བཞེས་ནས་རེ་ཐག་ཆད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་སེང་གེ་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་ལ་སོགས་པ་སེང་གེ་གང་གཱའི་ཀླུང་སུམ་ཅུའི་བྱེ་མ་སྙེད་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཤ་སྟག་གིས། སེང་གེའི་རྩལ་ཆེན་པོས་སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བར་མེ་ཏོག་དང་འབྲས་བུ་རྣམས་ཁྱེར་ཏེ། རིངས་པར་ལྷགས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་བྱ་ངང་པ་དང་། ཁྲུང་ཁྲུང་དང་། ངུར་པ་དང་། ཀ་དམ་པ་དང་། ཟལ་མོ་དང་། བཞད་དང་། ཁུ་བྱུག་དང་། བ་ལི་ཀ་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་ལ་སོགས་པས་ཀྱང་སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བར་མེ་ཏོག་དང་འབྲས་བུ་ཁྱེར་ཏེ། རང་རང་གི་སྐད་ཕྱུང་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་སའི་སྟེང་ན་བ་དང་། མ་ཧེ་མོ་དང་། ར་མ་མོ་ཡོད་དོ་ཅོག་གིས་ཀྱང་ནུ་མ་འོ་མས་བཀང་སྟེ། ཤིན་ཏུ་རིངས་པར་ལྷགས་ནས། ཤིང་སཱ་ལ་ཟུང་གི་དྲུང་ནས་ཕྱོགས་གཤོང་ཞིག་མཐོང་ནས། དེར་རང་རང་གི་ནུ་མ་འོ་མས་གང་བ་དེ་དག་ལས་འོ་མ་གསེག་མ་དང་། བྱེ་མ་དང་། བ་ཚས་མ་འབགས་ཤིང་ཚ་བའི་སྐྱོན་དུ་འགྱུར་བ་མེད་པ་དག་གཟགས་ཏེ། འོ་མ་དེ་དག་གི་ནང་ནས་སྦྲང་བུ་དག་བསལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་དྲང་སྲོང་བཟོད་པར་སྨྲ་བ་ལ་
སོགས་པ་གླིང་བཞི་ན་གནས་པའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། ཐེག་པ་ཆེན་པོ་འདོད་པ་ཤ་སྟག་ལ། གང་གཱའི་ཀླུང་དཀྲིགས་ཀྱི་བྱེ་མ་སྙེད་རང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡམ་སྲེག་ཤིང་དང་། ཞལ་ཟས་དག་ཁྱེར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁ་ཅིག་དང་། གནས་བརྟན་ཀུན་དགའ་བོ་ལ་སོགས་པ་མ་གཏོགས་པར་ཡུལ་ཕྱོགས་ན་གནས་པའི་དགེ་སློང་དང་། དགེ་སློང་མ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་མ་ལུས་པར་དེར་ལྷགས་སོ། །གཞན་ཡང་དེའི་ཚེ་རི་རབ་ལ་སོགས་པ་རི་ཆེན་པོ་རྣམས་དང་། འཇིག་རྟེན་གྱི་བར་མཚམས་ཀྱི་རི་གང་གཱའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་ཀྱང་ཤིང་ལྗོན་པ་དང་། འཁྲི་ཤིང་མང་པོ་ཉི་ཚན་གྱི་གྲིབ་མ་བྱེད་པ་དང་། བྲག་ཟང་ཡག་གྲིབ་མ་ཆེ་བ་དང་། བྲག་ཁ་ནས་འབབ་པའི་ཆུས་གང་བ་དང་། སྨན་གཤོང་རྡོ་གུ་དང་། རྩ་བ་དང་། འབྲས་བུས་གང་བ་དག་ཀྱང་དེར་ལྷགས་སོ། །ལྷའི་བུ་མཐུ་བོ་ཆེའི་འདུན་མ་ཆེན་པོ་དག་ཀྱང་རི་རབ་དང་བཅས་ཏེ་མཆོད་པའི་ཕྱིར་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལྷའི་བུ་མཐུ་བོ་ཆེ་འོད་ཆེན་པོ་རྒྱ་མཚོ་ཆེན་པོ་བཞིའི་ནང་ན་གནས་པ་དང་། ཆུ་ཀླུང་ཆེན་པོ་དག་གི་ནང་ན་གནས་པ་གང་གཱའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་མཆོད་པ་སྔ་མ་བས་ཆེས་ཉིས་འགྱུར་གྱིས་མཛེས་པའི་མཆོད་པ་སྔོན་དུ་བཏང་ནས། ཉི་མའི་འོད་ཀྱིས་མར་མེའི་འོད་ཟིལ་གྱིས་མནན་པ་བཞིན་དུ་རང་རང་གི་འོད་ཀྱིས་ཉི་མའི་འོད་ཟིལ་གྱིས་མནན་ཏེ། ཉི་མ་འཆར་ཀའི་འོད་ཀྱིས་ཤིང་མྱ་ངན་འཚང་གི་ལོ་མ་ཐམས་ཅད་དམར་ལམ་མེར་སྣང་བར་བྱེད་པ། དེ་བཞིན་དུ་རང་རང་གི་འོད་ཀྱིས་ཆུ་ཀླུང་གསེར་ལྡན་གྱི་ཆུ་དམར་ལམ་མེར་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་གྲོང་ཁྱེར་ཀུ་ཤི་ནས་ཤིང་སཱ་ལ་ཟུང་གི་དྲུང་གི་བར་སྐབས་ཀྱི་བར་
སྣང་ལ་ཁང་བཟངས་རིའི་དབང་པོའི་རྩེ་མོ་ལྟ་བུ། ངང་པའི་ཐལ་གོང་ལྟར་དཀར་བ་ཤ་སྟག་གིས་འཁྲིགས་པར་གྱུར་ཏོ། །ས་གཞི་ནི་སྐྱེད་མོས་ཚལ་དང་། རྫིང་བུའི་ཆུ་པད་མས་མཛེས་པར་བྱས་པ་དག་གིས་གང་བར་འདུག་སྟེ། བྱང་གི་སྒྲ་མི་སྙན་གྱི་སྐྱེད་མོས་ཚལ་བས་ཀྱང་ལྷག་པར་མཛེས་སོ། །གཅིག་ཏུ་ན་དགའ་བའི་ཚལ་དང་། ཤིང་རྟ་སྣ་ཚོགས་ཅན་དང་འདྲ་བར་གྱུར་ཏེ། ས་ཕྱོགས་དེ་དག་དེ་ལྟར་དགའ་དགའ་ལྟར་འདུག་ཀྱང་། ལྷ་དང་། ལྷ་མ་ཡིན་དང་། མི་དེ་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཤིན་ཏུ་ངུའོ། །གཞན་ཡང་དེའི་ཚེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་རང་རང་གི་འཁོར་ལ་འདི་སྐད་ཅེས་ཟེར་ཏོ། །གྲོགས་པོ་དག་ལྟོས། གྲོགས་པོ་དག་ལྟོས། ལྷ་དང་། ལྷ་མ་ཡིན་དང་། མི་རྣམས་ཀྱི་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཁྱད་པར་དུ་འཕགས་ལ། དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱི་ཐ་མ་འབུལ་བ་ལ་བརྩོན་གྱིས། གྲོགས་པོ་དག་བདག་ཅག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོ་སོ་ནས་མཆོད་པ་བྱའོ། །ཞལ་ཟས་ཀྱི་ཐ་མ་ཡང་དབུལ་བར་བྱའོ། །གལ་ཏེ་བདག་ཅག་གིས་ཕུལ་བའི་ཞལ་ཟས་ཀྱི་ཐ་མ། བཅོམ་ལྡན་འདས་ཀྱིས་བཞེས་པར་གྱུར་ན། དེ་ལས་བདག་ཅག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་དེ་དག་གིས་དེ་སྐད་ཅེས་སྨྲས་ནས། གཡོག་འཁོར་མང་པོ་གྲངས་མེད་པ་དང་བཅས་པས་མཆོད་པ་སྔ་མའི་ཉིས་འགྱུར་གྱི་མཆོད་པ་དང་ཞལ་ཟས་མང་པོ་དག་ཁྱེར་རོ། །མེ་ཏོག་མང་པོ་དག་ཀྱང་ཁྱེར་ཏེ། འདི་ལྟ་སྟེ། མན་དཱ་ར་བ་རྣམས་དང་། མན་དཱ་ར་བ་ཆེན་པོ་རྣམས་དང་། ཀེ་ཀེ་རུ་ཀ་རྣམས་དང་། ཀེ་ཀེ་རུ་ཀ་ཆེན་པོ་རྣམས་དང་། མན་ཛུ་ཥ་ཀ་རྣམས་དང་། མན་ཛུ་ཥ་ཀ་ཆེན་པོ་རྣམས་དང་། སན་ཏ་ན་ག་རྣམས་དང་། སན་ཏ་ན་ག་ཆེན་པོ་རྣམས་དང་། འོད་ཅན་རྣམས་དང་། འོད་ཅན་ཆེན་པོ་རྣམས་དང་། ཀུན་ཏུ་འོད་ཅན་རྣམས་དང་། འོད་
མཐའ་ཡས་པ་རྣམས་དང་། མཛེས་སྡུག་རྣམས་དང་། མཛེས་སྡུག་ཆེན་པོ་རྣམས་དང་། དགའ་བྱེད་རྣམས་དང་། དགའ་བྱེད་ཆེན་པོ་རྣམས་དང་། དྲི་མཆོག་རྣམས་དང་། དྲི་མཆོག་ཆེན་པོ་རྣམས་དང་། སྤོས་ཀྱི་ངད་ལྡང་རྣམས་དང་། སྤོས་ཀྱི་ངད་ལྡང་ཆེན་པོ་རྣམས་དང་། ཀུན་ཏུ་ངད་ལྡང་རྣམས་དང་། ཀུན་ཏུ་ངད་ལྡང་ཆེན་པོ་རྣམས་དང་། མཐའ་ཡས་ངད་ལྡང་རྣམས་དང་། མཐའ་ཡས་ངད་ལྡང་ཆེན་པོ་རྣམས་དང་། ལྷ་རྫས་ཀྱི་འདབ་མ་རྣམས་དང་། ཀླུང་གི་མེ་ཏོག་རྣམས་དང་། ཡོངས་འདུ་ས་བརྟོལ་རྣམས་དང་། དེ་ལྟ་བུ་གཞན་དག་ཀྱང་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ཉི་མའི་གཟི་བྱིན་གྱིས་སྲིན་བུ་མེ་ཁྱེར་གྱི་འོད་ཟིལ་གྱིས་མནན་པ་བཞིན་དུ་རང་རང་གི་གཟི་བྱིན་གྱིས་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ཏེ། ཞལ་ཟས་མ་བཞེས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འཁོར་དང་བཅས་པས། མཆོད་པ་སྔ་མ་དེའི་ཉིས་འགྱུར་དེའི་རྐྱེན་དུ་འཚམ་པ་དེ་ན་ཡོད་པའི་མེ་ཏོག་གི་སྣ་གྲངས་དུ་མ་ཡིད་དུ་འོང་བ་རྣམས་དང་། ཡིད་དུ་འོང་བ་ཆེན་པོ་རྣམས་དང་། དྲི་བསུང་ཞིམ་པོ་རྣམས་ཁྱེར་རོ། །ཁང་བཟངས་ཆེན་པོ་རྡོ་ཐལ་གྱི་མདོག་ལྟར་དཀར་བ། ཐེམ་སྐས་ཀྱི་རིམ་པ་དང་ལྡན་པ། སྐར་ཁུང་གི་ཕྲེང་བ་དུ་མ་ཕུག་རོན་ཤུག་རྩེ་བ་དང་ལྡན་པ་དག་ཀྱང་སྤྲུལ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྲུང་བ་ལགས་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བདག་ཅག་གིས་ཕུལ་བའི་ཞལ་ཟས་བཞེས་སུ་གསོལ། དེ་སྐད་ཅེས་གསོལ་ཀྱང་ཞལ་ཟས་མ་བཞེས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། །།བམ་པོ་གཉིས་པ།
དེའི་རྗེས་ལ་མཐར་གྱིས་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་རྣམས་ཀྱིས་སྟེང་གི་བར་སྣང་ལ་མཆོད་པ་དང་། འོད་སྔ་མ་ལས་ཁྱད་པར་དུ་སྤགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། དེ་དག་གི་མཆོད་པའི་ནང་ན་གདུགས་ཕལ་པ་གང་ཡིན་པ་དེ་ཡང་ཁོ་ར་ཁོར་ཡུག་ཏུ་གླིང་བཞི་པའི་ཁྱོན་ཙམ་མོ། །བ་དན་ཕལ་པ་གང་ཡིན་པ་དེ་ཡང་རྒྱ་མཚོ་ཆེན་པོ་བཞིའི་མཐར་ཐུག་སྟེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ནས་ནུབ་ཕྱོགས་ཀྱི་རྒྱ་མཚོར་ཐུག་སྟེ། རླུང་གིས་བསྐྱོད་དམ། རླུང་གིས་ཕྱར་ན་བ་དན་དེ་དག་ལས་པི་བང་གི་སྒྲ་སྙན་པ་ཁོང་ནས་འཁྱིལ་པ་ལྟ་བུར་སྙན་པ་དག་འབྱུང་སྟེ། དེ་དག་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། བཅོམ་ལྡན་འདས་ཅང་མི་གསུང་ནས་རེ་ཐག་ཆད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་སྲིད་པའི་རྩེ་མོར་སྐྱེས་པ་རྣམས་མ་གཏོགས་པར་གོང་མ་གོང་མའི་སེམས་ཅན་གཞན་གང་ཡིན་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར། མཆོད་པ་རྒྱ་ཆེན་པོའི་ཚོགས་དང་ཆས་ཏེ་ལྷགས་ནས་སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ། །མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་ཚངས་རིས་ཀྱི་ལྷའི་བུ་དཔག་ཏུ་མེད་པ་དག་གིས་བསྐོར་ཅིང་མདུན་དུ་བདར་ཏེ། རང་གི་གཟི་བྱིན་གྱིས་ལྷ་ཐམས་ཅད་ཀྱི་གཟི་བྱིན་ཟིལ་གྱིས་མནན་ནས། མཆོད་པའི་ཚོགས་ཆེན་པོ་དང་ཆས་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ། དེ་དག་གི་བ་དན་ཕལ་པ་གང་ཡིན་པ་དེ་ཡང་ཚངས་པའི་འཇིག་རྟེན་ནས་འཕྱང་སྟེ། ཤིང་སཱ་ལ་ཟུང་གི་དྲུང་དུ་ཐུག་གོ །དེས་ཀྱང་བཅོམ་ལྡན་འདས་ལ་ཞལ་ཟས་བཞེས་པར་གསོལ་བ་ལས། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ལྷ་མ་ཡིན་གྱི་གཡོག་འཁོར་དཔག་ཏུ་མེད་པ་དང་བཅས་པས། ཚངས་པ་དང་དབང་པོ་གཉིས་མ་གཏོགས་པར་དེའི་བར་གྱི་ལྷ་ཡོད་དོ་ཅོག་གི་འོད་རང་གི་འོད་ཀྱིས་མོག་མོག་པོར་བྱས་ནས། དེའི་རྐྱེན་དུ་འཚམ་པའི་
མཆོད་པའི་ཚོགས་དང་། རྐྱེན་དུ་འཚམ་པའི་ཞལ་ཟས་དག་དང་ཆས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་། །དེའི་གདུགས་ཕལ་པ་ཡང་ཆུ་ཞེང་དུ་འཇིག་རྟེན་གྱི་ཁམས་ཆུང་ངུ་ཁྱབ་པ་ཙམ་སྟེ། དེས་ཀྱང་བཅོམ་ལྡན་འདས་ལ་ཞལ་ཟས་བཞེས་པར་གསོལ་བ་ལས། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བདུད་སྡིག་ཅན་ཆུང་མ་གྲངས་མེད་པའི་འཁོར་དང་ཆས་ཏེ། སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་བར་སྲང་ཐམས་ཅད་ཕྱེ་ནས། དེ་དག་ལ་ཆུ་དང་། ཁ་ཟས་ལ་སོགས་པ་ཅི་འདོད་པ་བྱིན་ཏེ། དེ་དག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲན་པར་གྱིས་ཤིག ། སྦྱིན་པའི་ཐ་མ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་སྨྲས་ནས། དེ་དག་ལ་ཁྱེད་བདེ་བར་གྱུར་ཅིག་ཅེས་ཀྱང་དབུགས་ཕྱུང་ངོ་། །སེམས་ཅན་དམྱལ་བའི་གྲོང་ཁྱེར་མཚོན་ཆས་གང་ཞིང་མེ་ཆེན་པོ་ འབར་བ ་རྣམས་སུ་ཡང་སྤྲིན་ཆེན་པོ་བཞིན་དུ་ཆུ་ཆེན་པོ་ཕབ་ནས། སེམས་ཅན་དམྱལ་བ་པ་རྣམས་ཀྱིས་སྔོན་མ་མྱོང་བའི་བདེ་བ་དང་ལྡན་པའི་འདུ་ཤེས་བསྐྱེད་དེ། དེ་བཞིན་གཤེགས་པའི་མཐུས་བདུད་ཀྱི་སེམས་ཀྱི་གནས་སྐབས་དེ་ལྟ་བུར་གྱུར་ཏོ། །དེའི་འཁོར་གང་ཡིན་པ་དེ་དག་གིས་ཀྱང་གཞུ་དང་། རལ་གྲི་དང་། ཐོ་བ་དང་། དགྲ་སྟ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མཚོན་ཀམ་པ་ན་དང་། ལྕགས་ཀྱི་བེར་ཀ་དང་། ལྕགས་མདའ་དང་། ཤ་ཏ་ཀ་ནི་ཧ་དང་། མདའ་དང་། འཕང་མདུང་དང་། མདུང་རྩེ་གཅིག་པ་ལ་སོགས་པ་མཚོན་ཆ་རྣམ་པ་དུ་མ་ཡོངས་སུ་སྤངས་ཏེ་ཆོས་ལྷུར་ལེན་པར་གྱུར་ཏོ། །དེའི་མཆོད་པ་ཡང་ལྷ་སྔ་མ་རྣམས་ལ་མེད་པ་དེ་ལྟ་བུར་གྱུར་ཏེ། དེའི་གདུགས་ཕལ་པའི་ཆུ་ཞེང་དུ་ཡང་འཇིག་རྟེན་གྱི་ཁམས་བར་མའི་ཁྱོན་ཙམ་མོ། །དེ་ལྟར་དེ་མཐུ་ཆེན་པོ་དང་ལྡན་ཞིང་རང་གི་ཆུང་མ་རྣམས་ཀྱི་རྔ་ཡབ་ཀྱིས་གཡོབ་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་དང་། འཁོར་དང་བཅས་པས་བདག་ཅག་གིས་ཕུལ་བའི་ཞལ་ཟས་བཞེས་སུ་གསོལ། བཅོམ་ལྡན་འདས་བདག་ཅག་གིས་ད་སླན་ཆད་ཐེག་པ་ཆེན་པོའི་སླད་དུ་ཡི་དམ་བཅའ་བར་འཚལ་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སུ་ཡང་རུང་། འཇིགས་པའི་སླད་དུའམ། རྙེད་པ་དང་བཀུར་སྟི་འཚལ་བའི་སླད་དུའམ། ཐོབ་ཏུ་རེ་བའི་སླད་དུའམ། གཞན་གྱིས་བགྱིད་དུ་སྩལ་བའམ། གཞན་གྱི་ཡིད་བསྲུང་བའི་སླད་དུ་ཡང་རུང་སྟེ། ཐེག་པ་ཆེན་པོ་རྗོད་པར་བགྱིད་ན། དེའི་དོན་དུ་འཇིགས་པ་དང་། མི་དགའ་བ་ཐམས་ཅད་བསལ་བའི་གསང་སྔགས་བཤད་པར་འཚལ་ལོ། །ཏདྱ་ཐཱ། ཋག་ཀེ ། ཊ་ཊ་ར་ཋག་ཀེ ། རོ་རུ་རེ། མ་ཧཱ་རོ་རུ་རེ། ཨཱ་ལ་མཱ་ལ། ཏཱ་ལ། སྭཱ་ཧཱ། ཆོས་སྨྲ་བ་འཁྲུལ་པ་དང་འཇིགས་པས་གནོད་པར་གྱུར་པ་རྣམས། ཆོས་ཀྱི་ཚུལ་ལ་སྤོབས་པ་བསྐྱེད་པར་བགྱི་བ་དང་། མུ་སྟེགས་པ་རྣམས་མྱོས་པར་བགྱི་བ་དང་། དམ་པའི་ཆོས་བསྲུང་བ་དང་། བདག་དང་གཞན་བསྲུང་བའི་སླད་དུ་བདག་གིས་རང་གི་དམ་ཚིག་གིས་སྨྲས་པའི་གསང་སྔགས་འདི་གླང་པོ་ཆེའི་འཇིགས་པའམ། ནགས་ཁུང་གི་འཇིགས་པའམ། ཆུ་ཀླུང་གི་འཇིགས་པའམ། མེའི་འཇིགས་པ་རྣམས་ཀྱི་ནང་དུ་བསྲུང་བའི་གཟུངས་སྔགས་ཀྱི་དོན་དུ་རྗོད་པ་གང་ལགས་པ་དེ་དག་ནི་རྗོད་པ་ཙམ་གྱིས་ཇི་ལྟར་རུ་སྦལ་རང་གི་ལུས་བསྲུངས་པ་དེ་བཞིན་དུ། བདག་གིས་གཡོ་དང་སྒྱུ་མ་མཆིས་པར་དེ་དག་གི་འཇིགས་པ་ཐམས་ཅད་ལས་བསྲུང་བར་བགྱི། སྟོབས་དང་ལྡན་པར་ཡང་བགྱིད་ལགས་ན། བཅོམ་ལྡན་འདས་ཀྱིས་ད་ཞལ་ཟས་འདི་བཞེས་པར་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་ཁྱོད་ཁ་ཟས་ཀྱི་ཕྱིར་གསོལ་བ་མ་འདེབས་ཤིག ། གསང་སྔགས་ཀྱི་ཚིག་འདི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཆོས་ཀྱི་སྦྱིན་པར་
འགྱུར་བས་ན་བཞེས་པར་བྱའི། ཟང་ཟིང་གི་སྦྱིན་པ་ནི་དེ་ལྟ་མ་ཡིན་གྱིས། སྡིག་ཅན་ཁྱོད་གསོལ་བ་མ་འདེབས་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་བདུད་དང་བདུད་ཀྱི་བུ་མོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ལས་མ་བཞེས་ཏེ། རེ་ཐག་ཆད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དེའི་ཚེ་ལྷའི་བུ་དབང་ཕྱུག་ཆེན་པོ་ལྷའི་བུ་དཔག་ཏུ་མེད་པ་མཐུ་དཔག་ཏུ་མེད་པ་དག་གིས་མདུན་དུ་བདར་ཏེ། རང་གི་འོད་ཀྱིས་ཚངས་པ་དང་། ལྷའི་དབང་པོ་དང་། ལྷ་མ་ཡིན་དང་། བདུད་ཀྱི་འོད་རྣམས་སྣག་ཚའི་གོང་བུ་བཞིན་དུ་འོད་མི་གསལ་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་མཆོད་པ་རྒྱ་ཆེན་པོ་ཉིས་འགྱུར་ཉིས་འགྱུར་བས་ལྷག་པ་དག་ཁྱེར་ནས་དེར་སོང་སྟེ། དེའི་མཆོད་པ་རྣམས་ཀྱི་ནང་ན་གདུགས་ཕལ་པ་གང་ཡིན་པ་དེ་ཡང་ཆུ་ཞེང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པར་འདུག་སྟེ། མཆོད་པ་དེ་ལྟ་བུ་སྔོན་དུ་བཏང་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ཏེ། ལན་དུ་མར་བསྐོར་བ་བྱས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བདག་མཆོད་པ་བགྱིད་པ་ནི་སྦྲང་བུ་མཆོད་པ་བགྱིད་པ་དང་འདྲ་སྟེ། བདག་སྦྲང་བུ་དང་འདྲ་བས་བཅོམ་ལྡན་འདས་ལ་མཆོད་པ་བགྱིད་པའི་རྔོ་ག་ལ་ཐོགས་ཀྱིས་ཀྱང་། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཞལ་ཟས་ཀྱི་ཐ་མ་གསོལ་བར་ཅི་གནང་ཞེས་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་ཀྱང་། ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏེ། རེ་ཐག་ཆད་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གྲངས་མེད་པ་གཏམས་ཕྲག་དཀྲིགས་ཀྱི་བྱེ་མ་སྙེད་འདས་པ་ན།
འཇིག་རྟེན་གྱི་ཁམས་ཡིད་འཕྲོག་སྒྲ་སྙན་མུ་ཏུག་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་བཞུགས་ཏེ། དེས་སྲས་ཀྱི་ཐུ་བོ་ཉན་ཐོས་ལུས་ཆེན་མཐའ་ཡས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སོང་ལ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རིང་པོ་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། རིགས་ཀྱི་བུ་ཁྱོད་ཀྱིས་དེའི་དོན་དུ་འཇིག་རྟེན་གྱི་ཁམས་འདི་ནས་ཞལ་ཟས་ཞིམ་པོ་ཕན་པ་དག་ཁྱེར་ཏེ་སོང་ཤིག ། མཆོད་པ་ཆེན་པོ་དག་ཀྱང་ཁྱེར་ཏེ་སོང་ལ། དེ་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱིས་ཞལ་ཟས་འདི་གསོལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དུ་གསོལ་ཞེས་གྱིས་ཤིག ། ཁྱོད་ཀྱི་ཐེ་ཚོམ་དང་ཡིད་གཉིས་ཅི་དང་ཅི་ཡོད་པ་དེ་དང་དེ་དག་ཀྱང་། དེ་བཞིན་གཤེགས་པ་དེ་ཁོ་ན་ལ་ལེགས་པར་ཞུས་ཤིག་དང་། དེས་ཁྱོད་ལ་ལུང་བསྟན་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་དེས། ལེགས་སོ། །ལེགས་སོ་ཞེས་གསོལ་ནས། དེ་བཞིན་གཤེགས་པ་དེ་ལ་བསྐོར་བ་བྱས་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་པོ་གྲངས་མེད་པས་བསྐོར་ཅིང་མདུན་དུ་བདར་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོངས་སོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། འཁྲུགས་རབ་ཏུ་འཁྲུགས། འཁོར་རབ་ཏུ་འཁོར། འུར་འུར་རབ་ཏུ་འུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག ། མེར་མེར་རབ་ཏུ་མེར་མེར། ལྡེམ་ལྡེམ་རབ་ཏུ་ལྡེམ་ལྡེམ་མོ། །དེ་ལ་སོགས་པ་བྱས་ཏེ། ས་ཆེན་པོ་རབ་ཏུ་གཡོས་སོ། །
དེ་ནས་འཁོར་དེ་དག་གི་ནང་ན་ཚངས་པ་དང་། དབང་པོ་དང་། འཇིག་རྟེན་སྐྱོང་དང་། ལྷ་མ་ཡིན་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་ཀྱིས་ས་གཞི་དེ་ལྟ་བུར་གྱུར་པ་མཐོང་ནས་སྐྱི་བུང་ཞེས་བྱས་ཏེ། འཇིགས་ཤིང་ཁ་དང་ལྐོག་མ་སྐམས་ནས། འབྲོས་པར་ཆས་ཏེ་རང་རང་གི་འོད་ཀྱང་མི་མཐོང་ཞིང་འོད་ཉམས་པར་གྱུར་ཏོ། །དེ་ནས་འཁོར་དེ་ཉིད་ཀྱི་ནང་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལངས་ཏེ། ལྷའི་ཚོགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་མ་འཇིགས་ཤིག ། མ་འཇིགས་ཤིག ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གྲངས་མེད་པ་གཏམས་ཕྲག་དཀྲིགས་ཀྱི་བྱེ་མའི་རྡུལ་ཕྲ་རབ་གྲངས་མེད་པ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡིད་འཕྲོག་སྒྲ་སྙན་མུ་ཏུག་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ད་ལྟར་བཞུགས་ལ་འཚོ་ཞིང་གཞེས་ཏེ། དེ་བཞིན་གཤེགས་པ་དེས་རང་གི་སྲས་ཀྱི་ཐུ་བོ་ཉན་ཐོས་ལ་བོས་ཏེ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སོང་ལ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། དེ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཞལ་ཟས་ཀྱི་ཐ་མ་ཕུལ་ལ། ཁྱོད་ཀྱི་ཐེ་ཚོམ་དང་ཡིད་གཉིས་ཅི་དང་ཅི་ཡོད་པ་དེ་དག་ཀྱང་ལེགས་པར་ཞུས་ཤིག་དང་། དེས་ཁྱོད་ལ་ལུང་བསྟན་པར་འགྱུར་རོ་ཞེས་བཀའ་སྩལ་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་འདི་བཏང་སྟེ། བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་ཅིང་མདུན་དུ་བདར་ནས། འདིར་འོངས་པ་དེའི་གཟི་བརྗིད་ཀྱིས་ཁྱོད་ཀྱི་འོད་ཉམས་པར་གྱུར་ཏོ། །དེ་འོང་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག ། དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་
པས་བདག་ཅག་གི་དེ་བཞིན་གཤེགས་པ་ལ་མཆོད་པ་མཛད་པ་ལ་ཡང་ལྟོས་ཤིག་ཅེས་བྱས་སོ། །དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་མེ་ལོང་གི་ངོས་ལ་བདག་གི་གཟུགས་མཐོང་བ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐག་རིང་པོ་ན་བཞུགས་པའི་དེ་བཞིན་གཤེགས་པ་དེ་དང་། འཇིག་རྟེན་གྱི་ཁམས་དེ་མཐོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་འདི་དང་། དེ་བཞིན་གཤེགས་པ་འདི་མཐོང་བ་དེ་བཞིན་དུ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དང་། འཇིག་རྟེན་གྱི་ཁམས་གཞན་དག་ཀྱང་ལྟོས་ཤིག ། དེ་བཞིན་གཤེགས་པ་རྣམས་ནི་འདི་ལྟར་བདག་ཉིད་ཆེ་བ་ཡིན་ཏེ། རང་རང་གི་གནས་ན་བཞུགས་བཞིན་དུ་ཡང་ཁྱེད་ལ་ཞལ་སྟོན་པར་མཛད་དོ། །འཁོར་དེ་དག་གིས་སྨྲས་པ། ཀྱེ་མ་དེ་བཞིན་གཤེགས་པ་དེ་ལྟར་བདག་ཉིད་ཆེ་བ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ལྟ། ཀྱི་ཧུད་ཅེས་བླ་ཞིང་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་གིས་བསྐོར་བ་ཡང་མཐོང་སྟེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནས་པད་མ་ཆེན་པོ་བྱུང་ངོ་། །པད་མ་ཆེན་པོ་རེ་རེ་ལ་ཡང་གྲོང་ཁྱེར་བདུན་ཁྲི་བརྒྱད་སྟོང་བདུན་ཁྲི་བརྒྱད་སྟོང་ཡོད་ལ་གྲོང་ཁྱེར་དེ་དག་ཀྱང་ཡུལ་ཡངས་པ་ཅན་གྱི་ཐག་གྲུ་ཙམ་ཤ་སྟག་སྟེ། རིན་པོ་ཆེ་སྣ་བདུན་གྱི་ར་བ་དང་འོབས་བདུན་རིམ་གྱིས་བསྐོར་ལ། ཤིང་ཏ་ལའི་ཕྲེང་བ་བདུན་རིམ་གྱིས་མཛེས་པར་བྱས་པ་ཤ་སྟག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ལྡན་ཞིང་དགའ་དགའ་ལྟར་འདུག་ལ། ར་བ་དེ་དག་ཀྱང་འཛམ་བུ་ཆུ་བོའི་གསེར་གྱི་བ་གམ་ཆེན་པོ་ཤ་སྟག་གིས་བསྐོར་ཏེ། བ་གམ་ཐམས་ཅད་ཀྱི་བར་བར་ན་ཡང་ཤིང་ལྗོན་པ་གཞོན་ཤ་ཅན་འབྲས་བུ་དང་མེ་ཏོག་དང་ལྡན་པ་སྣ་མང་པོ་དག་ཡོད་དོ། །ཤིང་ལྗོན་པ་དེ་དག་
གི་ཡལ་ག་རླུང་གིས་བསྐྱོད་པ་ལས་ཀྱང་སིལ་སྙན་དགའ་བར་བྱེད་པའི་སྒྲ་སྙན་ཅིང་ཆགས་སུ་རུང་བ་འབྱུང་བ་སྣ་ལྔ་ལྔ་སྒྲོགས་ཏེ། སྒྲ་དེ་དག་གིས་སེམས་ཅན་དེ་དག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །འོབས་དེ་དག་ཐམས་ཅད་ཀྱང་ཆུ་བསིལ་ཞིང་ཤེལ་བཞིན་དུ་དང་བ་དག་གིས་གང་བར་འདུག་སྟེ། དེ་དག་གི་ནང་ཁོ་ར་ཁོར་ཡུག་ཏུ་སེམས་ཅན་དེ་དག་རིན་པོ་ཆེའི་གྲུ་དག་གིས་དགའ་ཞིང་རྒྱུ་བར་བྱེད་དོ། ། ཆུ་དེ་དག་ཀྱང་པད་མ་དང་། ཨུད་པ་ལ་དང་། ཀུ་མུ་ད་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་གིས་བརྒྱན་ཏོ། །འོབས་ཀྱི་ཁོ་ར་ཁོར་ཡུག་ཀྱང་སྐྱེད་མོས་ཚལ་གྱི་ཕྲེང་བས་མཛེས་པར་བྱས་ཏེ། སྐྱེད་མོས་ཚལ་རེ་རེ་ལ་ཡང་རྫིང་བུ་ཐག་གྲུ་དཔག་ཚད་ཕྱེད་པ་ལྔ་ལྔ་ཡོད་དོ། །རྫིང་བུའི་ཆུ་དེ་དག་ཀྱང་པད་མ་དང་། ཨུད་པ་ལ་དང་། ཀུ་མུ་ད་ཁ་དོག་སྣ་ཚོགས་དྲི་ཞིམ་པོ་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་གིས་ཁེབས་པར་འདུག་ལ། ཤིང་ལྗོན་པ་མེ་ཏོག་རྒྱས་པའི་ཕྲེང་བས་མཛེས་པར་བྱས་སོ། །སྐྱེད་མོས་ཚལ་ཁོ་ར་ཁོར་ཡུག་ན་ཡང་ངང་ངུར་དང་། ཟལ་མོ་དང་། ཁྲུང་ཁྲུང་ཤུག་དག་གིས་པད་མའི་ཟེ་འབྲུ་མྱོང་བར་བྱེད་དོ། །ཁོ་ར་ཁོར་ཡུག་གི་སྐྱེད་མོས་ཚལ་དེ་དང་དེ་དག་ན་ཡང་ཁང་ཁྱིམ་དག་ཡོད་ལ། ཁང་པ་རེ་རེ་ལ་ཡང་ཆུ་ཞེང་དུ་དཔག་ཚད་བཞི་བཞི་ཡོད་དེ། རྩིག་པ་ནི་གསེར་དང་། དངུལ་དང་། བཻ་དཱུཪྱ་དང་། ཤེལ་ལས་བྱས། ས་གཞི་ནི་ཀེ་ཀེ་རུ་ལས་གྲུབ་པ་སྟེ། ནོར་བུའི་འཇོ་ཚར་གྱིས་སྤེལ་ཅིང་སྣང་བར་བྱས་པའི་མུ་ཏིག་གི་དོ་ཤལ་སྤྱངས་པ་དང་ལྡན་པ། གསེར་གྱི་རྟ་བབས་ཆེན་པོ་དང་། སྐར་ཁུང་དང་། དྲ་བ་དག་གིས་བརྒྱན་པའི་ཁང་བཟངས་མཐོན་པོ་ས་གཞི་ནི་གསེར་གྱི་བྱེ་མ་བདལ་བ་དང་ལྡན་པ་ཤ་སྟག་གོ །རྫིང་བུ་རྣམས་ཀྱང་འདྲུལ་བའི་ལམ་གསེར་གྱི་ཐེམ་སྐས་ཐེམ་པ་བཅྭ་བརྒྱད་དང་ལྡན་པ་དང་། མཐའ་ཐོག་ཐག་ཏུ་གསེར་གྱི་ཆུ་ཤིང་གི་ཕྲེང་བས་མཛེས་པར་བྱས་པའི་ལྷའི་ཙན་དན་གྱི་དྲི་བསུང་ཅན་གྱི་ཆུ་དང་ལྡན་པ་ཤ་སྟག་གོ །གྲོང་ཁྱེར་ཆེན་པོ་དེ་དག་རེ་རེའི་ནང་ན་ཡང་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་
བརྒྱད་ཁྲི་བཞི་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་བུད་མེད་ཀྱི་ཚོགས་དཔག་ཏུ་མེད་པ་དཔག་ཏུ་མེད་པ་དག་གིས་བསྐོར་ཅིང་། འདོད་པའི་ཡོན་ཏན་ལྔ་དང་ལྡན་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །སེམས་ཅན་གཞན་དག་ཀྱང་དེ་དང་འདྲ་སྟེ། ས་ཕྱོགས་ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། མེ་ཏོག་གི་སིལ་མས་གཏོར་བ། གཞན་དག་ན་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །གྲོང་ཁྱེར་ཆེན་པོ་དག་ན་ཐེག་པ་ཆེན་པོའི་སྒྲ་མ་གཏོགས་པར་ཐེག་པ་གཞན་གྱི་སྒྲ་མེད་དོ། །པད་མ་ཆེན་པོ་དེ་དག་ལ་ཡང་སེང་གེའི་ཁྲི་ཆེན་པོ་རྐང་པ་གསེར་དང་། དངུལ་དང་། བཻ་དཱུཪྱ་དང་། ཤེལ་ལས་བྱས་པ། ཀ་ལིང་ཀའི་རས་ཀྱིས་གཡོགས་པ། ཆེ་བ་ལ་འོས་པ། འཇིག་རྟེན་གསུམ་ན་ཕུལ་དུ་བྱ་བ་ཤ་སྟག་གིས་དཀྲིས་ཏེ། སེང་གེའི་ཁྲི་དེ་དག་ལ་རྒྱལ་པོ་དེ་དག་འཁོད་ཅིང་སེམས་ཅན་གཞན་དག་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སློབ་པར་བྱེད་དེ། རྒྱལ་པོ་དེ་དག་གི་མདུན་ན་ལ་ལ་ནི་ཡི་གེ་འདྲི། ལ་ལ་ནི་ཀློག ། ལ་ལ་ནི་ཁ་ཏོན་སློབ་བོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཀྱི་བ་སྤུའི་ཁུང་བུ་ནས་སྐྱེས་པའི་པད་མ་དག་ལ་འཁོད་པའི་སེམས་ཅན་དེ་དག་འདོད་པའི་ཡོན་ཏན་ལྔའི་དགའ་བ་དང་ལྡན་ཡང་། དེ་དག་ཡོངས་སུ་སྤངས་ནས་མྱ་ངན་གྱིས་གདུངས་ཏེ་སྨྲེ་སྔགས་འདོན་ཅིང་། ཀྱི་ཧུད་ཀྱི་ཧུད་ཅེས་བླ་ཞིང་འཁོད་དེ། ཉིས་འགྱུར་དུ་མཆོད་པའི་ཚོགས་འབུལ་བར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ཏེ། དེ་ལྟ་བུའི་འབྱོར་པའི་རྣམ་པ་དག་སྟོན་ཅིང་མཆོད་པའི་ཚོགས་ཆེན་པོ་དང་། ཞལ་ཟས་ཆེས་རྒྱ་ཆེ་བ་དག་ཁྱེར་ཏེ་འོངས་ནས། ཞལ་ཟས་དེ་དག་དང་། པད་མ་དེ་དག་གི་དྲི་བསུང་ཚོར་བ་གང་ཡིན་པ་དེ་དག་ཀྱང་ཉོན་མོངས་པ་དང་བྲལ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་འཇིག་རྟེན་
གྱི་ཁམས་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཀྱི་ལུས་ཀྱི་ཚད་ཀྱང་ནམ་མཁའ་དང་མཉམ་པར་འདུག་སྟེ། སུས་ཀྱང་མཐོང་བར་མི་ནུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ཕུལ་བའི་ཞལ་ཟས་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏེ། ལན་གཉིས་ལན་གསུམ་དུ་གསོལ་ཀྱང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་ནས་བྱང་ཆུབ་སེམས་དཔའ་དེ་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ལོགས་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཞེས་བྱ་བ་འཁོར་གྱི་ཚོགས་ཆེན་པོ་དང་ལྡན་པ་ཤ་སྟག་ལྷགས་ཏེ། དེ་དག་གི་པད་མ་དང་། གྲོང་ཁྱེར་གྱི་ཚད་ཀྱང་སྔ་མ་སྔ་མ་ལས་ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་བ་དང་། འབྱོར་པ་ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་བ་ཤ་སྟག་དང་ཆས་ཏེ། དེ་དག་དེར་ལྷགས་ནས་བཅོམ་ལྡན་འདས་ལ་པད་མ་དག་གིས་མཆོད་པ་བྱས་ཏེ་སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ། །ཤིང་སཱ་ལ་ཟུང་གི་དྲུང་གྲུབ་པའི་གནས་དེ་ཉིད་ན་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ཚད་ཀྱི་ཁྱོན་གྱི་ས་གཞི་ལ། སེམས་ཅན་མི་འཁོད་པའི་གོ་སྐབས་ཅི་ཡང་མེད་དོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ལུས་ཆེ་བ་རང་རང་གི་གཡོག་འཁོར་དག་དང་བཅས་པ་དེ་རྣམས་ཀྱང་། ཁ་ཅིག་ནི་ས་ཕྱོགས་སྨྱུང་བུའི་རྩེ་མོའི་ཁྱོན་ཙམ་ལ་འཁོད་དོ། །ཁ་ཅིག་ནི་ཁབ་ཀྱི་རྩེ་མོའི་ཁྱོན་ཙམ་ལ་འཁོད་དོ། །ཁ་ཅིག་ནི་རྡུལ་ཕྲ་རབ་ཀྱི་ཁྱོན་ཙམ་ལ་བག་ཡངས་སུ་འཁོད་དོ། །འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན་བྱང་ཆུབ་སེམས་དཔའ་འཁོད་པ་གང་ཡིན་པ་དེ་དག་ཀྱང་ཐབས་དེ་ལྟ་བུར་ལྷགས་ཏེ་འཁོད་དོ། །
འཛམ་བུའི་གླིང་གི་སེམས་ཅན་ཡང་ཚེ་དང་ལྡན་པ་འོད་སྲུང་དང་། གནས་བརྟན་ཀུན་དགའ་བོ་དང་། རྒྱལ་པོ་མ་སྐྱེས་དགྲ་རྣམས་མ་གཏོགས་པར་དེར་མ་འོངས་པ་སུ་ཡང་མེད་དེ། ཐ་ན་མི་གདུག་པ་དང་། སྦྲུལ་གདུག་པ་དང་། སྡིག་པ་དང་། སྡོམ་ལ་སོགས་པ་ལས་མི་བཟད་པ་བཅུ་དྲུག་བྱེད་པ་ཡན་ཆད་ཀྱང་དེར་ལྷགས་སོ། །སྦྱིན་བྱེད་མའི་བུ་དང་། ལྷ་མ་ཡིན་རྟག་ཏུ་འཁོན་གྱི་བསམ་པ་ཅན་ཐམས་ཅད་ཀྱང་སྡིག་པའི་ལས་སྤངས་ནས་གཅིག་ལ་གཅིག་བུ་དང་། མ་དང་། སྲིང་མོ་དང་འདྲ་བར་སེམས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཁོད་པའི་སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་བུ་གཅིག་པ་ལ་བྱ་བ་བཞིན་དུ་བྱམས་པར་བྱེད་དེ། འདོད་ཆེན་པོ་ནི་མ་གཏོགས་སོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཡང་དེ་བཞིན་གཤེགས་པའི་མཐུས་བོང་བ་དང་། རྡོ་དང་། གསེག་མ་དང་། རྡུ་བ་དང་། ཚེར་མ་མེད་པར་གྱུར་ཏེ། ཤིང་ལྗོན་པ་རིན་པོ་ཆེའི་འཁྲི་ཤིང་གིས་དཀྲིས་པ། མཉེན་ཞིང་རེག་ན་འཇམ་པ་དག་དང་ལྡན་ཞིང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་འདྲ་བར་གྱུར་ཏོ། །སེམས་ཅན་དེར་ལྷགས་པ་ཐམས་ཅད་ཀྱིས་ཀྱང་དེ་ན་འཁོད་བཞིན་དུ། ཇི་ལྟར་མེ་ལོང་གི་ངོས་ལ་རང་གི་གཟུགས་བརྙན་སྣང་བ་བཞིན་དུ། རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ཞིང་འབྱོར་པ་དང་ལྡན་པ་གཞན་དག་ཀྱང་མཐོང་ངོ་། །དེ་ནས་དེ་བཞིན་གཤེགས་པའི་ཞལ་ནས་འོད་ཟེར་ཁ་དོག་སྣ་ཚོགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་ལྟ་བུ་དང་། མེ་ལྕེ་ལྟ་བུ་དག་བྱུང་བ་གང་ཡིན་པ་དེ་དག་གིས་བྱ་བ་གང་ཡིན་པ་དེ་དག་གི་བྱ་བ་ཐམས་ཅད་བྱས་ཏེ་ཕྱིར་ལོག་ནས། བཅོམ་ལྡན་འདས་ཉིད་ཀྱི་ཞལ་དུ་ཞུགས་ཏེ་མི་སྣང་བར་གྱུར་ཏོ། །འཁོར་ཐམས་ཅད་ཀྱི་འོད་ཀྱང་དེས་ཟིལ་གྱིས་གནོན་པར་གྱུར་ཏོ། །དེ་ནས་ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་འོད་ཟེར་དེ་དག་བཅོམ་
ལྡན་འདས་ཀྱི་ཞལ་དུ་མི་སྣང་བར་གྱུར་པ་མཐོང་ནས། འཇིགས་ཤིང་སྐྱི་བུང་ཞེས་བྱས་ཏེ། རྒྱུ་མེད་པར་བཅོམ་ལྡན་འདས་ཀྱི་འོད་ཟེར་རྣམས་ཕྱིར་ལོག་ནས་མི་སྣང་བར་འགྱུར་བའི་མི་རིགས་ན། གོར་མ་ཆག་པར་ཕྱོགས་བཅུ་དག་ཏུ་བྱ་བ་རྣམས་ཟིན་ནས་ད་ནི་གདོན་མི་ཟ་བར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གང་ལས་ཀྱང་ཞལ་ཟས་མ་བཞེས་ན། ཀྱེ་མ་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞི་སྤངས་སམ། ཅི་སྨྱུང་བར་བཞུགས་པར་ཆད་དམ། ཀྱེ་མ་ཅི་ཉི་མ་དང་ཟླ་བ་ནུབ་བམ། ཅི་དམ་པའི་ཆོས་ཀྱི་གྲུ་བྱིང་ངམ། ཀྱི་ཧུད་ཀྱི་ཧུད་ཅེས་བླ་ཞིང་འཁོད་དོ། །དེ་ནས་དེ་དག་རང་རང་གི་ཡན་ལག་རྣམས་རྨས་པར་བྱས་པའི་ཁྲག་གིས་ས་གཞི་འདམ་དུ་གྱུར་ཏོ། །ཆུ་ཀླུང་གསེར་ལྡན་ཡང་ཁྲག་ཏུ་འབབ་པར་གྱུར་ཏོ། །དེ་ནས་འཁོར་དེ་དག་གི་ནང་ན་གྲོང་ཁྱེར་ཀུ་ཤི་པ་མགར་བའི་བུ་དགེ་བསྙེན་སྐུལ་བྱེད་ཅེས་བྱ་བ་དེ་མགར་བའི་བུ་བཅྭ་ལྔ་དང་ཐབས་ཅིག་ཏུ་ལངས་ཏེ། རང་རང་གི་སྤྱོད་ལམ་བཅོས་ནས་འཇིག་རྟེན་དག་ལ་བལྟས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། མཆི་མ་མི་ཐུབ་བཞིན་དུ་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཞལ་ཟས་ཀྱི་ཐ་མ་དབུལ་བར་འཚལ་ཏེ། བདག་ནི་མགོན་མ་མཆིས་པ་ལགས། རྩ་ལག་མ་མཆིས་པ་ལགས། སྐྱབས་མ་མཆིས་པ་ལགས། ཕོངས་ཏེ་རེ་བ་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་གིས་ཕུལ་བའི་ཞལ་ཟས་བཞེས་ཏེ། ཡོངས་སུ་མྱ་ངན་ལས་མི་འདའ་བར་མཛད་དུ་གསོལ། བཅོམ་ལྡན་འདས་
དཔེར་གསོལ་ན་ཁྱིམ་བདག་གམ་བྲམ་ཟེ་ཤིན་ཏུ་དབུལ་པོ་འགའ་ཞིག་གཞན་གྱི་ཡུལ་དུ་མཆིས་ལ། བདག་ཉིད་སྤྲོ་བ་བསྐྱེད་དེ་མཐར་གྱིས་ཞིང་ལས་བརྩམས་ནས། དེས་རྨོན་གླང་རྨོ་སྐྱེན་པ་ཐོང་གཤོལ་དང་སྦྱར་བ་དག་གིས་ཞིང་ལ་རྡོ་དང་། རྡུ་བ་དང་། ཚེར་མ་མ་མཆིས་པར་བགྱིས་ཏེ། རེ་བ་ཆེན་པོ་བསྐྱེད་ནས་སྤྲིན་ཆེན་པོ་ལས་ཆར་འབབ་པ་སྡོད་ཅིང་མཆིས་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ནི་ལུས་ཀྱི་ཞིང་ལ་ཉེས་པ་གསུམ་དང་། བཞི་དང་བྲལ་བའི་ཡིད་དང་ངག་གི་རྨོན་གླང་དང་ཤེས་པའི་ཐོང་གཤོལ་གྱིས་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་རྡོ་དང་། རྡུ་བ་དང་། ཚེར་མ་མ་མཆིས་པར་བགྱིས་ནས། ཁྱོད་ཀྱི་ཆོས་ཀྱི་སྤྲིན་ཆེན་པོ་ལས་ཆོས་ཀྱི་ཆར་པ་འབབ་པ་ལ་སྡོད་ཅིང་མཆིས་ཏེ། དགེ་སློང་གི་དགེ་འདུན་དང་བཅས་པར་སྤྱན་འདྲེན་ན། བདག་གི་དབུལ་བ་བསལ་བ་དང་། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། བདག་གིས་ཕུལ་བའི་ཞལ་ཟས་བཞེས་སུ་གསོལ། བདག་ནི་མགོན་མ་མཆིས་པ། སྐྱབས་མ་མཆིས་པ་ལགས་ན། དེ་བཞིན་གཤེགས་པས་བདག་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པར་གསོལ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་རྒྱལ་བ་གང་ཟག་བླ་ན་མེད་པས་མགར་བའི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐུལ་བྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ཀྱི་ཞལ་ཟས་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བཞེས་པར་མཛད་དོ། །དེ་ནས་ལྷ་དང་། མི་དང་། ལྷ་མ་ཡིན་དེ་དག་གིས་སྐུལ་བྱེད་ཀྱིས་ཕུལ་བའི་ཞལ་ཟས་ཀྱི་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་བཞེས་སོ་ཞེས་ཐོས་ནས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཐོབ་སྟེ། ལེགས་སོ་ལེགས་སོ་ཞེས་སྐད་ཆེན་པོ་ཕྱུང་ནས་མགར་བའི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མགར་བའི་བུ་སྐུལ་བྱེད་ཁྱོད་སྐྱིད་དེ་བ་ཁྱོད་ཀྱིས་མི་ལུས་ཐོབ་པ་ནི་ཕན་ཐོགས་པར་གྱུར་ཏོ། །ལེགས་པར་ཐོབ་
བོ། །སྐུལ་བྱེད་འཇིག་རྟེན་ན་ཨུ་དུམ་བཱ་རའི་མེ་ཏོག་བཞིན་དུ་མཛེས་པ་ནི་རྙེད་པར་དཀའོ། །དེ་བས་ཀྱང་ཆེས་དེ་བཞིན་གཤེགས་པ་འབྱུང་བ་རྙེད་པར་དཀའོ། །དེ་བས་ཀྱང་དད་པ་རྙེད་པ་ཤིན་ཏུ་དཀའོ། །དེ་བས་ཀྱང་ཆེས་ཆོས་ཐོས་པ་རྙེད་པར་དཀའོ། །དེ་བས་ཀྱང་ཆེས་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱི་ཐ་མ་དབུལ་བ་རྙེད་པར་དཀའོ། །དེ་བས་ན་ཞལ་ཟས་ཀྱི་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་མགར་བའི་བུ་སྐུལ་བྱེད་ཁྱོད་ལ་ཕྱག་འཚལ་ལོ། །དཔེར་ན་སྟོན་ཟླ་འབྲིང་པོ་ཉ་ལ་སྤྲིན་མེད་པའི་ཚེ་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་མཛེས་པ་མཐོང་བ་ན་ཟླ་བ་འབའ་ཞིག་མངོན་དུ་སྣང་བ་དེ་བཞིན་དུ། ཁྱོད་ཀྱིས་ཕུལ་བའི་ཞལ་ཟས་ཀྱི་ཐ་མ་དེ་བཞིན་གཤེགས་པས་བཞེས་པས་ན་ཁྱོད་འབའ་ཞིག་སེམས་ཅན་ཐམས་ཅད་ལ་མངོན་དུ་སྣང་ངོ་། །ཁྱོད་ལ་ཡང་དང་ཡང་དུ་ཕྱག་འཚལ་ལོ། །སྐུལ་བྱེད་ཁྱོད་ནི་མིའི་ལུས་བྱེད་བཞིན་དུ་ལྷའི་ཡང་ལྷ་ཡིན་ནོ། །དེ་བཞིན་གཤེགས་པའི་སྲས་སྒྲ་གཅན་ཟིན་དང་འདྲའོ་ཞེས་བྱས་ནས་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །ཁྱོད་ནི་མི་མ་ཡིན་ཏེ་ལྷ་མཆོག་ཡིན། །མི་མཆོག་གཙོ་བོ་ཁྱད་པར་འཕགས་པ་སྟེ། །དེ་ཕྱིར་ཁྱོད་ལ་གསོལ་བ་འདི་སྐད་འདེབས། །སྟོན་པ་ཡོངས་སུ་མྱ་ངན་འདའ་བར་ཆས། །བདག་ཅག་ཀུན་ལ་བརྩེ་བས་སྐུལ་བྱེད་ཁྱོད། །སྐྱེ་བོ་རྣམས་ལ་ཡུན་དུ་ཕན་པའི་ཕྱིར། །འདིར་ནི་སྟོན་པ་དཔག་མེད་མགོན་པོ་ལ། །བཞུགས་ཤིང་རྒྱུན་དུ་བདུད་རྩི་སྟོན་ཅེས་གསོལ། །སྲིད་ལས་རྣམ་གྲོལ་མྱ་ངན་འདའ་བཞེད་ལ། །གལ་ཏེ་ཁྱོད་ཀྱིས་དེ་རིང་མ་གསོལ་ན། །བདག་ཅག་ཐམས་ཅད་མ་རུང་ཤེས་པར་གྱིས། །དེ་བས་ཕན་ཕྱིར་མགོན་ལ་གསོལ་བ་ཐོབ། །དེ་ནས་ལ་ལ་ཞིག་ཕ་མ་གཉིས་ཤི་བ་ལས་ཕྱིར་སོས་ཏེ་གསོན་པོར་འདུག་པ་མཐོང་ན་མཆོག་ཏུ་དགའ་བར་གྱུར་པ་དེ་ཁོ་ན་བཞིན་དུ་མགར་བའི་བུ་སྐུལ་བྱེད་དེ་མཆོག་ཏུ་དགའ་བར་གྱུར་ནས་ལག་པ་བརྐྱང་སྟེ། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ནས་ལངས་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །
ཀྱེ་མ་དེང་བདག་རྙེད་པ་ལེགས་པར་རྙེད། །མི་ཡི་འཇིག་རྟེན་སྐྱེས་པ་འབྲས་བུ་ཡོད། །ད་ནི་རྙེད་ལ་སོགས་ལས་འབྲལ་མི་འགྱུར། །མི་བཟད་དམྱལ་བར་ཡང་ནི་ལྟུང་མི་འགྱུར། །དེང་འདིར་རྙེད་པ་ཆེན་པོ་རྙེད་པ་འདི། །གསེར་གྱི་ཕུང་པོ་བས་ཀྱང་ལྷག་པ་ཡིན། །དཔའ་བོ་བདེ་གཤེགས་མགོན་དང་ཕྲད་པས་ན། །ཕྱིན་ཆད་བདག་ནི་དུད་འགྲོའི་འཇིགས་པ་མེད། །སངས་རྒྱས་ལ་ནི་དད་པ་གཏིང་ཟུག་པ། །དེང་རྙེད་ཨུ་དུམ་བཱ་རའི་མེ་ཏོག་བཞིན། །རབ་འཇིགས་ཡི་དགས་འགྲོ་བ་ཡོངས་སྤངས་ཤིང་། །ལྷ་མིན་སྐྱེ་བའི་ས་བོན་མི་བཟད་བཅོམ། །དེ་བཞིན་གཤེགས་འབྱུང་དཀོན་དང་དེང་ཕྲད་པ། །ཁབ་ཀྱི་རྩེ་མོར་ཡུངས་འབྲུ་ཆགས་པ་བཞིན། །དེ་ལ་ཕ་རོལ་ཕྱིན་མཆོག་སྦྱིན་ཕུལ་བས། །རྟག་ཏུ་ལྷ་ཡི་འགྲོ་བར་འཕར་བར་གྱུར། །ཆུ་གནས་པད་མ་ཆུས་མི་ཆགས་པ་ལྟར། །དྲང་སྲོང་ཆེན་པོ་འཇིག་རྟེན་ཆོས་རྣམས་ཀྱིས། །ཆགས་མེད་ཕྲད་པས་སྲིད་རྩེའི་ས་བོན་ཀུན། །དྲུངས་ཕྱུང་བདག་ཉིད་འཁོར་བའི་མཚོ་ཆེན་རྒལ། །རྒྱ་མཚོའི་ནང་གི་རུ་སྦལ་ཞར་བའི་མགྲིན། །གཉའ་ཤིང་མིག་ཏུ་ཆུད་དཀའ་འདྲ་བ་ལས། །བདེ་གཤེགས་དེང་ཕྲད་དེ་ལ་སྦྱིན་པ་ཕུལ། །དེ་ན་བདག་གིས་ཉོན་མོངས་གསོག་ཀུན་བཅོམ། །ལྷ་རྣམས་ཀྱིས་ནི་ཞལ་ཟས་བཟང་པོ་དག ། ཕུལ་ཡང་བདེ་གཤེགས་མ་བཞེས་བདག་ལས་ནི། །ཨེ་རཎྜ་ཡི་མེ་ཏོག་འདྲ་བཞེས་དེས། །བདག་ནི་འཇིག་རྟེན་རབ་མཆོག་དཔལ་ཡོན་ཅན། །ཚངས་པ་བརྒྱ་བྱིན་ལ་སོགས་འཇིག་རྟེན་འདི། །ཐམས་ཅད་ལྷགས་ཏེ་གུས་པར་བདག་ལ་མཆོད། །ཁྱུ་མཆོག་གནས་སུ་སོན་པ་གང་ཡིན་འདི། །སྐྱེ་བ་འདི་ཉིད་ལ་ནི་བདག་གིས་ཐོབ། །དེ་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མགོན་ཁྱོད་མྱ་ངན་འདའ་བ་མཐོང་ནས་ནི། །འཇིག་རྟེན་འདི་ཀུན་སྡུག་བསྔལ་གཟིར་བར་གྱུར། །དབང་མེད་ཀྱི་ཧུད་ཅེས་ནི་སྐད་ཆེར་བླ། །འདི་དག་མ་དོར་རྟག་ཏུ་སྲས་བཞིན་གཟིགས། །ལྷུན་པོའི་གསེར་གྱི་
རྩེ་མོ་རབ་མཐོ་བ། །མཚོ་ཆེན་དབུས་ན་མཛེས་པར་གནས་པ་ལྟར། །ཆོས་ཀྱི་མངའ་བདག་ཁྱོད་ནི་ཆོས་སྟོན་ཅིང་། །དགེ་འདུན་དབུས་སུ་མཛེས་པར་བཞུགས་སུ་གསོལ། །ཇི་ལྟར་ཉི་མ་གཟི་ཅན་ཤར་བ་ན། །འོད་ཟེར་དག་གིས་སྤྲིན་སྲབ་སེལ་བ་ལྟར། །དྲང་སྲོང་ཆེན་པོ་ཡེ་ཤེས་སྒྲོན་ཆེན་གྱིས། །སྐྱེ་བོ་མང་པོའི་མྱ་ངན་དེང་བསལ་མཛོད། །སེམས་ཅན་འདི་དག་ངུད་མོས་མིག་སྐྲངས་ཤིང་། །སྡུག་བསྔལ་གཅིག་པུའི་རྒྱ་མཚོའི་གཏིང་དུ་ཞུགས། །དེ་ཕྱིར་དད་པ་རྙེད་དཀའ་སྐྱེད་མཛད་ཅིང་། །འདི་རྣམས་སྡུག་བསྔལ་ཆོད་ལ་ཡུན་དུ་བཞུགས། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་བཀའ་སྩལ་པ། སྐུལ་བྱེད་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། སངས་རྒྱས་འབྱུང་བ་ནི་ཨུ་དུམ་བཱ་རའི་མེ་ཏོག་བཞིན་ཤིན་ཏུ་རྙེད་པར་དཀའོ། །དད་པ་ཡང་རྙེད་པར་དཀའོ། །ཆོས་ཐོས་པ་ཡང་རྙེད་པར་དཀའོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་ཞལ་ཟས་ཀྱི་ཐ་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའོ། །སྐུལ་བྱེད་གཞན་ཡང་ཁྱོད་མ་ངུ་མྱ་ངན་མ་བྱེད་པར་བདག་གིས་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱི་ཐ་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ་ཚོགས་པ་ཐོབ་བོ་སྙམ་དུ་དགའ་བ་སྐྱེད་ཅིག་དང་། དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་བཞུགས་སུ་གསོལ་ཞེས་དེ་སྐད་དུ་ཁྱོད་གསོལ་བ་མ་འདེབས་ཤིག ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དེ་ཁོ་ན་ཉིད་ལ་རྟོགས་ཤིག ། མི་རྟག་པ་ཉིད་ལ་འཇུག་པར་གྱིས་ཤིག ། འདུ་བྱེད་རྣམས་ཀྱི་རང་བཞིན་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཚེ་ནི་ཤིན་ཏུ་རིང་ཡང་འཇིག་པར་འགྱུར། །འདིར་ནི་ཐམས་ཅད་ངེས་པར་འཆི་བར་འགྱུར། །འཚོ་བའི་འཇིག་རྟེན་འཇིག་པའི་ཆོས་ཅན་ཡིན། །འབྱོར་པ་ཐམས་ཅད་རྒུད་པར་གཞོལ་བར་འགྱུར། །རྟག་ཏུ་ལང་ཚོ་རྒ་བས་ངེས་པར་འཇོམས། །གཟུགས་བཟང་ནད་མེད་ནད་ཀྱིས་འཇིག་པར་འགྱུར། །སྲོག་ནི་འཆི་བས་རྩ་ནས་
འབྱིན་པར་བྱེད། །འཇིག་རྟེན་ཀུན་ན་རྟག་པ་ཅི་ཡང་མེད། །དབང་ཕྱུག་མི་རྟག་ཚེ་ཡང་མི་རྟག་སྟེ། །སྐྱེ་བོ་སྡུག་བསྔལ་འཁོར་ལོར་རྟག་ཏུ་འཁོར། །འཇིག་རྟེན་གསུམ་ན་བརྟན་པོ་ཅི་ཡང་མེད། །སྲིད་པ་དག་ན་འགྲོ་ཀུན་སྲོག་ཏུ་འདུག ། སྲིད་པ་འཇིག་པའི་ཆོས་ཅན་རབ་གཡོ་བ། །འདི་དག་ན་ནི་བདེ་བ་ཅི་ཡང་མེད། །རྒ་དང་འཆི་དང་ནད་དང་རྒུད་རྣམས་ཀྱི། །འཇིགས་པས་རྟག་ཏུ་ཀུན་ནས་གཙེ་བར་བྱེད། །སྲིད་པ་མཐའ་མེད་མི་བརྟན་སྙིང་པོ་མེད། །ཐམས་ཅད་དགྲ་དང་འཁུ་བར་ཤེས་པར་གྱིས། །དེ་ན་འཁོར་ཞིང་ཉོན་མོངས་དྲ་བ་ཡིས། །འཇིག་རྟེན་དཀྲིས་ཏེ་དར་གྱི་སྲིན་བུ་བཞིན། །འཇིག་རྟེན་དག་ན་ཐེར་ཟུག་གནོད་པའི་གཞི། །རྟག་ཏུ་འབྲས་ལྟར་སྡུག་བསྔལ་འབྲེལ་པ་གང་། །མི་གཙང་ལུས་དང་འདོད་པ་དེ་དག་ལ། །ཕན་འདོད་སྡུག་བསྔལ་བསལ་འདོད་སུ་ཞིག་དགའ། །མི་རྟག་འདོད་པ་རྣམས་ལ་ཆགས་པ་མེད། །ཚུལ་བཞིན་རྟོག་པས་འདོད་ཆགས་འབྲལ་བར་འགྱུར། །དེ་ནས་ཡང་དག་མཐོང་ན་འདོད་ཆགས་འབྲལ། །དེ་དག་སྤངས་བཅད་གྲོལ་བ་ཉིད་དུ་འགྱུར། །ང་ནི་སྲིད་པའི་ཆུ་ཆེན་ལེགས་པར་རྒལ། །ང་ནི་སྡུག་བསྔལ་རྣམས་འདས་བདེ་བར་ཞུགས། །དེ་ཕྱིར་ངས་ནི་མཐའ་ཡས་སྤྲོས་མེད་པ། །ཆགས་པ་ཀུན་བསལ་ཐར་པ་ཐོབ་པར་གྱུར། །ང་ལ་རྒ་དང་ན་དང་འཆི་ བ་མེད། །ང་ལ་རྟག་ཏུ་ཚེ་ཡང་ཟད་པ་མེད། །ང་ནི་མེ་ལྟར་འབར ་ཏེ་འགྲོ་འགྱུར་གྱིས། །ཁྱོད་ཀྱིས་ང་ནི་མེད་འགྱུར་མ་སེམས་ཤིག ། དེ་བཞིན་གཤེགས་ཉིད་ལྷུན་པོ་འདྲ་བར་ལྟོས། །ང་དེང་ཡང་དག་མྱ་ངན་འདའ་བར་འགྱུར། །བདེ་མཆོག་དེ་ནི་ང་ཡིས་ཆོས་ཉིད་དེ། །རྒྱལ་རྣམས་སྤྱོད་ཡུལ་ཡིན་གྱིས་ཁྱོད་མ་ངུ་། །དེ་ནས་བཅོམ་ལྡན་འདས་ལ་མགར་བའི་བུ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ནི་དེ་ལགས་སོ། །དེ་ནི་དེ་ལགས་ཏེ། མྱ་ངན་ལས་འདས་པ་ནི་བདག་གིས་ཀྱང་བསམ་གྱིས་མི་ཁྱབ་ལགས་ན། སྦྲང་བུ་དང་འདྲ་བའི་སེམས་ཅན་ཐེག་པ་དམན་པ་
གཞན་དག་གིས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱེ་མ་བདག་དེང་དུ་བྱང་ཆུབ་སེམས་དཔའ་མི་མཆོག་སྐལ་བ་ཆེན་པོ་དང་ལྡན་པ། མཆོད་པར་འོས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་དང་། ཟག་པ་ཟད་པ་རྣམས་དང་མཉམ་པ་ཉིད་དུ་གྱུར་ཏོ། ། བཅོམ་ལྡན་འདས་དཔེར་གསོལ་ན། གསར་དུ་བསྙེན་པར་རྫོགས་པ་གཞོན་ནུ་ཡང་རབ་ཏུ་བྱུང་བ་དེ་ཉིད་ཀྱི་ཉིན་པར་ནས་དགེ་འདུན་གྱི་ནང་ན་དགེ་འདུན་དུ་བགྲང་ཞིང་ཡང་དག་པར་འདུས་པར་འགྱུར་བ་དེ་བཞིན་དུ། བདག་ཀྱང་དེ་བཞིན་གཤེགས་པའི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གྲངས་སུ་གཏོགས་ཤིང་ཡང་དག་པར་འདུས་ལགས་སོ། །བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ཡུན་དུ་བཞུགས་པར་འཚལ་གྱི། ཁ་ཟས་ཚིག་པ་བཞིན་དུ་མྱ་ངན་ལས་འདའ་བར་གཤེགས་པར་ནི་མི་འཚལ་ལགས་སོ། །དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་མགར་བའི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །སྐུལ་བྱེད་ཁྱོད་འདི་སྐད་དུ་བདག་ནི་དེ་བཞིན་གཤེགས་པ་ཡུན་དུ་བཞུགས་པར་འཚལ་གྱི། ཁ་ཟས་ཚིག་པ་བཞིན་དུ་མྱ་ངན་ལས་འདའ་བར་གཤེགས་པར་ནི་མི་འཚལ་ལོ་ཞེས་དེ་སྐད་མ་ཟེར་ཅིག ། འདུ་བྱེད་ཀྱི་རང་བཞིན་བལྟ་བར་བྱ་མོད། དེ་ལྟར་ལྟ་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དམ་པའི་ཆོས་འདོད་པས་ནི་དེ་ལྟར་བསླབ་པར་བྱའོ། །སྐུལ་བྱེད་ཀྱིས་སྨྲས་པ། བཙུན་པ་འཇམ་དཔལ་འོ་ན་ཇི་ལྟར་དེ་བཞིན་གཤེགས་པ་ལྷའི་ཡང་ལྷ་མཆོག་ཏུ་གྱུར་པ་ལ་གལ་ཏེ་འདུ་བྱེད་དུ་གྱུར་ན་ལྷའི་ཡང་ལྷར་འོས་པ་མ་ཡིན་ནོ། །འདུ་བྱེད་རྣམས་ནི་ཆུ་བུར་བཞིན་དུ་ཤེས་ཤིང་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར་བ་ཡིན་ནོ། །ལྷ་རྣམས་ནི་མཆོག་ཏུ་ཚེ་རིང་ཞེས་གྲགས་ལ། དེ་བཞིན་གཤེགས་པས་ནི་ལོ་བརྒྱ་ཡང་མ་ཐུབ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ལྷའི་ཡང་ལྷར་འོས་པ་མ་ཡིན་ནོ། །དཔེར་ན་མི་ལ་ལ་ཞིག་གྲོང་དཔོན་བྱེད་པ་ལས་དེ་མཐར་གྱིས་དབང་
ཕྱུག་ཆེན་པོར་གྱུར་ནས་བློན་པོ་ཆེན་པོའི་དབང་ཕྱུག་ལས་ཀྱང་འདས་ཏེ། རང་གི་དབང་ཕྱུག་གི་འབྲས་བུ་ཆོས་ཀྱིས་རྙེད་པ་ལ་ལོངས་སྤྱོད་པ་ལས། དེ་ཕྱིར་ཡང་བསོད་ནམས་ཟད་ཅིང་དབང་ཕྱུག་ལས་ཉམས་པར་གྱུར་ན། གཞན་གྱིས་བཀོལ་ཞིང་བརྙས་པར་འགྱུར་བ་དེ། ཅིའི་ཕྱིར་ཞེ་ན། དབུལ་པོར་གྱུར་པའི་ཕྱིར་རོ། །དེ་དང་འདྲ་བར་གལ་ཏེ་དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་དུ་ཟིན་ན། འཆི་བའི་རྒྱུ་ཡིན་པའི་ཕྱིར་ལྷའི་ཡང་ལྷར་འོས་པ་མ་ཡིན་ནོ། །བཙུན་པ་འཇམ་དཔལ་དེ་བས་ན་ལྷའི་ཡང་ལྷ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དེ་ལྟར་འདུ་བྱེད་དང་འདྲ་བར་མ་ལྟ་ཤིག ། འཇམ་དཔལ་གཞན་ཡང་ཅི་ཁྱོད་ཤེས་བཞིན་དུ། དེ་བཞིན་གཤེགས་པ་ལ་འདུ་བྱེད་ཀྱི་རང་བཞིན་དུ་རྟོག་པར་བྱེད་དམ། འོན་ཏེ་མ་ཤེས་པས་རྟོག་པར་བྱེད། གལ་ཏེ་དེ་བཞིན་གཤེགས་པ་འདུ་བྱེད་དང་འདྲ་ན་ནི་འཇིག་རྟེན་གསུམ་པོ་དག་ན་ཆོས་ཀྱི་དབང་ཕྱུག་བརྙེས་པ་ལྷའི་ཡང་ལྷ་མཛད་པའི་འོས་མ་ཡིན་ནོ། །དཔེར་ན་རྒྱལ་པོའི་དབང་པོ་ལ་ལ་ཞིག་ལ་གྱད་སྟོང་གི་མཆོག་ཏུ་གྱུར་པའི་གྱད་ཅིག་ཡོད་ལ། དེ་གྱད་ཐམས་ཅད་ཀྱིས་མི་ཐུབ་པའི་ཕྱིར་གྱད་སྟོང་ཐུབ་ཅེས་བྱ་བའི་མིང་ཐོབ་སྟེ། དེ་ལ་གྱད་ཟླ་མེད་པའི་ཕྱིར་བླ་ནས་དབང་ཐང་ཆེན་པོ་འགྲུབ་ན་ཅི་གྱད་སྟོང་ཐུབ་པ་དེའི་མིང་དེ་ཐོས་ན་སྐད་གྲགས་པ་དེ་མི་བདེན་པ་ཡིན་ནམ། འོན་ཏེ་ཡོན་ཏན་ཡོད་ན་ནི་ཡོན་ཏན་ཅན་གྱི་མིང་ཐོབ་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། ལྷའི་བུའི་བདུད་དང་། རང་བཞིན་གྱི་བདུད་ཀྱི་གྱད་ཐམས་ཅད་བཅོམ་པས་ན་གྱད་སྟོང་ཐུབ་བཞིན་དུ་ཡང་དག་པའི་ཡོན་ཏན་གྱི་སྒོ་ནས་འཇིག་རྟེན་གསུམ་པོ་དག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཡིན་གྱིས། བཙུན་པ་འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་འདུ་བྱེད་དང་འདྲ་བར་ཡོངས་སུ་མ་རྟོག་ཤིག ། དཔེར་ན་ལ་ལ་ཞིག་
ཕྱུག་ཅིང་ནོར་མང་བའི་རིགས་སུ་སྐྱེ་བ་བླངས་ལ་ཚེ་ཐུང་བར་འགྱུར་བ་ཞིག་སྟེ། དེ་སྐར་མཁན་དག་གིས་མཐོང་ནས་ཁྱེའུ་འདི་ནི་ཚེ་ཐུང་ངོ་ཞེས་བསྟན་ཏེ། དེའི་ཕ་མས་དེ་སྐད་ཐོས་ན་འདི་ནི་བདག་ཅག་གི་ཁྱིམ་དུ་ཕན་པར་འགྱུར་བ་མ་ཡིན་ནོ་སྙམ་ནས། གྲངས་སུ་ཡང་མི་རྩི་ཞིང་དེ་ལ་བྱམས་པར་མི་བྱེད་དོ། །དེ་ལྟར་སྐྱེས་པའམ། བུད་མེད་དམ། ལྷའམ། ཚངས་པ་ཡང་རུང་སྟེ། གང་ཚེ་ཐུང་བ་དེ་ལ་ཁྱད་དུ་གསོད་པར་གྱུར་ན། གལ་ཏེ་དེ་བཞིན་གཤེགས་པ་ཆོས་འབའ་ཞིག་ལ་ཡང་དག་པར་གཞོལ་བ་ཉིད་འདུ་བྱེད་དུ་གྱུར་དུ་ཟིན་ན་འཇིག་རྟེན་ཐམས་ཅད་ཀྱིས་བརྙས་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་ནང་ན་ནི་ཕྱིར་ལྟུང་བ་མེད་ཅིང་ཟད་པ་མེད་པ་ལ་ཐར་པ་ཞེས་བཤད་ན། གལ་ཏེ་དེ་ལྟར་གྱུར་ན་དོན་མེད་པར་གྱུར་གྱིས། བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་ཅེས་དེ་སྐད་དུ་མ་གསུང་ཤིག ། དཔེར་ན་བུད་མེད་གཞོན་ནུ་དབུལ་མོ། བཀྲེན་མ། མགོན་མེད་པ། ནད་ཀྱིས་ཐེབས་པ། བར་མ་དོར་སྡུག་བསྔལ་བར་གྱུར་པ། སྦྲུམ་པས་ཉེན་པ་ཞིག་མགོན་མེད་པ་ཁང་པ་ཞིག་ཏུ་སོང་བ་ལས། བུ་མོ་དེ་བུ་བྱུང་ནས། དེ་ན་སྔ་ནས་གནས་པ་གཞན་དག་གིས་དེ་དེའི་ནང་ནས་བསྐྲད་དེ། ཉོན་མོངས་མ་དེ་བུ་བཙས་མ་ཐག་ཏུ་བྱིས་པ་ཁ་དམར་ཁྱེར་ནས་ལོ་ལེགས་པའི་ཡུལ་ཞིག་ཏུ་ཆས་ཏེ་སོང་བ་ལས། ལམ་དུ་ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་ཚན་དང་། སྡིག་སྦྲུལ་གྱི་གནོད་པས་ཉེན་པར་གྱུར་ཏེ། གང་གཱའི་ཀླུང་ཆེན་པོ་རྒལ་བར་འདོད་པ་ལས་དེ་རྒལ་བར་མ་ནུས་སོ། །ཁྱེའུ་དེ་ཁྱེར་བཞིན་དུ་གང་གཱའི་ནང་དུ་ཤི་ནས། དེ་བུ་དེ་ལ་བྱམས་པའི་བསོད་ནམས་ཀྱི་ཁྱད་པར་གྱིས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་ཏེ། བྱམས་པའི་བསོད་ནམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་གིས་སྐྱེས་ཞེ་ན། བདག་ནི་ཤི་ཡང་བླའི་ཁྱེའུ་འདི་ཉེ་ཞོ་མེད་པར་ཐར་བར་བྱའོ་སྙམ་པའི་བསོད་ནམས་ཀྱི་ཁྱད་པར་གྱིས་སྐྱེས་པ་དེ་བཞིན་དུ། བཙུན་པ་འཇམ་དཔལ་སྐྱེས་བུ་དམ་པ་དམ་
པའི་ཆོས་དབྱུང་བར་འདོད་པས་དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་པར་བལྟ་བར་མི་བྱ་ཞིང་། འདུ་ཤེས་ཀྱང་བསྒྱུར་བར་མི་བྱའོ། །གལ་ཏེ་དེ་ལྟ་བུའི་མིག་ལུས་ལ་མེད་ན་ཡང་། བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་པོ་སྙམ་དུ་ཡང་དག་པའི་ལྟ་བ་ཅན་དུ་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་གདམས་ངག་སྟོན་པས་ནི་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ཡིན་ནོ་ཞེས་བསྟན་པར་བྱའོ། །དམ་པའི་ཆོས་འབྱིན་པར་བྱེད་པས་ནི་ཇི་ལྟར་བུད་མེད་གཞོན་ནུ་དབུལ་མོས་གང་གཱའི་ཀླུང་ལས་བུ་བསྒྲལ་བའི་ཕྱིར་རང་གི་སྲོག་དང་བསྡོས་ཏེ་འབད་པ་དེ་བཞིན་དུ་བྱའོ། །དམ་པའི་ཆོས་དབྱུང་བའི་ཐབས་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པ་འདུས་མ་བྱས་པར་མཐོང་ན་བདག་ཉིད་ཀྱིས་དོན་དུ་བྱ་བའི་ཐར་པའི་དོན་རྟོགས་པར་འགྱུར་རོ། །བཙུན་པ་འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་ལམ་དུ་འགྲོ་བས་དུབ་པར་གྱུར་ཏེ། ཁྱིམ་གྱི་ནང་དུ་ཉལ་ བ་ལས། དེའི་ཚེ་ཁྱིམ་དེ་ཐོག་ཐག་ནས་མེ་ཆེན་པོ་འབར ་ཏེ། མི་དེ་མེས་ཚིག་ན་ད་ནི་སྲོག་མེད་ཟིན་ནོ་སྙམ་ནས། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པས་བདག་ཉིད་གོས་ཀྱིས་དམ་དུ་དཀྲིས་ཏེ། སེམས་དྲན་པ་དང་ལྡན་བཞིན་དུ་ཤི་ནས། དེ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པར་སེམས་པའི་བསོད་ནམས་ཀྱི་འབྲས་བུས་སུམ་ཅུ་རྩ་གསུམ་པའི་རྒྱལ་སྲིད་ནི་ལན་བརྒྱད་ཅུ་བྱས། ཚངས་པའི་རྒྱལ་སྲིད་ནི་ལན་འབུམ་བྱས། མིའི་འཇིག་རྟེན་དུ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་ལན་དུ་མ་བྱས་ཏེ། ངན་སོང་རྣམས་སུ་ཡང་མི་སྐྱེ་ལ་ལན་མང་དུ་བདེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་འབའ་ཞིག་ཐོབ་པ་དེ་བཞིན་དུ། འཇམ་དཔལ་ཁྱོད་སྐྱེས་བུ་དམ་པ་དག་ལྟར་འཛེམ་པར་གྱིས་ཤིག ། ངོ་ཚ་ཤེས་པར་གྱིས་ཤིག ། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་ཐབས་ལ་འཇུག་པ་སྤྱོད་དུ་མ་གཞུག་ཤིག ། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས་མ་
བྱས་པ་ལ། དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བས་ནི་མུ་སྟེགས་པར་གྱུར་ཏེ་ཤི་ཡང་བླའོ། །དེ་བཞིན་གཤེགས་པ་འདུས་མ་བྱས་ཡིན་བཞིན་དུ་དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བ་གང་ཡིན་པ་དེ་དག་ནི་བརྫུན་དུ་སྨྲ་བ་ཡིན་ནོ། །དེ་བཞིན་གཤེགས་པ་འདུས་བྱས་པ་ཡིན་ནོ་ཞེས་ཟེར་བ་རྣམས་ནི་རང་གི་ཁྱིམ་དང་འདྲ་བར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་འདྲ་བར་མ་ལྟ་ཞིག ། ད་ཕྱིན་ཆད་འཁོར་བར་རྒྱུ་བ་ན་མི་ཤེས་པ་ལ་བཟླས་ཏེ་བཅོམ་ལྡན་འདས་ནི་འདུས་མ་བྱས་པའོ་སྙམ་པའི་ཤེས་པ་འབའ་ཞིག་རྟོགས་པར་གྱིས་ཤིག ། དེ་ལྟར་བྱས་པ་དང་བསྒོམ་པ་དེའི་འབྲས་བུས་ཁྱོད་མྱུར་བ་ཁོ་ནར་དེ་བཞིན་གཤེགས་པ་བཞིན་དུ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་མགར་བའི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །ཚེ་རིང་བར་གྱུར་ཅིག ། རིགས་ཀྱི་བུས་ནི་དེ་ལྟར་བྱ་བ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་དང་། འདུས་མ་བྱས་པ་དང་བརྟན་པར་ཤེས་སོ། །དེ་ལྟར་ཁྱོད་ཀྱིས་འདི་ཁོ་ན་ལྟར་འདུས་བྱས་ཁོང་རླག་ཏུ་གཏང་བའི་སྒོ་ནས་ཤེས་པ་ལས་ན། ཁྱོད་ཀྱང་རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །སངས་རྒྱས་ཉིད་ཀྱིས་ཀྱང་དེ་ལྟར་འུ་བུ་ཅག་གཉིས་ཀྱིས་ཁྱད་པར་དུ་འཕགས་པའི་བསྔགས་པ་བརྗོད་དོ་ཞེས་ཕྱིས་བསྔགས་པར་འགྱུར་རོ། །སྐུལ་བྱེད་དེ་བཞིན་གཤེགས་པའི་བཤོས་སྨྱུར་ཅིག ། སྦྱིན་པ་ཐམས་ཅད་ཀྱི་ནང་ན་ནི་སྨྱུར་ཏེ་སྦྱིན་པ་མཆོག་ཡིན་ནོ། །དེ་ལ་སྨྱུར་ཏེ་སྦྱིན་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ས་བོན་ལས་མྱུ་གུ་འབྱུང་བར་བྱ་བའི་ཕྱིར་གང་གི་ཚེ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཡང་རུང་སྟེ། དོན་འགའ་ཞིག་གི་ཕྱིར་ལམ་དུ་ཞུགས་ནས་དུབ་པར་གྱུར་པ་དེ་དག་ལ་ཅི་ཡོད་
པ་དང་། དེའི་རྐྱེན་དུ་འཚམ་པ་དང་། བརྟགས་པའི་སྦྱིན་པ་བྱེད་པ་དེ་ནི་སྨྱུར་ཏེ་སྦྱིན་པ་ཞེས་བྱའོ། །སྐུལ་བྱེད་དེ་བཞིན་དུ་ཁྱོད་ཀྱིས་ཅི་ཡོད་པ་ལས་ཞལ་ཟས་ཀྱི་ཐ་མ་མང་ཡང་རུང་ཉུང་ཡང་རུང་། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཁྱེད་པར་ཡོད་ཀྱང་རུང་ཁྱེད་པར་མེད་ཀྱང་རུང་སྟེ་འདྲིམ་དུ་ཆུག་ཅིག ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་ཉེའོ། །དེ་ནས་སྐུལ་བྱེད་ཀྱིས་སྨྲས་པ། བཙུན་པ་འཇམ་དཔལ་ཁྱོད་ཁ་ཟས་ལ་ཆགས་སམ་ཅི་ན་ཞལ་ཟས་མང་ཡང་རུང་ཉུང་ཡང་རུང་བྲིམས་ཤིག་ཅེས་བདག་གི་གཞེན་འདེབས་པར་བྱེད། བཅོམ་ལྡན་འདས་ཀྱིས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་མཛད་མཛད་ན་ཅི་ད་སྐད་ཅིག་ཙམ་ཡང་གཞེས་མི་སྤྱོད་དམ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་ཏེ་ཞལ་ཟས་ཀྱི་སྐུ་མ་ཡིན་ན། ཅི་བཅོམ་ལྡན་འདས་ཞལ་ཟས་གསོལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྐུལ་བྱེད་ཀྱིས་ཇི་སྐད་སྨྲས་པ་དེ་ནི་དེ་བཞིན་ནོ། །སྐུལ་བྱེད་ལེགས་སོ། །ལེགས་སོ། །ཁྱོད་ནི་ཐེག་པ་ཆེན་པོ་ལ་ཤེས་རབ་ཆེ་བའོ། །ཁྱོད་ནི་ཐེག་པ་ཆེན་པོ་ལ་ཤེད་བྱེད་པའོ། །འཇམ་དཔལ་གྱིས་ཀྱང་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་དེ་ལྟར་བཞེད་པར་གྱུར་ན་དེ་བཞིན་གཤེགས་པ་སྐུ་ཚེ་རིང་བར་ཤོག་ཤིག ། སྐུལ་བྱེད་ཀྱིས་སྨྲས་པ། ཅི་བདག་འབའ་ཞིག་ལ་བཅོམ་ལྡན་འདས་མཉེས་སམ། འོན་ཏེ་སེམས་ཅན་ཐམས་ཅད་ལ་ཡང་མཉེས། འཇམ་དཔལ་གྱིས་སྨྲས་པ། ཅི་བཅོམ་ལྡན་འདས་ལྟ་ཁྱོད་དང་། བདག་དང་། སེམས་ཅན་ཐམས་ཅད་ལ་ཡང་མི་མཉེས་སམ། སྐུལ་བྱེད་ཀྱིས་སྨྲས་པ། དེ་སྐད་མ་ཟེར་ཅིག ། གང་ལ་མགུ་བ་ཡོད་པ་དེ་ལ་ཕྱིན་ཅི་ལོག་གི་འདུ་ཤེས་ཡོད་དེ། འུ་བུ་ཅག་ནི་དེ་ལ་སྤྱོད་དོ། །དེ་བཞིན་གཤེགས་པ་ལ་ནི་མཉེས་པའམ་དགྱེས་པ་མེད་དོ། །འདི་ལྟར་དེ་བཞིན་གཤེགས་པ་ནི་བ་བེའུ་ལ་བྱམས་པའི་ཕྱིར་རྩྭ་ཟོས་ཤིང་ཟོས་ཤིང་གྲོང་ཉིད་དུ་འོང་བ་དེ་
ལྟ་བུའི་བྱམས་པ་དང་ལྡན་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་ཡང་སྒྲ་གཅན་ཟིན་དང་འདྲ་བར་གཟིགས་ཏེ། སངས་རྒྱས་ཀྱི་ཤེས་རབ་ཀྱི་ཡུལ་ནི་དེ་ལྟ་བུ་ཡིན་ནོ། །བཙུན་པ་འཇམ་དཔལ་དཔེར་ན་རྟ་ཅང་ཤེས་དང་སྦྱར་བའི་ཤིང་རྟ་རྒྱུག་པའི་ཟླ་ལ་བོང་བུའི་ཤིང་རྟ་རྒྱུག་པ་མི་སྲིད་པ་དེ་བཞིན་དུ། འུ་བུ་ཅག་བོང་བུའི་ཤིང་རྟ་དང་འདྲ་བ་དག་གིས་དེ་བཞིན་གཤེགས་པའི་ཤེས་རབ་དང་འདྲ་བ་དང་། དགོངས་པའི་ཚིག་དང་མཉམ་དུ་འགྲོ་བར་ནུས་རེ་སྐན། དཔེར་ན་ནམ་མཁའ་ལྡིང་དཔག་ཚད་དུ་མར་འགྲོ་བ་ནམ་མཁའ་ལ་གནས་པས་ཆུའི་ནང་ན་ཉ་དང་རུ་སྦལ་འཁོད་པ་རྣམས་མེ་ལོང་གི་ངོས་ལ་རང་གི་གཟུགས་བརྙན་སྣང་བ་བཞིན་དུ་གསལ་བར་མཐོང་ཡང་། བྱིས་པ་རྣམས་ཀྱིས་ནི་མིག་མི་གསལ་བའི་ཕྱིར་དེའི་མིག་གི་རྩལ་བརྗོད་པར་མི་ནུས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡང་དེ་དང་འདྲའོ། །འཇམ་དཔལ་གྱིས་སྨྲས་པ། སྐུལ་བྱེད་དེ་ནི་དེ་བཞིན་ཏེ། བདག་གིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེ་བ་ཉིད་གླེང་བའི་ཕྱིར་དེ་སྐད་དུ་བརྒལ་བར་ཟད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་ཟེར་རྣམ་པ་སྣ་ཚོགས་བཀྱེ་ནས། དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་ཕོག་གོ །དེ་ནས་འཇམ་དཔལ་གྱིས་དེ་རྟོགས་ནས་མགར་བའི་བུ་སྐུལ་བྱེད་ལ་སྨྲས་པ། སྐུལ་བྱེད། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་རིངས་ཀྱིས། དུས་སུ་བཅོམ་ལྡན་འདས་ལ་བཤོས་འདྲིམ་དུ་ཆུག་ཤིག ། མ་ཐོགས་ཤིག ། རྒྱུ་མེད་པར་བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་ཟེར་རྣམས་འབྱུང་བར་མི་འགྱུར་རོ། །དེ་ནས་སྐུལ་བྱེད་ཅང་མི་ཟེར་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐུལ་བྱེད་ང་ཡོངས་སུ་མྱ་ངན་ལས་འདའ་བར་འགྲོར་ངེས། དགེ་སློང་གི་དགེ་འདུན་ལ་དུས་སུ་ཟས་འདྲིམ་དུ་ཆུག་ཤིག་ཅེས་ལན་གཉིས་ལན་གསུམ་དུ་བཀའ་སྩལ་ཏོ། །དེ་ནས་སྐུལ་བྱེད་ཀྱིས་འདི་སྐད་
སྨྲས་སོ། །ཀྱེ་མ་བཅོམ་ལྡན་འདས་མི་བཞུགས་ན་ནི་འཇིག་རྟེན་སྟོངས་པར་འགྱུར་རོ། །བདག་ཅག་ཐམས་ཅད་ཀྱིས་ངུ་ཞིང་བཅོམ་ལྡན་འདས་ལ་གསོལ་བ་གདབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐུལ་བྱེད་མ་ངུ་ཤིག ། དེ་ལྟར་ལུས་ལ་རྨ་མ་འབྱིན་ཅིག ། མིའི་ལུས་ལ་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པར་རྟོགས་ཤིག ། སྨིག་རྒྱུ་བ་དང་། དབུ་བ་རྡོས་པ་དང་། སྒྱུ་མ་དང་། རྫ་མཁན་གྱིས་བྱས་པའི་སྣོད་དང་། གློག་ལྟ་བུར་ཁོང་དུ་ཆུད་པར་གྱིས་ཤིག ། འདུས་བྱས་ནི་ཉེས་པ་གྲངས་མེད་པའི་འབྱུང་གནས་ཡིན་ནོ་སྙམ་དུ་ཤེས་པར་གྱིས་ཤིག ། འདུས་བྱས་ཀྱི་རང་བཞིན་ལ་ལྟོས་ཤིག ། དེ་ནས་བཅོམ་ལྡན་འདས་ལ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ། དེ་བཞིན་གཤེགས་པ་ཡུན་རིང་དུ་བཞུགས་སུ་མི་གནང་ན་བདག་ཅིའི་སླད་དུ་མི་ངུ་ལགས། འཇིག་རྟེན་སྟོངས་ཀྱིས་མ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི་ཁྱོད་ལ་སྙིང་བརྩེ་བ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དང་འདུས་བྱས་ཀྱི་ཆོས་ཉིད་དོ། །འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཁོང་དུ་ཆུད་པར་གྱིས་ཤིག ། ཆོས་ཐམས་ཅད་ནི་འདུ་བྱེད་དང་འདྲེས་པའི་ཕྱིར་སྡུག་བསྔལ་བའོ་སྙམ་དུ་རྟོགས་ཤིག ། ཆོས་ཐམས་ཅད་ནི་བདག་མེད་པའོ་སྙམ་དུ་དཔྱོད་ཅིག ། མི་བརྟན་པ། བརྙན་མ། ཕྱིན་ཅི་ལོག་པའོ་སྙམ་དུ་སོམས་ཤིག ། ལུས་འདི་ནི་ཉེས་དམིགས་མཐའ་ཡས་པ་དང་ལྡན་པའོ་སྙམ་དུ་ཤེས་པར་གྱིས་ཤིག ། འདི་ནི་དབུ་བ་དང་འདྲ་བར་ལྟོས་ལ་མ་ངུ་ཤིག ། ཡི་མ་ཆད་ཅིག ། དེ་ནས་བཅོམ་ལྡན་འདས་ལ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་
ནི་དེ་བཞིན་དུ་མཇལ་ལགས་ན་ཧ་ཅང་སྡུག་བསྔལ་ཆེན་པོ་མི་བཟོད་ལགས་སོ། །བཅོམ་ལྡན་འདས་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་ལ་ནི་བདག་གློ་བ་རངས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུལ་བྱེད་ལེགས་སོ་ལེགས་སོ། །རིགས་ཀྱི་བུས་ནི་ངའི་མྱ་ངན་ལས་འདས་པ་ཐབས་དེ་ལྟར་བལྟ་བར་བྱའོ། །སྐུལ་བྱེད་སངས་རྒྱས་གཤེགས་པ་ནི་བྱ་བཞད་གཟས་ལ་འགྲོ་བ་ལྟ་བུར་ཤེས་པར་གྱིས་ཤིག ། སྐུལ་བྱེད་ཚེ་རིང་བ་དང་ཚེ་རིང་བ་མ་ཡིན་པའི་རྟགས་ཤེས་པར་གྱིས་ཤིག ། སྐུལ་བྱེད་ཆོས་ཐམས་ཅད་ནི་སྒྱུ་མའི་ཆོས་ཅན་ནོ། །དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་ཐབས་ཀྱི་ཆོས་ཅན་ཡིན་ལ། དེ་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་བ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རང་བཞིན་ནོ། །སྐུལ་བྱེད་ཁྱོད་སྲིད་པའི་རྒྱ་མཚོ་ལས་ངེས་པར་རྒལ་བར་བྱ་བའི་ཕྱིར་ཞལ་ཟས་སྨྱུར་ཏེ་འོན་ཅིག ། ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་ཀྱང་ང་ལ་རང་རང་གི་མཆོད་པ་བྱས་ནས་མི་གཡོ་བའི་བདེ་བ་ཐོབ་པར་གྱུར་ཅིག ། ཁྱོད་ཀྱིས་ཀྱང་སྣོད་དུ་གྱུར་པ་ལ་དུས་སུ་སྦྱིན་པ་གྱིས་ཤིག ། མ་ཐོགས་ཤིག ། སྣོད་དུ་གྱུར་པ་དང་ང་དང་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ། །དེ་ནས་སྐུལ་བྱེད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར་མགོ་སྨད་དེ་མཆི་མ་བླགས་ནས་གསོལ་པ། ལེགས་ལགས་སོ། །ལེགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་བདག་གིས་བགྱིའོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཇི་ལྟར་བལྟ་བ་དེ་ནི་བདག་ཅག་སྦྲང་བུ་དང་འདྲ་བ་རྣམས་ཀྱི་ཡུལ་ཡང་མ་ལགས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་ཡང་མ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་མྱ་ངན་བྱེད་ཅིང་ངུ་བཞིན་དུ་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ་མཆོད་པ་ཆེན་པོའི་ལས་བྱས་ནས་བཅོམ་
ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ཏེ་ཞལ་ཟས་ལེན་དུ་སོང་ངོ་།། །།བམ་པོ་གསུམ་པ། དེ་ནས་དེའི་ཚེ་ས་ཆེན་པོ་གཡོས་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། འཁྲུགས་རབ་ཏུ་འཁྲུགས། འཁོར་རབ་ཏུ་འཁོར། འུར་འུར་རབ་ཏུ་འུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག ། མེར་མེར་རབ་ཏུ་མེར་མེར། ལྡེམ་ལྡེམ་རབ་ཏུ་ལྡེམ་ལྡེམ་མོ། །དེ་ལ་སོགས་པ་བྱས་ཏེ། མི་མཁྲིས་པའི་ནད་ཀྱིས་བརྒྱལ་བའི་གནོད་པས་ཐེབས་པ་བཞིན་དུ་ས་ཆེན་པོ་འདི་རྒྱ་མཚོ་དུག་ཅན་པའི་མཐས་གཏུགས་པ་ཚངས་པའི་འཇིག་རྟེན་མན་ཆད་ཐོག་ཐག་ཏུ་རབ་ཏུ་གཡོས་སོ། །དེ་ནས་ལྷ་དང་། ལྷ་མ་ཡིན་དང་། མི་དེ་དག་ཐམས་ཅད་མགོ་རྨོངས་ཏེ། འཇིགས་ཤིང་སྐྱི་བུང་ཞེས་བྱས་ནས། ངུ་བཞིན་དུ་ཚིག་འཐུན་པར་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །མགོན་པོ་ཁྱོད་ལ་བདག་ཅག་རྣམས། །མགོ་བོས་ཕྱག་འཚལ་གསོལ་བ་འདེབས། །རྒྱལ་བ་ཁྱུ་མཆོག་ཁྱོད་དང་ནི། །བྲལ་ན་བདག་ཅག་མགོན་མེད་འགྱུར། །དེང་ཁྱོད་མྱ་ངན་འདའ་འགྱུར་འདི་བསམས་ན། །བདག་ཅག་སྡུག་བསྔལ་ཤིན་ཏུ་གཏིང་ཟབ་བྱིང་། །ཐུབ་པ་བདག་ཅག་སྙིང་ནི་སྟོར་བར་གྱུར། །བ་བཞོན་རྐུན་ཁྱེར་བེའུ་ལ་ཆགས་པ་བཞིན། །མགོན་མེད་དབུལ་པོའི་མི་ནི་ལ་ལ་ཞིག ། ནད་ཀྱིས་ཐེབས་ལ་སྨན་པ་མེད་པ་དང་། །རང་དགར་བྱེད་ཅིང་ཁ་ཟས་གནོད་པ་རྣམས། །ཟ་བ་ཇི་ལྟར་འཆི་བར་འགྱུར་བ་བཞིན། །སྐྱེ་བོ་འདི་དག་ཉོན་མོངས་ནད་ཀྱིས་ཐེབས། །ཁྱོད་མེད་ཁྱོད་ཀྱི་ཆོས་ཀྱི་གསོས་མེད་པས། །ལྟ་བའི་ཉེས་པ་བྱེད་འདྲར་འཆི་བར་འགྱུར། །དེ་བས་ཕན་ཕྱིར་འཇིག་རྟེན་མ་དོར་ཅིག ། ཇི་ལྟར་གྲོང་ཁྱེར་རྒྱལ་དང་བྲལ་བ་དང་། །དབུལ་པོ་རྣམས་ལ་མུ་གེ་བྱུང་བ་དང་། །ཇི་ལྟར་དགོན་པར་སྐོམ་གྱིས་གདུངས་པ་བཞིན། །ཁྱོད་འདས་འོག་ཏུ་བདག་ཅག་དེ་འདྲར་འགྱུར། །སེམས་ཅན་གཅེས་ཁྱོད་མྱ་ངན་འདའ་བཞེད་པས། །
ས་གཞི་རབ་ཏུ་གཡོས་ཤིང་ཕྱོགས་ཀྱང་འཆོལ། །རྒྱ་མཚོ་ཆེན་པོ་དག་ཀྱང་རྣམ་པར་འཁྲུགས། །བདག་ཅག་ཀུན་ཀྱང་སྡུག་ཅིང་བསྔལ་བར་གྱུར། །དྲང་སྲོང་ཆེན་པོ་དེང་ཁྱོད་མྱ་ངན་ལས། །འདས་ན་ཉི་མའང་ས་ལ་ལྟུང་ཡང་དག ། རྒྱ་མཚོ་ཆེན་པོ་དག་ཀྱང་སྐམ་པར་འགྱུར། །བདག་ཅག་ཀུན་ཀྱང་དེང་དུ་འགུམ་ལགས་གྲང་། །ཇི་ལྟར་སྟོབས་ལྡན་མིས་ནི་སྒོ་གསེབ་ནས། །གླང་ཆེན་ཁྱེར་ཏེ་ནང་དུ་འཛུལ་བགྱིད་ན། །ཤིན་ཏུ་ཉོན་མོངས་འགྱུར་བ་དེ་བཞིན་དུ། །བདག་ཅག་ཐམས་ཅད་རབ་ཏུ་ཉོན་མོངས་གྱུར། །ཇི་ལྟར་བུ་གཅིག་འགུམ་པར་མི་འཚལ་ཞིང་། །མྱ་ངན་ཁྱོད་འདའ་བདག་ཅག་དེ་མི་འཚལ། །གལ་ཏེ་ཁྱོད་ནི་མྱ་ངན་འདའ་བ་ལས། །མི་གཞེས་བདག་ཅག་ཐམས་ཅད་ཕོངས་པར་འགྱུར། །ཁྱོད་ནི་མྱ་ངན་འདས་ལམ་གཤེགས་མཐོང་བས། །དུད་འགྲོ་མང་པོའང་གཡར་ངན་ཆེར་བགྱིད་ན། །བདག་ཅག་ཇི་ལྟར་གཡར་ངན་མི་འཚལ་ལགས། །བདག་ཅག་མཆིལ་མ་བཞིན་དུ་མ་དོར་ཅིག ། ཉི་མ་འཆར་ཀར་རང་གི་འོད་གསལ་བས། །མུན་ནག་རྣམ་པར་བཅོམ་པ་དེ་བཞིན་དུ། །འཕྲུལ་ཅན་ཁྱོད་ཀྱིས་སྡུག་བསྔལ་མུན་བསལ་ཏེ། །དགེ་འདུན་དབུས་སུ་རི་རབ་བཞིན་དུ་བཞུགས། །བཅོམ་ལྡན་འདས་དཔེར་གསོལ་ན། རྒྱལ་པོ་ལ་ལ་ཞིག་གི་བུ་སྡུག་ཅིང་ཕངས་པ་ཞིག་མཆིས་ལ། དེས་དེ་ཆོས་ལུགས་ཀྱི་བསྟན་བཅོས་བསླབས་ནས། འདི་སོད་ཅིག་ཅེས་བཀའ་སྩལ་པ་དེ་བཞིན་དུ་བདག་ཅག་བཅོམ་ལྡན་འདས་དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲས་རྣམས་ཀྱང་ཡང་དག་པའི་ལྟ་བ་བསྐྱེད་ནས་བཀུམ་གྱིས་མ་མཆིས་ན། བཅོམ་ལྡན་འདས་རྒྱལ་པོའི་བུ་ཇི་བཞིན་དུ་བདག་ཅག་མི་འགུམ་པར་བཅོམ་ལྡན་འདས་དེའི་སླད་དུ་ཡུན་རིང་དུ་བཞུགས་སུ་གསོལ། ཇི་ལྟར་ལ་ལ་ཞིག་གཞུང་གིས་རྩོད་པའི་བསྟན་བཅོས་ལ་བསྟེན་པ་ན་སྐྲག་པར་འགྱུར་བ་དེ་བཞིན་དུ་ཁྱོད་ཀྱིས་སྐྲག་པར་མ་མཛད་ཅིག ། དེ་ཁོ་ན་ཉིད་མཁྱེན་བཞིན་དུ་བདག་ཅག་སེམས་ཅན་དམྱལ་
བར་མཆི་བར་མ་མཛད་ཅིག ། དམ་པའི་ཆོས་ཀྱི་བདུད་རྩིའི་བཅུད་ཀྱིས་ཚིམ་པར་མཛད་ཅིང་དེ་བཞིན་གཤེགས་པ་ཡུན་རིང་དུ་བཞུགས་སུ་གསོལ། ཇི་ལྟར་རྒྱལ་པོའི་བཙོན་རར་གནོད་པའི་ལས་རྣམས་ཀྱིས་དང་པོ་ཉོན་མོངས་པ་ན། ལ་ལ་ཞིག་གིས་ཁྱོད་ཀྱིས་ན་ཚ་ཇི་ལྟ་བུ་ཞིག་མྱོང་ཞེས་སྨྲས་ན། དེས་དེ་ལ་སྨྲས་པ། དེ་ནི་དེ་བཞིན་ཏེ། གང་གི་ཚེ་བདག་སྡུག་བསྔལ་གྱི་ཚོར་བ་ལས་ཐར་བར་འགྱུར་བ་དེའི་ཚེ་མྱ་ངན་ལས་འདས་པ་ཡིན་ཏེ། བདེ་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་མཆི་བ་དེ་བཞིན་དུ་བདག་ཅག་ཐམས་ཅད་ཀྱང་ཁྱོད་བཞུགས་ན། རྒྱལ་པོའི་བཙོན་ར་ནས་ཐར་བ་བཞིན་དུ་མྱ་ངན་ལས་འདས་པ་ལགས་ན། དེའི་སླད་དུ་དེ་བཞིན་གཤེགས་པ་ཡུན་རིང་དུ་བཞུགས་སུ་གསོལ། བཅོམ་ལྡན་འདས་དཔེར་གསོལ་ན་སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ལ་མཁས་པས། བདག་གི་བུ་ལ་ནི་རྒྱུད་ཕྱི་མ་སློབ་པར་བགྱིད་ཀྱི། སློབ་མ་ལ་ནི་བདག་དང་མཉམ་པར་འགྱུར་དུ་དོགས་ནས་སློབ་པར་མི་བགྱིད་པ་དེ་བཞིན་དུ། ཆོས་ཀྱི་རྒྱལ་པོ་སྨན་པ་ཆེན་པོ་སེར་སྣ་མི་མངའ་བ་ཁྱོད་ཀྱིས་ཐེག་པ་ཆེན་པོའི་རྒྱུད་ཕྱི་མ་ལ་དེ་ལྟར་མི་མཛད་པར་བཅོམ་ལྡན་འདས་ཡུན་རིང་དུ་བཞུགས་སུ་གསོལ། དེ་བཞིན་དུ་ཤིང་རྟ་པ་ཤིང་རྟའི་རིག་བྱེད་ལ་མཁས་པས། བདག་གི་བུ་ལ་ནི་རྒྱུད་ཕྱི་མ་སྒྲ་གྲག་པར་ཕོག་པའི་དཔྱད་ཐམས་ཅད་སློབ་པར་བགྱིད་ཀྱི། སློབ་མ་ལ་ནི་སློབ་པར་མི་བགྱིད་པ་དང་། རིག་པའི་གནས་གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །བཅོམ་ལྡན་འདས་དཔེར་གསོལ་ན་བྱིས་པའམ། རྒན་པོའམ། ནད་པ་ལ་ལ་ཞིག་ལམ་བཟང་པོ་ལས་གོལ་ཏེ། ལམ་ངན་པར་མཆིས་ན་ཤིན་ཏུ་སྡུག་བསྔལ་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་སེམས་ཅན་ལམ་ངན་པར་མཆིས་པ་རྣམས་ལུས་དང་བྲལ་བའི་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་འགྱུར་ལགས་ན། བཅོམ་ལྡན་འདས་ལམ་སྟོན་པ་ཡུན་རིང་དུ་བཞུགས་སུ་གསོལ། ཡ་མཚན་ཅན་
དགུ་བཅུ་རྩ་དྲུག་དང་། ཚིགས་སུ་བཅད་པ་བཞི་བཅུ་རྩ་ལྔ་ལ་ཡང་དེ་བཞིན་དུ་རྒྱས་པར་སྦྱར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱེད་ལྷ་དང་མི་རྣམས་ལྟར་བྱིས་པའི་སྨྲེ་སྔགས་འདོན་པ་དག་མ་བྱེད་པར་བརྩོན་འགྲུས་རྩོམས་ཤིག ། དེ་ནས་ལྷ་དང་། ལྷ་མ་ཡིན་དང་། མི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་བློ་གྲོས་དང་ལྡན་པ་དང་། དེ་ཁོ་ན་ཉིད་དུ་འགྲོ་བ་ཐོས་ནས་ཇི་ལྟར་བུ་གཅིག་པ་ཤི་ནས་དུར་ཁྲོད་དུ་བོར་བ་བཞིན་དུ་དེ་དག་སྡུག་བསྔལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱེད་རྣམས་ངེས་པར་བདེ་གྱུར་ཅིག ། མྱ་ངན་མ་བྱེད་མ་ངུ་ཤིག ། འདི་ནི་སངས་རྒྱས་རྣམས་ཀྱི་ཆོས། །ཐམས་ཅད་མི་སྨྲ་འཁོད་པར་གྱིས། །བག་མེད་པར་ནི་མ་གནས་པར། །བག་ཡོད་པ་ལ་དགའ་བར་གྱིས། །ཁྱེད་སྟོང་པ་དང་སྟོང་པ་མ་ཡིན་པའམ། རྟག་པ་དང་མི་རྟག་པའམ། སྐྱབས་དང་སྐྱབས་མ་ཡིན་པའམ། འགྲོ་བ་དང་མི་འགྲོ་བའམ། རྟེན་དང་རྟེན་མ་ཡིན་པའམ། ཐེར་ཟུག་དང་ཐེར་ཟུག་མ་ཡིན་པའམ། བརྟན་པ་དང་བརྟན་པ་མ་ཡིན་པའམ། སེམས་ཅན་དང་སེམས་ཅན་མེད་པའམ། ཡང་དག་པ་དང་ཡང་དག་པ་མ་ཡིན་པའམ། བདེན་པ་དང་བདེན་པ་མ་ཡིན་པའམ། མྱ་ངན་ལས་འདས་པ་དང་མྱ་ངན་ལས་འདས་པ་མ་ཡིན་པའམ། གསང་བ་དང་གསང་བ་མ་ཡིན་པའམ། གཉིས་དང་གཉིས་སུ་མེད་པའམ། དེ་བཞིན་དུ་ཆོས་རྣམ་པ་དུ་མ་དག་ལ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་བ་ཅི་དང་ཅི་ཡོད་པ་དེ་དང་དེ་དག་ང་ལ་ཞུས་ཤིག་དང་ཐམས་ཅད་གཅད་པར་བྱའོ། །བདུད་རྩིའི་མཆོག་ཀྱང་ཁྱེད་ལ་བསྟན་པར་བྱ་སྟེ། དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །དགེ་སློང་དག་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །མིའི་ལུས་ཐོབ་པ་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའོ། །བཟོད་པ་དང་
ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཞིག་མ་རལ་བ་ཡང་ཤིན་ཏུ་རྙེད་པར་དཀའོ། །འཇིག་རྟེན་ན་དགྲ་བཅོམ་པ་འཐོབ་པ་ནི་གསེར་གྱི་ཕྱེ་མ་དང་། ཨུ་དུམ་བཱ་རའི་མེ་ཏོག་བཞིན་དུ་རྙེད་པར་དཀའོ། །དགེ་སློང་དག་འདི་ལྟ་སྟེ། ས་ནི་ཐམས་ཅད་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། དེ་བཞིན་དུ་ངའི་ཆོས་བསྟན་པ་རྣམ་པ་སྣ་ཚོགས་གསང་བ་ཐར་པའི་གྲོང་ཁྱེར་གྱི་བདུད་རྩིའི་ཟས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །སེམས་ཅན་ཐམས་ཅད་དང་ངའི་སྲས་དགེ་སློང་ཐམས་ཅད་ལ་དམ་པའི་ཆོས་མང་པོ་བརྟན་པོར་བཞག་གོ །གཞན་ཡང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་ཆེ་བ་ཉིད་བསྒྲགས་ཏེ། ཡི་གེ་འབྲུ་གཅིག་པའི་ཐིག་ལེའི་གཏམ་ཡང་བཞག་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །དེ་ནས་དགེ་སློང་དེ་དག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ཐོས་ནས་མི་དགའ་བར་གྱུར་ཏེ། སྐྱི་བུང་ཞེས་བྱས་ནས་མིག་མཆི་མས་གང་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་མང་དུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པ་དང་། རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་ཆེས་མཆོག་ཡིན་པར་བསྟན་ཏོ་ཞེས་གསུངས་ཏེ། དེ་ལྟར་མི་རྟག་པའི་འདུ་ཤེས་བརྟེན་ཅིང་བསྒོམས་ཏེ་མང་དུ་བགྱིས་པས་འདོད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། མ་རིག་པ་ཐམས་ཅད་ཟད་པར་འགྱུར། ལྷག་པའི་ང་རྒྱལ་ཐམས་ཅད་མ་ལུས་པ་ཡང་དག་པར་ཆད་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་དཔེར་གསོལ་ན་སྟོན་གྱི་དུས་སུ་ཞིང་པས་རྨོས་ཆེར་བཏབ་སྟེ་རྩ་བ་འཛིངས་པ་ཐམས་ཅད་སེལ་བར་བགྱིད་པ་དེ་
བཞིན་དུ། བཅོམ་ལྡན་འདས་མི་རྟག་པའི་འདུ་ཤེས་བརྟེན་ཅིང་བསྒོམས་ཏེ་མང་དུ་བགྱིས་པས་འདོད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། མ་རིག་པ་ཐམས་ཅད་ཟད་པར་འགྱུར། ལྷག་པའི་ང་རྒྱལ་ཐམས་ཅད་མ་ལུས་པར་ཡང་དག་པར་ཟད་པར་འགྱུར་རོ། །ཞིང་ལས་ཐམས་ཅད་ཀྱི་ནང་ན་ནི་སྟོན་གྱི་ཞིང་ལས་མཆོག་ཏུ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་གླང་པོ་ཆེའི་རྗེས་ལྟ་བུའི་མདོ་ལས་འབྱུང་བ་བཞིན་དུ་རྒྱས་པར་སྦྱར་རོ། །བཅོམ་ལྡན་འདས་དཔེར་གསོལ་ན། རྒྱལ་པོ་འཆི་བའི་ཚེ་བདག་གི་བཙོན་ར་བསལ་ཏེ། སེམས་ཅན་རྣམས་བཙོན་རའི་གནོད་པས་སྙོན་སྨོངས་པ་ལས་ཐར་བར་བགྱིས་ནས་དེའི་འོག་ཏུ་འཆི་བར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཁྱོད་ཀྱིས་ཀྱང་སེམས་ཅན་མི་ཤེས་པ་རྣམ་པ་སྣ་ཚོགས་ཀྱི་བཙོན་རར་བྲུབས་པ་རྣམས་ཀྱིས་མི་ཤེས་པའི་འཆིང་བ་རྣམས་བཅད་ནས། དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་གསོལ། བཅོམ་ལྡན་འདས་གཞན་ཡང་དཔེར་གསོལ་ན། སེམས་ཅན་འབྱུང་པོ་དང་ཤ་ཟའི་གདོན་གྱིས་བརླམས་པ་ལས། སྨན་པ་ཆེན་པོ་དང་ཕྲད་ན་འབྱུང་པོ་དང་ཤ་ཟའི་གདོན་རྣམས་ཀྱིས་ཐེབས་པ་ཐམས་ཅད་ལས་ཐར་བར་འགྱུར་བ་དེ་བཞིན་དུ། ཁྱོད་དང་མཇལ་ན་ཉན་ཐོས་ཀྱི་ཚོགས་ཐམས་ཅད་མི་ཤེས་པ་རྣམ་པ་སྣ་ཚོགས་ཀྱི་འབྱུང་པོ་དང་ཤ་ཟའི་གདོན་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཁོང་དུ་ཆུད་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་དཔེར་གསོལ་ན་གླང་པོ་ཆེའི་འདུལ་སྦྱོང་གི་མཁན་པོས་སྤོས་ཀྱི་གླང་པོ་ཆེ་ཞགས་པ་ཆེན་པོས་བཅིངས་པ་ལས་གླང་པོ་ཆེའི་ཞགས་པ་དེ་བཅད་དེ་བྲོས་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ཕྲག་དོག་དང་། དངན་འཐེན་དང་།
སེར་སྣ་དང་། གཡོའི་ཞགས་པ་ཆེན་པོ་བཅད་ནས་གླང་པོ་ཆེའི་འདུལ་སྦྱོང་གི་མཁན་པོ་ཆེན་པོ་དེ་བཞིན་གཤེགས་པའི་ལག་ཏུ་འོངས་ནས། སེམས་ཅན་ཐམས་ཅད་ལས་ཉོན་མོངས་པའི་གླང་པོ་ལྔ་བཅུ་རྩ་བདུན་ཡོངས་སུ་བསལ་བར་བགྱིའོ། །བཅོམ་ལྡན་འདས་དཔེར་གསོལ་ན་གྲང་བའི་རིམས་ཀྱིས་ཐེབས་པ་སྨན་པ་ཆེན་པོའི་ཐད་དུ་མཆིས་ན་སྡུག་བསྔལ་ལས་ཐར་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་ཉོན་མོངས་པ་དང་། ལོག་པར་ལྟ་བ་དང་། ལོག་པའི་འཚོ་བའི་ཉེས་དམིགས་མཐའ་ཡས་པའི་གྲང་བའི་རིམས་ནད་ཅན་གྱི་ལུས་དང་ལྡན་པ་ལས་སྨན་པ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ནས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་བར་གྱུར་ཏེ་མི་གཡོ་བའི་བདེ་བ་ཡང་ཐོབ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་དཔེར་གསོལ་ན་མི་ཞིག་གིས་འབྲས་སྐྱེམས་འཚལ་ཏེ་ར་རོ་བར་གྱུར་ནས་བདག་ཉིད་ཀྱིས་ཀྱང་བདག་ཉིད་མ་འཚལ་ཏེ། ཆོས་ཀྱང་མ་འཚལ། ཆོས་མ་ལགས་པ་ཡང་མ་འཚལ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་སྲིང་མོའོ། །འདི་ནི་བདག་གི་བུ་མོའོ་སྙམ་དུ་ཡང་མ་འཚལ་ལ། སྨད་ཅིང་བླ་སྟེ་ཕྱི་ས་དང་གཅིན་གྱིས་རང་གི་ལུས་ཀུན་བསྒོས་ཤིང་མཆིས་པ་ལས། དེའི་འོག་ཏུ་བདག་ཉིད་སངས་ཏེ་གཞི་ཅི་ལས་གྱུར་པ་ལ་མཁས་པར་གྱུར་ནས་ཆང་ནི་ཅིར་ཡང་མི་རུང་ངོ་སྙམ་དུ་སེམས་ཏེ། བདག་ནི་སྡིག་པ་ཐམས་ཅད་ལས་ཐར་ཏོ་སྙམ་ནས་ཆང་བཏུང་བ་ཅིར་ཡང་མི་རུང་བར་ཤས་ཆེར་བསྒོམས་ཏེ་སྤོང་བར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་འཚོ་བའི་འཇིག་རྟེན་འདི་ནི་ཟློས་གར་མཁན་བཞིན་དུ་ཐོག་མ་མ་མཆིས་པ་ན་འཁོར་བ་ན་འཁོར་ཞིང་ཡོངས་སུ་འཁྱམ་པ་ན་འདི་ནི་བདག་གི་མའོ། །འདི་ནི་བདག་གི་སྲིང་མོའོ། །འདི་ནི་བདག་གི་བུ་མོའོ་སྙམ་དུ་མ་འཚལ་ནས། མ་དང་སྲིང་མོ་དང་བུ་མོ་རྣམས་དང་ལྷན་ཅིག་ཏུ་འདོད་པའི་འདུ་ཤེས་སྤྱོད་པར་བགྱིད་དེ། འབྲས་སྐྱེམས་ཀྱིས་ར་རོ་བར་གྱུར་པ་དེ་བཞིན་
དུ་སྡུག་བསྔལ་རྙེད་པར་གྱུར་ལ། དེ་ནས་ངོ་ཚ་ཤེས་པའི་མི་དེ་དག་འབྲས་སྐྱེམས་ཀྱིས་ར་རོ་བ་ལས་སངས་པ་བཞིན་ཅིར་ཡང་མི་རུང་བར་ཤས་ཆེར་བསྒོམས་ནས་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་ལགས་སོ། །གཞན་ཡང་ཨེ་རཎྜ་ལ་ནི་སྙིང་པོ་མཆིས་མི་སྲིད་པ་དེ་བཞིན་དུ་ལུས་འདི་ལ་ཡང་བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། བྱེད་པ་པོ་མཆིས་མི་སྲིད་དེ། དེ་ལྟ་བུར་བདག་ཅག་གིས་བདག་མ་མཆིས་པའི་འདུ་ཤེས་བསྒོམས་ཏེ་མང་དུ་བགྱིས་ལགས་སོ། །དཔེར་གསོལ་ན་ཕུབ་མ་སྐོན་པ་བྱེད་པ་སྙེད་བོར་བ་ནི་ཅིར་ཡང་མི་གཅེས་པ་དེ་བཞིན་དུ་ལུས་འདི་ལ་ཡང་བདག་མ་མཆིས་སོ། །དཔེར་གསོལ་ན་ཁ་སྲལ་གྱི་མེ་ཏོག་ལ་དྲི་བདའ་བ་མ་མཆིས་པ་དེ་བཞིན་དུ་ལུས་འདི་ལ་ཡང་བདག་མ་མཆིས་ཏེ། དེ་ལྟར་བདག་ཅག་གིས་བདག་མ་མཆིས་པའི་འདུ་ཤེས་བསྒོམས་ཏེ་མང་དུ་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། དེ་ལྟར་སྒོམས་ཤིག་དང་། དེ་ལྟར་བསྒོམས་པ་རྣམས་ཀྱིས་བདག་ཏུ་འཛིན་པ་སྤང་བར་འགྱུར་རོ། །བདག་ཏུ་འཛིན་པ་ཡོངས་སུ་སྤངས་ན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་ཏེ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་བདག་མ་མཆིས་པའི་སླད་དུ་བདག་མ་མཆིས་པའི་འདུ་ཤེས་བསྒོམས་ཏེ་མང་དུ་བགྱིས་ལགས་སོ། །གཞན་ཡང་ཇི་ལྟར་ནམ་མཁའ་ལ་བྱའི་རྗེས་གདའ་མི་སྲིད་པ་དེ་བཞིན་དུ་བདག་མ་མཆིས་པའི་འདུ་ཤེས་བསྒོམས་ན་ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྒོམ་པ་དེ་ལྟར་བསྒོམ་པ་ཁྱོད་ཀྱིས་ཤེས་སམ། དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པའི་འདུ་ཤེས་དེ་མ་ལགས་པ་བསྒོམས་ན་ནི་ཇི་ལྟར་མི་ར་རོ་ཞིང་འཁྱམ་པས་ལྷ་ཁང་དང་། སྤོ་དང་། ས་གཞི་དང་།
ཉི་མ་དང་། ཟླ་བ་དང་། ཤིང་དང་། རི་རྣམས་མི་འཁོར་བཞིན་དུ་འཁོར་བར་མཐོང་བ་དེ་བཞིན་དུ་གང་དག་གིས་སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པའི་འདུ་ཤེས་མ་བསྒོམས་པའི་སེམས་ཅན་འཇིག་རྟེན་པ་དེ་དག་ནི་ར་རོ་བ་དང་འདྲ་བར་བལྟ་བར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་ཡང་དག་པར་བསྒོམས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ནི་དཔེ་འདིའི་དོན་དེ་ངས་བཤད་པར་བྱའོ། །ཁྱེད་ཀྱིས་ཚིགས་སུ་བཅད་པའི་དོན་འདི་ལ་དོན་ནི་འདིའོ། །ཡི་གེ་ནི་འདིའོ་ཞེས་གསལ་བར་མི་ཤེས་ཏེ། ཇི་ལྟར་མི་ར་རོ་བས་ལྷ་ཁང་དང་། སྤོ་དང་། ས་གཞི་དང་། ཉི་མ་དང་། ཟླ་བ་དང་། ཤིང་དང་། རི་རྣམས་མི་འཁོར་བཞིན་དུ་འཁོར་བར་མཐོང་བ་དེ་བཞིན་དུ་འདུ་ཤེས་ཕྱིན་ཅི་ལོག་དུ་མས་ཟིན་ཅིང་ཀུན་ཏུ་རྨོངས་པ་རྣམས་བདག་གོ་སྙམ་པ་དང་། རྟག་གོ་སྙམ་པ་དང་། བདེའོ་སྙམ་པ་དང་། སྡུག་གོ་སྙམ་པའི་འདུ་ཤེས་ཀུན་ཏུ་སྤྱོད་དོ། །དེ་ལ་བདག་ཅེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །རྟག་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །བདེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །སྡུག་ཅེས་བྱ་བ་ནི་ཆོས་ཀྱི་ཚིག་བླ་དགས་སོ། །དགེ་སློང་དག་ཁྱེད་ཀྱིས་བཅོམ་ལྡན་འདས་བདག་ཅག་གིས་ནི་སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པའི་འདུ་ཤེས་བསྒོམས་ལགས་སོ་ཞེས་རྒྱགས་པ་དང་ང་རྒྱལ་གྱིས་དྲེགས་པར་མ་བྱེད་ཅིག ། དེ་ལྟར་རྣམ་པ་གསུམ་བསྒོམས་པར་གྱུར་ན་ནི་ངའི་བསྟན་པ་ལ་ཁྱེད་ཀྱིས་བསྒོམ་པ་རྣམ་པ་གསུམ་བསྒོམས་པ་དེ་བསྒོམ་པ་དོན་མེད་པར་འགྱུར་རོ། །སྡུག་བསྔལ་ཤེས་པར་བྱ་བ་བསྒོམ་པ་རྣམ་པ་གསུམ་པོ་ནི་ཁྱད་པར་དང་ཁྱད་པར་གྱི་ཡང་ཁྱད་པར་རོ། །སྡུག་བསྔལ་ལ་བདེའོ་སྙམ་དུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ། །བདེ་བ་ལ་སྡུག་བསྔལ་ལོ་སྙམ་དུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ། །མི་རྟག་པ་ལ་རྟག་གོ་སྙམ་དུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ། །རྟག་པ་ལ་མི་རྟག་གོ་སྙམ་དུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་
པའོ། །བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ། །བདག་ཡོད་པ་ལ་བདག་མེད་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ། །མི་སྡུག་པ་ལ་སྡུག་གོ་སྙམ་དུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པའོ། །སྡུག་པ་ལ་མི་སྡུག་གོ་སྙམ་དུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་པ་སྟེ། ཕྱིན་ཅི་ལོག་བཞི་པོ་འདི་དག་ཡང་དག་པར་མ་ཤེས་པར་ཁྱེད་ཀྱིས་བསྒོམ་པར་བྱ་བ་བསྒོམས་ཏེ་མང་དུ་བྱས་སོ། །ཁྱེད་ཀྱིས་བདེ་བ་ལ་སྡུག་བསྔལ་བར་བསྒོམས་སོ། །རྟག་པ་ལ་མི་རྟག་པ་དང་། བདག་ཡོད་པ་ལ་བདག་མེད་པ་དང་། །སྡུག་པ་ལ་མི་སྡུག་པར་བསྒོམས་སོ། །འཇིག་རྟེན་པ་རྣམས་ལ་ཡང་བདེ་བ་དང་། བདག་དང་། རྟག་པ་དང་། སྡུག་པ་རྣམས་ཡོད་དོ། །འཇིག་རྟེན་ལས་འདས་པ་རྣམས་ལ་ཡང་བདེ་བ་དང་། བདག་དང་། རྟག་པ་དང་། སྡུག་པ་རྣམས་ཡོད་དེ། འདི་ལ་ཕན་ཚུན་མི་འཐུན་པ་ཡོད་དོ། །ཡི་གེ་ཞེས་བྱ་བ་ནི་འཇིག་རྟེན་པ་ཞེས་བྱ་བའི་ཐ་ཚིག་གོ །དོན་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདུ་ཤེས་བཞི་ལ་སོགས་པ་ཕྱིན་ཅི་ལོག་དེ་བཞིན་གཤེགས་པས་ལུགས་སུ་བཞག་པ་རྣམས་ནི་བདག་ཅག་གིས་ཡུན་རིང་མོ་ཞིག་ནས་མཐོང་ཡང་མཐོང་། བསྒོམས་ཀྱང་བསྒོམས་ལགས་ན། ད་ཇི་ལྟར་འཚལ་བ་བཀའ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་བཞུགས་སུ་གསོལ། དེ་བཞིན་གཤེགས་པས་ཅི་དང་ཅི་སྐད་དུ་བཀའ་སྩལ་པ་དེ་དང་དེ་དག་དེ་བཞིན་དུ་བདག་ཅག་གིས་བགྱི་བར་འཚལ་ལོ། །གལ་ཏེ་དེ་བཞིན་གཤེགས་པ་བཞུགས་སུ་མི་གནང་ན། བདག་ཅག་ཀྱང་སྦྲུལ་གདུག་པ་དང་ཁྱིམ་གཅིག་གི་ནང་དུ་ལྷན་ཅིག་མཆིས་པ་མི་འཚལ་ཏེ། དེ་བཞིན་གཤེགས་པ་མི་བཞུགས་ན་ཚངས་པར་སྤྱོད་
ཅིང་མཆིས་པའི་རྔོ་མི་ཐོགས་ཀྱིས། ཁྱོད་ཉིད་ཀྱི་སླད་བཞིན་དུ་བདག་ཅག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་དེ་སྐད་མ་ཟེར་ཅིག ། དགེ་སློང་དག་ངས་འོད་སྲུང་གི་ལག་ཏུ་བསྟན་པ་གཏད་པར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་དང་འདྲ་བར་དགེ་སློང་རྣམས་ཀྱི་རྟེན་ལྟ་བུར་འགྱུར་རོ། །དགེ་སློང་རྣམས་དང་སེམས་ཅན་རྣམས་ཀྱི་སྐྱབས་ལྟ་བུར་འགྱུར་རོ། །དཔེར་ན་རྒྱལ་པོ་གྲོང་ཁྱེར་མང་པོའི་མངའ་བདག་གྲོང་ཁྱེར་གཅིག་ཏུ་སོང་སྟེ། ཁྱིམ་བདག་གཅིག་རྒྱལ་པོར་དབང་བསྐུར་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་འདིར་ངས་འོད་སྲུང་ཆེན་པོ་དབང་བསྐུར་རོ། །དགེ་སློང་དག་ཁྱེད་ཀྱིས་སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པ་དང་། མི་སྡུག་པའི་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། དགེ་སློང་དག་དཔེར་ན་སོ་གའི་དུས་ལ་བབ་པ་ན་སྐྱེ་བོ་རྣམས་ཀྱིས་ནགས་ཚལ་གྱི་ནང་དུ་ཆུ་བསྐྱིལ་ཏེ། རང་རང་གི་རྐྱལ་པའི་ཡོ་བྱད་ཐོགས་ནས་ཆུའི་ནང་དུ་རྩེ་བར་བྱེད་ལ། ཆུ་དེའི་ནང་དུ་གཅིག་གིས་ནོར་བུ་རིན་པོ་ཆེ་བཻ་དཱུཪྱ་རིགས་དང་ལྡན་པ་ཞིག་བཞག་ནས། བཻ་དཱུཪྱ་དེ་འདོད་པའི་ཕྱིར་དེ་དག་ཐམས་ཅད་ཀྱིས་རྐྱལ་པ་རྣམས་བོར་ཏེ། ཆུ་དེའི་ནང་དུ་འཛུལ་ནས་དེའི་ནང་ན་གྱོ་མོའམ་གསེག་མ་ཅི་ཡོད་པ་དག་ལ་ནོར་བུ་ཡིན་སྙམ་སྟེ་བླངས་ནས་ནོར་བུ་བདག་གིས་རྙེད་དོ། །བདག་གིས་རྙེད་དོ་ཞེས་ཟེར་ཞིང་སོ་སོ་ནས་སྟེང་དུ་བྱུང་སྟེ། རྫིང་གི་འགྲམ་དུ་འཁོད་ནས་འདི་ནི་ནོར་བུ་མ་ཡིན་ནོ་སྙམ་པའི་འདུ་ཤེས་སྐྱེས་པར་གྱུར་ལ། རྫིང་བུ་དེའི་ཆུ་ཡང་ནོར་བུའི་འོད་ཀྱིས་ཟླ་བའི་འོད་བཞིན་དུ་མཛེས་པར་འདུག་སྟེ། དེ་དག་གིས་མཛེས་པ་དེ་མཐོང་ནས། ཨེ་མ་ནོར་བུ་སྙམ་དུ་ཡོན་ཏན་གྱི་འདུ་ཤེས་སྐྱེ་བར་འགྱུར་ཏེ། དེ་དག་གི་ནང་ནས་ཐབས་ལ་མཁས་ཤིང་ཡིད་རྣོ་བ་གཅིག་གིས་ནོར་བུ་དེ་ཡང་དག་པར་རྙེད་པ་དེ་བཞིན་དུ། དགེ་སློང་དག་ཁྱེད་ཀྱིས་ཐམས་ཅད་སྡུག་བསྔལ་བའོ། །
ཐམས་ཅད་བདག་མེད་པའོ། །ཐམས་ཅད་མི་རྟག་པའོ། །ཐམས་ཅད་མི་སྡུག་པའོ་ཞེས་ཐམས་ཅད་ཀྱི་མུ་བཟུང་ནས་བསྒོམས་ཤིང་མང་དུ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་རྫིང་གི་ནང་གི་གྱོ་མོ་དང་གསེག་མ་བཞིན་དུ་ནོར་ཅིང་དོན་མེད་པར་གྱུར་ཏ་རེ། སྐྱེས་བུ་ཐབས་ལ་མཁས་པ་བཞིན་དུ་གྱིས་ཤིག ། ཁྱེད་ཀྱིས་ཐམས་ཅད་ཀྱི་མུ་བཟུང་ནས་གང་དང་གང་བསྒོམས་པ་དེ་དང་དེ་ཉིད་ལ་བདེ་བ་དང་། བདག་དང་། རྟག་པ་དང་། སྡུག་པ་ཡོད་དེ། རྣམ་པ་བཞི་པོ་དེ་དག་ནི་ཕྱིན་ཅི་མ་ལོག་པ་ཞེས་བརྗོད་པར་བྱའོ། །དེ་བས་ན་ནོར་བུ་དང་འདྲ་བར་ཆོས་ཀྱི་དེ་ཁོ་ན་ཉིད་རྟག་པའི་འདུ་ཤེས་སྒོམས་ཤིག ། དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། དེ་ལྟར་སྒོམས་ཤིག་དང་། དེ་ལྟར་བསྒོམ་པ་རྣམས་ཀྱིས་ནི་བདག་ཏུ་འཛིན་པ་སྤོང་བར་འགྱུར་རོ། །བདག་ཏུ་འཛིན་པ་སྤངས་ན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་ལགས་ན། བཀའ་སྩལ་པ་དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེའི་རྣམ་པར་དབྱེ་བ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་བཀའ་སྩལ་པ། དགེ་སློང་དག་ལེགས་སོ་ལེགས་སོ། །དགེ་སློང་དག་བདག་གི་ཐེ་ཚོམ་ངེས་པར་གཅོད་པར་འདོད་པས་ནི་དེ་སྐད་ཅེས་དྲི་དགོས་ཏེ་ལེགས་སོ། །དགེ་སློང་དག་དཔེར་ན་གྲོང་ཁྱེར་འགའ་ཞིག་ན་རྒྱལ་པོ་ཤེས་རབ་འཆལ་པ་ཞིག་རྒྱལ་པོ་བྱེད་དེ། རྒྱལ་པོ་དེ་ལ་སྨན་པ་ངན་པ་ཞིག་བདོག་ལ་དེ་ཡང་སྨན་པ་འཆལ་པ་ཞིག་སྟེ་བླ་ནས་དབང་ཐང་ཆེར་དབང་ལ་རྒྱལ་པོས་ཀྱང་བཀུར་བ་ཞིག་ཡོད་པ་དེས་འོ་མ་འབའ་ཞིག་སྨན་ཡིན་པར་འཛིན་ལ། ནད་ཀྱི་གཞི་ནི་མི་ཤེས་ནས་འོ་མའི་དཔྱད་ལོག་པར་ཟིན་པ་དེ་སྐྱེ་བོ་ཐམས་ཅད་ཀྱི་རླུང་ནད་ཀྱི་སྣ་གྲངས་རྣམས་ལ་ཡང་གཏོང་བར་བྱེད། མཁྲིས་པའི་ནད་རྣམས་དང་། བད་ཀན་གྱི་ནད་རྣམས་ལ་ཡང་གཏོང་བར་བྱེད་དེ། དེ་
དེ་ལྟར་བྱེད་ཀྱང་སྨན་པ་གཅེས་པ་ཁོ་ནར་འགྱུར་ལ་རྒྱལ་པོ་དེ་ཡང་འཆལ་པའི་བྱེ་བྲག་མི་ཕྱེད་པ་ཞིག་གོ །དེ་ནས་སྨན་པ་ཚེའི་རིགས་བྱེད་ཡན་ལག་བརྒྱད་ལ་མཁས་པ་རྒྱུད་ཕྱི་མ་ཤེས་པ་གཞན་ཞིག་ཡུལ་གཞན་ནས་གསར་དུ་འོངས་ནས་སྨན་པ་དེའི་ཐད་དུ་རྟེན་བཅས་ཏེ་སྨྲས་པ། ཁྱོད་ཀྱི་མིང་ཐོས་ནས་སློབ་པར་འཚལ་བའི་སླད་དུ་བདག་མཆིས་ཀྱིས། ཁྱོད་ཀྱིས་བདག་གི་མཁན་པོ་མཛད་དུ་གསོལ། །དེ་ནས་སྨན་པ་འཆལ་པ་དེས་དེ་སྐད་ཅེས་ཐོས་ནས་སྨན་པ་གསར་དུ་འོངས་པ་དེ་ལ་སྨྲས་པ། ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ང་ལ་ལེགས་པར་བསྒྲིམས་ཏེ་དཀའ་བ་སྤྱད་པས་རིམ་གྲོ་གྱིས་ལ། དེའི་འོག་ཏུ་སློབས་ཤིག་དང་ཁྱོད་སྨན་པར་འགྱུར་རོ། །དེ་ནས་དེས་དེ་བཞིན་དུ་མཉན་ཏེ། དེ་ལྟར་བགྱིའོ་ཞེས་བྱས་ནས། དེས་མཐར་གྱིས་སྨན་པ་འཆལ་པ་དེ་མགུ་བར་བྱས་ཏེ། རྒྱལ་པོའི་ཕོ་བྲང་དུ་སོང་ནས་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏེ། རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་རྟག་ཏུ་བསྟན་བཅོས་ཐམས་ཅད་ལ་བརྩོན་པར་མཛོད་ཅིག་དང་། དེ་ལྟར་མཛད་ན་རྒྱལ་པོ་རྒྱལ་པོར་འོས་པར་འགྱུར་རོ། །རྒྱལ་པོས་ཀྱང་དེ་ནི་བདེན་ཏེ་རྣར་འོང་ངོ་ཞེས་བྱས་ནས། རྒྱལ་པོ་དེས་སྨན་པ་འཆལ་པ་དེ་དང་སྨན་པ་ཅིག་ཤོས་ཀྱི་བྱེ་བྲག་ཕྱེད་པར་གྱུར་ནས། སྨན་པ་ངན་པ་དེ་ཡུལ་ཕྱོགས་ནས་བསྐྲད་དེ། སྨན་པ་བཟང་པོ་ཅིག་ཤོས་བཀུར་བར་གྱུར་ལ། དེ་ནས་སྨན་པ་དེས་ད་ནི་དུས་ལ་བབ་བོ་སྙམ་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་གལ་ཏེ་བདག་ལ་མཉེས་པར་གྱུར་ན་གསོལ་བ་སྣ་གཅིག་གསོལ་གྱིས་གལ་ཏེ་རྒྱལ་པོ་ཆེན་པོ་ཡང་དགྱེས་པ་ལྟ་ན་གནང་བར་མཛད་དུ་གསོལ། རྒྱལ་པོས་སྨན་པ་ལ་བཀའ་སྩལ་པ། ངའི་ལག་པ་གཡས་པ་མན་ཅད་ནོར་རོ་ཅོག་ལས་གསོལ་ཅིག ། སྨན་པས་རྒྱལ་པོ་ལ་གསོལ་པ། རྒྱལ་པོ་ཆེན་པོའི་སྨན་པ་འཆལ་པ་དེའི་འོ་མའི་དཔྱད་གང་ལགས་པ་དེ་ནི་དུག་ཧ་ལ་ཧ་ལ་ལགས་ན། དེས་གློ་བར་མ་ཆུད་ཀྱིས་རྒྱལ་པོ་
ཁྱོད་ཀྱི་ཡུལ་ཁམས་ཐམས་ཅད་དུ་བཀས་བཏགས་ལ། སྔོན་གྱི་སྨན་པ་དེའི་འོ་མའི་དཔྱད་གང་ཡིན་པ་དེ་ནི་དུག་ཧ་ལ་ཧ་ལ་ཡིན་གྱིས། སུ་སྨན་དུ་འོ་མ་འཐུང་བ་དེ་མགོ་བོ་བཅད་དོ་ཞེས་བཀའ་གདགས་པར་གསོལ། དེ་ལྟར་མ་བགྱིས་ན་སེམས་ཅན་རྣམས་དུས་མ་ཡིན་པའི་འཆི་བས་འཆི་བར་འགྱུར་རོ། །བདག་ནི་འཚོ་བར་འགྱུར་བ་དང་། ནད་མ་མཆིས་པར་འགྱུར་བར་འཚལ་ཏེ། ལྷ་བདག་ནི་གསོལ་བ་དེ་འཚལ་ལགས་སོ། །དེ་ནས་རྒྱལ་པོས་སྨན་པ་དེ་ལ་བཀའ་སྩལ་པ། དེ་ལྟ་ན་གསོལ་བ་ཆུང་ངུ་ཞིག་གསོལ་ཏེ་བཀའ་གདགས་པར་བྱའོ་ཞེས་བྱས་ནས་བཀའ་ཡང་བཏགས་སོ། །དེ་ནས་བཀའ་བཏགས་པ་བཞིན་དུ་ཐམས་ཅད་དུ་ལུགས་སུ་ཆུད་པར་གྱུར་ཏོ། །དེ་ནས་སྨན་པ་དེས་རྒྱལ་པོ་དེ་ལ་ཡང་འདི་སྐད་ཅེས་གསོལ་ཏེ། ད་དུང་ཡང་ལན་གཉིས་ལན་གསུམ་གྱི་བར་དུ་དེ་བཞིན་དུ་བཀའ་གདགས་པར་གསོལ་ཞེས་བྱས་ནས་སྨན་པ་དེས་རོ་མངར་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་དང་། ཚ་བ་དང་། བསྐ་བ་དང་། ཁ་བ་རྣམས་ཀྱིས་མི་རྣམས་ཀྱི་ནད་སོས་པར་བྱས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ནད་ཀྱིས་ཐེབས་ནས་སྨན་པ་དེ་བཀུག་སྟེ་བསྒོ་བ། ང་ནི་ཤི་ལ་ཐུག་གིས་རྒྱལ་པོའི་རྐྱེན་དང་འཚམ་པའི་གསོལ་བ་ཅི་འདོད་པ་ཁྱོད་ལ་སྦྱིན་ནོ་ཞེས་བྱས་སོ། །དེ་ནས་སྨན་པ་དེས་རྒྱལ་པོ་དེ་ལ་གསོལ་པ། རྒྱལ་པོ་ཆེན་པོ་བདག་ནི་བརྫུན་དུ་སྨྲ་བ་ལགས་སོ། །འོ་མ་ནི་བདུད་རྩི་ལགས་ཏེ། ཁྱེད་ཀྱིས་ཞལ་ཟས་འོ་མ་དང་སྦྱར་བ་གསོལ་འཚལ་ལོ། །དེ་ནས་རྒྱལ་པོ་དེས་སྨན་པ་དེ་ལ་བཀའ་སྩལ་པ། ཅི་ཁྱོད་མཁྲིས་པས་མྱོས་པར་བྱས་སམ། འོན་ཏེ་ང་སླུ་བར་བྱེད་དམ་ཅི་ན། སྔར་ནི་འོ་མ་དུག་ཡིན་ཟེར་ལ་ད་ནི་འོ་མ་སྨན་གྱི་མཆོག་ཡིན་ནོ་ཞེས་ཟེར། ཀྱེ་མ་སྨན་པ་སྔ་མ་བསྐྲད་པས་ཕུང་ངོ་། །དེས་ཀྱང་འོ་མའི་དཔྱད་བསྔགས་པ་ལས་ན། དེ་ནི་སྨན་པ་ཆེན་པོ་ཡིན་གྱིས་སྨན་པ་ངན་པ་མ་ཡིན་ནོ། །ཁྱོད་ཀྱིས་འོ་མའི་དཔྱད་བྱས་པ་ནི་ཁྱོད་བདག་བསྐྲད་པའི་རྒྱུ་ཡིན་
ནོ་ཞེས་བྱས་སོ། །སྨན་པས་གསོལ་པ། རྒྱལ་པོ་ཆེན་པོ་དེ་ལྟར་གཞན་དུ་མི་དགོངས་པར་གསོལ། དཔེར་ན་ཤིང་ངམ། རྩིག་པ་ལ་སྲིན་བུས་བརྐོས་ཏེ་ཡི་གེའི་འབྲུ་འདྲ་བར་གྱུར་པ་མཐོང་ཡང་མཁས་པ་རྣམས་ཀྱིས་སྲིན་བུས་ཡི་གེ་ཤེས་སོ་ཞེས་བརྗོད་པར་མི་བགྱི། ཡི་གེ་སྦྱར་བ་ལྟ་བུར་གྱུར་ཀྱང་ཡ་མཚན་དུ་གཟུང་བར་མི་བགྱི་བ་དེ་བཞིན་དུ། ཁྱོད་ཀྱི་སྨན་པ་སྔ་མའི་འོ་མའི་དཔྱད་ཀྱི་ལས་ཀྱང་སྲིན་བུས་བརྐོས་པའི་ཡི་གེ་བཞིན་དུ་བལྟ་བར་བགྱི་སྟེ། དེ་ནི་འོ་མ་སོ་སོའི་བྱེ་བྲག་ཀྱང་མ་འཚལ་བ་ལགས་སོ། །རྒྱལ་པོས་སྨན་པ་དེ་ལ་སྨྲས་པ། ཀྭའི་སྨན་པ་ངན་པ་དེས་འོ་མ་སོ་སོའི་བྱེ་བྲག་ཇི་ལྟར་མི་ཤེས། སྨན་པས་གསོལ་པ། རྒྱལ་པོ་ཆེན་པོ་འོ་མ་ནི་བདུད་རྩི་ཡང་ལགས་དུག་ཀྱང་ལགས་ཏེ། དེ་ལ་བདུད་རྩི་ཞེས་བགྱི་བ་ནི་བ་གང་བེའུ་ཧ་ཅང་སྟོབས་དང་ལྡན་པ་མ་ལགས་པ་དང་། ཆང་གི་སྙིགས་མ་མི་འཐུང་བ་དང་། ནགས་ཁུང་དང་། གཤོང་དང་། ཆུ་འདམ་རྫབ་ཅན་ན་མི་གནས་པ་དང་། བ་ལང་རྫིས་ནུ་མ་མ་བཞིབས་པ་དང་། རྩྭ་བརྔས་པ་མ་གསན་པ་དང་། རང་གི་ཁྱུ་ན་འདུག་པ་དང་། མ་ཧེའི་ཁྱུ་དང་ལྷན་ཅིག་མི་འགྲོགས་པ་དང་། དེ་ལ་སོགས་པ་བའི་ཡོན་ཏན་རྣམས་དང་ལྡན་ལ། དེའི་འོ་མ་ལྷག་མ་ཟག་མ་བཅད་པར་རན་ཙམ་བཞོས་པའི་འོ་མ་དེ་ནི་ནད་དོ་ཅོག་ཞི་བར་བགྱིད་པ་ལགས་སོ། །དེ་ནས་རྒྱལ་པོ་ངོ་མཚར་དུ་གྱུར་ནས་སྨན་པ་དེ་ལ་བཀའ་སྩལ་པ། མཁན་པོ་ད་ནི་ངས་ཁྱོད་ཀྱི་འོ་མའི་དཔྱད་བཟང་པོ་ཡང་ཤེས་སོ། །ངན་པ་ཡང་ཤེས་སོ། །དེ་ནས་རྒྱལ་པོས་བཀའ་བཏགས་ཏེ་འོ་མ་འཐུང་ཤིག་ཅེས་བསྒོ་བ་དང་། འབངས་ཐམས་ཅད་ཀྱིས་རྒྱལ་པོས་ཕྱིར་ཡང་འོ་མ་འཐུང་ཤིག་ཅེས་བསྒོ་བ་ཐོས་ནས་སེམས་འཁྲུགས་ཏེ། ཅི་རྒྱལ་པོ་གདོན་གྱིས་ཐེབས་སམ། འོན་ཏེ་བདག་ཅག་ལ་མཐོ་འཚམ་མམ་ཞེས་ཟེར་ཞིང་དེ་ལྟར་གྲོང་ཁྱེར་གྱི་མི་དང་། འབངས་ཐམས་ཅད་རྒྱལ་པོའི་དྲུང་དུ་ལྷགས་ཏེ། རྒྱལ་པོས་དེ་དག་མཐོང་ནས་སྨྲས་པ།
སྨན་པ་འདི་ན་རེ་འོ་མ་དེ་འདྲའོ་ཞེས་ཟེར་ན་ཁྱེད་གཤེར་ཅི་ཡོད་ཅེས་བྱས་སོ། །དེ་ནས་རྒྱལ་པོ་དང་། གྲོང་ཁྱེར་གྱི་མི་དང་། འབངས་ཐམས་ཅད་མགུ་བར་གྱུར་ནས། སྨན་པ་ལ་མི་མཚུངས་པའི་བསྙེན་བཀུར་བྱས་ནས། འོ་མའི་དཔྱད་ལ་ཡང་སྟེན་པར་བྱེད་པ་དེ་བཞིན་དུ། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྨན་པ་བཟང་པོ་དང་འདྲ་བར་འཇིག་རྟེན་དུ་བྱུང་ནས། མུ་སྟེགས་པ་སྨན་པ་ངན་པ་དང་འདྲ་བ་ཐམས་ཅད་ཀྱི་ཐད་དུ་གཤེགས་ཏེ། ཐམས་ཅད་ངེས་པར་བཏུལ་ཞིང་ངེས་པར་བཤིག་ནས་རྒྱལ་པོ་དུ་མ་མགུ་བར་མཛད་དེ། མུ་སྟེགས་པ་རྣམས་ཚར་གཅད་པའི་ཕྱིར་བདག་མེད་དོ། །སེམས་ཅན་མེད་དོ། །སྲོག་མེད་དོ། །གང་ཟག་མེད་དོ་ཞེས་གསུང་ངོ་། །མུ་སྟེགས་པ་རྣམས་ཀྱིས་བདག་བསྟན་པ་ནི་སྲིན་བུས་བརྐོས་པའི་ཡི་གེ་དང་འདྲ་སྟེ། དེའི་ཕྱིར་ངས་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་བསྟན་པ་སྟོན་པར་མཛད་དོ། །བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་ཡིན་ནོ་ཞེས་ཆོས་ཀྱི་བཀའ་འདོགས་པར་མཛད་ནས། ཡང་གདུལ་བར་བྱ་བ་རྣམས་ཀྱི་དབང་དང་། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུས་མཁྱེན་པར་མཛད་ནས། ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་སྐབས་དེ་ཉིད་དུ་སྨན་པ་བཟང་པོའི་བཞིན་དུ་བདག་ཡོད་དོ་ཞེས་ཡང་དག་པར་སྟོན་པར་མཛད་དེ། འཇིག་རྟེན་པ་རྣམས་ཀྱི་བདག་མཐེ་བོ་ཙམ་དང་། ཁྲེ་རྒོད་ཀྱི་འབྲུ་ཙམ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །འཇིག་རྟེན་པ་རྣམས་ཀྱི་བདག་ཏུ་ལྟ་བ་གང་ཡིན་པ་དེ་ལྟ་བུ་ཡང་མ་ཡིན་ཏེ། འདིར་ཆོས་ཐམས་ཅད་ནི་བདག་མེད་པ་ཞེས་བྱའོ། །ཆོས་ཐམས་ཅད་ནི་བདག་མེད་པ་ཡང་མ་ཡིན་ཏེ། བདག་ནི་དེ་ཁོ་ན་ཉིད་དོ། །བདག་ནི་རྟག་པ་ཉིད་དོ། །
བདག་ནི་ཡོན་ཏན་ཉིད་དོ། །བདག་ནི་ཐེར་ཟུག་པ་ཉིད་དོ། །བདག་ནི་བརྟན་པ་ཉིད་དོ། །བདག་ནི་ཞི་བ་ཉིད་དོ་ཞེས་སྨན་པ་བཟང་པོའི་འོ་མ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་ཁོ་ན་ཉིད་དང་ལྡན་པ་སྟོན་པར་མཛད་དེ། དེ་སྒོམ་པ་ལ་འཁོར་བཞི་པོ་རྣམས་ཀྱིས་བརྩོན་པར་གྱིས་ཤིག ། དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར་ཐེ་ཚོམ་དང་སོམ་ཉི་ཅི་དང་ཅི་ཡོད་པ་དེ་དག་ཁྱེད་ཀྱིས་ང་ལ་ཞུས་ཤིག་དང་། ངས་ལེགས་པར་གསུངས་པས་ཁྱེད་རངས་པར་བྱའོ། །ང་ནི་བསྒོམ་པ་ཐམས་ཅད་ལས་གྲོལ་བ་དང་། རང་བཞིན་གྱིས་སྟོང་པ་ཆེན་པོ་སྟོན་ཏེ། དགེ་སློང་ཁྱེད་དེ་བཞིན་གཤེགས་པས་བདག་ཅག་ལ་རང་བཞིན་གྱིས་སྟོང་པ་ཆེན་པོ་མ་བསྟན་ཏོ་ཞེས་དེ་སྐད་མ་ཟེར་ཅིག ། དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར་ཐེ་ཚོམ་དང་སོམ་ཉི་ཅི་དང་ཅི་ཡོད་པ་དེ་དག་ཁྱེད་ཀྱིས་ང་ལ་ཞུས་ཤིག ། དེ་ནས་དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བ་ནི་བདག་ཅག་གི་ཡུལ་མ་ལགས་ཏེ། བདག་ཅག་གིས་རྔོ་མི་ཐོགས་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་བསམ་གྱིས་མི་ཁྱབ། ཏིང་ངེ་འཛིན་རྣམས་ཀྱང་བསམ་གྱིས་མི་ཁྱབ། ཁྱོད་ཀྱི་གདམས་ངག་ཀྱང་བསམ་གྱིས་མི་ཁྱབ་པས་ན། བདག་ཅག་གིས་ཞུ་བའི་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་དཔེར་གསོལ་ན། མི་ལ་ལ་རྒས་ཤིང་འཁོགས་ལ་གཏུགས་པ། ལོ་བརྒྱ་ཉི་ཤུ་རྩ་དྲུག་ལོན་པ། ནད་ཀྱིས་ཐེབས་པ། མལ་ཁྲི་ལ་མཆིས་པའི་ནད་པ་ཞིག་མཆིས་ལ། མི་ལ་ལ་ཞིག་གིས་དེའི་སུག་པར་གཏེར་གཏམས་ཏེ། ཀྱེ་མི་ཁྱོད་ཀྱིས་གཏེར་འདི་ལོང་ལ་གང་གི་ཚེ་བདག་ལོ་བཅུའམ། ལོ་ཉི་ཤུ་ན་བྱེས་ནས་ཕྱིར་འོངས་པ་དང་། དེའི་ཚེ་འདི་བདག་ལ་ཕྱིར་བྱིན་ཅིག་ཅེས་བགྱིས་ནས་དེས་གཏད་
དེ་མཆིས་ལ། རྒན་པོ་དེ་ཡང་བུ་མ་མཆིས་པ་ཞིག་སྟེ། མི་དེ་མཆིས་ནས་རིང་པོ་མ་ལགས་པར་མི་རྒན་པོ་དེ་གུམ་ན་མི་དེ་སླར་མཆིས་ཏེ། དེ་དེ་ལྟར་ནོར་གྱི་ཕུང་པོ་ཆེན་པོ་དང་བྲལ་བར་གྱུར་ཀྱང་སུ་ལ་ཡང་ཇི་སྐད་བགྱིར་ཡང་མ་མཆིས་པ་དེ་བཞིན་དུ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར་བདག་ཅག་གིས་ཞུས་པ་དེ་ཡང་ཉན་ཐོས་ལ་ཡུན་རིང་དུ་གནས་པར་མི་འགྱུར་ལ། བདག་ཅག་ལ་ཡང་ཇི་སྐད་དུ་ཞུ་བའི་ཆ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་ཞུས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་ཏེ། དེའི་ཕྱིར་ངས་ཞུ་བའི་སྐབས་ཕྱེ་བ་ཡིན་ནོ། །དེ་ནས་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔེར་གསོལ་ན། མི་གཞོན་ནུ་ལ་ལ་ལོ་ཉི་ཤུ་རྩ་དྲུག་ལོན་ཏེ། ཕྱུག་ཅིང་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་མཆིས་ལ། མི་ལ་ལ་ཞིག་གིས་དེའི་སུག་པར་གཏེར་གཏམས་ཏེ། འདི་སྐད་དུ་ཀྱེ་བདག་ནི་དོན་གཉེར་དུ་འགྲོའི། བདག་ཕྱིར་འོངས་པ་དང་མི་ཁྱོད་ཀྱིས་གཏེར་འདི་བདག་ལ་ཕྱིར་བྱིན་ཅིག་ཅེས་བགྱིས་ནས་མི་དེས་གཏེར་དེ་ལེགས་པར་སྦས་ཤིང་ལེགས་པར་བསྲུངས་ཏེ། དེ་སླར་མཆིས་ནས་སླར་སྩལ་བ་དེ་བཞིན་དུ། བཅོམ་ལྡན་འདས་དམ་པའི་ཆོས་ཀྱི་དབྱིག་ལེགས་པར་གསུངས་པ་དགེ་སློང་ཀུན་དགའ་བོ་ལ་སོགས་པ་ཉན་ཐོས་ཐམས་ཅད་ལ་གཏད་ན་ནི་ཡུན་རིང་དུ་གནས་པར་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འོད་སྲུང་ཆེན་པོ་ལ་སོགས་པ་ཉན་ཐོས་ཐམས་ཅད་ནི་མི་རྟག་པའི་སླད་དུའོ། །བྱང་ཆུབ་སེམས་དཔས་ཞུས་པའི་དབྱིག་བྱང་ཆུབ་སེམས་དཔའ་རྣམས་ལ་གཏད་ན་ནི་ལོ་འབུམ་ཕྲག་མང་པོར་གནས་པར་གྱུར་ལ། འཕེལ་བར་ཡང་འགྱུར་ཞིང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་སྨན་པར་འགྱུར་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་དེ་བཞིན་
གཤེགས་པ་ལ་ཞུ་བའི་རྔོ་ཐོགས་ལ། བདག་ཅག་སྦྲང་བུ་དང་འདྲ་བས་ནི་དེ་བཞིན་གཤེགས་པ་ལ་ཞུ་བའི་རྔོ་མི་ཐོགས་ལགས་སོ་ཞེས་གསོལ་ནས་ཅང་མི་ཟེར་བར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། དགེ་སློང་དག་ལེགས་སོ་ལེགས་སོ། །དགེ་སློང་དག་ཁྱེད་ཟག་པ་མེད་པས་ནི་དེ་སྐད་བྱ་བ་ཡིན་ནོ། །དགྲ་བཅོམ་པས་ནི་དེ་སྐད་བྱ་བ་ཡིན་ཏེ་ལེགས་སོ། །དགེ་སློང་དག་ངས་ཀྱང་ཁྱེད་ཀྱིས་བསམས་པའི་དོན་དེ་སྔ་ནས་བསམས་སོ། །ངའི་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལག་ཏུ་གཏད་ན་རྒྱུ་གཉིས་ཀྱིས་ཡུན་རིང་དུ་གནས་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཚེ་རིང་པོ་དག་གཞི་གསུམ་མ་གཏོགས་པ་དང་། ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར་ཁྱེད་ཀྱི་ཡིད་གཉིས་དང་། སོམ་ཉི་དང་། ཐེ་ཚོམ་ཅི་ཡོད་པ་ང་ལ་ཞུས་ཤིག་ཅེས་ལན་གཉིས་ལན་གསུམ་དུ་བཀའ་སྩལ་ཏོ། །དེ་ནས་འཁོར་དེ་ཉིད་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡོང་བུའི་གྲོང་དུ་སྐྱེས་པ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་མཐུས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱག་འཚལ་ཏེ་ལན་འབུམ་བསྐོར་བ་བྱས་ནས། ལྷའི་མཆོད་པའི་ལས་ཆེན་པོ་བྱས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུས་ཤིག་དང་། ངས་ཞུ་བ་ཞུས་པ་དེ་དང་དེ་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཐུ་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་མཐུས་བདག་གིས་ཞུ་བར་མི་འཚལ་ན། བདག་ནི་སྦྲང་བུ་དང་འདྲ་ལ་དེ་བཞིན་གཤེགས་པ་ནི་ཙན་དན་ལྟ་བུའི་འཁོར་ལོ་ཆེན་པོ་དང་ལྡན་པ་ལགས། སེང་གེ་ལྟ་བུའི་འཁོར་ལོ་ཆེན་པོ་དང་ལྡན་པ་ལགས། བཻ་དཱུཪྱ་དང་རྡོ་རྗེ་ཆེན་པོ་ལྟར་མི་ཕྱེད་པའི་སྐུ་མངའ་བ་ལགས། མི་ཕྱེད་པའི་འཁོར་དང་ལྡན་པ་ལགས། ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་འཁོར་ཆེན་པོ་མངའ་བ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ་དག་ཀྱང་མཆིས་ཏེ། དེ་ལྟར་དཔག་ཏུ་མ་མཆིས་པའི་འཁོར་མངའ་བའི་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པའི་མཐུས་བདག་གིས་ཞུ་བའི་རྔོ་ཐོགས་པར་གྱུར་ན། འདིར་བགྱི་བ་མང་དུ་མཆིས་ཏེ། དེ་བཞིན་གཤེགས་པའི་མཐུས་བདག་སྦྲང་བུ་དང་འདྲ་བས་ཞུ་བར་འཚལ་ལོ་ཞེས་བྱས་ནས་ཚིགས་སུ་བཅད་དེ་གསོལ་པ། ཐུབ་པ་ཅིས་ན་ཚེ་རིང་འགྱུར། །རྡོ་རྗེ་ལྟ་བུར་ཅིས་འགྱུར་ལགས། །གང་གིས་མི་ཤིགས་ཐོབ་པར་འགྱུར། །ཅིས་ན་ལུས་བརྟན་སྟོབས་ཆེན་འགྱུར། །ཇི་ལྟར་བགྱིས་ན་མདོ་སྡེ་འདིའི། །ཕ་རོལ་ཕྱིན་པར་འགྱུར་བ་ལགས། །ཇི་ལྟར་སྲོག་ཆགས་རྣམས་ཀྱི་སེམས། །སྣ་ཚོགས་རྟོགས་ནས་སྟོན་པར་འགྱུར། །ཐུབ་པ་ཆེན་པོ་ཇི་ལྟར་ན། །རྒྱ་ཆེན་ཐོབ་ནས་སྐྱབས་སུ་འགྱུར། །ཇི་ལྟར་དགྲ་བཅོམ་མ་ལགས་
ཀྱང་། །དགྲ་བཅོམ་རྣམས་དང་མཚུངས་པར་འགྱུར། །བཅོམ་ལྡན་ཇི་ལྟར་བགེགས་བགྱིད་པའི། །བདུད་ནི་འཁོར་དུ་ཆུད་པར་འགྱུར། །བདུད་ཀྱི་ཚིག་ཀྱང་འཚལ་བ་དང་། །རྫོགས་པའི་སངས་རྒྱས་གསུང་ཡང་འཚལ། །འདྲེན་པ་ཇི་ལྟར་དགའ་བཞིན་དུ། །འཕགས་པའི་ལམ་ཡང་སྟོན་པར་འགྱུར། །དགེ་དང་ཡང་དག་ལྡན་གྱུར་ནས། །ཕྱིན་ཅི་མ་ལོག་སྟོན་པར་འགྱུར། །ཐུབ་པ་ཆེན་པོ་ཇི་ལྟར་ན། །ལེགས་བྱེད་འགྱུར་བ་བསྟན་དུ་གསོལ། །ཐུབ་པ་བྱང་ཆུབ་སེམས་རྣམས་ཀྱིས། །ཇི་ལྟར་བརྟག་དཀའ་ཁམས་མཐོང་འགྱུར། །ཐུབ་པ་ཇི་ལྟར་ཡི་གེ་ཡི། །ཕྱེད་ནི་རྫོགས་པར་འགྱུར་བ་ལགས། །ཇི་ལྟར་བཞད་དང་ཟལ་མོ་ཡི། །སྤྱོད་པ་དག་དང་འདྲ་བར་འགྱུར། །ཇི་ལྟར་ཕུར་བུ་པ་བ་སངས། །ཉི་མ་དག་ཏུ་སྐྱེ་བར་འགྱུར། །ཐུབ་པ་བྱང་ཆུབ་སེམས་དཔའ་རྣམས། །ཇི་ལྟར་སེམས་ནི་མ་སྐྱེས་པར། །འདིར་ནི་འཇིགས་པ་མེད་པར་འགྱུར། །ཇི་ལྟར་ཀ་ཏའི་འབྲས་བུ་འདྲ། །ཇི་ལྟར་རྩོད་དུས་སྐྱེས་པ་ན། །གོས་པ་མ་མཆིས་བགྱིད་པ་དང་། །ཉེས་པའི་དབྱིངས་སུ་པད་མ་ལྟར། །ཉེས་པ་དག་གིས་མི་གོས་ལགས། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །ཡུལ་ཁམས་སྨན་པ་ཆེན་པོར་འགྱུར། །ཆུ་འགྲམ་ཀུན་ཏུ་མཉན་པར་འགྱུར། །དེ་འདིར་བདག་ལ་ལུང་བསྟན་གསོལ། །ཇི་ལྟར་སྦྲུལ་རྣམས་པགས་པ་རྙིང་། །འདོར་བ་བཞིན་དུ་འགྱུར་བ་ལགས། །རིན་ཆེན་མང་པོའི་འབྱུང་གནས་དང་། །འབྲུ་དང་ཤིང་འདྲ་ཇི་ལྟར་ལགས། །བརྟན་པོ་དེ་དག་ཉན་ཐོས་དང་། །རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས། །སྐུ་གདུང་ཇི་ལྟར་སྟོན་པར་བགྱིད། །མཐའ་ཡས་སྒོ་ཡང་ཇི་ལྟར་སྟོན། །རྒྱལ་སྲས་བརྟུལ་ཞུགས་བརྟན་པོ་རྣམས། །ཇི་ལྟར་མི་ཕྱེད་འཁོར་དང་ལྡན། །དེ་དག་འཇིག་རྟེན་དམུས་ལོང་གི། །མིག་དང་འདྲ་བར་ཇི་ལྟར་འགྱུར། །ཐུབ་པ་ཆེན་པོ་ཇི་ལྟར་ན། །མགོ་མང་
བྱེ་བ་སྟོན་པར་འགྱུར། །ཇི་ལྟར་ཟླ་བ་ཚེས་འདྲ་བར། །འཇིག་རྟེན་རྣམས་ལ་ཆོས་ཀྱང་སྟོན། །ཇི་ལྟ་བུར་ནི་གཞའ་གསང་དུ། །ཡོངས་སུ་མྱ་ངན་འདས་པ་སྟོན། །ཇི་ལྟར་ལྷ་དང་བདུད་འདྲ་བར། །བརྟན་པོར་འགྱུར་ཞིང་དཔའ་བར་འགྱུར། །ཇི་ལྟར་ཆོས་ཀྱི་སྒོ་རྟོགས་ནས། །ཆོས་ཉིད་ཀྱང་ནི་འཚལ་བར་འགྱུར། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །ནད་མེད་པར་ཡང་འགྱུར་བ་ལགས། །སེམས་ཅན་ཀུན་ལ་སྨན་པའི་ཕྱིར། །དེ་དག་ཇི་ལྟར་དགོངས་པ་འཆད། །ཇི་ལྟར་དགེ་བ་ལྷག་མར་བཅས། །ཇི་ལྟར་ཐེ་ཚོམ་སྤོང་བར་འགྱུར། །བློ་གྲོས་ཆེན་པོ་ཇི་ལྟར་ན། །བྱང་ཆུབ་མཆོག་ཏུ་ཉེ་བར་འགྱུར། །ཆ་ཕྲ་གཟིགས་པ་ཁྱོད་ཉིད་ཀྱིས། །བྱང་ཆུབ་སེམས་དཔའི་སྤྱོད་པ་གསུངས། །ཆོས་རྣམས་དུ་མའི་སྒོ་དག་ཀྱང་། །འདྲེན་པ་ཁྱོད་ཀྱིས་བཀའ་སྩོལ་ཅིག ། སེམས་ཅན་ཀུན་གྱི་སྨན་པ་པོ། །རྐང་གཉིས་རྣམས་ལ་སྨན་སྟོན་ཅིག ། ཐུབ་པའི་ཕུང་པོ་འདི་དག་ལས། །བདག་གིས་ཞུ་བའི་ཡུལ་མ་མཆིས། །བྱང་ཆུབ་སེམས་དཔའ་བརྟན་རྣམས་ཀྱི། །ཡུལ་ནི་ཐམས་ཅད་མཁྱེན་པ་ལགས། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཇི་ལྟར་དེ་བཞིན་གཤེགས་པའི་གསང་བའི་མདོ་ཆེན་པོ་ལས་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་ནང་འདྲི་བར་མཛད་པ་བཞིན་དུ་འདྲི་བ་ནི་ལེགས་ཏེ། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་མང་པོ་གྲངས་མེད་པའི་བྱེ་མ་སྙེད་ཀྱི་ཕ་རོལ་ན། ཐམས་ཅད་མཁྱེན་པ་རང་རང་གི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་དག་ང་དང་ཐབས་ཅིག་ཏུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་ཕྱིར་རོལ་ཏེ། བྱང་ཆུབ་ཙམ་པས་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དོན་དུ་བྱང་ཆུབ་ཀྱི་ཕྱིར་རོལ་པ་དེ་བཞིན་དུ་ཁྱོད་ཀྱང་
སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཡོན་ཏན་མིང་གཅིག་པའི་ཚུལ་ཐམས་ཅད་མཁྱེན་པའི་ཡུལ་འདྲི་ཞིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་ཐམས་ཅད་མཁྱེན་པའི་ཡུལ་ཞུ་བའི་རྔོ་མི་ཐོགས་མོད་ཀྱི་ཅུང་ཟད་ཅིག་ཞུ་བར་འཚལ་ལོ། །བཅོམ་ལྡན་འདས་དཔེར་གསོལ་ན། སྦྲང་བུས་གནམ་དང་རྒྱ་མཚོའི་ཕ་མཐར་མཆི་བའམ། རྒྱ་མཚོའི་ཆབ་འཚལ་བའི་རྔོ་ཐོགས་པ་དེ་ནི་མི་སྲིད་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་ནི་སྦྲང་བུ་འདྲ་ལ་བཅོམ་ལྡན་འདས་ནི་ནམ་མཁའ་དང་རྒྱ་མཚོ་དང་འདྲ་ཞིང་ཡེ་ཤེས་ཟབ་མོ་ཆོས་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་དཔེར་གསོལ་ན། རྒྱལ་པོའི་གཙུག་གི་ནོར་བུ་དཀོར་བས་རང་གི་སྤྱི་བོས་བླང་བ་དེ་བཞིན་དུ་བདག་གིས་ཀྱང་ཆོས་བཀའ་སྩལ་པ་ཡང་དག་པར་བླང་བར་འཚལ་ན། ཤེས་རབ་རྒྱ་བསྐྱེད་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་མཚུངས་པ་མེད་པ་ཡོངས་སུ་བཤད་དུ་གསོལ། བདག་ཞུ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག ། ལས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་རིང་བར་གྱུར་པ་དང་། ལས་གང་གིས་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་བཟུང་བའི་སེམས་ཀྱིས་ཉོན་ཅིག་དང་། ལས་ཀྱི་འབྲས་བུ་དེས་ན་བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་འགྱུར་རོ། །ཐོས་ནས་ཀྱང་གཞན་དག་ལ་སྟོན་ཅིག ། རིགས་ཀྱི་བུ་ངས་ཀྱང་ལས་དེ་བྱས་ཤིང་གཞན་དག་ལ་ཡང་བསྟན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ་དཔེར་ན་མི་ལ་ལ་ཞིག་བུ་གཅིག་པ་ཐར་བར་བྱ་བའི་ཕྱིར་རྒྱལ་པོའི་བཙོན་རའི་ནང་དུ་འགྲོ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཚེ་རིང་བར་འདོད་པས་ཀྱང་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་
བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ན་འཚེ་བ་ཐམས་ཅད་སྤོང་བར་འགྱུར་ལ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་ལྡན་པར་འགྱུར་ཞིང་། སྲོག་གཅོད་པ་སྤོང་བར་འགྱུར་བ་དང་། ཆོས་སྤྱོད་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་སེམས་ཅན་དཔག་ཏུ་མེད་པ་དག་བསླབ་པའི་གཞི་ལ་འགོད་པར་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་འགོད་པར་འགྱུར་རོ། །གལ་ཏེ་ནུས་ན་སེམས་ཅན་དམྱལ་བ་དང་། ལྷ་མ་ཡིན་དང་། གཤིན་རྗེའི་འཇིག་རྟེན་དང་། དུད་འགྲོར་སྐྱེ་བ་རྣམས་དང་། ལས་མི་བཟད་པ་བྱེད་པའི་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་བྱེད་ཅིང་། གྲོལ་ནས་གཞན་དགྲོལ་བར་བྱའོ་སྙམ་ནས་དེ་ལ་འཛིན་པ་དང་དྲན་པའི་སེམས་དང་ལྡན་པར་འགྱུར་ཏེ། ལེགས་པར་བྱས་པའི་རྣམ་པར་སྨིན་པ་དང་། རྒྱུ་དང་འཐུན་པ་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མཆོག་ཏུ་ཚེ་རིང་བར་འགྱུར་ལ། ཡེ་ཤེས་ཀྱི་དབང་ཕྱུག་ཏུ་འགྱུར་ཞིང་འཆི་བ་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་གཅིག་པས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ལས་བསམས་ཏེ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམ་པར་བགྱི། བཀའ་སྩལ་པ་དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམ་པར་བགྱི་འཚལ་ན་ཚིག་དེ་ནི་མི་འདོད་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བསྟན་པ་འདི་ལ་སེམས་ཅན་ཁ་ཅིག་ཚུལ་ཁྲིམས་འཆལ་པ། མཚམས་མ་མཆིས་པར་བགྱིད་པ་དང་། དམ་
པའི་ཆོས་སུན་འབྱིན་པ་དག་ཀྱང་མཆིས་ན་ཅི་ལགས། སེམས་ཅན་དེ་ལྟ་བུ་དག་ལ་ཡང་བུ་གཅིག་པའི་འདུ་ཤེས་བསྒོམ་པར་བགྱི་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་ལྟ་ལོས་ཀྱང་མོད། ང་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་ལྟའོ། །འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་འོ་ན་བསྙེན་པར་རྫོགས་པའི་འཁོར་དག་པ་རྣམས་ཀྱིས་བཅྭ་ལྔའི་གསོ་སྦྱོང་ལ་བབ་པའི་ཚེ། །གཞོན་ནུ་མ་དྲངས་པ། ལུས་མ་སྦྱངས་པ། བསྙེན་པར་མ་རྫོགས་པ་ཞིག་རྩིག་པའི་གྲྭ་ཞིག་ཏུ་ཡིབ་སྟེ་ཉན་པ་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་གནང་ནས་གནོད་སྦྱིན་གྱི་རྒྱལ་པོ་ལག་ན་རྡོ་རྗེས་རྡུལ་ཞིབ་མོ་བཞིན་ཕྱེ་མར་རླགས་ལགས། ཀྱེ་མ་དེས་དེ་བཀུམ་པ་ནི་ལག་ན་རྡོ་རྗེས་ཧ་ཅང་དྲགས་ལགས་སོ། །དེ་ལྟ་ན་ཅི་ལྟར་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་དང་འདྲ་བར་གཟིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག ། གཞོན་ནུ་དེ་ནི་སྤྲུལ་པ་ཡིན་ཏེ། དམ་པའི་ཆོས་སུན་འབྱིན་པ་རྣམས་ཚར་གཅད་པ་དང་། བསྐྲད་པར་བྱ་བའི་ཕྱིར་གནོད་སྦྱིན་གྱི་རྒྱལ་པོ་ལག་ན་རྡོ་རྗེས་དེ་ལྟར་བསྟན་པར་ཟད་ཀྱི། དམ་པའི་ཆོས་སུན་ཕྱུང་ཡང་རུང་འདོད་ཆེན་པ་ཡང་རུང་སྟེ་གསད་དུ་མི་རུང་ངོ་། །རྒྱུ་སོགས་པའི་སྲོག་གཅོད་པ་ནི་བྱེད་མི་ཕོད་དོ། །རིགས་ཀྱི་བུ་གཞན་ཡང་ཇི་ལྟར་རྒྱལ་པོའམ། བློན་པོ་ཆེན་པོ་དག་དམ་པའི་ཆོས་སུན་འབྱིན་པ་རླག་པར་བྱེད་པ་དེ་བཞིན་དུ་ང་ནི་བརླག་པར་བྱ་ཞེས་མི་ཟེར་མོད་ཀྱི། དེ་དག་ཉིད་ཀྱི་ཆོས་མ་ཡིན་པའི་འབྲས་བུ་མངོན་སུམ་དུ་སྨིན་པར་ཟད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ནི་དེ་རྣམས་ཀྱི་དོན་དུ་མི་འཇིགས་པ་སྦྱིན་ཞིང་འོད་ཟེར་གཅིག་གམ་གཉིས་གཏོང་བར་མཛད་དེ། གལ་ཏེ་འོད་ཟེར་དེས་དེ་དག་ལ་མ་ཕོག་ན་ནི་
འཆི་བར་འགྱུར་ཏེ། དེར་དེ་བཞིན་གཤེགས་པས་ཅི་བྱར་ཡང་མེད་དོ། །རིགས་ཀྱི་བུ་གཞན་ཡང་གལ་ཏེ་ཁྱོད་ཀྱིས་བརྟག་དཀའ་བ་བལྟ་བར་ནུས་པ་ལྟ་ན། ངས་ཁྱོད་ལ་རྒྱུ་གཞན་ཡང་བསྟན་པར་བྱ་སྟེ། ཡུལ་སོ་སོ་ན་ཚུལ་ཁྲིམས་དང་ཆོ་ག་དང་ཡོན་ཏན་རྣམས་ཐ་དད་པ་ཡོད་ལ། དེར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་དག་དམ་པའི་ཆོས་ཁོལ་དུ་འབྱིན་པར་འདོད་པ་ལ་རྒྱལ་པོས་སྟོན་པ་མེད་པའི་ཕྱིར་གནོད་པ་བྱེད་པ་ལས། རྒྱལ་པོ་དེ་རྒྱལ་པོ་གཞན་གྱིས་བཟློག་སྟེ། དེས་མཐུ་ཆུང་བར་བྱས་ནས། རྒྱལ་པོ་དེ་ཆོས་ལ་གནས་པར་གྱུར་ན། རྒྱལ་པོ་ཅིག་ཤོས་དེ་ལ་བསོད་ནམས་ཆེན་པོར་འགྱུར་ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཅིག་ཤོས་ཀྱི་ཉེས་པ་ཆེན་པོའི་གཞི་ཞི་བར་བྱེད་པའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ཞིང་ངམ་ཁྱིམ་དུ་དུག་ཤིང་ངམ་སྙེ་ལོང་སྐྱེས་ན་རྩ་ནས་དབྱུང་དགོས་པ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་པ་རྣམས་དང་། དམ་པའི་ཆོས་སུན་འབྱིན་པ་རྣམས་བྲན་བཞིན་དུ་ཚར་གཅད་པར་ངས་གནང་ངོ་། །གང་དག་དེ་རྣམས་ཚར་གཅོད་པར་མི་བྱེད་པ་དེ་དག་ནི་ངའི་བསྟན་པ་ལས་ཤིན་ཏུ་རིང་བ་ཡིན་ནོ། །གང་དག་དེ་རྣམས་ཚར་གཅོད་པར་བྱེད་པ་དེ་དག་ནི་ངའི་སློབ་མ་དང་། ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་དེ་སྐད་གསུང་ན་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པའང་མ་ལགས། སྟེའུ་དང་ཙན་དན་ལྟ་བུ་ཞེས་བགྱི་བའི་མིང་ཡང་རླག་པར་འགྱུར་ན། དམ་པའི་ཆོས་སུན་འབྱིན་པ་རྣམས་ཇི་ལྟར་ཚར་གཅད་པའི་རིགས་ལགས། དེ་བཞིན་གཤེགས་པས་དེ་ལྟར་བགྱིད་དུ་སྩལ་བའི་མི་རིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དཔེར་ན་ཁྱིམ་བདག་གམ། ཚོང་དཔོན་ནམ། སྡེ་དཔོན་ནམ། བློན་པོའམ། རྒྱལ་པོ་ཡང་རུང་
བ་ཞིག་གིས་རང་གི་བུ་སྡུག་ཅིང་ཕངས་ལ་མཆོག་ཏུ་མཛེས་ཤིང་བྱད་གཟུགས་ཕུན་སུམ་ཚོགས་པ་རྣམས་སློབ་དཔོན་གྱི་ལག་ཏུ་གཏད་ནས་སློབ་དཔོན་དེ་ལ་འདི་སྐད་སྨྲས་ཏེ། བདག་གི་བུ་འདི་རྣམས་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། རིག་པ་རྣམས་བསླབ་པའི་ཕྱིར་ཁྱོད་ལ་གཏད་ཀྱིས། འདི་རྣམས་ཁྱོད་ཀྱིས་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། རིག་པ་རྣམས་སློབས་ཤིག ། ཆོས་ཤིག ། གལ་ཏེ་བདག་གི་བུ་འདི་བཞི་ལས་གསུམ་ནི་བརྡེགས་པ་དང་། བསྡིགས་པ་དང་། ཚར་བཅད་པ་རྣམས་ཀྱིས་ཤི་བར་གྱུར་ལ། གཅིག་ནི་གསོན་པོར་འདུག་སྟེ། གཅིག་ལོབས་པར་གྱུར་ན་གསུམ་ནི་ཤི་ཡང་བླ་སྟེ། གསུམ་ནི་ཤི ། གཅིག་ནི་ལོབས་པ་དེ་ལ་ཅི་སློབ་དཔོན་གྱིས་ནི་སྡིག་པ་མི་དགེ་བའི་ལས་བྱས་ཞེས་བྱའམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ལ་ནི་གཉི་ག་ལ་ཡང་སྡིག་པའི་ལས་སུ་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ལ་ནི་འཁོན་གྱི་བསམ་པ་མ་མཆིས་ཏེ། དེ་ལྟར་བགྱིས་ན་བསོད་ནམས་མང་པོ་འཕེལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་དམ་པའི་ཆོས་སུན་འབྱིན་པའི་སེམས་ཅན་རྣམས་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་ཏེ། བུ་རྣམས་སློབ་དཔོན་གྱི་ལག་ཏུ་གཏོད་པ་བཞིན་དུ་རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་རྣམས་ཀྱི་ལག་ཏུ་གཏོད་པར་མཛད་དོ། །དེ་ནས་རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་དེ་དག་གིས་བྱིས་པ་གཡེལ་བ་དེ་དག་ཚར་གཅོད་པར་བྱེད་ན། ཅི་དེ་ལ་དེ་བཞིན་གཤེགས་པ་ལ་སྡིག་པའི་ལས་སུ་འགྱུར་ཞེས་བྱའམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་རྣམས་ལ་ཡང་སྡིག་པའི་ལས་སུ་མི་འགྱུར་ན། དེ་བཞིན་གཤེགས་པ་གོས་པ་མི་མངའ་བ་ལྟ་ལ་གོས་པར་ག་ལ་འགྱུར་ཏེ། དེ་དག་ཉིད་ཀྱི་
ཡོན་ཏན་དང་སྤྱོད་པ་བསྲུང་བའི་སླད་དུ་མི་འདོད་བཞིན་དུ་ཚར་གཅོད་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་བུ་གཅིག་པའི་འདུ་ཤེས་སྒོམ་པ་ཡིན་ཏེ། གང་དག་དེ་ལྟར་སྒོམ་པ་དེ་དག་གིས་ནི་བུ་གཅིག་པའི་འདུ་ཤེས་བསྒོམས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམ་པར་བྱའོ། །དེ་ལྟར་བྱས་ན་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་བསྒོམ་པ་བསྒོམས་པར་འགྱུར་རོ། །དེས་ན་མཆོག་ཏུ་འཚེ་བ་མེད་པ་དག་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་དཔའ་ཚེ་རིང་བ་དང་། མཆོག་ཏུ་ཚེ་རིང་བ་དང་། ཚེ་རབས་དྲན་པར་འགྱུར་རོ། །འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་རིང་བར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་ལོས་ཀྱང་མོད། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་དཔེར་གསོལ་ན་གཏམ་རྒྱུད་མཁན་ཞིག་གིས་ལྟད་མོ་པའི་འཁོར་གྱི་ནང་དུ་མ་ལ་ཕུ་དུད་བྱ་བའི་རིགས་པའི་གཏམ་སྣ་ཚོགས་བགྱིས་ལ། རང་གི་ཁྱིམ་དུ་མཆིས་ནས་མཆོག་ཏུ་དཀའ་བ་བགྱིད་བགྱིད་པའི་མ་ལ་དབྱུག་པ་དང་། ཕག་དུམ་དང་། བོང་བ་དང་། རྡོ་དག་གིས་གནོད་པ་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་རིང་བ་དང་། མཆོག་ཏུ་ཚེ་རིང་བ་དང་། ཚེ་རབས་དྲན་པ་དང་། མི་འཆི་བ་དང་། ཐེར་ཟུག་པ་དང་། བརྟན་པར་འགྱུར་རོ་ཞེས་གསུངས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཉིད་སྐུ་ཚེ་ཐུང་ལགས། ཅི་སླུ་བ་མཛད་དམ། འོན་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སྒྲ་
གཅན་ཟིན་བཞིན་དུ་གཟིགས་པས། མ་གཟིགས་སམ། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ནི་དཀའ་བ་མཛད་མཛད་དོ། །མིའི་ལྟར་བརྩིས་ན་ལོ་བརྒྱ་ཡང་མི་ཐུབ་སྟེ། དེ་བཞིན་གཤེགས་པ་འདི་ཁོ་ན་ལྟར་སྐུ་ཚེ་ཐུང་བ་ལགས་ན། བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ་དེ་སྙེད་ཀྱི་སྲོག་ཅིག་བཅད་ལགས། འདི་ཁོ་ན་ལྟར་སྐུ་ཚེ་ཐུང་བ་ལས་ན་དེ་བཞིན་གཤེགས་པ་ཉིད་ཀྱིས་མཆོག་ཏུ་མི་བཟད་པའི་ལས་མཛད་ལགས་གྲང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདི་ཁོ་ན་ལྟར་མ་རྒྱ་ཤིག་མ་རྒྱ་ཤིག ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་སྐུ་ཚེ་རིང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་བརྟན་པའོ། །མཆོག་ཏུ་ཞི་བའོ། །མཆོག་ཏུ་ཐེར་ཟུག་པའོ། །མཆོག་ཏུ་རྟག་པའོ། །འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་གཤེགས་པ་མཆོག་ཏུ་སྐུ་ཚེ་རིང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དཔེར་ན་ཆུ་ཀླུང་གང་གཱ་དང་། ཡ་མུ་ན་དང་། ས་ར་ཡུ་དང་། ཧིང་གུ་ལ་ལ་སོགས་པ་ཆུ་ཀླུང་ཆེན་པོ་རྣམས་དང་། ཆུ་བྲན་གཞན་རྣམས་རྒྱ་མཚོ་ཆེན་པོ་ཁོ་ནའི་ནང་དུ་འབབ་པ་དེ་བཞིན་དུ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལྷ་ཡུལ་དང་སའི་སྟེང་གི་ཚེའི་ཆུ་ཀླུང་ཡོད་དོ་ཅོག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རྒྱ་མཚོ་ཁོ་ནར་འབབ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་མཆོག་ཏུ་སྐུ་ཚེ་རིང་ངོ་། །འོད་སྲུང་ཆེན་པོ་དང་རུས་གཅིག་པ་གཞན་ཡང་འདི་ལྟར་ཆུ་ཀླུང་ཆེན་པོ་བཞི་མ་དྲོས་པའི་ནང་ནས་འབྱུང་བ་དེ་བཞིན་དུ་ཚེ་རིང་བའི་ཚོགས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལས་འབྱུང་ངོ་། །འདི་ལྟར་རྟག་པ་ཐམས་ཅད་ཀྱི་ནང་ན་ནི་ནམ་
མཁའ་མཆོག་ཏུ་རྟག་པ་ཡིན་ལ། དེ་བཞིན་གཤེགས་པ་ཡང་ནམ་མཁའ་བཞིན་དུ་རྟག་གོ །འདི་ལྟར་ཞི་བར་བྱེད་པ་ཐམས་ཅད་ཀྱི་ནང་ན་ནི་མར་འབའ་ཞིག་མཆོག་ཏུ་ཞི་བར་བྱེད་པ་ཡིན་ལ། དེ་བཞིན་གཤེགས་པ་ཞི་བ་དང་བསིལ་བར་གྱུར་པ་ཡང་མར་དང་འདྲ་བའི་ཆོས་སྟོན་ཏོ། །འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་མཆོག་ཏུ་སྐུ་ཚེ་རིང་བ་ལགས་ན། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཅོམ་ལྡན་འདས་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་ཡུན་རིང་དུ་བཞུགས་ཤིང་སྤྲིན་ཆེན་པོ་བཞིན་དུ་དམ་པའི་ཆོས་ཀྱི་ཆར་ཡང་རབ་ཏུ་དབབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཐར་ཐུག་པར་འགྱུར་བའི་འདུ་ཤེས་མ་སྐྱེད་ཅིག ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་འདི་ན་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། འདི་ལས་ཕྱི་རོལ་ཡང་རུང་སྟེ། མངོན་པར་ཤེས་པ་ལྔ་ལ་དབང་ཐོབ་པ་དེ་ཡང་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་ཤིང་ནམ་མཁའ་ལ་འཆག་པར་ཡང་བྱེད། ཉལ་བར་ཡང་བྱེད་ལ། མཆན་གཡོན་ལོགས་ནས་མེ་དང་འདྲ་བར་ འབར་བར་བྱེད་པ་དང་། དེ་བཞིན་དུ་ཆོས་གཞན་དུ་དུད་པ་འཐུལ་བ ་ལྟ་བུར་ཡང་སྟོན། ཚེའི་ཚད་ཀྱང་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྣུར་བར་བྱེད་དོ། །མདོར་ན་ཇི་ཙམ་དུ་འདོད་པ་དང་། ཇི་ཙམ་དུ་དགའ་བ་དེ་ཙམ་དུ་སྟོན་པར་བྱེད་དེ། འདི་དག་ནི་མངོན་པར་ཤེས་པ་ལྔ་ལ་དབང་ཐོབ་པའི་ཡོན་ཏན་ཡིན་ནོ། །གལ་ཏེ་མངོན་པར་ཤེས་པ་ལྔ་ཐོབ་པ་ཡང་དེ་ལྟར་བདག་ཉིད་འཚོ་བའི་དབང་ཕྱུག་ལ་དབང་བྱེད་ན་དེ་བཞིན་གཤེགས་པ་དབང་དུ་མ་བརྙེས་པ་ལྟ་ཅི་སྟེ་དེ་ལྟ་བུ་ལ་མངའ་མི་མཛད། དེ་བཞིན་གཤེགས་པ་བསྐལ་པའམ། བསྐལ་པ་ལས་
ལྷག་པར་ཅི་སྟེ་མི་བཞུགས་ཀྱིས། དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་པར་ཁོང་དུ་ཆུད་པར་གྱིས་ཤིག ། འཇིག་རྟེན་འདི་ན་སྤྲུལ་པའི་ལུས་ནི་ཤའི་ལུས་མ་ཡིན་ཏེ། དེང་དེ་བཞིན་གཤེགས་པ་དུག་སྨན་ལ་རྟོན་པའི་སྐུ་ཡོངས་སུ་འདོར་བར་མཛད་དོ་སྙམ་དུ་ཡང་ཁོང་དུ་ཆུད་པར་གྱིས་ཤིག ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་ཅེས་བྱ་བའི་བསྟན་པ་མཆོག་ལ་ཡང་བརྩོན་པར་གྱིས་ཤིག ། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་རྟག་པ་ལགས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པར་ཁྱད་པར་ཅི་མཆིས་ལགས། འཇིག་རྟེན་པ་ཡང་བདག་ཅག་གི་ཚངས་པ་ནི་རྟག་པ་སྟེ་ཐོག་མའི་དུས་ནས་བྱུང་བ་ཡིན་ནོ་ཞེས་མཆི་བ་དང་ཁྱད་པར་ཅི་མཆིས། གལ་ཏེ་དེ་བཞིན་གཤེགས་པ་རྟག་པ་ལགས་ན་ཁྱད་པར་མ་མཆིས་པར་འགྱུར་ལགས་སོ།། །།བམ་པོ་བཞི་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་ཚོང་དཔོན་ནམ། ཁྱིམ་བདག་གཅིག་ལ་བ་ལང་སྣ་ཚོགས་སྤུ་མདོག་དུ་མ་རིགས་དང་རྒྱུད་མང་པོ་ཁྱུ་གཅིག་ཅིང་ལྷས་གཅིག་པ་དུ་མ་བྱེ་བ་སྙེད་ཡོད་ལ། དེས་བ་ལང་དེ་དག་བ་ལང་རྫིའི་ལག་ཏུ་གཏད་དེ་མར་ཞིམ་པོ་ཟ་ལ། བ་ལང་རྫི་རྣམས་ཀྱང་ལྷས་སྐྱོང་ཞིང་ཞོ་དང་འོ་མ་བསྲུབས་པ་ལས་ཕྱི་ཞིག་ན་བ་ལང་གི་བདག་པོ་དེ་རང་གི་ཚེ་ཟད་ནས་ཤི་སྟེ། ཤི་བའི་འོག་ཏུ་ནགས་ན་རྒྱུ་བའི་ཆོམ་ཤོད་ཀྱིས་བ་ལང་དེ་དག་ཕྲོགས་ནས་དེ་དག་ཆུང་མ་མེད་པས་རང་རང་གིས་འོ་མ་བསྲུབས་ཏེ། དེ་དག་གིས་བསྲུབས་པ་ལས་འོ་མ་ཡིན་པའི་ཕྱིར་འོ་མ་དེ་དག་ལས་མར་གྱི་དྲི་ཡང་མི་བྲོ་ལ་ཞོར་ཡང་མ་རུང་། དར་བར་ཡང་མ་རུང་། པྲིས་མར་ཡང་མ་རུང་ན་མར་དུ་ལྟ་ག་ལ་འགྱུར་ཏེ། འོ་མའི་རང་བཞིན་ལས་ཀྱང་ཉམས་ནས་དེ་དག་གིས་དེ་ཆུས་བསླད་དེ་བདག་གིས་མར་ལོངས་སྤྱད་པར་བྱའོ། །བདག་གིས་མར་ལོངས་སྤྱད་པར་བྱའོ་སྙམ་དུ་སེམས་པ་བཞིན་དུ་
འཇིག་རྟེན་པ་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་འཐུན་པ་ལས་བྱུང་བ་ནོར་དང་ཆོས་རྒྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་བ་ལང་གི་ལྷས་ཀྱི་བདག་པོ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་པ་ཆོམ་ཤོད་དང་འདྲ་བ་རྣམས་ཀྱིས་ཀྱང་ཚུལ་ཁྲིམས་དང་། ཆོ་ག་དང་། འདུལ་བ་དང་། སྤྱོད་ཡུལ་རྣམས་དང་། སེམས་ཅན་གྱི་ཁམས་རྣམས་གུད་དུ་བསྒྱུར་ནས་སེམས་ཅན་ཡོད་དོ། །སྲོག་ཡོད་དོ། །གང་ཟག་ཡོད་དོ་སྙམ་དུ་སེམས་ཤིང་ཐར་པ་ནི་འདི་ལྟ་བུ་ཞིག་གོ །སྤྱོད་པ་ནི་འདི་ལྟ་བུ་ཞིག་གོ་སྙམ་ནས་སྤྱོད་པ་དང་། སེམས་ཅན་དང་། ཐར་པ་དང་། རྟག་པ་དང་། དེ་ཁོ་ན་ཉིད་མ་ཤེས་ཏེ། དོན་གཞན་ལ་བརྩོན་པས་ཐར་པ་ཡང་མི་ཐོབ་ལ། ཚུལ་ཁྲིམས་དང་། ཆོ་ག་དང་། སྤྱོད་ཡུལ་དང་། འདུལ་བ་དང་། རྟག་པ་དང་། དེ་ཁོ་ན་ཉིད་ཀྱང་མི་རྙེད་དེ། མི་རྒོད་ཀྱི་མར་བཞིན་དུ་འཇིག་རྟེན་པ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་མི་འཐོབ་ལ། དེ་དག་སེམས་ཅན་ཚངས་པས་སྤྲུལ་པ་ནི་རྟག་གོ་སྙམ་དུ་འཛིན་ཅིང་བདག་གི་ནི་ཐར་པ་ཡིན་ནོ་སྙམ་དུ་ཡང་འཛིན་ལ། ཆོམ་ཤོད་པ་རྣམས་ཀྱི་འོ་མ་བཞིན་དུ་དེ་ཁོ་ན་ཉིད་ནི་མི་ཤེས་སོ། །དེ་དག་ཚངས་པར་སྤྱོད་པའི་རྒྱུ་དང་། གཞན་གྱི་ཆུང་མ་སྤངས་པའི་རྒྱུ་དང་། ཕ་མ་ལ་ཕུ་དུད་བྱས་པའི་རྒྱུས་ན། ཆོམ་ཤོད་པ་རྣམས་ཀྱི་འོ་མ་མ་རུང་བའི་ལྷག་མ་ཙམ་ཞིག་ཡོད་པ་བཞིན་དུ་མཐོ་རིས་ཀྱི་བདེ་བ་ཆ་ཤས་ཙམ་ཞིག་ཐོབ་སྟེ་ལོངས་སྤྱོད་པར་བྱེད་ལ། དེ་དག་གིས་ཕ་མ་ལ་ཕུ་དུད་བྱ་བ་ཇི་ལྟ་བུ་ཡིན་པ་ཡང་མི་ཤེས་སོ། །གསུམ་ལ་སྐྱབས་སུ་འགྲོ་བ་ཇི་ལྟ་བུ་ཡིན་པ་ཡང་མི་ཤེས། གཞན་གྱི་ཆུང་མ་སྤང་བ་ཇི་ལྟ་བུ་ཡིན་པ་ཡང་མི་ཤེས། རྟག་པ་ཇི་ལྟ་བུ་ཡིན་པ་ཡང་མི་ཤེས་སོ། །དེ་ལ་སངས་རྒྱས་ཀྱི་སྤྲུལ་པ་ནི་མི་རྟག་པ་ཡིན། བརྫུན་པ་ཡིན་ཏེ། དེས་ན་འཇིག་རྟེན་པ་རྣམས་དེ་བཞིན་གཤེགས་པ་མི་རྟག་གོ །མི་བརྟན་ནོ་སྙམ་དུ་འཛིན་ཏེ། དེ་བས་ན་མི་རྟག་པའི་གཉེན་པོར་དེ་བཞིན་གཤེགས་པ་རྟག་གོ་ཞེས་
བྱ་བ་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་དེ་ནས་བ་ལང་གི་ལྷས་དེའི་སྐལ་བ་ཅན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ལ། ཆོམ་ཤོད་པ་དེ་དག་གིས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་མཐུས་དེ་བ་ལང་གཅིག་ཀྱང་མེད་པར་མི་བྱེད་དོ། །དེ་ནས་ནགས་ན་རྒྱུ་བའི་ཆོམ་ཤོད་པ་དེ་དག་གིས་བ་ལང་གི་ལྷས་དེ་བོར་ཏེ་འགྲོ་བར་འགྱུར་རོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་རིན་པོ་ཆེས་བ་ལང་གི་ལྷས་དེ་ཉམས་སུ་ལེན་པར་འགྱུར་ཏེ། ཁྱིམ་བདག་རིན་པོ་ཆེ་དེས་རང་གི་བློས་བ་ལང་གི་ལྷས་དེའི་འོ་མའི་དེ་ཁོ་ན་ཉིད་ཀྱི་ཐབས་ཤེས་པར་འགྱུར་ལ། བ་རྣམས་ཀྱི་འོ་མ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱིས་ཉིས་འགྱུར་དུ་བཞོར་ཡོད་པར་འགྱུར་བ་དེ་བཞིན་དུ་ཆོས་ཀྱི་འཁོར་ལོས་སྒྱུར་བའི་སངས་རྒྱས་འཇིག་རྟེན་དུ་བྱུང་ནས། བ་ལང་གི་ལྷས་དང་འདྲ་བའི་འཇིག་རྟེན་པ་ཐམས་ཅད་ཡོངས་སུ་འཛིན་པར་མཛད་པས་ན་རྟག་པའི་སྒྲ་ནི་དེ་བཞིན་གཤེགས་པ་འབའ་ཞིག་གི་རྗེས་སུ་འཐུན་གྱི། འཇིག་རྟེན་པ་ཆོམ་ཤོད་དང་འདྲ་བ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་སྒྲ་དང་རྟགས་ཀྱིས་གནས་ཀྱང་ཐོབ་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་ཁྱིམ་བདག་རིན་པོ་ཆེ་བཞིན་དུ་དམ་པའི་ཆོས་ཀྱི་བ་ལང་གི་ལྷས་ཉམས་སུ་ལེན་པར་བྱེད་དེ། སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ཀྱི་དོན་དུ་ཆོས་ཀྱི་འོ་མ་འཇོ་བར་བྱེད་དོ། །རིགས་ཀྱི་བུ་རྒྱུ་དེས་ན་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ལ། འཇིག་རྟེན་པ་རྣམས་ལ་ནི་རྟག་པའི་ཆོས་མེད་དེ། རྟག་པའི་སྒྲ་དེ་ནི་དེ་བཞིན་གཤེགས་པ་སངས་རྒྱས་རྣམས་འབའ་ཞིག་ལ་ཡོད་ཅེས་ང་ཟེར་རོ། །དེ་ལྟར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ནི་རྟག་པའོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཐེར་ཟུག་པའོ་ཞེས་དེ་ལྟར་ཤེས་པར་གྱིས་ཤིག ། སེམས་ཅན་གང་དག་རྟག་ཅེས་བྱ་བའི་ཡི་གེ་
གཉིས་སྒོམ་པ་དེ་དག་ནི་རིང་པོ་མི་ཐོགས་པ་ཁོ་ནར་ངའི་གོ་འཕང་དང་ལྷག་ཆད་མེད་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་གང་གི་ཚེ་རྟག་གོ་ཞེས་བྱ་བའི་ཡི་གེ་གཉིས་སྒོམ་པ་ནུབ་པར་འགྱུར་བ་དེའི་ཚེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཅེས་བཀའ་སྩལ་པ་དེའི་དོན་ཅི་ལགས། བཅོམ་ལྡན་འདས་བདག་ནི་ཆོས་གླེངས་པ་འདི་རྟོགས་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་ཚིག་འདི་ཇི་ལྟ་བུ་ལགས་པ་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཉིད་ཅེས་བྱ་བ་ནི་ལུས་ཡོངས་སུ་འདོར་བ་སྟེ། ལུས་ཡོངས་སུ་འདོར་བ་ཞེས་བྱ་བ་དེ་ནི་སྨད་པའི་ཚིག་ཡིན་པར་ཤེས་པར་གྱིས་ཤིག ། གསོལ་པ། དེ་བཞིན་གཤེགས་པས་སྐུ་བོར་ནས་སླར་ཡང་སྐུ་ལེན་ཏམ་མི་ལེན་པ་བདག་ཞུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག ། འདི་ནི་ཆོས་ཉིད་དཔྱོད་པ་ཡིན་ཏེ། རིགས་ཀྱི་བུ་དཔེར་ན་འདུ་ཤེས་མེད་པ་རྣམས་ལ་གཟུགས་ཀྱི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་གཉིས་མེད་ན་སེམས་ཅན་དེ་དག་ཇི་ལྟར་གནས། ཇི་ལྟར་གདའ། ཇི་ལྟར་སྣང་། དེ་དག་གི་འདུ་ཤེས་ཇི་ལྟར་འཇུག་ཅེས་འདྲི་བ་འདི་ནི་སངས་རྒྱས་ཀྱི་ཡུལ་ཡིན་ནོ། །རིགས་ཀྱི་བུ་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་གཟུགས་དང་། གནས་དང་། སྤྱོད་ལམ་དང་། བདེ་བ་རྣམས་ཇི་ལྟར་བསྟན་པར་བྱ་ཞེས་ཕྱིན་ཆད་དེ་སྐད་མ་འདྲི་ཤིག ། འདི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ནི་སངས་རྒྱས་འབའ་ཞིག་གི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །དེ་བཞིན་གཤེགས་པ་གང་ན་གནས་པ་དང་། གང་ན་སྣང་བ་ནི་ཁྱོད་ཀྱི་ཡུལ་ཡང་མ་ཡིན་གྱིས། སངས་
རྒྱས་བཅོམ་ལྡན་འདས་ནི་ཐབས་བསམ་གྱིས་མི་ཁྱབ་པའི་སྐུ་ཡིན་ནོ་སྙམ་དུ་ཁྱེད་ཀྱིས་གནས་པར་གྱིས་ཤིག ། རིགས་ཀྱི་བུ་ཆོས་དང་དགེ་སློང་གི་དགེ་འདུན་ལ་ཡང་རྟག་པའི་འདུ་ཤེས་ཡང་དང་ཡང་དུ་བསྒོམ་པར་གྱིས་ཤིག ། གཞི་གསུམ་ལ་ཐ་དད་པར་མ་བྱེད་ཅིག ། མི་རྟག་པའམ། མི་བརྟན་པའམ། ཐེར་ཟུག་པ་མ་ཡིན་པའམ། ཞི་བ་མ་ཡིན་པའམ། ཐར་པ་མ་ཡིན་པའི་རྣམ་པར་ཡང་མ་སྒོམ་ཤིག ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གཞི་གསུམ་གྱི་བདག་ཉིད་ཆེན་པོ་ལ་དེ་ལྟར་མི་སྒོམ་པ་དེ་དག་གི་སྐྱབས་སུ་འགྲོ་བ་ནི་དག་པ་ཡིན་ནོ་ཞེས་ང་ཟེར་རོ། །དེ་ལྟར་ན་རྟག་པ་བསྒོམ་པ་ནི་བསམ་གྱིས་མི་ཁྱབ་སྟེ། རིགས་ཀྱི་བུ་དཔེར་ན་ཤིང་ཡོད་ན་གྲིབ་མ་ཡོད་ཀྱི། ཤིང་མེད་ན་གྲིབ་མ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྟག་པ་དང་སྐྱབས་སུ་འགྱུར་གྱི། གལ་ཏེ་མི་རྟག་ན་ལྷ་དང་མི་རྣམས་ཀྱི་སྐྱབས་སུ་འོས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། མཚན་མོ་མུན་པའི་ནང་ན་ཤིང་ལྗོན་པའི་གྲིབ་མ་སྣང་ཞེས་བགྱིའམ་མི་སྣང་ཞེས་བགྱི། བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ཤིང་ལྗོན་པ་ཡོད་པའི་གྲིབ་མ་ཅིའི་ཕྱིར་མེད་ཅེས་བརྗོད་པར་བྱའོ། །དེ་ལྟ་མོད་ཀྱི་ཤའི་མིག་གིས་ནི་མི་མཐོང་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ཏེ། ཐེར་ཟུག་པ་ཡིན་གྱིས་ཀྱང་མཚན་མོ་མུན་པའི་ནང་ན་ཤིང་ལྗོན་པའི་གྲིབ་མ་ཤའི་མིག་གིས་མི་མཐོང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པས་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་བཞིན་དུ་མཚན་མོ་མུན་པའི་ནང་ན་ཤིང་ལྗོན་པའི་གྲིབ་མ་བལྟར་མི་སྣང་བ་ལྟར་སེམས་ཅན་རྣམས་དེ་བཞིན་གཤེགས་པ་མི་རྟག་གོ་སྙམ་དུ་ཡོངས་སུ་རྟོག་གོ །གལ་ཏེ་ང་དང་། ཆོས་དང་། དགེ་འདུན་རྟག་པའི་འདུ་ཤེས་ཁྱོད་ཀྱི་ཕ་མ་ལ་མེད་ན་གསུམ་ལ་སྐྱབས་སུ་འགྲོ་བ་
མ་དག་གོ་ཞེས་ང་ཟེར་རོ། །ཕ་མ་གཉིས་ལ་གཞི་གསུམ་རྟག་པར་བསྟན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུམ་ལ་སྐྱབས་སུ་སོང་བའི་དགེ་བསྙེན་ཅེས་བྱ་བའི་མིང་ཁྱོད་ཀྱིས་ཐོབ་པར་འགྱུར་རོ། །གསོལ་པ། དེང་སླན་ཆད་བདུན་རྒྱུད་ཀྱི་རིགས་ཚུན་ཆད་དང་། ཕ་མ་གཉིས་ལ་བཅོམ་ལྡན་འདས་དང་། ཆོས་དང་། དགེ་འདུན་རྟག་གོ་ཞེས་བགྱི་བར་འཚལ་ལོ། །ཀྱེ་མ་སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ཀྱང་བསླབ་པར་འཚལ་ལོ། །གཞན་དག་ལ་ཡང་བསྟན་པར་འཚལ་ལོ། །གང་དག་བདག་གིས་བསྟན་པ་ལྟར་མི་འཛིན་ཅིང་མི་རྟག་པར་སྨྲ་བའི་སེམས་ཅན་ངན་པ་དེ་དག་ལ་ནི་བདག་གིས་སེར་བ་བཞིན་དུ་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དམ་པའི་ཆོས་སྲུང་བའི་རིགས་ཀྱི་བུས་ནི་དེ་ལྟར་བྱ་དགོས་ཏེ། རིགས་ཀྱི་བུ་ཁྱོད་ལེགས་སོ། །དེ་ལྟར་ན་འཚེ་བ་མེད་པ་ལ་ཞུགས་པ་ཡིན་ཏེ། འཚེ་བ་མེད་པའི་ལས་ཀྱི་འབྲས་བུ་ཆེན་པོ་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་ཡང་རིང་བར་འགྱུར་ལ། ཚེ་རབས་ཀྱང་དྲན་པར་འགྱུར་རོ། །འཚེ་བ་མེད་པའི་ཕུང་པོའི་ལེའུ་སྟེ་དང་པོའོ།། །།རིགས་ཀྱི་བུ་ད་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་དང་། མི་ཤིགས་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། ཤའི་སྐུ་མ་ཡིན་པ་དང་། ཆོས་ཀྱི་སྐུར་ལྟོས་ཤིག ། གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་ན་ནི་བདག་དེ་ལྟར་མི་ལྟ་ལགས་སོ། །གལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ན་གཞིག་ཏུ་རུང་བའི་སྐུ་དང་། ཐལ་བའི་སྐུ་དང་། ཤའི་སྐུར་བལྟ་བར་འཚལ་ལོ། །བཀའ་སྩལ་པ། རིགས་ཀྱི་བུ་མིའི་ལྟ་བུར་སོབ་སོབ་པོའི་ལུས་དང་། གཞིག་ཏུ་རུང་བའི་ལུས་ཞེས་དེ་སྐད་མ་ཟེར་ཅིག ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་མི་ཤིགས་པའི་སྐུ་དང་ལྡན་ཞིང་མིའི་ལུས་
མ་ཡིན། ལྷའི་ལུས་མ་ཡིན། སྲིད་པ་ཐམས་ཅད་ཀྱི་ལུས་མ་ཡིན། ཤའི་ལུས་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་ལུས་མེད་པ། མ་སྐྱེས་པ། མ་འགགས་པ། ཡོད་པ་མ་ཡིན་པ། འཇུག་པ་མེད་པ། མཐར་ཐུག་པ་མེད་པ། གནས་པ་མེད་པ། རྣམ་པར་ཤེས་པ་མེད་པ། ཀུན་ཏུ་སྤྱོད་པ་མེད་པ། ཤིན་ཏུ་དག་པ། ཅི་ཡང་མ་ཡིན་པ། ཟིན་པ་མ་ཡིན་པ། རྐང་པ་མེད་པ། གནས་པ་མེད་པ། འགྱུར་བ་མེད་པ། མྱོང་བ་མེད་པ། མ་འདྲེས་པ། མི་ཤེས་པ། ཤེས་པར་བྱར་མེད་པ། རྣམ་པར་རིག་ཏུ་མི་བཟོད་པ། བསམ་གྱིས་མི་ཁྱབ་པ། བསམ་དུ་མེད་པ། རྣམ་པར་ཤེས་པ་མེད་པ། སེམས་དང་བྲལ་བ། སེམས་མཉམ་པ་ཉིད། སེམས་མཉམ་པ་ཉིད་དུ་འགྲོ་བ། འབབ་པ་མེད་པ། འོང་བ་དང་། འགྲོ་བ་ཡོངས་སུ་ཆད་པ། མ་བཅད་པ། གཅད་དུ་མེད་པ། གླགས་མེད་པ། རྫས་མ་ཡིན་པ། མ་བྱུང་བ། སྤྱོད་པ་མེད་པ། རྟོག་པ་མེད་པ། མིང་མེད་པ། ཡོངས་སུ་མ་གྲུབ་པ། མྱོང་བ་མ་ཡིན་པ། མི་མངོན་པ། ཡུལ་མེད་པ། གཞི་མེད་པ། མུན་པ་མེད་པ། སྣང་བ་མེད་པ། ཞི་བ་མ་ཡིན་པ། རབ་ཏུ་ཞི་བ་མ་ཡིན་པ། ཞི་བ་དང་བྲལ་བ། དག་པ། རྣམ་པར་དག་པ། ཅི་ཡང་མེད་པ། ལེན་པ་མེད་པ། ཆགས་པ་མེད་པ། ཉོན་མོངས་པ་མེད་པ། ཉོན་མོངས་པ་དང་བྲལ་བ། མི་གནས་པའི་ཚུལ་གྱིས་གནས་པ། གཟུང་དུ་མེད་པ། འཕོ་བ་མེད་པ། འཕོ་བར་བྱར་མེད་པ། ཆོས་མ་ཡིན་པ། ཆོས་མ་ཡིན་པ་མེད་པ། ཞིང་མ་ཡིན་པ། ཞིང་དུ་མ་གྱུར་པ་མ་ཡིན་པ། མི་ཟད་པ། ཟད་པར་བྱར་མེད་པ། ཟད་པ་དང་བྲལ་བ། ཟད་པ་མེད་པ། སྐད་ཅིག་པ། སྐད་ཅིག་པ་དང་བྲལ་བ། སྐད་ཅིག་པ་མ་ཡིན་པ། མ་འཁྲུགས་པ། ཡི་གེ་དང་ཐིག་ལེ་ཡོངས་སུ་སྤངས་པ། སྒྲ་ཡོངས་སུ་སྤངས་པ། བཤད་པ་ཡོངས་སུ་སྤངས་པ། བསྒོམ་པ་ཡོངས་སུ་སྤངས་པ། བསམ་པ་ཡོངས་སུ་སྤངས་པ། ལྡན་པ་མ་ཡིན་པ། མི་ལྡན་པ་མ་ཡིན་པ། ཚད་མེད་
པ། ཚད་མེད་པ་མ་ཡིན་པ། འགྲོ་བ་མེད་པ། འོང་བ་མེད་པ། གཉིས་སུ་མེད་པ། རྩོམ་པ་མེད་པ། ནུས་པ་མེད་པ། མཚན་མེད་པ། མཚན་གྱིས་རྟོགས་པར་བྱར་མེད་པ། མཚན་གྱིས་བརྒྱན་པ། ཤིན་ཏུ་བརྟན་པ། ཤིན་ཏུ་ཞི་བ། གདུང་བ་དང་བྲལ་བ། ལྟུང་བར་མི་བྱེད་པ། བལྟར་མེད་པ། རྗེས་སུ་ཕྱེ་བ། དེ་བཞིན་ཉིད། དེ་ཁོ་ན་ཉིད། སྒྲོལ་བ་མེད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་སྒྲོལ་བ། ཐར་པར་བྱེད་པ་མེད་པའི་ཚུལ་གྱིས་ཐར་པར་བྱེད་པ། དག་པར་བྱེད་པ་མེད་པའི་ཚུལ་གྱིས་དག་པར་བྱེད་པ། གྲོལ་བར་བྱེད་པ་མེད་པའི་ཚུལ་གྱིས་གྲོལ་བར་བྱེད་པ། སྟོན་པ་པོ་གཉིས་སུ་མེད་པའི་ཚུལ་གྱིས་སྟོན་པ་པོ་མཉམ་པ། མཉམ་པ་མེད་པ་དང་མཉམ་པ། དཔག་ཏུ་མེད་པ་དང་མཉམ་པ། ནམ་མཁའ་དང་མཉམ་པ། གནས་མེད་པ་དང་མཉམ་པ། སྐྱེ་བ་མེད་པ་དང་མཉམ་པ། དམིགས་སུ་མེད་པ་དང་མཉམ་པ། མཉམ་པ་མེད་པ་དང་མཉམ་པར་གྱུར་པ། ཞི་བ་རབ་ཏུ་ཞི་བ། ཉེ་བར་ཞི་བ་རྟེན་མེད་པ། ཚད་མེད་པ། སྤྱོད་པ་སྒྱུར་བ། མི་ལྡོག་པར་ངེས་པར་འཛིན་པ་ཐམས་ཅད་བཅད་པ། ཕུལ་བ་མེད་པ། གཉིས་སུ་མེད་པ་སྟོན་པ། རྣམ་པར་རིག་པར་བྱེད་པ་མེད་པའི་ཚུལ་དང་། སྦྱོར་བ་མེད་པའི་ཚུལ་གྱིས་རང་བཞིན་གྱི་ངོ་བོ་ཉིད། རིང་པོ་མ་ཡིན་པ། ཟླུམ་པོ་མ་ཡིན་པ། ཕུང་པོས་རབ་ཏུ་ཕྱེ་བ་མ་ཡིན་པ། ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ། འདུས་བྱས་ཀྱི་རྣམ་པར་རྟོག་པ་མེད་པ། འདུས་བྱས་ཀྱི་རྣམ་པར་རྟོག་པའི་གནས་མེད་པ། འཕེལ་བ་མེད་པ། འགྲིབ་པ་མེད་པ། གཞལ་དུ་མེད་པ། གཞལ་དུ་མེད་པ་མ་ཡིན་པ། རྣོ་བ་རྣོ་བ་མ་ཡིན་པ། མཆོད་དུ་མེད་པ། མཆོད་དུ་མེད་པ་མ་ཡིན་པ་སྟེ། དེ་ལྟར་དེ་དེ་བཞིན་གཤེགས་པའི་སྐུ་ནི་ཡོན་ཏན་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ལ། སུས་ཀྱང་མ་ཤེས། མ་མཐོང་། མ་ཐོས། བྱེ་བྲག་མ་ཕྱེད། རྣམ་པར་མ་ཤེས། ཡོད་པ་མ་ཡིན་པ། ཚིག་ཏུ་
བརྗོད་དུ་མི་རུང་བ། འཇིག་རྟེན་གྱི་ཁོངས་སུ་མ་འདུས་པ། རྒྱུ་ལས་ཀྱང་མ་བྱུང་བ། རྒྱུ་མེད་པ་ལས་ཀྱང་མ་བྱུང་བ། སྐུ་དེ་ནི་ཐམས་ཅད་དུ་རྣམ་པར་རྟོག་པ་དང་། རྣམ་པར་རྟོག་པ་མེད་པའི་མཚན་ཉིད་རྣམས་དང་། མཚན་གྱི་གཞི་དང་། མཚན་དང་། བགྲང་བ་དང་། བསྒྲེ་བ་རྣམས་ཀྱིས་རྣམ་པར་རིག་པར་བྱེད་མི་ནུས་ལ། མྱ་ངན་ལས་འདའ་བར་གཤེགས་པ་ཡང་མ་ཡིན། མི་གཤེགས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ། །འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཚན་མའི་དངོས་པོ་རྣམས་ཀྱི་སྒོ་ནས་ཐུགས་སུ་ཆུད་པར་སྤྱོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ནི་མི་ནུས་སོ། །དེ་བཞིན་གཤེགས་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཤའི་སྐུ་མ་ཡིན་པ་ལ་ཁམ་པའི་སྣོད་བཞིན་དུ་ནད་དམ། གནོད་པའམ། འཇིག་པར་ག་ལ་འགྱུར། འཇིག་པ་དང་། ན་བ་དང་། མྱ་ངན་ལས་འདའ་བར་སྟོན་པ་གང་ཡིན་པ་དེ་ནི་གདུལ་བར་བྱ་བའི་དབང་གི་ཕྱིར་ཡིན་པར་བལྟ་བར་བྱའོ། །དེ་བས་ན་དེང་ཕྱིན་ཆད་དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་ལྟར་མི་ཤིགས་ཤིང་མཁྲེགས་པར་ཡིད་ལ་གྱིས་ཤིག ། གཞན་དག་ལ་ཡང་ཤའི་སྐུ་མ་ཡིན་ནོ། །ཞེས་སྟོན་ཅིག ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་པར་ཁོང་དུ་ཆུད་པར་གྱིས་ཤིག ། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ན་དེ་བཞིན་གཤེགས་པ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ལ་སྙུན་དང་མི་རྟག་པ་དང་འཇིག་པ་ག་ལ་ཞིག་མཆིས་ཏེ། དེང་སླན་ཆད་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། ཞི་བའོ་ཞེས་གཞན་དག་ལ་ཡང་བསྟན་པར་འཚལ་ན། རྡོ་རྗེ་ལྟ་བུར་མི་ཤིགས་པའི་སྐུ་འདི་ཇི་ལྟར་འགྲུབ་པར་འགྱུར་ལགས། སྐུ་འདི་ལྟ་བུར་རྒྱུ་ཅི་ལས་འགྲུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སྐུ་འདི་ལྟ་བུ་ནི་དམ་པའི་ཆོས་སྲུང་བའི་བསོད་ནམས་ཀྱི་རྒྱུས་གྲུབ་པ་ཡིན་ནོ། །རིགས་
ཀྱི་བུ་དམ་པའི་ཆོས་སྲུང་བའི་དགེ་བསྙེན་གྱིས་ནི་བསླབ་པའི་གཞི་ལྔ་བླང་བར་མི་བྱའོ། །དགེ་བསྙེན་གྱི་འདུལ་བ་ཡང་སྤྱད་པར་མི་བྱའོ། །ཚུལ་ཁྲིམས་དང་། ཆོ་ག་དང་ཡོན་ཏན་དང་ལྡན་པའི་དགེ་སློང་རྣམས་བསྲུང་བའི་ཕྱིར་མདའ་གཞུ་དང་། རལ་གྲི་དང་མདུང་ཐུང་ཁ་ལེབ་ལག་ཏུ་ཐོགས་པར་བྱའོ། །གསོལ་པ། དགེ་སློང་དག་ལས་སྲུངས་མ་དང་ལྷན་ཅིག་མི་འཁོད་པར་གཅིག་པུ་ཤིང་དྲུང་དུ་སྟན་བཏིང་བ་ལ་མཆིས་པ་གང་ལགས་པ་དེ་དག་ནི་དགེ་སློང་ཞེས་བགྱི་བ་ལགས་སོ། །སྲུངས་མ་དང་ལྷན་ཅིག་འཁོད་པ་གང་ལགས་པ་དེ་དག་ནི་ཁྱིམ་བདག་མགོ་རེག་ཅེས་བགྱི་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱིམ་བདག་མགོ་རེག་ཅེས་དེ་སྐད་མ་ཟེར་ཅིག ། འདི་ན་དགེ་སློང་ལ་ལ་མལ་སྟན་སར་པ་ལ་འདུག་ཅིང་དེ་ཟན་ཟོས་ནས་གཅིག་པུ་ཕྱོགས་གཅིག་ན་མི་སྨྲ་བར་འདུག་སྟེ། བསམ་གཏན་བྱེད་ལ་ལུས་ཀྱི་རང་བཞིན་ལ་ཡང་ལྟ་བར་བྱེད་དོ། །སེམས་ཅན་འོངས་པ་རྣམས་ལ་ཡང་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། བསོད་ནམས་ཀྱི་གཏམ་དང་། བསོད་ནམས་ཀྱི་རྣམ་པར་སྨིན་པའི་གཏམ་དང་། ཆོག་ཤེས་པ་དང་བསྙུང་བའི་ཆོས་སྟོན་ལ། སེང་གེའི་སྒྲ་སྒྲོགས་པར་ཡང་མི་བྱེད། སེང་གེ་ལྟ་བུའི་འཁོར་ཡང་མི་འཆང་། རྟགས་ཅན་འཆལ་པ་ཚར་གཅད་པའི་ཕྱིར་ཡང་སྟོན་པར་མི་བྱེད་པའི་དགེ་སློང་དེ་ནི་སྐྱེ་བོ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན། བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་ཞན་པ་ཡིན་པས་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ཙམ་དུ་ཟད་དོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་གཞན་ཞིག་ནས་གཞན་ཞིག་ན་མལ་སྟན་སར་པ་ལ་འདུག་ཅིང་སེང་གེའི་སྒྲ་སྒྲོགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་གསུང་རབ་ཡན་ལག་དགུ་མདོ་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་
བའི་ཆོས་ཀྱི་སྡེ་རྣམས་སྟོན་ཏེ། མདོ་འདི་ལ་དགེ་སློང་བྲན་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་ལ་སོགས་པ་རྫས་ངན་པ་འཆང་བ་རྣམས་ཆད་པས་གཅད་པར་བཤད་པ་ནི་བདག་ཅག་གི་རྐྱེན་དུ་འཚམ་པ་ཡིན་ཏེ། མདོ་ཆེ་གེ་མོ་ཞིག་ལས་ཀྱང་རབ་ཏུ་བྱུང་བ་རྫས་ངན་པ་འཆང་བ་རྣམས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེ་གེ་མོ་ཞིག་ལ་ཆད་པས་གཅོད་དུ་བཅུག་སྟེ། ཚུལ་ཁྲིམས་འཆལ་པ་རྣམས་ནི་གོས་སྐྱ་བོ་གྱོན་དུ་བཅུག་གོ །ཞེས་སྟོན་ཅིང་དེ་དེ་ལྟར་སེང་གེའི་སྒྲ་སྒྲོགས་པ་ལ་ཚུལ་ཁྲིམས་འཆལ་པ་རྣམས་ཀྱིས་དཀྲུགས་མ་བྱས་ཏེ། སྲོག་བཅད་དུ་ཟིན་ཀྱང་དགེ་སློང་དེ་ལ་ནི་ཚུལ་ཁྲིམས་དང་ལྡན་པ། བདག་ལ་ཕན་པ་དང་། གཞན་ལ་ཕན་པ་ལ་ཞུགས་པ་ཞེས་ང་ཟེར་རོ། །རྒྱུ་དེས་ན་རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་རྣམས་ལ་དམ་པའི་ཆོས་བསྲུང་བའི་ཕྱིར་ངས་དགེ་སློང་རྣམས་བསྲུང་བར་ཡང་གནང་། ཁྱིམ་བདག་མགོ་རེག་རྣམས་ཆད་པས་གཅོད་དུ་ཡང་གནང་ངོ་། །དེ་ལ་ཚུལ་ཁྲིམས་འཆལ་པ་གང་ཡིན་པ་དེ་དག་ནི་ཁྱིམ་བདག་མགོ་རེག་ཅེས་བྱ་སྟེ། དེ་ནི་ཚུལ་ཁྲིམས་དང་ལྡན་པའི་ཚིག་བླ་དགས་མ་ཡིན་ནོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་སྔ་རོལ་དུ་གྲོང་ཁྱེར་ཀུ་ཤི་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་སྐྱེད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། །དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་བདེ་བ་ཅན་བཞིན་དུ་ཡངས་པར་གྱུར་ཏེ། དེའི་ཚེ་སེམས་ཅན་དག་བདེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་བཞིན་དུ་བྲུ་བས་ཉམ་ཆུང་བ་མེད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་ལོ་བྱེ་བ་ཕྲག་དུ་མའི་བར་དུ་བཞུགས་བཞུགས་ནས་གྲོང་ཁྱེར་འདི་ཉིད་དང་གནས་འདི་ཉིད་དུ་མྱ་ངན་ལས་འདས་སོ། །དེ་ནས་དེའི་བསྟན་པ་ལོ་བྱེ་བ་ཕྲག་དུ་མའི་བར་དུ་གནས་གནས་ནས། གང་གི་ཚེ་བསྟན་པ་གནས་པ་དེའི་ལྷག་མ་ལོ་བཞི་བཅུ་ལུས་པ་དེའི་ཚེ་དམ་པའི་ཆོས་ནུབ་ཏུ་ཆ་བའི་དུས་ན་དགེ་སློང་སངས་རྒྱས་བྱིན་ཞེས་བྱ་བ་གཡོག་འཁོར་མང་པོ་དང་ལྡན་པ་སེང་གེའི་སྒྲ་སྒྲོགས་པ་གསུང་རབ་ཡན་ལག་དགུའི་ཆོས་སྟོན་པ་ཞིག་
བྱུང་སྟེ། དེ་བྲན་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་ལ་སོགས་པ་རྫས་ངན་པ་འཆང་བ་ལོག་པའི་ཆོས་སྟོན་པ། ཚུལ་ཁྲིམས་འཆལ་པ་སྡང་བའི་སེམས་དང་ལྡན་པ་རྣམས་ཀྱིས་ཐོས་ནས་བསད་པའི་སེམས་བསྐྱེད་དེ། ཚུལ་ཁྲིམས་འཆལ་པའི་ཕྱོགས་རྣམས་གཅིག་ཏུ་བསྡོངས་ནས་མཚོན་ཆ་སྣ་ཚོགས་ལག་ན་ཐོགས་ཏེ། དགེ་སློང་དེའི་ཐད་དུ་དོང་ངོ་། །ང་ཡང་དེའི་ཚེ་རྒྱལ་པོ་སྲིད་སྦྱིན་ཞེས་བྱ་བར་གྱུར་ཏེ། རྒྱལ་པོ་དེས་གཏམ་དེ་ཐོས་ནས་དམ་པའི་ཆོས་བསྲུང་བའི་ཕྱིར་དགེ་སློང་དེའི་ཐད་དུ་སོང་སྟེ་དེ་དག་དང་གཡུལ་བཀྱེའོ། །དེ་ནས་ཆོས་སྨྲས་པ་དེ་ལ་དེ་དག་གིས་མ་ཚུགས་སོ། །རྒྱལ་པོ་དེ་ནི་རལ་གྲི་དང་། མདུང་ཐུང་ཁ་ལེབ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདའ་རྣམས་ཀྱིས་ལུས་ལ་མ་གཙགས་པའི་ས་མཚམས་ཡུངས་འབྲུ་ཙམ་ཡང་མེད་པར་གྱུར་ཏོ། །དེ་ནས་དགེ་སློང་དེས་རྒྱལ་པོ་དེ་དེ་ལྟར་གྱུར་པ་མཐོང་ནས་ལེགས་སོ་ཞེས་སྨྲས་ཏེ། དམ་པའི་ཆོས་བསྲུང་བས་ནི་དེ་ལྟར་བྱ་དགོས་སོ། །ཁྱོད་ནི་ཆོས་དཔག་ཏུ་མེད་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་དེས་དགེ་སློང་དེའི་ཚིག་ཐོས་ནས་ཤི་བའི་འོག་ཏུ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་སོ། །དེར་སེམས་ཅན་གང་རྗེས་སུ་ཡི་རང་བར་གྱུར་པ་རྣམས་དང་། གཡུལ་འགྱེད་འགྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་རྣམ་པ་ཞེས་བྱ་བ་ཞིག་ཀྱང་བྱུང་ངོ་། །དགེ་སློང་སངས་རྒྱས་བྱིན་ཡང་རྒྱལ་པོ་དེ་ཤི་བའི་རྗེས་ལ་ཤི་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་ཏོ། །རྒྱལ་པོ་དེ་ཡང་ཉན་ཐོས་གཉིས་པར་གྱུར་ཏོ། །དེ་ལྟར་ན་དམ་པའི་ཆོས་ནུབ་པའི་ཚེ་དམ་པའི་ཆོས་བསྲུང་བར་བྱའོ། །དེའི་ཚེ་རྒྱལ་པོར་གྱུར་པ་དེ་ནི་ང་ཡིན་ནོ། །དགེ་སློང་དེ་ནི་སངས་རྒྱས་འོད་སྲུང་ཡིན་ཏེ་དེ་ནི་ཡོངས་སུ་མྱ་ངན་
ལས་འདས་སོ། །དེ་ལྟར་ན་དམ་པའི་ཆོས་བསྲུང་བའི་འབྲས་བུ་ནི་དཔག་ཏུ་མེད་དེ། འབྲས་བུ་རྣམ་པར་དག་པ་དེས་ན་ང་ཡང་རྨ་བྱ་མདོངས་རི་མོ་ཅན་མང་པོས་བརྒྱན་པ་ལྟ་བུར་གྱུར་ཏེ། མི་ཤིགས་པའི་སྐུ་དང་ཆོས་ཀྱི་སྐུ་མཉེས་པར་གྱུར་ཏོ། །འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། དེ་བཞིན་གཤེགས་པ་ནི་རྡོ་ལ་བརྐོས་པའི་ཡི་གེ་བཞིན་དུ་རྟག་པའི་སྐུ་དང་ལྡན་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་དམ་པའི་ཆོས་བསྲུང་བར་འདོད་པས་ནི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ན་ཡོད་པ་དེར་བསྲུང་བར་བྱའོ། །དགེ་བསྙེན་དམ་པའི་ཆོས་བསྲུང་བའི་འབྲས་བུ་ནི་རྒྱ་ཆེའོ། །རིགས་ཀྱི་བུ་དེ་བས་ན་དགེ་སློང་རྣམས་མཚོན་ཆ་ལག་ན་ཐོགས་པའི་དགེ་བསྙེན་དག་གིས་མདུན་དུ་བདར་སྟེ་རྒྱུ་བར་བྱའོ། ། ཐེག་པ་ཆེན་པོ་འདི་ལ་ནི་དགེ་བསྙེན་གྱིས་བསླབ་པའི་གཞི་ལྔ་བླང་བར་མི་བྱ་སྟེ། དམ་པའི་ཆོས་བསྲུང་བའི་ཕྱིར་ལག་ན་མཚོན་ཆ་ཐོགས་ཤིང་དགེ་སློང་རྣམས་བསྲུང་བར་བྱའོ། །གསོལ་པ་ཅི་ལགས་དགེ་སློང་གང་དག་དེ་ལྟ་བུའི་དགེ་བསྙེན་ལག་ན་མཚོན་ཆ་ཐོགས་པ་དང་ལྷན་ཅིག་འགྲོགས་ཤིང་རྒྱུ་བ་དེ་དག་སློབ་དཔོན་ལགས་སམ། འོན་ཏེ་སློབ་དཔོན་མ་ལགས། ཚུལ་ཁྲིམས་འཆལ་པ་ཞེས་བགྱིའམ། འོན་ཏེ་མི་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ནང་འཁྲུག་འབྱུང་བ་དང་། ཡུལ་བཅོམ་པ་དག་འབྱུང་བར་འགྱུར་ཏེ། དུས་ངན་པར་གྱུར་པ་དེའི་ཚེ་མུ་གེའི་ཉེས་པས་ཕལ་ཆེར་རབ་ཏུ་འབྱུང་ཞིང་མགོ་རེག་ཏུ་འགྱུར་ཏེ། དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་། སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དག་སྐྲོད་པར་འགྱུར། གསོད་པར་འགྱུར་ཏེ། དེར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་གྲོང་དང་། གྲོང་ཁྱེར་དང་། རི་ཁྲོད་ཀྱི་གྲོང་དག་ཏུ་ཇི་ལྟར་རྒྱུ་བར་བྱ་སྟེ། དེ་ལྟ་བུ་དག་གི་དུས་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སློབ་དཔོན་དུ་གྱུར་པ་རྣམས་ལམ་དུ་
འགྲོ་བ་ན་རང་གི་སྲོག་བསྲུང་བའི་ཕྱིར་མཚོན་ཆ་ལག་ན་ཐོགས་པ་དག་དེར་འགྲོ་བར་ངས་གནང་ངོ་། །དགེ་བསྙེན་རྣམས་དང་། ཁྱིམ་བདག་དང་། རྒྱལ་པོ་དང་། བློན་པོ་རྣམས་ཀྱིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་བསྲུང་བའི་ཕྱིར་མཚོན་ཆ་འཆང་བ་དེ་ཡང་ཚུལ་ཁྲིམས་ཡིན་ཞེས་ང་ཟེར་ཏེ། འོན་ཀྱང་གསད་པར་ནི་མི་བྱའོ། །དགག་པའི་ཕྱིར་མཚོན་ཆ་བཅང་བར་བྱ་སྟེ། དེ་ནི་མཆོག་ཏུ་མཁས་པའི་ཚུལ་ཁྲིམས་ཡིན་ནོ། །སློབ་དཔོན་ནི་ཐེག་པ་ཆེན་པོའི་གདམས་ངག་སྟོན་པ་དང་། ཡང་དག་པར་ལྟ་བ་དང་། རུང་བ་མ་ཡིན་པའི་གདུགས་དང་། འབྲུ་མར་གྱི་སྣོད་དང་། འབྲས་བུའི་རྣམ་གྲངས་རྣམས་སྤངས་པ་དང་། རྒྱལ་པོ་དང་བློན་པོ་རྣམས་ལ་མི་སྟེན་པ་དང་། རྙེད་པའི་ཕྱིར་སྦྱིན་པ་པོ་རྣམས་ལ་དགའ་བ་དང་སྙན་པར་སྨྲ་བ་མ་ཡིན་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པ་དང་། ཚུལ་མེད་པའི་དགེ་སྦྱོང་གི་དངོས་པོ་སེལ་བ་དང་། ཚུལ་ཁྲིམས་དང་ལྡན་པ་དང་དགེ་བའི་ཆོས་ཅན་དང་། རྒྱ་མཚོ་དང་འདྲ་བའི་བློ་གྲོས་འཆང་བ་དང་། བྱད་གཟུགས་དང་། ཆ་བྱད་དང་། རྙེད་པ་དང་བཀུར་སྟི་གཞན་མི་འདོད་པ་དང་། ཆོག་ཤེས་ཤིང་ཡོ་བྱད་བསྙུངས་པ་སྟོན་པ་གང་ཡིན་པ་སྟེ། དེ་ནི་སློབ་དཔོན་ཞེས་བྱའོ། །དེ་ནི་འཁོར་རྙེད་པ་དང་བཀུར་སྟི་འདོད་པའི་རང་གི་འཁོར་གྱི་དགེ་འདུན་གང་ཡིན་པ་དེ་དག་ནི་ཟློག་པར་བྱེད་དོ། །དེ་ལ་དགེ་འདུན་ལ་ཡང་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་པ་དང་འདྲེས་པ་དང་། བྱིས་པའི་དགེ་འདུན་དང་། རང་བཞིན་གྱི་དགེ་འདུན་ནོ། །དེ་ལ་ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ནི་དེས་ཟློག་པར་བྱེད་དེ། ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་རྣམས་འབའ་ཞིག་དང་འཐུན་པར་བྱེད་དེ། དེ་དག་ཚར་གཅོད་པར་མི་བྱེད་ཅིང་ཟང་ཟིང་གི་ཕྱིར་དེ་དག་དང་ལྷན་ཅིག་ཏུ་སྤྱོད་པ་འཐུན་པར་བྱེད་པ་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང་དེ་དག་དང་ལྷན་ཅིག་ཏུ་གནས་པས་ཚུལ་ཁྲིམས་འཆལ་པ་ཁོ་ན་ཡིན་པའི་གྲངས་སུ་འགྲོ་བར་འགྱུར་རོ། །འདི་ནི་ཚུལ་ཁྲིམས་
འཆལ་པ་དང་འདྲེས་པ་ཞེས་བྱ་སྟེ། དེའི་ཚུལ་མེད། ཟློག་པར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ། །བྱིས་པའི་དགེ་འདུན་ཞེས་བྱ་བ་ནི་དགོན་པ་པ་དང་། བསོད་ནམས་ཞན་པ་དང་། རྨུགས་པ་རྣམས་ཡིན་ཏེ། སྐབས་འབྱེད་པ་དང་། གསོ་སྦྱོང་རྣམས་ཀྱི་དུས་སུ་རང་གི་འཁོར་ཉི་ཚེ་དག་པར་བྱེད་ཀྱི་ཚུལ་ཁྲིམས་འཆལ་པ་རྣམས་དག་པར་མི་བྱེད་པར་དེ་དག་དང་ལྷན་ཅིག་ཏུ་འདྲེ་བར་གནས་པ་དེ་ནི་བྱིས་པའི་དགེ་འདུན་ཞེས་བྱ་སྟེ། རྨུགས་པ་དེ་དག་གི་ཚུལ་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ། །རང་བཞིན་གྱི་དགེ་འདུན་ནི་བདུད་བྱེ་བ་སྙེད་ཀྱིས་ཀྱང་མི་ཤིགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དག་པའོ། །ཚུལ་ཁྲིམས་འཆལ་པའི་དགེ་འདུན་རྣམ་པ་གཉིས་ཟློག་པར་བྱེད་པ་གང་ཡིན་པ་དེ་དག་ནི་སློབ་དཔོན་ཞེས་བྱའོ། །འདུལ་བ་འཛིན་པ་ཞེས་བྱ་བ་ནི་གདུལ་བར་བྱ་བའི་དབང་གིས་བསླབ་པའི་གཞི་དེ་དང་དེ་དག་ཤེས་ཏེ་རྔམས་ཆེན་པོ་ཡང་ཤེས་སོ། །རྔམས་ཆུང་ངུ་ཡང་ཤེས་སོ། །འདུལ་བ་མ་ཡིན་པ་ནི་བཙན་པར་མི་བྱེད་དོ། །འདུལ་བ་ནི་བཙན་པར་བྱེད་དོ། །གདུལ་བར་བྱ་བའི་དབང་ཇི་ལྟར་ཤེས་ཞེ་ན། བྱང་ཆུབ་སེམས་དཔའ་གདུལ་བར་བྱ་བའི་དབང་གིས་གྲོང་ཁྲོད་དུ་འགྲོ་བ་ཡོད་དོ། །དེ་ནི་བུད་མེད་དང་། གར་མཁན་མོའི་མདུན་ཁང་དང་། ཡུགས་ས་མོའི་ཁྱིམ་དང་། སྨད་འཚོང་མའི་ཁྱིམ་མ་གཏོགས་པར་ཁྱིམ་གྱི་ནང་ངམ་མདུན་ཁང་གང་དུ་འགྲོ་འདོད་ཀྱང་རུང་སྟེ། དེ་ལ་དེར་འགྲོ་བའི་དུས་ངེས་པ་མེད་དོ། །བྱང་ཆུབ་སེམས་དཔའི་དགེ་སློང་གིས་ནི་ལོ་གྲངས་མང་པོར་ཡང་གྲོང་ཁྲོད་དུ་རྒྱུ་བར་བཟོད་ཀྱི་ཉན་ཐོས་ཀྱི་དགེ་སློང་གིས་ནི་མི་བཟོད་དོ། །རྔམས་ཆེན་པོ་དང་། རྔམས་
ཆུང་ངུ་ཇི་ལྟར་ཤེས་ཞེ་ན། རྔམས་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དོན་གྱི་དམིགས་བྱུང་བ་གང་གཟིགས་ན་ནི་དེ་ལྟར་གཟིགས་པའི་འོག་ཏུ་ཕས་ཕམ་པ་བཞི་པོ་འདི་ལྟ་བུ་ཕྱིན་ཆད་མ་བྱེད་ཅིག ། གལ་ཏེ་ཁྱེད་ཀྱིས་བྱས་ན་རབ་ཏུ་དབྱུང་དུ་མེད་པར་འགྱུར་རོ། །ཞེས་བསླབ་པའི་གཞི་འཆའ་བར་མཛད་པ་དེ་ནི་རྔམས་ཆེན་པོ་ཞེས་བྱའོ། །རྔམས་ཆུང་ངུ་ཞེས་བྱ་བ་ནི་འདི་ན་ལ་ལ་ཞིག་གིས་དོན་གྱི་དམིགས་བྱུང་བ་གཅིག་ཅིག་བྱས་ལ། བསླབ་པའི་གཞི་དེ་དམ་པོར་མ་བྱས་པ་དེ་བཞིན་གཤེགས་པས་ལན་གསུམ་གྱི་བར་དུ་གཟིགས་ཀྱང་བསླབ་པའི་གཞི་གཞན་འཆའ་བར་མཛད་དེ་དེ་ནི་ཕྱིར་གསོ་བ་ཚང་པ་ཞེས་བྱ་སྟེ་རྔམས་ཆུང་ངུ་ཞེས་བྱའོ། །དེ་ཡང་ལྷག་མ་དང་བཅས་པའི་འདུལ་བ་ནི་བཙན་པར་བྱེད་དོ། །རུང་བ་མ་ཡིན་པའི་སྦྱིན་པའི་ཕན་ཡོན་གང་ལས་བྱུང་བའི་འདུལ་བ་དེ་ནི་བཙན་པར་མི་བྱེད་དོ། །འདུལ་བ་ལ་སློབ་པར་བྱེད་དོ། །ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་སྤངས་ལ་ཆོས་གོས་རྣམས་དང་བཅས་ཤིང་གཞི་ཆེན་པོ་ཡིན་ནོ། །དེ་ནི་དེའི་འདུལ་བ་ཡང་བཙན་པར་མི་བྱེད་ལ་གང་འདུལ་བ་ལ་སྣང་བ་དེ་ལ་དེ་མཆོག་ཏུ་ཆོག་ཤེས་པར་བྱེད་དོ། །སངས་རྒྱས་ཀྱི་གསུང་རབ་ལས་རྐྱེན་དུ་འཚམ་པ་སྟོན་པར་བྱེད་དོ། །དེ་ལས་བཏུས་པ་དེ་ལ་ཡང་འདུལ་བ་ཞེས་ང་ཟེར་ཏེ། དེ་ནི་འདུལ་བ་འཛིན་པ་ཡིན་ནོ། ། ཡི་གེ་གཅིག་ཀྱང་ཤེས་ཏེ། གང་ཡི་གེ་གཅིག་ཤེས་པ་དེ་ལྟ་བུ་ནི་འཇིག་རྟེན་ན་འདུལ་བ་འཛིན་པ་ཡིན་ཏེ། འདི་ནི་མདོ་སྡེ་ལ་འདུལ་བ་འཛིན་པ་ཞེས་བྱའོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་བསྟན་པ་ནི་དཔག་ཏུ་མེད་དོ། །དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་བོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྟ་ལགས་ཀྱང་བསམ་གྱིས་མི་ཁྱབ་ལགས། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་ཞི་བ་ལགས་ཏེ་བསམ་གྱིས་མི་ཁྱབ་བོ། །ཞེས་གཞན་དག་ལ་ཡང་བསྟན་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་ནི་རྡོ་རྗེ་ལྟར་མི་ཤིགས་པའི་སྐུ་འཛིན་པ་ལ་ཞུགས་པ་ཡིན་ཏེ། དེ་ལྟར་ཡང་དག་པའི་ལྟ་བ་དང་། བསླབ་པ་ལ་གུས་པར་བྱའོ། །དེ་བཞིན་གཤེགས་པ་རྡོ་རྗེ་ལྟར་མི་ཤིགས་པའི་སྐུ་དང་ལྡན་པར་ཡང་དག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་མེ་ལོང་གི་ངོས་ལ་རང་བཞིན་གྱིས་གཟུགས་བརྙན་སྣང་བ་དེ་བཞིན་དུ་དོན་དམ་པའི་སྐུ་གསལ་བར་མཐོང་ངོ་། །རྡོ་རྗེ་ལྟར་མི་ཤིགས་པའི་སྐུའི་ཕུང་པོ་ཞེས་བྱ་བའི་ལེའུ་སྟེ་
གཉིས་པའོ།། །།རིགས་ཀྱི་བུ་གཞན་ཡང་ད་ནི་མདོ་འདིའི་མིང་དང་ཡོན་ཏན་དང་། ཚུལ་ཡང་དག་པར་གཟུང་བར་གྱིས་ཤིག ། མདོ་འདིའི་མིང་ཐོས་ན་སེམས་ཅན་རྣམས་འགྲོ་བ་བཞིར་འགྲོ་བར་འགྱུར་བ་དེ་ནི་མི་སྲིད་དེ། མདོ་ཆེན་པོ་འདིའི་ཡོན་ཏན་དང་ཚུལ་སངས་རྒྱས་མང་པོས་བསྟན་པ་དེ་ལྟ་བུ་ངས་བསྟན་པར་བྱའོ། །གསོལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་མདོ་འདིའི་མིང་ཡང་དག་པར་འཛིན་པ་ལགས། ཇི་ལྟར་མདོ་འདིའི་མིང་འཛིན་པའི་གྲངས་སུ་གཏོགས་པ་ལགས། བཀའ་སྩལ་པ། མདོ་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་བ། ཚིག་འབྲུ་བཟང་བ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། རྡོ་རྗེ་ལྟ་བུའི་གཏེར་དང་ཆེ་བར་གྲགས་པ་ཡིན་ནོ། །རིགས་ཀྱི་བུ་དཔེར་ན་གང་གཱ་དང་ཡ་མུ་ན་ལ་སོགས་པ་ཆུ་ཀླུང་བརྒྱད་ནི་རྒྱ་མཚོ་ཆེན་པོ་ཁོ་ནར་འབབ་པ་དེ་བཞིན་དུ། ཉོན་མོངས་པ་རྣམ་པ་སྣ་ཚོགས་བྱེ་བ་སྙེད་ཀྱི་རང་བཞིན་གྱི་བདུད་ལ་སོགས་པ་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལུས་འདོར་ཞིང་འཆི་བ་འདི་ཁོ་ན་ཉིད་དུ་འདུ་བར་འགྱུར་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །གཞན་ཡང་དཔེར་ན་སྨན་དཔྱད་རིག་པ་གསུམ་ལ་སོགས་པའི་རིག་པ་རྣམས་ནི་རང་རང་གི་རྒྱུད་ཕྱི་མ་ཁོ་ནར་ཡོངས་སུ་འདུ་བར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་པའི་དགོངས་པའི་ཚིག་གསང་བའི་ཆོས་ཀྱི་སྒོ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོ་ནའི་ཁོངས་སུ་འདུ་བར་འགྱུར་བས་ན། དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དཔེར་ན་དབྱར་གྱི་དུས་སུ་ཞིང་པས་གཤོལ་ཆེན་པོས་རྨོས་ཏེ་ས་བོན་བཏབ་ནས་ས་བོན་འགྲུབ་པར་འདོད་ལ། གྲུབ་ནས་ནི་ཐམས་ཅད་གྲུབ་པའི་མཐར་ཐུག་པ་དེ་ཡིན་པའི་ཕྱིར་འདོད་པ་མེད་པར་འགྱུར་བ་
དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་མདོ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྒོམས་ཟིན་ནས་ཀྱང་མདོ་གཞན་གྱི་བཅུད་འདོད་པར་བྱེད་ལ། མདོ་འདིའི་བཅུད་ནི་ཐམས་ཅད་གྲུབ་པའི་མཐར་ཐུག་པ་དང་། འདིས་སེམས་ཅན་ཐམས་ཅད་སྲིད་པ་ཐམས་ཅད་ལས་རྒལ་བར་འགྱུར་བ་ཡིན་ནོ། །རིགས་ཀྱི་བུ་དཔེར་ན་རྗེས་ཀྱི་སྣ་གྲངས་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་གླང་པོ་ཆེའི་རྗེས་ཀྱི་ཁོངས་སུ་འདུ་བར་འགྱུར་ཏེ། གླང་པོ་ཆེའི་རྗེས་ནི་དེ་དག་གི་ནང་ན་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱ་བ་དེ་བཞིན་དུ་རིགས་ཀྱི་བུ་མདོ་འདིའི་ཏིང་ངེ་འཛིན་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོ་ནའི་ཁོངས་སུ་འདུ་བར་འགྱུར་ཏེ། མདོ་འདིའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ནང་ན་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་སྟོན་གྱི་དུས་སུ་ལོ་ཏོག་བཏབ་པ་ནི་རྨོས་ཐམས་ཅད་ཀྱི་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱ་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོའི་རྟག་པ་ཉིད་ཀྱི་གཤོལ་ཆེན་པོས་རྨོས་པ་ནི་མདོ་ཐམས་ཅད་ཀྱི་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱ་སྟེ། འདིར་དཀར་པོའི་ཕྱོགས་ཀྱི་ཐབས་དང་སྦྱར་རོ། །ཉན་ཐོས་ཀྱི་ཐེག་པའི་ཡང་དག་པར་ལྡན་པའི་མདོའི་རྣམ་པར་དབྱེ་བ་ཡང་འདིར་སྦྱར་བར་བྱའོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་མཁྲིས་པ་རྒྱས་པའི་ནད་ཀྱིས་ཐེབས་པ་ལ་ནི་མར་དང་། མངར་བ་བརྒྱད་ཀྱི་སྨན་འབའ་ཞིག་ལྷག་པར་ཕན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་དགོངས་པའི་ཚིག་གི་མཁྲིས་པ་རྒྱས་པའི་ནད་ཀྱིས་ཟིན་པ་ལ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མངར་བ་བརྒྱད་ཀྱི་སྨན་འབའ་ཞིག་ལྷག་པར་ཕན་ཏེ། འདིར་མངར་བ་བརྒྱད་གང་ཞེ་ན། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། ཞི་བ་དང་། བསིལ་བའི་རང་བཞིན་དང་། རྒ་
བ་མེད་པ་དང་། འཆི་བ་མེད་པ་དང་། དྲི་མ་མེད་པ་དང་། བདེ་བ་སྟེ། འདི་རྣམས་ནི་འདིར་དངར་བ་བརྒྱད་ཅེས་བྱ་སྟེ། གང་གི་ཕྱིར་དངར་བ་ཆེན་པོ་ཡིན་པས་ན་དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མིང་དང་ཡོན་ཏན་དང་ཚུལ་དེ་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདས་པ་རྣམ་པ་དུ་མ་སྟོན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིས་མྱ་ངན་ལས་འདའ་བར་འདོད་པས་ནི་དེ་བཞིན་གཤེགས་པ་དང་། ཆོས་དང་དགེ་འདུན་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་སྤྱད་པ་སྤྱོད་པར་འདོད་པས་ནི་དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ། །གསོལ་པ། ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་ལགས་སོ། །ཆོས་བསྟན་པ་བསམ་གྱིས་མི་ཁྱབ་ལགས་སོ། །དགེ་འདུན་ཡོན་ཏན་གྱི་ཚོགས་དང་ལྡན་པ་བསམ་གྱིས་མི་ཁྱབ་ལགས་སོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཡང་བསམ་གྱིས་མི་ཁྱབ་ལགས་སོ། །འདི་ལ་གང་དག་བཀའ་བཞིན་དུ་བྱེད་པ་དེ་དག་ནི་ཡང་དག་པར་འཛིན་པའི་སེམས་ཅན་ལགས་སོ། །དེ་དག་ནི་མཆོད་རྟེན་ལྟ་བུ་ལགས་སོ། །གཞན་ནི་མྱ་ངན་དུ་བགྱི་བ་ལགས། མི་ཤེས་པའི་དགོན་པ་ན་འཁོད་པ་ལགས་སོ། །མདོའི་མིང་གི་གཏན་ཚིགས་དང་ཡོན་ཏན་གྱི་ཚུལ་གྱི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། །།རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ལས་ཆོས་ཀྱི་སྣ་གྲངས་རྣམ་པ་བཞི་སྟོན་པར་བྱེད་དེ། སྣ་གྲངས་རྣམ་པ་བཞི་གང་ཞེ་ན། རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་དང་། གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་བ་དང་། འདྲི་བའི་དབང་ཞེས་བྱ་བ་དང་། དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བ་སྟེ་བཞི་པོ་ནི་དེ་དག་
ཡིན་ནོ། །དེ་ལ་རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གང་ལ་གཟིགས་ནས་ཆོས་སྟོན་པར་མཛད་པ་སྟེ། དཔེར་ན་ཤིང་གི་ཕུང་པོ་ འབར་ཞིང་སྣང་བར་གྱུར་པ་གཟིགས་ནས་དགེ་སློང་དག་གང་དག་དེ་བཞིན་གཤེགས་པ་ལས་གསང་བ ་སྣ་ཚོགས་ཐོས་ན་འདི་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་གཞན་དག་ལ་ཟེར་ཞིང་། རང་བཟོའི་ཚིག་འབྲུ་སྣ་ཚོགས་རྣམས་ལ་དེ་བཞིན་གཤེགས་པས་གསུངས་པ་ཡིན་ནོ། །ཞེས་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་དང་། ཆོས་དང་དགེ་སློང་གི་དགེ་འདུན་ནི་མི་རྟག་གོ་ཞེས་ཟེར་བ་བས་ནི་ཤིང་གི་ཕུང་པོ་ འབར་བ ་འདི་ལ་ཀུན་ནས་རེག་ཅིང་པང་དུ་བླངས་ཀྱང་སླའོ། །གང་དག་བདུད་ཀྱིས་སྨྲས་པའོ་ཞེས་ཟེར་བ་དང་། གང་དག་ཕྱིན་ཅི་ལོག་གི་ཆོས་དེ་འཛིན་པར་བྱེད་པ་དེ་དག་ནི་བརྫུན་དུ་སྨྲ་བའོ། །དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བའི་ཚིག་སྨྲ་བ་བས་ནི་ཤིང་གི་ཕུང་པོ་ འབར་བ ་འདི་ལ་ལྕེས་ཀུན་ནས་རེག་པར་བྱས་ཏེ་ཤི་ཡང་བླའི་ཚིག་དེ་ནི་མཉན་པར་ཡང་མི་བྱའོ། །དེ་བཞིན་གཤེགས་པ་རྟག་པའོ་ཞེས་འདོགས་མི་ནུས་པ་དེ་དག་ནི་མྱ་ངན་དུ་བྱ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་དེའི་རྗེས་སུ་བསྟན་པ་དང་ཉན་ཐོས་ཀྱི་དགེ་འདུན་ཡང་བསམ་གྱིས་མི་ཁྱབ་བོ་སྙམ་དུ་གཟུང་བར་བྱའོ། །དེ་ལ་སོགས་པ་ཤིང་གི་ཕུང་པོ་ འབར་བ ་ཞེས་བྱ་བ་མན་ཅད་ནི་རང་གི་ལྷག་པའི་བསམ་པ་ཞེས་བྱ་བའི་སྣ་གྲངས་སོ། །གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཆོས་སྟོན་ཅིང་བཞུགས་པ་ན་བུད་མེད་གཞོན་ནུ་གསར་དུ་བུ་བྱུང་བ་ལ་ལ་ཞིག་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་ནས་ཕྱོགས་གཅིག་ཏུ་འདུག་སྟེ་སེམས་ཤིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་སུ་ཆུད་ནས་ཆོས་སྟོན་པར་མཛད་དེ། དཔེར་ན་བུད་མེད་བུ་ལ་བྱམས་པའི་ཐབས་མཁས་པས་ཇི་ཙམ་འཇུ་ནུས་པའི་དྲོད་ཤེས་ནས་རང་གི་མཛུབ་མོའི་ཐོར་ཏོས་བདག་གི་བུ་ཆུང་ངུ་མར་བལྡག་ཏུ་བཅུག་པ་བཞིན་ནོ་ཞེས་གསུངས་སོ། །དེ་ནས་
བུད་མེད་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་ཀྱིས་ནི་བདག་གི་སེམས་ཀྱི་རྟོག་པ་ཐུགས་སུ་ཆུད་ནས་ལྷག་ཆད་མེད་པར་བཀའ་སྩལ་ཏེ། བདག་སློབ་ཏུ་སྩལ་པ་ཁོ་ན་བཞིན་ལགས་སོ། །བཅོམ་ལྡན་འདས་བདག་གིས་དེང་བྱིས་པ་ལ་མཛུབ་མོའི་ཐོར་ཏོས་ཆབ་མར་སྩལ་པ་དྲག་པར་འགྱུར་ཏེ་དེས་ན་འདི་མ་ཞུ་བར་གྱུར་ལགས་སོ། །བཅོམ་ལྡན་འདས་ཅི་ལགས། བདག་གི་ཁྱེའུ་འདི་ཚེ་རིང་བར་འགྱུར་རམ། འོན་ཏེ་ཚེ་ཐུང་བར་གྱུར་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བསྟན་དུ་གསོལ། བཀའ་སྩལ་པ། ཁྱོད་ཀྱི་བུ་འདི་བདེ་བ་དང་ལྡན་ཞིང་ཚེ་རིང་བར་འགྱུར་རོ། །དེ་ནས་བུད་མེད་དེ་མགུ་བར་གྱུར་ནས་གསོལ་པ། ཁྱོད་ཀྱི་བདེན་པའི་ཚིག་གིས་བདག་ཤིན་ཏུ་མགུ་ལགས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ནི་གདུལ་བར་བྱ་བའི་དབང་ལ་གཟིགས་ཤིང་འཇུ་བ་དང་མི་འཇུ་བའི་ཉམས་སྟོབས་དང་སྦྱར་ནས་ཆོས་ཐམས་ཅད་བདག་མེད་པ་དང་། སྡུག་བསྔལ་བར་སྟོན་པར་མཛད་དོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་སྟོབས་ཆེ་ཆུང་དང་མ་སྦྱར་བར་སེམས་ཅན་རྣམས་ལ་རྟག་པའི་གསང་བ་བསྟན་པ་ལགས་ན་ཆབ་མར་མ་ཞུ་བ་དང་འདྲ་བར་སེམས་ཅན་རྣམས་ཆབ་འཚལ་བར་འགྱུར་ལགས་སོ། །བཀའ་སྩལ་པ། ཆེ་ཞེ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་མོས་ནི་དེ་ལྟར་བྱ་དགོས་སོ། །ཆེ་ཞེ་གཞན་ཡང་གང་གི་ཚེ་ཁྱོད་ཀྱི་བུ་གོམ་པ་འདོར་ནུས་པར་གྱུར་པ་དེའི་ཚེ་ཁ་ཟས་སྣུམ་པ་གང་དང་གང་བྱིན་པ་དེ་དང་དེ་འཇུ་ནུས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ནི་བཀའ་མད་དོ། །བཀའ་སྩལ་པ། ཅི་དང་པོའི་ཟས་ཀྱིས་མགུ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། ཆེ་ཞེ་དེ་བཞིན་དུ་གང་གི་ཚེ་ངའི་ཉན་ཐོས་རྣམས་ཀྱིས་བྱིས་པ་ཆུང་ངུ་ཉུང་ངུ་ཟ་བ་དང་འདྲ་བ་དེའི་ཚེ་ང་མར་དང་འདྲ་བ་སྡུག་བསྔལ་དང་། མི་རྟག་པ་དང་སྟོང་པ་དང་བདག་མེད་པའི་དོན་དུ་སྟོན་ཏོ། །གང་གི་ཚེ་ཁྱོད་ཀྱི་བུ་སྐྱེས་པ་བཞིན་དུ་ཉན་ཐོས་ཆེན་པོར་གྱུར་ཏེ། སྟོབས་ཆེར་སྐྱེས་ཤིང་ཐེག་པ་ཆེན་པོ་འདོད་པར་གྱུར་པ་
དེའི་ཚེ་ནི་ང་ཡང་རོ་དྲུག་དང་ལྡན་པའི་ཁ་ཟས་ཆེན་པོ་དང་འདྲ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་སྟོན་ཏོ། །དེ་ལ་རོ་དྲུག་པོ་རྣམས་གང་ཞེ་ན། སྡུག་བསྔལ་གྱི་སྐྱུར་དང་། མི་རྟག་པའི་ལན་ཚྭ་དང་། བདག་མེད་པའི་ཚ་བ་དང་། བདེ་བའི་མངར་བ་དང་། བདག་ཡོད་པའི་བསྐ་བ་དང་། རྟག་པའི་ཁ་བ་རྣམས་ཏེ། རོ་དྲུག་པོ་འདི་རྣམས་ཉོན་མོངས་པའི་བུད་ཤིང་དང་སྒྱུ་མའི་མེས་བཙོས་པའི་ཟས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་འབྲས་ཆན་ཞིམ་པོ་ངའི་ཉན་ཐོས་རྣམས་ཟ་བར་འགྱུར་རོ། །ཆེ་ཞེ་གཞན་ཡང་དཔེར་ན་ཁྱོད་གཞན་གྱིས་བོས་སམ། གཞན་གྱི་གཙུག་ཕུད་བཅའ་བའི་ཕྱིར་གྲོང་གཞན་དུ་འགྲོ་བར་འདོད་པ་ན་བུ་ངན་པ་རྣམས་བོར་ཏེ། བུ་བཟང་པོ་རྣམས་བླངས་ནས་གཏེར་གསང་བ་རྣམས་སྟོན་པར་བྱེད་དམ། བཅོམ་ལྡན་འདས་དེ་ནི་བཀའ་མད་དེ། བུ་ངན་པ་ཚུལ་མ་མཆིས་པ་ནོར་གྱི་སྐལ་བ་ཅན་མ་ལགས་པ་དེ་དག་ལ་ནི་བདག་ནོར་སྟོན་པར་མི་བགྱིད་ལགས་ཀྱི། བདག་ནི་བུ་བཟང་པོ་ཁྱིམ་སོ་འཛིན་པ་ཁྱིམ་གྱི་དོན་སྒྲུབ་པ་རྫས་བསྟན་པར་འོས་པ་དེ་དག་ལ་སྟོན་པར་བགྱིད་ལགས་སོ། །བཀའ་སྩལ་པ། ཆེ་ཞེ་དེ་བཞིན་དུ་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བའི་བྱ་བ་བྱེད་པ་དེའི་ཚེ་དེ་བཞིན་གཤེགས་པ་གསང་བ་སྣ་ཚོགས་ཀྱི་དགོངས་པའི་ཚིག་མ་ལུས་པར་ཉན་ཐོས་རྣམས་ལ་སྟོན་ཏེ། དེར་སྲས་རྣམས་ལ་དད་པ་སྦྱིན་པར་མཛད་དོ། །ཆེ་ཞེ་དཔེར་ན་ཁྱོད་བྱེས་སུ་སོང་བ་ན་བུ་ངན་པ་རྣམས་ཁྱོད་མ་ཤི་བར་ཤིའོ་སྙམ་དུ་སེམས་སམ། བཅོམ་ལྡན་འདས་དེ་ནི་བཀའ་མད་དོ། །བཀའ་སྩལ་པ། དེ་ནས་ཁྱོད་ཕྱིར་འོངས་པ་དེ་དག་གིས་མཐོང་བ་དེ་བཞིན་དུ་ཆེ་ཞེ་ང་ལ་མི་རྟག་གོ་སྙམ་དུ་འདུ་ཤེས་མ་བྱེད་ཅིག ། དེང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་ཤི་བའི་འདུ་ཤེས་བཞིན་དུ་དེ་ལྟར་མ་འཛིན་ཅིག ། གང་དག་རྟག་ཏུ་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་ཐེར་ཟུག་པའོ་སྙམ་དུ་འཛིན་པ་དེ་དག་གི་ཁྱིམ་ན་ནི་དེ་བཞིན་གཤེགས་པ་
བཞུགས་ཏེ་འདི་ནི་གཞན་གྱི་ལྷག་པའི་བསམ་པ་ཞེས་བྱའོ། །འདྲི་བའི་དབང་ཞེས་བྱ་བ་ནི་འདི་ན་ལ་ལ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བར་བྱེད་དེ། བཅོམ་ལྡན་འདས་ཇི་ལྟར་བགྱིས་ན་བདག་གིས་སུ་ལ་ཡང་ཅི་ཡང་མ་སྩལ་བར་འཇིག་རྟེན་དུ་སྦྱིན་པ་པོར་གྲགས་པའི་གཏམ་སྙན་པ་ཐོབ་པར་འགྱུར་ལགས། དེ་བཞིན་གཤེགས་པས་དེ་ལ་དེ་སྐད་ཅེས་བཀའ་སྩལ་ཏོ། །ཆགས་པ་མེད་པ་ལ་བྲན་དང་བྲན་མོ་བླང་བར་སྟོབས་ཤིག ། གཏན་དུ་ཚངས་པར་སྤྱོད་པ་ལ་བུ་མོའི་སྦྱིན་པ་གྱིས་ཤིག ། ཤ་མི་ཟ་བ་ལ་ཤ་ཟར་ཆུག་ཤིག ། ཆང་མི་འཐུང་བ་ལ་ཆང་འཐུང་དུ་ཆུག་ཤིག ། དུས་སུ་ཟ་བ་ལ་དུས་མ་ཡིན་པར་ཟས་བྱིན་ཅིག ། མེ་ཏོག་ཕྲེང་དང་རྒྱན་མི་ཐོགས་པ་ལ་ཕྱེ་མ་དང་། སྤོས་དང་། མེ་ཏོག་དང་། བདུག་པ་རྣམས་བྱིན་ཅིག ། དེ་དག་གི་དུས་ཤེས་པར་གྱིས་ལ་མགྲོན་དུ་བོས་ཤིག་དང་། ཁྱོད་ཀྱིས་དེ་ལྟར་བྱས་ན་འཇིག་རྟེན་འདིར་སྦྱིན་བདག་གི་རྒྱལ་པོ་ཡིན་ནོ། །ཞེས་གྲགས་པ་ཆེན་པོར་འགྱུར་ཏེ་བསོད་ནམས་འཕེལ་བར་ནི་མི་འགྱུར་རོ།། །།བམ་པོ་ལྔ་པ། དེ་ནས་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ། །ཤ་མི་འཚལ་བ་ལ་གཟུད་པ་ནི་ཆེད་ཆེར་བགྱི་བ་ལགས་ན་ཤ་མི་འཚལ་བ་ལ་ཤ་འཚལ་དུ་སྩལ་ན་ནོངས་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ངའི་དགོངས་པ་རིག་སྟེ། དམ་པའི་ཆོས་སྲུང་བས་ནི་དེ་ལྟར་བྱ་དགོས་སོ། །རིགས་ཀྱི་བུ་ད་ཕྱིན་ཅད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན་ཤ་བཟའ་བར་ངས་ཇི་ལྟར་གནང་། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ། །ཞེས་ངས་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་
བསྡམ་པའི་ཕྱིར་དེང་ངས་བོར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ་དོན་ཆེད་ཀྱི་མུ་དགུ་དང་། ཤ་རྣམ་པ་བཅུ་སྤང་བ་བཀའ་སྩལ་ལགས། བཀའ་སྩལ་པ། ཚིག་བཞག་པ་དེ་དག་ཀྱང་ཤ་མི་བཟའ་བར་བསྡམ་པའི་ཕྱིར་བཅད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ་ཤ་དང་ཉ་ཤ་བཟའ་བ་ཡང་ཁ་ཟས་བཟང་པོར་གསུངས་ལགས། བཀའ་སྩལ་པ། ངས་ནི་ཤ་དང་ཉ་ཤ་ཁ་ཟས་བཟང་པོར་མ་གསུངས་ཀྱི། ངས་ནི་བུ་རམ་ཤིང་དང་། འབྲས་སཱ་ལུ་དང་། འབྲུ་དང་། གྲོ་དང་། ནས་དང་། སྲན་སྡེའུ་དང་། སྲན་གྲེའུ་རྣམས་དང་། དངར་བག་ཁ་ར་དང་། ལི་ཁ་ར་དང་། སྦྲང་རྩི་དང་། མར་དང་། འོ་མ་དང་། འབྲུ་མར་རྣམས་ཁ་ཟས་བཟང་པོར་གསུངས་སོ། །ངས་ནི་ལུས་གཡོགས་པའི་ཕྱིར་གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་བསྒྱུར་བར་བྱའོ། །ཞེས་བསྟན་ན་ཤ་བཟའ་བའི་རོ་ལ་ཆགས་པ་ལྟ་ཅི་སྨོས། གསོལ་པ། དེ་ལྟ་ན་ནི་བའི་བཅུད་རྣམ་ལྔ་དང་། ཏིལ་དང་། འབྲུ་མར་ཤིང་གི་ཁུ་བ་དང་། དུང་དང་། ཟབ་དར་ལ་སོགས་པ་ཡང་ཁྲིམས་སུ་བཅའ་བའི་རིགས་ལགས་སོ། །བཀའ་སྩལ་པ། གཅེར་བུ་པའི་ལྟ་བ་མ་འཛིན་ཅིག ། ང་ནི་འདུ་ཤེས་གཞན་གྱིས་ད་ཁྱོད་ལ་བསླབ་པའི་གཞི་བཅའ་བར་བྱ་སྟེ། མུ་གསུམ་གྱི་ཤ་ཡང་མི་བཟའ་བར་བསྡམས་སོ། །དོན་ཆེད་དུ་བྱས་པ་ཁྱོད་ཀྱིས་རིག་པ་དེ་ཡང་བསྡམས་སོ། །ཤ་རྣམ་པ་བཅུ་ལ་མ་གཏོགས་པ་དེ་ཡང་སྤངས་སོ། །ཤི་བའི་ཤ་ཡང་སྤངས་སོ། །ཤ་ཟ་བ་ནི་འགྲོ་ཡང་རུང་འདུག་ཀྱང་རུང་སྟེ། སྲོག་ཆགས་ཐམས་ཅད་དེའི་དྲི་ཚོར་ནས་དེས་འཇིགས་ཏེ། དཔེར་ན་མིས་ཤིང་ཀུན་ནམ་སྒོག་སྐྱ་ཟོས་ན་མིའོ་ཅོག་གི་སེམས་མ་དད་པར་འགྱུར་ཞིང་མི་འཐུན་པར་འགྱུར་ལ། མི་མང་པོ་ཚོགས་པའམ། སྐྱེ་བོ་མང་པོས་གང་བའི་ནང་དུ་སེམས་ཅན་དེ་དག་གིས་ཆེ་གེ་མོ་ཞིག་གིས་ཟོས་སོ། །ཞེས་ཤེས་པ་དེ་བཞིན་དུ་སྲོག་ཆགས་ཐམས་ཅད་ཀྱིས་ཤ་ཟ་བའི་མི་ངོ་ཤེས་ཏེ། དེ་དག་གིས་དྲི་ཚོར་ནས་འཆི་བའི་འཇིགས་པས་སྐྲག་པར་འགྱུར་ཏེ། དེ་རྒྱུ་ཞིང་འགྲོ་བ་ན་ཆུ་དང་། སྐམ་ས་
དང་། ནམ་མཁའ་ལ་གནས་པའི་སྐྱེ་བོ་རྣམས་སྐྲག་སྟེ། བདག་ཅག་འདིས་གསད་དུ་འོང་ངོ་སྙམ་ནས་འཁམས་ནས་ཀྱང་འཆི་བར་འགྱུར་རོ། །རྒྱུ་དེ་དག་གིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤ་མི་ཟའོ། །གདུལ་བར་བྱ་བའི་དབང་གིས་ནི་ཤ་ཟ་བ་ལྟ་བུར་ཡང་སྟོན་མོད་ཀྱི། ཁ་ཟས་ཐ་མལ་པ་ཡང་མི་ཟ་ན་ཤ་ལྟ་ཅི་སྨོས། རིགས་ཀྱི་བུ་ང་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ན་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་མེད་པར་གྱུར་ལ། དམ་པའི་ཆོས་གཏན་ཞིག་པའི་ཚེ་དགེ་སློང་འདུལ་བ་དང་མ་མོ་འཛིན་པ། རྟོག་པ་སྣ་ཚོགས་ཅན། རང་གི་ལུས་གསོ་བར་བྱེད་པ། ཤ་སྣ་ཚོགས་གཅེས་པར་འཛིན་པ། ཁམས་འཁྲུགས་པ་དང་། བཀྲེས་པ་དང་། སྐོམ་པས་གཟིར་བ། ཆ་ལུགས་འཇིགས་འཇིགས་ལྟར་འདུག་པ། བ་ལང་རྫི་འདྲ་བ། བྱ་པ་འདྲ་བ། ཆོས་གོས་ཚོན་ཅན་གྱི་རྟགས་འཆང་བ། བྱི་ལའི་བརྟུལ་ཞུགས་སྤྱོད་པ། བདག་ནི་དགྲ་བཅོམ་པ་ཡིན་ནོ། །ཞེས་ཁས་འཆེ་བ། གནོད་པ་མང་པོས་ཉེན་པ། རང་གི་གཅིན་དང་ཕྱི་སས་ལུས་གོས་པ། ཐུབ་པ་བཞིན་དུ་ཆ་ལུགས་བཟང་པོར་འཆོས་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་ལྟར་འཆོས་པ། དམ་པའི་ཆོས་ལྟར་བཅོས་མའི་ཡི་གེ་འཆང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ངས་བཅས་པའི་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་ལྡན་པའི་ཚུལ་དང་། རུང་བ་མ་ཡིན་པ་ལ་ཆགས་པ་ལས་རྣམ་པར་གྲོལ་བ། ཐར་པའི་དེ་ཁོ་ན་ཉིད་ཀྱི་ཡི་གེ་བཤིག་ནས་འདུལ་བ་དང་། མདོ་སྡེ་སོ་སོ་ནས་ཅི་དགའ་མགུར་འཆོས་ཤིང་སྨྲ་བར་བྱེད་དེ། འདི་ལྟར་བདག་ཅག་གི་འདུལ་བ་ལས་བཅོམ་ལྡན་འདས་ཀྱིས་ཤའི་བཅུད་ཀྱི་སྦྱིན་པ་ནི་རུང་བ་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་ཞིང་། ཤཱཀྱའི་བུའི་དགེ་སྦྱོང་རྣམས་བདག་ཉིད་ཀྱིས་རང་བཟོར་བྱེད་ཅིང་འགལ་བར་སྨྲ་བ་དག་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་རུང་བ་མ་ཡིན་པའི་འབྲས་རྗེན་པ་དང་། ཤ་དང་ཉ་ཤ་ལེན་པ་དང་། སྣམས་སུ་སྦྱོར་བ་དང་། འབྲུ་
མར་གྱི་སྣོད་དང་། གདུགས་བྱེད་པ་དང་། ལྷམ་བྱེད་པ་དང་། རྒྱལ་པོ་ལ་སྟེན་པ་དང་། མོ་ཡིག་འཆང་བ་དང་། སྨན་པའི་དཔྱད་ལ་བརྩོན་པ་དང་། བྲན་དང་། བྲན་མོ་དང་། གསེར་དང་། དངུལ་དང་། བྱི་རུ་དང་། དུང་དང་། མན་ཤེལ་དང་། མུ་ཏིག་གི་དོ་ཤལ་དང་། ཤིང་ཐོག་རྣམས་ལེན་པ་དང་། རིག་པ་དང་། རི་མོ་མཁན་དང་། གཟུགས་མཁན་དང་། བསྐྱེད་ཤིང་འཛུགས་པ་དང་། གསང་སྔགས་དང་། སྨན་དང་བྱིས་པའི་རྩེད་མོ་དང་། གར་ཐབས་ཀྱི་ཡན་ལག་དང་། མིག་འཕྲུལ་དང་། རེངས་པར་བྱ་བའི་ཕྱིར་སྦྱོར་བ་དང་། གླུ་གར་དང་། མེ་ཏོག་ཕྲེང་དང་། སོ་རྩི་དང་། སྨན་མར་ཆེན་པོ་བསྐོལ་བ་དང་། སྤོས་དང་བྱུག་པ་འཆང་བ་དང་། འགྲོས་འཆོས་པ་རྣམས་སློབ་པ་དང་། སྒེག་པའི་སྦྱོར་བ་ལ་བརྩོན་པ་དག་འབྱུང་བར་འགྱུར་ཏེ། དེ་དག་སྤངས་པ་ལ་ནི་དགེ་སློང་ཞེས་ང་ཟེར་རོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་བགྱི་ལགས། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གཞན་གྱིས་སྩལ་པས་འཚོ་བ་རྣམས་ཀྱིས་ཡུལ་གང་མ་བརྟགས་པའི་ཟས་མོད་པ་དེར་བསོད་སྙོམས་ཤ་དང་འདྲེས་པ་ཇི་ལྟར་དག་པར་བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ་བར་ཆུས་བཀྲུས་ཏེ་བཟའ་བར་བྱའོ། །ཞེས་ངས་བསྟན་ཏོ། །ཡུལ་དེ་ལྟ་བུ་ན་ཟས་དང་། སྐོམ་ཤའི་ཟས་ཀྱིས་ཤས་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤང་བར་བྱའོ། །སྣོད་གཅིག་ལ་གཅིག་རེག་སྟེ་ཁ་ཟས་དངོས་མ་འདྲེས་པ་དེ་ལ་ནི་ཉེས་པ་མེད་དོ། །ཤའམ། ཉ་ཤའམ། རི་དགས་ཀྱི་ཤའམ། རྨིག་པ་སྐམ་པོའམ། ཤའི་བག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དུ་འགྱུར་རོ། །ཞེས་ང་ཟེར་རོ། །སྔར་ནི་དོན་གྱི་དམིགས་བྱུང་བའི་སྐབས་སུ་བསྟན་ཏོ། །ད་འདིར་ནི་ཤ་ཟ་བ་ལས་གནོད་པར་འགྱུར་བར་ངས་བསྟན་ཏོ། །འདི་ནི་ང་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་མང་དུ་བཤད་པ་ཡིན་ཏེ། འདི་ནི་འདྲི་བའི་དབང་ཞེས་བྱའོ། །དེ་ལ་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བ་ནི་དགེ་སློང་
ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་དག་ང་ལ་འདི་སྐད་ཅེས་འདྲི་བར་བྱེད་དེ། དེ་བཞིན་གཤེགས་པས་ཐོག་མར་མགོ་གཅིག་ཁོ་ནར་བཀའ་སྩལ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་དོན་དང་ཚིག་འདི་རྣམས་ཅིའི་སླད་དུ་བཀའ་མ་སྩལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཀྱི་སྒོ་དེ་ལྟར་བཀའ་སྩལ་པ་ནི་ལེགས་པར་གསུངས་པ་མ་ལགས་སོ། །ཞེས་ཟེར་ན་ཉེས་པར་འགྱུར་རོ་ཞེས་ང་ཟེར་རོ། །སྲུང་བ་ཞེས་བྱ་བ་ནི་ཇི་སྐད་བཤད། འདུལ་བ་ཞེས་བྱ་བ་ནི་ཇི་སྐད་བཤད། སོ་སོར་ཐར་པ་ཞེས་བྱ་བ་ནི་ཇི་སྐད་བཤད་ཅེ་ན། ཉེས་པ་གཞན་ཡང་དུ་མ་ཡོད་དེ་དེ་དག་ཉོན་ཅིག ། དེ་ལ་སོ་སོར་ཐར་པ་ཇི་སྐད་བཤད་ཅེ་ན། སོ་སོར་ཐར་པ་ཞེས་བྱ་བ་ནི་ཆོག་ཤེས་པ་དང་། ཡོ་བྱད་བསྙུངས་པ་དང་། ལེན་པ་མེད་པའོ། །གཅིག་ཏུ་ན་སོ་སོར་ཐར་པ་ཞེས་བྱ་བ་ནི་གཉི་གའི་དོན་ལས་གསོ་བར་བྱེད་པའི་ཕྱིར་རོ། །ལོག་པའི་ཚིག་ལས་གྲོལ་བར་བྱེད་པས་ན་ཐར་པའོ། །སྲུང་བ་ཞེས་བྱ་བ་ནི་རུང་བ་མ་ཡིན་པ་ཐམས་ཅད་ཀྱིས་འཚོ་བས་འགྲོ་བ་བཞི་པོ་རྣམས་སུ་ལྟུང་བར་བྱེད་པ་དང་། སེམས་ཅན་དམྱལ་བ་མནར་མེད་པ་ལ་སོགས་པ་འཇིགས་པའི་གནས་ཐམས་ཅད་དུ་བཙོ་བར་འགྱུར་བ་དེ་ལས་སྲུང་བའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི་ཐོབ་པར་བྱེད་པ་དང་། འདུལ་བར་བྱེད་པ་དང་། ཆོ་ག་སྟོན་པའི་ཕྱིར་དང་། རྫས་ངན་པ་ལེན་པ་ལ་ངེས་པར་འབྱུང་བ་མེད་པའི་ཕྱིར་རྫས་ངན་པ་ལེན་པ་ཡང་མེད། རྫས་ངན་པ་སྦྱིན་པ་ཡང་མེད་པ་དེ་ནི་འདུལ་བ་ཞེས་བྱའོ། །འོ་ན་འདུལ་བའི་བསླབ་པའི་གཞི་དེ་ཅིའི་ཕྱིར་ཅིག་ཅར་མ་བཅས་ཤེ་ན། དེའི་ཚེ་ཁ་ཅིག་ཕམ་པ་བཞིའི་ཉེས་པ་བྱུང་བ་དག་ཀྱང་ཡོད། དགེ་འདུན་གྱི་ལྷག་མ་བཅུ་གསུམ་གྱི་ཉེས་པ་བྱུང་བ་དག་ཀྱང་ཡོད། སྤང་བའི་ལྟུང་བ་སུམ་ཅུའི་ཉེས་པ་བྱུང་བ་དག་ཀྱང་ཡོད། ལྟུང་བའི་ཉི་ཚེ་བ་དགུ་བཅུ་རྩ་གཅིག་གི་ཉེས་པ་བྱུང་བ་དག་ཀྱང་ཡོད། སོ་སོར་བཤགས་པར་བྱ་བ་བཞིའི་ཉེས་པ་བྱུང་བ་དག་ཀྱང་ཡོད། བསླབ་
པ་མང་པོའི་ཆོས་ཀྱི་ཉེས་པ་བྱུང་བ་དག་ཀྱང་ཡོད། རྩོད་པ་ཞི་བར་བྱ་བ་བདུན་གྱི་ཉེས་པ་བྱུང་བ་དག་ཀྱང་ཡོད། རྟག་ཏུ་བསླབ་པ་ཐམས་ཅད་ལས་འགལ་བར་བྱེད་པ་དག་ཀྱང་ཡོད། མཚམས་མེད་པ་བྱེད་པ་དག་ཀྱང་ཡོད། མདོ་སྡེ་སྤོང་བ་དག་ཀྱང་ཡོད། འདོད་ཆེན་པོའི་མཐར་ཐུག་པའི་རྒྱུའི་མཚན་ཉིད་རྫོགས་པ་དག་ཀྱང་ཡོད་དེ། འདི་ན་དགེ་སློང་སྡིག་པའི་ལས་བྱེད་པ་ཆོས་ཐམས་ཅད་ལས་ཐལ་བ་དེ་དག་གཞན་དག་གིས་བསྐུལ་ན་ཡང་། བདག་ཉིད་མཁས་པ་ཡིན་པར་མངོན་པའི་ང་རྒྱལ་བྱེད་ཅིང་འཆགས་པར་མི་བྱེད་དེ། གསོར་རུང་བ་ཡང་གསུངས་ཏེ། གསོར་མི་རུང་བར་བྱེད་པ་དག་ཀྱང་ཡོད། ཁ་ཅིག་ནི་རུ་སྦལ་གྱི་ལུས་བཞིན་དུ་སྦེད་པ་ཡང་ཡོད་དེ། དེ་ལྟར་བདག་གི་ཉེས་པ་ཡུན་རིང་དུ་བཅབས་པའི་ཉེས་པ་འབྱུང་ཞིང་སྡིག་པ་བསགས་པར་འགྱུར་བས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཡིན་པས། སྡིག་ཅན་རྣམས་ལ་གནས་རེ་རེ་ནས་འདྲི་བར་མཛད་དེ། ཐོག་མ་ཁོ་ནར་གཅིག་བཅས་པ་ན་བསླབ་པའི་གཞི་ཐམས་ཅད་ཅིག་ཅར་འཆའ་བར་མི་མཛད་དོ། །གསོལ་པ། དེ་བཞིན་གཤེགས་པས་མཁྱེན་བཞིན་དུ་དེ་དག་མནར་མེད་པ་ཤིན་ཏུ་འཇིགས་པའི་སར་གཏང་བར་མཛད་དམ་ཅི་ལགས། དཔེར་གསོལ་ན་འདྲོན་པོ་དག་ཅིག་ཤུལ་དུ་ཞུགས་ཏེ་ཤུལ་དྲང་པོ་མ་འཚལ་བ་ལས། དེར་ཤུལ་གཅིག་ནི་ལོགས་ཤིག་ཏུ་མཆི་བ་ལགས་ལ། དེ་དག་གིས་ཀྱང་ཤུལ་བོར་ཏེ་ལོག་པར་ཞུགས་ཤིང་མ་རུང་བར་གྱུར་ཀྱང་བདག་ཅག་ནི་ཤུལ་ལོག་པར་ཞུགས་སོ་སྙམ་དུ་མ་ཚོར་ནས། འདི་ནི་ཤུལ་བཟང་པོ་ལགས་སོ་སྙམ་དུ་འཛིན་ཅིང་དོང་ལ། ཕས་རྒྱུ་བའི་འདྲོན་པོ་ཡང་མ་མཐོང་བ་དེ་བཞིན་དུ་ཆོས་ལ་རྨོངས་པའི་སེམས་ཅན་དམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཐོག་མ་ཁོ་ནར་ཤུལ་བསྟན་འཚལ་བ་ལས་སྔར་ནོངས་པ་རྔམས་ཆེ་ཆུང་མ་བསྟན་པས་དགེ་སློང་རྣམས་ཉེས་པ་རྣམས་ཀྱི་ནང་དུ་ལྟུང་བར་གྱུར་ན། འདི་ལྟར་བཅོམ་ལྡན་འདས་བདེན་པའི་འདྲོན་པོ་བདེན་པའི་ལམ་གྱི་ཁྱད་པར་ཡང་དག་པར་གཟིགས་པ། ཆོས་ཀྱི་ལམ་གྱི་ཡོན་ཏན་
གྱི་ཁྱད་པར་གྱི་ཕན་ཡོན་ཡང་དག་པར་གཟིགས་པ། ལྷའི་ཡང་ལྷ་བཅོམ་ལྡན་འདས་ཀྱིས་དེའི་ཆེད་དུ་བསླབ་པའི་གཞི་བཅའ་བ་བསྟན་དུ་གསོལ། བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ཁྱོད་དེ་བཞིན་གཤེགས་པ་ལ་དེ་སྐད་མ་ཟེར་ཅིག ། དེ་བཞིན་གཤེགས་པ་ནི་ཡོན་ཏན་གྱི་ཁྱད་པར་གྱི་ཆོས་བཅུ་ཡང་དག་པར་གཟིགས་པ་ཡིན་ལ། སེམས་ཅན་ཐམས་ཅད་ལ་ཡང་སྒྲ་གཅན་ཟིན་བཞིན་དུ་གཟིགས་ན། ཇི་ལྟར་དགེ་སློང་རྣམས་མནར་མེད་པར་འགྲོ་བར་མཛད། དེ་བཞིན་གཤེགས་པ་ནི་གལ་ཏེ་སེམས་ཅན་གཅིག་གི་རྒྱུ་དེ་འདྲ་བ་ཞིག་གཟིགས་ན་ཡང་། དེས་ངེས་པར་བསྒྲལ་བའི་ཕྱིར་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་སེམས་ཅན་དམྱལ་བར་བཞུགས་སྤྱོད་ན། ཐུགས་བརྩེ་བ་དང་ལྡན་པ་ཇི་ལྟར་ཉིད་ཀྱི་སྲས་རྣམས་ལ་སླུ་བར་མཛད། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དཔེར་ན་གྲོང་ཁྱེར་རམ་རི་ཁྲོད་ཀྱི་གྲོང་ཞིག་ན་ཐ་ག་པ་ཞིག་ཡོད་ན། དེ་ནི་དེར་རས་བཏག་པའི་ཡོ་བྱད་ཐགས་ཆ་གང་ཁ་རྒལ་བ་འདོར་བར་བྱེད་པ་དང་། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཐོག་མ་ཁོ་ནར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཅིག་ཅར་སྦྱོང་བར་མི་བྱེད་ཀྱི། སེམས་ཅན་གང་དང་གང་ཆོས་མ་ཡིན་པ་ལ་སྟེན་པ་དེ་དང་དེ་དག་འཁོར་ལོ་རིན་པོ་ཆེས་བཏུལ་ནས། དམ་པའི་ཆོས་ལ་འགོད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཐོག་མ་ཁོ་ནར་སོ་སོར་ཐར་པའི་བསླབ་པའི་གཞི་ཅིག་ཅར་འཆའ་བར་མི་མཛད་ཀྱི། དགེ་སློང་གང་དང་གང་གིས་ཉེས་པ་ཅི་དང་ཅི་བྱས་པའི་དོན་གྱི་དམིགས་བྱུང་བ་དེ་དང་དེ་གླེང་གཞིར་མཛད་ནས། །བསླབ་པའི་གཞི་འཆའ་བར་མཛད་ལ་སེམས་ཅན་ཆོས་འདོད་པ་གང་ཡིན་པ་རྣམས་ཀྱིས་དེ་དང་དེ་མཐོང་ན་ཡིད་ཆེས་པར་འགྱུར་ཏེ་དེ་དག་དཔང་དུ་འཇོག་གོ །དེ་ལྟར་ན་ཤིན་ཏུ་བརྟག་དཀའ་བའི་ཆོས་ཡང་དག་པར་གཟིགས་ནས་ཐ་ག་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ། ཆོས་ཀྱི་འཁོར་ལོ་སྐོར་བའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱང་དེ་དང་འདྲ་སྟེ། དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་
བསམ་གྱིས་མི་ཁྱབ་བོ། །ཆོས་བསྟན་པ་ཡང་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་ཉན་པ་པོ་རྣམས་དང་། ཡིད་ཆེས་པ་རྣམས་ཀྱང་བསམ་གྱིས་མི་ཁྱབ་སྟེ། འདི་ནི་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དོན་གྱི་དམིགས་བྱུང་བའི་ཕྱིར་དང་། ང་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་བཞིའི་ཆོས་སྟོན་པར་བྱེད་དེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ནི་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །བདག་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི་དེང་ངའི་ལྷག་པའི་བསམ་པ་བསྟན་པ་བཤད་པས་ན། བདག་གི་ལྷག་པའི་བསམ་པ་ཞེས་བྱ་བ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར་བྱའོ། །གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་བ་ཡང་ངས་དགེ་སློང་རྣམས་ཀྱི་བསམ་པ་རྟོགས་ནས་ང་ནི་རྟག་གོ་ཞེས་བསྟན་པས་ན། གཞན་གྱི་ལྷག་པའི་བསམ་པ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར་བྱའོ། །འདྲི་བའི་དབང་ཞེས་བྱ་བ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་ཆ་ཕྲ་བའི་ཡེ་ཤེས་དང་ལྡན་པ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ཁྱོད་ཀྱི་དབང་དུ་བྱས་ནས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མ་ཐོས་པའི་ཚིག་ཡི་གེ་འབྲུ་གཅིག་པའི་ཐིག་ལེའི་གཏམ་དགོངས་པའི་ཚིག་གསང་བ་སྣ་ཚོགས་བསྟན་པས་ན། དེའི་ཕྱིར་འདྲི་བའི་དབང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར་བྱའོ། །དེ་ལ་ལ་ལ་ཞིག་འདི་ལྟར་ན་ནི་སླུ་བར་འགྱུར་ལ། འདི་ལྟར་ན་ནི་སླུ་བར་མི་འགྱུར་རོ་སྙམ་དུ་རྟོག་སྟེ། དཔེར་ན་མི་ལ་ལ་ཞིག་ནམ་མཁའ་ཞེས་ཀྱང་ཟེར། སྟོང་པ་ཞེས་ཀྱང་ཟེར། ཅི་ཡང་མེད་པ་ཞེས་ཀྱང་ཟེར། ཐོགས་པ་མེད་པ་ཞེས་ཀྱང་ཟེར་ཏེ། དེ་དེ་སྐད་ཟེར་ན་གཞན་དག་ལ་སླུ་བ་མ་ཡིན་ནོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལས་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟག་པ་འདི་ལ་མོས་ནས། ཆོས་ཀྱི་སྣ་གྲངས་བཞི་པོ་རྣམས་རྗོད་པར་བྱེད་ན། གཞན་དག་ལ་སླུ་ བ་མ་ཡིན་ནོ། །ལྕགས་ཀྱི་གར་བུ་མེ་འབར ་བ། །རྡུང་བའི་ཚེ་ན་ཁད་ཀྱིས་ནི། །གྲངས་པར་འགྱུར་ཡང་མེ་ཡི་དྲོད། །གང་དུ་སོང་བ་མི་རིག་ལྟར། །དེ་བཞིན་ཡང་དག་རྣམ་གྲོལ་བ། །འདོད་པའི་འདམ་དང་ཆུ་བོ་རྒལ། །མི་གཡོ་བདེ་བ་ཐོབ་རྣམས་ཀྱང་། །གང་དུ་སོང་བ་གདགས་སུ་མེད། །ཡང་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་རྣམས་མེད་པར་འགྱུར་བའི་འདུ་ཤེས་སུ་ལྟ་བས་སྙིང་མི་དགར་མ་བྱེད་ཅིག ། ལྕགས་དང་མདོ་ལྕགས་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ཏེ། ལྕགས་མེར་ འབར་བ ་ལས་གྲངས་པར་གྱུར་པ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་མེད་པར་འགྱུར་བའི་གནས་མེད་དོ། །ལྕགས་མེར་ འབར་བ ་ལས་གྲངས་པ་བཞིན་དུ་ཉོན་མོངས་པའི་རྣམ་པ་ཞི་བར་འགྱུར་མོད་ཀྱི། གང་གི་ཚེ་ལྕགས་མེར་ འབར་བ ་གྲངས་པར་འགྱུར་བ་ན། ཚ་ཚ་འཕྲོ་བ་ཐམས་ཅད་དང་བཅས་ཏེ་མེད་པར་འགྱུར་ན་ནི། དེའི་ཚེ་དེ་བཞིན་གཤེགས་པ་ཡང་མི་རྟག་པར་འགྱུར་ན། ལྕགས་དེ་འོད་དང་བཅས་པར་མེད་པར་འགྱུར་བ་ནི་མི་སྲིད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མྱ་ངན་ལས་འདས་པ་ཆེན་པོ་འདི་དང་བཅས་ཏེ་མི་རྟག་པར་འགྱུར་བ་ནི་མི་སྲིད་དེ། ཇི་ལྟར་ལྕགས་ཀྱི་མེ་གྲངས་པར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བསྐལ་པ་མང་པོ་གྲངས་མེད་པ་བྱེ་བ་སྙེད་དུ་བསགས་པའི་ཉོན་མོངས་པ་རྣམས་ཟད་ནས། རྟག་པ་དང་བརྟན་པ་དང་ཐེར་ཟུག་པར་འགྱུར་ཏེ། དེ་ལྟར་ན་ཡང་དག་པར་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པ་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་ཡིན་ནོ། །འདོད་པའི་འདམ་ནི་ཉོན་མོངས་པ་རྣམས་ཞེས་བྱ་བའི་དོན་ཏེ། ཉོན་མོངས་པའི་འདམ་དེ་ལས་བསྐལ་པ་གྲངས་མེད་པས་རྒལ་བས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་དེ་བཞིན་གཤེགས་པའི་གནས་གདགས་
པར་མི་ནུས་ཏེ། དེ་བས་ན། ཡང་དག་ཤེས་དང་རྣམ་གྲོལ་བ། །འདོད་པའི་འདམ་དང་ཆུ་བོ་རྒལ། །མི་གཡོ་བདེ་བ་ཐོབ་རྣམས་ཀྱང་། །གང་དུ་སོང་བ་གདགས་སུ་མེད། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཇི་ལྟར་ལྕགས་གྲངས་པར་གྱུར་ཀྱང་སླད་ཀྱིས་ཡང་ཞུགས་ཀྱིས་ཚ་བར་འགྱུར་བ་བཞིན་དུ་གལ་ཏེ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་གྱུར་ན་ནི་མི་རྟག་པར་འགྱུར་ལགས་སོ། །བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་རྟག་སྟེ། བདག་ཉིད་མེ་ལྟ་བུར་གྱུར་ནས། ལྕགས་དང་འདྲ་བའི་སེམས་ཅན་མང་པོ་རྣམས་ཡེ་ཤེས་ཀྱི་མེས་བརྡ་སྤྲད་ནས་ཡང་དག་པ་མ་ཡིན་པའི་ཉོན་མོངས་པ་རྣམས་ཟད་པར་མཛད་དོ། །གསོལ་པ། བཅོམ་ལྡན་འདས་ལེགས་ལགས་སོ། །ལེགས་ལགས་སོ། །དེ་བཞིན་གཤེགས་པའི་རྟག་པ་ཉིད་མ་ལུས་པར་བཤད་དུ་གསོལ། བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རང་གི་བཙུན་མོའི་འཁོར་དུ་སོང་བ་ལས་ཐང་ཅིག་སྐྱེད་མོས་ཚལ་གཞན་ཞིག་ཏུ་བྱུང་སྟེ། དེ་དེར་སོང་ནས། རྩེ་བར་བྱེད་པ་ན་གང་གི་ཚེ་རྒྱལ་པོ་དེ་བཙུན་མོའི་འཁོར་ནས་མི་སྣང་བར་གྱུར་པ་དེའི་ཚེ་ཤིའོ་སྙམ་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཆོས་ཉིད་ལས་ཉམས་པར་མི་འགྱུར་ཏེ། རྒྱལ་པོ་དང་འདྲ་བར་འཛམ་བུའི་གླིང་དུ་དེ་བཞིན་གཤེགས་པ་མི་རྟག་པར་གྱུར་ཏོ། །ཞེས་གྲོངས་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །ཇི་ལྟར་རྒྱལ་པོ་བཙུན་མོའི་འཁོར་ནས་སྐྱེད་མོས་ཚལ་དུ་སོང་སྟེ་རྩེ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཉོན་མོངས་པའི་རྣམ་པ་ཉིད་ཀྱི་བཙུན་མོའི་འཁོར་ལྟ་བུ་ལས་ངེས་པར་འབྱུང་སྟེ། ཉོན་མོངས་པ་མེད་པར་བཅོམ་ལྡན་འདས་གཟུངས་སྣ་ཚོགས་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་སྣ་ཚོགས་དང་ལྡན་པའི་སྐྱེད་མོས་ཚལ་དུ་གཤེགས་ནས། དེ་བཞིན་གཤེགས་པ་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་སྐུའི་ཐབས་སྟོན་པ་སྣ་ཚོགས་ཀྱིས་རོལ་པར་མཛད་
དོ། །གསོལ་པ། དེ་བཞིན་གཤེགས་པ་བསྐལ་པ་གྲངས་མེད་པ་བྱེ་བ་སྙེད་ཀྱིས་ཉོན་མོངས་པའི་རྒྱ་མཚོ་ངེས་པར་རྒལ་ཅེས་བགྱི་བ་འདི་ལ་གཏན་ཚིགས་བཀའ་སྩལ་འཚལ་ལོ། །ད་ལྟར་མངོན་སུམ་དུ་དེ་བཞིན་གཤེགས་པ་སྒྲ་གཅན་ཟིན་གྱི་མ་དང་ལྷན་ཅིག་ཏུ་འདོད་པ་རྣམས་སྟེན་པ་དང་། སྒྲ་གཅན་ཟིན་གྱི་ཡབ་ཏུ་གྱུར་པར་ཡང་བསྟན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བསྐལ་པ་དུ་མ་བྱེ་བ་སྙེད་ཀྱིས་འདོད་པའི་ཆུ་བོ་ལས་ངེས་པར་རྒལ་བ་མ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟ་མངོན་སུམ་དུ་སྒྲ་གཅན་ཟིན་གྱི་མ་དང་ལྷན་ཅིག་ཏུ་འདོད་པ་རྣམས་བསྟེན་པ་དང་། སྒྲ་གཅན་ཟིན་གྱི་ཡབ་ཏུ་གྱུར་པར་ཡང་བསྟན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བསྐལ་པ་དུ་མ་བྱེ་བ་སྙེད་ཀྱིས་འདོད་པའི་ཆུ་བོ་ལས་ངེས་པར་རྒལ་བ་མ་ཡིན་ནོ། །ཞེས་དེ་སྐད་མ་ཟེར་ཅིག ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་རྟག་པ་ཆེན་པོ་ཞེས་བྱ་སྟེ། སེམས་གུད་དུ་མ་གཡེང་བར་ཉོན་ལ་ཐོས་ནས་ཀྱང་། གཞན་དག་ལ་སྟོན་ཅིག ། དེས་སྐྲག་པར་ཡང་མ་བྱེད་ཅིག ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རིའི་རྒྱལ་པོ་རི་རབ་དེ་ལྟར་མཐོ་ཞིང་དེ་ལྟར་ཐག་གྲུ་ཆེ་བ་ཡུངས་འབྲུའི་ཁོང་དུ་འཇུག་པར་བྱེད་ལ། རི་རབ་ལ་གནས་པའི་སེམས་ཅན་རྣམས་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་། །སེམས་ཅན་གཞན་དག་གིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིས་རིའི་རྒྱལ་པོ་རི་རབ་ཡུངས་འབྲུའི་ཁོང་དུ་བཅུག་སྟེ་སྦས་སོ། །སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་། །དེ་ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དེ། མདོ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡུལ་ནི་དེ་ལྟ་བུ་ཡིན་ནོ། །རིགས་ཀྱི་བུ་དེ་བས་ཀྱང་ལྷག་
པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡུངས་འབྲུའི་ཁོང་དུ་འཇུག་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་། །སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་། ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ནས་ཡང་རང་གི་གནས་སུ་འཇོག་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རང་གི་བ་སྤུའི་ཁུང་བུར་འཇོག་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་། །སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་། ཡང་དག་པར་མཐོང་ངོ་། །རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་འཇིག་རྟེན་གྱི་ཁམས་འདི་ན་འདུག་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ཁབ་ཀྱི་རྩེ་མོས་རྒྱ་ཤུག་གི་ལོ་མ་བཞིན་དུ་བླངས་ཏེ། འཇིག་རྟེན་གྱི་ཁམས་གཞན་དུ་འདོར་བར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་། །སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་། ཡང་དག་པར་མཐོང་ངོ་། །དེ་ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ལག་པ་གཡས་པས་བླངས་ཏེ། རྫ་མཁན་གྱི་འཁོར་ལོ་བཞིན་དུ་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་དུ་འཕེན་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་། ། སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་། །དེ་ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་རང་གི་ལུས་ལ་འཇུག་པར་བྱེད་ལ་སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་། །སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་། །དེ་ནས་ཡང་རང་གི་གནས་སུ་འཇོག་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་རྡུལ་ཕྲ་རབ་ཀྱི་ཁོང་དུ་འཇུག་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་། །སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་། ཡང་དག་པར་མཐོང་ངོ་། །དེ་ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་ལ་སོགས་པའི་སྒྱུ་འཕྲུལ་ཆེན་པོའི་སྟོབས་རྣམ་པ་སྣ་ཚོགས་སྟོན་པས་ན། མྱ་ངན་ལས་
འདས་པ་ཆེན་པོ་ཞེས་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདི་འདྲ་བ་ཞིག་གོ །དེ་འདྲ་བ་ཞིག་གོ །འདི་ལྟར་བྱས་སོ། །འདི་ལྟ་བུ་ཞིག་བྱས་སོ། །སྙམ་དུ་ཤེས་པར་མི་ནུས་ན། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པས་འདོད་པ་རྣམས་སྤྱད་དོ། །སྒྲ་གཅན་ཟིན་གྱི་ཕར་གྱུར་ཏོ་སྙམ་དུ་ཤེས་རེ་སྐན། རིགས་ཀྱི་བུ་གཞན་ཡང་དེང་ངས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན་ཉི་མ་དང་། ཟླ་བ་ཐེར་འབུམ་ཡོད་པ་དང་། འཛམ་བུའི་གླིང་ཐེར་འབུམ་ཡོད་པའི་སྟོང་ཁམས་དག་ཏུ་ཆོ་འཕྲུལ་ཆེན་པོ་བསྟན་པར་བྱའོ། །དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ལུགས་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། །ང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འཛམ་བུའི་གླིང་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བྱེད་པ་ལྟ་བུར་སྟོན་ལ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་ཕ་མ་གཉིས་ཀྱི་ཟླ་མཚན་གྱི་དུས་སུ་མངལ་དུ་སྐྱེ་བར་སྟོན་ཏེ། དེ་གཉིས་ཀྱིས་ཀྱང་བདག་ཅག་གཉིས་ཀྱི་བུར་འགྱུར་རོ་སྙམ་དུ་ཡང་དག་པར་ཤེས་སོ། །ང་ནི་བསྐལ་པ་མང་པོ་བྱེ་བ་ཕྲག་གྲངས་མེད་པ་ནས་ལན་འགའ་ཡང་འཁྲིག་པ་ལས་མ་སྐྱེས་ཏེ། འཁྲིག་པ་ལས་སྐྱེས་པའི་ལུས་ལས་རྒལ་བས་ན་ཤའི་ལུས་མ་ཡིན་གྱི་ཆོས་ཀྱི་སྐུ་ཡིན་ནོ། །འཁྲིག་པའི་མངལ་དུ་འཇུག་པ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བའི་ཐབས་ཙམ་དུ་ཟད་དོ། །རིགས་ཀྱི་བུ་འཛམ་བུའི་གླིང་ལ་ལར་ནི་ང་བུ་བཙའ་བའི་པང་དུ་བུར་སྐྱེ་བར་ཡང་སྟོན་ཅིང་། སྐྱེད་མོས་ཚལ་གྱི་གནས་སུ་བཙའ་བའི་བུ་ལྟ་བུར་གྱུར་ཏེ། སྐྱེན་པར་ལངས་ནས་བྱང་ཕྱོགས་སུ་ཁ་བལྟས་ཏེ། གོམ་པ་བདུན་བོར་ནས་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་
བླ་ན་མེད་པར་འགྱུར་བར་བྱའོ་ཞེས་ཟེར་ཏེ། སེམས་ཅན་རྣམས་ཀྱིས་ནི་བྱིས་པ་བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བ་སྔོན་ཅད་བདག་གིས་མ་མཐོང་སྟེ། ཀྱེ་མ་བདག་གི་བུ་ནི་ལྷའི་བུ་ཞིག་གོ་སྙམ་དུ་ཡང་དག་པར་ཤེས་སོ། །སེམས་ཅན་མང་པོ་གཞན་དག་ཀྱང་ངོ་མཚར་དུ་འཛིན་ཏེ། འོན་ཀྱང་ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། བྱིས་པའི་དངོས་པོ་ལས་ལོག་པས་ནམས་ཀྱང་བྱིས་པར་མ་གྱུར་ཏེ། ང་ནི་ཆོས་ཀྱི་སྐུ་ཡིན་གྱི་རུས་པ་དང་རྒྱུས་པ་དང་ཤ་དང་ཁྲག་གི་ལུས་མ་ཡིན་ལ། བྱིས་པར་འགྱུར་བ་ཡང་སྟོན་པ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །བྱང་ནས་ལངས་ཏེ་ལྷོའི་ཕྱོགས་ཆ་ལོགས་སུ་གོམ་པ་བདུན་བོར་ནས་འཇིག་རྟེན་ཐམས་ཅད་དུ་ཡོན་གནས་སུ་འགྱུར་བར་བྱའོ། །ཞེས་ཟེར་རོ། །ནུབ་ཀྱི་ཕྱོགས་ཆ་ལོགས་སུ་གོམ་པ་བདུན་བོར་ནས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་རྣམས་སྤངས་ཏེ་ལུས་ཀྱི་ཐ་མར་གཏུག་པར་བྱའོ་ཞེས་ཟེར་རོ། །ཤར་ཕྱོགས་སུ་ཁ་བལྟས་ཏེ་གོམ་པ་བདུན་བོར་ནས། སེམས་ཅན་ཐམས་ཅད་ཀྱི་ཐོག་མར་འགྲོ་བར་བྱའོ། །ཞེས་ཟེར་རོ། །ཕྱོགས་མཚམས་རྣམས་སུ་གོམ་པ་བདུན་བདུན་བོར་ནས། ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་གྱི་བདུད་བཅོམ་སྟེ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་ཟེར་རོ། །སྟེང་གི་ཕྱོགས་ཆ་ལོགས་སུ་གོམ་པ་བདུན་བོར་ནས་མྱུར་དུ་ནམ་མཁའ་བཞིན་དུ་རུང་བ་མ་ཡིན་པའི་ཆོས་ཐམས་ཅད་ཀྱིས་ལུས་མི་གོས་པར་བྱའོ་ཞེས་ཟེར་རོ། །འོག་གི་ཕྱོགས་ཆ་ལོགས་སུ་གོམ་པ་བདུན་བོར་ནས་སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་མེ་གསད་པའི་ཕྱིར། སྤྲིན་ཆེན་པོ་ལྟར་ཆོས་ཀྱི་ཆར་དབབ་པར་བྱ་སྟེ། དེ་དག་བདེ་བ་དང་ལྡན་པར་བྱའོ། །ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་སེར་བ་ལྟ་བུར་འགྱུར་བར་བྱའོ། །ཞེས་ཟེར་རོ། །འཛམ་བུའི་གླིང་ལ་ལར་ནི་ང་གཙུག་ཕུད་འཆའ་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་བྱིས་པའི་གཙུག་ཕུད་བཅས་སོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ལྷ་དང་བཅས་པའི་འཇིག་
རྟེན་ན་ངའི་མགོ་བོ་ནས་འཛིན་ཅིང་སྐྲ་གཅོད་ནུས་པའི་མི་སུ་ཡང་མེད་དེ། སྔོན་བསྐལ་པ་གྲངས་མེད་པ་ནས་ཀྱང་ངས་གཙུག་ཕུད་བཅའ་བའི་མཐར་གཏུགས་ཟིན་པས་ན། སྤུ་གྲིས་ངའི་སྐྲ་གཅོད་པར་འགྱུར་བ་ནི་མི་སྲིད་དོ། །འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དེ། གཙུག་ཕུད་བཅའ་བ་ནི་བྱིས་པ་འབའ་ཞིག་ལ་བྱ་བ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་ང་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་འགྲོ་བར་ཡང་སྟོན་ཏེ། དེར་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ང་མཐོང་ན་ངའི་ཞབས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ཞིང་འདུག་གོ །ང་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱི་ལྷའི་ཡང་ལྷ་ཡིན་པས་ན། ནམས་ཀྱང་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་མི་འགྲོ་སྟེ། དེར་འགྲོ་བ་ལྟ་བུར་བསྟན་པ་འདི་ནི་འཇིག་རྟེན་དང་འཐུན་པའི་བྱ་བ་ཙམ་དུ་ཟད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་རྣ་བ་དབུག་པ་བསྟན་མོད་ཀྱི། ངའི་རྣ་བ་འབིགས་ནུས་པའི་མི་མེད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་རྣ་ཆ་གདུབ་ཀོར་སེང་གེ་ཅན་ཐོགས་པར་བསྟན་ཏེ། དེས་སེམས་ཅན་རྣམས་ཀྱིས་བྱིས་པ་འདི་ནི་རྣ་ཆ་གདུབ་ཀོར་སེང་གེ་ཅན་ཐོགས་པའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ང་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་། བྱིས་པའི་དངོས་པོ་ལས་ལོག་པས་ན་ང་ལ་རྣ་ཆ་གདུབ་ཀོར་སེང་གེ་ཅན་བཏགས་པ་མེད་དེ། རྣ་ཆ་གདུབ་ཀོར་སེང་གེ་ཅན་ཐོགས་པར་བསྟན་པ་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་ཡི་གེ་སློབ་པའི་སར་འགྲོ་བ་བསྟན་མོད་ཀྱི། འཇིག་རྟེན་གསུམ་ན་ངའི་མཁན་པོར་རུང་བ་མ་མཐོང་སྟེ། ང་ཉིད་སེམས་ཅན་ཐམས་ཅད་ཀྱི་མཁན་པོ་ཡིན་ནོ། །དེ་བས་ན་ངའི་མིང་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་ཡི་གེ་སློབ་པའི་ས་ན་གནས་པ་ལས་འདས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་ན། འོན་ཀྱང་སེམས་ཅན་རྣམས་ཀྱིས་ཁྱེའུ་འདི་ཡི་གེ་སློབ་པའི་སར་སོང་ངོ་སྙམ་དུ་ཡང་དག་པར་
ཤེས་ཏེ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་པར་ཁོང་དུ་ཆུད་པར་གྱིས་ཤིག ། འཛམ་བུའི་གླིང་ལ་ལར་ནི་ངས་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། རིན་པོ་ཆེ་སྣ་ཚོགས་དང་། གཏེར་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་རྣམས་ཀྱང་བསྟན། རྒྱལ་ཚབ་བྱེད་པ་ཡང་བསྟན་ཏེ། ངས་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་། འདོད་པའི་ལོངས་སྤྱོད་རྣམས་སྤངས་མོད་ཀྱི། སེམས་ཅན་རྣམས་ཀྱིས་རྒྱལ་ཚབ་ནི་འདོད་པ་རྣམས་ལ་ལོངས་སྤྱོད་དོ་སྙམ་དུ། ཡང་དག་པར་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་ངས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་བསྟན་ཏེ། ངས་ནི་བསྐལ་པ་བྱེ་བ་ཕྲག་མང་པོ་གྲངས་མེད་པ་ནས་དེ་སྤངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ངས་དེ་བུའི་ཤ་བཞིན་དུ་བོར་ནས་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཡོངས་སུ་འཛིན་པ་སྤངས་ན། འོན་ཀྱང་སེམས་ཅན་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྙམ་དུ་ཡང་དག་པར་ཤེས་ཏེ། འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་རྒན་པོ་དང་། ནད་པ་དང་། ཤི་བ་མཐོང་ནས་སྐྱོ་བར་གྱུར་ཏེ། གར་ཐབས་ལྟ་བུའི་བདེ་བ་ཐམས་ཅད་སྤངས་ནས་རབ་ཏུ་འབྱུང་བ་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་གཞོན་ནུ་ནི་རབ་ཏུ་བྱུང་ངོ་སྙམ་དུ་ཡང་དག་པར་ཤེས་སོ། །ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་རབ་ཏུ་བྱུང་བའི་བྱ་བ་མཐར་གཏུགས་ཟིན་མོད་ཀྱི། སྐྱོ་བར་གྱུར་ནས་རབ་ཏུ་བྱུང་བ་ལྟ་བུར་སྟོན་པ་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །ངས་བསྙེན་པར་རྫོགས་པ་ལྟ་བུར་བསྟན་པ་དེ་ཡང་འཇིག་རྟེན་ངེས་པར་བསྒྲལ་བའི་ཕྱིར་རོ། །ངས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ལ་སོགས་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་མྱུར་བ་ཁོ་ནར་བླ་ན་མེད་པའི་དགྲ་བཅོམ་པར་གྱུར་ཏོ་སྙམ་དུ་ཡང་དག་པར་ཤེས་སོ། །ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་དགྲ་
བཅོམ་པའི་བྱ་བ་མཐར་གཏུགས་ཟིན་མོད་ཀྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩྭ་བཏིང་བ་ལ་འདུག་པ་དང་། བདུད་འདུལ་བར་བསྟན་པ་འདི་ནི་འཇིག་རྟེན་ངེས་པར་བསྒྲལ་བའི་ཕྱིར་ཏེ། བདུད་ཕམ་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་ཅན་རྣམས་ཀྱིས་ཡང་དག་པར་ཤེས་སོ། །ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཉོན་མོངས་པའི་རྣམ་པ་དང་། ལྷ་དང་རང་བཞིན་གྱི་བདུད་ཕམ་པར་བྱས་ནས་བདུད་རྩིའི་མཆོག་རྟོགས་སོ། །ངས་ནི་བཤང་བ་དང་། གཅི་བ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བའི་བྱ་བ་སྟོན་མོད་ཀྱི། ངའི་ལུས་ལ་རྒྱུ་བ་དང་། འཐུན་པ་དང་། རྣམ་པར་སྨིན་པ་མེད་དོ། །སེམས་ཅན་རྣམས་ཀྱིས་ནི་མི་དང་འདྲའོ་སྙམ་དུ་ཡང་དག་པར་ཤེས་ཏེ། འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །སེམས་ཅན་རྣམས་ཀྱིས་ང་ཁ་ཟས་ཟའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ངའི་ལུས་ལ་བཀྲེས་པས་ཉམ་ཆུང་བ་མེད་དེ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ཏེ་སྲེད་པ་རྣམ་པར་སྤངས་ཀྱང་ཉལ་བ་ལྟ་བུར་སྟོན་ཏེ། འོན་ཀྱང་ངའི་ལུས་ལ་གཉིད་དང་། སྐྱིགས་བུ་དང་། ཀླལ་བ་དང་། རུ་ཤིང་ན་བ་དང་། ཀླད་པ་ན་བ་རྣམས་མེད་དོ། །ཉལ་བར་བྱེད་པ་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །འགྲེང་བ་དང་། འཆག་པ་དང་། མིག་འཛུམས་པ་དང་། རྐང་པ་སྨྱང་བ་དང་། ལུས་ཀྱི་སྤྱོད་ལམ་བྱེད་པར་སྣང་མོད་ཀྱི། ངའི་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་མེད་དོ། །རྐང་པ་འཁྲུ་བ་དང་། སྣུམ་གྱིས་བྱུག་པ་དང་། ཆུ་སྤྱད་པ་དང་། སོ་ཤིང་ཟ་བ་དང་། མིག་སྨན་གྱིས་སྐུད་པར་སྣང་མོད་ཀྱི་ངའི་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་མེད་དོ། །རྐང་པ་པད་མའི་འདབ་མའི་མདོག་འདྲ་བ་དང་། ཁ་ནས་ཨུད་པ་ལའི་དྲི་འབྱུང་བ་དང་། མིག་དཔེ་མེད་པར་བཟང་བ་དེ་དག་ཀྱང་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །སེམས་ཅན་རྣམས་ཀྱིས་ནི་ཐམས་ཅད་མིའི་ཚུལ་དང་འདྲའོ་སྙམ་དུ་ཡང་དག་པར་ཤེས་སོ། །ཕྱག་དར་ཁྲོད་ཀྱི་གོས་ས་ལས་བླངས་ཏེ་འཁྲུ་བ་ལྟ་བུར་སྣང་མོད་ཀྱི་
ང་ལ་དེ་དགོས་པ་མེད་དོ། །སེམས་ཅན་རྣམས་ཀྱིས་ནི་མིའི་དངོས་པོར་ཡང་དག་པར་ཤེས་ཏེ། སྒྲ་གཅན་ཟིན་གྱི་ཕར་བསྟན་པ་དང་། ཟས་གཙང་མ་དང་། སྒྱུ་འཕྲུལ་ཕ་མར་བསྟན་པ་ཡང་འཇིག་རྟེན་གྱི་དོན་ཡིན་ནོ། །འཇིག་རྟེན་གྱི་བདེ་བ་མྱོང་ནས་ངེས་པར་བྱུང་སྟེ། ནགས་ཚལ་དུ་རབ་ཏུ་བྱུང་བ་དང་། རྒྱལ་པོའི་བུ་གཽ་ཏ་མ་ཞེས་བྱ་བ་ནི་འདོད་པ་དང་། འདོད་པ་མ་ཡིན་པ་དང་། བདེ་བ་དང་། བདེ་བ་མ་ཡིན་པ་བྱེ་བྲག་ཕྱེད་པར་གྱུར་ནས་མྱ་ངན་ལས་འདས་པའི་བདེ་བ་ཚོལ་ལོ། །ཞེས་བྱ་བ་འདི་ཡང་བྱིས་པའི་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་འཁྲིག་པ་ལས་བྱུང་བ་མ་ཡིན་ཏེ་སྒྲ་གཅན་ཟིན་གྱི་ཕར་གྱུར་པར་བསྟན་པ་དང་། རང་གི་ཕ་མ་བསྟན་པ་ཡང་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱིས་ནི་མིའི་དེ་བཞིན་གཤེགས་པའོ་སྙམ་དུ་ཡང་དག་པར་ཤེས་སོ། །རིགས་ཀྱི་བུ་འཛམ་བུའི་གླིང་ལ་ལར་ནི་ང་ཡང་དང་ཡང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ཏེ་འོན་ཀྱང་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་དོ། །རེས་འགའ་ནི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གྲོངས་སོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི་དེ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ། །འཛམ་བུའི་གླིང་ལ་ལར་ནི་སྐྱེ་བར་སྟོན་ཏེ་སེམས་ཅན་རྣམས་ཀྱིས་སྐྱེས་སོ་སྙམ་དུ་ཡང་དག་པར་ཤེས་སོ། །ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་བྱ་བ་བྱས་ཟིན་མོད་ཀྱི་དེར་ཡང་གོ་འཕང་ཐམས་ཅད་ཀྱི་དོན་ཐོབ་པའི་མཐར་ཐུག་པར་བསྟན་ཏེ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་ཚུལ་ཁྲིམས་འཆལ་པ་ཕམ་པ་བྱུང་བ་ལྟ་བུར་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་ཕམ་པ་བྱུང་བའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི་ང་ནི་སྔན་ཆད་གཡེལ་བར་གྱུར་པ་མེད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་བདག་ཉིད་དེ་བཞིན་གཤེགས་པ་
ལ་ངན་སེམས་ཀྱིས་ཁྲག་བྱུང་བ་དང་། དགྲ་བཅོམ་པ་གསོད་པ་དང་། ཕ་མ་གསོད་པ་དང་། བདག་ཉིད་དགེ་འདུན་གྱི་དབྱེན་བྱེད་པར་བསྟན་ཏེ་སེམས་ཅན་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི་མཚམས་མེད་པ་ལྔའི་ལས་བྱེད་པ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ང་ཡང་དེ་ལྟ་བུའི་ལས་བྱེད་པ་མ་ཡིན་ལ་ལྷ་དང་བཅས་པའི་འཇིག་རྟེན་ན་ཡང་སུས་ཀྱང་དགེ་འདུན་འབྱེད་མི་ནུས་སོ། །འཛམ་བུའི་གླིང་ལ་ལར་ནི་ངས་དམ་པའི་ཆོས་སྤོང་བ་དང་། བདག་ཉིད་འདོད་ཆེན་པོར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི་ནི་དམ་པའི་ཆོས་སྤོང་བ་དང་འདོད་ཆེན་པའོ་སྙམ་དུ་ཡང་དག་པར་ཤེས་ལ། འདོད་ཆེན་པ་ལྟ་བུར་བསྟན་པ་ནི་མ་འོངས་པའི་སེམས་ཅན་རྣམས་ཀྱི་ཕྱིར་ཏེ། འཇིག་རྟེན་པ་ནི་རྟག་ཏུ་འདོད་ཆེན་པ་ཡིན་གྱི། སངས་རྒྱས་ནི་འདོད་ཆེན་པ་མ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་ངས་དམ་པའི་ཆོས་འཛིན་པར་བསྟན་ཏེ་སེམས་ཅན་རྣམས་ཀྱིས་ཀྱེ་མ་དམ་པའི་ཆོས་ཀྱི་ཕྱོགས་འཛིན་པའོ་སྙམ་དུ་ཡང་དག་པར་ཤེས་སོ། །འདི་ནི་སངས་རྒྱས་རྣམས་ཀྱི་རང་བཞིན་ཏེ། འདི་ནི་ཆོས་ཉིད་ཡིན་པས་ངོ་མཚར་ཆེ་བ་མེད་དོ། །འཛམ་བུའི་གླིང་ལ་ལར་ནི་ང་བདུད་བགེགས་བྱེད་པ་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་བདུད་སྡིག་ཅན་སྙམ་དུ་ཡང་དག་པར་ཤེས་ལ། པད་མ་ཆུས་མི་གོས་པ་བཞིན་དུ་ང་ལ་བདུད་ཀྱི་ཉེས་པས་མི་གོས་སོ། །འཛམ་བུའི་གླིང་ལ་ལར་ནི་བུད་མེད་ཀྱི་གཟུགས་ཀྱིས་འཚང་རྒྱ་བར་སྟོན་ཏེ། སེམས་ཅན་ཡིད་གཉིས་ཟ་བ་རྣམས་ཀྱིས་བུད་མེད་འཚང་རྒྱ་བར་བྱེད་དོ་སྙམ་དུ། ཡང་དག་པར་ཤེས་ལ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སྐྱེས་པ་ཁོ་ན་ཡིན་བཞིན་དུ་སེམས་ཅན་རྣམས་གདུལ་བའི་ཕྱིར་གཉི་གར་ཡང་སྟོན་ཏོ། །དེ་བཞིན་དུ་གཟུགས་དུ་མའི་ཐབས་ཀྱི་ཕྱོགས་ལ་འཇུག་པ་བསྟན་ཏེ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་འགྲོ་བ་བཞི་པོ་རྣམས་སུ་སྐྱེ་བར་བསྟན་ཏེ་དེའི་ལས་བྱེད་པ་ཡང་མ་ཡིན་ནོ། །དུད་འགྲོའི་སྐྱེས་གནས་སུ་འཇུག་པ་ཡང་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ། །
འཛམ་བུའི་གླིང་ལ་ལར་ནི་ངས་ཚངས་པའི་གཟུགས་བསྟན་ཏེ། ཚངས་པ་ལ་དད་པའི་སེམས་ཅན་རྣམས་ལ་བགེགས་བྱ་བ་བསྟན་ནས་དམ་པའི་ཆོས་ལ་དགོད་པར་བྱེད་ལ། དེའི་ལས་བྱེད་པ་ཡང་མ་ཡིན་ཏེ་སེམས་ཅན་རྣམས་ཀྱིས་ཚངས་པའི་བདག་པོའོ་སྙམ་དུ་ཡང་དག་པར་ཤེས་སོ། །དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་གནས་སུ་དེའི་གཟུགས་ཀྱི་བགེགས་བྱས་ནས་སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་འགོད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་ལྷ་ཐམས་ཅད་ཀྱི་གནས་ཀྱི་བདག་པོའོ་སྙམ་དུ་ཡང་དག་པར་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་ངས་སྨད་འཚོང་མ་རྣམས་ངེས་པར་བསྒྲལ་བའི་ཕྱིར་སྨད་འཚོང་མའི་ཁྱིམ་དུ་འགྲོ་བ་བསྟན་ལ། ང་ལ་འདོད་པའི་ཉེས་པ་ཡང་མི་སྐྱེ་སྟེ། ཆུའི་ནང་གི་པད་མ་བཞིན་དུ་ང་ལ་འདོད་པ་རྣམས་ཀྱི་ཉེས་པས་མི་གོས་སོ། །ང་ནི་འདོད་པ་ལ་ཆགས་པའི་སེམས་ཅན་རྣམས་འདོད་པའི་ཆུ་བོ་ལས་ངེས་པར་བསྒྲལ་བའི་ཕྱིར་བཞི་མདོ་དང་སུམ་མདོ་ཐམས་ཅད་དུ་ཡང་སྣང་མོད་ཀྱི་དེའི་ལས་བྱེད་པ་ཡང་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་ནི་འདི་ནི་ཡུལ་རྒྱུ་བ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་དམངས་མོ་རྣམས་དམ་པའི་ཆོས་ལ་གཟུད་པའི་ཕྱིར་ང་རོལ་མོའི་གནས་སུ་འགྲོ་བར་བྱེད་མོད་ཀྱི། ང་ནི་ལས་དེ་བྱེད་པ་ཡང་མ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་བྱིས་པ་རྣམས་ངེས་པར་བསྒྲལ་བའི་ཕྱིར་ཡི་གེ་སློབ་པའི་སར་སོང་སྟེ། གྲྭ་དཔོན་བྱེད་ཅིང་བྱིས་པ་རྣམས་སློབ་པར་བྱེད་དོ། །འཛམ་བུའི་གླིང་ལ་ལར་ནི་སེམས་ཅན་དེ་དག་བསྒྲལ་བའི་ཕྱིར་ང་ཆང་འཐུང་བར་བྱེད། རྒྱན་པོས་རྩེ་བར་བྱེད། གཡེངས་པ་ལ་དགའ་བར་བྱེད་དེ། ལས་ཆེན་པོ་དེ་དག་བྱེད་མོད་ཀྱི། ང་ནི་ལས་ཆེན་པོ་དེ་བྱེད་པ་ཡང་མ་ཡིན་ལ། སེམས་ཅན་རྣམས་ཀྱིས་ནི་འདི་ནི་ལས་དེ་བྱེད་པ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་བྱ་རྒོད་དང་ཁྭ་ཏ་རྣམས་ངེས་པར་བསྒྲལ་བའི་ཕྱིར་ང་དུར་ཁྲོད་དུ་འགྲོ་བར་བྱེད་མོད་ཀྱི། དེར་ང་ལྟ་བའི་འདུ་ཤེས་མི་འཇུག་གོ །འཛམ་བུའི་གླིང་ལ་ལར་ནི་དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་ང་ཁྱིམ་བདག་ཏུ་ཡང་སྟོན་ཏོ། །དམ་
པའི་ཆོས་སྐྱོང་བ་དང་། འཇིག་རྟེན་སྐྱོང་བ་བསྲུང་བའི་ཕྱིར་བློན་པོ་རྣམས་ཀྱི་ནང་དུ་བློན་པོར་བཀུར་རོ། །གཞོན་ནུ་རྣམས་ལ་དམ་པའི་ཆོས་ཡང་དག་པར་བསྟན་པའི་ཕྱིར་གཞོན་ནུ་རྣམས་ཀྱི་ནང་དུ་གཞོན་ནུར་བཀུར་རོ། །དམ་པའི་ཆོས་ཀྱི་རྒྱལ་པོའི་ཆོས་ལུགས་ཡང་དག་པར་བསྟན་པའི་ཕྱིར་རྒྱལ་པོ་རྣམས་ཀྱི་ནང་དུ་རྒྱལ་པོར་བཀུར་རོ། །འཛམ་བུའི་གླིང་ལ་ལར་ནི་ནད་ཀྱི་བར་གྱི་བསྐལ་པའི་ནང་དུ་སེམས་ཅན་རྣམས་ལ་སྨན་བྱིན་ནས་དེ་དག་དམ་ཆོས་ལ་གཟུད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་ནད་ཀྱི་བར་གྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་མུ་གེའི་བར་གྱི་བསྐལ་པའི་ནང་དུ་བཀྲེས་ཤིང་ཉམ་ཆུང་བའི་སེམས་ཅན་རྣམས་བདུད་རྩིའི་ཟས་ཀྱིས་ཚིམ་པར་བྱས་ནས་དམ་པའི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་མུ་གེའི་བར་གྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་མཚོན་གྱི་བར་གྱི་བསྐལ་པ་བསྟན་ཏེ། དེ་དག་ཚོགས་ཤིང་གཅིག་ལ་གཅིག་གསོད་པའི་དུས་ལ་བབ་པ་ན་དེ་དག་དམ་པའི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་མཚོན་གྱི་བར་གྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་སེམས་ཅན་རྟག་པའི་འདུ་ཤེས་ཅན་རྣམས་ལ་མི་རྟག་པའི་འདུ་ཤེས་བསྟན་པའི་ཕྱིར་སྲེག་པའི་བསྐལ་པ་སྟོན་ཏེ། སེམས་ཅན་རྣམས་ཀྱིས་སྲེག་པའི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ། །འཛམ་བུའི་གླིང་ལ་ལར་ནི་སེམས་ཅན་རྣམས་ལ་སྒྲ་སྐད་བསྟན་ཏེ། དེ་དག་སྒྲ་སྐད་ཀྱིས་དྲངས་ནས་ངེས་པར་སྒྲོལ་བར་བྱེད་དོ། ། འཛམ་བུའི་གླིང་ལ་ལར་ནི་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་བདག་ཉིད་ཁམས་བཞི་པོ་རྣམས་སུ་སྒྱུར་བར་བྱེད་ཅིང་། སེམས་ཅན་རྣམས་ཀྱི་ནད་བསལ་བའི་ཕྱིར་བདག་ཉིད་སྨན་དང་ཤིང་ཐམས་ཅད་དུ་སྒྱུར་བར་བྱེད་དོ། །འཛམ་བུའི་གླིང་ལ་ལར་ནི་ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་བར་ཡང་སྟོན་ཏེ། ཐམས་ཅད་དུ་མཁན་པོ་བྱེད་ཅིང་མཆོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་
པ་ནས་རབ་ཏུ་འབྱུང་བའི་དེ་ཁོ་ན་ཉིད་ཀྱི་དོན་མཐར་ཐུག་ཟིན་བཞིན་དུ་ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་བ་སྟོན་ཏེ། དེ་དག་ངེས་པར་བསྒྲལ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་རྟག་ཏུ་རང་བཞིན་གྱི་སྐུར་གནས་མོད་ཀྱི། སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར་བཟོའི་གནས་ཐམས་ཅད་དུ་ཡང་སློབ་དཔོན་བྱེད་དེ། རིག་སྔགས་དང་གསང་སྔགས་དང་སྤྲུལ་པ་ཐམས་ཅད་ཀྱང་སྟོན་ལ། ཡ་མཚན་ཅན་ཐམས་ཅད་ཀྱིས་རྒྱགས་པ་དང་། ང་རྒྱལ་བཅོམ་ནས་དེ་དག་ལ་ཤིང་བལ་ལྟ་བུར་སྙིང་པོ་མེད་པ་ཡང་དག་པར་སྟོན་ཅིང་དེ་དག་དམ་པའི་ཆོས་ལ་འཛུད་པར་བྱེད་པ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཡིན་ཏེ། དེར་སེམས་ཅན་ལྟ་བའི་འདུ་ཤེས་ཅན་རྣམས་ཀྱིས་སེམས་ཅན་འདི་ནི་འཇིག་རྟེན་པའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། དེ་བཞིན་གཤེགས་པ་ནི་འཇིག་རྟེན་པ་མ་ཡིན་གྱི། འཇིག་རྟེན་ལས་འདས་པའི་ཆོས་གཟིགས་པ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་འཇིག་རྟེན་དང་འཐུན་པར་བྱ་བས་ངེས་པར་བསྒྲལ་བར་བྱ་བའི་ཕྱིར་བྲན་དང་བྲན་མོར་ཡང་སྟོན་ཏེ་སེམས་ཅན་རྣམས་ཀྱིས་བྲན་དང་བྲན་མོའོ་སྙམ་དུ་ཡང་དག་པར་ཤེས་པ་དེ་ནི་རིགས་དམའ་བར་སྟོན་པ་ཡིན་ནོ། །འཛམ་བུའི་གླིང་ལ་ལར་ནི་ངས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བསྟན་ཏེ་སེམས་ཅན་རྣམས་ཀྱིས་སེམས་ཅན་འདི་ནི་འཇིག་རྟེན་ལྷུར་བྱེད་པ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་སོ། །དེ་ལྟར་སྟོན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་ནི་ལས་དེ་བྱེད་པ་མ་ཡིན་ཏེ་འཇིག་རྟེན་ཐམས་ཅད་དང་འཐུན་པར་བྱ་བ་ནི་འཇིག་རྟེན་བསྒྲལ་བའི་ཕྱིར་རོ། །དེ་བཞིན་དུ་བྱང་གི་སྒྲ་མི་སྙན་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་རྣམས་དང་། སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་ཡང་འཇིག་རྟེན་པ་དང་འཐུན་པར་བྱ་བའི་སྒོ་ནས་དེ་དང་དེ་དག་དེ་བཞིན་དུ་སྦྱར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྗོད་པ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ལུགས་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པས་བྱ་བ་ཆེན་པོ་ཐམས་ཅད་བསྟན་པའི་ཕྱིར་ཡོངས་སུ་མྱ་ངན་ལས་
འདས་པ་ཆེན་པོ་ཞེས་བྱ་སྟེ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱ་བ་ཆེན་པོ་ཐམས་ཅད་དང་ཆོ་འཕྲུལ་ཆེན་པོ་དང་། མི་འཇིགས་པ་ལ་འགོད་པར་བྱེད་པས་ན་རྟག་པ་ཆེན་པོ་ཞེས་བྱ་སྟེ། ཇི་ལྟར་བྱེད་ཅེས་འདྲི་བར་མི་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྒྲ་གཅན་ཟིན་གྱི་ཕར་གྱུར་པར་བསྟན་པའི་ཐབས་ལ་འཇུག་པ་ལྟ་བུར་འཇིག་རྟེན་དང་འཐུན་པར་མཛད་དོ་སྙམ་དུ་ཁོང་དུ་ཆུད་པར་བྱ་སྟེ། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་འདོད་པའི་ཆུ་བོ་ལས་རྒལ་ཟིན་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ནོ། །གསོལ་པ། འདིར་ཇི་ལྟར་མར་མེ་གུམ་པ་གང་དུ་འཆི་བའི་གནས་གདགས་སུ་མ་མཆིས་པར་བཀའ་སྩལ་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་གནས་ཀྱང་དེ་དང་འདྲ་བར་གསུངས་ན། ཇི་ལྟར་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་མྱ་ངན་ལས་འདས་པ་ནི་མར་མེའི་གནས་དང་འདྲ་བར་མ་བཤད་དེ། རིགས་ཀྱི་བུ་འདི་ལྟར་སྐྱེས་པའམ་བུད་མེད་གང་ཡང་རུང་བ་ཞིག་གིས་སྣོད་ཆེན་པོའམ་ཆུང་ངུ་ཡང་རུང་སྟེ། མར་རམ་ཏིལ་མར་གྱིས་བཀང་ནས་མར་མེ་སྦར་ན་མར་མེའི་མེ་ལྕེ་དེ་ཏིལ་མར་ཇི་སྲིད་ཡོད་པ་དེ་སྲིད་དུ་འབར་ལ། ཏིལ་མར་ཟད་ནས་མར་མེ་ཟད་པར་འགྱུར་རོ། །དེ་ལ་ཉོན་མོངས་པ་ཟད་པ་ནི་མར་མེ་ཟད་པ་དང་འདྲ་བར་བསྟན། དེ་བཞིན་གཤེགས་པ་ནི་སྣོད་བཞིན་དུ་རྟག་པ་ཡིན། ཉོན་མོངས་པ་ཟད་པ་ནི་མར་མེ་དང་ཏིལ་མར་འདྲ་ན། ཅི་སྣོད་ཀྱང་མར་མེ་དང་མགོ་མཉམ་དུ་མེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྣོད་ནི་མ་མཆིས་པར་མི་འགྱུར་ལགས་ན། ཅི་ལགས་དེ་བཞིན་གཤེགས་པ་ཡང་སྣོད་དང་འདྲ་བར་བས་པར་འགྱུར་རམ། གལ་ཏེ་དེ་བཞིན་གཤེགས་པ་ཡང་ཏིལ་མར་གྱི་སྣོད་དང་འདྲ་ན་ནི་དེ་བཞིན་གཤེགས་པ་ཡང་ཟད་པར་འགྱུར་བར་བཀའ་སྩལ་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་སྣོད་དང་
འདྲ་བ་མ་ཡིན་ཏེ། མཆོག་ཏུ་རྟག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་མྱ་ངན་ལས་འདས་པ་ནི་རྟག་ཏུ་མཆོག་ཏུ་བདེ་བ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་མར་མེའི་གནས་དང་འདྲ་བ་ནི་དགྲ་བཅོམ་པ་ཡིན་ཏེ། དེ་བས་ན་མྱ་ངན་ལས་འདས་པའི་གནས་དགྲ་བཅོམ་པ་ཉིད་ཐོབ་པ་ནི་འབྲས་བུའི་མཆོག་ཅེས་བྱའོ། །དགྲ་བཅོམ་པ་ཐམས་ཅད་ནི་ཟང་ཟིང་ལ་ཞེན་པ་དང་བྲལ་ཏེ། ཟང་ཟིང་མེད་པ་དང་། མར་མེའི་གནས་བཞིན་དུ་མཐར་ཐུག་པ་དང་། ཟང་ཟིང་མེད་པ་ལ་དགའ་བ་ཡིན་ནོ། །ཕྱིར་མི་འོང་བ་ཡང་ཟང་ཟིང་མེད་པའི་དོན་ཡིན་པར་ངས་དགོངས་པའི་ཚིག་གིས་བསྟན་ཏེ། མྱ་ངན་ལས་འདས་པའི་གནས་ནི་མ་ཡིན་ནོ། །གསོལ་པ། ཕྱིར་མི་འོང་བ་ཞེས་བཀའ་སྩལ་པ་དེའི་དོན་ཅི་ལགས། བཀའ་སྩལ་པ། ཡང་སྲིད་པ་མི་ལེན་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཕྱིར་མི་འོང་བ་ཞེས་བགྱི་བ་ལགས་ན། ཕྱིར་མི་འོང་བ་གང་ལགས་པ་དེ་ལ་ཡང་། ཡང་སྲིད་པ་ལེན་པ་མཆིས་པར་འགྱུར་ན། ཅིའི་སླད་དུ་ཕྱིར་མི་འོང་བ་ཡང་སླར་འདི་རང་བཞིན་གྱིས་མི་གཙང་བའི་སྲིན་བུ་འཚལ་བའི་ལུས་ཅན་དུ་སྐྱེ་བར་མི་འགྱུར་ལགས། བཀའ་སྩལ་པ། ལུས་དེ་ནི་མི་ལེན་མོད་ཀྱི་དུག་སྨན་བཞིན་དུ་ལུས་ལེན་ཏོ། །དེ་བས་ན་ཕྱིར་མི་འོང་བ་ཞེས་བྱའོ། །ཕྱིར་མི་འོང་བ་ཞེས་བྱ་བ་ནི་ལུས་ཞེས་བྱ་བའི་ཐ་ཚིག་གོ །ཕྱིར་འོང་བ་ཞེས་བྱ་བ་ནི་ཕན་ཚུན་འགྲོ་ཞེས་བྱ་བའི་ཐ་ཚིག་གོ །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་གསང་བ་མཆིས་སམ། དགོངས་པའི་ཚིག་དགོངས་པའི་ཚིག་ཅེས་གསང་བར་མི་མཛད་དུ་གསོལ། བཅོམ་ལྡན་འདས་ཅི་ལགས། སངས་རྒྱས་ཀྱི་གསུང་མིག་འཕྲུལ་མཁན་གྱི་འཁྲུལ་འཁོར་དང་། སྒྱུ་མ་མཁན་གྱིས་བགྱིས་པའི་འཁྲུལ་འཁོར་གྱི་སྒྱུ་མའི་བུད་མེད་དང་འདྲ་ལགས་སམ། བཀའ་སྩལ་པ། ངའི་བསྟན་པ་ལ་ནི་གསང་བ་མེད་དེ། སངས་རྒྱས་ཀྱི་གསུང་ནི་སྟོན་གྱི་ཟླ་བ་རྒྱས་པ་བཞིན་དུ་སྐྱོན་མེད་པ་དང་། མཚན་མས་མ་བཏབ་པ་དང་། རྨོངས་པ་མེད་པ་དང་། གསང་བ་དང་། གསང་ཆེན་
དང་བྲལ་བ་དང་། གསལ་བ་ཡིན་ནོ།། །།བམ་པོ་དྲུག་པ། རིགས་ཀྱི་བུ་དཔེར་ན་ཁྱིམ་བདག་བྲན་གཟའ་ཅན་ནོར་བྱེ་བ་བདོག་པ་ཞིག་ལ་བུ་གཅིག་པ་སྡུག་ཅིང་ཕངས་ལ་གཅེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་དེ། དེས་བུ་དེ་བུའི་སློབ་དཔོན་ལས་ཕྱིར་བཀུག་ནས་བུ་ལ་བྱམས་པའི་ཕྱིར་བདག་ཉིད་ཀྱིས་བསྒྲིམས་ཏེ་ཡི་གེ་ཕྱེད་པ་སློབ་པར་བྱེད་ན། དེས་བསྒྲིམས་ཏེ་ཡི་གེ་ཕྱེད་པ་བསླབས་སུ་ཟིན་ཀྱང་ཅི་བརྡ་སྤྲོད་པའི་དོན་གྱིས་བྱེ་བྲག་སྟོན་པར་ནུས་སམ། བསྟན་པར་ནུས་སུ་ཟིན་ཀྱང་ཅི་དེས་ཡི་གེ་ཕྱེད་པ་བསླབས་པས་བརྡ་སྤྲོད་པའི་དོན་ཤེས་པར་འགྱུར་རམ། ཅི་ཁྱིམ་བདག་བྲན་གཟའ་ཅན་རང་གི་བུ་ལ་གསང་བར་བྱེད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བུའི་ཤེས་པའི་རྩལ་དང་། ཡིད་རྣོ་རྟུལ་དེ་འདྲ་བ་དང་། ཤེས་པའི་རྩལ་དང་མི་ལྡན་པའི་རྒྱུས་ན་དེ་ལ་གསང་བ་དང་འདྲ་བར་གདའ་བར་གྱུར་ལགས་སོ། །དེ་ལ་ཡིད་མི་བདེ་བ་དང་། གཡོ་བ་དང་། སེར་སྣ་གང་ལགས་པ་དེ་ནི་གསང་བ་ལགས་པར་རིག་པར་བགྱིའོ། །དད་པ་དང་དགའ་བས་བུ་གཅིག་པའི་འདུ་ཤེས་དང་ལྡན་པ་གང་ལགས་པ་དེ་ནི་གསང་བ་ཞེས་མི་བགྱི་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ལེགས་སོ། །སྡང་བ་དང་། གཡོ་དང་སེར་སྣ་དང་ལྡན་པ་གང་ཡིན་པ་དེ་ནི་གསང་བ་ཡིན་ཏེ། དེའི་སྟོབས་དང་བྱམས་པས་ཀྱང་ཁྱིམ་བདག་བྲན་གཟའ་ཅན་དེ་སྟོན་པར་མི་བྱེད་པ་དེ་བཞིན་དུ་ཁྱིམ་བདག་བྲན་གཟའ་ཅན་ལྟར། ང་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམས་པ་དང་ལྡན་མོད་ཀྱི། བྱིས་པ་དེ་དག་གིས་མི་བཟོད་པའི་ཕྱིར་ང་དགོངས་པའི་ཚིག་མི་སྟོན་ཏེ། ངས་ཡི་གེ་ཕྱེད་པ་དང་འདྲ་བར་ནི་གསུང་རབ་ཡན་ལག་དགུ་སྟོན་ཏོ། །བརྡ་སྤྲོད་དང་འདྲ་བར་ནི་སྟོབས་བཅུ་དང་། འཕགས་པའི་བདེན་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་བརྡ་སྤྲོད་པ་བསྟན་ཏོ། །རིགས་ཀྱི་བུ་གཞན་ཡང་གང་གི་ཚེ་ཡི་གེ་ཕྱེད་པ་བསླབས་ནས་སྒྲ་རིག་པའི་འོས་སུ་གྱུར་པ་དེའི་ཚེ་ཁྱིམ་
བདག་བྲན་གཟའ་ཅན་གྱིས་གལ་ཏེ་བརྡ་སྤྲོད་པའི་དོན་སློབ་པར་མི་བྱེད་ན་ནི་དེ་ལྟ་ན་སེར་སྣ་བྱེད་པའི་ཕྱིར་གསང་བ་ཞེས་བྱའོ། །གལ་ཏེ་བརྡ་སྤྲོད་པའི་དོན་བསྟན་ན་ནི་བྱིས་པས་བརྡ་སྤྲོད་པ་རྫོགས་པར་ལོབས་པར་འགྱུར་བ་དེ་བཞིན་དུ་ང་ཡང་ཉན་ཐོས་རྣམས་ལ་ཇི་སྲིད་དུ་ཐེག་པ་ཆེན་པོའི་སྣོད་དུ་མ་གྱུར་པ་དེ་སྲིད་དུ་གསུང་རབ་ཡན་ལག་དགུ་སྟོན་ཏེ། གལ་ཏེ་ངས་སེམས་ཅན་སྣོད་དུ་གྱུར་པ་རྣམས་ལ་ཐེག་པ་ཆེན་པོ་བསླབ་པ་གསང་བར་བྱས་ན་ནི་དེ་ལྟར་ན་ང་ལ་བརྡ་སྤྲོད་པ་དང་འདྲ་བར་གསང་བར་བྱས་སོ། །ཞེས་སྨྲ་བའི་རིགས་སོ། །ད་ནི་ངས་བརྡ་སྤྲོད་པ་དང་འདྲ་བར་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པར་བསྟན་ཏེ། ཁྱིམ་བདག་བྲན་གཟའ་ཅན་དང་འདྲ་བར་རང་གི་སྲས་ཚར་ཕྱིན་པར་མཛད་དོ། །དེ་ལྟར་ན་རིག་པ་ཐམས་ཅད་ཚར་ཕྱིན་པར་བྱེད་པ་བཞིན་དུ་ཚར་ཕྱིན་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་དབྱར་གྱི་སྤྲིན་ཆེན་པོ་རྣམས་འབྲུག་དི་རི་རི་སྒྲོགས་ཤིང་ཆར་ཆེན་པོ་འབེབས་སུ་ཟིན་ཀྱང་། སེམས་ཅན་ཁ་ཅིག་གི་ས་བོན་མ་སྐྱེས་ན་ཅི་དེ་ལ་སྤྲིན་ཆེན་པོ་རྣམས་ཀྱིས་ཉེས་སམ། ཅི་སྤྲིན་ཆེན་པོ་རྣམས་ཆར་མི་འབེབས་སམ་དེ་བཞིན་དུ་དེང་ངས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གསང་ཆེན་མ་ལུས་པར་བསྟན་ཀྱང་སེམས་ཅན་སྣོད་དུ་མ་གྱུར་པ་གང་ཡིན་པ་དེ་དག་གིས་མི་ཐོས་སོ། །ཡང་བཀའ་སྩལ་པ། གང་དག་ལ་ནི་ཡོངས་བསགས་མེད། །གང་དག་གི་ནི་ཟས་མི་རྟོགས། །མཁའ་ལ་བྱ་རྣམས་རྗེས་འདྲ་བར། །དེ་དག་རྗེས་གཅད་དཀའ་བ་ཡིན། །བསྟན་པ་འདིའི་དོན་ཇི་ལྟ་བུ་ཞེ་ན། སུ་དག་ལ་ནི་ཡོངས་བསགས་མེད། །སུ་དག་གི་ནི་ཟོས་མི་རྟོགས། །གང་དག་གི་ནི་རྗེས་གཅད་དཀའ། །སུ་སོང་གང་དུ་སོང་བ་ན། །དེ་དག་རྗེས་གཅད་དཀའ་བ་ཡིན། །དེ་ལ་རིན་པོ་ཆེ་ལ་སོགས་པ་ནི་བསགས་པའོ། །ཡོངས་ཞེས་བྱ་བ་ནི་ཕྲད་ཀྱི་བྱེ་བྲག་གི་ཐ་ཚིག་གོ །ཡོངས་ཞེས་བྱ་བ་ནི་བསྡུས་པའི་དོན་ཏེ་འདིར་རྫས་བཟང་པོ་བསྒྲུབས་པའི་ཐ་ཚིག་གོ །བསགས་པ་ཞེས་བྱ་བ་དང་། ནོར་ཞེས་བྱ་བ་ནི་དོན་གཅིག་གོ །གང་ནོར་
ཡོངས་སུ་བསགས་པར་བྱེད་པ་དེ་ནི་དེ་དག་གི་ཡོངས་སུ་བསགས་པ་ཞེས་བྱའོ། །དེ་ལ་ཡོངས་སུ་བསགས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཡོངས་སུ་བསགས་པ་དང་། འདུས་མ་བྱས་ཡོངས་སུ་བསགས་པའོ། །དེ་ལ་ཉན་ཐོས་ནི་འདུས་བྱས་ཡོངས་སུ་བསགས་པའི་རྣམ་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའི་ཡོངས་སུ་བསགས་པའི་རྣམ་པའོ། །དགེ་འདུན་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཀྱི་དགེ་འདུན་དང་། འདུས་མ་བྱས་ཀྱི་དགེ་འདུན་ནོ། །དེ་ལ་འདུས་བྱས་ཀྱི་དགེ་འདུན་ཞེས་བྱ་བ་ནི་ཉན་ཐོས་ཀྱི་དགེ་འདུན་ཡིན་ཏེ། ཉན་ཐོས་ཀྱི་དགེ་འདུན་ལ་ནི་ཡོངས་སུ་བསགས་པ་ཡང་མེད་ན། བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་རྣམས་དང་མཛོད་དང་བང་བ་ཡོངས་སུ་འཛིན་པ་ལྟ་ག་ལ་ཡོད་དེ། འོས་མ་ཡིན་པས་ན་དེ་ནི་ལན་ཚྭ་དང་། ཏིལ་ཙམ་ཡང་ཡོངས་སུ་བསགས་པར་མི་བྱེད་དོ། །གང་དག་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བྲན་དང་བྲན་མོ་ལ་སོགས་པ་འཆང་དུ་གནང་ངོ་། །ཞེས་ཟེར་བ་དེ་དག་གི་ལྕེ་ནི་ལྐུགས་པར་འགྱུར་སྲིད་དོ། །ཉན་ཐོས་དེ་དག་ནི་ཡོངས་སུ་བསགས་པ་མེད་པའི་རྣམ་པ་ཡིན་ཏེ། དེ་དག་ནི་ཟས་ཡོངས་སུ་ཤེས་པའོ། །གང་དག་ཟས་ལ་ཞེན་པ་མེད་པ་དེ་དག་ནི་ཟས་ཡོངས་སུ་ཤེས་པ་ཡིན་ནོ། །དེ་དག་ནི་འགྲོ་བའི་ལམ་དུ་རྗེས་གཅད་པར་དཀའོ། །དེ་དག་ནི་མྱུར་བ་ཁོ་ནར་སངས་རྒྱས་ཉིད་དུ་ཉེ་བར་གནས་སོ། །དེ་དག་གི་འགྲོ་བ་ནི་རྗེས་གཅད་དཀའོ་ཞེས་དེ་བཞིན་གཤེགས་པ་གསུང་ངོ་། །ཡང་བཀའ་སྩལ་པ། གལ་ཏེ་འདུས་བྱས་ཀྱི་དགེ་འདུན་ལ་ཡང་ཡོངས་སུ་བསགས་པ་མེད་ན། འདུས་མ་བྱས་པའི་དགེ་འདུན་ལྟ་ག་ལ་ཡོད། འདུས་མ་བྱས་པའི་དགེ་འདུན་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་གསང་བའི་ཆོས་བསྟན་པ་ག་ལ་ཡོད། གསང་བ་གང་ཡིན་པ་དེ་ནི་ཡོངས་སུ་བསགས་པའོ། །རྗེས་གཅད་དུ་མེད་པ་ནི་མི་གཡོ་བའི་བདེ་བ་སྟེ། མྱ་ངན་ལས་འདས་པའི་དོན་ཏོ། །དེ་ལ་ནི་ནམ་མཁའ་ཡང་མེད། ལོ་དང་ཉི་མ་དང་ཟླ་བ་རྣམས་ཀྱིས་ཀྱང་བྱར་མེད། མཇུག་རིངས་དང་། སྐར་
མའི་ཚོགས་རྣམས་དང་། རི་རྣམས་དང་། དུས་དང་། སྤྲིན་རྣམས་ཀྱང་མེད་དེ། སྐྱེ་བའི་རྒྱུན་ཆད་པ་འཆི་བ་དང་། ན་བ་དང་། རྒ་བ་དང་། སྲིད་པ་ཉི་ཤུ་རྩ་ལྔ་སྤངས་པ་སྡུག་བསྔལ་གྱི་རྣམ་པ་དང་ཉོན་མོངས་པ་དང་བྲལ་བ་སྟེ། དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། བདེ་བ་དང་། མི་གཡོ་བ་དང་། གནས་མེད་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེར་འགྲོ་བའི་ཕྱིར་དེང་དེ་བཞིན་གཤེགས་པ་གྲོང་ཁྱེར་ཆེན་པོར་གཤེགས་སོ། །ཆེན་པོ་ཞེས་བྱ་བ་དང་། ཆེ་བ་ཞེས་བྱ་བ་ནི་དོན་གཅིག་གོ །ཆེན་པོ་ཞེས་བྱ་བ་ནི་ལྷག་མ་དང་བཅས་པའི་ཚིག་བླ་དགས་ཏེ། འདི་ན་མི་ལ་ལ་ཚེ་དཔག་ཏུ་མེད་པར་གྱུར་ན་མི་དེ་སྐྱེས་བུ་ཆེན་པོ་ཞེས་བྱ་བའི་གྲངས་སུ་གཏོགས་ཏེ། གལ་ཏེ་ཆོས་དང་ལྡན་ན་མི་དེ་སྐྱེས་བུ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ཡང་འདིར་སྐྱེས་བུ་ཆེན་པོའི་རྣམ་པར་རྟོགས་པ་བརྒྱད་ཀྱིས་སྐྱེས་བུ་གཅིག་པུར་འགྱུར་ཏེ། སྐྱེས་བུ་ཆེན་པོ་དུ་མ་ཡོད་པའི་ནང་ན་གང་ལ་སྐྱེས་བུ་ཆེན་པོའི་རྣམ་པར་རྟོགས་པ་བརྒྱད་ཡོད་པ་དེ་ནི་སྐྱེས་བུ་ཆེན་པོ་ཐམས་ཅད་ཀྱི་ནང་ན་ཡང་སྐྱེས་བུ་ཆེན་པོའོ། །ཞེས་ངས་བཤད་པས་ན་དེའི་ཕྱིར་ཆེ་བ་ཞེས་བྱའོ། །ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་གང་ལ་སྨན་བྱེད་པ་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དཔེར་ན། འདི་ན་མི་ལ་ལ་ཞིག་གདུག་པའི་ཟུག་རྔུས་ཕོག་སྟེ། བབ་རྡོའི་གནོད་པས་ཐེབས་ནས་བབ་རྡོའི་གནོད་པས་ཐེབས་པའི་མི་དེ་ཟུག་རྔུ་འབྱིན་པའི་སྨན་པ་ཆེན་པོ་ཞིག་གིས་གསོས་ཏེ། གདུག་པའི་ཟུག་རྔུ་བསལ་ནས་བདེ་བར་བྱས་ཏེ་དེ་གནོད་པ་མེད་པར་སྔ་མཁོ་བཞིན་དུ་བྱས་ནས་སྨན་པ་དེས་མི་དེ་བོར་ཏེ་ཡུལ་གཞན་ནམ། གྲོང་གཞན་ནམ། ཁྱིམ་གཞན་གང་ན་རྨས་པ་ཡོད་པ་དང་། གང་ན་རྨའི་ལས་བྱར་ཡོད་པ་དེ་ན་གནས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་པ་ཆེན་པོ་ཟུག་རྔུ་འབྱིན་པས་ཀྱང་འཛམ་བུའི་གླིང་པའི་སེམས་ཅན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ཚུན་ཆད་ནས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པའི་
དུག་གིས་ཕོག་པའི་སེམས་ཅན་ཤིན་ཏུ་རྨས་པ་ཐམས་ཅད་ཀྱི་ཟུག་རྔུ་རྣམས་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྣ་ཚོགས་ཀྱི་དགེ་བའི་རྩ་བའི་སྨན་རྣམས་ཀྱིས་གསོ་བར་མཛད་དོ། །གསོས་ནས་ཀྱང་དེ་རྣམས་མྱ་ངན་ལས་བཟླས་ཏེ་གང་ན་སེམས་ཅན་རྨས་པ་རྣམས་ཡོད་པ་དེར་བཅོམ་ལྡན་འདས་ཡང་དག་པར་སྣང་བར་འགྱུར་རོ། །དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ནི་ཡང་དག་པའི་དོན་ལ་རྟོན་པ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི་སྲིད་པ་ཐམས་ཅད་ན་ཐར་པའི་གྲོང་ཁྱེར་གྱི་ཚིག་བླ་དགས་ཡིན་ཏེ། གང་ན་འདུལ་བར་བྱ་བ་རྣམས་ཡོད་པ་དེར་རྫོགས་པར་སངས་རྒྱས་པར་སྣང་བ་འདི་ནི་ཚིག་གྲགས་པའོ། །གསལ་བའོ། །ཡང་དག་པའི་དོན་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྨན་པས་རྨས་པ་ཐམས་ཅད་སོས་པར་བགྱིས་ནས་ཡུལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གཞན་གང་ན་རྨས་པ་རྣམས་མཆིས་པ་དེར་སྣང་བར་འགྱུར་རོ། །ཞེས་བགྱི་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་སྲོག་ཆགས་རྨས་པ་ཐམས་ཅད་ཀྱི་ནད་གསོ་བར་བྱེད་ཅེས་དེ་སྐད་མ་ཟེར་ཅིག ། གསོར་མི་རུང་བའི་སེམས་ཅན་གཞན་རྣམས་ནི་གསོ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ནད་ནི་གསོར་མི་རུང་བ་ཡིན་ཏེ། དེ་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་གསོར་མི་རུང་བའི་ནད་འདོད་ཆེན་པ་མ་གཏོགས་པ་ནད་ཐམས་ཅད་གསོ་བར་མཛད་དེ། གང་མྱ་ངན་ལས་འདས་པ་དེ་དག་གསོས་པ་ཡིན་ནོ། །གསོལ་པ། ཐར་པ་ཇི་ལྟ་བུ་ལགས། གཟུགས་ཅན་ལགས་སམ། གཟུགས་མ་མཆིས་པ་ལགས། བཀའ་སྩལ་པ། ཁ་ཅིག་ནི་གཟུགས་ཅན་ནོ། །ཁ་ཅིག་ནི་གཟུགས་ཅན་མ་ཡིན་པ་སྟེ། གཟུགས་ཅན་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་གཟུགས་ཅན་ཡིན་ནོ། །ཐར་པ་དེ་ནི་གཟུགས་དང་གཟུགས་མེད་པ་ཡིན་ལ། གཟུགས་ཡིན་ནོ་ཞེས་བྱར་ཡང་མི་རུང་ངོ་། །གསོལ་པ། ཅིའི་
སླད་དུ་ལགས། བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དཔེར་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ལུས་ནི་གཟུགས་དང་གཟུགས་མེད་པ་ཡིན་ལ། གཟུགས་ཡིན་ནོ་ཞེས་བྱར་ཡང་མི་རུང་བ་བཞིན་ནོ། །གསོལ་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་གཟུགས་དང་། གཟུགས་མ་མཆིས་པ་ལགས་ལ་གཟུགས་ཀྱང་མ་ལགས་ན། དེ་དག་ཇི་ལྟར་མཆིས་པ་དང་། ཇི་ལྟར་རྒྱུ་བ་བསྟན་དུ་གསོལ། བཀའ་སྩལ་པ། འདི་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་གྱིས་ཞོག་ཤིག ། དེ་བཞིན་དུ་ཐར་པ་ཡང་གཟུགས་དང་གཟུགས་མེད་པ་ཡིན་ལ། གཟུགས་ཀྱང་མ་ཡིན་པས་ན་སངས་རྒྱས་ཀྱི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཚུལ་གྱིས་ཐར་པ་བསྟན་དུ་གསོལ། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཐར་པ་ཞེས་བྱ་བ་ནི་འཆིང་བ་ཐམས་ཅད་དང་བྲལ་བའོ། །ཡང་བཀའ་སྩལ་པ། ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་མ་སྐྱེས་པའི་ཕྱིར་དེ་ནི་འཆིང་བ་ཐམས་ཅད་དང་ཤིན་ཏུ་བྲལ་བ་སྟེ། ཇི་ལྟར་ཕ་མ་ཕྲད་པའི་ཡོན་ཏན་ལས་བུ་སྐྱེ་བ་དེ་བཞིན་དུ་སྐྱེས་པ་མ་ཡིན་ཏེ། ཐར་པ་ནི་རང་གི་ཡུལ་དུ་གནས་པའོ། །མ་སྐྱེས་པ་ཞེས་བྱ་བ་ནི་འདི་ལྟར་མར་གྱི་སྙིང་ཁུ་རང་བཞིན་གྱིས་རང་གི་ངོ་བོ་ཉིད་དུ་འདུག་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཡབ་ཡུམ་འཁྲིག་པ་ལས་བྱུང་བ་ཡང་མ་ཡིན་ལ། དེ་བཞིན་གཤེགས་པས་ནི་གདུལ་བར་བྱ་བའི་དབང་གིས་ཡབ་ཡུམ་གཉིས་ཀྱང་བསྟན་ཏོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པས་ཏེ་མ་བྱུང་བ་བྱུང་བའི་ཕྱིར་རོ། །དཔེར་ན་སྲན་སྡེའུ་འམ། སྲན་གྲེའུ་དཔྱིད་ཟླ་ར་བའི་ངོའམ། དབྱར་གྱི་དུས་སམ། སྟོན་ཟླ་ཐ་ཆུངས་ཀྱི་ངོ་ལ་ས་བོན་བཏབ་ན། དེ་དག་ལས་མྱུ་གུ་འབྱུང་བར་འགྱུར་བ་དེ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །མ་བྱུང་བ་གང་ཡིན་
པ་དེ་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ་མ་བྱུང་བའོ། །དེ་བཞིན་གཤེགས་པ་ནི་མ་བྱུང་བ་ཁོ་ན་སྟེ་དེ་བཞིན་གཤེགས་པ་ནི་མྱུ་གུ་ཡོད་པ་དང་། མེད་པར་འགྱུར་བ་བཞིན་དུ་ཡོངས་སུ་བརྟག་པར་མི་བྱའོ། །དེ་བཞིན་གཤེགས་པ་ནི་རང་བཞིན་གྱིས་མ་བྱུང་བ་སྟེ། དེ་བས་ན་མ་བྱུང་བའོ། །མ་བྱུང་བ་ཞེས་བྱ་བ་ནི་མ་བྱས་པའོ། །མ་བྱས་པ་ཞེས་བྱ་བ་ནི་ཇི་ལྟར་གྲོང་ཁྱེར་དང་། གྲྭའི་ཡང་ཏོག་དང་། སྒོ་ཁང་བྱེད་པ་དེ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། མ་བྱས་པ་གང་ཡིན་པ་དེ་ནི་ཐར་པའོ། །དེ་ནི་དེ་བཞིན་གཤེགས་པ འོ། །འདུས་མ་བྱས་འདུས་མ་བྱས་ཞེས་བྱ་བ་ནི་ཇི་ལྟར་རྫ་མཁན་གྱིས་སྣོད་བྱས་ནས། དེའི་འོག་ཏུ་ཞིག་པར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །ཐར་པ་ནི་སྐྱེ་བ་ཡང་མེད། འགག་པ་ཡང་མེད་དོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། སྐྱེ་བ་ཡང་མེད། འཆི་བ་ཡང་མེད་དོ། །གང་མ་སྐྱེས་པ་དང་། མ་ཞི་བ་དང་། རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། འདུས་མ་བྱས་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བའོ། །རྒ་བ་མེད་པ་དང་། འཆི་བ་མེད་པ་ཞེས་བྱ་བ་ནི་མགོ་དཀར་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་དང་འདུས་བྱས་ཀྱི་རང་བཞིན་གྱི་རྟོག་པ་དེ་ལྟ་བུ་ནི་ཐར་པ་མ་ཡིན་གྱི། གང་ལ་གོང་དུ་སྨོས་པ་རྣམས་མེད་པ་ནི་ཐར་པ་ཡིན་ཏེ། དེ་བས་ན་རྒ་བ་མེད་པ་ཞེས་བྱའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་ནི་མགོ་དཀར་བ་དང་། རྒ་བ་དང་། འདུས་བྱས་རྣམ་པར་འགྱུར་བ་མེད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་རྒ་བ་མེད་པའི་སྐུ་ཡིན་ན་འཆི་བར་ལྟ་ག་ལ་འགྱུར། ནད་མེད་པ་ནད་མེད་པ་ཞེས་བྱ་བ་ནི་གློ་བུར་གྱི་ནད་བཞི་བརྒྱ་རྩ་བཞིས་གནོད་པར་གྱུར་པ་དང་། ཉེས་དམིགས་དུ་མ་དང་ལྡན་པའི་ལུས་གང་ལ་མེད་པ་དེ་ལྟ་བུའི་རང་བཞིན་ཏེ། དེ་བས་ན་ཐར་པ་ནི་ནད་མེད་པའོ། །ཐར་པ་གང་ཡིན་པ་དེ་
ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་ཡང་ནད་ཀྱི་བག་ཡོང་མེད་ན་ཆོས་ཀྱི་སྐུ་ལ་ནད་ག་ལ་ཡོད། དེ་བས་ན་དེ་བཞིན་གཤེགས་པ་ནི་ནད་མེད་པའོ། །འཆི་བ་མེད་པ་འཆི་བ་མེད་པ་ཞེས་བྱ་བ་ནི་གང་ལ་མིའི་ལུས་བཞིན་དུ་འཆི་བ་མེད་པའོ། །དེ་ནི་ཐར་པ་ཡིན་ཏེ། དེ་ལ་ནི་དུས་འདི་ཙམ་གྱིས་ན་ཟད་པའི་མཐར་འགྱུར་བའམ། འཆི་བའི་མཐར་འགྱུར་རོ། །ཞེས་བྱ་བའི་མིང་ཡང་མེད་དེ་འཆི་བ་དང་བྲལ་བ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་འཆི་བར་འགྱུར་བ་ཞེས་བྱ་བ་དེ་ནི་མི་སྲིད་དེ། སྐུ་རྡོ་རྗེ་ལྟར་མཁྲེགས་པ་མི་རྟག་པར་ག་ལ་ཞིག་འགྱུར་ཏེ། དེ་བས་ན་འཆི་བ་མེད་པ་ནི་དེ་བཞིན་གཤེགས་པའོ། །ཉོན་མོངས་པ་ཅན་ཉོན་མོངས་པ་ཅན་ཞེས་བྱ་བ་ལ་ཐར་པ་ནི་ནུར་ནུར་པོ་མི་གཙང་བས་མ་རུང་བར་གྱུར་པ་མ་ཡིན་ཏེ། ཐར་པ་ནི་ཇི་ལྟར་མེ་ཏོག་ཀུ་མུ་ད་དཀར་པོ་བཞིན་དུ་གསལ་བའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །འདོད་པའི་ཉེས་པ་སྣ་ཚོགས་བསྟན་པ་ནི་ཐབས་ཡིན་པར་བལྟ་བར་བྱའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཟག་པ་མེད་པ་ཟག་པ་མེད་པ་ཞེས་བྱ་བ་ནི། རྨ་མེད་པའི་དོན་ཏེ། དེ་ནི་ཐར་པ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་ཟག་པ་མེད་པ་ཞེས་བྱའོ། །གནོད་པ་མེད་པ་གནོད་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་བཀྲེས་པས་གཡོས་བྱེད་པ་མ་མཐོང་ན་གནོད་པར་འགྱུར་བ་དེ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། གནོད་པ་མེད་པ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞི་བ་ཞི་བ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་ནི་ལྷའི་གཟུགས་ལ་ཞི་བ་ཞི་བ་ཞེས་བྱ་བས་ན་དེ་ནི་བརྫུན་ཏེ། ཐར་པ་མ་ཡིན་ནོ། །རང་བཞིན་གྱིས་ཞི་བ་གང་ཡིན་པ་དེ་ནི་ཐར་པ་སྟེ། གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཞི་བའི་མཆོག་ཡིན་པས་ན། དེའི་ཕྱིར་ཞི་བ་ཞེས་བྱའོ། །ཞི་བ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་
པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །བདེ་བ་བདེ་བ་ཞེས་བྱ་བ་ནི་ཇི་ལྟར་ཆོམ་རྐུན་གྱིས་འཇིགས་ནས་ལམ་བདེ་བར་འགྲོ་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། རང་བཞིན་གྱིས་བདེ་བ་དེ་ལ་ནི་འཇིགས་པའི་མིང་ཡང་མེད་དེ། དེ་བས་ན་བཅོས་མ་མ་ཡིན་པའི་བདེ་བ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སེམས་ཅན་ཐམས་ཅད་ལ་བདེ་བ་བྱེད་པ་ནི་དེ་བཞིན་གཤེགས་པའོ། །གཉེན་པོ་མེད་པ་གཉེན་པོ་མེད་པ་ཞེས་བྱ་བ་ལ་གཉེན་པོ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་པོ་ཤིར་དོགས་ཤིང་འཇིགས་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ཡེ་རང་བཞིན་གྱིས་གཉེན་པོ་མེད་པའོ། །གཉེན་པོ་མེད་པ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། དེ་ལ་གཞན་སླར་འཇིགས་པར་བྱེད་ནུས་པ་སུ་ཡང་མེད་དེ་ཡོད་མི་སྲིད་དོ། །དེ་བཞིན་དུ་ཐར་པ་ལ་ཡང་ཐར་པའི་ཆོས་གཞན་ཟླར་གྱུར་པ་མེད་དེ་ཡོད་མི་སྲིད་དོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ནི་སྒྲ་གཞན་མེད་དེ། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཉེན་པོ་མེད་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མྱ་ངན་མེད་པ་མྱ་ངན་མེད་པ་ཞེས་བྱ་བ་ནི་གང་ལ་མྱ་ངན་མེད་པ་སྟེ། ཇི་ལྟར་རྒྱལ་པོ་དཀྲུགས་མ་བྱེད་པའི་རྒྱལ་པོ་གཞན་གྱིས་རྒྱལ་སྲིད་ཕྲོགས་ཏེ། ཡུལ་འཁོར་བཅོམ་ཞིང་བཤིག་པ་ན་ཤིན་ཏུ་མྱ་ངན་གྱིས་ཐེབས་པ་བཞིན་དུ་མྱ་ངན་ལས་འདས་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་རྒྱལ་པོ་གཞན་གྱིས་མ་ཚུགས་ཏེ་དགྲ་དང་བྲལ་བར་གྱུར་ནས་མྱ་ངན་མེད་པ་བཞིན་དུ་ཐར་པ་ཐོབ་པ་རྣམས་ཀྱང་མྱ་ངན་མེད་པའོ། །ཐར་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མྱ་ངན་དང་བྲལ་བ་མྱ་ངན་དང་བྲལ་བ་ཞེས་བྱ་བ་ནི་ཇི་ལྟར་བུད་མེད་རང་གི་བུ་དམག་ཏུ་སོང་ནས་ཤིའོ་ཞེས་ཐོས་པ་ལས་ཕྱིར་འོངས་པ་མཐོང་ནས་མྱ་ངན་དང་བྲལ་བར་འགྱུར་བ་བཞིན་དུ་མྱ་ངན་ལས་འདས་པ་ནི་དེ་ལྟ་མ་
ཡིན་ཏེ། ཐར་པ་ནི་རྟག་ཏུ་མྱ་ངན་དང་བྲལ་བའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རྡུལ་མེད་པ་རྡུལ་མེད་པ་ཞེས་བྱ་བ་ལ་རྡུལ་ཞེས་བྱ་བ་ནི་ས་རྡུལ་དང་ཉལ་ཉིལ་ཡིན་ཏེ། ཇི་ལྟར་དཔྱིད་ཀྱི་དུས་ན་ཕྱི་དྲོ་རླུང་ལངས་པས་ས་རྡུལ་བསླང་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །རྡུལ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་པོའི་གཙུག་གི་ནོར་བུ་དག་པ་དེ་བཞིན་དུ་རང་བཞིན་གྱི་རྡུལ་མེད་པ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རྡུལ་དང་བྲལ་བ་རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ཇི་ལྟར་གསེར་ཡོངས་སུ་དག་པ་སྟེ། གསེག་མ་དང་རྡོ་མེད་པར་གྱུར་པ་དབྱིག་ཏུ་རེད་པ་རང་བཞིན་དུ་གྱུར་པ་དེ་བཞིན་དུ་སྐྱོན་བྱང་བའི་རང་བཞིན་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སོབ་སོབ་པོ་མ་ཡིན་པ་སོབ་སོབ་པོ་མ་ཡིན་པ་ཞེས་བྱ་བ་ནི་ཁམ་པའི་ཞོའི་བུམ་པ་གས་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ལྕགས་དང་རྡོ་རྗེའི་བུམ་པ་བཞིན་དུ་སོབ་སོབ་པོ་མ་ཡིན་པ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་ཨེ་རཎྜའི་འབྲས་བུ་བརྔས་ནས་སོ་གའི་དུས་སུ་ཁང་ཏོག་ཏུ་བཏིང་ན། ཀུན་ནས་ཙེག་ཙེག་ཟེར་ཞིང་ཀུན་ནས་འགས་པ་དེ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་ལྕགས་དང་རྡོ་རྗེའི་བུམ་པ་ཤིང་རྟ་པ་སྟོང་གི་མདས་འཕངས་ཀྱང་ཕིགས་པར་མི་ནུས་པ་དེ་བཞིན་དུ་སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཅི་བྱར་ཡང་མེད་པ་ཅི་བྱར་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་མི་དབུལ་པོ་ཞིག་ལ་བུ་ལོན་ཆགས་པ་ལས་ཕྱུག་པོའི་ལག་ཏུ་འོངས་ནས་ཉོན་མོངས་སུ་ཟིན་ཀྱང་ཅི་ཡང་འཇལ་དུ་མེད་ནས་བཏང་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཅི་བྱར་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་མི་ནོར་བྱེ་བ་བདོག་པ་སུའི་བུ་ལོན་ཡང་མ་ཆགས་པ་དེ་བཞིན་དུ་ཆོས་བྱེ་བ་ཕྲག་མང་པོ་བདོག་པའི་མཆོག་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །
ཅི་བྱར་ཡང་མེད་པའི་ཆོས་ཅན་ཅི་བྱར་ཡང་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་མི་དབུལ་པོས་རང་གི་ཁྱིམ་ན་གང་ན་ཡང་ནོར་མེད་དེ། བདག་གིས་སྐྱིན་པོ་བླང་ངོ་སྙམ་ནས་དེས་སེམས་ཁོངས་སུ་ཆུད་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཅི་བྱར་ཡང་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་བདག་ནོར་བྱེ་བ་བདོག་པ་ཉི་མ་དང་ཟླ་བ་ལ་ཡང་རག་མ་ལུས་ཏེ། དེ་ལྟར་འབྱོར་པ་དང་ལྡན་པའི་ཁྱིམ་བདག་གིས་ནི་ཉི་མ་ལྷན་ནེར་འདུག་གོ་ཞེའམ། ཟླ་བ་ཤར་ཏོ་ཞེས་བྱ་བའི་སྒྲ་ཡང་མི་ཐོས་སོ། །དེ་ལྟར་མཆོག་ཏུ་སྐྱིད་པའི་ཁྱིམ་བདག་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེས་པ་དེ་ནི་ཕྱི་སྲིད་དུ་བྱ་བའི་ཕྱིར་གཞན་ལས་སྐྱིན་མ་ལེན་ཅེའམ། ཡང་ན་གཞན་གྱིས་འདི་ནི་ཕ་རོལ་ལས་སྐྱིན་མོ་ལེན་ཅིང་ཟའོ་ཞེས་བརྗོད་པ་མེད་དེ་དེ་ནི་མི་སྲིད་དོ། །དེ་བཞིན་དུ་ཐར་པ་ཡང་ཐར་པའི་གནས་གཞན་ལེན་ཏོ་ཞེས་བྱ་བ་དེ་ནི་མི་སྲིད་དོ། །དེ་བས་ན་ཅི་བྱར་ཡང་མེད་པའི་ཆོས་ཅན་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །གནོད་པ་མེད་པ་གནོད་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་སོ་གའི་དུས་སུ་ཧ་ཅང་ཚ་ཆེས་པ་བསྟེན་པ་དང་། དབྱར་གྱི་དུས་སུ་ཧ་ཅང་མངར་ཆེས་པ་བསྟེན་པ་དང་། དགུན་གྱི་དུས་སུ་ཧ་ཅང་བསིལ་ཆེས་པ་བསྟེན་པས་བདག་ཉིད་གནོད་པ་རྣམས་ཀྱིས་ཉེས་པ་དེ་ལས་གནོད་པ་རྣམས་འབྱུང་བར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟར་ནད་མང་པོས་གནོད་པར་འགྱུར་བ་མ་ཡིན་ནོ། །གཞན་ཡང་གནོད་པ་ཞེས་བྱ་བ་ནི་ཇི་ལྟར་ཤ་དང་ཉ་ཤ་ཟོས་པའི་འོག་ཏུ་འོ་མ་འཐུང་བ་ནི་འཆི་བར་འགྱུར་བ་བཞིན་དུ་ཐར་པ་ནི་གནོད་པའི་ཆོས་ཅན་མ་ཡིན་ནོ། །གནོད་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་ཁ་ཟས་འཐུན་པར་ཟ་བས་རོ་ཞིམ་པ་ཡང་མྱོང་ལ་བདུད་རྩི་ཡང་ཟོས་པར་འགྱུར་བ་དེ་བཞིན་དུ་ཐར་པ་ནི་རང་བཞིན་གྱིས་བདུད་རྩི་ལྟ་བུ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །གནོད་པ་མེད་པའི་ཆོས་ཅན་གནོད་པ་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་ང་རྒྱལ་གྱིས་ཁེངས་པའི་མི་ང་རྒྱལ་གྱིས་དྲེགས་ཤིང་མྱོས་ནས་ང་མི་འཆིའོ་སྙམ་སྟེ། སྦྲུལ་ལམ་སྟག་ལ་འཛིན་དུ་རྩོལ་བ་ལས། དེས་ཟིན་ནས་དུས་མ་ཡིན་པའི་འཆི་བས་འཆི་བར་འགྱུར་བ་དེ་བཞིན་དུ་ང་རྒྱལ་གྱིས་ཁེངས་པ་ནི་ཐར་པར་མི་འགྱུར་རོ། །གནོད་པ་མེད་པའི་
ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁར་བ་རིན་པོ་ཆེའི་གཟི་བརྗིད་ཀྱིས་སྲོག་ཆགས་གདུག་པ་སྦུར་བུ་དང་། སྦྲུལ་དང་། ཀ་ན་བྷ་དང་། སྡོམ་ལ་སོགས་པའི་རིགས་དགུ་བཅུ་རྩ་དྲུག་པོ་རྣམས་ཀྱིས་ཐག་རིང་པོ་ནས་དེའི་དྲི་ཚོར་བ་ཙམ་གྱིས་ཁར་བ་རིན་པོ་ཆེའི་རང་བཞིན་གྱི་དྲིས་སྐྲག་ནས་དུག་མེད་པར་འགྱུར་བ་དེ་བཞིན་དུ་ཐར་པ་ནི་རང་བཞིན་གྱིས་སྲིད་པའི་ཉེས་པ་ཉི་ཤུ་རྩ་ལྔ་དང་བྲལ་བ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཉེན་མེད་པ་ཉེན་མེད་པ་ཞེས་བྱ་བ་ལ་ཐར་པ་ནི་ཨེ་ལ་སྔོན་པོ་དང་ལྗང་གུའི་ཁ་དོག་ལྟ་བུ་མ་ཡིན་ནོ། །ཉེན་མེད་པ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་ཉེན་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཉེན་མེད་པའི་ཆོས་ཅན་ཉེན་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་རྟེན་ལ་མར་མེ་ཉེན་དུ་གྱུར་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཉེན་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་ཟླ་བའི་འོད་སེམས་ཅན་ཐམས་ཅད་ལ་ཉེན་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་ཉེན་མེད་པའི་ཚུལ་ཅན་ཡིན་ནོ། །དེ་བས་ན་ཉེན་མེད་པ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། ། ཅི་ཡང་མེད་པ་ཅི་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་མི་མཛའ་བོ་དང་དགྲ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཅི་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དགྲ་ཡོད་ཅེས་བྱ་བ་ནི་མི་སྲིད་དེ་ཐར་པ་ཡང་དེ་དང་འདྲའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཅི་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་རས་དཀར་པོ་དགོས་པ་འགའི་ཕྱིར་བསྒྱུར་ན་སྔོན་པོ་དང་དམར་པོར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །ཅི་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་ཀླུ་ཤིང་གི་མེ་ཏོག་དྲི་ང་བར་འགྱུར་བའམ་སྔོན་པོར་འགྱུར་མི་སྲིད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཅུང་ཟད་ཅིག་ཡོད་དོ་ཞེས་བྱ་བ་མི་སྲིད་དེ་མེ་ཏོག་དེའི་དྲི་གཅིག་པུ་ཁོ་ནར་ཟད་པ་བཞིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ངོ་མཚར་ངོ་མཚར་ཞེས་བྱ་བ་ནི་ཇི་ལྟར་ཆུའི་ནང་ན་པད་མ་ཡོད་པ་ངོ་མཚར་མི་ཆེ་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ངོ་
མཚར་ཞེས་བྱ་བ་ནི་ཇི་ལྟར་མེའི་ནང་དུ་མེ་ཏོག་པད་མ་རྒྱས་པ་མཐོང་ན་དགའ་བ་སྐྱེད་པ་དེ་བཞིན་དུ་ཐར་པ་ཡོད་ན་དགའ་བ་སྐྱེ་བར་འགྱུར་རོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རྨད་དུ་བྱུང་བ་རྨད་དུ་བྱུང་བ་ཞེས་བྱ་བ་ནི་ཇི་ལྟར་བྱིས་པའི་སོ་རྣམས་ཕྱིས་སྐྱེ་བ་དེ་བཞིན་དུ་ཐར་པ་ནི་དུས་ལ་བབ་པ་དང་། དུས་ལ་མ་བབ་པ་ལས་འགྱུར་བ་མེད་དོ། །ཡ་མཚན་ཞེས་བྱ་བ་ནི་ཇི་ལྟར་འདོད་ཆེན་པ་རྣམས་ཀྱིས་འདོད་ཆེན་པར་ལྟུང་བ་སངས་རྒྱས་སུ་འགྱུར་ཞེས་བྱ་བ་ནི་མི་སྲིད་དོ། །གང་གི་ཚེ་དམ་པའི་ཆོས་ལ་དད་པ་དང་ལྡན་པའམ་དགེ་བསྙེན་དུ་གྱུར་པ་དེའི་ཚེ་ཐར་པ་ཟད་པར་འགྱུར་རོ་ཞེས་བྱ་བ་ནི་མི་སྲིད་དེ། ཁམས་དེ་ནི་རང་བཞིན་གྱིས་རྨད་དུ་བྱུང་བའོ། །དེ་བས་ན་ཐར་པ་ནི་རྨད་དུ་བྱུང་བ་ཞེས་བྱའོ། །འདོད་ཆེན་པའི་ལྟར་དེ་བཞིན་གཤེགས་པ་ནི་ཟད་པ་མེད་དོ། །དགེ་བའི་རྩ་བའི་སེམས་ལ་དམིགས་པ་ལ་ནི་ཆོས་རྣམས་སྐྱེ་བ་མེད་དེ། སྐྱེ་བ་མེད་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དཔག་ཏུ་མེད་པ་དཔག་ཏུ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་འབྲུའི་ཕུང་པོའམ་འབྲས་སཱ་ལུའི་ཕུང་པོ་གཞལ་དུ་ཡོད་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །དཔག་ཏུ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱ་མཚོའི་ཆུ་དཔག་ཏུ་མེད་པ་དེ་བཞིན་དུ་ཐར་པ་ཡང ་དེ་དང་འདྲ་བར་དཔག་ཏུ་མེད་དོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཚད་མེད་པའི་ཆོས་ཅན་ཚད་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་གཅིག་གི་ལས་ཀྱི་རྣམ་པར་སྨིན་པ་ཚད་ཡོད་པའི་ཆོས་ཅན་ཡིན་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཚད་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་རྣམས་ཀྱི་འཁོར་བའི་མཐའ་ལས་ངེས་པར་འབྱུང་བ་ཚད་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མཆོག་དང་ཕུལ་དང་གཙོ་བོ་མཆོག་དང་ཕུལ་དང་གཙོ་བོ་ཞེས་བྱ་བ་ནི་གང་ལ་མཆོག་དང་ཕུལ་དང་གཙོ་བོར་གྱུར་པའི་ཐར་པ་གཞན་མེད་པ་སྟེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ལ་དེ་དང་འདྲ་བའི་ཆུ་ཆེན་པོ་གཞན་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་རང་ཉིད་མཆོག་དང་ཕུལ་དང་གཙོ་བོ་ཡིན་
ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རབ་རབ་ཅེས་བྱ་བ་ནི་ཇི་ལྟར་ནམ་མཁའི་གོང་ན་ནམ་མཁའ་གཞན་ནམ་ནམ་མཁའ་ལས་ལྷག་པའི་ཆོས་གཞན་མེད་པ་དེ་བཞིན་དུ་ཐར་པའི་གོང་ན་ཐར་པའི་ཆོས་གཞན་མེད་དེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཀུན་ཏུ་རབ་ཀུན་ཏུ་རབ་ཅེས་བྱ་བ་ནི་ཇི་ལྟར་རི་དགས་ཐམས་ཅད་ལས་འདས་པ་ནི་སེང་གེའི་ས་ཡིན་པ་དེ་བཞིན་དུ་ཐར་པ་ནི་ཆོས་ཐམས་ཅད་ལས་འདས་ཏེ་གཅིག་ཏུ་འོད་གསལ་བའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །བླ་མ་བླ་མ་ཞེས་བྱ་བ་ནི་ཇི་ལྟར་ཕྱོགས་ཐམས་ཅད་ཀྱི་ནང་ན་བྱང་ཕྱོགས་མཆོག་ཅེས་བྱ་བ་དེ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །བླ་ན་མེད་པ་བླ་ན་མེད་པ་ཞེས་བྱ་བ་ནི་ཇི་ལྟར་ཡུལ་ཐམས་ཅད་ཀྱི་ནང་ན་ནི་བྱང་ཕྱོགས་པ་ལ་ཡུལ་བླ་ན་མེད་པ་ཞེས་བྱ་བ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ངེས་པ་ངེས་པ་ཞེས་བྱ་བ་ནི་ཇི་ལྟར་ལྷ་རྣམས་དང་མི་རྣམས་ཀྱི་འཆི་བ་ནི་ངེས་ལ་སྲོག་ནི་མ་ངེས་པ་སྟེ། ཐར་པ་ནི་ལྷ་དང་མི་རྣམས་འཆི་བར་ངེས་པ་བཞིན་དུ་ངེས་པ་དང་གནས་པའི་ཆོས་ཅན་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མི་བརྟན་པ་མ་ཡིན་པ་མི་བརྟན་པ་མ་ཡིན་པ་ཞེས་བྱ་བ་ནི་ཇི་ལྟར་འདམ་བུ་དང་། ཨེ་རཎྜ་བ་དང་། ལྦུ་བ་རྣམས་མི་བརྟན་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །མི་བརྟན་པ་ཞེས་བྱ་བ་ནི་མར་གྱི་སྙིང་ཁུ་ལྟ་བུའོ། །ཐར་པ་ནི་མི་བརྟན་པ་མ་ཡིན་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །འཇིག་པའི་ཆོས་ཅན་མ་ཡིན་པ་འཇིག་པའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཇི་ལྟར་རྩིག་ངོས་ལ་སྦྲང་བུ་འཁོད་པ་རྣམས་ཁ་ཅིག་ནི་འབྱར། ཁ་ཅིག་ནི་འཁོད། ཁ་ཅིག་ནི་འགྲོ། ཁ་ཅིག་ནི་རྩེ་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །འཇིག་པའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཇི་ལྟར་རི་མོ་མཁན་གྱིས་རི་མོ་བྲིས་པའི་རྩིག་ངོས་ལ་དེ་དག་འཁོད་པར་མི་ནུས་ཤིང་འབྱར་བར་མི་འགྱུར་བ་དེ་བཞིན་དུ་ཐར་པ་ནི་ཉེས་པ་ཐམས་ཅད་ཀྱིས་མི་གོས་པ་སྟེ། ཐར་པ་གང་
ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མཐའ་ཡས་པ་མཐའ་ཡས་པ་ཞེས་བྱ་བ་ལ་ཐར་པ་ནི་གྲོང་ཕྲག་ལྟ་བུ་མ་ཡིན་ཏེ། མཐའ་ཡས་པ་ནི་ཇི་ལྟར་ནམ་མཁའ་ལ་མཐའ་མེད་པ་དེ་བཞིན་དུ་བདེ་བའི་རྣམ་པ་མཐའ་ཡས་པ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །བསྟན་དུ་མེད་པ་བསྟན་དུ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་བྱའི་རྗེས་མི་སྣང་བ་དེ་བཞིན་དུ་ཐར་པ་ནི་བརྟག་པར་དཀའ་བ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཟབ་མོ་ཟབ་མོ་ཞེས་བྱ་བ་ནི་ཤིན་ཏུ་ཤ་ཐང་བས་འཇུག་པའི་ཆོས་ཅན་ཡིན་ཏེ། ཇི་ལྟར་ཕ་མ་དཀའ་བ་བྱེད་པའི་ཡོན་ཏན་རྣམས་ཤིན་ཏུ་ཤ་ཐང་བས་འཇུག་པའི་སྒོ་ནས་ཤིན་ཏུ་ཟབ་པ་དེ་བཞིན་དུ་ཐར་པ་ནི་ཟབ་པ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཤིན་ཏུ་བལྟ་དཀའ་བ་ཤིན་ཏུ་བལྟ་དཀའ་བ་ཞེས་བྱ་བ་ནི་ཇི་ལྟར་མིས་རང་གི་མགོ་བོའི་སྟེང་ཤིན་ཏུ་བལྟ་དཀའ་བ་དེ་བཞིན་དུ་ཐར་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཤིན་ཏུ་བལྟ་བར་དཀའ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །གནས་མེད་པ་གནས་མེད་པ་ཞེས་བྱ་བ་ནི་ཁྱིམ་དང་ནམ་མཁའི་ཚིག་བླ་དགས་ཏེ། ཐར་པ་ནི་དེ་ལྟ་མ་ཡིན་ནོ། །གནས་མེད་པ་ཞེས་པ་ནི་གོ་སྐབས་མེད་པའི་ཚིག་བླ་དགས་ཏེ། གང་ལ་སྲིད་པའི་གནོད་པ་ཉི་ཤུ་རྩ་ལྔ་མེད་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཉོན་མོངས་པ་མེད་པ་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་མིའི་ཆང་པར་སྐྱུ་རུ་ར་གཟུང་དུ་ཡོད་པ་བཞིན་དུ་ཐར་པ་ནི་དེ་དང་འདྲ་བར་ཅི་ཡང་གཟུང་དུ་མེད་དོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་ལ་ཅི་ཡང་གཟུང་དུ་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སྐྱོན་མེད་པའི་ལུས་སྐྱོན་མེད་པའི་ལུས་ཞེས་བྱ་བ་ནི་ཇི་ལྟར་མིའི་ལུས་ལ་སྨེ་བ་དང་། ཤུ་བ་དང་། མཛེ་དང་། པགས་པའི་ནད་དང་། སྐྱོན་རྣམས་མེད་པར་གྱུར་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །སྐྱོན་མེད་པའི་ལུས་ཞེས་བྱ་བ་ནི་ཇི་ལྟ་བའི་འོ་མ་རང་བཞིན་གྱིས་མདོག་གཅིག་པ་
བཞིན་དུ་ཐར་པ་ཡང་མཚན་ཉིད་གཅིག་པ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དག་པ་དག་པ་ཞེས་བྱ་བ་ནི་ཇི་ལྟར་རྙོག་པའི་དྲི་མ་དང་འདྲེས་པའི་ཆུའི་ནང་དུ་ཀེ་ཏ་ཀའི་འབྲས་བུ་བདར་ན་ཆུའི་རང་བཞིན་དག་པར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །དག་པ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་ཆར་པའི་ཆུ་རོ་གཅིག་ཅིང་རྣམ་པར་དག་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །གྲོལ་བ་གྲོལ་བ་ཞེས་བྱ་བ་ལ་ཐར་པ་ནི་ཟླ་བ་ཚེས་བཅྭ་ལྔ་དྲི་མ་མེད་པ་དང་འདྲ་སྟེ། ཟླ་བ་སྤྲིན་གྱིས་གཡོགས་པ་ལྟ་བུ་མ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞི་བ་ཞི་བ་ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་རིམས་ནད་ཀྱིས་ཐེབས་པ་ལས་རིམས་ནད་དང་བྲལ་བར་འགྱུར་བ་དེ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཞི་བ་ཞེས་བྱ་བ་ལ་ཐར་པ་ནི་སེམས་ཅན་ནད་མེད་ཅིང་གནོད་པ་མེད་པ་བཞིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མཉམ་པ་ཉིད་མཉམ་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་ལུག་ཐུག་རེ་གཉིས་ཕན་ཚུན་འཐབ་པ་ན་སྟོབས་མཉམ་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་མ་དང་བུ་འཐུན་པར་སྨྲ་བ་དེ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཉེ་བར་ཞི་བ་ཉེ་བར་ཞི་བ་ཞེས་བྱ་བ་ལ་གནས་ཀྱི་མཆོག་དེ་ཐོབ་པ་ནི་གནས་གཞན་འདོད་མི་སྲིད་དོ། །ཆོག་མི་ཤེས་པ་ཞེས་བྱ་བ་ནི་ཇི་ལྟར་ཉམ་ཆུང་བའི་ཚེ་ཁ་ཟས་ཀྱི་མཆོག་ཟོས་པའི་འོག་ཏུ་དར་བ་བཏུང་བའི་སེམས་སྐྱེ་བར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཆད་པ་ཆད་པ་ཞེས་བྱ་བ་ལ་སྲེད་པའི་ཞགས་པ་ལྟ་བུའི་ནང་གི་འདོད་པ་ཆད་པ་གང་ཡིན་པ་དེ་ནི་ཆད་པའི་སྒོ་ནས་ཐར་པ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཕ་རོལ་ཕ་རོལ་ཞེས་བྱ་བ་ནི་ཇི་ལྟར་ཆུ་ཀླུང་ལ་ཚུ་རོལ་དང་ཕ་རོལ་གྱི་འགྲམ་གཉིས་ཡོད་པ་དེ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ཕ་རོལ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཆུ་ཀླུང་བཞིན་ཞེས་བྱ་བ་ལ་ཆུ་ཀླུང་ཉིད་དཔེར་རུང་
བར་ཟད་ཀྱི་འཇིག་རྟེན་ན་ཆུ་ཀླུང་གཞན་དཔེར་རུང་བ་མེད་དོ། །ཆུ་ཀླུང་ཞེས་བྱ་བ་ནི་རྒྱ་མཚོ་ལ་བྱ་སྟེ། ཆུ་ཀླུང་ཐམས་ཅད་ཀྱི་ནང་ན་རྒྱ་མཚོ་འབའ་ཞིག་ཆུ་ཀླུང་ཡིན་པས་ན་རྒྱ་མཚོ་ནི་ཆུ་ཀླུང་ཞེས་བྱ་བའི་གྲངས་སུ་གཏོགས་སོ། །ཆུ་ཀླུང་ཞེས་བྱ་བ་ནི་སྒྲ་ཆེན་པོ་སྒྲོགས་པའི་ཕྱིར་ཏེ། ཐར་པ་ནི་ཆུ་ཀླུང་རྒྱ་མཚོའི་ཕ་རོལ་དང་འདྲའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །བཟང་པོ་བཟང་པོ་ཞེས་བྱ་བ་ནི་གང་ལ་ཀོ་ཤ་ཏ་ཀའི་འབྲས་བུ་ལྟ་བུའི་རོ་ཚ་བ་མེད་པ་སྟེ། ཐར་པ་ནི་ཀོ་ཤ་ཏ་ཀའི་འབྲས་བུ་ལྟ་བུ་མ་ཡིན་གྱི་ཐར་པ་ནི་རྒུན་འབྲུམ་ལྟ་བུ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཇི་ལྟར་སྨན་པ་རྩི་དང་སྨན་ཐམས་ཅད་ཀྱིས་སེམས་གནས་པར་བྱས་ནས་ནད་དོ་ཅོག་སེལ་བ་དེ་བཞིན་དུ་ཐར་པ་ཡང་ཉེས་པ་ཐམས་ཅད་དང་བྲལ་བའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །འདུན་པ་དྲག་པོ་འདུན་པ་དྲག་པོ་ཞེས་བྱ་བ་ནི་ཇི་ལྟར་གྲོང་ཆུང་ངུར་སྐྱེ་བོ་ཕལ་པོ་ཆེ་འཇུག་པའི་སྐབས་མེད་པ་དེ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སྲིད་པ་དང་དགའ་བ་ཟད་པ་ཞེས་བྱ་བ་ནི་སྒྱུ་མ་སྤྲུལ་པ་དང་བྲལ་བ་ལྟ་བུ་སྟེ། གང་ལ་སྐྱེས་པ་དང་བུད་མེད་འཁྲིག་པའི་ཆོས་ཅན་རྣམས་ཀྱི་ཕན་ཚུན་དུ་གཏམ་ཟེར་བ་ཡོད་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། རང་བཞིན་གྱིས་ངོ་བོ་ཉིད་ཀྱི་ཆོས་ཅན་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་དང་བྲལ་བ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སྐོམ་པ་འདུལ་བ་སྐོམ་པ་འདུལ་བ་ཞེས་བྱ་བ་ནི་གང་ལ་སྲེད་པའི་བག་ཙམ་ཡང་མེད་པའོ། །ཡི་དགས་ཀྱི་སྲེད་པ་མེད་པ་ནི་ཆོས་ཀྱི་སྲེད་པའོ། །ཆོས་ཀྱི་སྲེད་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའོ། །ཐར་པ་ནི་ཡི་དགས་ཀྱི་སྲེད་པ་ལྟ་བུ་མ་ཡིན་ཏེ། བདག་དང་བདག་གིར་འཛིན་པ་དང་བྲལ་བ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །འགོག་པ་འགོག་པ་ཞེས་བྱ་བ་ནི་ཐར་པ་སྟེ་སྲིད་པ་ལ་ཞེན་པ་མེད་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །གནས་གནས་ཞེས་བྱ་བ་ནི་ཐར་པ་སྟེ་སྲིད་པ་ཐམས་ཅད་ལས་ངེས་པར་སྒྲོལ་ཞིང་སྐྱོབ་
པ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སྐྱབས་སྐྱབས་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ནས་སྐྱབས་གཞན་མི་ཚོལ་བ་ལྟ་བུའོ། །ཇི་ལྟར་རྒྱལ་པོ་ལ་སྐྱབས་སུ་འགྲོ་བ་མི་བརྟན་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ་བདེ་བ་བརྟན་པ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དཔུང་གཉེན་དཔུང་གཉེན་ཞེས་བྱ་བ་ནི་ནགས་ཁུང་དགོན་པ་མཆོག་ཏུ་འཇིགས་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་རི་དགས་ཀྱི་རྒྱལ་པོའི་དཔུང་གཉེན་རི་དགས་གཞན་རྣམས་ལ་མེད་པ་བཞིན་ནོ། །རི་དགས་ཀྱི་རྒྱལ་པོ་ནི་འཆི་བས་འཇིགས་པ་ཐམས་ཅད་ཀྱིས་འཇིགས་པ་མེད་པ་དེ་བཞིན་དུ་ཐར་པ་ནི་དཔུང་གཉེན་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །བདེ་བ་བདེ་བ་ཞེས་བྱ་བ་ནི་རིན་པོ་ཆེའི་གླིང་དང་འདྲ་སྟེ། དེ་བཞིན་དུ་ཐར་པ་ནི་ཆོས་ཀྱི་འབྱུང་ཁུང་ངོ་། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཉམ་ང་བ་མེད་པ་ཉམ་ང་བ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་སྟག་གིས་འཇིགས་ཤིང་སྐྲག་ནས་ཁྲོན་པར་སོང་བའི་འོག་ཏུ་ཁྲོན་པའི་ནང་ནས་བདག་འབྱིན་ནུས་པ་སུ་ཡོད་ཅེས་ཟེར་བ་དེ་བཞིན་དུ་ཐར་པ་ནི་ཁྲོན་པ་ལྟ་བུ་མ་ཡིན་ནོ། །ཉམ་ང་བ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་གྲུ་ཆག་པ་ལས་གྲུ་གཞན་ཞིག་རྙེད་དེ་རྒྱ་མཚོ་ཆེན་པོ་ལས་ངེས་པར་རྒལ་ནས་ཉམ་ང་བ་མེད་ཅིང་བདེ་བར་གྱུར་པ་དེ་བཞིན་དུ་ཐར་པ་ནི་ཉམ་ང་བ་མེད་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །གནས་བཅོམ་པ་ཞེས་བྱ་བ་ནི་གོ་སྐབས་ཟད་པ་སྟེ། ཇི་ལྟར་འོ་མ་ལས་ཞོ་འབྱུང་། ཞོ་ལས་མར་སར་འབྱུང་། མར་སར་ལས་ཞུན་མར་འབྱུང་། ཞུན་མར་ལས་མར་གྱི་སྙིང་ཁུ་འབྱུང་བ་བཞིན་དུ་ཐར་པ་ནི་གནས་ཐམས་ཅད་ཡོངས་སུ་ཆད་པ་སྟེ། མར་གྱི་སྙིང་ཁུ་ལྟར་རང་བཞིན་དུ་གནས་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་
པའོ། །ང་རྒྱལ་འདུལ་བ་ང་རྒྱལ་འདུལ་བ་ཞེས་བྱ་བ་ནི་ཇི་ལྟར་སའི་མངའ་བདག་རྒྱལ་པོ་ང་ནི་རྒྱལ་པོ་ཐམས་ཅད་ཀྱི་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་འདུལ་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ང་རྒྱལ་མེད་ཅིང་ང་རྒྱལ་དུ་འཛིན་པ་མེད་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རྒྱགས་པ་འདུལ་བ་རྒྱགས་པ་འདུལ་བ་ཞེས་བྱ་བ་ནི་གང་ལ་འཁྲིག་པའི་འདུན་པའི་མིང་ཡང་མེད་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མ་རིག་པ་འདུལ་བ་མ་རིག་པ་འདུལ་བ་ཞེས་བྱ་བ་ནི་ཇི་ལྟར་འོ་མ་ལས་གཅིག་ནས་གཅིག་ཏུ་བརྒྱུད་དེ་དྲི་མའི་ཉེས་པ་གང་དང་གང་ཟད་པར་གྱུར་པ་དེ་དང་དེ་ལས་མར་གྱི་སྙིང་ཁུ་འབའ་ཞིག་འབྱུང་བར་འགྱུར་བ་དེ་བཞིན་དུ་མ་རིག་པ་ལས་རིག་པ་འབའ་ཞིག་འབྱུང་བར་འགྱུར་ཏེ། མ་རིག་པ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དབེན་པ་དབེན་པ་ཞེས་བྱ་བ་ནི་གང་ལ་ཟླའི་ཆོས་གཞན་མེད་པ་སྟེ། གླང་པོ་ཆེའི་དགོན་པ་ན་གླང་པོ་ཆེ་གཅིག་པུ་རྒྱུ་ཞིང་གཅིག་པུ་གནས་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རྣམ་པར་སྤོང་བ་རྣམ་པར་སྤོང་བ་ཞེས་བྱ་བ་ནི་བདག་མེད་པ་གཟུང་བར་བསྟན་ཏེ། དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པའོ། །ཇི་ལྟར་ཨེ་རཎྜ་དང་། འདམ་བུའི་སྡོང་བུ་ནི་འབྲས་བུ་མ་གཏོགས་པར་ཐོག་ཐག་ཏུ་སྙིང་པོ་མེད་པ་དེ་བཞིན་དུ་ལྷ་དང་མི་དང་ལྷ་མ་ཡིན་གྱི་ལུས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་མ་གཏོགས་པ་ཐམས་ཅད་ཨེ་རཎྜ་དང་འདམ་བུ་བཞིན་དུ་སྙིང་པོ་མེད་དོ། །སྲིད་པ་སྙིང་པོ་མེད་པ་ཐམས་ཅད་རྣམ་པར་སྤངས་པ་ནི་ཐར་པའོ། །ཐར་པ་ནི་རང་ལ་བརྡ་སྤྲོད་པ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སྤོང་བ་སྤོང་བ་ཞེས་བྱ་བ་ནི་ཁ་ཟས་མ་ཞུ་བས་ཁ་ཟས་མ་ཚོས་པ་སྤོང་བ་བཞིན་དུ་སྲིད་པ་ཐམས་ཅད་བཅད་པ་དང་སྤངས་པ་སྟེ། དེ་ལྟར་ན་ཐར་པ་ནི་མཁས་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རང་སངས་རྒྱས་ཀྱི་ཆོས་རང་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ནི་ཇི་ལྟར་ཀླུ་ཤིང་གི་མེ་ཏོག་པ་མཁལ་གྱི་མེ་ཏོག་མ་ཡིན་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཁམས་ཁམས་ཞེས་བྱ་བ་ལ་ཁམས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཁམས་སོ། །སྲོག་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གོ །ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སྐྱེ་མཆེད་སྐྱེ་མཆེད་ཅེས་བྱ་བ་ནི་གང་
ལ་འབྱུང་བའི་སྒོ་ཡོད་པ་སྟེ། བདག་མེད་པ་བསྒོམས་ནས་བདག་གི་ལམ་ལ་འཇུག་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དགེ་བ་དགེ་བ་ཞེས་བྱ་བ་ནི་ཇི་ལྟར་རྗེས་སུ་བསྟན་པར་བྱ་བ་རྣམས་ལ་བླ་མའི་ཚིག་གཅིག་ཏུ་མེད་པ་ལྟ་བུའོ། །དགེ་བ་ཞེས་བྱ་བ་ནི་ལེགས་པ་ཡིན་ཏེ། དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །འཇིག་རྟེན་ལས་འདས་པ་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ནང་ན་གནས་ཀྱི་དམ་པ་སྟེ། དེ་ནི་ཐར་པའོ། །ཇི་ལྟར་ཁུ་བཅུད་ཐམས་ཅད་ཀྱི་ནང་ན་མཆོག་ནི་བའི་འོ་མ་ཡིན་པ་བཞིན་དུ་འཇིག་རྟེན་ལས་འདས་པ་དེ་ནི་ཐར་པ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མི་གཡོ་བ་མི་གཡོ་བ་ཞེས་བྱ་བ་ནི་ཇི་ལྟར་སྒོ་གཏན་གྱི་རྟེན་མ་ཕྱོགས་བཞིའི་རླུང་གིས་བསྐྱོད་མི་ནུས་པ་དེ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་བར་བརྟན་ཞིང་མི་གཡོ་བ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རྒྱ་མཚོའི་རླབས་ནི་མི་བརྟན་པའི་རང་བཞིན་ཅན་ཡིན་ཏེ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །གནས་གནས་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་ཁང་བཟང་འཕན་སྐྱོན་མེད་པ་དེ་ཡང་བཅོས་མ་ཡིན་ནོ། །ཐར་པ་དེ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ངེས་པ་ངེས་པ་ཞེས་བྱ་བ་ནི་ཇི་ལྟར་འཛམ་བུ་ཆུ་བོའི་གསེར་སྐྱོན་མེད་ཅིང་ཐམས་ཅད་དུ་ལས་སུ་རུང་བ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཐར་པ་ནི་བྱིས་པའི་སྤྱོད་པ་ལྟ་བུ་མ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཤིན་ཏུ་སྦྱངས་པ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་ནས་མཐུ་ཆེ་ཞིང་བག་ཡངས་སུ་འདུག་པ་བཞིན་དུ་ཕུང་པོ་ཡོངས་སུ་སྤངས་པ་ནི་ཐར་པ་ཡིན་ནོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མཐར་ཐུག་པ་མཐར་ཐུག་པ་ཞེས་བྱ་བ་ནི་ཉོན་མོངས་པ་མི་གཙང་བ་ཟད་པ་སྟེ། ཐར་པ་ནི་རྒྱལ་པོའི་བཙོན་ར་ནས་ཕྱིན་པའི་མི་དང་འདྲའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། བཅོས་མ་མ་ཡིན་པའི་བདེ་བའོ། །འདོད་
ཆགས་དང་ཞེ་སྡང་དང་གཏི་མུག་སྤོང་བ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤོང་བ་ཞེས་བྱ་བ་ནི་གསུམ་གྱི་བཏང་བ་སྟེ། ཇི་ལྟར་མི་སྦྲུལ་གདུག་པས་ཟིན་པ་བདག་ཉིད་སོས་པར་བྱ་བའི་ཕྱིར་བད་ཀན་སྐྱུག་པར་བྱེད་པ་བཞིན་དུ་ཉོན་མོངས་པའི་བད་ཀན་ཟད་པ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཉོན་མོངས་པ་སྤོང་བ་ཉོན་མོངས་པ་སྤོང་བ་ཞེས་བྱ་བ་ལ་སྦྲུལ་གདུག་པ་འདྲ་བའི་ཉོན་མོངས་པ་ཟད་པ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཕུང་པོ་སྤོང་བ་ཕུང་པོ་སྤོང་བ་ཞེས་བྱ་བ་ལ་སྡུག་བསྔལ་ཐམས་ཅད་བོར་ཏེ་ཤས་ཆེར་བདེ་བ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པ་ཞེས་བྱ་བ་ལ་གསུམ་ཟད་པར་བྱས་ཏེ་རྩ་ནས་བཏོན་པ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཕུང་པོ་ཐམས་ཅད་སྤངས་པ་ཕུང་པོ་ཐམས་ཅད་སྤངས་པ་ཞེས་བྱ་བ་ནི་ཉེས་པ་ཐམས་ཅད་སྤངས་པ་སྟེ། ལེགས་པར་མཐོང་བའི་ཕྱིར་རོ། །དེ་ནི་ཐར་པ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །འདུས་བྱས་ཐམས་ཅད་སྤངས་པའི་དོན་འདུས་བྱས་ཐམས་ཅད་སྤངས་པའི་དོན་ཞེས་བྱ་བ་ནི་ཐར་པ་སྟེ། དགེ་བ་ཐམས་ཅད་སྒྲུབ་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ལམ་ཆད་པ་ལམ་ཆད་པ་ཞེས་བྱ་བ་ནི་བདག་མེད་པ་བསྒོམས་ནས་རྒྱུན་མི་འཆད་པའི་ཚུལ་གྱིས་བདག་མེད་པ་འཛིན་པ་དང་། བདག་བསྒོམས་ནས་རྒྱུན་མི་འཆད་པའི་ཚུལ་གྱིས་བདག་འཛིན་པ་དང་། གཉིས་ཀའི་ཕྱོགས་བསྒོམས་ནས་སངས་རྒྱས་ཀྱི་ཁམས་གང་ཡིན་པ་དེ་ནི་ཡོད་དོ་ཞེས་དེ་འཛིན་པ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་གང་གི་ཚེ་བཙལ་ཀྱང་ཅི་ཡང་མ་རྙེད་པ་སྟེ། ཅི་ཡང་མེད་པ་ཞེས་བྱ་བ་ནི་གཅེར་བུ་པ་རྣམས་ལ་ཡང་ཡོད་མོད་ཀྱི། ཐར་པ་ནི་དེ་ལྟ་མ་ཡིན་ནོ། །སྟོང་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་སྦྲང་རྩི་དང་། ཞུན་མར་དང་། འབྲུ་མར་དང་། ཆུ་དང་། ཞོའི་བུམ་པ་རྣམས་ལ་ཞོ་ཡོད་ཀྱང་རུང་མེད་ཀྱང་རུང་།
ཞོའི་བུམ་པ་ཞེས་བྱ་བ་དང་། དེ་བཞིན་དུ་སྦྲང་རྩི་དང་། ཆུ་ཡོད་ཀྱང་རུང་མེད་ཀྱང་རུང་སྦྲང་རྩི་དང་། ཆུའི་བུམ་པ་ཞེས་བྱ་ནི། ཅི་དེ་ལ་བུམ་པ་སྟོང་པ་ཞེས་བྱའམ། དེ་དག་མེད་པ་ལ་བུམ་པ་རང་ཉིད་སྟོང་ངམ། གཟུགས་ཀྱང་ཡོད་ཁ་དོག་ཀྱང་ཡོད་ན་ཇི་ལྟར་སྟོང་པ་ཞེས་བྱ། ཐར་པ་ནི་དེ་ལྟ་བུར་སྟོང་པ་མ་ཡིན་ཏེ། ཐར་པ་ལ་ནི་གཟུགས་དང་ཁ་དོག་ཕུན་སུམ་ཚོགས་པ་ཡང་ཡོད་ན་ཇི་ལྟར་ཞོའི་བུམ་པ་སྟོང་པ་མ་ཡིན་དུ་ཟིན་ཀྱང་ཞོ་མེད་པའི་ཕྱིར་སྟོང་པ་ཞེས་བྱ་བ་བཞིན་དུ་ཐར་པ་ཡང་སྟོང་པ་མ་ཡིན་བཞིན་དུ་སྟོང་པ་ཞེས་བྱ་བ་སྟེ། གཟུགས་ཡོད་བཞིན་དུ་ཇི་ལྟར་སྟོང་པ་ཞེས་བྱ་ཞེ་ན། སྟོང་པ་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་དང་། སྲིད་པའི་ཐ་སྙད་ཉི་ཤུ་རྩ་ལྔ་དང་། སྡུག་བསྔལ་དང་འཇིག་རྟེན་གྱི་ཆོས་ལུགས་དང་། ཆོ་ག་དང་། སྤྱོད་ཡུལ་འབྱུང་བ་རྣམས་མེད་པའི་ཕྱིར་ཞོའི་བུམ་པ་ཞོ་མེད་པ་བཞིན་དུ་ཐར་པ་ལ་སྟོང་པ་ཞེས་བྱ་བ་སྟེ། དེ་ལ་ནི་བུམ་པའི་གཟུགས་མི་གཡོ་བ་བཞིན་དུ་ཤས་ཆེར་བདེ་བ་དང་། དགའ་བ་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། ཆོ་ག་དང་སྤྱོད་ཡུལ་རྣམས་ཡོད་དོ། །ཐར་པ་ནི་བུམ་པའི་གཟུགས་བཞིན་དུ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་མ་ཡིན་གྱི། བུམ་པ་ནི་ཆག་པར་འགྱུར་ཏེ་རྒྱུའི་སྒོ་ནས་བཞག་པ་ཙམ་དུ་ཟད་དོ། །ཐར་པ་ནི་བྱས་པ་མ་ཡིན་པའི་ཕྱིར་ཆག་པར་མི་འགྱུར་ལ། ཐར་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཁམས་ཡིན་ཏེ་དེ་ནི་དེ་བཞིན་གཤེགས་པའོ། །སྲེད་པ་ཟད་པ་སྲེད་པ་ཟད་པ་ཞེས་བྱ་བ་ནི་སངས་རྒྱས་སུ་གྱུར་པའི་མོད་ལ་བདག་དབང་པོར་གྱུར་ཅིག་ཅེའམ། དབང་ཕྱུག་ཆེན་པོའམ། མི་མཇེད་ཀྱི་བདག་པོ་ཚངས་པར་གྱུར་ཅིག་ཅེས་བྱ་བའི་སྲེད་པ་དང་འདོད་པ་གཞན་དེ་ན་མེད་དེ། ཡོད་ཅེས་བྱ་བའམ། སྐྱེ་བར་འགྱུར་ཞེས་བྱ་བ་མི་སྲིད་དོ། །སྲེད་པ་ཟད་པ་གང་ཡིན་པ་དེ་ནི་སངས་རྒྱས་སོ། །དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །འདོད་ཆགས་དང་བྲལ་བ་འགོག་པ་འདོད་ཆགས་དང་བྲལ་བ་འགོག་པ་ཞེས་བྱ་བ་ལ་སྲེད་པ་ཐམས་ཅད་ལ་ཞེན་པ་དང་། འདོད་པ་མ་ལུས་པ། ལུས་པ་མེད་པ། ལྷག་པ་མེད་པ། ཐམས་
ཅད་ལས་འདོད་ཆགས་དང་བྲལ་བ་རྣམས་གཏན་དུ་རབ་ཏུ་ཞི་བར་གྱུར་པ་ནི་ཐར་པ་ཡིན་ཏེ་འཆིང་བ་ཐམས་ཅད་འགོག་པའོ། །དེ་ལྟར་འགོག་པ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཇི་ལྟར་རི་དགས་ཀྱི་ཁྱུ་རྔོན་པའི་ལག་ནས་ཤོར་བ་འཆི་བས་འཇིགས་ཤིང་སྐྲག་ནས་ཐབས་ཅི་ཡོད་པས་རྒྱུག་ཅིང་དྲང་སྲོང་གི་གནས་སུ་ཕྱིན་ནས་བདེ་བར་འགྱུར་ཞིང་དབུགས་ཕྱིན་པར་འགྱུར་བ་དེ་བཞིན་དུ་ཇི་ལྟར་དབུགས་ཕྱིན་ཅིང་བདེ་བར་འགྱུར་བ་དེ་ལྟ་བུར་སེམས་ཅན་མང་པོ་མྱ་ངན་ལས་འདས་པ་ཟད་མི་ཤེས་པ་སྲིད་པ་མངོན་པར་འདུ་བྱེད་པ་དང་། ཉོན་མོངས་པའི་རྣམ་པའི་སྒྲ་ཐམས་ཅད་ཀྱི་ལག་ནས། ཐལ་ཏེ་ཤོར་ནས་འཆི་བས་འཇིགས་ཤིང་སྐྲག་སྟེ། ཐབས་ཅི་ཡོད་པས་རྒྱུག་ཅིང་ཆོས་ཀྱི་དྲང་སྲོང་གི་གནས་དེ་བཞིན་གཤེགས་པ་ཐུབ་པའི་བཞུགས་ཡུལ་ཟླ་མེད་པའི་སྐྱབས་སུ་དོང་ནས་དབུགས་ཕྱིན་པར་གྱུར་ཏེ། དེ་དག་གང་གི་ཚེ་དབུགས་ཕྱིན་ཅིང་བདེ་བར་གྱུར་པ་དེ་ནི་མྱ་ངན་ལས་འདས་པ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པའོ།། །།བམ་པོ་བདུན་པ། དེ་ནས་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་དེ་ལྟ་ལགས་ན་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་རྣམས་མ་མཆིས་པའི་སླད་དུ་ལུས་ཡོངས་སུ་གཏོང་བའི་སྒོ་ནས་མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བ་འཐོབ་པར་མི་འགྱུར་ཏེ། གསུམ་ལ་སྐྱབས་སུ་མཆིས་པ་རྣམས་མྱ་ངན་ལས་འདའ་བར་མི་འགྱུར་ལགས་སོ། །བཀའ་སྩལ་པ། ཇི་ལྟར་མི་བརྒྱལ་བ་ལས་སངས་པའི་དྲུང་དུ་མི་དག་དོང་སྟེ། ཁྱོད་སངས་ཤིང་བདེ་བར་གྱུར་ཏམ་ཞེས་དྲིས་ན། དེ་སངས་ནས་བདག་སངས་ཏེ་བདེ་བར་གྱུར་ཏོ་ཞེས་ཟེར་ཏེ། དེ་བརྒྱལ་བ་ལས་སངས་པ་བཞིན་དུ་སྲིད་པ་ཉི་ཤུ་རྩ་ལྔ་པོ་ཐམས་ཅད་ལས་གྲོལ་ན་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །མཆོག་ཏུ་བདེ་བ་ཞེས་བྱ་བ་དེ་ནི་དེར་ཟད་མི་ཤེས་པའི་འདུ་ཤེས་ཀྱིས་མཆོག་ཏུ་བདེ་བའི་རྣམ་པ་མང་བ་གང་ཡིན་པ་སྟེ། དེ་ནི་ཡོངས་སུ་མྱ་ངན་ལས་
འདས་པ་ཡིན་ནོ། །དེ་ནི་ཐར་པ་ཡིན་ནོ། །མཆོག་ཏུ་བརྟན་པ་དང་། མི་གཡོ་བ་དང་། བདེ་བ་དང་། རྟག་པ་མྱོང་བ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་ནས་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ། །མ་སྐྱེས་པ་དང་། མ་འགགས་པ་གང་ལགས་པ་དེ་ཐར་པ་ལགས། དེ་དེ་བཞིན་གཤེགས་པ་ལགས་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟ་ལོས་ཀྱང་སྟེ་དེ་ནི་ཐར་པ་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པ་ཡིན་ནོ། །གསོལ་པ། འོ་ན་ནམ་མཁའི་ཁམས་ཀྱང་མ་སྐྱེས་པ་མ་བྱུང་བ་ལགས་ན། ཐར་པ་ཡང་དེ་དང་འདྲ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་ཞེས་བགྱིའམ། བཀའ་སྩལ་པ། དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ནམ་མཁའི་ཁམས་དང་འདྲ་བ་མ་ཡིན་ནོ། །གསོལ་པ། འོ་ན་ཅི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་བྱ་ཤང་ཤང་ཏེའུ་འམ། ཀ་ལ་པིང་ཀ་གང་གི་ཚེ་སྐད་འབྱིན་པ་དེའི་ཚེ། ཁྭ་ལྟར་སྐད་འབྱིན་ཅེས་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བྱ་གཞན་རྣམས་ཀྱི་སྐད་ནི་དེ་དག་གི་སྐད་ཀྱི་དཔེར་ཡང་མི་རུང་ལགས་སོ། །ཁྭའི་སྐད་ནི་ཤང་ཤང་ཏེའུ་དང་ཀ་ལ་པིང་ཀའི་སྐད་ཀྱི་བརྒྱའི་ཆར་ཡང་མི་སྤྱོད། སྟོང་གི་ཆར་ཡང་མི་སྤྱོད། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་ལགས་སོ། །བྱ་དེ་དག་ནི་དཔེ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གསུང་ནི་རྒྱུའི་སྒོ་ནས་དཔེ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་བཤད་པར་བྱ་བའི་རིགས་ཏེ་ལེགས་སོ། །དེ་བས་ན་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཐར་པའི་རྒྱུ་དང་དཔེ་གཞན་ནི་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ན་མེད་དེ། དཔེ་མེད་བཞིན་དུ་གདུལ་བར་བྱ་བའི་དབང་གིས་ཡོན་ཏན་འདི་འདྲའོ། །དེ་འདྲའོ་ཞེས་དཔེས་བསྟན་ཏོ། ། ཐར་པའི་དཔེ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་
པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། འདི་ལ་གཉིས་སུ་བྱར་མེད་ཅིང་ཐ་དད་པར་བྱར་མེད་དོ། །རིགས་ཀྱི་བུ་དཔེར་ན་དཔེ་མེད་བཞིན་དུ་རྒྱུའི་དོན་གྱིས་དཔེར་ལེན་པ་ཡང་ཡོད་དེ། ཀྱེ་མ་བཞིན་བཟངས་ཁྱོད་ཟླ་བ་ཉ་བཞིན་ཞེས་བྱ་བ་དང་། གླང་པོ་ཆེ་བཟང་ཁྱད་གངས་ཀྱི་རི་བཞིན་ཞེས་བྱ་མོད་ཀྱི། ཅི་ཟླ་བ་བཞིན་དང་འདྲའམ། བཞིན་ཡང་ཟླ་བ་དང་འདྲའམ། ཅི་གླང་པོ་ཆེ་རི་དང་འདྲའམ། རི་ཡང་གླང་པོ་ཆེ་དང་འདྲའམ། རིགས་ཀྱི་བུ་དེ་བཞིན་དུ་ཐར་པ་ཡང་དཔེ་མེད་བཞིན་དུ་སེམས་ཅན་ངེས་པར་བསྒྲལ་བའི་ཕྱིར་འདིར་རྒྱུའི་དབང་གིས་དཔེས་བསྟན་པར་རིག་པར་བྱའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཀྱང་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་དུ་རིག་པར་བྱའོ། །གསོལ་པ། ཅིའི་སླད་དུ་དེ་བཞིན་གཤེགས་པ་རྣམ་པ་གཉིས་སུ་སྟོན་ལགས། བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན་མི་ལ་ལ་ཞིག་རལ་གྲི་ཐོགས་ནས་ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསད་དོ་སྙམ་སྟེ་གསོད་པར་བྱེད་ལ། དེ་བཞིན་གཤེགས་པ་ནི་ལོག་པ་ཅུང་ཟད་ཀྱང་མི་མཛད་དེ། ཞུམ་པ་མེད་ཅིང་དགྱེས་བཞིན་དུ་བཞུགས་ན། ཅི་མི་དེ་མཚམས་མེད་པ་བྱེད་པ་ཞེས་བྱའམ་འོན་ཏེ་མི་བྱ། གསོལ་པ། དངོས་པོའི་སྒོ་ནས་མཚམས་མེད་པ་བགྱིས་པ་ཞེས་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བསགས་པའི་ཁམས་མ་བཤིག་པས་ན་དངོས་པོའི་སྒོ་ནས་མཚམས་མེད་པ་བགྱིད་པ་མ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་ལ་ནི་བསགས་པའི་ཁམས་ཀྱི་བག་ཀྱང་མ་མཆིས་ཏེ། ཆོས་ཀྱི་ཁམས་ལགས་ན་ཇི་ལྟར་བགྲོངས་སུ་རུང་། དེ་བས་ན་སེམས་བསྐྱེད་པ་དང་། བཙལ་བ་ཙམ་ལས་མཚམས་མེད་པ་བགྱིད་པ་ཞེས་བགྱི་སྟེ། འདིར་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་རིག་པར་བགྱི་བ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ངས་ཀྱང་ཚིག་དེ་སྐད་དུ་སྨྲ་བར་བསམས་སོ། །རིགས་ཀྱི་བུ་གཞན་ཡང་འདི་ན་མི་སྡིག་ཅན་ལ་ལ་ཞིག་བདག་གི་མ་བསད་དོ་སྙམ་ནས་དགོན་པ་ཞིག་ན་ཁྲེ་རྒོད་དང་སྲན་ཆུང་གི་གཡུལ་དུ་བྱ་ར་བྱས་ནས་མ་དེར་འོངས་པ་དང་། ཁྱོད་ཀྱིས་ངའི་ཐུགས་པ་ལེགས་པར་ཁྱེར་ཏེ་མ་
འོངས་སོ་ཞེས་ཟེར་ཏེ། དགྲ་སྟ་བརྡར་ནས་གསད་པར་བྱས་པ་དང་། དགྲ་སྟ་བརྡར་བའི་བར་དེའི་སྐབས་སུ་དེའི་མ་སྐྲག་ནས་སོག་མའི་ཕུང་པོའི་ནང་དུ་ཞུགས་སོ། །དེ་ནས་དེ་དགྲ་སྟ་ཐོགས་ཏེ་སོག་མའི་ཕུང་པོ་ལ་བསྣུན་ནས་ད་ནི་བདག་གི་མ་ཤིའོ་སྙམ་སྟེ། མི་གཞན་གྱིས་འཇིགས་ནས་སོག་མ་ལེགས་པར་མ་བརྟགས་སོ། །དེ་ནས་མ་དེ་དེའི་ནང་ནས་བྱུང་སྟེ་སོང་ངོ་། །དེ་ནས་དེ་བདག་གི་མ་ཤི་ཟིན་ནོ་སྙམ་སྟེ་སེམས་དགའ་བར་གྱུར་ན། མཚམས་མེད་པ་བྱེད་པ་ཞེས་བྱའམ། འོན་ཏེ་མི་བྱ། གསོལ་པ། མ་སོད་པ་ཞེས་མི་བགྱི་ལགས་སོ། །ཡང་གསོལ་པ་ཅི་ལགས། མཚམས་མ་མཆིས་པའི་ལས་ཀྱི་རྒྱུའི་དངོས་པོ་ཞུ་བར་འཚལ་ལམ། བཀའ་སྩལ་པ། ཕ་མའི་ཕུང་པོ་བཤིག་པས་མཚམས་མེད་པ་བྱེད་པ་ཞེས་བྱ་བས་དེའི་ཕྱིར་དེ་མཚམས་མེད་པ་བྱེད་པ་ནི་མ་ཡིན་གྱི། མ་གསོད་པའི་སེམས་བསྐྱེད་པ་བརྩམས་པས་ན་མཚམས་མེད་པ་བྱེད་པ་དང་འདྲ་བ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་མ་བཤིག་གི་བར་དུ་མཚམས་མེད་པ་བྱེད་པ་རྫོགས་པ་ཞེས་མི་བྱ་སྟེ། འདིར་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལེགས་ལགས་སོ། །ལེགས་ལགས་སོ། །དེ་ལྟར་རྒྱུའི་དབང་གིས་རིག་པར་ཡང་བགྱི། རིག་པར་ཡང་མི་བགྱི་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་ངས་རྒྱུའི་དབང་གིས་ཐར་པ་བརྗོད་པ་ཡིན་ནོ། །རྒྱུའི་སྒོ་ནས་མྱ་ངན་ལས་འདས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དཔེ་མེད་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བ་ཡང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །དེང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དོན་ནི་དེ་ཡིན་ནོ། །གསོལ་པ། དེ་བཞིན་གཤེགས་པ་ནི་ཟད་པར་འགྱུར་བ་མ་ལགས་སོ། །དེ་བཞིན་གཤེགས་པ་ནི་སྐུ་ཚེ་ཟད་མི་ཤེས་པ་ལགས་པར་བལྟ་བར་བགྱིའོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དམ་པའི་ཆོས་སྲུང་བས་ནི་དེ་སྐད་བྱ་བའི་རིགས་སོ། །བདག་གི་ཐེ་ཚོམ་ངེས་
པར་བྱེད་འདོད་པས་ནི་དེ་ལྟར་བྱ་བའི་རིགས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྣ་གྲངས་འདི་བཞིས་ཆོས་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སྣ་གྲངས་བཞིས་ཆོས་སྟོན་པའི་ལེའུ་སྟེ་བཞི་པའོ།། །།ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལ་དམ་པའི་ཆོས་ཀྱི་ཚུལ་ཐོབ་པ་དང་དམ་པའི་ཆོས་འབྱིན་པ་དང་། རྟེན་དུ་གྱུར་པའི་གང་ཟག་བཞི་ཡོད་དེ། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཇིག་རྟེན་དུ་བྱུང་ངོ་། །བཞི་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རང་བཞིན་ཅན་གྱི་མི་གང་ཟག་དེ་ལྟ་བུ་སྐྱེ་བོ་མང་པོ་ལ་བདེ་བ་དང་། སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་འཇིག་རྟེན་དུ་འབྱུང་སྟེ། འདི་ནི་གང་ཟག་དང་པོའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ལྡན་པའི་གང་ཟག་དེ་ལྟ་བུ་ནི་གཉིས་པའོ། །ཕྱིར་མི་འོང་བ་ནི་གསུམ་པའོ། །དགྲ་བཅོམ་པ་ནི་བཞི་པ་སྟེ། གང་ཟག་བཞི་པོ་འདི་རྣམས་ནི་རྟེན་དུ་གྱུར་པ་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་གང་བདག་ཉིད་ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པར་གྱུར་ནས་ཆོས་འབྱིན་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་རྩ་བ་དང་ལྡན་པ་གང་ཡིན་པ་དེ་དག་ཐོག་མ་ཁོ་ནར་རྒྱས་པར་བྱེད་ཅིང་དོན་ཡང་རྟོགས་པར་བྱེད་ལ། ཆོས་འདི་ནི་འདོད་ཆེན་ཆུང་བའི་ཡིན་གྱི། ཆོས་འདི་ནི་འདོད་ཆེན་ཆེ་བའི་མ་ཡིན་ནོ་ཞེས་དོན་བརྡ་སྤྲོད་པར་བྱེད་པ་དང་། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་སྟོན་པར་བྱེད་པ་དང་། ཉེས་པ་བྱུང་ན་དེ་ལས་བསླང་བའི་ཕྱིར་གཞན་དག་ལ་འཆགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགོངས་པའི་ཚིག་ལ་མཁས་ཤིང་དམ་པའི་ཆོས་འབྱིན་པར་བྱེད་པ་འདི་ནི་གང་ཟག་དང་པོ་སྟེ། སོ་སོའི་སྐྱེ་བོའི་གྲངས་སུ་གཏོགས་མོད་ཀྱི། འདི་ནི་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མ་ཡིན་ཏེ། བརྒྱད་པའི་སོ་སོའི་སྐྱེ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་སུ་འགྱུར་བར་གསང་སྟེ་ལུང་བསྟན་པས་ལུང་བསྟན་པ་ཡིན་ནོ། །དེ་ལ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་ནི་གང་
ཐོབ་ནས་དམ་པའི་ཆོས་འདྲི་བ་དང་། འཆང་བ་དང་འབྲལ་བར་འགྱུར་བ་མི་སྲིད་པ་དང་། གཞན་དག་ལ་ཡང་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པ་རང་བཟོའི་ཚིག་དང་། ཡི་གེ་སྣ་ཚོགས་དང་། བྲན་དང་བྲན་མོ་ཡོངས་སུ་འཛིན་པ་སྟོན་མི་སྲིད་པ་སྟེ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་གྲངས་སུ་ནི་གཏོགས་མོད་ཀྱི། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ནི་མ་ཡིན་ནོ། །དེ་ལྟར་ས་དང་པོ་དང་། གཉིས་པ་དང་། གསུམ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་སུམ་དུ་ལུང་བསྟན་པས་སངས་རྒྱས་ཀྱི་གནས་སུ་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །ཕྱིར་མི་འོང་བ་ཞེས་བྱ་བ་ནི་ཆོས་དེ་ཐོབ་ནས་འབྲལ་མི་སྲིད་པ་དང་། གཞན་དག་ལ་ཡང་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པར་རུང་བ་མ་ཡིན་པའི་མདོ་རང་བཟོ་སྣ་ཚོགས་ཀྱི་ཚིག་དང་། ཡི་གེ་དང་། བྲན་དང་བྲན་མོ་ལ་སོགས་པ་ཡོངས་སུ་འཛིན་པ་སྟོན་མི་སྲིད་པ་དང་། གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་དེ་ལ་གནོད་པར་འགྱུར་མི་སྲིད་པ་དང་། ནང་གི་ཉོན་མོངས་པ་རྣམས་ཀྱིས་དེ་ལ་གནོད་པར་འགྱུར་མི་སྲིད་པ་དང་། དེ་བཞིན་གཤེགས་པའི་ཁམས་བཅབས་ཏེ། ཆོས་སྟོན་མི་སྲིད་པ་དང་། ཁམས་བཞིའི་སྦྲུལ་གདུག་པ་ལ་རྟེན་པའི་གློ་བུར་གྱི་ནད་རྣམས་ཀྱིས་དེ་ལ་གནོད་པར་བྱེད་པར་འགྱུར་མི་སྲིད་པ་དང་། བདག་ཏུ་སྨྲ་བ་ཡང་མ་ཡིན། བདག་མེད་པར་སྨྲ་བ་ཚར་གཅོད་པ་ཡང་ཡིན་ལ་འཇིག་རྟེན་པའི་བདག་རྣམ་པར་སྤངས་པ་དང་། འཇིག་རྟེན་པའི་བྱ་བ་རྣམས་ཀྱིས་ཀྱང་འཇིག་རྟེན་ན་འཐུན་པར་བྱེད་པ་དང་། ཐེག་པ་ཆེན་པོ་མ་ཡིན་པའི་ཐེག་པ་གཞན་འབར་བར་བྱེད་མི་སྲིད་པ་དང་། སྲིན་བུའི་རིགས་བརྒྱད་ཅུ་དང་ཉེས་དམིགས་ཆེན་པོའི་ལུས་འཛིན་པ་མ་ཡིན་པ་དང་། འདོད་པའི་བསམ་པ་རྣམ་པར་སྤངས་པ་དེའི་ལུས་ལ་རྨི་ལམ་དུ་བྱུང་ཡང་ཁུ་ཆུ་འབྱུང་མི་སྲིད་པ་དང་། འཆི་བའི་འཇིགས་པ་རྣམས་འོངས་པ་མཐོང་ན་འཇིགས་མི་སྲིད་པའོ། །གང་ཟག་དེ་ལྟ་བུ་ནི་ཕྱིར་མི་འོང་བ་ཞེས་བྱ་སྟེ་གང་ཟག་གསུམ་པའོ། །དེ་ཡང་ངེས་པར་ཕྱིར་མི་འོང་བས་ན་ཕྱིར་མི་འོང་བ་ཞེས་བྱ་སྟེ། གང་ཟག་དེ་ལ་ནི་ཕྱིར་མི་འོང་
བ་ཐོབ་པ་ཞེས་ཀྱང་མི་བྱའོ། །སྔར་བསྟན་པའི་ཡོན་ཏན་རྣམས་ཀྱང་ཡོད་ལ་འདིར་སྐྱེས་ན་ཡང་སྔར་བསྟན་པའི་ཉེས་པ་རྣམས་ཀྱིས་མི་གོས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འོང་བ་དང་འགྲོ་བའི་ཚུལ་གྱིས་རྒྱུ་བར་བྱེད་ཀྱང་ཕྱིར་མི་འོང་བའི་གྲངས་སུ་གཏོགས་ཏེ། སེམས་བསྐྱེད་མ་ཐག་པའི་ལུང་བསྟན་པས་སངས་རྒྱས་སུ་ལུང་བསྟན་པ་དང་སེམས་བསྐྱེད་མ་ཐག་ཏུ་རིང་པོ་མི་ཐོགས་པར་སངས་རྒྱས་སུ་འགྱུར་བ་ཡིན་ཏེ་གང་ཟག་དེ་ལྟ་བུ་ནི་གང་ཟག་གསུམ་པའོ། །དགྲ་བཅོམ་པ་ཟག་པ་ཟད་པ་ནི་གང་ཟག་བཞི་པ་སྟེ། དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ། ཁུར་བོར་བ། རང་གི་དོན་གྱི་བྱ་བ་བྱས་པ། དོན་གྲུབ་པ། ས་བཅུ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །དོན་གཞན་ཡང་རྒྱས་པར་བྱེད་དེ་མི་སྐྱེ་བའི་ཆོས་ལ་བཟོད་པའི་ལུང་བསྟན་པས་ལུང་བསྟན་པ་དང་། བདག་ཉིད་ཀྱིས་ཇི་ལྟར་ནུས་པའི་གཟུགས་དང་། ཇི་ལྟར་འདོད་པའི་གཟུགས་མངོན་པར་སྤྲུལ་པར་བྱེད་པ་དང་། གང་གི་ལུས་ཀྱིས་སངས་རྒྱས་སུ་འགྱུར་བར་འདོད་པ་དེའི་ལུས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་བྱེད་དེ། ཡོན་ཏན་འདི་རྣམས་དང་ལྡན་པ་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ལ་གང་ཟག་བཞི་པོ་འདི་རྣམས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་། །དེ་དག་ནི་དེ་བཞིན་གཤེགས་པ་བཞིན་དུ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཡིན་ཏེ་བཞི་ཆར་ཡང་སྐྱེས་བུ་ཚད་མ་ཡིན་ནོ། །འཇིག་རྟེན་དུ་གྱུར་པ་ཡིན་ནོ། །གསོལ་པ། གང་ཟག་བཞི་པོ་དེ་དག་ནི་བདག་གི་ཚད་མ་ཡང་མ་ལགས། དེ་དག་ནི་རྟེན་དུ་གྱུར་པ་ཡང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལས་བརྩམས་ཏེ་བདུད་ཚར་གཅད་པར་བཀའ་སྩལ་པའི་ཚེ། གལ་ཏེ་ལྷའམ་བདུད་དམ་ཚངས་པ་ཡང་རུང་སྟེ་ང་དང་འདྲ་བར་ལུས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང་། འོད་འདོམ་གང་དང་ལྡན་པ་དང་། བཞིན་མཛོད་སྤུས་བརྒྱན་པའི་སངས་རྒྱས་ཀྱི་སྐུའི་ཚུལ་གྱིས་འོངས་སུ་ཟིན་ཀྱང་དེ་ཁྱེད་ཀྱིས་
ཚར་ཆོད་ཅིག་ཅེས་ངས་གནང་སྟེ། སྡིག་ཅན་ཁྱོད་འདི་ལྟར་དགྲ་བཅོམ་པའི་གཟུགས་ཀྱིས་དགྲ་བཅོམ་པ་བཞིན་དུ་བདག་ཉིད་མ་འདུག་ཤིག ། སྡིག་ཅན་ཁྱོད་ནམ་མཁའ་ལ་ཉལ་བར་བྱེད་ཅིང་གློ་གཡོན་ཕྱོགས་ནས་མེ་འབར་བར་བྱེད་པ་དང་། གཡས་ཕྱོགས་ནས་ཆུ་འབེབས་པ་དང་། མེ་བཞིན་དུ་འབར་ཞིང་གཟི་བྱིན་དང་ལྡན་ལ་དུད་པར་འཐུལ་དུ་ཟིན་ཀྱང་ང་ཁྱོད་ཀྱི་ཚིག་མི་ཉན་ཏོ། །ཡིད་ཆེས་པར་མི་བྱེད་དོ། །གསུང་རབ་ཡན་ལག་དགུ་ལྟ་བུ་སྟོན་དུ་ཟིན་ཀྱང་ང་དད་པར་མི་བྱེད་དོ་ཞེས་གྱིས་ཤིག ། རིགས་ཀྱི་བུ་ཁྱེད་དེ་ལྟར་དོགས་ན་ང་ཡང་ཚར་ཆོད་ཅིག ། རིགས་ཀྱི་བུ་དཔེར་ན་མཚན་མོ་མུན་པའི་ནང་དུ་ཁྱི་རྐུན་འོངས་པ་ཚོར་ན་ཁྱིམ་བདག་མོའམ་བྲན་མོས་དེ་ལ་འདི་སྐད་དུ་ཁྱི་རྐུན་ཁྱོད་ངས་མ་བསད་པར་སྐྱེན་པར་ཕྱིར་སོང་ཤིག་ཅེས་བྱས་ནས། ཁྱི་རྐུན་དེས་དེ་སྐད་ཐོས་པ་དང་། ཕྱིར་བརྒྱུགས་ཏེ་སོང་ལ་ཕྱིན་ཅད་ཀྱང་ཁྱིམ་དེར་མི་འོང་བ་དེ་བཞིན་དུ་ཁྱེད་ཀྱིས་བདུད་སྡིག་ཅན་ཁྱི་རྐུན་བཞིན་དུ་ཚར་ཆོད་ལ། སྡིག་ཅན་དེ་ལྟར་མ་བྱེད་པར་ངས་བཅིང་བ་རྣམ་པ་ལྔས་མ་བཅིངས་པར་སྐྱེན་པར་ཕྱིར་སོང་ཤིག་ཅེས་དེ་ལ་དེ་སྐད་གྱིས་ཤིག་དང་། དེས་དེ་སྐད་ཐོས་མ་ཐག་ཏུ་ཁྱི་རྐུན་བཞིན་དུ་ཕྱིར་ལྡོག་པར་འགྱུར་ཏེ། དེ་ལྟར་བདུད་ཚར་གཅོད་པར་བྱེད་པ་གང་ཡིན་པ་དེ་དག་ནི་དམ་པ་ཡིན་ཏེ། མྱ་ངན་འདས་པའི་དྲུང་ཁོ་ན་ན་འདུག་གོ་ཞེས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལས་གླེངས་ཏེ་བདུད་ཚར་གཅོད་པ་ན་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཅིའི་སླད་དུ་གང་ཟག་བཞི་པོ་རྣམས་རྟེན་དུ་གྱུར་པར་བཞུགས་པར་མཛད་ལགས། བདག་ནི་དེ་རྣམས་ལ་མི་ཉན་ཅིང་གློ་བ་མི་ཆེས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ངས་ཇི་སྐད་སྨྲས་པ་དེ་ནི་དེ་ཁོ་ན་བཞིན་ནོ། །དེ་ལྟ་མོད་ཀྱི་ངས་བདུད་ཚར་གཅད་པར་སྨྲས་པ་ནི་བྱིས་པ་ཉན་ཐོས་ཀྱི་ཐེག་པ་པ་ཤའི་མིག་དང་ལྡན་པ་རྣམས་ཀྱི་དོན་དུ་སྨྲས་པ་ཡིན་གྱི་ཐེག་པ་ཆེན་པོ་པ་རྣམས་ཀྱི་དོན་དུ་བདུད་ཚར་གཅད་པར་སྨྲས་པ་མ་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡང་ལྷའི་མིག་དང་ལྡན་པ་དག་ཡོད་མོད་ཀྱི་དེ་དག་ནི་ཤའི་མིག་ཅེས་བྱ་བའི་གྲངས་སུ་གཏོགས་སོ། །ཐེག་པ་ཆེན་
པོ་པ་རྣམས་ལ་ཡང་ཤའི་མིག་དང་ལྡན་པ་དག་ཡོད་མོད་ཀྱི། དེ་དག་ནི་སངས་རྒྱས་ཀྱི་སྤྱན་ཞེས་བྱ་བའི་གྲངས་སུ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པའི་མདོའི་དེ་ཁོ་ན་ཉིད་འཛིན་པའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་མི་དཔའ་བོ་ཡུལ་ཕྱོགས་སུ་གྲགས་པ་སྙིང་སྟོབས་ཅན་རྟུལ་ཕོད་པ་འགའ་ཞིག་ཡོད་ལ། དེ་ལ་མི་སྡར་མ་འགའ་ཞིག་རྟེན་ཏེ་སྡར་མ་དེ་དཔའ་བོ་དེ་ལ་དཔའ་སློབ་པ་ན་དེ་ལ་བསྒོ་བ། ཀྱེ་མི་ཁྱོད་དཔའ་བོར་འགྱུར་བར་འདོད་ན་རལ་གྲིའི་སོ་གཏམས་པའི་སྟེང་དུ་འགྲོ་བར་གྱིས་ཤིག ། གང་དང་གང་གི་ཚེ་འཐབ་པ་དེ་དང་དེའི་ཚེ་སུས་ཀྱང་མི་འཇིགས་པར་གྱིས་ཤིག ། ལྷ་ཡང་རུང་། གཏུམ་པོ་ཡང་རུང་སྟེ། རྩྭ་ཙམ་དུ་ལྟོས་ཤིག ། སྙིང་སྟོབས་དང་། རྟུལ་ཕོད་པ་ལ་བརྩོན་པར་གྱིས་ཤིག ། རུ་པ་ངན་པ་ཁ་ཅིག་དཔའ་བོའི་ཆ་ལུགས་སུ་བསྒྱུར་ནས་དཔའ་བོའི་མཚོན་ཆ་ཐོགས་ཏེ་ཨུར་མོའི་རལ་གྲི་ཤུབས་ནས་ཕྱུང་ནས། ཕྱེ་མར་རློག་པ་ལྟར་བྱེད་ཅིང་འོང་ལ་རལ་གྲི་གཅིག་ལ་གཅིག་བརྡབས་པ་ལས་མེ་སྟག་འཕྲོ་བར་བྱེད། ཁུས་འདེབས་ཤིང་ཁྲོམ་གྱི་ནང་དུ་འོང་བ་དེ་ལྟ་བུ་དག་མཐོང་ན་མ་འབྲོས་ཤིག་དང་། རུ་པ་ངན་པ་གང་ཡིན་པ་དེ་དག་གིས་དེ་དག་མཐོང་ནས་འདི་དག་ནི་དཔའ་བོ་ཡིན་ནོ་སྙམ་དུ་རིག་ནས་ཁྱི་རྐུན་བཞིན་དུ་འབྱེར་བར་འགྱུར་ལ། རུ་པ་བཟང་པོ་གང་ཡིན་པ་དེ་དག་ནི་ཁྲེལ་གྱིས་དོགས་ཏེ་ཐེན་པར་བྱེད་དོ། །རུ་པ་ངན་པ་དེ་དག་ནི་དེ་དག་གིས་སྐྲག་ནས་འབྱེར་བར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དཔའ་བོ་སློབ་པར་མཛད་དེ་ཁྱེད་བདུད་སྡིག་ཅན་རུ་པ་སྡར་མ་ལྟ་བུས་མ་འཇིགས་པར་དཔའ་སློབ་པ་བཞིན་དུ་རྟུལ་ཕོད་པར་གྱིས་ཤིག་དང་། བདུད་ཡིད་མི་བདེ་བར་འགྱུར་རོ་ཞེས་སྟོན་ཏོ། །རིགས་ཀྱི་བུ་གཞན་ཡང་རིགས་ཆེན་པོ་དཔའ་བོའམ། དཔའ་བོའི་བུ་ལ་ལ་ཞིག་སུ་ལ་ཡང་དཔའ་མ་བསླབས་ཏེ་དེ་སློབ་དཔོན་སུ་ཡང་མེད་བཞིན་དུ་དེ་རང་བཞིན་གྱིས་དཔའ་ལ་རིགས་ཀྱི་བུ་ཆོས་ལུགས་སུ་གྱུར་པ་རང་གི་དཔའ་རིགས་ཀྱི་རྐྱེན་དུ་འཚམ་པར་དཔའ་བ་དེ་བཞིན་དུ། ཐེག་པ་ཆེན་པོ་པ་སྐྱེས་པའམ། བུད་མེད་དམ། ཁྱེའུ་
འམ། བུ་མོ་ཡང་རུང་སྟེ། དེ་དག་གིས་དགོངས་ཏེ་གསུངས་པའི་མདོའི་ཚིག་སྣ་ཚོགས་ཐོས་ན་དེ་མི་སྐྲག་མི་དངང་བ་དེ་དག་ནི་སྔོན་སངས་རྒྱས་དུ་མ་ལ་བསྙེན་བཀུར་བྱེད་བྱེད་པ་ཡིན་ཏེ་དེས་ན་དེ་དག་གིས་ཐེག་པ་ཆེན་པོ་འདི་ཁོང་དུ་ཆུད་ནས་མངོན་པར་དད་པར་འགྱུར་ཏེ། བདུད་དམ། བདུད་བྱེ་བ་ཡང་རུང་དེ་དག་མཐོང་ན་ཐེག་པ་ཆེན་པོ་པ་རྣམས་སྐྲག་པར་མི་འགྱུར་ཏེ་ཅུང་ཟད་ཀྱང་ཡ་མཚན་དུ་མི་འཛིན་ཏོ། །དཔེར་ན་སྦྲུལ་འཛིན་པའི་མི་ལ་ལ་ཞིག་གིས་སྨན་གནོད་སེལ་དང་སྔགས་ཀྱི་མཐུས་སྦྲུལ་གདུག་པ་རྣམས་ཀྱི་དུག་མེད་པར་བྱེད་ལ་དེ་དག་གིས་མི་འཇིགས་པ་དེ་བཞིན་དུ་བདུད་བྱེ་བ་རྣམས་ཀྱང་ཐེག་པ་ཆེན་པོའི་མདོའི་ཚིག་གི་སྔགས་ཀྱི་གཟི་བྱིན་དང་མཐུས་རྒྱགས་པ་མེད་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་ཀླུའི་སྦྲུལ་གདུག་པ་རྣམས་ཀྱི་ནི་གླང་པོ་ཆེ་དང་། སྟག་དང་། གཟིག་དང་། ཁྱི་རྣམས་ཀྱང་བལྟས་པ་ཙམ་གྱིས་སྐྲག་པར་བྱེད་དེ། ཁ་ཅིག་ནི་འཆི་བར་ཡང་འགྱུར། ཁ་ཅིག་ནི་ཤིར་དོགས་ནས་སྒྲ་ཐོས་པ་ཙམ་གྱིས་ཀྱང་འབྱེར་བར་འགྱུར་རོ། །མི་ཁ་ཅིག་ནི་ཀླུའི་སྦྲུལ་གདུག་པ་དང་། ནམ་མཁའ་ལྡིང་དང་། གླང་པོ་ཆེ་དང་། སེང་གེ་དང་། སྟག་རྣམས་ལ་ཞོན་ཏེ་རྒྱུ་བར་བྱེད་པ་ཡང་ཡོད་དོ། །མི་ཁ་ཅིག་ནི་ཀླུ་དང་། ནམ་མཁའ་ལྡིང་དང་། སེང་གེ་དང་། སྲིན་པོ་དེ་དག་མཐོང་ན་རྒྱགས་པ་མེད་པར་འགྱུར་ཏེ། མི་སྡར་མ་དེ་དང་འདྲ་བར་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདུད་མཐོང་ན་སྐྲག་པར་འགྱུར་ལ་བདུད་ནི་དེ་དག་གིས་འཇིགས་པ་མེད་དེ་བདུད་ཀྱི་ལས་ཀྱང་བྱེད་དོ། །ཐེག་པ་ཆེན་པོ་པ་རྣམས་ནི་བདུད་ལ་ཞོན་ཏེ་དེ་དག་གི་གཟི་བྱིན་ཆེན་པོ་དང་། སྟོབས་ཆེན་པོ་དང་། སྙིང་སྟོབས་བཏུལ་ནས་ཆོས་སྟོན་པར་བྱེད་དེ། ཀླུ་ལ་སོགས་པ་དང་འདྲ་བའི་བདུད་སྟོབས་པོ་ཆེ་དེ་དག་སྐྲག་ནས་མོད་ལ་དམ་པའི་ཆོས་ལ་དགའ་བར་འགྱུར་ཏེ། འདི་སྐད་དུ་ད་ཕྱིན་ཆད་དམ་པའི་ཆོས་ཀྱི་བར་ཆད་མི་བགྱིད་དོ་ཞེས་ཀྱང་ཟེར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་ཉོན་མོངས་པའི་རྣམ་པས་སྐྲག་གོ །ཐེག་པ་ཆེན་པོ་པ་རྣམས་ནི་ཉོན་མོངས་པ་རྣམས་ཆུང་བར་འཛིན་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་པ་རྣམས་ནི་རྟུལ་ཕོད་པ་ཡིན་ནོ། །དེ་
བས་ན་སྔར་བཤད་པའི་རྒྱུ་ནི་དེ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་དོན་དུ་ངས་བདུད་ཚར་གཅད་པར་བསྟན་པ་ཡིན་ནོ། །དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ནི་མཆོག་ཏུ་བཟོད་པར་དཀའོ། །ཀྱེ་མ་མདོ་སྡེ་ཆེན་པོ་འདི་དང་དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ཐོས་ན་ཡིད་ཆེས་པར་བྱེད་པ་གང་ཡིན་པ་དེ་དག་ནི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ཏེ། འཇིག་རྟེན་ན་ཨུ་དུམ་བཱ་རའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན་ནོ། །ང་འདས་པའི་འོག་ཏུ་མདོ་སྡེ་ཆེན་པོ་འདི་ཤིན་ཏུ་རྙེད་དཀའ་བར་འགྱུར་ཏེ། མ་འོངས་པའི་དུས་ན་སེམས་ཅན་གང་དག་མདོ་སྡེ་ཆེན་པོ་འདི་ཐོས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་དེ་དག་ནི་སེམས་ཅན་མང་པོས་སྤོང་བར་འགྱུར་རོ། །གསོལ་པ། ཡུན་ཇི་སྲིད་ཅིག་ན་སེམས་ཅན་རྣམས་ཀྱིས་སྤང་བར་འགྱུར་ལགས། སེམས་ཅན་ཇི་ལྟ་བུ་དག་ནི་དམ་པའི་ཆོས་འབྱིན་པར་འགྱུར་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ང་འདས་པའི་འོག་ཏུ་ལོ་བཞི་སྟོང་གི་བར་དུ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་ཏེ། དེའི་རྗེས་ལ་སའི་འོག་ཏུ་ནུབ་པར་འགྱུར་རོ། །རིགས་ཀྱི་བུ་དཔེར་ན་ཡུལ་གང་ན་བུ་རམ་ཤིང་དང་། འབྲས་སཱ་ལུ་དང་། འབྲུ་དང་། སྦྲང་རྩི་དང་། ཁ་ར་དང་། བའི་འོ་མ་དང་། མར་གྱི་སྙིང་ཁུ་རྣམས་མོད་པ་དེ་ཉིད་ན་སེམས་ཅན་རྣམ་པར་སྨིན་པས་དམན་ཞིང་བསོད་ནམས་མ་བྱས་པ་གཞན་དག་ཀྱང་ཡོད་དེ། དེ་དག་འདི་སྐད་དུ་བདག་ཅག་གི་ལུས་ཀྱི་ཁམས་འདི་ནི་ཁ་ཟས་བཟང་པོ་ཟོས་ན་ནད་དུ་འགྱུར་རོ་ཞེས་ཟེར་ནས་ཅི་ཙེ་དང་ཁྲེ་དང་ཁྲེ་རྒོད་རྣམས་ཟ་བར་བྱེད་དོ། །ཡུལ་དེ་ཉིད་ན་གཞན་ཁ་ཅིག་ནི་ཅི་ཙེ་དང་ཁྲེ་དང་ཁྲེ་རྒོད་རྣམས་ཀྱི་མིང་ཡང་ཐོས་པར་མི་འདོད་དེ། བུ་རམ་ཤིང་དང་། འབྲས་སཱ་ལུ་དང་། འབྲུ་རྣམས་འབའ་ཞིག་ཟ་བར་བྱེད་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་སེམས་ཅན་གཞན་ཁ་ཅིག་ཐོས་པར་ཡང་མི་འདོད་དེ། བསོད་ནམས་མ་བྱས་པ་རྣམས་ཅི་ཙེ་དང་ཁྲེ་དང་ཁྲེད་རྒོད་ཟ་ཞིང་བུ་རམ་ཤིང་དང་། འབྲས་སཱ་ལུ་ལ་སྡང་བ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཐེག་པ་ཆེན་པོ་ལ་སྡང་བར་འགྱུར་རོ། །དེ་ལ་ཉན་པ་བསོད་ནམས་བྱེད་བྱེད་པ་གཞན་ཁ་ཅིག་ནི་འབྲས་སཱ་ལུ་ཟ་བ་བཞིན་དུ་ཐེག་པ་ཆེན་པོ་པར་
འགྱུར་རོ། །རིགས་ཀྱི་བུ་དཔེར་ན་རི་ཁྲོད་གཅོང་རོང་ཡུལ་ངན་པ་ན་གནས་པའི་རྒྱལ་པོ་རྣམས་བུ་རམ་ཤིང་དང་འབྲས་སཱ་ལུ་རྣམས་ལྡན་པར་ཡོད་དུ་ཟིན་ཀྱང་འབྲུ་འདི་རྣམས་ནི་དཀོན་པ་ཡིན་ཏེ། ཟད་ན་མི་རུང་ངོ་སྙམ་ནས་བདག་ཅག་མི་ཟ་བར་ཅི་ཙེ་དང་ཁྲེ་དང་ཁྲེ་རྒོད་ཟ་ཞིང་བུ་རམ་ཤིང་དང་འབྲས་སཱ་ལུ་དང་འབྲུ་རྣམས་ནི་ཤིང་རྟ་རྣམས་བཀང་ནས་རྒྱལ་པོ་ཆེན་པོ་ལ་འབུལ་བར་བྱེད་དེ། དེ་ན་སེམས་ཅན་གཞན་དག་རང་གི་ཡུལ་ན་འབྲས་སཱ་ལུ་ལ་སོགས་པ་སྔོན་མ་མཐོང་དུ་ཟིན་ཀྱང་རྒྱལ་པོའི་ལོངས་སྤྱོད་ཀྱི་མཐུས་ཟ་བར་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་གང་ན་གང་ཟག་ཆོས་ཀྱི་སྡེ་དཔོན་བྱེད་པ་བཞི་པོ་དེ་དག་གནས་པ་དེ་ཉིད་དུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་ཀྱང་འཇིག་རྟེན་དུ་བྱུང་ངམ་ཡང་ན་གང་ན་གནས་ཀྱང་རུང་སྟེ། དེར་དེའི་དོན་དུ་དེ་དག་གིས་ཐེག་པ་ཆེན་པོའི་མདོ་སྡེའི་སྡེ་ཚན་དག་གླ་རྔན་གྱིས་འདྲི་ཞིང་འདྲིར་འཇུག་སྟེ་བསྒྲུབས་ནས་གླེགས་བམ་ཕྱི་ཚས་སུ་བཅུག་སྟེ། རྙེད་པ་དང་བཀུར་སྟིའི་ཕྱིར་རམ། ཆོས་སྤྱོད་པའི་ཕྱིར་རམ། རྟེན་བཅའ་བའི་ཕྱིར་བཀུར་བར་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བསྙེན་བཀུར་བྱེད་ཅིང་སྐྱེ་བོ་མང་པོ་ཐེག་པ་ཆེན་པོའི་བཅུད་ཀྱིས་ལོངས་སྤྱོད་པར་འགྱུར་ཏེ། རྒྱལ་པོའི་མཐུས་འབྲས་སཱ་ལུ་ཟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་གཟི་བརྗིད་ཀྱི་མཐུས་སེམས་ཅན་རྣམས་ཀྱིས་སྔོན་མ་ཐོས་པའི་ཚིག་གི་ཡི་གེ་འབྲུ་གཅིག་པའི་ཐིག་ལེ་ཐོས་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ས་ཕྱོགས་གང་ན་སྤྱོད་པའི་ས་ཕྱོགས་ནི་རྡོ་རྗེའི་རང་བཞིན་དུ་འགྱུར་རོ། །སེམས་ཅན་དེ་དག་ཀྱང་རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་ང་ཟེར་རོ། །སེམས་ཅན་ཕལ་པ་བསོད་ནམས་ཆུང་ངུ་རྣམས་ཐེག་པ་ཆེན་པོ་ཐོས་ན་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་གྱི་དོན་འཛིན་པར་མི་བྱེད་དེ། ཐོས་ན་དོན་འཛིན་པར་མི་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་ཁྲེ་རྒོད་ཟ་བ་བཞིན་དུ་མྱ་ངན་དུ་བྱ་བ་ཡིན་ནོ། །གསོལ་པ། དེ་བཞིན་གཤེགས་པ་འདས་ནས་ལོ་བཞི་སྟོང་གི་བར་དུ་འཛམ་བུའི་གླིང་དུ་གནས་པའི་རྗེས་ལ་སའི་འོག་ཏུ་ནུབ་པར་གྱུར་ནས་
ཡུན་ཇི་སྲིད་ཅིག་ན་སླར་ཡང་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་གི་ཚེ་ངའི་དམ་པའི་ཆོས་ཀྱི་མཇུག་ལོ་བརྒྱད་ཅུ་ལུས་པར་གྱུར་ཏེ། དམ་པའི་ཆོས་ནུབ་ཏུ་ཆ་བ་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་འཛམ་བུའི་གླིང་དུ་འབྱུང་བར་འགྱུར་ཏེ། ལོ་བཞི་བཅུའི་བར་དུ་དམ་པའི་ཆོས་ཀྱི་ཆར་ཕབ་ནས་ནུབ་པར་འགྱུར་རོ། །གསོལ་པ། དམ་པའི་ཆོས་ནུབ་པའི་དུས་དང་། ཚུལ་ཁྲིམས་ཅན་ཟད་པའི་དུས་དང་། དམ་པའི་ཆོས་མ་ཡིན་པ་རྣམ་པར་འཕེལ་བའི་དུས་དང་། སྒྲུབ་པ་མ་མཆིས་པའི་དུས་ན་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་འབྱུང་བའི་ཚེ་འདི་ཉན་པ་ནི་ཅི་འདྲ་བ་དག་ཅིག་འབྱུང་བར་འགྱུར་ལགས། འཆང་བ་ནི་ཅི་འདྲ་བ་དག་ཅིག་ལགས། ཀློག་པ་ནི་ཅི་འདྲ་བ་དག་ཅིག་ལགས། སུ་དག་ནི་སྲུང་བར་འགྱུར། འཛིན་པར་འགྱུར། མཆོད་པ་བགྱིས་ནས་སྟོན་པར་འགྱུར་ལགས། འདྲིར་འཇུག་པ་ནི་ཅི་འདྲ་བ་དག་ཅིག་ལགས་པ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཀའ་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་ཡང་དག་པར་སློབ་པར་འཚལ་བ་དག་མཆིས་ཏེ། དེ་དག་གིས་ཐོས་ན་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བར་སྒྲུབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་དོན་འདི་འདྲི་བ་ནི་ལེགས་སོ། །རིགས་ཀྱི་བུ་གང་དག་གིས་སངས་རྒྱས་ཆུ་ཀླུང་གསེར་ལྡན་གྱི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པར་འགྱུར་ཏེ། ཉམས་སུ་མི་ལེན་པར་མི་འགྱུར་རོ། །མདོ་སྡེ་སྤོང་བར་ཡང་མི་འགྱུར་རོ། །གང་དག་གིས་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་མཚུངས་པ་མེད་པ་སྤོང་བའི་སེམས་སྐྱེད་པར་མི་བྱེད་དེ། མོས་པར་བྱེད་ཅིང་དེར་ཚིག་གིས་སྐྱེ་བོ་ཐམས་ཅད་ལ་རྒྱས་པར་གོ་བར་བྱེད་པར་འགྱུར་རོ། །གང་དག་གིས་སངས་
རྒྱས་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་ཏེ་སྤོང་བར་མི་འགྱུར་རོ། །གང་དག་གིས་སངས་རྒྱས་གང་གཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཕྱི་མའི་དུས་ན་མཚུངས་པ་མེད་པ་སྤོང་བར་མི་བྱེད་དེ། ལུང་ནོད་པར་བྱེད། ཉན་པར་བྱེད། འདྲི་བར་བྱེད་ལ་དོན་ནི་རྟོགས་པར་མི་འགྱུར་རོ། །གང་དག་གིས་སངས་རྒྱས་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། མཚུངས་པ་མེད་པ་སྤོང་བར་མི་བྱེད་ཅིང་ལུང་ནོད་པར་བྱེད། ཉན་པར་བྱེད། འདྲི་བར་བྱེད་ལ་དོན་ནི་བཅུ་དྲུག་ཆ་གཅིག་རྟོགས་པར་འགྱུར་ཏེ། དོན་རྫོགས་པར་རྟོགས་པར་མི་འགྱུར་རོ། །གང་དག་གིས་སངས་རྒྱས་གང་གཱའི་ཀླུང་ལྔའི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་ཚེ་མཚུངས་པ་མེད་པ་སྤོང་བར་མི་འགྱུར་ཏེ། ལུང་ནོད་པར་བྱེད། ལྟ་བར་བྱེད། འདྲི་བར་བྱེད་དེ། བྲིས་ནས་ཀྱང་བདག་ཉིད་འཆང་བར་བྱེད་ལ་དོན་ནི་བརྒྱད་ཆ་གཅིག་རྟོགས་པར་འགྱུར་ཏེ། དོན་རྫོགས་པར་རྟོགས་པར་མི་འགྱུར་རོ། །གང་དག་གིས་སངས་རྒྱས་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་མཚུངས་པ་མེད་པ་སྤོང་བར་མི་བྱེད་དེ། ལུང་ནོད་པར་བྱེད། འདྲི་བར་བྱེད། བྲིས་ནས་ཀྱང་འཛིན་པར་བྱེད་ལ་དོན་ནི་བཞི་ཆ་གཅིག་རྟོགས་པར་འགྱུར་ཏེ། དོན་རྫོགས་པར་རྟོགས་པར་མི་འགྱུར་རོ། །གང་དག་གིས་སངས་རྒྱས་གང་གཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་མཚུངས་པ་མེད་པ་སྤོང་བར་མི་བྱེད་དེ། ལུང་ནོད་པར་བྱེད། འདྲི་བར་བྱེད། བྲིས་ནས་ཀྱང་འཛིན་པར་བྱེད་ལ་དོན་ནི་ཕྱེད་རྟོགས་པར་འགྱུར་ཏེ། དོན་རྫོགས་པར་རྟོགས་པར་མི་འགྱུར་རོ། །གང་དག་གིས་སངས་རྒྱས་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་མཚུངས་པ་མེད་པ་སྤོང་བར་མི་བྱེད་དེ། ལུང་ནོད་པར་བྱེད། ཉན་པར་བྱེད། འདྲི་བར་བྱེད། བྲིས་ནས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། སྟོན་པར་བྱེད། སྦ་བར་བྱེད།
སྲུང་བར་བྱེད། འཆད་པར་བྱེད་དེ། འཇིག་རྟེན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་གླེགས་བམ་རྣམས་ལ་མཆོད་པ་དང་བཀུར་སྟི་བྱེད། གཞན་དག་ཀྱང་བྱེད་དུ་འཇུག་ཅིང་བླ་མ་ལ་གུས་པ་ལྟ་བུར་ལྟ་བར་བྱེད་ལ་དོན་ཀྱང་རྫོགས་པར་རྟོགས་པར་འགྱུར་ཏེ། བཅོམ་ལྡན་འདས་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། མི་གཡོ་བ་དང་། ཤིན་ཏུ་བདེ་བའོ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་ན་སྔོན་སངས་རྒྱས་དུ་མ་ལ་བསྙེན་བཀུར་བྱེད་བྱེད་པའི་སེམས་ཅན་རྣམས་ནི་དམ་པའི་ཆོས་འབྱིན་པར་འགྱུར་ཞིང་དམ་པའི་ཆོས་ཀྱི་ཕྱོགས་འཛིན་པར་འགྱུར་རོ། །གང་དག་གིས་ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་དམ་པའི་ཆོས་འབྱིན་པར་འགྱུར་ཞིང་དམ་པའི་ཆོས་ཀྱི་ཕྱོགས་འཛིན་པར་འགྱུར་ཏེ། དེའི་ཚེ་སེམས་ཅན་དེ་ལྟ་བུ་དག་འབྱུང་བར་འགྱུར་གྱིས། རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན་སེམས་ཅན་དམ་པའི་ཆོས་འབྱིན་པ་རྣམས་ལ་དེ་ལྟར་མ་ལྟ་ཤིག ། གང་དག་གིས་ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་མ་འོངས་པའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དམ་པའི་ཆོས་འབྱིན་པར་བྱེད་པར་ཤེས་པར་གྱིས་ཤིག ། རིགས་ཀྱི་བུ་གང་དག་ང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ཡིད་མི་དགའ་བར་མི་བྱེད་ཅིང་རབ་ཏུ་དགའ་བར་བྱེད་དེ། སངས་རྒྱས་བདག་ཅག་གི་རྙེད་པ་དང་བཀུར་སྟི་ལ་བགེགས་བྱེད་པ་དེ་ང་ནི་གྲོངས་པར་འགྱུར་གྱི་བདག་ཅག་དགའོ་སྙམ་སྟེ། དེ་ལྟར་སངས་རྒྱས་གྲོངས་པར་འགྱུར་རོ་སྙམ་ནས་རབ་ཏུ་དགའ་སྟེ། ཡིད་མི་དགའ་བར་མི་བྱེད་པ་དེ་དག་ནི་དེའི་ཚེ་གཡེལ་བར་འགྱུར་ཏེ། ཆོས་གོས་ཀྱི་མཚན་མ་ཅན་མདོ་སྡེ་སྤོང་བར་འགྱུར་བར་རིག་པར་གྱིས་ཤིག ། སེམས་ཅན་གང་དག་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དེ་དག་ནི་ཐེག་པ་ཆེན་པོ་ཐོས་ན་མངོན་པར་དད་པར་འགྱུར་ཏེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་གི་ནི་སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང་། རིམས་ཀྱིས་གདུང་བ་དང་། ཟུག་རྔུ་དང་། སྐུར་པ་ཙམ་གྱིས་འབྱང་བར་འགྱུར་རོ། །གཞན་ཡང་ཕྱི་
མའི་དུས་ན་གཞན་གྱིས་བརྙས་པར་འགྱུར་བ་དང་། མདོག་ངན་པར་འགྱུར་བ་དང་། མལ་ཆ་དང་། སྟན་དང་། ཁ་ཟས་ངན་པར་འགྱུར་བ་དང་། རྙེད་པ་མེད་པར་འགྱུར་བ་དང་། དབུལ་པོའི་རིགས་སུ་སྐྱེ་བ་དང་། ཕལ་པའི་རིགས་སུ་སྐྱེ་བ་དང་། ལོག་པར་ལྟ་བའི་རིགས་སུ་སྐྱེ་བ་དང་། རྒྱལ་པོ་འཁྲུག་པ་དང་། ཡུལ་འཁྲུག་པ་དང་། སྡུག་པའི་དངོས་པོ་འཁྲུག་པ་དང་། དགེ་བའི་བཤེས་གཉེན་མི་མཐོང་བ་དང་། གོས་དང་ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་མེད་པ་དང་། རྙེད་པ་ཆུང་བ་དང་། བཀྲེས་པ་དང་། སྐོམ་པས་ཉམ་ཆུང་བའི་གནོད་པ་དང་ལྡན་པ་དང་། སྐྱེ་བོ་ཕལ་པས་དགའ་བར་བྱ་བ་དང་། རྒྱལ་པོ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་ཆོས་ཀྱི་གཏམ་མི་འཛིན་པ་དང་། ཆོས་སྨྲ་བའི་ཕྱོགས་མི་བྱེད་པ་དང་། བློན་པོ་དང་། སྡེ་དཔོན་གང་དག་ཕྱོགས་དང་། མགོན་བྱེད་དུ་རེ་བ་དེ་དག་ཀྱང་སུ་ཤི་གཏོལ་མེད་པར་འགྱུར་བ་དང་། དམ་པའི་ཆོས་ཀྱི་ཕྱོགས་མི་བྱེད་པ་དང་། བཟང་ན་ཡང་མི་མཛེས་པ་དང་། བལྟ་ན་སྡུག་ན་ཡང་བལྟ་ན་མི་སྡུག་པར་འགྱུར་ཏེ། དེ་ལྟར་ན་ངའི་ཉན་ཐོས་གང་དག་འཇིག་རྟེན་ན་མདོ་སྡེ་ཆེན་པོ་སྟོན་པ་རྣམས་ནི་དཀའ་བ་བྱེད་པ་ཡིན་ནོ། །རིགས་ཀྱི་བུ་དཔེར་ན་ལྷོ་བུར་ཤིན་ཏུ་སྟུག་པོ་ཡང་ཉི་མ་མ་ཤར་གྱི་བར་དུ་ནི་གནས་ལ་ཉི་མ་ཤར་མ་ཐག་ཏུ་ནི་མ་ལུས་པར་སངས་པར་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་སེམས་ཅན་དེ་དག་གི་སྡིག་པ་གྲངས་མེད་པ་ཡང་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཉི་མ་མ་ཤར་གྱི་བར་དུ་ནི་གནས་ལ། གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཉི་མ་ཤར་བ་དེའི་ཚེ་ནི་སྡིག་པ་དེ་དག་མ་ལུས་པར་འབྱང་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ལ་ལ་ཞིག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་ལ་ད་དུང་གཞོན་ནུའི་ཚུལ་ཁྲིམས་ཀྱང་མ་བླངས་པར་མི་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་སོགས་པ་དགེ་སློང་གི་དགེ་འདུན་མཆོད་སྟོན་གསོལ་པ་དེའི་ཚེ། ཁྱིམ་པ་དེ་ཡང་ཆོས་གོས་བགོས་ནས་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་དང་ཐབས་ཅིག་ཏུ་གྲོང་གི་ནང་དུ་སོང་སྟེ་
བཀོད་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་གྲངས་སུ་གཏོགས་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མདོ་སྡེ་འདི་ལ་སློབ་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ཐོབ་པ་རྣམས་ཀྱི་གྲངས་སུ་གཏོགས་སོ། །འདི་ལས་ཕྱི་རོལ་དུ་གྱུར་པ་རྫས་ཀྱིས་བྲིད་པའི་ཕྱིར་རམ། གཏམ་ཟླར་བྱ་བའི་ཕྱིར་རམ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཐོས་པ་ཙམ་དུ་ཟད་དེ། མདོ་སྡེ་སྤོང་བར་མི་བྱེད་ན་ང་རྒྱལ་གྱི་དབང་གིས་སྤོང་བ་མ་གཏོགས་པར་སེམས་ཅན་གཞན་དེ་དག་ནི་སངས་རྒྱས་དགྲ་བཅོམ་པ་རྣམས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་རིམ་གྱིས་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་དེ་བས་ན་སྔར་བསྟན་པའི་གང་ཟག་བཞི་པོ་རྣམས་རྟེན་དུ་གྱུར་པ་ཡིན་ཏེ། དེ་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པའི་མདོ་སྡེ་ལ་སངས་རྒྱས་ཀྱིས་གསུངས་སོ་ཞེས་སྟོན་མི་སྲིད་དེ་སྐབས་མེད་དོ། །དེ་བས་ན་རྟེན་དུ་གྱུར་པ་ཡིན་ནོ། །གང་ཟག་བཞི་པོ་འདི་རྣམས་ཀྱི་ནང་ནས་གཅིག་ཙམ་ཞིག་འདུག་ན་ཡང་དེ་ལ་མཆོད་པ་གྱིས་ཤིག ། བསྲུང་བར་གྱིས་ཤིག ། གསོལ་པ། དེ་ལ་མཆོད་པ་ཇི་ལྟར་འཚལ། བཀའ་སྩལ་པ། གང་ཟག་དེ་ནི་བདག་གི་སྲོག་ཡོངས་སུ་བཏང་ནས་དམ་པའི་ཆོས་འབྱིན་པ་ཡིན་གྱིས། དེ་ལས་དམ་པའི་ཆོས་བསྲུང་བ་བསླབ་པར་གྱིས་ཤིག ། བསླབས་ནས་ཀྱང་སློབ་དཔོན་དེ་ལ་མཆོད་པ་གྱིས་ཤིག ། ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ངས་བསྟན་ཏེ། རྒན་ནམ་ཡང་ན་གཞོན་ཡང་རུང་། །གང་ལས་ཆོས་ནི་རྟོགས་འགྱུར་བ། །བྲམ་ཟེ་སྲེག་སྦྱིན་མེ་བཞིན་དུ། །དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ། །རྒན་ནམ་ཡང་ན་གཞོན་ཡང་རུང་། །གང་ལས་ཆོས་ནི་རྟོགས་འགྱུར་བ། །དབང་ཆེན་ལྷ་ལ་བྱ་བ་བཞིན། །དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ། །ཞེས་བསྟན་པ་ཡིན་ནོ། །གསོལ་པ། སློབ་དཔོན་ལ་མཆོད་པ་བགྱི་བ་ནི་རིགས་ལགས་ན། དགེ་སློང་རྒན་པོ་ཚུལ་ཁྲིམས་དང་ལྡན་པས་གསར་བུ་ལ་ཕྱག་བགྱི་བ་ནི་མི་རིགས་ཏེ་འདི་ནི་དཔྱད་འཚལ་ལགས་སོ། །ཅི་ལགས་གལ་ཏེ་དགེ་སློང་རྒན་པོ་གསར་བུ་ལ་སློབ་ན་ཡང་དེས་གསར་བུ་ལ་ཕྱག་བགྱི་འཚལ་ལམ། གལ་ཏེ་གསར་
བུ་ལ་ཕྱག་བགྱི་འཚལ་བར་གྱུར་ན་ནི་དེ་ལྟ་ན་རྒན་པོ་དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་མ་ལགས་པར་འགྱུར་ལགས་སོ། །གཞན་ཡང་གླེང་འཚལ་བ་མཆིས་ཏེ། གལ་ཏེ་དགེ་སློང་རྒན་པོ་ནི་ཚུལ་ཁྲིམས་འཆལ་པ་ལགས། གསར་བུ་ནི་ཚུལ་ཁྲིམས་དང་ལྡན་པ་ལགས་ལ། དེ་ལས་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ན། ཅི་ལགས་གསར་བུས་གློ་བར་ཆུད་བཞིན་དུ་རྒན་པོ་ཚུལ་ཁྲིམས་འཆལ་པ་ཕྱག་བགྱི་འཚལ་ལམ། གཞན་ཡང་གླེང་འཚལ་བ་མཆིས་ཏེ། ཅི་ལགས་ཁྱིམ་ན་གནས་པ་ལས་ཆོས་རྟོགས་པར་འགྱུར་ན་ཡང་ཁྱིམ་ན་གནས་པ་ལ་ཕྱག་བགྱི་འཚལ་ལམ། ཧ་ཅང་ཞེ་ས་ཆེར་བགྱི་བར་མི་རིགས་ལགས་སོ། །ཁྱིམ་ན་གནས་པ་རྣམས་ནི་རབ་ཏུ་བྱུང་བའི་མཆོད་པའི་འོས་དང་ཡོན་གནས་མ་ལགས་སོ། །བསྟན་པ་འདི་ལ་ནི་གཞོན་ནུས་རྒན་པོ་རྣམས་ལ་མཆོད་པ་བགྱི་བའི་རིགས་ལགས་སོ། །རྒན་པོ་མཆོད་པའི་འོས་ཞེས་བགྱི་བ་ནི་བསྙེན་པར་རྫོགས་པ་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་ལ་གནས་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཚུལ་ཁྲིམས་འཆལ་པ་རྣམས་ནི་ཞིང་གི་ནང་ན་ཞིང་གི་རྡོ་དང་འདྲའོ་ཞེས་གསུངས་ན་ད་ནི། རྒན་ནམ་ཡང་ན་གཞོན་ཡང་རུང་། །གང་ལས་ཆོས་ནི་རྟོགས་འགྱུར་བ། །དབང་ཆེན་ལྷ་ལ་བྱ་བ་བཞིན། །དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ། །ཞེས་ཀྱང་གསུང་ངམ། ཚིག་གི་དོན་འདི་གཉིས་ནི་དཔྱད་འཚལ་ལགས་སོ། །དེ་མ་ལགས་ན་དེ་ལྟར་བགྱིས་དང་ཆད་པའི་གནས་སུ་འགྱུར་ལགས་སོ། །བཅོམ་ལྡན་འདས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་སླུ་བར་མཛད་ལགས་སམ། འདི་ལ་ནོངས་པ་མང་དུ་མཆིས་ལགས་ན། བཅོམ་ལྡན་འདས་ཀྱིས་མདོ་མང་པོ་དག་ལས་ཚུལ་ཁྲིམས་འཆལ་པ་རྣམས་ཆད་པས་གཅད་པར་བཀའ་སྩལ་ན། ཅི་ལགས་དེ་བཞིན་གཤེགས་པས་འདིར་དགོངས་ཏེ་གསུངས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་ནམ་ཡང་ན་གཞོན་ཡང་རུང་། །གང་ལས་ཆོས་ནི་རྟོགས་འགྱུར་བ། །དབང་ཆེན་ལྷ་ལ་བྱ་བ་བཞིན། །དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ། །ཞེས་བྱ་བ་ནི་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་ངས་
བསྟན་པ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་ཕྱིར་དེ་སྐད་བསྟན་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ་ངས་སྔར་བསྟན་པ་དམ་པའི་ཆོས་ནུབ་པའི་དུས་དང་། ཚུལ་ཁྲིམས་དང་ལྡན་པ་འགྲིབ་པའི་དུས་དང་། ཚུལ་ཁྲིམས་འཆལ་པའི་ཕྱོགས་རྣམ་པར་འཕེལ་བའི་དུས་དང་། ངེས་པར་གྲོལ་བ་དང་། ཆགས་པ་མེད་པ་ཟད་པའི་དུས་དང་། བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ཡོངས་སུ་འཛིན་པར་བྱེད་པའི་དུས་ན་སྐྱེས་བུ་བཞིའི་ནང་ནས་གཅིག་ཙམ་ཡང་བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ཡོངས་སུ་འཛིན་པའི་དགེ་འདུན་གྱི་ནང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེ་རྣམས་ཀྱི་རུང་བ་དང་། རུང་བ་མ་ཡིན་པ་དང་། འདུལ་བ་དང་། འདུལ་བ་མ་ཡིན་པའི་བྱེ་བྲག་ཀྱང་ཤེས། དེ་དག་གི་གཡེལ་བ་དང་། བདག་ཉིད་ཀྱི་ཉེས་པ་མང་པོའི་གཞི་ཡང་ཤེས་ཏེ། སྤྱོད་པ་འདི་ནི་བཅོམ་ལྡན་འདས་ཀྱི་སྤྱོད་པ་མ་ཡིན་ནོ་སྙམ་དུ་ཡང་ཤེས་ནས་ཡུལ་དང་དུས་ལ་བལྟས་ཏེ་གསར་བུ་རྣམས་ལས་གསུང་རབ་ཡན་ལག་དགུ་སློབ་པར་བྱེད་ཅིང་། དེ་དག་ཕམ་པ་བྱུང་བ་ཡིན་པར་ཤེས་སུ་ཟིན་ཀྱང་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་སྟེ་ཁ་རོག་པར་འདུག་ནས་དེ་འབའ་ཞིག་སེམས་ཤིང་དམ་པའི་ཆོས་བསྲུང་བ་ཁོ་ནའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་། །རིགས་ཀྱི་བུ་དཔེར་ན་འགའ་ཞིག་གི་རྒྱལ་པོ་ཞིག་ཤི་ནས་དེའི་བུ་རྣམས་ཀྱི་ནང་ན་རྒྱལ་པོ་ནུས་པ་མེད་དེ། རྒྱལ་པོ་དེ་ཉིད་ཀྱི་ཁམས་ཀྱི་གདོལ་པ་འབྲུག་སྒྲ་ལྟ་བུའི་སིལ་སྙན་དང་ལྡན་པ་ཞིག་གིས་གདོལ་པ་དག་དེང་དེ་མཐུས་རྒྱལ་སྲིད་ཕྲོགས་ནས་རྒྱལ་པོ་བྱེད་ལ། གདོལ་པ་དེ་ཡང་རང་བཞིན་གྱིས་ནོར་དང་ལྡན་པ་ཞིག་སྟེ། དེ་ནས་གདོལ་པ་དེ་རྒྱལ་པོ་བྱེད་པ་ན་བྲམ་ཟེ་དང་ཁྱིམ་བདག་དེ་ན་གནས་པ་རྣམས་གདོལ་པས་བཀོལ་ན་མི་རུང་ངོ་སྙམ་ནས་ཡུལ་བོར་ཏེ། གང་ན་རྒྱལ་པོའི་རིགས་རྒྱལ་པོ་བྱེད་པའི་ཡུལ་དེར་འགྲོ་བར་བྱེད་ལ། བྲམ་ཟེ་དང་ཁྱིམ་བདག་གཞན་ཁ་ཅིག་ནི་བདག་གི་ཡུལ་འདོར་མ་ཕོད་ནས་ཇི་ལྟར་ཤིང་གང་དུ་སྐྱེས་པ་དེ་ཉིད་དུ་སྐམ་པར་འགྱུར་བ་བཞིན་དུ་དེ་དག་ཀྱང་ཤིང་དང་འདྲ་བར་ཡུལ་དེ་ཉིད་ན་འཁོད་དོ། །དེ་ནས་གདོལ་པ་དེས་མི་མང་པོ་བྱེར་རོ་སྙམ་ནས་གདོལ་པ་རྣམས་ལམ་ཐམས་ཅད་བསྲུང་དུ་བཅུག་
སྟེ། མི་ལྷག་མ་རྣམས་བསྲུང་བའི་ཕྱིར་ཡང་བྲམ་ཟེ་གཙང་སྦྲ་ཅན་རིག་བྱེད་ཀྱི་མཐར་ཕྱིན་པ་གང་ངའི་རྒྱལ་སྲིད་ཀྱི་ཕྱེད་ལོངས་སྤྱད་པར་འདོད་པ་དེས་ནི་ངའི་མདུན་ན་འདོན་གྱིས་ཤིག་ཅེས་བསྒྲགས་ཏེ། དེ་ལྟར་གྲོང་ཁྱེར་དུ་ཞག་བདུན་གྱི་བར་དུ་རྔ་བོ་ཆེ་བརྡུངས་ཀྱང་བྲམ་ཟེ་གཙང་སྦྲ་ཅན་གདོལ་པའི་བླ་མཁྱེན་བྱེད་པ་སུ་ཡོད་ཅེས་ཟེར་ནས་སུ་ཡང་མ་བཏུབ་བོ། ། དེ་ནས་གདོལ་པ་དེས་བསྒོ་བ། གལ་ཏེ་སུའང་དེ་ལྟར་བྱེད་དུ་མི་བཏུབ་ན་བྲམ་ཟེ་ཐམས་ཅད་གདོལ་པའི་ཁྱིམ་དུ་གདོལ་པ་རྣམས་དང་ལྷན་ཅིག་ཏུ་ཟན་ཟོ་ཤིག ། ཉོལ་ཅིག ། གལ་ཏེ་མི་བཏུབ་ན་དེ་ཡང་ངས་ནན་གྱིས་བྱེད་དུ་གཞུག་གོ །དེ་སྟེ་ལ་ལ་ཞིག་བཏུབ་ན་ནི་ངས་རྒྱལ་སྲིད་ཀྱི་ཕྱེད་ཀྱང་སྦྱིན་ནོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བདུད་རྩི་འཐུངས་ན་ལྷར་འགྱུར་བ་ཐོབ་པར་འགྱུར་བ་འཇིག་རྟེན་ན་དཀོན་པ་གང་ཡིན་པ་དེ་ང་དང་ལྷན་ཅིག་ཏུ་འཐུངས་ལ་ལྷར་འགྱུར་བར་བྱའོ་ཞེས་བསྒོའོ། །དེ་ནས་དེར་བྲམ་ཟེའི་གཞོན་ནུ་གཙང་སྦྲ་ཅན་ཐོར་ཚུགས་དང་ལྡན་པ། རིགས་བྱེད་ཀྱི་མཐར་ཕྱིན་པ། གཞོན་ནུ་ཚངས་པར་སྤྱོད་པ་ཞིག་གིས་བསྒོ་བ་དེ་ཐོས་ནས་རང་གི་ཐོར་ཚུགས་བཤིག་སྟེ། གདོལ་པ་དེའི་ཐད་དུ་སོང་ནས་དེ་ལ་ཕྱག་འཚལ་ཏེ་སྨྲས་པ། རྒྱལ་པོའི་ཞལ་སྔ་ནས་བཀའ་ཅི་སྩལ་པ་དེ་བཞིན་དུ་བགྱིའོ་ཞེས་བྱས་ཏེ། དེ་ནས་རྒྱལ་པོ་དེས་དེ་མདུན་ན་འདོན་དུ་དབང་བསྐུར་ཏོ། །དེ་ནས་བྲམ་ཟེ་རྣམས་ན་རེ་གདོལ་པའི་མདུན་ན་འདོན་པར་ཁས་བླངས་པ་ངན་པ་འདི་ངན་པ་འདི་ཞེས་འཛེར་ཏོ། །དེ་ནས་དེ་བཞིན་དུ་རྒྱལ་པོས་དེ་ལ་རྒྱལ་སྲིད་ཀྱི་ཕྱེད་བྱིན་ནས་དེ་དང་ལྷན་ཅིག་ཏུ་རྒྱལ་པོ་བྱེད་དོ། །དེ་ནས་སྐབས་ཤིག་ཏུ་བྲམ་ཟེ་དེས་གདོལ་པའི་རྒྱལ་པོ་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདག་གི་བྲམ་ཟེའི་ཚུལ་བོར་ནས་ཁྱོད་ཀྱི་མདུན་ན་འདོན་བགྱི་བར་ཁས་བླངས་ཏེ་ཁྱོད་ལ་རིག་པ་རེ་རེ་ནས་བསླབ་སྙམ་ན་ཁྱོད་ད་དུང་བདག་ལ་ཐུགས་མི་བསྟེན་ཏོ། །དེ་ནས་རྒྱལ་པོ་དེས་དེ་ལ་སྨྲས་པ། ཁྱོད་ལ་ང་ཅི་སྟེ་ཡིད་མི་རྟོན། འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་ལ་ཡིད་རྟོན་གྱིས། ད་ནི་རྒྱལ་པོ་ཤི་བ་དེའི་བདུད་རྩིའི་བུམ་པ་འདི་ཕྱེད་ཕྱེད་མཉམ་དུ་བཏུང་ངོ་ཞེས་བྱས་སོ། །དེ་ནས་ཐོག་མ་ཁོ་ནར་བློན་པོ་དེས་འཐུངས་
པའི་འོག་ཏུ་བདུད་རྩི་དེའི་ནང་དུ་ཐབས་ཀྱིས་བཏུང་བ་གཞན་བླུགས་ནས་རྒྱལ་པོ་དེས་འཐུངས་པ་དང་། བརྒྱལ་ཏེ་ཤི་བ་བཞིན་དུ་འདུག་གོ །དེ་ནས་བྲམ་ཟེ་དེས་རྒྱལ་པོ་སྔ་མའི་བུ་རྒྱལ་པོ་ནུས་པ་རྒྱལ་པོར་བཅུག་ནས་སྨྲས་པ། རྒྱལ་སྲིད་འདི་ལོང་ལ་ཆུད་མ་ཟོས་པར་གྱིས་ཤིག ། གདོལ་པ་ནི་རྒྱལ་སྲིད་འདི་ལ་རྒྱལ་པོའི་འོས་མ་ཡིན་ཏེ། ཁྱོད་ཉིད་རྒྱལ་པོར་འོས་པ་ཡིན་ནོ། །གདོལ་པས་རྒྱལ་པོ་བྱ་བ་ནི་མི་སྲིད་དོ་ཞེས་བྱས་སོ། །དེ་ནས་གདོལ་པ་དེ་བརྒྱལ་བ་ལས་སངས་པར་འགྱུར་བའི་སྨན་བྱིན་ཏེ་སོས་པར་བྱས་ནས་དེ་སྤྱུགས་ཏེ་འགལ་བ་བྱེད་པའི་ཆད་པས་བཅད་དོ། །དེ་ལྟར་བྲམ་ཟེ་དེས་རྒྱལ་སྲིད་སླར་བཙུགས་ཏེ་གདོལ་པ་དེ་སྤྱུགས་ན་དེ་བྲམ་ཟེ་ལས་ཉམས་པར་ཡང་མ་གྱུར་ལ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ་ཞེས་ཟེར་ཞིང་དེ་ལ་ལེགས་སོ་ལེགས་སོ་ཞེས་བྱས་ཏེ། མཆོད་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ང་འདས་པའི་འོག་ཏུ་དམ་པའི་ཆོས་དབྱུང་བའི་དོན་དུ་ཐབས་ཅི་ཡང་བྱེད་དེ། རྫས་ངན་པ་འདུན་ཅིང་སྤྱོད་པ་ངན་པ་དང་ལྡན་པའི་དགེ་འདུན་གྱི་ནང་དུ་ཚུལ་ཁྲིམས་འཆལ་པ་དག་དང་ཚུལ་འཐུན་པར་ཡང་སྟོན་ཏེ། ཚུལ་ཁྲིམས་འཆལ་པ་དེ་རྣམས་ཀྱི་ཆོས་གོས་དང་། གླེགས་བམ་དང་། ཡོ་བྱད་དེ་རྣམས་དེ་དག་ལས་ཕྲོགས་ནས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྦྱིན་པར་གང་གིས་ནུས་པ་དང་། སྒྲུབ་པ་དང་། གཙོ་བོ་དང་། འབྲུ་བསྡུ་བ་ཡང་བསྟེན་ཏེ་རུང་བ་མ་ཡིན་པ་བརྒྱད་ཀྱི་དངོས་པོ་ལེན་པར་བྱེད་པ་རྣམས་མེད་པར་བྱེད་པར་གང་གིས་ནུས་པ་དང་། བྲམ་ཟེས་གདོལ་པའི་རྒྱལ་པོ་ལ་བྱས་པ་བཞིན་དུ་དེ་དག་དང་ལྷན་ཅིག་ཏུ་སྐབས་དབྱེ་བ་དང་། གསོ་སྦྱོང་དང་ཐལ་མོ་སྦྱར་བས་གདུད་པའི་ལས་བྱེད་ཅིང་འགལ་བ་བྱེད་པ་ཚར་གཅོད་པར་གང་གིས་ནུས་པ་དང་། གཡེལ་བ་རྣམས་ཀྱང་དག་པའི་དགེ་འདུན་དུ་བསྒྱུར་ཞིང་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྟོན་པར་གང་གིས་ནུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་དེའི་ཆེད་དུ་ཚིགས་སུ་བཅད་པ་དེ་དག་གསུངས་པ་ཡིན་ཏེ། དེ་ལྟར་བྱེད་པ་ལ་ནི་དམ་པའི་ཆོས་འབྱིན་པའི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་མགུ་
བར་འགྱུར་ཏེ། བྲམ་ཟེ་ཡིན་བཞིན་དུ་འདིས་རྒྱལ་སྲིད་དང་། དམ་པའི་བཙུགས་སོ་སྙམ་ནས་དེ་ལ་མཆོད་པ་བྱེད་དོ། །གང་དེ་ལྟར་སྟོན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཁོ་ན་ཡིན་ཏེ། ཐབས་དང་སྦྱར་ཞིང་བྱེད་པས་ན་དེ་ལ་ཉེས་པ་བསྐྱེད་པར་མི་བྱའོ། །དེ་ལ་ཉེས་པ་བསྐྱེད་ན་ཕྱིར་ཉེས་པ་ཐོབ་པར་འགྱུར་ཏེ། བཤགས་པར་འོས་པའི་ཉེས་པ་ལྟ་བུར་འགྱུར་ལ་ང་རྒྱལ་གྱི་དབང་གིས་འཆགས་པར་ཡང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སློབ་དཔོན་དེ་ནི་མཆོག་ཏུ་གཡེལ་བ་ལྟ་བུར་སྟོན་ཀྱང་ཉེས་པར་མི་འགྱུར་ཏེ། དགོངས་པའི་ཚིག་འདི་ནི་བྱང་ཆུབ་སེམས་དཔའི་ཆེད་དུ་བསྟན་ཏོ། །རྒན་ནམ་ཡང་ན་གཞོན་ཡང་རུང་། །གང་ལས་ཆོས་ནི་རྟོགས་འགྱུར་བ། །བྲམ་ཟེ་སྲེག་སྦྱིན་མེ་བཞིན་དུ། །དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ། །རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡི། །ཆོས་ནི་གང་ལས་རྟོགས་འགྱུར་བ། །དབང་ཆེན་ལྷ་ལ་བྱ་བ་བཞིན། །དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ། །ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་བསྟན་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་བསྟན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་གཡེལ་བ་དེ་ལྟ་བུ་དག་བསྙེན་པར་རྫོགས་པར་རུང་ངམ། འོན་ཏེ་མི་རུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག ། དེ་ཉིད་དེ་དག་གི་བསྙེན་པར་རྫོགས་པ་ཡིན་ཏེ། དེ་དག་གི་ཉེས་པ་གང་དང་གང་བཤགས་པ་དེ་དག་ནི་བཤགས་བཟོད་པ་ཡིན་ནོ། །རིགས་ཀྱི་བུ་དཔེར་ན་རྫིང་རྙིང་པ་རལ་པའི་ཆུ་ནི་ཐམས་ཅད་ཟགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བོ་ཆོས་བཞིན་དུ་བྱེད་པ་རྣམས་ནི་འགྲིབས། སྐྱེ་བོ་ཆོས་བཞིན་དུ་མི་བྱེད་པ་རྣམས་ནི་འཕེལ་བའི་ཕྱིར་རོ། །གལ་ཏེ་རྫིང་དེ་ལ་ལ་ཞིག་གིས་ཕྱིར་བཅོས་ན་ནི་དེས་དེའི་ནང་ནས་ཆུ་འཛག་པར་མི་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་མེད་པའི་ཕྱིར་དང་། དགེ་འདུན་གྱི་སྒྲུབ་པ་ཉམས་པའི་ཕྱིར་དང་། ཐེག་པ་ལ་གཡེལ་བ་ཡོངས་སུ་འཕེལ་བའི་ཕྱིར་གཡེལ་བ་རྣམས་དང་ལྷན་ཅིག་ཏུ་བསྙེན་པར་རྫོགས་པ་དང་། སྐབས་འབྱེད་པ་དང་།
གསོ་སྦྱོང་དང་། ཐལ་མོ་སྦྱར་བས་གདུད་པའི་ལས་བྱེད་པས་རྫིང་ཟག་པ་བཞིན་དུ་ཚུལ་ཁྲིམས་དང་ཆོ་ག་ཟགས་པར་འགྱུར་མོད་ཀྱི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་འབྱིན་པར་འདོད་པ་དང་། ཚུལ་ཁྲིམས་དང་ལྡན་པའི་མི་ནི་རྫིང་བཅོས་པ་བཞིན་དུ་དེ་ཉིད་བསྙེན་པར་རྫོགས་པ་ཡིན་ཏེ། དྲི་མ་མེད་པ་དང་བཤགས་པས་བདག་ཉིད་དག་པར་བྱས་ནས་མདོ་སྡེ་དང་འདུལ་བ་དེ་ཁོ་ན་ཉིད་ཀྱིས་རྫིང་བཅོས་པ་བཞིན་དུ་འཆོས་པར་བྱེད་དོ།། །།བམ་པོ་བརྒྱད་པ། གསོལ་པ། བཅོམ་ལྡན་འདས་ཀྱིས་ཨ་མྲའི་འབྲས་བུ་རྣམ་པ་བཞི་ལྟ་བུའི་མདོ་ལས་གསུངས་པའི་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་དེ་ཇི་ལྟར་རྟོགས་པར་བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ཆེན་པོ་ལས་རྟོགས་པར་བྱའོ། །གསོལ་པ། ཇི་ལྟར་རྟོགས་པར་བགྱི་ལགས། བཀའ་སྩལ་པ། ཁྱིམ་བདག་ཞིང་པ་ལ་ལ་ཞིག་གིས་འབྲས་སཱ་ལུ་དང་། འབྲུ་དང་། ཁྲེ་རྒོད་ཀྱི་ཞིང་ལ་ཐོག་མ་ཁོ་ནར་ཞིང་གི་རྡོ་དང་སྙེ་ལོང་རྣམས་བསལ་ཏེ་དག་པར་བྱས་པ་དེ་ལ་དེ་ཕྱིན་ཆད་ནས་ནམ་འབྲས་བུར་མ་གྱུར་གྱི་བར་དུ་ཤའི་མིག་གིས་ཞིང་གི་གྲངས་སུ་རྩི་བར་བྱེད་ལ་འབྲས་བུར་གྱུར་པའི་ཚེ་ནི་ཕུབ་མ་དང་། ཁོང་སྟོང་དང་། འབྲས་བུ་དང་། སྙིང་པོའི་བྱེ་བྲག་དང་། འདི་ནི་འབྲུ་ཡིན་ནོ། །འདི་ནི་འབྲུ་མ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་པ་དེ་བཞིན་དུ་གཞི་ཆེན་པོ་བརྒྱད་ནི་དགེ་འདུན་གྱི་སྐྱོན་ཡིན་ཏེ། དེ་རྣམས་ཞིང་གི་རྡོ་དང་སྙེ་ལོང་བཞིན་དུ་བསལ་ནས་དེའི་འོག་ཏུ་ཤའི་མིག་གིས་དགེ་འདུན་གྱི་ནང་དུ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་གི་གྲངས་སུ་རྩི་བར་བྱེད་དོ། །སུ་ཡང་རུང་སྟེ་ནམ་སྐྱོན་ཅན་དུ་མ་གྱུར་པ་དང་། ཡོན་ཏན་གྱི་འབྲས་བུ་གསལ་བར་མ་གྱུར་གྱི་བར་དུ་འདི་ནི་འབྲས་བུའོ། །འདི་ནི་འབྲུ་ངན་པའོ་ཞེས་བྱ་བ་དེ་ལྟ་བུར་ཤའི་མིག་གིས་རྟོགས་པར་མི་ནུས་ཏེ། དེའི་དུས་ཀྱི་བར་སྐབས་སུ་ནི་ཞིང་བཞིན་དུ་དགེ་འདུན་གྱི་གྲངས་སུ་མགོ་མཉམ་དུ་རྩི་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཞིང་གི་སྐྱོན་ནི་ཞིང་གི་རྡོ་ཡིན་ལ། དགེ་འདུན་གྱི་སྐྱོན་ནི་གཞི་ཆེན་པོ་བརྒྱད་ཡིན་
པའི་ཕྱིར་རོ། །ཉེས་པའི་མཆོག་སྦྲུལ་གདུག་པ་ལྟ་བུ་དང་བྲལ་བའི་དགེ་འདུན་ནི་ཞིང་ཞེས་བྱ་སྟེ། དགེ་སློང་སུ་ཡང་རུང་ཞིང་རྣམ་པར་དག་པ་ལྟ་བུར་གྱུར་པ་དེ་ནི་ལྷ་བཞིན་དུ་མཆོད་པར་བྱ་བ་དང་ཡོན་གནས་སུ་བྱ་བ་ཡིན་ནོ། །འབྲས་བུར་གྱུར་པ་དེའི་སྔ་རོལ་དུ་ནི་ཤའི་མིག་གིས་སྐྱོན་དང་ཡོན་ཏན་རྟོགས་པར་མི་ནུས་སོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་གྲོང་གིས་ཁོར་གཅིག་གི་ནང་ན་ཤིང་ཀ་ར་ཀ་མང་པོ་ཡང་ཡོད། དེའི་ནང་ན་ཤིང་ཏེན་ཏུ་ཀ་གཅིག་ཀྱང་ཡོད་ལ་ཏེན་ཏུ་ཀའི་ཤིང་དེ་ལ་ཡང་འབྲས་བུ་ཡོད། ཀ་ར་ཀའི་ཤིང་དེ་དག་ལ་ཡང་འབྲས་བུ་ཡོད་པ་ལས། དེ་ནས་བུ་མོ་གཞོན་ནུ་དབུལ་མོ་ཤིང་ཏོག་ཐུ་བ་ཞིག་གིས་ཏེན་ཏུ་ཀའི་འབྲས་བུ་བཏུས་ནས་ཀ་ར་ཀའི་འབྲས་བུ་ཡང་དེའི་བཅུ་འགྱུར་ཙམ་དུ་བཏུས་ཏེ། ཏེན་ཏུ་ཀའི་འབྲས་བུ་ཡིན་ནོ་སྙམ་ནས་དེ་རྣམས་ཀྱིས་སྐོན་པ་བཀང་སྟེ་གྲོང་དེ་ཉིད་དུ་འཚོང་བར་བྱེད་ལ། དེ་ནས་བྱིས་པ་རྣམས་ཀྱིས་འབྲས་བུ་རྣམ་པ་གཉི་ག་ཏེན་ཏུ་ཀའི་འབྲས་བུ་ཡིན་ནོ་སྙམ་ནས་ཉོས་ཏེ་ཟོས་པ་དང་ཤིའོ། །དེ་ན་བྱེ་བྲག་ཕྱེད་པའི་མི་ཏེན་ཏུ་ཀའི་འབྲས་བུ་ཟ་འདོད་པ་གང་ཡིན་པ་དེ་དག་གིས་ནི་བུ་མོ་གཞོན་ནུ་དེ་ལ་ལེགས་པར་དྲིས་ཏེ། ཆེ་ཞེ་འདི་དག་ཕྱོགས་གང་ལོགས་ནས་བླངས་ཞེས་བྱས་པ་དང་། དེས་དེ་དག་ལ་ས་ཕྱོགས་བསྟན་ཏེ། དེ་དག་ལ་ས་ཕྱོགས་བསྟན་པ་དང་། དེ་ན་ཀ་ར་ཀའི་ཤིང་ནི་མང་ལ་ཏེན་ཏུ་ཀའི་ཤིང་ནི་གཅིག་པུ་ལས་མེད་པར་ཤེས་ཏེ། འདི་དག་ནི་དེ་ནས་བླངས་སོ་སྙམ་དུ་རིག་ལ། ཏེན་ཏུ་ཀའི་འབྲས་བུ་དེ་དག་བཙལ་ཏེ་མ་རྙེད་ནས་ཀ་ར་ཀའི་འབྲས་བུས་འཇིགས་ཤིང་སྐྲག་སྟེ། འཇིགས་པ་དེ་ཉིད་ཀྱིས་འཕྱ་བར་བྱེད་ཅིང་མ་ཉོས་པར་ཕྱིར་དོང་བ་དེ་བཞིན་དུ་རིགས་ཀྱི་བུ་དགེ་འདུན་གང་དག་གཞི་ཆེན་པོ་བརྒྱད་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དེར་སྤྱོད་པར་བྱེད་པ་དེས་གལ་ཏེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དག་འཁོད་ན། དེ་དག་ཇི་ལྟར་ཀ་ར་ཀའི་ཚལ་ན་ཏེན་ཏུ་ཀའི་ཤིང་འདུག་པ་བཞིན་དུ་དེ་དག་མཐོང་ན། དེ་ཚུལ་ཁྲིམས་དང་ལྡན་པ་ཡིན་དུ་ཟིན་ཀྱང་། དགེ་བསྙེན་ཤེས་རབ་ཅན་གྱིས་དེ་དག་ལ་ཕྱག་མི་བྱ་ཞིང་མཆོད་པའི་གནས་སུ་མི་བྱའོ། །གལ་ཏེ་དེ་དག་ལ་ཕྱག་བྱ་བར་འདོད་ན་ཅི་ཁྱོད་གཞི་ཆེན་པོ་
བརྒྱད་ལེན་པར་བྱེད་དམ། འོན་ཏེ་ལེན་པར་མི་བྱེད་ཅེས་དྲིས་ནས་གདོད་ཕྱག་བྱ་སྟེ། ལེན་པར་བྱེད་པ་གང་ཡིན་པ་དེ་དག་དང་ལྷན་ཅིག་ཏུ་སྐབས་དབྱེ་བ་དང་གསོ་སྦྱོང་གི་ལས་རྣམས་བྱེད་དམ་མི་བྱེད་ཅེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས་ཟེར་ཏེ། དགེ་འདུན་གྱི་གཞི་ཆེན་པོ་བརྒྱད་ནི་ལེན་པར་བྱེད་དེ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་ཀྱང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གསེར་དངུལ་དག་བཞེས་སོ་ཟེར་ལ་དེའི་ནང་ན་ཁ་ཅིག་ལེན་པར་མི་བྱེད་དེ། བདག་ཅག་ནི་ལེན་པར་བྱེད་པ་དག་དང་ལྷན་ཅིག་ཏུ་སྐབས་འབྱེད་པ་དང་། གསོ་སྦྱོང་དང་། ཐལ་མོ་སྦྱར་བས་གདུད་པའི་ལས་ཀྱང་མི་བྱེད། ཐུག་པ་ཡང་མི་འཐུང་། དེ་དག་ལས་རྙེད་པ་དང་། བཀུར་སྟི་ཡང་མི་ལེན་ནོ་ཞེས་ཟེར་བ་དང་། ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་དེས་ཀྱང་བཞེས་ན་དགེ་འདུན་གྱིས་བཞེས་པ་ལ་མི་བཟོད་པ་ཅི་ཡོད་ཅེས་དེ་སྐད་ཟེར་དུ་ཟིན་ཀྱང་དེ་དག་དང་ལྷན་ཅིག་ཏུ་ཁྱེད་སྐབས་འབྱེད་པ་དང་། གསོ་སྦྱོང་དང་། ཐལ་མོ་སྦྱར་བས་གདུད་པའི་ལས་མ་བྱས་གྲང་ཞེས་སྨྲ་བར་བྱེད་དེ། གལ་ཏེ་ཚིག་ཉན་དུ་མི་བཏུབ་པ་དེ་དག་ནི་ཡང་དག་པའི་མདོ་སྡེ་ཤེས་པ་ཡིན་ནོ། །ལེན་པར་བྱེད་པ་བྱིས་པ་དང་འདྲ་བ་དེ་དག་ནི་སེམས་ཅན་དམྱལ་བ་པ་ཡིན་པར་རིག་པར་བྱ་སྟེ། སེམས་ཅན་དེ་དག་ནི་བྱིས་པ་འཆི་བ་དང་འདྲའོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་གྲོང་ཁྱེར་ཆེན་པོ་ཞིག་གི་སྤོས་ཀྱི་ཚོང་འདུས་དག་ན་སྤོས་མ་དུ་ར་ཀ་དང་། གཞན་ཡང་སྤོས་ཀྱི་སྣ་གྲངས་དང་། སྨན་རྣམས་ཚོང་བ་དག་འཚོང་བར་བྱེད་ལ། དེ་ན་ཉོ་བའི་སེམས་ཅན་རྣམས་ཀྱིས་གངས་ཀྱི་རི་ལས་བྱུང་བའི་སྨན་ཅི་འདྲ་བ་མི་ཤེས་ནས་དེ་དག་གིས་དྲིས་ཏེ། གལ་ཏེ་གངས་ཀྱི་རི་ལས་བྱུང་བའི་སྤོས་མ་དུ་ར་ཀ་ལྟ་ཅུང་ཟད་ཅི་ཡོད་ན་བྱིན་ཅིག་ཅེས་བྱས་པ་དང་། དེ་གངས་ཀྱི་རི་ལས་བྱུང་བའི་སྤོས་ལྟར་བཅོས་པ་ལ་གངས་ཀྱི་རི་ལས་བྱུང་བའི་སྤོས་ཡིན་ནོ་ཞེས་བྱས་ཏེ་བྱིན་ནས། དེ་དག་གིས་འདི་ནི་གངས་ཀྱི་རི་ལས་བྱུང་བ་ཡིན་ནོ་སྙམ་དུ་ཡང་དག་པར་ཡིད་ཆེས་ཏེ། བཅོས་མའི་སྤོས་རྣམས་ལེན་པར་བྱེད་པ་དེ་བཞིན་དུ། ཚུལ་ཁྲིམས་འཆལ་པའམ།
ཚུལ་ཁྲིམས་དང་ལྡན་པ་ཡང་རུང་སྟེ། དེ་དག་ལ་འདི་དག་ནི་ཉན་ཐོས་ཀྱི་དགེ་འདུན་ཡང་དག་པ་ཡིན་ནོ། །འདི་དག་ནི་དགེ་འདུན་ཡང་དག་པ་ཡིན་ནོ། །འདི་དག་ནི་དགེ་འདུན་འཐུན་པ་ཡིན་ནོ་སྙམ་དུ་བསམས་ཏེ། ཤའི་མིག་དང་ལྡན་པའི་དགེ་བསྙེན་དེས་དེ་དག་ལ་ཕྱག་ཀྱང་བྱའོ། །སྦྱིན་པ་ཡང་སྦྱིན་པར་བྱའོ། །ཤའི་མིག་དང་ལྡན་པའི་དགེ་བསྙེན་གྱིས་སྤོས་ཀྱི་ཚོང་འདུས་སུ་གངས་ཀྱི་རི་ལས་བྱུང་བའི་སྨན་བཞིན་དུ་བཅོས་མ་མ་ཡིན་པ་རྟོགས་པར་དཀའོ། །དེ་བཞིན་དུ་ལྷའི་མིག་མེད་པ་བྱེ་བྲག་མི་ཕྱེད་པས་གངས་ཀྱི་རི་ལས་བྱུང་བའི་སྨན་བཞིན་དུ་འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་འཆལ་པའོ། །དགེ་འདུན་འདི་དག་གཞི་ཆེན་པོ་བརྒྱད་ཀྱི་ཉེས་པ་དང་བྲལ་བ་ཡིན་ནོ་སྙམ་དུ་རྟོགས་པར་མི་ནུས་སོ། །ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་ནི་ལྷའི་མིག་དང་ལྡན་པ་རྣམས་ཀྱི་ཡུལ་ཡིན་གྱི། ཤའི་མིག་དང་ལྡན་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །གལ་ཏེ་མ་དག་པ་མཐོང་ན་ནི་ཇི་སྲིད་དུ་བཤགས་སུ་རུང་བའི་ཉེས་པ་བྱུང་བ་མ་བཤགས་ཀྱི་བར་དུ་དེ་དག་ལ་ཕྱག་ཀྱང་མི་བྱའོ། །སྦྱིན་པ་ཡང་སྦྱིན་པར་མི་བྱའོ། །གཞི་ཆེན་པོ་བརྒྱད་ལེན་པའི་དགེ་འདུན་དག་ལ་ཇི་སྲིད་དུ་བདག་ཉིད་ཀྱི་ཉེས་པ་བཤགས་སུ་རུང་བ་བཤགས་པས་གངས་ཀྱི་རི་ལས་བྱུང་བའི་སྨན་བཞིན་དུ་དག་པར་མ་གྱུར་གྱི་བར་དུ་གོས་ཚོན་ཅན་བགོས་པ་ཙམ་ལ་ཡིད་བརྟེན་ཏེ་ཕྱག་མི་བྱའོ། །དེ་དག་ལ་སྦྱིན་པ་ཡང་སྦྱིན་པར་མི་བྱའོ། །གསོལ་པ། བཅོམ་ལྡན་འདས་ལེགས་ལགས་སོ། །ལེགས་ལགས་སོ། །བཅོམ་ལྡན་འདས་ཀྱི་བཀའ་འདི་ནི་ལེགས་པར་གསུངས་པ་ལགས་ཏེ། རྡོ་རྗེ་རིན་པོ་ཆེ་བཞིན་དུ་སྤྱི་བོས་མནོད་པར་འཚལ་ལོ། །འདི་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་བཞི་པོ་འདི་དག་ནི་རྟེན་བཞིན་ཡིན་ཏེ། བཞི་གང་ཞེ་ན། དགེ་སློང་དག་ཁྱོད་ཀྱི་རྟེན་ནི་ཆོས་ཉིད་ཡིན་གྱི་གང་ཟག་མ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ངེས་པའི་དོན་ཡིན་གྱི་དྲང་བའི་དོན་མ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཡེ་ཤེས་ཡིན་གྱི་རྣམ་པར་ཤེས་པ་མ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱི་རྟེན་
ནི་དོན་ཡིན་གྱི་ཡི་གེ་མ་ཡིན་ནོ། །བདག་ཅག་ལ་ནི་རྟེན་བཞི་པོ་འདི་དག་ཚད་མ་ཡིན་གྱི་གང་ཟག་བཞི་པོ་རྣམས་ཚད་མ་མ་ཡིན་ནོ་ཞེས་བགྱི་བ་ལེགས་པར་གསུངས་སོ། །བཀའ་སྩལ་པ། ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པའོ། །དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པའོ་ཞེས་བྱ་བ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་དོ། །དེ་བཞིན་གཤེགས་པ་མི་རྟག་པར་མཐོང་བ་གང་ཡིན་པ་དེ་དག་ནི་ཆོས་ཉིད་མི་ཤེས་པ་ཡིན་ནོ་ཞེས་ང་ཟེར་རོ། །དེ་དག་ནི་གང་ཟག་ཡིན་ནོ་ཞེས་ང་ཟེར་རོ། །དེ་དག་ནི་ཚད་མ་མ་ཡིན་ནོ་ཞེས་ང་ཟེར་རོ། །དེ་མ་ཡིན་པའི་གང་ཟག་བཞི་པོ་རྣམས་ནི་ཚད་མ་ཡིན་ནོ། །གང་ཟག་བཞི་པོ་དགོངས་པའི་ཚིག་ལ་མཁས་པ་དང་། དེ་བཞིན་གཤེགས་པའི་གསང་བའི་དེ་ཁོ་ན་ཉིད་ཤེས་པ་དང་། རྟག་པ་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་སེམས་སྐྱེད་ཀྱང་མི་སྲིད་དེ། གང་ཟག་བཞི་པོ་དེ་དག་ནི་རང་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །སེམས་ཅན་གཞན་གང་དག་དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བའི་དགོངས་པའི་ཚིག་ཐམས་ཅད་ལ་མཁས་པའི་གང་ཟག་དེ་དག་ཀྱང་ཚད་མ་དང་རྟེན་དུ་གྱུར་པ་ཡིན་ནོ་ཞེས་ང་ཟེར་ན་བཞི་པོ་དེ་དག་ལྟ་རྟེན་ཅི་སྟེ་མ་ཡིན། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཆོས་ཉིད་ཡིན་ཏེ། ཉན་ཐོས་རྣམས་ཀྱི་མངོན་པར་ཤེས་པ་ཞེས་བྱ་བའི་དོན་དང་། ཆོས་ཉིད་མ་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱ་བ་ཡིན་གྱི་གང་ཟག་ལ་བརྩོན་པ་མ་ཡིན་ཏེ། གལ་ཏེ་གང་ཟག་ཚུལ་ཁྲིམས་འཆལ་པ་ཟང་ཟིང་ལ་བརྐམ་པ་རྣམས་དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་ཟེར་ན་གང་ཟག་དེ་དག་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ངེས་པའི་དོན་ཡིན་གྱི་དྲང་བའི་དོན་མ་ཡིན་ནོ་ཞེས་བྱ་བ་ལ། ངེས་པའི་དོན་ཞེས་
བྱ་བ་ནི་ཐེག་པ་ཆེན་པོ་རྣམས་ཡིན་ཏེ། དགོངས་པའི་ཚིག་དེ་བཞིན་གཤེགས་པའི་གསང་བ་ཐོས་ན། ཐེ་ཙོམ་གྱི་ཉེས་པ་མེད་པའི་ཕྱིར་ངེས་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལས་རྒལ་ཅིང་། དེ་ལས་བྱུང་ཞེས་བྱ་བའི་དོན་ཏོ། །ངེས་པའི་ཡེ་ཤེས་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ཡེ་ཤེས་ལ་བྱའོ། །ཐོགས་པའི་ཡེ་ཤེས་ནི་ཉན་ཐོས་ཀྱི་ཐེག་པ་པའོ། །ངེས་པའི་ཡེ་ཤེས་ནི་ཡེ་ཤེས་ཆེན་པོ་དང་ཐེག་པ་ཆེན་པོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པ་རྟག་པར་ཡང་དག་པར་ཁོང་དུ་ཆུད་པ་དེ་དག་ངེས་པར་བྱེད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་ནི་ཚད་མ་ཡིན་གྱི་དྲང་བའི་དོན་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཤའི་སྐུ་ཡིན་ཏེ། བུད་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ཡིན་ཏེ་ཚད་མ་མ་ཡིན་ནོ། །མདོ་སྡེ་དེ་དག་ནི་གདུལ་བར་བྱ་བའི་དབང་གིས་གསུངས་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ནི་ཡི་གེའི་ཕྱེད་སྦྱར་བ་དང་འདྲ་ཞིང་བྱེ་བྲག་ཏུ་འབྱེད་པ་ཡིན་ཏེ། སློབ་དཔོན་བྱེད་པ་མ་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་དྲང་བའི་དོན་རྣམས་ཀྱི་གྲངས་སུ་གཏོགས་སོ། །ཡེ་ཤེས་ལས་གསུངས་པའི་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཁོང་དུ་མ་ཆུད་པའི་ཤེས་པ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ཡིན་ཏེ། དེ་བས་ན་དྲང་བའི་དོན་ནི་ཚད་མ་མ་ཡིན་ནོ། །གང་ཟག་བཞི་པོ་དེ་དག་ཚད་མ་མ་ཡིན་ཏེ། ངེས་པའི་དོན་ཡིན་གྱི་དྲང་བའི་དོན་མ་ཡིན་ནོ། །དེ་བས་ན་དེ་དག་ནི་རྟེན་དུ་གྱུར་པ་དང་ངེས་པའི་དོན་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཡེ་ཤེས་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཚད་མ་མ་ཡིན་ནོ། །ཐབས་ཀྱི་སྐུ་གང་ཡིན་པ་དེ་ནི་ཚད་མ་མ་ཡིན་ནོ། །ཐབས་ཀྱི་སྐུ་ལ་བལྟས་ན་དེ་བཞིན་གཤེགས་པའི་སྐུ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཇི་ལྟར་ཡོད། གལ་ཏེ་མེད་ན་ཡང་སྐུ་གདུང་གི་ཕུང་པོ་ག་ལས་འོངས། དེ་བས་ན་སྐུ་གདུང་གི་ཕྱིར་འཇིག་རྟེན་ན་མཆོད་རྟེན་འབྱུང་
བ་ཡོད་ཀྱི་ཆོས་ཀྱི་སྐུ་ནི་འབྱུང་བ་མེད་དོ། །དེ་བཞིན་གཤེགས་པ་ཤའི་སྐུའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྟག་པ་ལས་བསྟན་ཏེ། རྣམ་པར་ཤེས་པ་ནི་ཚད་མ་མ་ཡིན་ནོ། །དེ་བས་ན་རྣམ་པར་ཤེས་པ་ཚད་མ་མ་ཡིན་ཞེས་བྱའོ། །སེམས་ཅན་གང་དག་དེ་ལྟར་རྟོག་པ་དེ་དག་ཀྱང་ཚད་མ་མ་ཡིན་ནོ། །དེ་ལྟ་བུའི་མདོ་སྡེ་རྣམས་ཀྱང་ཚད་མ་མ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་ནོ་ཞེས་བྱ་བ་ལ་དོན་ཞེས་བྱ་བ་ནི་གསལ་བའི་དོན་ཏོ། །གསལ་བའི་དོན་ཞེས་བྱ་བ་ནི་སྣང་བའི་དོན་ཏོ། །སྣང་བའི་དོན་ཞེས་བྱ་བ་ནི་ཞན་པ་མ་ཡིན་པའི་དོན་ཏོ། །ཞན་པ་མ་ཡིན་པའི་དོན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྟག་པའི་དོན་ཞེས་བྱ་བ་ནི་ཆོས་རྟག་པའི་དོན་ཏོ། །ཆོས་རྟག་པའི་དོན་ཞེས་བྱ་བ་ནི་དགེ་འདུན་རྟག་པའི་དོན་ཏེ་དོན་ནི་དེ་ཡིན་ནོ། །རྟེན་ནི་དེ་ཡིན་ནོ། །ཡི་གེ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོག་མི་ཤེས་པ་དང་། ཡོ་བྱད་མ་བསྙུངས་པ་དང་། འདོད་ཆེན་དང་། ཚུལ་འཆོས་པ་དང་། ཁ་གསག་མེད་པར་འགྱུར་བའི་རང་བཟོའི་ཡི་གེ་དང་། ཚིག་སྣ་ཚོགས་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པའི་མདོ་སྡེའི་རྣམས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་ནས་མུ་གེ་བྱུང་བའི་ཚེ་ཉིད་ཀྱི་སྲས་རྣམས་ཉོན་མོངས་པར་མི་འགྱུར་བར་མཛད་པའི་ཕྱིར་བྲན་དང་བྲན་མོ་ལ་སོགས་པ་དང་། གཡོས་སུ་བྱས་པ་རྣམ་པ་དུ་མ་གནང་བའི་བསླབ་པའི་གཞི་གསུངས་ཏེ། བྲན་དང་བྲན་མོ་ལ་སོགས་པ་དང་། གསེར་དང་། དངུལ་དང་། བ་ལང་དང་། མ་ཧེ་དང་། འབྲུ་རྣམས་བསྡུ་བ་དང་། ཉོ་ཚོང་དང་། ཞིང་རྨོ་བ་ལ་སོགས་པ་ངས་གནང་ངོ་ཞེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་དེ་དག་ནི་ཡི་གེ་ཞེས་བྱ་སྟེ། དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་ཚད་མ་མ་ཡིན་ནོ། །དེ་བས་ན་ཡི་གེ་འདོན་པའི་གང་ཟག་དེ་དག་ཀྱང་ཚད་མ་མ་ཡིན་ཏེ། དེའི་ཕྱིར་དགེ་སློང་དག་ཁྱོད་ཀྱི་རྟེན་ནི་དོན་ཡིན་ནོ་ཞེས་གསུངས་སོ། །དོན་མེད་པ་ཞེས་བྱ་བ་ནི་གཞི་གསུམ་ལ་འཇིག་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པ་ལ་སོགས་པའི་མི་རྟག་པ་ཉིད་ཡོད་པར་ལྟ་བ་
སྟེ། འདི་ནི་དོན་མེད་པ་ཞེས་བྱའོ། །འདི་ནི་ཡི་གེ་ཞེས་བྱའོ། །དེ་བས་ན་དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་གྱི་ཡི་གེ་མ་ཡིན་ནོ་ཞེས་གསུངས་སོ། །དོན་གྱི་ཕྱོགས་ནི་ཐེག་པ་ཆེན་པོ་པ་རྣམས་ཡིན་ཏེ། དེ་བས་ན་ཐེག་པ་ཆེན་པོ་པ་རྣམས་ཚད་མ་ཡིན་གྱི་འདི་ལས་ཕྱི་རོལ་པ་ཡི་གེ་ལ་རྟེན་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་དེ་དག་ནི་རྟེན་མ་ཡིན་མོད་ཀྱི། ཤའི་མིག་དང་ལྡན་པ་རྣམས་ཀྱི་ཕྱིར་བཞག་པ་ཡིན་ནོ། །གསོལ་པ། སྔར་བཀའ་སྩལ་པའི་གང་ཟག་བཞི་པོ་རྣམས་རྟེན་དུ་གྱུར་པ་ཞེས་བགྱི་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། བཞི་པོ་རྣམས་རྟེན་ཡིན་པར་རིག་པར་བྱའོ། །དེ་མ་ཡིན་པ་བཞི་པོ་རྣམས་ནི་བདུད་ཡིན་ནོ་ཞེས་ང་ཟེར་རོ། །གསོལ་པ། ཅིའི་སླད་དུ་དེ་ལྟ་ལགས། བཀའ་སྩལ་པ། དེ་དག་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་འཛིན་པའི་ཕྱིར་རོ། །གསོལ་པ་དེ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཇི་ལྟར་བདུད་བཞི་དེ་བཞིན་གཤེགས་པ་ལ་བདོ་ཞིང་འདི་ནི་བདུད་ཀྱིས་སྨྲས་པ་ཡིན་གྱི། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །སེམས་ཅན་འདི་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་གྱི། སངས་རྒྱས་དང་འཐུན་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །གསོལ་པ། བཅོམ་ལྡན་འདས་བདག་ནི་བདུད་ཀྱིས་སྨྲས་པ་དང་སངས་རྒྱས་ཀྱིས་གསུངས་པ་ཁོང་དུ་ཆུད་པར་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བདུད་སྡིག་ཅན་གྱིས་ནི་ང་འདས་པའི་འོག་ཏུ་ལོ་བདུན་བརྒྱ་ལོན་པ་ན་ངའི་བསྟན་པ་ཕྱེ་ཞིང་ཕྱེ་ཞིང་བཤིག་པར་འགྱུར་ཏེ། དམ་པའི་ཆོས་ནུབ་པའི་ཚེ་བདུད་སྡིག་ཅན་ཟག་པ་ཅན་གྱིས་ཟག་པ་མེད་པ་ལྟ་བུར་བསྒྱུར་ཏེ། བྱ་བའི་རྟགས་ཀྱི་ཚུལ་སྦེད་པ་བཞིན་དུ་དགེ་སློང་གི་གཟུགས་དང་། དགེ་སློང་མའི་གཟུགས་དང་། དགེ་བསྙེན་གྱི་གཟུགས་དང་། དགེ་བསྙེན་མའི་གཟུགས་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་གཟུགས་
དང་། སངས་རྒྱས་ཀྱི་གཟུགས་ཀྱིས་བཤིག་པར་འགྱུར་ཏེ། དེ་འདི་སྐད་ཅེས་ཟེར་ཞིང་སངས་རྒྱས་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། རྒྱལ་པོ་ཟས་གཙང་དང་བཙུན་མོ་སྒྱུ་འཕྲུལ་ཕྲད་པ་ན་ཟླ་མཚན་གྱི་བྱེ་བྲག་གིས་འཁྲིག་པའི་ཆོས་ལས་སྐྱེས་སོ་ཞེས་ཟེར་ལ། དེ་བཞིན་གཤེགས་པ་ནི་འཁྲིག་པ་ལས་སྐྱེ་མི་སྲིད་དོ། །དེ་ལ་མིང་ཙམ་དུ་སྐྱེས་པ་ལས་སྔོན་དཀའ་ཐུབ་སྤྱད་པའི་ཡོན་ཏན་གྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་བརྗོད་པར་འགྱུར་ཏེ། བདག་ནི་ཆུང་མ་དང་འདོད་པ་རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་པས་ན་སངས་རྒྱས་སུ་གྱུར་ཏོ་ཞེས་ཟེར་བ་དེ་ལྟ་བུ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་གདུལ་བར་བྱ་བའི་དབང་གིས་སྐྱེས་པ་ལྟ་བུར་བདག་ཉིད་ཀྱིས་བསྟན་མོད་ཀྱི། འཁྲིག་པ་ལས་སྐྱེས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པས་ཡབ་ཡུམ་གཉིས་ཡོད་པ་ལྟ་བུར་བསྟན་པ་འདི་ནི་འཇིག་རྟེན་དང་འཐུན་པར་མཛད་པ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་གོམ་པ་བདུན་བདུན་གཤེགས་པར་བསྟན་ཏོ་ཞེས་བྱ་བ་འདི་ནི་ཡིད་ཆེས་པར་བྱ་བར་མི་རུང་སྟེ། དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་བྱུང་ནས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་གོམ་པ་བདུན་བདུན་གཤེགས་པར་བསྟན་པ་ནི་དེ་བཞིན་གཤེགས་པའི་ཐབས་ཀྱི་སྐུ་འཛིན་པ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་ནི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་།
འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལྷ་ཁང་དུ་གཤེགས་ཏེ་བྱོན་ནས་ལྷ་རྣམས་ཀྱི་ཞབས་ལ་ཕྱག་བཞེས་ཏེ། ལྷ་རྣམས་ནི་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་མི་འཚལ་ལོ། །ལྷ་རྣམས་ལ་མཆོད་པ་མཛད་པའི་འོག་ཏུ་དེ་བཞིན་གཤེགས་པར་གྱུར་ནས་མངོན་པར་སངས་རྒྱས་ཏེ། ལྷ་རྣམས་ནི་སྔ། འདི་ནི་འཕྱི་བས་ན་དེའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ་ཞེས་ཟེར་བ་ལ་སོགས་པ་ནི་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ། ། དེ་བཞིན་གཤེགས་པ་ལྷ་ཁང་དུ་གཤེགས་ཏེ་བྱོན་པ་མཐོང་ནས་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་ཐལ་མོ་ལེགས་པར་སྦྱར་ཏེ་ཞབས་ལ་སྤྱི་བོས་གཏུགས་སོ་ཞེས་ཟེར་བ་ལྟ་བུ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་རྒྱལ་ཚབ་ཏུ་གྱུར་ཏེ་ཉེ་འདབ་ཀྱི་རྒྱལ་པོའི་བུ་མོ་དག་དང་ལྷན་ཅིག་ཏུ་འདོད་པ་ཤིན་ཏུ་བསྟེན་ཏོ་ཞེས་ཟེར་བ་ལ་སོགས་པ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པས་ནི་ལྷའི་བུ་མོ་རམ་བྷ་ལྟ་བུའི་བུད་མེད་དག་ཀྱང་མཆིལ་མ་བཞིན་དུ་བོར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་རིག་པར་བལྟ་བར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །
སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱིག་དང་། གསེར་དང་། བྲན་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་དང་། ར་དང་། ལུག་དང་། བྱ་གག་དང་། ཕག་དང་། ཁྱི་དང་། བྱི་ལ་དང་། སྦྲུལ་དང་། ནེའུ་ལེ་དང་། ཟངས་དང་། ལྕགས་ཟངས་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། འཚོག་ཆས་རྣམ་པ་སྣ་ཚོགས་དང་། ཞིང་ས་དང་། ཚོང་འདུས་དང་། སྲང་དང་། ཉོ་ཚོང་བྱེད་པ་དང་། ཁྱེའུ་དང་། བུ་མོ་དང་། མཛོད་དང་། བང་བ་རྣམས་བཞེས་སོ་ཞེས་ཟེར་བ་དེ་ལྟ་བུ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་འདམ་བུ་དང་། ཨེ་རཎྜའི་ཚལ་དང་། ཤིང་པི་ཙུ་མརྡའི་དྲུང་ན་བཞུགས་པའི་ཚེ་བྲམ་ཟེ་ལུག་དཔལ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ཏེ་བཀའ་སྩལ་པ། དབྱིག་དང་། གསེར་དང་། བྲན་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་དང་། ར་དང་། ལུག་དང་། བྱ་གག་དང་། ཕག་དང་། ཁྱི་དང་། བྱི་ལ་དང་། སྦྲུལ་དང་། ནེའུ་ལེ་དང་། ཟངས་དང་། ལྕགས་ཟངས་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། ནོར་དང་། འཚོག་ཆས་རྣམ་པ་སྣ་ཚོགས་འཆང་བ་དང་། ཞིང་ས་དང་། ཚོང་འདུས་དང་། སྲང་དང་། ཉོ་ཚོང་བྱེད་པ་དང་། ཁྱེའུ་དང་། བུ་མོ་དང་། མཛོད་དང་། བང་བ་འཆང་བ་དང་། རང་ལག་དར་ཏེ་གཡོས་བྱེད་པ་དང་། འཚེད་པ་དང་། འཚེད་དུ་འཇུག་པ་དང་། ལྟས་དང་། ཡན་ལག་གི་རིག་པ་དང་། མོ་ཡིག་དང་། ཁ་ཏོན་འདོན་པ་དང་། བྱ་ལྟས་ཤེས་པ་དང་། སྒྲ་གཅན་
དང་། ཉི་མ་དང་། ཟླ་བ་དང་། པ་བ་སངས་དང་། གཟའ་ལྷག་རྒྱུ་བ་དང་། མེ་ཏོག་གི་ཤིང་རྟ་དང་། ལག་སྲུབས་ལྟ་བ་དང་། རྨི་ལྟས་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་མཚན་མ་ལྟ་བ་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། རིག་པའི་གནས་བཅོ་བརྒྱད་དང་། མཁན་བཟོ་བ་དང་། བཟོའི་ལས་ཐམས་ཅད་སྟོན་པ་དང་། སྒྲུང་གཏམ་བྱེད་པ་དང་། སྤོས་ཀྱི་ཕྱེ་མས་འདེབས་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་འཆང་བ་དང་། མགོ་བོ་ལ་འོ་བྱེད་པ་དང་། ཚུལ་འཆོས་པ་དང་། ཁ་གསག་བྱེད་པ་དང་། ཆོག་མི་ཤེས་པ་དང་། འདོད་ཆེན་ཅན་དང་། འདུ་འཛི་ལ་དགའ་བ་དང་། སྨྲ་འདོད་པ་དང་། ནོར་དང་། འབྲུ་དང་། ཤ་དང་། ཉ་ཤ་དང་། དུག་སྦྱོར་བ་དང་། སྤོས་ཀྱི་ཏིལ་མར་དང་། སྨན་གྱི་སྦུ་གུ་དང་། གདུགས་དང་། ལྷམ་དང་། ཏ་ལའི་ལོ་མའི་བསིལ་ཡབ་དང་། ཆབ་སྣོད་དང་། བུ་དོན་དང་། བེང་དཔུང་འཆང་བ་དང་། ཤིང་ཏོག་སྡུད་པ་དང་། སོ་རྩི་དང་། སྨན་མར་དང་། བཙོ་བའི་ཕྱེ་མ་བཟང་པོ་དང་། ཀ་ཀོ་ལ་དང་། འབྲས་བུ་ཚ་བ་སྟེན་པ་དང་། རྒྱལ་པོ་ལ་སྟེན་པ་དང་། གཞན་ལ་སྟེན་པ་དང་། དྲོད་མི་ཐུབ་པ་དང་། མི་སྨྲ་བ་དང་། བུད་མེད་ལྟར་རྟོག་པའི་ཤས་ཆེ་བ་དང་། མང་དུ་སྨྲ་བ་དང་། ངུ་བ་དང་། བཟང་ངན་དཔྱོད་པ་དང་། སུན་འབྱིན་པ་དང་། འགྲོས་འཆོས་པ་དང་། གོས་དཀར་པོ་དང་། ཨར་མོ་ནིག་དང་། ཁང་བཟངས་དང་། གཙང་ཁང་ཕྱུར་པོའི་ལས་ལ་སོགས་པ་བྱེད་པ་དང་། རུང་བ་མ་ཡིན་པ་དང་། རྫས་ངན་པ་ཡོངས་སུ་འཛིན་པ་དང་། སྦྱིན་པ་པོའི་བསྔགས་པ་བརྗོད་པ་དང་། ཆང་སྟེན་པ་དང་། སྨད་འཚོང་མའི་ཁྱིམ་དུ་འགྲོ་བ་དང་། དེ་ལྟ་བུ་བྱེད་པ་དམ་པ་མ་ཡིན་པ་ཚུལ་ངན་པ་དང་ལྡན་པ་དེ་དག་ལ་ནི་གོས་དཀར་པོ་དག་བྱིན་ལ་འཇིག་རྟེན་པའི་ལས་རྣམས་བྱེད་དུ་གཞུག་པར་ངས་གནང་ངོ་། །ཡང་ན་འབྲས་སཱ་ལུའི་ཞིང་གི་རྡོ་བསལ་བ་བཞིན་དུ་ཡུལ་ཕྱོགས་ནས་བསྐྲད་པར་ངས་གནང་ངོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་
གསུངས་པ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ནི་ཚངས་པ་དང་། འབྱུང་པོ་དང་། སྐེམ་བྱེད་དང་། གཞོན་ནུ་དང་། འཇིག་རྟེན་གྱི་མེས་པོ་དང་། ཀ་ཏ་ཡ་ན་ལ་སོགས་པའི་ལྷའི་གནས་ཐམས་ཅད་དུ་དེ་དག་གི་རྒྱགས་པ་གཞོམ་པའི་ཕྱིར་མི་གཤེགས་ཏེ་གཤེགས་མི་སྲིད་དོ། །ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་མི་འབྱུང་ངོ་། །སེམས་ཅན་ཐམས་ཅད་ཀྱི་ཀུན་ཏུ་རྟོག་པའི་སྟོན་པ་མ་ཡིན་ནོ། །གསང་སྔགས་དང་རིག་སྔགས་ཐམས་ཅད་མི་འཆང་ངོ་། །ཁོལ་པོ་དང་། བྲན་དང་། བྲན་མོ་དང་། འདུམ་པ་དང་། འཐབ་པ་སྦྱོར་བ་མི་མཛད་དོ། །སྐྱེས་པ་དང་། བུད་མེད་དང་། སྨན་དང་། རྒྱལ་པོ་དང་། བློན་པོ་གཅེས་པར་མི་མཛད་དོ། །གལ་ཏེ་དེ་བཞིན་གཤེགས་པ་དེ་ལྟ་བུར་གྱུར་ན་དེ་བཞིན་གཤེགས་པ་ཡང་མ་ཡིན་ཏེ་ལོག་པར་ལྟ་བ་ཞེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ནི་སྟེའུ་དང་ཙན་དན་དུ་མཚུངས་ཏེ་སུ་ལ་ཡང་ཚར་གཅོད་པར་མི་མཛད། ཕན་འདོགས་པ་ཡང་མི་མཛད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་དབུ་མའི་ལམ་གཟིགས་པ་ཞེས་བྱའོ་ཞེས་ཟེར་བ་དེ་ལྟ་བུ་ནི་མགོ་རྨོངས་པར་བྱེད་པའི་མདོ་སྡེ་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ནི་ལྷའི་གནས་ཐམས་ཅད་དུ་གཤེགས་སོ། །ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་ངོ་། །སེམས་ཅན་ཐམས་ཅད་ཀྱི་ཀུན་ཏུ་རྟོག་པ་སྟོན་ཏོ། །གསང་སྔགས་དང་། རིག་སྔགས་དང་། སྨན་ནོ་ཅོག་ལྟ་བུར་གྱུར་པ་དེ་དག་སྦྱོར་བར་མཛད་དོ། །འདུན་མའི་ནང་དང་། རོལ་མོའི་གནས་སུ་གཤེགས་སོ། །བྲན་དང་། བྲན་མོ་དང་། སེམས་ཅན་ཐམས་ཅད་སྡུད་པར་མཛད་དོ། །གཞོན་ནུ་དང་། གཞོན་ནུ་མ་དང་། བཙུན་མོའི་འཁོར་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་མི་དང་། ཁྱིམ་བདག་དང་། བྲམ་ཟེ་དང་། ཡི་དགས་དང་། མགོན་མེད་པ་དང་། སྐྱེས་པ་དང་། བུད་མེད་རྣམས་ཀྱི་ལུས་རྣམ་པ་སྣ་ཚོགས་ཀྱང་
སྟོན་ལ། འཇིག་རྟེན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་དེ་དང་དེར་གཤེགས་པ་ན་ཡང་པད་མ་ཆུས་མི་ཆགས་པ་བཞིན་དུ་ལྟ་བ་རྣམས་ཀྱིས་གོས་པར་མི་འགྱུར་བར་ཁོང་དུ་ཆུད་པ་སྟེ། འདི་ནི་འཇིག་རྟེན་ཐམས་ཅད་དང་འཐུན་པར་མཛད་པ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་ནི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །འདི་ལྟར་ངེད་ཀྱི་འདུལ་བ་ལས་ནི་སྡིག་པ་དང་། ཉེས་བྱས་དང་། ཉེས་པ་ཡང་བ་དང་། ལྕི་བ་དང་། ཉེས་པ་སྦོམ་པོ་དག་རང་བཞིན་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་སྤང་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལྟ་བུ་ནི་ངེད་ཀྱི་འདུལ་བ་དང་འཐུན་པ་ཡིན་གྱི་ཁྱེད་ཀྱི་འདུལ་བ་དང་འཐུན་པ་མ་ཡིན་ན། ཅིའི་ཕྱིར་བདག་ཅག་ཉིད་ཀྱི་འདུལ་བ་ལས་འགལ་བར་བྱས་ཏེ། ཁྱེད་ཀྱི་འདུལ་བ་བླང་བར་བྱ། ཁྱེད་ཀྱི་འདུལ་བ་ནི་རང་བཟོ་བྱས་པ་ཡིན་ལ། ངེད་ཀྱི་འདུལ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་གསུང་རབ་ཡན་ལག་དགུ་ལས་ཕྱག་རྒྱ་དགུ་མཛད་ཅེས་གྲགས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་དགུ་པོ་དེ་རྣམས་ཀྱིས་ཕྱག་རྒྱས་བཏབ་པོ། །བདག་ཅག་གིས་ནི་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་སྒྲ་ཚིག་དང་། ཡི་གེ་དང་། ཐིག་ལེ་གཅིག་ཀྱང་སྔོན་མ་ཐོས་སོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་དུ་ཞིག་གསུངས། མདོ་སྡེ་བཅུ་ཞིག་གསུངས་སམ། བདག་ཅག་གི་གསུང་རབ་ལ་ནི་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་སྒྲ་ཡང་མེད་དོ། །འདི་དག་ནི་མ་ལུས་པར་ལྷས་བྱིན་གྱིས་བྱས་པ་ཡིན་ཏེ། དོན་ཐམས་ཅད་མ་རུངས་པར་བྱས་ནས་རྩོད་པར་བྱེད་དེ། ཤིན་ཏུ་རྒྱས་པ་ནི་རང་གིས་རང་བཟོར་བྱས་པས་མི་བཙན་གྱི་ངེད་ཀྱི་འདུལ་བ་ནི་དམ་པ་ཡིན་ནོ། །ངེད་ཀྱི་ནི་འདི་ལྟ་བུ་ཡིན་ནོ། །ངེད་ཀྱི་ནི་འདི་ལྟ་བུ་ཡིན་ནོ་
ཞེས་བསྟན་པ་མ་རུང་བར་བྱ་བའི་ཕྱིར་སྦྱར་བ་ཤིན་ཏུ་རྒྱས་པ་སྤོང་བར་བྱེད་པ་འདི་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །མ་འོངས་པའི་དུས་ན་ཡང་ངེད་ཀྱི་འདུལ་བ་ནི་འདི་ལྟ་བུ་ཡིན་ནོ། །ངེད་ཀྱི་འདུལ་བ་ལས་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ་ཞེས་ལོག་པའི་འདུལ་བ་དང་མདོ་སྡེ་སྨྲ་བའི་དགེ་སློང་དག་འབྱུང་བར་འགྱུར་རོ། །ངས་ནི་ཐེག་པ་ཆེན་པོ་གསུང་རབ་ཡན་ལག་དགུ་ལས་རྒྱུད་ཕྱི་མ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པར་བསྟན་ཏོ། །ངའི་དྲུང་ན་ལྷན་ཅིག་ཏུ་སྒྲུབ་པ་གང་ཡིན་པ་དེ་དག་ནི་ལོག་པའི་འདུལ་བ་དང་། ལྟ་བ་སྨྲ་བ་མ་ཡིན་ནོ། །ངའི་བསྟན་པ་ནི་རུང་བ་མ་ཡིན་པ་ཐམས་ཅད་སྤངས་པ། རྣམ་པར་དག་པ། དྲི་མ་མེད་པ། ཟླ་བ་ཉ་བ་དང་འདྲ་བ་ཡིན་ཏེ། མདོ་སྡེ་རེ་རེ་དང་། འདུལ་བ་རེ་རེ་དང་། བསླབ་པའི་གཞི་རེ་རེའི་དོན་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྟན་ལ་དེ་དག་ཀྱང་སྒྲའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏོ། །ངེད་ཀྱི་འདུལ་བ་ལ་བསླབ་པའི་གཞི་གང་དང་གང་མེད་པ་དེ་དང་དེ་དག་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ་ཞེས་དེ་སྐད་ཟེར་བ་གང་ཡིན་པ་དེ་དང་དེ་དག་ལ་ནི་ཉེས་པ་འབྱུང་བར་འགྱུར་རོ། །གང་དག་བདག་ཅག་གིས་གཟུང་བས་མི་ལང་སྟེ། ཆོག་ཤེས་པ་དང་། ཡོ་བྱད་བསྙུངས་པ་ལྷུར་ལེན་པ་དང་། སངས་རྒྱས་ཀྱིས་གསུངས་པ་ཡིན་པར་འོས་པ་གང་དང་གང་ཡིན་པ་དེ་དང་དེ་དག་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་ཐུགས་བརྩེ་བའི་ཕྱིར་ཐེག་པ་ཆེན་པོའི་ཚུལ་དུ་གསུངས་པས་ན་བདག་ཅག་གིས་ཀྱང་ཤིན་ཏུ་རྒྱས་པ་ཞེས་བྱ་བ་བཤད་པར་བྱའོ། །ཞེས་དེ་ལྟར་དམ་འཆའ་བར་བྱེད་པ་གང་ཡིན་པ་དེ་དག་གི་སྟོན་པ་ནི་ང་ཡིན་གྱི་དེ་མ་ཡིན་པ་རྣམས་ཀྱི་སྟོན་པ་ནི་ང་མ་ཡིན་ནོ། །དེ་དག་ནི་ངའི་ཕྱིར་རབ་ཏུ་བྱུང་བ་མ་ཡིན་ཏེ། དེ་དག་ཐམས་ཅད་ནི་མུ་སྟེགས་པའི་བུ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ་ཞེས་དེ་སྐད་སྨྲོས་ཤིག ། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་
སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་མ་ཡིན་ནོ། །མི་རྟག་གོ །ཡོངས་སུ་མྱ་ངན་ལས་འདས་པའོ། །སྟོང་པར་གྱུར་པའོ། །བདག་མེད་པ་སྟོན་པའོ། །འཇིག་རྟེན་དང་འཐུན་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་ཅིང་ཡོན་ཏན་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གྲངས་མེད་པ་དང་ལྡན་པ་ཡིན་ནོ། །རྟག་པའོ། །བརྟན་པའོ། །ཐེར་ཟུག་པའོ་ཞེས་ང་ཟེར་རོ་ཞེས་དེ་སྐད་སྨྲ་བ་ལ་ནི་ཏ་ལའི་མགོ་བཅད་པ་བཞིན་དུ་ཕམ་པར་གྱུར་པ་ཞེས་བརྗོད་པར་མི་བྱའོ། །ཕམ་པའི་ཆོས་བཞི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པ་བཞི་ཅར་ལྟ་ཅི་སྨོས་ཏེ། ཕམ་པ་བཞིའི་ནང་ནས་ཕམ་པ་གང་ཡང་རུང་བ་ཞིག་བྱུང་ན་ཡང་རྡོ་ཆག་པའི་འཕྲོ་བཞིན་དུ་འགྱུར་རོ་ཞེས་རྒྱུད་ཕྱི་མའི་ཡང་ཕྱི་མ་གཞུང་རྫོགས་པ་ལས་མིའི་ཆོས་ལས་བླ་མར་གྱུར་པའི་སྐབས་ནས་གསུངས་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན། བདག་ནི་འབྲས་བུ་ཐོབ་པ་ཡིན་ནོ་ཞེས་འཆབ་པའི་དོན་ཏོ། །རྒྱུད་ཕྱི་མའི་ཡང་ཕྱི་མ་ལས་མིའི་ཆོས་སུ་དབབ་པ་ངས་གསུངས་པ་ནི་འདི་ན་དགེ་སློང་འདོད་པ་ཉུང་བ་ཆོག་ཤེས་པ་ལ་ལ་ཞིག་གནས་པ་དེ་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཆེན་པོ་དག་གིས་མཐོང་ན་འབྲས་བུ་ཐོབ་པ་ཡིན་པར་སེམས་ཏེ། ཚིགས་སུ་བཅད་པའི་ཚུལ་སྦྱར་བའི་ཐབས་སྣ་ཚོགས་ཀྱིས་སྟོད་པར་བྱེད་ཅེས་བཙུན་པ་འདི་ནི་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་སངས་རྒྱས་སུ་འགྱུར་རོ་ཞེས་ཟེར་བ་དགེ་སློང་དེས་དེ་དག་ལས་མངོན་སུམ་དུ་ཐོས་ནས་འདི་སྐད་ཅེས་ཟེར་ཏེ། འབྲས་བུ་མ་ཐོབ་པའི་གང་ཟག་ལ་འབྲས་བུ་ཐོབ་པ་བཞིན་དུ་བསྟོད་པར་མ་བྱེད་ཅིག ། ཆེ་འདོད་པ་ནི་སངས་
རྒྱས་ཀྱིས་སྨད་དོ། །ཅང་མི་སྨྲ་བ་ནི་སངས་རྒྱས་ཀྱིས་བསྔགས་སོ། །བདག་ནི་ཇི་སྲིད་འཚོའི་བར་དུ་ཡང་ཆོས་འདི་ལྟ་བུ་ལ་དགའ་བ་མ་ཡིན་གྱིས་འདི་ལྟར་བདག་ཆེ་འདོད་པ་ལ་གཞག་པར་མ་བྱེད་ཅིག ། བདག་ནི་འབྲས་བུ་ཐོབ་པ་མ་ཡིན་པར་བདག་ཉིད་ཀྱིས་ཤེས་སོ་ཞེས་ཟེར་བ་དང་། རྒྱལ་པོ་ཤེས་རབ་ཅན་གྱིས་བཙུན་པ་འདི་ནི་འབྲས་བུ་ཐོབ་པ་སྟེ། སངས་རྒྱས་ཡིན་ནོ་སྙམ་ནས་འཇིག་རྟེན་ཐམས་ཅད་དུ་མཁས་པ་རྣམས་ཀྱི་ནང་དུ་སྒྲོགས་པར་བྱེད་ཅིང་བཙུན་མོའི་འཁོར་དང་སྲས་རྣམས་ལ་ཡང་སྙན་དངགས་བཞིན་དུ་མདོ་རྣམས་སློབ་ཏུ་འཇུག་སྟེ། དེ་ལྟར་བྱས་ན་ཡང་སྟོད་པར་བྱེད་པའི་རྒྱལ་པོ་དང་བློན་པོ་རྣམས་ལ་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །དགེ་སློང་དེ་ནི་ཚངས་པར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་ཙམ་དུ་ཟད་དེ་དགེ་སློང་དེ་ཡང་ཕམ་པ་བྱུང་བ་མ་ཡིན་ནོ་ཞེས་ང་ཟེར་རོ། །མིའི་ཆོས་ལས་བླ་མར་གྱུར་པ་བྱེད་པ་ཡང་མ་ཡིན་ཏེ་ཚུལ་ཁྲིམས་དང་ལྡན་པ་འདོད་པ་ཉུང་བ་ཞེས་ང་ཟེར་རོ། །དེ་ལྟར་བསྟོད་དུ་ཟིན་ཀྱང་རང་གི་དད་པའི་སེམས་དང་བས་ན་སངས་རྒྱས་ཀྱི་གསུང་རབ་དང་འཐུན་པར་བྱེད་པའི་དགེ་སློང་ལ་ནི་ཉེས་པ་ཆུང་ཟད་ཀྱང་མེད་དོ་ཞེས་ང་ཟེར་རོ། །གཞན་ཡང་འདི་ན་དགེ་སློང་ལ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ཆེན་པོ་སྟོན་པར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་ནི་སངས་རྒྱས་ཀྱི་ཁམས་ཡོད་ལ་ཁམས་དེ་རང་རང་གི་ལུས་ལ་འཆང་སྟེ། སེམས་ཅན་རྣམས་ཀྱིས་ཉོན་མོངས་པའི་རྣམ་པ་ཟད་པར་བྱས་ནས་སངས་རྒྱས་སུ་འགྱུར་ཏེ་འདོད་ཆེན་པ་ནི་མ་གཏོགས་སོ། །དེ་ལ་རྒྱལ་པོའམ་རྒྱལ་པོའི་བློན་པོ་འགའ་ཞིག་འདི་སྐད་ཅེས་ཟེར་ཏེ། དགེ་སློང་ཁྱོད་སངས་རྒྱས་སུ་འགྱུར་རམ་མི་འགྱུར། སངས་རྒྱས་ཀྱི་ཁམས་ཁྱོད་ལ་ཡོད་དམ་མེད་ཅེས་ཟེར་བ་ལ། དགེ་སློང་དེ་ན་རེ་ཚེ་དང་ལྡན་པ་བདག་སངས་རྒྱས་སུ་འགྱུར་རམ་མི་འགྱུར་བ་ལྟ་སུས་ཤེས་མོད་ཀྱི་འོན་ཀྱང་བདག་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ནི་ཡོད་དོ་ཞེས་ཟེར་རོ། །དེ་ནས་དེས་དགེ་སློང་དེ་ལ་སྨྲས་པ། དགེ་སློང་ཁྱོད་འདོད་ཆེན་པ་ཁོ་ན་མ་ཡིན་ན་བདག་ནི་སངས་རྒྱས་སུ་
འགྱུར་རོ་སྙམ་དུ་སོམས་ཤིག ། དེ་ནས་དགེ་སློང་དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཆོས་དེ་ནི་བདག་གི་ལུས་ལ་གོར་མ་ཆག་པར་ཡོད་དོ་ཞེས་གལ་ཏེ་དེ་སྐད་ཟེར་ན། དགེ་སློང་དེ་ལ་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་ཡོད་ཅེས་བྱའམ་མེད་ཅེས་བྱ་ཞེ་ན། ཁམས་ཡོད་དོ་ཟིན་ཀྱང་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཤེས་པ་དང་། ཆོས་དང་ལྡན་པ་རྣམས་ལ་ཡོད་པར་ཟད་དོ་ཞེས་བརྗོད་པར་བྱའོ། །གཞན་ཡང་དགེ་སློང་རབ་ཏུ་བྱུང་ནས་སེམས་པར་བྱེད་དེ། ཀྱེ་མ་བདག་སངས་རྒྱས་སུ་འགྱུར་རམ་མི་འགྱུར་སྙམ་པའམ། བདག་གིས་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་བར་མངོན་ནོ་སྙམ་དུ་སེམས་ན་འབྲས་བུ་མ་ཐོབ་ཏུ་ཟིན་ཀྱང་བསོད་ནམས་མང་པོ་འཕེལ་བར་འགྱུར་རོ། །གལ་ཏེ་དེ་ལྟ་མ་ཡིན་ན། དགེ་སློང་ཐམས་ཅད་ཀྱང་མིའི་ཆོས་ལས་བླ་མར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ངས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུའི་བར་དུ་རུང་བ་མ་ཡིན་པའི་དངོས་པོ་ཡོངས་སུ་འཛིན་པ་སྤངས་ཏེ། ཆོག་ཤེས་པ་དང་། ཡོ་བྱད་བསྙུངས་པའི་མཆོག་ལ་གནས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་ཕུང་པོ་འབུམ་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་པའི་ཕྱིར་རོ་ཞེས་ཟེར་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །ཕམ་པ་བཞི་ཡང་མེད། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཡང་མེད། མ་ངེས་པ་གཉིས་ཀྱང་མེད། སྤང་བའི་ལྟུང་བྱེད་སུམ་ཅུ་ཡང་མེད། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་རྩ་གཅིག་ཀྱང་མེད། སོ་སོར་བཤགས་པར་བྱ་བ་བཞི་ཡང་མེད། བསླབ་པར་བྱ་བ་མང་
པོ་ཡང་མེད། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་ཡང་མེད། ཉེས་བྱས་རྣམས་ཀྱང་མེད། ཉེས་པ་སྦོམ་པོ་རྣམས་ཀྱང་མེད། མཚམས་མེད་པ་དང་། འདོད་ཆེན་པ་ཡང་མེད་དེ། སྔར་སྨོས་པའི་བསླབ་པའི་གཞི་དེ་རྣམས་མེད་བཞིན་དུ་གལ་ཏེ་འགལ་བར་བྱས་པས་དགེ་སློང་དག་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ན། དེ་དག་ནི་མུ་སྟེགས་ཅན་ཡིན་ནོ། །གང་དག་ལ་དེ་རྣམས་མེད་ན་དེ་ལྟ་ན་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ནི་བསྡིགས་པའི་ཕྱིར་འདུལ་བ་ལས་བསླབ་པའི་གཞི་རྣམས་བཀའ་སྩལ་ཏོ། །མི་ཚངས་པར་སྤྱོད་པ་བསྟེན་པར་འདོད་པ་གང་ཡིན་པ་དེ་ནི་གོས་ཚོན་ཅན་དང་། ཆོས་གོས་སྤངས་ཏེ་གོས་དཀར་པོ་བགོས་ནས་དེ་ལྟ་བུ་བྱས་པའི་འོག་ཏུ་དེ་བདག་ཉིད་ཀྱིས་བསམས་པ། བདག་གིས་ནི་རང་གི་ཡོན་ཏན་ཆུང་བའི་ཕྱིར་མནོག་ཆུང་བའི་འདོད་པ་བསྟེན་གྱིས་མེད་དོ། །འོན་ཀྱང་བཅོམ་ལྡན་འདས་བཞུགས་པའི་ཚེ་ཡང་དགེ་སློང་དག་གིས་འདོད་པ་རྣམས་བསྟེན་ནས་མཐོ་རིས་དང་ཐར་པ་ཐོབ་པར་གྱུར་ན། ཅི་བདག་ཆོས་ཉིད་ལ་ཞུགས་པ་ཡིན་ནམ། འདི་ནི་གནའ་ནས་ལུགས་ཀྱིས་ཡོད་པ་ཁོ་ནའོ་སྙམ་དུ་དེ་ལྟར་སྒོམ་པའི་དགེ་སློང་ནི་ཕམ་པ་བྱུང་དུ་ཟིན་ཀྱང་ཐར་པ་ཐོབ་པར་འགྱུར་རོ། ། བསླབ་པའི་གཞི་ལྔ་ལས་འགལ་བར་བྱས་པ་དང་། རུང་བ་མ་ཡིན་པ་ཐམས་ཅད་ཡོངས་སུ་བཟུང་ཡང་དེ་དང་འདྲའོ། །དེ་བཞིན་གཤེགས་པས་ཉེས་བྱས་ཀྱི་ཉེས་པ་བྱུང་བས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོ་གྲངས་པས་ཀྱང་ལྷག་པར་ལོ་བརྒྱད་ཁྲིའི་བར་དུ་སེམས་ཅན་དམྱལ་བར་འཚེད་པར་འགྱུར་རོ་ཞེས་གསུངས་མོད་ཀྱི། དེ་ཡང་བསྡིགས་པར་ཟད་དེ་ཕམ་པ་ལས་ན་གཅིག་གི་དམའ་བ་ཉེས་པ་སྦོམ་པོའི་སྐྱོན་གང་ཡིན་པ་དེ་ཡང་མི་བཟད་པ་མ་ཡིན་ཏེ་འདུལ་བ་འཛིན་པ་མང་པོ་རྣམས་ཀྱིས་བརྫུན་དུ་སྨྲས་མོད་ཀྱི། དེ་ནི་མི་བཙན་ནོ་ཞེས་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ། །བསླབ་པའི་གཞི་ཐམས་ཅད་ཀྱི་ནང་ན་ནི་ཉེས་བྱས་ཆུང་བ་ཡིན་ལ་དེ་ལྟར་ཆུང་བའི་ཉེས་བྱས་བྱུང་དུ་ཟིན་ཀྱང་བདག་ལ་མ་བྱུང་ངོ་ཞེས་སྙོན་པར་བྱེད་དེ། ཉེས་པ་
བྱུང་བ་རུ་སྦལ་བཞིན་དུ་སྦེད་པར་བྱེད་པ་དེ་ལྟ་བུའི་གང་ཟག་ལ་བསྟེན་པར་མི་བྱའོ། །བརྫུན་དུ་སྨྲ་བའི་ཆོས་གཅིག་འགལ་བར་བྱས་པའི་སྐྱེ་བོ་འཇིག་རྟེན་ཕ་རོལ་སྤངས་པས་ནི་མི་བྱ་བ་ཅི་ཡང་མེད་དེ། མི་བྱ་བའི་བག་ཅི་ཡང་མི་སྟེན་པ་མེད་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་བསྟན་པ་ནི་དེ་ལྟར་ཆ་ཕྲ་བ་ཡིན་ན་ཉེས་པ་སྦོམ་པོ་མི་སྡོམ་པར་ལྟ་ག་ལ་མཛད། གལ་ཏེ་དེ་ཙམ་ཡང་སྡོམ་པར་མི་བྱེད་པ་ནི་མཆོག་ཏུ་མ་བསྡམས་པ་ཡིན་ནོ། །ཇི་ཞིག་བཟུང་སྟེ་ཚུལ་ཁྲིམས་སྲུང་ཞེ་ན། སངས་རྒྱས་ཀྱི་ཁམས་ཡོད་ལ་གསུང་རབ་ཡན་ལག་དགུའི་ཚུལ་གྱིས་སངས་རྒྱས་སུ་འགྱུར་བའི་རྟོག་པ་གཅིག་པུས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དོ་ཞེས་བྱ་བ་དང་། ཤིན་ཏུ་རྒྱས་པ་ལས་བདག་མེད་པའི་མཆོག་ཡོད་དོ་ཞེས་སྨྲ་བ་ནི་གསུང་རབ་ཡན་ལག་དགུའི་ཚུལ་གྱིས་མདོ་སྡེ་སྤོང་བ་མ་ཡིན་ནོ། །གཞན་དུ་ན་ནི་དེ་ལྟར་འགྱུར་རོ། །གསོལ་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་མཆིས་པར་གསུང་རབ་ཡན་ལག་དགུ་ལས་ངེས་པར་བསྟན་ན་གང་ཟག་ཏུ་ལྟ་བར་ཇི་ལྟར་མི་གྱུར་ལགས། བདག་གིས་ཐོས་པ་བཞིན་དུ་ཇི་ལྟར་གཟུང་བར་བགྱི། དེ་ལྟར་ན་ནི་མིའི་ཆོས་ལས་བླ་མར་ཡང་འགྱུར་ལགས་སོ། །བཀའ་སྩལ་པ། ཇི་ལྟར་རྒྱ་མཚོའི་ནང་ན་རིན་པོ་ཆེ་ཡོན་ཏན་བརྒྱད་དང་ལྡན་པ་སྣ་ཚོགས་མེད་དོ་ཞེས་སྨྲ་བ་དེ་བཞིན་དུ་གསུང་རབ་ཡན་ལག་དགུ་ཤིན་ཏུ་རྒྱས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལ་སངས་རྒྱས་ཀྱི་ཁམས་མེད་དོ་ཞེས་ཟེར་བ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་གསུང་འདི་ནི་དེ་དག་གི་ཡུལ་མ་ཡིན་ལ་སངས་རྒྱས་ཀྱི་གསུང་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་བྱ་བའི་གཏན་ཚིགས་དང་། རྟགས་རྣམས་ཀྱི་སྒོ་ནས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡང་མ་ཡིན་པར་མངོན་ནོ། །ཐེག་པ་ཆེན་པོ་ལས་ནི་བདག་དང་སྲོག་བཤིག་པ་ཡང་མེད་དེ། དེ་བས་ན་སངས་རྒྱས་ནི་དབུ་མའི་ལམ་ཞེས་བྱའོ། །གང་དག་བདག་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་དེ། བདག་གིས་སངས་རྒྱས་ཐོབ་པར་འགྱུར་མོད་ཀྱི་ཉོན་མོངས་པ་ཟད་པར་བྱ་དགོས་སོ་ཞེས་དེ་སྐད་ཟེར་བ་དེ་དག་ནི་
ངའི་ཉན་ཐོས་ཡིན་ནོ། །ཅིག་ཤོས་ནི་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་ཡིན་ནོ་ཞེས་ང་ཟེར་རོ། །ངས་དེ་སྐད་ཅེས་བསྟན་པའི་ཕྱིར་འདི་སྐད་ཅེས་ཟེར་ཏེ། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཐོབ་པར་འགྱུར་བའི་སངས་རྒྱས་ཀྱི་ས་ནས་གཟིགས་པས་ན་བདག་ཀྱང་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་ཟེར་བ་གང་ཡིན་པ་དེ་མིའི་ཆོས་ལས་བླ་མའི་ཉེས་པར་འགྱུར་རམ་ཞེ་ན་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པར་མི་འགྱུར་ཏེ། དེ་ནི་རིམ་གྱིས་སངས་རྒྱས་སུ་འགྱུར་རོ་ཞེས་ང་ཟེར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་གསུང་ནི་ཆ་ཕྲ་ཞིང་ཟབ་པ་ཡིན་ནོ། །གསོལ་པ། འདི་ན་རྒྱལ་པོ་ལ་ལ་ཞིག་འདི་སྐད་ཅེས་མཆི་སྟེ། ཇི་ལྟར་ན་དགེ་སློང་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་ཞེས་བགྱི་ཞེས་མཆི་བ་ལ་ལན་གདབ་འཚལ་ལགས་སོ། །བཀའ་སྩལ་པ། འདི་ན་དགེ་སློང་རྙེད་པ་དང་བཀུར་སྟིའི་ཕྱིར་རམ། ཟང་ཟིང་གི་ཕྱིར་ཚུལ་འཆོས་པ་དང་། ཁ་གསག་བྱེད་པ་ཡོད་དེ། ཇི་ལྟར་བྱས་ན་བདག་བསོད་སྙོམས་པ་ཡིན་པར་གཞན་དག་གིས་ཤེས་པར་འགྱུར་ཞིག་གུ་དེ་ལྟར་བྱས་དང་རྙེད་པ་ཐོབ་པར་འགྱུར་རོ་སྙམ་སྟེ། བསྔགས་པ་འདོད་པ་རྨོངས་པའི་རང་བཞིན་ཅན་དུ་གྱུར་པས་བདག་གིས་འབྲས་བུ་མ་ཐོབ་པར་བདག་གིས་འབྲས་བུ་ཐོབ་པར་གཞན་གྱིས་ཤེས་པར་བྱའོ། །བདག་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པར་གཞན་དག་གིས་ཤེས་པར་བྱའོ། །དགེ་བསྙེན་མདུན་ན་འཁོད་པ་རྣམས་ཀྱང་སྐྱེ་བོ་ཐམས་ཅད་ཀྱིས་བདག་དེ་ལྟ་བུ་ཡིན་པར་ཤེས་པར་འགྱུར་བའི་ཚིག་སྨྲར་གཞུག་གོ་སྙམ་ནས་ཆོས་ཐོབ་པར་བྱ་བའི་ཕྱིར་མ་ཡིན་པར་ཡིད་ལ་བྱེད་པ་དེ་ལྟ་བུ་རྙེད་པ་དང་། བཀུར་སྟི་དང་། བླ་མའི་མཆོད་པ་དང་། ཕྱག་བྱ་བ་དང་། ཟང་ཟིང་གི་ཕྱིར་དགྲ་བཅོམ་པ་འདྲ་བར་ཕན་ཚུན་ལྟ་བའི་ཐབས་དང་། མིག་འཛུམས་པ་དང་། འགྲོས་རྣམས་འཆོས་པར་བྱེད་ཅིང་། ཆོས་གོས་དང་། སྣམ་སྦྱར་དང་། ལྷུང་བཟེད་རྣམས་འཆང་ལ། མལ་ཆ་དང་། སྟན་སར་པའི་སྟེང་ན་འདུག་པ་དང་། སྐྱེ་བོ་དག་གིས་བདག་དགེ་སློང་བཟང་པོ་དགེ་སློང་དཀའ་ཐུབ་ཅན་ཡིན་ནོ་ཞེས་བརྗོད་པར་འགྱུར་བར་
བྱའོ། །འོན་ཀྱང་བདག་འཁོར་དང་སློབ་མ་དག་དང་ལྡན་པར་འགྱུར་རོ། །དེ་ནས་སྡེ་ཚན་བཅས་དང་། བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། བཏུང་བའི་ཡོ་བྱད་རྣམས་རྙེད་པར་འགྱུར་རོ། །བུད་མེད་རྣམས་ཀྱིས་ཀྱང་བཀུར་བར་འགྱུར་རོ་སྙམ་པའི་སེམས་ཀྱི་རྟོག་པས་ནང་མི་དང་གཡོག་འཁོར་རྣམས་ལ་ཤེས་པར་བྱེད་དེ། དེ་ལྟ་བུར་འཆབ་པའི་དགེ་སློང་ངམ། དགེ་སློང་མ་ནི་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་ཡིན་ནོ་ཞེས་ང་ཟེར་རོ། །གཞན་ཡང་འདི་ན་དགེ་སློང་ལ་ལ་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་པའི་སེམས་ཀྱིས་མལ་ཆ་དང་སྟན་སར་པ་ལ་འདུག་ཅིང་། སྐྱེ་བོ་ཐམས་ཅད་ཀྱིས་ཀྱེ་མ་དགེ་སློང་འདི་ནི་དགེ་བ་བཟང་པོ་ཞིག་གོ་སྙམ་དུ་བདག་དགྲ་བཅོམ་པ་མ་ཡིན་པར་དགྲ་བཅོམ་པ་དང་འདྲ་བར་ཤེས་པར་བྱའོ། །བདག་དེ་ལྟ་བུ་ཡིན་པར་ཤེས་པ་དང་། དགེ་སློང་མང་པོ་དག་བདག་གི་འཁོར་དུ་འགྱུར་བ་འདི་ལས་ཕྱི་རོལ་པ་དག་ཀྱང་དགེ་བསྙེན་དུ་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་རྣམས་ཀྱང་ཞུམ་པར་འགྱུར་རོ། །དེ་ནས་བདག་གིས་དམ་པའི་ཆོས་ཀྱང་དབྱུང་བར་བྱའོ། །དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱང་བསྟན་པར་བྱའོ། །ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་ཀྱང་བསྒྲག་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ངེས་པར་བསྒྲལ་བར་བྱའོ། །འདུལ་བ་དང་འདུལ་བ་མ་ཡིན་པའི་བྱེ་བྲག་ཀྱང་ཕྱེད་པར་བྱའོ། །བདག་ལ་སངས་རྒྱས་སུ་འགྱུར་བའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཡོད་དེ། བདག་གིས་སངས་རྒྱས་ཐོབ་པར་འགྱུར་རོ། །བདག་གིས་ཉོན་མོངས་པའི་རྣམ་པ་རྣམས་རྣམ་པར་གཞོམ་པར་བྱའོ། །དགེ་བསྙེན་ཁྱེད་རྣམས་ལ་ཡང་སངས་རྒྱས་ཀྱི་ཁམས་ཡོད་དེ། བདག་ཅག་ཀུན་ཀྱང་སངས་རྒྱས་སུ་འགྱུར་ཞིང་དེ་བཞིན་གཤེགས་པའི་ས་ཐོབ་པར་འགྱུར་རོ། །ཉོན་མོངས་པའི་རྣམ་པ་རྣམས་ཟད་པར་བྱའོ་སྙམ་དུ་སེམས་པ་དེ་ལྟ་བུ་ནི་དམ་པའི་ཆོས་ཀྱི་རྟོག་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཡིན་ཏེ། མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་མ་ཡིན་ནོ་ཞེས་ང་ཟེར་རོ། །ཉེས་བྱས་ཀྱི་ཉེས་པ་བྱུང་བས་ཀྱང་
སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོ་གྲངས་པས་ཀྱང་ལྷག་པར་ལོ་བརྒྱད་ཁྲིའི་བར་དུ་སེམས་ཅན་དམྱལ་བར་འཚེད་པར་འགྱུར་ན་ཉེས་པ་སྦོམ་པོ་ལྟ་ཅི་སྨོས་ཏེ། ཐེག་པ་ཆེན་པོ་འདི་ལ་ནི་ཉེས་པ་སྦོམ་པོའི་ཉེས་པ་བྱུང་བ་དང་བསྟེན་པར་མི་བྱའོ། །ཉེས་པ་སྦོམ་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་མཆོད་རྟེན་བསྲུང་བའི་ཕྱིར་གཞན་ཡོངས་སུ་གཟུང་བ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་དེ་རྙིངས་ནས་སྲད་བུ་དགོས་པའི་ཕྱིར་ལེན་པར་བྱེད་དེ། དགེ་སློང་རྣམས་ལ་འཛེམ་ནས་དགེ་སློང་རྣམས་ལ་མ་དྲིས་པར་དགེ་སློང་གིས་བླངས་ན་ཉེས་པ་སྦོམ་པོའི་ཉེས་པ་ཅན་དུ་འགྱུར་རོ། །གལ་ཏེ་འདི་ལྟ་ཞིག་གིས་ཅིར་ཡང་མི་འགྱུར་རོ་སྙམ་དུ་འཛིན་ཏེ། ལེན་པར་བྱེད་ན་ཡང་དེ་ལྟ་བུ་དག་དང་བསྟེན་པར་མི་བྱའོ། །རྐུ་བའི་སེམས་ཀྱིས་མཆོད་རྟེན་བཤིག་ན་ཡང་ཉེས་པ་སྦོམ་པོའི་ཉེས་པ་ཅན་དུ་འགྱུར་ཏེ། དེ་ལྟ་བུ་དག་དང་བསྟེན་པར་མི་བྱའོ། །འདི་ན་ཁྱིམ་བདག་གམ་བློན་པོ་ལ་ལ་ཞིག་གིས་གལ་ཏེ་ཆོས་ཀྱི་བསམ་པས་སྐུ་གདུང་ལ་བཀུར་སྟི་བྱའམ། ཕག་གུ་དགོས་པའི་ཕྱིར་མཆོད་རྟེན་རྙིང་པ་བཤིག་སྟེ། བླངས་ནས་ཁྱིམ་བདག་གམ་བློན་པོ་དེས་མཆོད་རྟེན་དེ་ལས་གསེར་དངུལ་ཞིག་བྱུང་ན། དེ་དགེ་སློང་འགའ་ཞིག་གི་ལག་ཏུ་གཏད་པ་ལས་དགེ་སློང་དེས་དེ་བླངས་ཏེ། བདག་གི་ནོར་དུ་བྱས་ལ་རྩོད་པར་བྱེད་ན་དགེ་སློང་དེ་ལ་ལེགས་པ་མ་ཡིན་ནོ། །དགེ་བསྙེན་དེ་དག་ནི་ཆོས་ལ་གནས་པ་ཡིན་ནོ། །དགེ་སློང་དེ་ནི་ཡིད་བརྟན་དུ་མི་རུང་སྟེ་བསྟེན་པར་མི་བྱའོ། །མ་ནིང་ཡིན་པར་ཤེས་པར་བྱའོ། །མཚན་གཉིས་པ་ཡིན་པར་ཤེས་པར་བྱའོ། །མཚན་གཉིས་པ་ཞེས་བྱ་བ་ནི་གང་ལ་མཚན་གཉིས་ཡོད་པ་སྟེ། གང་གི་ཚེ་སྐྱེས་པའི་འདོད་ཆགས་སྐྱེས་པ་དེའི་ཚེ་ནི་བུད་མེད་དང་འདོད་པ་སྤྱོད་པར་བྱེད་ལ། གང་གི་ཚེ་བུད་མེད་ཀྱི་འདོད་ཆགས་སྐྱེས་པ་དེའི་ཚེ་ནི་སྐྱེས་པ་དང་འདོད་པ་སྤྱོད་པར་བྱེད་དོ། །དེ་བས་ན་མཚན་གཉིས་པ་ཞེས་བྱ་སྟེ་དེ་དང་ཡང་བསྟེན་པར་མི་བྱའོ། །དེ་ལྟར་དེ་ལྟ་བུ་དག་དང་ཡང་བསྟེན་པར་མི་བྱ་ན་བསླབ་པའི་གཞི་ལྔའི་ཉེས་པ་བྱེད་པ་དེ་དག་ལྟ་ལ་བསྟན་དུ་ག་ལ་རུང་།། །།
བམ་པོ་དགུ་པ། དགེ་སློང་རྣམས་ཀྱིས་ནི་ཐོག་མར་དགེ་སྦྱོང་གི་ཆོས་ཀྱིས་གྲོག་སྦུར་རྣམས་ལ་ཡང་སྙིང་རྗེ་བྱའོ། །དགེ་སྦྱོང་གི་ཆོས་ཀྱིས་ཆང་གི་དྲི་བྲོ་བའི་བཏུང་བ་ཡང་སྤང་བར་བྱའོ། །དགེ་སྦྱོང་གི་ཆོས་ཀྱིས་རྨི་ལམ་དུ་ཡང་བརྫུན་དུ་སྨྲ་བའི་སེམས་བསྐྱེད་པར་མི་བྱའོ། །དགེ་སྦྱོང་གི་ཆོས་ཀྱིས་རྨི་ལམ་དུ་ཡང་བུད་མེད་དང་ཕྲད་པའི་སེམས་བསྐྱེད་པར་མི་བྱའོ། །གསོལ་པ། ཅི་ལགས། རྨི་ལམ་དུ་བུད་མེད་དང་ཕྲད་པར་གྱུར་ན་མི་ཚངས་པར་སྤྱོད་པའི་ནོངས་པར་འགྱུར་ལགས་སམ། བཀའ་སྩལ་པ། མི་འགྱུར་ཏེ། གལ་ཏེ་བློ་གྲོས་དང་དྲན་པ་དང་ལྡན་པ་འདོད་པ་དྲི་ང་བ་དག་ལ་མི་ཚངས་པར་སྤྱོད་པའི་སེམས་མི་སྐྱེད་ན་དེ་ནི་ཉོན་མོངས་པ་དང་བུད་མེད་ཀྱི་གཏམ་སྨད་པས་རྟོག་པ་ཡང་དག་པར་ཆད་པའི་ཕྱིར་སེམས་སྐྱེད་མི་སྲིད་དོ། །རྨི་ལམ་དུ་ཕྲད་པར་གྱུར་ན་ཡང་ནང་པར་སད་ན་མུ་གེ་འབྱུང་བའི་ཚེ་དགེ་སློང་གིས་རང་གི་བུའི་ཤའི་ཟས་ཟོས་པ་བཞིན་དུ་འགྱོད་པར་འགྱུར་ན་དེ་ལ་གཙང་ངོ་སྙམ་པའི་བློ་ལྟ་ག་ལ་འབྱུང་། གལ་ཏེ་སེམས་སྐྱེས་ན་ཡང་ཕྱིར་གཞིལ་བར་བྱའོ་ཞེས་ཟེར་བ་དེ་ལྟ་བུའི་ཆོས་ཀྱི་སྒོ་ནི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དཔའ་བོའི་འདུག་སྟངས་དང་། མི་སྨྲ་བར་འདུག་པ་དང་། གཡང་སར་མཆོང་བ་དང་། དུག་ཟ་བ་དང་། སྨྱུང་བར་འདུག་པ་དང་། བདག་ཉིད་འཆིང་བར་བྱེད་པ་དང་། བདག་ཉིད་གསོད་པར་བྱེད་པ་དང་། ཞེ་ནོམ་བྱེད་དུ་འཇུག་པ་དང་། རིག་སྔགས་དང་གསང་སྔགས་ཟློས་པ་དང་། སྐྲུན་པའི་ལས་བྱེད་པར་བཅོམ་ལྡན་འདས་ཀྱིས་གནང་ངོ་། །གདོལ་པའི་བུ་དང་། མ་ནིང་དང་། མཚན་གཉིས་པ་དང་། ཡན་ལག་ཉམས་པ་ཐམས་ཅད་རབ་ཏུ་འབྱུང་བར་བཅོམ་ལྡན་འདས་ཀྱིས་གནང་ངོ་། །དེ་བཞིན་
གཤེགས་པས་ནི་བའི་བཅུད་རྣམ་ལྔ་དང་། སྦྲང་རྩི་དང་། འབྲུ་མར་ལ་སོགས་པ་དང་། ཟབ་དར་དང་། དུང་དང་། ལྷམ་དང་། འབྲུ་ལ་སོགས་པ་སྤངས་ཏེ། ཤིང་ངོ་ཅོག་ལ་སྲོག་དང་འདུ་ཤེས་ཡོད་པར་གཟིགས་ནས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་ཟེར་བ་དེ་ལྟ་བུ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱ་སྟེ། དཔའ་བོའི་འདུག་སྟངས་ཀྱིས་གནས་པ་དང་། འཆག་པ་ལ་སོགས་པ་ཆོས་ཀྱི་བྱ་བ་རྣམས་ནི་མ་གཏོགས་སོ། །དུག་ཟ་བ་དང་། མེར་མཆོང་བ་དང་། སྨྱུང་བར་འདུག་པ་དང་། གཡང་སར་མཆོང་བ་དང་། བདག་ཉིད་འཆིང་བར་བྱེད་པ་དང་། བདག་ཉིད་གསོད་པར་བྱེད་པ་དང་། ཞེ་ནོམ་བྱེད་དུ་འཇུག་པ་དང་། རིག་སྔགས་དང་། གསང་སྔགས་ཟློས་པ་དང་། སྐྲུན་པའི་ལས་བྱེད་པ་རྣམས་ནི་ངས་མ་གནང་ངོ་། །བའི་བཅུད་རྣམ་ལྔ་དང་། སྦྲང་རྩི་དང་། འབྲུ་མར་ལ་སོགས་པ་དང་། ཟབ་དར་དང་། དུང་དང་། ལྷམ་དང་། འབྲུ་ལ་སོགས་པ་ལ་ཤའི་འདུ་ཤེས་མེད་པ་དང་། ཤིང་ཐམས་ཅད་ལ་སྲོག་མེད་པའི་འདུ་ཤེས་དང་། སེམས་པའི་འདུ་ཤེས་མེད་པར་ངས་གནང་ངོ་། །གཞན་དུ་ལྟ་བ་གང་ཡིན་པ་དེ་དག་ནི་མུ་སྟེགས་ཅན་གྱི་ཉན་ཐོས་ཡིན་ནོ། །ངའི་བཀའ་བཞིན་དུ་བྱེད་པ་གང་ཡིན་པ་དེ་དག་ནི་ངའི་ཉན་ཐོས་ཡིན་ནོ་ཞེས་ང་ཟེར་རོ། །ཁམས་བཞི་ལ་ནི་སྲོག་དང་འདུ་ཤེས་ཡོད་ཅེས་ང་མི་ཟེར་རོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་འདི་ནི་ངས་བདུད་ཀྱིས་སྨྲས་པ་དང་། སངས་རྒྱས་ཀྱིས་གསུངས་པའི་བྱེ་བྲག་རྒྱས་པར་བསྟན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བདག་ནི་དེང་གདོད་སངས་རྒྱས་ཀྱི་བཀའ་
བཞིན་ལ་ཞུགས་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ལེགས་ཏེ་མཁས་པས་ནི་དེ་ལྟར་བྱ་དགོས་སོ། །ཡང་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་བདེན་པ་ཞེས་མི་བྱ་སྟེ། སྡུག་བསྔལ་དེ་ཡང་གང་ཞེ་ན། སྡུག་བསྔལ་ཞེས་བྱ་བ་ནི་བ་ལང་དང་། བོང་བུ་ལ་སོགས་པ་དང་། སེམས་ཅན་དམྱལ་བ་པ་རྣམས་ལ་ཡང་ཡོད་དེ། གལ་ཏེ་སྡུག་བསྔལ་དེ་བདེན་པ་ཡིན་དུ་ཟིན་ན་དེ་རྣམས་ཀྱི་ཡང་བདེན་པ་ཡིན་པར་འགྱུར་རོ། །སྡུག་བསྔལ་ཞེས་བྱ་བ་འདི་ནི་ཀྱེ་མ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྟག་པའོ། །ཆོས་ཀྱི་སྐུ་ཡིན་ཏེ་ཤའི་སྐུ་མ་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཤེས་པ་ནི་སྡུག་བསྔལ་ཤེས་པའོ། །དེ་མ་ཐོབ་ཀྱི་བར་དུ་སེམས་ཅན་རྣམས་ཀྱིས་ཆོས་མ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་ཡོངས་སུ་བརྟགས་ནས་འཁོར་བའི་འཁོར་ལོ་ཤིན་ཏུ་སྡུག་བསྔལ་བའི་གནས་སུ་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་ནས་ངན་འགྲོར་འགྲོ་བར་འགྱུར་རོ། །གང་གི་ཚེ་དེ་བཞིན་གཤེགས་པ་རྟག་པར་ཤེས་པ་དེའི་ཚེ་ནི་ཡི་གེ་འབྲུ་གཉིས་པོ་ཇི་ལྟ་བུར་ཐོས་ཀྱང་རུང་སྟེ་བདེ་འགྲོར་འགྲོ་བར་འགྱུར་རོ། །དེ་ནས་ཐར་པ་ཡང་ཐོབ་པར་འགྱུར་རོ། །དེས་ན་འདི་ནི་རྫུ་འཕྲུལ་གྱི་བདེ་བ་ཡིན་ནོ་སྙམ་དུ་རང་གིས་རྟོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ཐོས་པ་ཙམ་གྱི་རྒྱུ་དེས་ན་བདག་འདིར་འོངས་སོ། །དེ་བཞིན་གཤེགས་པ་རྟག་པར་མ་ཤེས་ཀྱི་བར་དུ་ནི་ཡུན་དེ་སྲིད་ཀྱི་བར་བདག་སྡུག་བསྔལ་རྣམས་ཀྱི་ནང་དུ་འཁོར་ཏོ། །ད་ནི་སྡུག་བསྔལ་ཤེས་སོ་ཞེས་བྱ་བ་འདི་ནི་བདེན་པ་ཡིན་ནོ། །གཞན་དག་གི་སྡུག་བསྔལ་བསྒོམ་པ་ནི་དོན་མེད་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ལ་དེ་ཁོ་ན་ཉིད་མ་ཤེས་ནས། ཆོས་ལ་དགོས་པའི་ཕྱིར་བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ལེན་པར་བྱེད་ཅིང་ཆོས་མ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་འཛིན་ཏེ། དམ་པའི་ཆོས་ནུབ་པར་བྱེད་ཅིང་དམ་
པའི་ཆོས་མི་སྣང་བར་བྱེད་པར་འགྱུར་ཏེ། དམ་པའི་ཆོས་གནས་པར་བྱ་བའི་ཐབས་མི་ཤེས་པས་འདི་ལྟར་འཛིན་ཏེ། དམ་པའི་ཆོས་འཇིག་པར་འགྱུར་ཞེས་བྱ་བ་མེད་དོ་སྙམ་ནས་དེའི་འབྲས་བུས་འཁོར་བའི་སྡུག་བསྔལ་རྣམས་ཀྱི་ནང་དུ་ཡོངས་སུ་འཁྱམ་མོ། །དེ་ནས་མཐོ་རིས་དང་ཐར་པ་ཐོབ་པར་འགྱུར་ཏེ། མཐོ་རིས་དང་ཐར་པ་ཐོབ་པའི་སྡུག་བསྔལ་ཀུན་འབྱུང་བའི་དེ་ཁོ་ན་ཉིད་བདག་གིས་མ་ཤེས་པས་དམ་པའི་ཆོས་འཇིག་པའི་རྒྱུར་གྱུར་ཏེ་ཉེས་པརསྨྲས་པའི་ཚིག་གིས་ཡུན་འདི་སྲིད་ཀྱི་བར་དུ་ཉོན་མོངས་པར་གྱུར་ཏོ་སྙམ་དུ་ཤེས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཤེས་པ་ཞེས་བརྗོད་པར་བྱའོ། །གཞན་དག་གི་ནི་དེ་ལྟ་མ་ཡིན་ནོ། །འདི་ནི་སྡུག་བསྔལ་འགོག་པ་ཞེས་བྱ་བ་ལ་སྟོང་པ་ཉིད་སྒོམ་པ་ནི་གཏན་དུ་སྟོང་པ་ཉིད་སྒོམ་པ་ཐམས་ཅད་ཟད་པ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པར་བྱེད་པ་དེ་ལྟ་བུ་མ་ཡིན་ཏེ། སྡུག་བསྔལ་འགོག་པ་སྒོམ་པ་ནི་ཡ་མཚན་ཅན་ཐམས་ཅད་ལ་ཡང་དོན་དང་འགལ་བའི་སྟོང་པ་ཉིད་ཡོད་དེ། དེ་རྣམས་ཀྱི་ཡང་སྡུག་བསྔལ་འགོག་པ་ཞེས་བྱ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ། དེ་ནི་གསལ་བར་མི་མངོན་ནོ། །གང་གི་ཚེ་ཉོན་མོངས་པ་ཟད་པ་དེའི་ཚེ་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ཁྱེད་ཀྱིས་མཐོང་བར་འགྱུར་རོ། །གང་གི་ཚེ་སེམས་གཅིག་བསྐྱེད་པའི་ལས་ཀྱི་འབྲས་བུས་བདག་གིས་ཆོས་ཀྱི་དབང་ཕྱུག་རྟག་པ་དང་བདེ་བ་འཐོབ་བོ་སྙམ་དུ་ཁྱོད་ཀྱིས་ཤེས་པར་གྱུར་པ་དེ་ནི་སྡུག་བསྔལ་འགོག་པ་བསྒོམ་པར་བྱ་བ་ལ་སྒོམ་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པར་བསྒོམས་ཤིང་གཏན་དུ་སྟོང་པ་ཉིད་བསྒོམས་པས་ནི་སྡུག་བསྔལ་རྣམས་མི་འགག་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ། །དེ་ལྟ་མ་ཡིན་པར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་པའི་སེམས་ཅན་རྣམས་ནི་ཉོན་མོངས་པ་རྣམས་ཡོད་བཞིན་དུ་ཉོན་མོངས་པའི་རྣམ་པ་འགོག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོའི་རྐྱེན་གྱི་ཕྱིར་ཏེ། དེ་ཤེས་པ་ནི་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་བཀའ་ལས་སྡུག་བསྔལ་འགོག་པའི་ཚིག་བདེན་པ་ཞེས་བྱའོ། །གཞན་ནི་བསྒོམ་པ་མ་ཡིན་པ་ལ་བསྒོམ་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་འདུན་དང་། ཐར་པ་རྣམས་ཏེ། འདི་ལྟར་དེ་རྣམས་ལ་ཕྱིན་ཅི་ལོག་བཞིས་ཕྱིན་ཅི་ལོག་ཏུ་གྱུར་པའི་དངོས་པོ་ནི་ཐར་པའོ། །ཐར་པ་ལ་ཡང་ཅི་ཡང་མེད་དོ་སྙམ་པ་དེ་ནི་འདི་ལྟར་སྒྱུ་མར་འདུག་སྟེ་འཁོར་བའི་སྡུག་བསྔལ་གྱི་ནང་དུ་ཡོངས་སུ་འཁྱམ་པ་ཡིན་ལ། བསྒོམ་ཉེས་པ་དེའི་འབྲས་བུས་ནི་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ད་ནི་བདག་གིས་དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་འདུན་དང་། ཐར་པ་རྣམས་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། འཇིག་པར་མི་འགྱུར་བར་སེམས་གཅིག་བསྐྱེད་པའི་འབྲས་བུས་དབང་ཕྱུག་རྟག་པའི་འབྲས་བུ་ཐོབ་བོ། །ཕྱིན་ཅི་ལོག་བཞི་པོ་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཙང་བ་རྣམས་ཆོས་མ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་འཛིན་པས་ལྟ་བ་ངན་པའི་འབྲས་བུ་མྱོང་བ་འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་ཞེས་བྱའོ། །གཞི་གསུམ་རྟག་པར་བསྒོམ་པ་བསྒྲུབ་པའི་ཕྱིར་མི་རྟག་པ་སྒོམ་པ་གང་ཡིན་པ་དེ་དག་ནི་མི་བདེན་པའི་བསྒོམ་པ་ལ་སྒོམ་པ་ཡིན་ནོ། །དེ་ལྟར་རྟག་པར་སྒོམ་པ་གང་ཡིན་པ་དེ་དག་ནི་ངའི་ཉན་ཐོས་ཡིན་ཏེ། འཕགས་པའི་བདེན་པ་བཞི་ཤེས་པའོ་ཞེས་ང་ཟེར་རོ། །འདི་རྣམས་ནི་འཕགས་པའི་བདེན་པ་བཞི་ཡིན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞིའི་ལམ་འདིའི་ཚུལ་གྱིས་བསྒོམ་པར་བགྱི་བ་བདག་གིས་ད་གཟོད་རྟོགས་ལགས་སོ། །བཀའ་སྩལ་པ། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་མི་རྟག་ཅེས་བྱ་བ་དེ་ནི་སྡིག་པ་དང་། སྡུག་བསྔལ་བ་ཡིན་ནོ། །དེ་བཞིན་གཤེགས་པ་བུད་ཤིང་ཟད་པའི་མེ་
བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་དེ་ནི་སྡིག་པ་དང་། སྡུག་བསྔལ་བ་ཡིན་ནོ། །སྡུག་བསྔལ་བ་མ་ཡིན་ནོ་ཞེས་བདག་ཉིད་སྒོམ་པར་བྱེད་པ་དང་། དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བ་འདི་ནི་ཕྱིན་ཅི་ལོག་ཡིན་ནོ། །བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ཏེ། དེ་བཞིན་གཤེགས་པ་རྟག་གོ་ཞེས་བསྒོམས་ན་གང་ཟག་ཏུ་ལྟ་བར་འགྱུར་དུ་འོང་ངོ་སྙམ་ནས་སྒོམ་པ་འདི་ནི་སྡུག་བསྔལ་བའོ་སྙམ་པ་ནི་བདེ་བར་འདུ་ཤེས་པ་རྣམས་ཀྱི་ཕྱིན་ཅི་ལོག་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་དང་པོའོ། །མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །རྟག་པ་ལ་མི་རྟག་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་ལ་གཏན་དུ་སྟོང་པ་ཉིད་བསྒོམས་ན་མི་ཚེ་ཐུང་བར་འགྱུར་རོ་སྙམ་ནས་དེའི་ཕྱིར་མི་རྟག་པ་ཉིད་ལ་སྟོང་པ་ཉིད་མ་ཡིན་པར་བསྒོམས་ན། བསྒོམས་པ་དེའི་འབྲས་བུས་ཚེ་རིང་བར་འགྱུར་རོ་སྙམ་པ་དེ་ཡང་ཕྱིན་ཅི་ལོག་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་གཉིས་པའོ། །བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །བདག་ཡོད་པ་ལ་བདག་མེད་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་ལ་འཇིག་རྟེན་པ་རྣམས་ལ་བདག་ཡོད་ཅེས་ཏེ་འཇིག་རྟེན་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་ཡང་བདག་ཡོད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཡང་མེད་དོ་ཞེས་བདག་མེད་པ་སྒོམ་པ་འདི་ནི་ཕྱིན་ཅི་ལོག་གསུམ་པའོ། །མི་གཙང་བ་ལ་གཙང་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །གཙང་བ་ལ་མི་གཙང་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་རྟག་སྟེ། ཤའི་སྐུ་མ་ཡིན་པ་ལ་ཤའི་སྐུ་ཡིན་ཏེ། ཤ་དང་ཁྲག་དང་རྒྱུས་པས་སྦྲེལ་བ་ཡིན་ནོ། །མི་གཙང་བའོ། །ཆོས་དང་དགེ་འདུན་གཉིས་ཀྱང་ཐར་པ་ཐོབ་ནས་མི་སྣང་བར་འགྱུར་རོ་སྙམ་པ་ནི་གཙང་བ་ལ་མི་གཙང་བར་ཕྱིན་ཅི་ལོག་པ་ཡིན་ནོ། །བདག་གི་ལུས་ཐམས་ཅད་ནི་མི་གཙང་བ་ཡིན་ཏེ། གཙང་ཞེས་བྱ་བ་ཅི་ཡང་མེད་ན་བདག་གི་ལུས་ནི་གཙང་ངོ་སྙམ་དུ་བསྒོམ་པ་ནི་མི་གཙང་བ་ལ་གཙང་ངོ་སྙམ་དུ་འཛིན་པ་ཡིན་ནོ། །བདག་ཀྱང་
གང་ན་ཅི་ཡང་མེད་པ་དེར་འགྲོའོ་སྙམ་པ་ནི་གཙང་བ་ལ་མི་གཙང་ངོ་སྙམ་དུ་སྒོམ་པ་རྨོངས་པར་བྱེད་པའི་ཆོས་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་བཞི་པ་ཡིན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བདག་ནི་ད་གཟོད་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཏེ། འདི་སྲིད་ཀྱི་བར་དུ་ལོག་པར་ལྟ་བར་གྱུར་ལགས་སོ། །བཅོམ་ལྡན་འདས་ཅི་ལགས། སྲིད་པ་ཉི་ཤུ་རྩ་ལྔ་ལ་བདག་མཆིས་ཞེས་བགྱིའམ་མ་མཆིས་ཞེས་བགྱི། བཀའ་སྩལ་པ། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །སངས་རྒྱས་ཀྱི་ཁམས་ནི་སེམས་ཅན་ཐམས་ཅད་ལ་ཡོད་མོད་ཀྱི། དེ་ཡང་ཉོན་མོངས་པའི་རྣམ་པ་རྣམས་ཀྱིས་བསྒྲིབས་ཏེ་བདག་ཉིད་ལ་ཡོད་བཞིན་དུ་སེམས་ཅན་རྣམས་ཀྱིས་མཐོང་བར་མི་ནུས་སོ། །འདི་ལྟ་སྟེ། དཔེར་ན་གྲོང་ཁྱེར་ཆེན་པོ་ཞིག་ན་དབུལ་པོའི་ཁྱིམ་ཞིག་ན་གསེར་གྱི་གཏེར་ཟད་མི་ཤེས་པ་ཞིག་ཡོད་ལ། དེ་ལ་བུད་མེད་དབུལ་མོ་ཞིག་འདུག་པ་དེས་ཀྱང་བདག་གི་ཁྱིམ་གྱི་སའི་འོག་ན་གཏེར་ཡོད་པར་མི་ཤེས་ཏེ། དེར་ཐབས་དང་ལྡན་པའི་མི་ཞིག་གིས་བུད་མེད་དེ་ལ་སྨྲས་པ། སྲུ་ཚུར་ཤོག་བདག་གིས་ཁྱོད་ལ་གླ་སྦྱིན་གྱིས་བདག་གི་ཞིང་ལས་བྱེད་དུ་སོང་ཤིག་ཅེས་བྱས་པ་དང་། དེས་དེ་ལ་སྨྲས་པ། ཇོ་བོ་བདག་མི་མཆིའོ། །གལ་ཏེ་ཁྱོད་ཀྱིས་བདག་གི་བུ་ལ་གཏེར་བསྟན་ན་ནི་གཟོད་བདག་མཆི་བར་འཚལ་ལོ་ཞེས་འཐད་པས་གྲུབ་པའི་ཚིག་སྨྲས་པ་དང་། དེས་དེ་ལ་སྨྲས་པ། སྲུ་བདག་གི་བུ་ཁྱོད་ལས་སྐྱེས་མ་ཐག་ཏུ་བདག་གིས་རིན་པོ་ཆེ་དང་གསེར་གྱི་གཏེར་ཟད་མི་ཤེས་པ་སྦྱིན་པར་བྱའོ། །དེ་ནས་དེས་དེ་ལ་སྨྲས་པ། ཁྱོད་ཀྱིས་ག་ལ་བྱིན་ཏེ་བདག་ལ་མཐོ་འཚམས་པར་ཟད་དོ། །དེ་ནས་དེས་དེ་ལ་སྨྲས་པ། ཁྱོད་ཉིད་ཀྱི་ཁྱིམ་ན་གཏེར་ཡོད་མོད་ཀྱི་ཁྱོད་བདག་ཀྱང་མི་ཤེས་ན་གཞན་གྱིས་ལྟ་ཤེས་པར་ག་ལ་ནུས། དེ་ནས་དེས་བདག་གིས་ཐོབ་པར་འཚལ་ལོ་ཞེས་དེ་དེ་ལ་གསོལ་བ་འདེབས་སོ། །དེ་ནས་དེས་ཁྱིམ་དེའི་ནང་ནས་གཏེར་དེ་བརྐོས་ནས་དེ་ཉིད་ལ་བྱིན་ནོ། །དེ་ནས་དེས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། དེ་ལ་སྐྱབས་སུ་སོང་བ་དེ་
བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཡོད་ལ་མཐོང་བར་མི་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་གཏེར་ཡོད་པ་དང་འདྲའོ། །རིགས་ཀྱི་བུ་ངས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་ཡང་དག་པར་བསྟན་པར་བྱ་སྟེ། ཇི་ལྟར་དབུལ་མོ་དེས་གཏེར་ཆེན་པོ་ཡོད་པར་བསྟན་ཀྱང་མི་ཤེས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཡང་ཉོན་མོངས་པའི་རྣམ་པས་བསྒྲིབས་པས་སེམས་ཅན་རྣམས་ཀྱིས་མི་ཤེས་ཤིང་མ་མཐོང་ནས་དེ་དག་ལ་དེ་བཞིན་གཤེགས་པས་བསྟན་ཏེ། དེ་དག་མགུ་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཁམས་མཆིས་པར་ད་བདག་གིས་རྟོགས་ཏེ། གདམས་ངག་སྟོན་པར་མཛད་པའི་དེ་བཞིན་གཤེགས་པ་ཉིད་ནི་ཐབས་དང་ལྡན་པའི་མི་དེ་དང་འདྲ་བར་བལྟ་བར་བགྱིའོ། །སེམས་ཅན་ཐམས་ཅད་ནི་བུད་མེད་དབུལ་མོ་དང་འདྲ་བར་བལྟ་བར་བགྱིའོ། །བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན་བུད་མེད་ཅིག་ཡོད་ལ་དེའི་བུ་ཤིན་ཏུ་ཆུང་བ་ནད་པ་ཞིག་ཡོད་དེ། དེའི་སྐབས་སུ་བུད་མེད་དེས་སྨན་པ་བཀུག་ནས་སྨན་པ་དེས་བྱིས་པ་དེ་ཁ་ར་དང་སྦྱར་བའི་སྨན་མར་བླུད་ནས་དེའི་མ་ལ་བསྒོ་བ། ཆེ་ཞེ་ཁྱོད་ཀྱིས་སྨན་མར་མ་ཞུ་བའི་བར་དུ་བྱིས་པ་ལ་ནུ་མ་མ་བླུད་ཅིག་ཅེས་བྱས་ནས་བུད་མེད་དེས་དེ་ནུར་མི་གཞུག་པར་བྱ་བའི་ཕྱིར་བདག་གི་ནུ་མ་གཉིས་ནིམ་པའི་ལོ་མ་བཏགས་པའི་ལྡེ་གུས་བསྐུས་ནས་རང་གི་བུ་ལ་ཡང་འདི་སྐད་ཅེས་བསྒོ་སྟེ། བུ་ཅིག་ངའི་ནུ་མ་དུག་གིས་བསྐུས་ཀྱིས་བུ་ཅིག་ཁྱོད་མ་ནུ་ཤིག་ཅེས་བྱས་སོ། །དེ་ནས་ཁྱེའུ་དེ་སྐོམ་སྟེ་ནུ་མ་ནུའོ་སྙམ་དུ་བསམས་ན་ཡང་ནུ་མ་ནིམ་པའི་ལོ་མའི་དྲི་བྲོ་ནས་ངུས་ཏེ་ཆོ་གའི་མཐར་མ་ཕྱིན་གྱི་བར་དུ་རང་སྡོད་དོ། །དེ་ནས་ཆོ་ག་ཟིན་ནས་བུད་མེད་དེས་རང་གི་ནུ་མ་གཉིས་ཆུས་བཀྲུས་ནས་བུ་དེ་ལ་སྨྲས་པ། ཀྱེ་བུ་ཅིག་ད་ནི་ནུ་མ་ནུས་ཤིག་ཅེས་བྱས་ན་ཁྱེའུ་དེས་དུག་ཡོད་སྙམ་སྟེ་ནུར་མ་བཏུབ་ནས་ངུ་ཞིང་འདུག་སྟེ་བལྟ་ཡང་མི་ལྟའོ། །དེ་ནས་
ཡང་སྨྲས་པ། སྔར་ནི་ཁྱོད་ཀྱི་སྨན་མར་དེ་མ་ཞུ་བ་ལ་ཐོགས་ཏེ་ནུ་མ་ནུར་མི་གཞུག་པའི་ཕྱིར་ངས་ནུ་མ་གཉིས་ནིམ་པའི་ལོ་མའི་ལྡེ་གུས་བསྐུས་ཏེ། ཁྱོད་ལ་གནོད་པར་འགྱུར་ཞིང་ཤིར་དོགས་ནས་ནུར་མ་བཅུག་པ་ཡིན་གྱིས། ད་ནི་ནུས་ཤིག་ཅེས་བྱས་ནས་ནུར་བཅུག་སྟེ། དེས་ཀྱང་དལ་བུས་ནུ་མ་ནུས་སོ། །རིགས་ཀྱི་བུ་དེ་བཞིན་དུ་ངས་ཀྱང་སྔར་ནི་གདུལ་བར་བྱ་བའི་དབང་གིས་བྱིས་པའི་སྨན་མར་ཞུ་བར་བྱ་བ་བཞིན་དུ། དགེ་སློང་རྣམས་ཀྱིས་འཇིག་རྟེན་པའི་ལྟ་བ་གཞོམ་པར་བྱ་བའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་ཆེ་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་དང་། འཇིག་རྟེན་པའི་བདག་གི་དེ་ཁོ་ན་ཉིད་བརྫུན་པར་ཡང་དག་པར་བསྟན་པའི་ཕྱིར་དང་། བདག་མེད་པར་བསྒོམས་པས་ལུས་རྣམ་པར་དག་པར་བྱ་བའི་ཕྱིར་དགེ་སློང་དག་ཆོས་ཐམས་ཅད་བདག་མེད་པར་སྒོམས་ཤིག ། དེ་ལྟར་བསྒོམས་དང་ངར་འཛིན་པ་སྤོང་བར་འགྱུར་རོ། །ངར་འཛིན་པ་ཡོངས་སུ་སྤངས་ན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱས་ཏེ། ཇི་ལྟར་བྱིས་པའི་མས་རང་གི་ནུ་མ་ནིམ་པའི་ལོ་མའི་ལྡེ་གུས་བསྐུས་པ་དེ་བཞིན་དུ་ངས་ཀྱང་ཆོས་ཐམས་ཅད་བདག་མེད་པར་སྟོང་པ་ཉིད་དུ་སྒོམས་ཤིག་ཅེས་བྱས་སོ། །ཇི་ལྟར་བྱིས་པའི་མ་དེས་ཕྱིས་རང་གི་ནུ་མ་བཀྲུས་ཏེ་བུ་ལ་སྨྲས་པ། སྔར་ནི་ཁྱོད་ཀྱི་སྨན་མར་མ་ཞུ་བར་བྱ་བའི་ཕྱིར་ནུ་མ་ནུར་མ་བཅུག་གིས། ད་ནི་ནུས་ཤིག་ཅེས་ཟེར་བ་དེ་བཞིན་དུ་ངས་ཀྱང་འཇིག་རྟེན་པའི་ཆོས་ལས་བསྒྱུར་བའི་ཕྱིར་དེ་སྐད་ཅེས་བསྟན་ཏེ། བདག་མེད་དོ་ཞེས་བྱས་ནས་ད་ནི་ང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ཅེས་སྟོན་གྱིས། དགེ་སློང་དག་བྱིས་པ་བཞིན་དུ་མ་སྐྲག་པར་ཇི་ལྟར་བྱིས་པ་དེས་བརྟགས་ནས་ཕྱིར་ཡང་མའི་ནུ་མ་ནུ་བར་བྱེད་པ་དེ་བཞིན་དུ་དགེ་སློང་དག་ཁྱེད་ཀྱིས་ཀྱང་བདག་ཅག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྙམ་དུ་བརྟགས་ནས་སྒོམ་པ་ལ་བརྩོན་པར་གྱིས་ཤིག་དང་ད་བསྟན་ཏོ། །གསོལ་པ། འདི་ནི་བྱིས་པ་བཙས་མ་ཐག་ཏུ་ཤེས་པ་ཆུང་ལ་ཤེས་པ་མ་མཆིས་པ་ནི་གསལ་བར་འགྱུར་བ་མི་རིགས་ལགས་སོ། །གལ་ཏེ་བདག་མཆིས་ན་ནི་ཤེས་པ་དང་བློ་གྲོས་དང་
ཡང་ལྡན་པའི་རིགས་ལགས་སོ། །གལ་ཏེ་ཤེས་པ་ཞན་པ་ལགས་ན་ནི་གསལ་བར་འགྱུར་བའི་ཡང་མི་རིགས་པས་ན་བདག་ནི་བདག་མ་མཆིས་ཞེས་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་རྟག་པ་ལགས་ན་སྐྱེས་སླན་ཆད་འགུམ་པའི་མི་རིགས་ལགས་སོ། །གལ་ཏེ་དེ་བཞིན་གཤེགས་པའི་ཁམས་རྟག་པ་ལགས་ན་ཐ་དད་པའི་བྱེ་བྲག་ཀྱང་དེ་ལ་སྣང་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པ་དང་། དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་ལས་ཀྱི་བྱེ་བྲག་རྣམས་ལས་སྐྱེ་བའི་བྱེ་བྲག་ཐ་དད་པ་དག་ཀྱང་སྣང་ལགས་སོ། །གལ་ཏེ་བདག་མཆིས་ན་བྱེ་བྲག་མ་མཆིས་པའི་བདག་ནི་མཉམ་པ་ཉིད་ལགས་ཏེ། དེ་ལྟ་ན་དེ་ལ་ཁམས་མ་མཆིས་ལགས་སོ། །གལ་ཏེ་ཁམས་མཆིས་ན་གསོད་པ་དང་། ཕ་རོལ་གྱི་ནོར་རྐུ་བ་དང་། འཁྲིག་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་ཅིའི་སླད་དུ་འཇུག་ལགས། ཆང་འཐུངས་པས་ཅིའི་སླད་དུ་ར་རོ་བར་འགྱུར་ལགས། གལ་ཏེ་སེམས་ཅན་གྱི་ཁམས་རྟག་པ་ལགས་ན་དེ་ལྟ་ན་འོན་པ་རྣམས་ཀྱང་རྣ་བས་ཐོས་པར་འགྱུར་བའི་རིགས། ལོང་བ་རྣམས་ཀྱང་མཐོང་བར་འགྱུར་བའི་རིགས། ལྐུགས་པ་རྣམས་ཀྱང་སྨྲ་མཁས་པར་འགྱུར་བའི་རིགས་ལགས་སོ། །གལ་ཏེ་བདག་སེམས་ཅན་གྱི་ཁམས་དེ་རྟག་པ་ལགས་ན། བད་ཀན་དང་། ནུར་ནུར་པོ་དང་། སྔོན་པོ་དང་། སེར་པོའི་ཚོགས་རྣམས་བདག་གང་གི་ནང་ན་གནས་ལགས། བདག་དེ་ཡང་དེ་རྣམས་ཀྱི་གོ་སྐབས་གང་ན་གནས་ལགས། འོན་ཏེ་རླན་དང་འདྲ་བར་ཐམས་ཅད་དུ་གནས་ལགས་སམ། གལ་ཏེ་དེ་ལྟ་ན་ནི་མི་གཡུལ་དུ་མཆིས་པའི་རྣ་བ་དང་སྣ་ཆད་ན་བདག་དེའི་ཡང་ཉིང་ལག་ཉམས་པར་འགྱུར་བའམ། ལག་རྡུམ་དུ་འགྱུར་བའི་རིགས་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་རྒྱལ་པོ་ལ་ལ་ཞིག་གི་གྱད་ཀྱི་དཔྲལ་བའི་སྨིན་མཚམས་སུ་རིན་པོ་ཆེ་རྡོ་རྗེ་བཏགས་པ་ལས་གྱད་དེ་གྱད་གཞན་ཞིག་དང་སྟོབས་འགྱེད་དེ། དེ་གཉིས་ལུགས་བཞིན་དུ་འགྱེད་པ་ལས་གྱད་ཅིག་ཤོས་ཀྱི་མགོ་བོས་བརྡུངས་ཏེ་གྱད་དེའི་དཔྲལ་བ་སྣད་པར་
བྱས་ནས་སྨིན་མཚམས་ཀྱི་རྒྱན་རིལ་གྱིས་ནང་དུ་ནུབ་པར་བྱས་ན། གྱད་དེས་མ་ཚོར་ཏེ་བདག་གིས་རྡོ་རྗེ་གར་བཞག་ཞིག་གུ་སྙམ་སྟེ། དེས་སྨན་པ་བཀུག་ནས་རྨ་ཁ་འཆོས་སུ་བཅུག་གོ །སྨན་པ་དེ་ཡང་ཐབས་མཁས་ཤིང་ཡིད་རྣོ་བ་ཞིག་སྟེ། རྨ་འདི་ནི་ནོར་བུ་དེ་ལས་གྱུར་ཏོ་སྙམ་དུ་ཤེས་ནས་རྡོ་རྗེ་དེ་དཔྲལ་བའི་ནང་དུ་ནུབ་ཅིང་འདུག་གོ་སྙམ་སྟེ། དེས་གྱད་དེ་ལ་ཀྱེ་མི་ཁྱོད་ཀྱི་ནོར་བུ་དེ་གར་སོང་ཞེས་དྲིས་པ་དང་། དེས་སྨན་པ་དེ་ལ་སྨྲས་པ། ཀྱེ་མ་སྨན་པ་ངའི་སྨིན་མཚམས་ཀྱི་རྒྱན་རྡོ་རྗེ་དེ་སྟོར་གོར་མ་ཆག་གོ །ཀྱི་ཧུད་བདག་གིས་གབ་ཙེའི་ནང་དུ་བཅུག་གམ་གར་བཅུག་པ་མི་ཤེས་ཏེ་སྒྲོམ་བུའི་ནང་དུ་བཙལ་ན་ཡང་མ་རྙེད་དོ། །ཀྱི་ཧུད་ཕུང་གིས་མེད་དོ། །ཆུའི་ཆུ་བུར་བཞིན་དུ་མེད་པར་གྱུར་ན་ཅི་སྒྱུ་མ་ལྟ་བུར་གྱུར་ཏམ་ཞེས་ཟེར་རོ། །དེ་ནས་དེ་ལ་སྨན་པས་སྨྲས་པ། ཀྱེ་མི་ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག ། ཁྱོད་ཀྱི་རྡོ་རྗེ་དེ་ནི་རྨའི་ནང་དུ་ནུབ་ནས་ཤ་དང་ཁྲག་དང་རྣག་གི་ནང་ན་འབར་ཞིང་འདུག་སྟེ། ཁྱོད་སྟོབས་འགྱེད་པ་ལ་ཡིད་བྲལ་ནས་མ་ཚོར་བར་ཟད་དོ་ཞེས་སྨན་པ་དེས་དེ་སྐད་བྱས་ཀྱང་ཡིད་མི་ཆེས་ཏེ། འོ་ན་རྣག་ཁྲག་དང་བཅས་ཏེ་ཅིའི་ཕྱིར་མ་བྱུང་། ཡང་ན་ཆུ་བ་ལ་ཐོགས་ཏེ་འདུག་གམ་ཁྱོད་དེ་སྐད་དུ་མ་སྨྲ་ཤིག་ཅེས་སྨན་པ་དེ་ལ་དེ་སྐད་ཅེས་སྨྲས་སོ། །དེ་ནས་སྨན་པ་དེས་རྡོ་རྗེ་དེ་ཕྱུང་ནས་དེ་ལ་བསྟན་ཏེ། དེས་མཐོང་ནས་ངོ་མཚར་དུ་གྱུར་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི། སེམས་ཅན་རྣམས་ཀྱིས་ནི་དེ་མི་ཤེས་ཏེ་མི་དགེ་བའི་གྲོགས་པོ་ལ་བསྟེན་པའི་ཉེས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ནོན་པས་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་མ་ཡིན་དང་། གདོལ་པ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་སུ་སྐྱེ་བར་འགྱུར་རོ། །བདག་གི་ཉེས་པའི་སྟོབས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མི་ཤེས་པས་སེམས་ཅན་རྣམས་གླེན་པ་དང་། འོན་པ་དང་། ལོང་བ་དང་། ལག་རྡུམ་དང་། གཞོགས་སྐམས་དང་། དྲི་མ་སྣ་ཚོགས་ཀྱིས་
གོས་པ་དང་། མིག་སེར་བ་དང་། སྲན་སྡེའུའི་མདོག་ལྟར་འདུག་པ་དང་། མེ་ཏོག་ཀུ་རན་ཏ་ཀའི་མདོག་ལྟར་འདུག་པ་དང་། མིག་དམར་སེར་དུ་འདུག་པ་དང་། སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་རྣམ་པ་སྣ་ཚོགས་སུ་འགྱུར་རོ། །ཇི་ལྟར་གྱད་དེ་རང་གི་ལུས་ལ་རྡོ་རྗེ་འདུག་ཀྱང་འདུ་ཤེས་ཉམས་པས་སྟོར་བའི་འདུ་ཤེས་སུ་རྟོག་པ་དེ་བཞིན་དུ་སེམས་ཅན་འཇིག་རྟེན་པ་རྣམས་བདག་གི་དེ་ཁོ་ན་ཉིད་མ་རྟོགས་པ་དང་། མི་དགེ་བའི་གྲོགས་པོའི་དབང་དུ་གྱུར་པ་དང་། དགོངས་པའི་ཚིག་མི་ཤེས་པས་བདག་ཡོད་བཞིན་དུ་བདག་མེད་པར་སྒོམ་པར་བྱེད་དོ། །བདག་མེད་པ་མི་སྒོམ་པ་རྣམས་ནི་འཇིག་རྟེན་པའི་བདག་སྒོམ་པར་བྱེད་དོ། །ཇི་ལྟར་འཇིག་རྟེན་པའི་བདག་ཡོད་དོ་ཞེས་བདག་གི་དེ་ཁོ་ན་ཉིད་མ་རྟོགས་པ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡང་དེ་དང་འདྲ་སྟེ། མི་དགེ་བའི་གྲོགས་པོ་ལ་བསྟེན་པ་དང་། དགོངས་པའི་ཚིག་གི་མཐའ་མི་ཤེས་པས་བདག་མེད་དོ་བདག་མེད་དོ་ཞེས་སྒོམ་བཞིན་དུ་བདག་མེད་པའི་དེ་ཁོ་ན་ཉིད་མི་ཤེས་ཏེ། བདག་ག་ལ་ཡོད། གང་ན་གནས། ཅི་རྫ་མའི་ནང་ན་རྫ་མ་འདུག་པ་ལྟ་བུ་ཞིག་གམ། འོན་ཏེ་རླན་ལྟ་བུར་ཁྱབ་པར་འདུག་གམ། གྱད་རྨོངས་པའི་སྨིན་མཚམས་ཀྱི་རྒྱན་ལྟ་བུར་འདུག་གམ་སྙམ་པ་ལ་སྨན་པ་བཞིན་དུ་དེ་བཞིན་གཤེགས་པས་དེ་དག་ལ་འདི་སྐད་དུ་བདག་ནི་ཐམས་ཅད་དུ་གནས་པ་མ་ཡིན་ལ། རིན་པོ་ཆེ་རྡོ་རྗེ་ལྟར་འོད་གསལ་ཞིང་ཉོན་མོངས་པའི་རྣམ་པས་བསྒྲིབས་པ་ཡིན་ནོ་ཞེས་བཀའ་སྩལ་ཏེ། དེ་སྐད་ཅེས་བཀའ་སྩལ་པ་ལ་སེམས་ཅན་རྣམས་ཡིད་ཆེས་པར་འགྱུར་ལ་ཉོན་མོངས་པ་ཟད་པར་བྱ་དགོས་པ་ཙམ་དུ་ཟད་དོ། །དེ་ནས་རྡོ་རྗེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་དཔག་ཏུ་མེད་དོ། །གཞན་ཡང་རིགས་ཀྱི་བུ་དཔེར་ན་གངས་ཀྱི་རི་ལ་བཅུད་ཀྱི་ཁམས་བུང་བའི་བཅུད་ཅེས་བྱ་བ་ཞིག་ཡོད་དེ། དེ་ཤིང་གེལ་པའི་ནགས་སྟུག་པོས་གཟིངས་ཤིང་འདུག་ཀྱང་དེ་དྲི་བསུང་གིས་མངོན་ཏེ། སྔོན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་གིས་དེའི་དོན་དུ་ངོས་སོ་སོ་ནས་ཝ་བཙུགས་ནས་བཅུད་ཀྱི་ཁམས་དེ་ལས། ཝ་
ལ་ལའི་ཁ་ནས་ནི་ཁུ་བ་སྐྱུར་བ་འབྱུང་། ལ་ལའི་ཁ་ནས་ནི་ལན་ཚྭའི་རོ་འབྱུང་། ལ་ལའི་ཁ་ནས་ནི་མངར་བ་འབྱུང་། ལ་ལའི་ཁ་ནས་ནི་ཚ་བ་འབྱུང་། ལ་ལའི་ཁ་ནས་ནི་ཁ་བ་འབྱུང་། ལ་ལའི་ཁ་ནས་ནི་བསྐ་བ་འབྱུང་སྟེ། བཅུད་ཀྱི་ཁམས་དེ་ལྟ་བུ་དེ་ནགས་ཀྱི་ནང་ན་ནམ་མཁའ་ལ་ལྡིང་ངོ་། །བཅུད་རོ་གཅིག་པུ་དེ་འདྲ་བ་དེ་ལས་རོ་ཐ་དད་པ་སྣ་ཚོགས་འབྱུང་ལ། རོ་དེ་དག་ཀྱང་ཕན་ཚུན་འདྲེ་བར་མི་འགྱུར་ཏེ། བཅུད་ཀྱི་ཁམས་དེ་ཡང་ཟླ་བའི་དཀྱིལ་འཁོར་བཞིན་དུ་ཡོངས་སུ་ཁྱབ་པར་འདུག་གོ །དེ་དེ་ལྟར་འདུག་ཀྱང་སེམས་ཅན་གཞན་དག་གིས་ནི་ཤིང་གེལ་པའི་ནགས་དེའི་ནང་དུ་ཞུགས་ཏེ། གཞོར་དག་གིས་བརྐོས་ཀྱང་སེམས་ཅན་སྐལ་བ་ཆུང་ངུ་རྣམས་ཀྱིས་ཐོབ་པར་མི་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་བསོད་ནམས་ཀྱི་མཐུས་ཐོབ་པར་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་བཅུད་ཀྱི་ཁམས་དང་འདྲ་བ་ལ་ཉོན་མོངས་པའི་རྣམ་པས་བསྒྲིབས་ཤིང་འདུག་སྟེ། སངས་རྒྱས་སུ་འགྱུར་བའི་རྒྱུར་རོ་གཅིག་ཏུ་ཟིན་ཀྱང་དེ་ལས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་རོ་མང་པོར་འགྱུར་ཏེ། སྐྱེས་པ་དང་། བུད་མེད་དང་། མ་ནིང་རྣམས་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཁམས་དེ་ནི་སྐྱེས་བུའི་རང་བཞིན་ཡིན་ཏེ། དེ་བས་ན་སྲོག་བཅད་པས་སྲོག་ཆགས་གསད་པར་མི་འགྱུར་རོ། །གལ་ཏེ་སྲོག་ཆགས་བསད་པར་གྱུར་ན་ནི་འཚོ་བ་པོ་གཏན་མེད་པར་བྱས་པར་འགྱུར་ལ། འཚོ་བ་པོ་གཏན་མེད་པར་འགྱུར་བ་ནི་མི་སྲིད་དོ། །དེ་ལ་འཚོ་བ་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ལ་ཁམས་དེ་ནི་གཞིག་པའམ། གསད་པའམ། གཏན་མེད་པར་བྱ་མི་ནུས་ལ་སངས་རྒྱས་ཉིད་མ་ཐོབ་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པར་མཐོང་བར་ཡང་མི་ནུས་སོ། །དེ་བས་ན་སྲོག་ཆགས་གསོད་པའི་མི་མེད་དོ། །གསོལ་པ། མ་མཆིས་ཞེས་བགྱིར་མི་རུང་སྟེ། གལ་ཏེ་མ་མཆིས་སུ་ལགས་ན་སྲོག་ཆགས་བཀུམ་པས་སྡིག་པར་མི་འགྱུར་བའི་རིགས་ལགས་སོ། །བཀའ་སྩལ་པ། ཡོད་དོ་ཞེས་བརྗོད་པར་བྱ་སྟེ། ཇི་ལྟ་ཞེ་ན། ཕྱི་རོལ་གྱི་བསགས་པའི་
ཁམས་ཤིང་གེལ་པ་དང་འདྲ་བ་དེ་བསད་པ་ལ་སྲོག་གཅོད་པ་ཞེས་བྱ་སྟེ། དེ་བས་ན་སྲོག་བཅད་པས་དེ་སྡིག་པའི་ཚོགས་ཀྱིས་ངན་འགྲོར་འགྲོ་བར་འགྱུར་ལ། ལས་ངན་པའི་རྣམ་པར་སྨིན་པས་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པ་དང་། བྱ་དང་། རི་དགས་དང་། མཚན་མ་ཐ་དད་པ་གསུམ་གྱི་མིང་དང་། གློ་ཐ་དད་པ་དང་། སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་སེམས་ཅན་རྣམས་ཉིང་མཚམས་སྦྱོར་བར་འགྱུར་རོ། །འཇིག་རྟེན་པ་རྣམས་ཀྱི་བདག་ནི་ལྡུམ་བུ་ཤ་མ་ཀའི་འབྲས་བུ་ཙམ་དང་། འབྲས་ཀྱི་འབྲུ་ཙམ་དང་། མཐེ་བོ་ཙམ་ཞེས་བྱ་བ་ལ་སོགས་པར་རྟོག་པ་སྟེ། མི་བདེན་པའི་རྟོག་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་རྟོག་པ་ནི་སངས་རྒྱས་ཀྱི་ཁམས་ཡོད་པར་རྟོག་པ་གང་ཡིན་པ་སྟེ་དོན་དམ་པའི་བདེན་པའི་རྟོག་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་གཏེར་གྱི་འབྱུང་ཁུང་གི་དཔྱད་ཤེས་པའི་མིས་གཞོར་རམ། བརྐོ་བའི་དཔྱད་གཞན་དག་གིས་གཏེར་བརྐོས་ན་རྡོ་དང་གསེག་མ་ཐམས་ཅད་ནི་ཕྱེ་མར་རློག་པར་ནུས་ལ། རྡོ་རྗེ་ནི་ནམས་ཀྱང་ཅུང་ཟད་ཀྱང་ཆོད་པར་མི་ནུས་ཏེ། མཚོན་ཆ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་རིན་པོ་ཆེ་མི་ཆོད་པ་དེ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེ་བ་པོའི་བདག་ནི་ལྷ་དང་བདུད་བྱེ་བ་སྙེད་ཀྱིས་ཀྱང་མཚོན་ཆ་ཐམས་ཅད་ཀྱིས་གཅོད་པར་མི་ནུས་ལ་བསགས་པའི་ཁམས་ནི་རྡོ་དང་གསེག་མ་བཞིན་དུ་ཕྱེ་མར་རློག་ནུས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་འཚོ་བ་པོ་ནི་རྡོ་རྗེ་རིན་པོ་ཆེ་དང་འདྲ་སྟེ། དེ་བས་ན་མི་རྣམས་ཀྱི་སྲོག་བཅད་པས་འཚོ་བ་འཇིག་པར་འགྱུར་ཏེ། དེའི་ཕྱིར་བསགས་པའི་ཁམས་བཤིག་པས་སྲོག་ཆགས་བསད་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་རྒྱས་པ་ནི་མཆོག་ཏུ་ཆ་ཕྲ་བ་སྟེ་བདུད་རྩིའི་མཆོག་ཀྱང་ཡིན་ནོ། །དུག་གི་མཆོག་ཀྱང་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ། ཤིན་ཏུ་རྒྱས་པ་ནི་བདུད་རྩིའི་མཆོག་ཀྱང་ལགས། དུག་གི་མཆོག་ཀྱང་ལགས་ཞེས་བཀའ་སྩལ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དགོངས་པའི་ཚིག་འདི་ཤེས་པར་འདོད་དམ། གསོལ་
པ། བཅོམ་ལྡན་འདས་དགོངས་པའི་ཚིག་གསུང་གི་མཆོག་ཤེས་པར་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཁ་ཅིག་བདུད་རྩི་འཐུངས་པས་འཆི་མི་འགྱུར། །ཁ་ཅིག་གིས་ནི་འཐུངས་ན་འཆི་བར་འགྱུར། །ཁ་ཅིག་དུག་འཐུངས་པས་ཀྱང་འཆི་མི་འགྱུར། །ཁ་ཅིག་གིས་ནི་འཐུངས་ན་འཆི་བར་འགྱུར། །ཐེག་པ་ཆེན་པོ་འདི་ལ་ནི། །ཆགས་མེད་ཡེ་ཤེས་བདུད་རྩི་ཡིན། །མཚུངས་པ་མེད་པའི་ཡེ་ཤེས་མཆོག ། དེ་ཉིད་དུག་ཡིན་ཞེས་ཀྱང་བསྟན། །ཞུ་བའི་འོག་ཏུ་ཟ་བ་ལ། །མར་གྱི་སྙིང་ཁུ་སྦྲང་རྩི་དང་། །ཁ་ར་རྣམས་ནི་བདུད་རྩི་བཞིན། །མ་ཞུ་ཟ་ལ་དུག་ཏུ་འགྱུར། །དེ་བཞིན་རབ་རྒྱས་བདུད་རྩིའི་མཆོག ། དགོངས་པའི་ཚིག་ལ་མི་མཁས་ཤིང་། །བྱིས་པའི་བློ་དང་ལྡན་རྣམས་ལ། །མི་བཟད་པ་ཡི་དུག་ཏུ་འགྱུར། །རང་རྒྱལ་ཉན་ཐོས་རྣམས་ཀྱང་ནི། །རྟག་ཏུ་དེ་དང་འདྲ་བ་ཡིན། །ཐེག་ཆེན་སྨན་མཆོག་དེ་དག་ལ། །བ་ཡི་འོ་མ་འཐུངས་པ་བཞིན། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །མི་མཆོག་བརྟན་པོ་དེ་དག་ནི། །ཐེག་པ་ཆེན་པོས་ངེས་པར་འབྱུང་། །འོད་སྲུང་དེ་ལྟར་ཤེས་ནས་ནི། །བདུད་རྩི་རྟག་པ་ཁམས་ཀྱི་དབྱིངས། །དེ་ལ་དེང་འདིར་སྐྱབས་མཆོག་སོང་། །བདུད་རྩི་མཆོག་གི་ཁམས་དེ་ནི། །ང་ཡི་ཁམས་ཡིན་སེམས་ཅན་ཁམས། ། རྟག་ཏུ་ང་ལ་སྐྱབས་སོང་ན། །སྐྱབས་གསུམ་བདག་ཉིད་ཁམས་སུ་འགྱུར། །ང་ཡི་སྐུ་ལ་ཁམས་ཡོད་ཀྱིས། །བདག་ཉིད་འདི་ལ་ཁྱོད་ཞུགས་ཤིག ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །ང་ཡི་ཁམས་ཀྱི་རང་བཞིན་ཏེ། །གསུམ་པོ་རིན་ཆེན་མཆོག་ཡིན་ཞེས། །བཅོམ་ལྡན་འདས་ཀྱིས་ཚིགས་བཅད་གསུངས། །གསོལ་པ། འཇིགས་མེད་ཇི་ལྟར་སྐྱབས་མཆི་བ། །བདག་གིས་གློ་བར་མ་ཆུད་ལགས། །དཀོན་མཆོག་གསུམ་ཡང་མ་འཚལ་ཏེ། །བདག་མེད་ལ་ནི་ཇི་ལྟར་མཆི། །སངས་རྒྱས་སྐྱབས་སུ་མཆིས་ན་ཡང་། །ཇི་ལྟར་དབུགས་ནི་ཕྱིན་པར་འགྱུར། །ཅི་ཡི་སླད་དུ་མི་རྣམས་ནི། །ཆོས་ལ་སྐྱབས་སུ་མཆི་བར་བགྱིད། །ཇི་ཞིག་གིས་ནི་རང་དགར་
འགྱུར། །ཅི་ཞིག་གིས་ནི་མི་འགྱུར་ལགས། །དགེ་འདུན་ལ་ནི་སྐྱབས་མཆིས་ན། །སྐྱབས་གསུམ་མཆོག་ཏུ་ཇི་ལྟར་འགྱུར། །མ་འོངས་པ་ན་སངས་རྒྱས་ཉིད། །ཡང་དག་བདེན་པར་ཇི་ལྟར་འཐོབ། །ཕྱི་མའི་དོན་དུ་སྐྱབས་ཀྱི་གཞི། །གསུམ་པོ་དག་ཀྱང་ཇི་ལྟ་བུ། །ཐེམ་སྐས་ལྟ་བུར་བདག་གིས་མཐོང་། །ཡེ་ཤེས་གུད་ན་གཞན་མ་མཆིས། །བུ་སྐྱེས་པ་ནི་མ་མཆིས་པར། །བུ་ཞེས་ཀྱང་ནི་ཇི་སྐད་བགྱི། །བུ་ཆགས་ན་ནི་སྐྱེ་འགྱུར་ཏེ། །བསམ་དང་ལས་ཀྱི་དོན་ཀྱང་མཆིས། །ཐུབ་པ་ཁྱོད་ནི་ཅི་གསུང་བ། །བློ་མེད་རྣམས་ཀྱིས་མི་རྟོགས་ཏེ། །འཁོར་བའི་བཙོན་རར་ཐམས་ཅད་ཀྱང་། །འཁོར་ལོ་གཅིག་ཏུ་འཁྱམ་པར་འགྱུར། །དེ་ཕྱིར་དེ་དག་མིང་ཙམ་གྱིས། །དགེ་བསྙེན་དུ་ཡང་མི་འགྱུར་ལགས། །ཐུབ་པ་བདག་ལ་ཕྱེ་སྟེ་གསུངས། །ཐེ་ཙོམ་མྱུར་དུ་གཅད་པར་གསོལ། །ཡེ་ཤེས་ཆེ་ལྡན་དེ་བཞིན་གཤེགས། །དགོངས་པ་ཅི་འདྲ་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །འོད་སྲུང་ཆེན་པོ་དམ་པ་མཆོག ། དགོངས་པ་དེ་ཡང་བསྟན་པར་བྱ། །ཁྱོད་ཀྱི་ཐེ་ཙོམ་གཅད་པར་བྱ། །སངས་རྒྱས་ལ་ནི་སྐྱབས་སོང་བས། །དགེ་བསྙེན་ཉིད་ནི་ཐོབ་པར་འགྱུར། །ལྷ་རྣམས་དེ་དག་ཐམས་ཅད་ནི། །དེ་ཚེ་དེ་ཡི་སྐྱབས་མ་ཡིན། །ཆོས་ལ་སྐྱབས་སུ་སོང་ན་ཡང་། །འདིར་ནི་འཚེ་བ་སྤོང་བར་འགྱུར། །དགེ་འདུན་ལ་ཡང་སྐྱབས་སོང་ན། །དེ་བཞིན་དགེ་བསྙེན་དག་ཏུ་འགྱུར། །དེས་ན་འདི་ལས་ཕྱི་རོལ་རྣམས། །དེ་ཡི་ཡོན་གནས་མ་ཡིན་ལ། །དེ་ལྟར་འཇིགས་པ་མེད་པ་རྣམས། །སྐྱབས་ཀྱི་གཞི་གསུམ་ཐོབ་པར་འགྱུར། །གསོལ་པ། དེ་ཕྱིར་དངོས་གསུམ་འཇིག་པ་ལ། །བདག་ནི་སྐྱབས་སུ་མཆི་བར་བགྱི། །འདི་ནི་དམ་པ་རྣམས་ཀྱི་ལམ། །འདི་ཉིད་སངས་རྒྱས་ཆོས་ཉིད་ལགས། །ཐུབ་པ་ཆེན་པོ་རྟག་ཏུ་ཡང་། །གཞི་གསུམ་པོ་ནི་མཉམ་པ་ཉིད། །བདག་ཀྱང་ཁྱོད་དང་འདྲ་བར་ནི། །གནས་འདིར་བླ་ན་མེད་པ་ལགས། །ལམ་འདི་བདེ་བར་གཤེགས་པས་བསྔགས་པ་སྟེ། །དེར་མཆིས་པ་ནི་ཡང་
དག་བཞུགས་པ་ལགས། །ཀུན་ཏུ་སྤྱན་ཡང་དེ་ཡིས་ངེས་པར་འབྱུང་། །ལམ་འདི་བདེ་བར་གཤེགས་པས་བསྔགས་པ་སྟེ། །དེ་ཕྱིར་བདག་ཀྱང་སངས་རྒྱས་རྣམས་ཀྱི་ལམ། །ལམ་མཆོག་རྒྱ་ཆེན་འདིར་ནི་མཆིས་པར་བགྱི། །གལ་ཏེ་བདུད་ནི་བདུད་རྩི་དེང་སྩོལ་ཀྱང་། །སྲིད་པ་དག་ན་བདག་ནི་སྐྱབས་མི་མཆི། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་པ། ཁྱོད་བྱིས་པ་ཉན་ཐོས་ཀྱི་ཐེག་པ་པ་བཞིན་དུ་མ་འཛིན་ཅིག ། གཅིག་པུ་ལ་སྐྱབས་སུ་སོང་ཤིག ། ཡེ་ཤེས་འདི་ལ་ནི་སྐྱབས་གསུམ་མེད་དེ། ཆོས་དང་དགེ་འདུན་འདུ་བ་ཡང་མེད་དོ། །སངས་རྒྱས་ཉིད་ཆོས་ཀྱང་ཡིན་དགེ་འདུན་ཡང་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་གཞི་གསུམ་པ་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་བྱིས་པ་རྣམས་ཀྱི་འཇིག་རྟེན་པའི་ལྟ་བ་བསལ་བའི་ཕྱིར་གཞི་གསུམ་པ་གཞག་གོ །གལ་ཏེ་ཁྱོད་འཇིག་རྟེན་པ་དང་འཐུན་པར་བྱེད་ན་དེའི་ཚུལ་གྱིས་སྐྱབས་ཀྱི་གཞི་གསུམ་དུ་འགྲོ་བར་གྱིས་ལ་བདག་སངས་རྒྱས་ལ་སྐྱབས་སུ་སོང་ནས་སྐུ་གཅིག་པར་གྱུར་ཅིག ། དེ་ནས་སངས་རྒྱས་ཉིད་དུ་གྱུར་ནས་དེ་བཞིན་གཤེགས་པའི་རླབས་བྱེད་པར་གྱུར་ཅིག ། དེ་བཞིན་གཤེགས་པ་དང་མཉམ་པར་གྱུར་ནས་སངས་རྒྱས་རྣམས་ལ་ཐལ་མོ་བཏུད་པར་མི་བྱའོ། །བདག་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཆེན་པོ་ལྟ་བུར་གྱུར་ཅིག ། བདག་གིས་ཆོས་ཀྱི་སྐུ་ཡང་མི་གཏང་བར་སངས་རྒྱས་ཀྱི་ཁམས་དང་མཆོད་རྟེན་ལ་ཕྱག་བྱའོ། །ཕྱག་བྱེད་མི་འདོད་པའི་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་ལྟ་བུར་བདག་གྱུར་ཅིག ། བདག་གི་ལུས་སེམས་ཅན་ཐམས་ཅད་ཀྱིས་ཕྱག་བྱ་བའི་གནས་སུ་གྱུར་ཅིག ། བདག་ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཀྱི་སྐུར་གྱུར་ཅིག ། དེ་ཁོ་ན་ཉིད་མ་ཡིན་པའི་ཆོས་སྒོམ་པའི་སེམས་ཅན་ཐམས་ཅད་བདག་གིས་མདའ་གཅིག་ནས་གཅིག་ཏུ་བརྒྱུད་པ་བཞིན་དུ་བྱེད་པར་གྱུར་ཅིག ། བདག་དགེ་འདུན་ལ་སྐྱབས་སུ་སོང་ནས་སྦྲང་བུ་དང་འདྲ་བའི་དགེ་འདུན་རྣམས་ཀྱི་སྐྱབས་ལྟ་བུར་གྱུར་ཅིག ། བདག་སྐྱབས་སུ་འགྲོ་བ་ལ་འཇུག་པའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་སངས་རྒྱས་དང་།
ཆོས་དང་། དགེ་འདུན་ལྟ་བུར་གྱུར་ཅིག ། བདག་དམུས་ལོང་དང་འདྲ་བའི་དགེ་འདུན་རྣམས་ཀྱི་མིག་ལྟ་བུར་གྱུར་ཅིག ། བདག་ལ་ཉན་ཐོས་དང་རང་སངས་རྒྱས་སྦྲང་བུ་དང་འདྲ་བ་ཐམས་ཅད་སྐྱབས་སུ་འོང་བར་ཤོག་ཤིག་ཅེས་གྱིས་ཤིག ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱིས་པ་རྣམས་ལ་སྡིག་པའི་ཕུང་པོ་ཟད་མི་ཤེས་པ་ལྟ་བུ་ཡང་ཡིན་ནོ། །མཁས་པ་རྣམས་ནི་དེ་དག་ཉིད་སངས་རྒྱས་ལྟ་བུ་ཡང་ཡིན་ནོ། །དཔེར་ན་དཔའ་བོ་ཡང་དག་པ་ནི་གཡུལ་དུ་འཐབ་པ་ན་འདི་སྙམ་དུ་སེམས་ཏེ། བདག་གིས་དཔའ་བོ་ཐམས་ཅད་ཕམ་པར་བྱས་ནས་ཐམས་ཅད་བདག་ལ་སྐྱབས་སུ་འོང་བར་བྱའོ་སྙམ་དུ་སེམས་པ་དང་། དཔེར་ན་རྒྱལ་པོའི་བུ་ནི་རྒྱལ་པོ་བརྗེ་བའི་སྐབས་སུ་རྒྱལ་པོའི་བུ་ཐམས་ཅད་ལས་འདས་པར་བྱས་ཏེ་བདག་གིས་རྒྱལ་པོ་བྱའོ། །བདག་རྒྱལ་པོའི་བུ་ཐམས་ཅད་ཀྱི་མངའ་བདག་ཏུ་འགྱུར་བར་བྱའོ། །བདག་ལ་དེ་དག་སྐྱབས་སུ་འོང་བར་བྱའོ། །བདག་གིས་དམན་པའི་སེམས་བསྐྱེད་པར་མི་བྱའོ་སྙམ་དུ་སེམས་པ་ལྟ་བུ་སྟེ། དཔའ་བོ་རྣམས་དང་། རྒྱལ་པོ་དང་། བློན་པོ་ཡང་རུང་སྟེ། ཤིན་ཏུ་མཆོག་ཏུ་གྱུར་པས་ཁྱད་པར་དུ་འཕགས་པ་དེ་ལྟ་བུའི་རང་བཞིན་ཅན་རྣམས་ནི་རང་གི་ཡོན་ཏན་དང་འཚམ་པའི་བྱ་བ་སྒྲུབ་པར་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཞི་གསུམ་ལས་འདའ་བར་འགྱུར་བའི་སེམས་དང་ལྡན་པ་ཡིན་ནོ། །དེ་བས་ན་རྒྱལ་པོའི་བུ་དང་དཔའ་བོ་བཞིན་དུ་མི་འཇིགས་པར་སྙིང་སྟོབས་སྐྱེད་ཅིག་དང་ངས་གཞི་གསུམ་ཐ་དད་པ་མེད་པ་དང་། གསུམ་གྱི་ནང་ན་དེ་བཞིན་གཤེགས་པ་དམ་པ་ཡིན་པར་ངས་བསྟན་ཏོ། །ལུས་ཐམས་ཅད་ཀྱི་ནང་ན་མགོ་བོ་གཙོ་བོ་ཡིན་པ་དེ་བཞིན་དུ་སངས་རྒྱས་ཉིད་གཙོ་བོ་ཡིན་ལ། ཇི་ལྟར་ལུས་ལས་མགོ་བོ་གུད་ན་འདུག་པ་ཡང་མ་ཡིན། ལག་པ་གུད་ན་འདུག་པའང་མ་ཡིན། རྐང་པ་གུད་ན་འདུག་པའང་མ་ཡིན་པ་དེ་བཞིན་དུ་སངས་རྒྱས་གུད་ན་འདུག་པའང་མ་ཡིན། ཆོས་གུད་ན་འདུག་པའང་མ་ཡིན། དགེ་འདུན་གུད་ན་འདུག་པའང་མ་ཡིན་ནོ། །འོན་ཀྱང་ཐ་དད་དུ་དབྱེ་བ་ནི་བྱིས་པ་རྣམས་ངེས་པར་བསྒྲལ་བའི་ཕྱིར་ཐེམ་སྐས་དང་འདྲ་བར་བསྟན་
པ་ཡིན་ནོ། །ཆོས་ཀྱི་དེ་ཁོ་ན་ཉིད་དུ་ནི་གསུམ་པོ་ལ་ཐ་དད་དུ་དབྱེ་བར་མ་ལྟ་ཤིག ། བྱིས་པ་བཞིན་དུ་རྨོངས་པར་བྱེད་པའི་ཚིག་རྣམས་མ་འཛིན་ཅིག ། ཨུར་མོའི་རལ་གྲི་བཞིན་དུ་སེམས་རྣོ་བར་གྱིས་ཤིག ། ཡེ་ཤེས་ཆེན་པོ་དང་ལྡན་པར་གྱིས་ཤིག ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆེན་པོ་བཅོམ་ལྡན་འདས་གློ་བར་ཆུད་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲི་མ་མེད་པ་བཤད་པར་གསོལ་བའི་སླད་དུ་བདག་གིས་ཞུས་ལགས་སོ། །བཅོམ་ལྡན་འདས་ཀྱེ་མ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐེག་པ་ཆེན་པོ་བླ་ན་མེད་པ་ཤིན་ཏུ་རྒྱས་པ་ཨུར་མོའི་རལ་གྲི་ལྟ་བུ་ལེགས་པར་བཀའ་སྩལ་ཏོ། །ཀྱེ་མ་ལེགས་པར་བཞག་གོ །བྱང་ཆུབ་སེམས་དཔའི་སྤྱོད་པ་བཤད་པ་ཐོས་ནས་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་བསྟན་པར་འཚལ་ལོ། །སེམས་ཅན་སུ་ཡང་རུང་སྟེ་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པར་བགྱི་བའི་སླད་དུ་མདོ་འདི་ལ་མངོན་པར་དད་པ་རྣམས་ནི་རང་ཉིད་སྐྱབས་གསུམ་ལགས་ཏེ། དེས་ནི་བདག་ཉིད་ལ་སྐྱབས་སུ་མཆི་བར་བགྱིའི། གཞི་གསུམ་ལ་ནི་མི་དགོས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ཁམས་མཆིས་པའི་སླད་དུའོ། །རྣམ་པར་བརྟགས་ནས་བདག་གི་ལུས་ལ་སངས་རྒྱས་ཀྱི་ཁམས་མཆིས་སོ་ཞེས་བརྗོད་པར་བགྱིའོ། །དེ་ལྟར་འཚལ་ནས་དེས་སྐྱབས་གསུམ་དུ་ཡང་མཆི་བར་མི་བགྱི་སྟེ། དེ་ཉིད་ཆོས་དང་དགེ་འདུན་གྱི་སྐྱབས་སུ་གྱུར་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟག་ཏུ་ཕྱག་བགྱི་བའི་གནས་ལགས་སོ། །དེ་བས་ན་ཐེག་པ་ཆེན་པོ་བསྒྲུབ་པ་བརྩམ་པར་བགྱིའོ། །དེ་ལྟར་ན་སངས་རྒྱས་ཀྱི་ཁམས་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་བསམ་གྱིས་མི་ཁྱབ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཤེས་རབ་རྣོན་པོས་ནི་དེ་ལྟར་བྱ་དགོས་སོ། །རིགས་ཀྱི་བུ་གཞན་
ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ངས་བཤད་པར་བྱའོ། །གལ་ཏེ་བདག་བརྟན་པ་དང་ཐེར་ཟུག་པ་ཡིན་ན་ནི་སྡུག་བསྔལ་གྱི་མཐའ་ཡོད་པར་མི་འགྱུར་ལ། གལ་ཏེ་བདག་མེད་ན་ཡང་ཚངས་པར་སྤྱོད་པ་ཐམས་ཅད་དོན་མེད་པར་འགྱུར་རོ། །ཆོས་ཐམས་ཅད་བདག་མེད་པ་ཡིན་ན་ནི་དེ་ལྟར་ན་ཆད་པར་ལྟ་བར་འགྱུར་ལ། བདག་བརྟན་པ་ཡིན་ན་ནི་རྟག་པར་ལྟ་བར་འགྱུར་རོ། །ཆོས་ཐམས་ཅད་མི་རྟག་པ་ཡིན་ན་ནི་དེ་ལྟ་ན་ཆད་པར་ལྟ་བར་འགྱུར་ལ། ཆོས་ཐམས་ཅད་རྟག་པ་ཡིན་ན་ནི་རྟག་པར་ལྟ་བར་འགྱུར་རོ། །ཆོས་ཐམས་ཅད་སྡུག་བསྔལ་བ་ཉིད་ཡིན་ན་ནི་ཆད་པར་ལྟ་བར་འགྱུར་ལ། ཆོས་ཐམས་ཅད་བདེ་བ་ཡིན་ན་ནི་རྟག་པར་ལྟ་བར་འགྱུར་རོ། །ཐམས་ཅད་རྟག་པར་སྒོམ་ན་ནི་ཆད་པར་འཛིན་པར་འགྱུར་ལ། ཐམས་ཅད་ཆད་པར་སྒོམ་ན་ནི་མྱུར་དུ་རྟག་པར་འཛིན་པར་འགྱུར་རོ། །དཔེར་ན་སྲིན་བུ་པད་པ་རྣམས་མིའི་མགོ་བོ་ལ་མྱུར་དུ་ཟ་ཞིང་མྱུར་དུ་གནས་ཅིག་ཤོས་འདོར་བ་དེ་བཞིན་དུ་རྟག་པར་སྒོམ་ན་ནི་ཐམས་ཅད་འཛིན་པས་སྲིན་བུ་པད་པ་བཞིན་དུ་འགྱུར་རོ། །དེ་བས་ན་མི་དགེ་བའི་ཆོས་གཞན་དག་ལ་ནི་སྡུག་བསྔལ་བར་བསྒོམ་པར་བྱའོ། །དགེ་བའི་ཆོས་གཞན་དག་ལ་ནི་བདེ་བར་བསྒོམ་པར་བྱའོ། །ཉོན་མོངས་པའི་རྣམ་པ་ལ་སོགས་པའི་ཆོས་གཞན་དག་ལ་ནི་བདག་མེད་པར་བསྒོམ་པར་བྱའོ། །མྱ་ངན་ལས་འདས་པ་ལ་ནི་གཞི་དང་གནས་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པ་ཆོས་གཞན་དག་ལ་ནི་བདག་ཡོད་པར་བསྒོམ་པར་བྱའོ། །ལོངས་སྤྱོད་ལ་སོགས་པ་ཆོས་གཞན་དག་ལ་ནི་མི་རྟག་པར་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པའི་ཆོས་ལ་སོགས་པ་ཆོས་གཞན་དག་ལ་ནི་རྟག་པར་བསྒོམ་པར་བྱའོ། །གཞི་གསུམ་དང་ཐར་པའི་དེ་ཁོ་ན་ཉིད་ནི་སྲིན་བུ་པད་པ་ཟ་བ་ལྟ་བུ་མ་ཡིན་ནོ། །སངས་རྒྱས་ཀྱི་གསུང་ནི་དབུ་མའི་ལམ་འདི་ཡིན་ནོ་ཞེས་ཤེས་པར་གྱིས་ཤིག ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཆད་པ་དང་རྟག་པ་གཉི་གའི་མཐའ་སྤངས་པ་དབུ་མའི་ལམ་དུ་གསུངས་སོ། །བླུན་པོ་རྣམས་ནི་སངས་རྒྱས་ཀྱི་གསུང་ལ་རྨོངས་ཏེ། ཕོ་བའི་དྲོད་ཆུང་བ་
རྣམས་མར་ཆེར་ཟ་བ་བཞིན་དུ་མྱུར་དུ་མཐའ་གཉིས་སུ་ལྟ་བར་འགྱུར་ལ། ཡོད་ཅེས་བྱ་བ་ཡང་མ་གྲུབ། མེད་ཅེས་བྱ་བ་ཡང་མི་འཐད་དོ། །དཔེར་ན་སྨན་པ་རྣམས་ནི་མཁྲིས་པ་ལ་སོགས་པའི་ཁམས་རྣམས་འཁྲུགས་ཏེ་ཕན་ཚུན་མི་འཐུན་དུ་ཟིན་ཀྱང་མཁྲིས་པའི་ནད་ལ་ནི་མཁྲིས་པ་ཞི་བར་བྱེད། རླུང་ཤས་ཆེ་བ་ལ་ནི་རླུང་སེལ་བར་བྱེད། བད་ཀན་ཅན་ལ་ནི་བད་ཀན་མེད་པར་བྱེད། ཆ་འདུས་པ་ལ་ནི་ཆ་འདུས་པའི་གཉེན་པོ་བྱེད་དེ། ཕན་ཚུན་མི་འཐུན་པར་འགྱུར་བ་ཡང་མི་བྱེད་ལ་བདེ་བ་ཡང་སྐྱེད་པར་བྱེད་པ་དེ་བཞིན་དུ་སྨན་པ་ལྟར་ཉོན་མོངས་པའི་རྣམ་པའི་ནད་མཐའ་ཡས་པ་རྣམས་མཐར་གྱིས་བསལ་ཏེ། ཡང་དག་པའི་ཁམས་ཀྱང་གསོ་བར་གྱིས་ཤིག ། ཡང་དག་པའི་ཁམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། སངས་རྒྱས་ཀྱི་ཁམས་ཞེས་བྱ་བ་ཡིན་གྱིས་ཁམས་ཐམས་ཅད་སྤངས་ཏེ་རྟག་པ་དང་བརྟན་པ་ལ་ནན་ཏན་གྱིས་ཤིག ། ཤེས་རབ་ཅན་རྣམས་ཀྱིས་ནི་ཡོད་པ་ལ་ཡང་ཆགས་པར་མི་བྱའོ། །མེད་ཅེས་བྱ་བ་ཡང་བརྫུན་དུ་སྨྲ་བ་ལས་བྱུང་བ་ཡིན་ནོ། །ཡོད་ཅེས་བྱ་བ་ཡང་ཁ་རོག་སྟེ་ཁས་བླང་བར་མི་བྱའོ། །རྩོད་པར་ཡང་མི་བྱ་སྟེ། འདི་དག་རང་བཞིན་གྱིས་ཆོས་ཉིད་དུ་ཤེས་པར་བྱའོ། །བླུན་པོ་དགོངས་པའི་ཚིག་མི་ཤེས་པ་རྣམས་ཀྱིས་ནི་ངའི་ལུས་ལ་བདེ་བའི་ས་བོན་དེ་ལྟ་བུ་ཡོད་བཞིན་དུ་སྡུག་བསྔལ་བར་བསྟན་པའི་ཕྱིར་རྟག་ཏུ་རྩོད་པར་བྱེད་དེ། ཐམས་ཅད་བཟུང་བས་བྱིས་པ་རྣམས་ངའི་ལུས་མི་བརྟན་ནོ་སྙམ་དུ་སེམས་ཤིང་རྟོག་པར་བྱེད་དོ། །མི་རྟག་པ་བསྟན་ན་ནི་བྱིས་པ་རྣམས་རྫ་མཁན་གྱི་སྣོད་བཞིན་དུ་མི་རྟག་གོ་སྙམ་དུ་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་ངའི་ལུས་ལ་ཆོས་ཀྱི་སྐུའི་ས་བོན་དེ་ལྟ་བུ་ཡོད་དོ་སྙམ་དུ་ཤེས་པས་ཐམས་ཅད་འཛིན་པར་མི་བྱེད་དོ། །བདག་མེད་པ་བསྟན་ན་ནི་བྱིས་པ་རྣམས་བསྟན་པ་བདག་མེད་དོ་སྙམ་དུ་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་ཐ་སྙད་དུ་ཡོད་དོ་སྙམ་དུ་ཤེས་ཏེ་ཐེ་ཚོམ་མེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་སྟོང་པ་ཡིན་ནོ་ཞེས་བསྟན་ན་ནི་བྱིས་པ་རྣམས་ཆད་པ་འཇིགས་སུ་རུང་བའི་
ཡོན་པོ་སྒོམ་པར་བྱེད་དོ། །ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དེ་སྒྱུ་མ་ཙམ་དུ་ཡོད་པར་ཤེས་སོ། །ཐར་པ་བསྟན་ན་ནི་བྱིས་པ་རྣམས་སངས་རྒྱས་རྣམས་ཀྱིས་ཐར་པ་རྙེད་ནས་མེད་པར་འགྱུར་རོ་སྙམ་དུ་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་སངས་རྒྱས་བྱོན་པ་དང་གཤེགས་པ་ཡོད་པར་ཤེས་ཏེ་མིའི་སེང་གེ་བྱོན་ཏོ་ཞེས་ཟེར་རོ། །བྱིས་པ་རྣམས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་གཉིས་སུ་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་མ་རིག་པ་དང་རིག་པ་ཐ་དད་པ་གཉིས་སུ་མེད་པར་ཤེས་སོ། །བྱིས་པ་རྣམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་གཉིས་སུ་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་འདུ་བྱེད་རྣམས་དང་། འདུ་བྱེད་པ་མེད་པ་ཐ་དད་པ་མེད་པ་གཉིས་སུ་མེད་པར་ཤེས་སོ། །དེ་བཞིན་དུ་བྱིས་པ་རྣམས་དགེ་བ་དང་མི་དགེ་བ་ཐམས་ཅད་ལ་ཐ་དད་པ་གཉིས་སུ་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་སོ་ཞེས་གསུངས་སོ། །བྱིས་པ་རྣམས་ནི་ཁ་ན་མ་ཐོ་བ་དང་ཁ་ན་མ་ཐོ་བ་མེད་པ་ལ་གཉིས་སུ་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་དེ་བཞིན་དུ་གཉིས་སུ་མེད་པར་ཤེས་སོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ། །བྱིས་པ་རྣམས་ནི་ལམ་དང་ལམ་མ་ཡིན་པ་ཞེས་བྱ་བ་ལ་གཉིས་སུ་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་སོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ། །བྱིས་པ་རྣམས་ནི་ཆོས་ཐམས་ཅད་ནག་པོ་དང་དཀར་པོའོ་ཞེས་བྱ་བ་ལ་གཉིས་སུ་འཛིན་ཏོ། ། ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་སོ་ཞེས་གསུངས་ཏེ་དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ། །བྱིས་པ་རྣམས་ནི་ཆོས་ཐམས་ཅད་སྡུག་བསྔལ་བ་དང་བདེ་བ་ཐ་དད་པ་གཉིས་སུ་སྒོམ་པར་བྱེད་དོ། །ཤེས་རབ་ཅན་རྣམས་ནི་གཉིས་སུ་མེད་པར་སྒོམ་མོ་ཞེས་གསུངས་ཏེ་དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ། །བྱིས་པའི་བློ་ཅན་རྣམས་ནི་དེ་བཞིན་གཤེགས་པའི་སྙིང་
པོ་ལ་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་སྒོམ་པར་བྱེད་དོ། །ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་སོ་ཞེས་གསུངས་ཏེ་དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ། །བྱིས་པ་རྣམས་ནི་སངས་རྒྱས་ཀྱིས་བདག་མེད་པར་གསུངས་པ་ལ་ཆོས་ཐམས་ཅད་བདག་མེད་པར་འཛིན་ཏོ། །ཤེས་རབ་ཅན་རྣམས་ཀྱིས་ནི་བདག་ཡོད་པ་དང་བདག་མེད་པ་གཉིས་སུ་མེད་པར་ཤེས་ཏེ་དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་དཔག་ཏུ་མེད་པ་སངས་རྒྱས་ཀྱིས་བསྔགས་པ་ནི་བསོད་ནམས་ཐམས་ཅད་བསྡུས་པའི་མདོ་ལས་ངས་བསྟན་ཏེ་བདག་ཡོད་པ་དང་བདག་མེད་པ་གཉིས་སུ་མེད་པར་གཟུང་བར་བྱའོ། །རིགས་ཀྱི་བུ་བསོད་ནམས་ཐམས་ཅད་བསྡུས་པའི་མདོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཆེན་པོ་ལས་གཉིས་སུ་མེད་པ་ལ་འཇུག་པའི་སྣང་བ་དེ་ཉིད་ལས་བདག་ཡོད་པ་དང་བདག་མེད་པ་གཉིས་སུ་མེད་པར་ངས་བསྟན་པ་དེ་རྗེས་སུ་དྲན་པར་གྱིས་ཤིག། །།བམ་པོ་བཅུ་པ། དཔེར་ན་འོ་མ་ལས་ཞོ་བྱུང་། ཞོ་ལས་མར་བྱུང་། མར་ལས་ཞུན་མར་བྱུང་། ཞུན་མར་ལས་མར་གྱི་སྙིང་ཁུ་འབྱུང་ན། དེ་ལ་ཅི་ཞོ་དེ་འོ་མའི་དངོས་པོ་དང་མགོ་མཉམ་དུ་བྱུང་ངམ། འོན་ཏེ་ཞོ་རང་ཉིད་བྱུང་ངམ། དེ་བཞིན་དུ་ཅི་མར་དེ་ཞོའི་དངོས་པོ་དང་། མགོ་མཉམ་དུ་བྱུང་ངམ། འོན་ཏེ་མར་རང་ཉིད་བྱུང་ངམ། དེ་བཞིན་དུ་ཅི་ཞུན་མར་དེ་མར་གྱི་དངོས་པོ་དང་མགོ་མཉམ་དུ་བྱུང་ངམ། འོན་ཏེ་ཞུན་མར་རང་ཉིད་བྱུང་ངམ། དེ་བཞིན་དུ་ཅི་མར་གྱི་སྙིང་ཁུ་དེ་ཞུན་མར་གྱི་དངོས་པོ་དང་མགོ་མཉམ་དུ་བྱུང་ངམ། འོན་ཏེ་མར་གྱི་སྙིང་ཁུ་རང་ཉིད་བྱུང་ངམ། འོན་ཏེ་སྣུམ་དེ་གཞན་ཞིག་ནས་བྱུང་ངམ། གལ་ཏེ་གཞན་ཞིག་ལས་བྱུང་ན་དེ་ལྟ་ན་གང་ལས་བྱུང་། དེ་སྟེ་འོ་མ་མེད་པར་ཞོ་བྱུང་ན་ནི་འོ་མ་མི་དགོས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ནི་རང་བཞིན་ཅན་དུ་འགྱུར་ལ་ཞོའི་རྒྱུ་དང་རྟགས་གཉིས་ཀྱང་སྣང་ངོ་། །དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱུང་བ་ཡང་ཡིན་ལ། དངོས་པོ་དེ་དག་དང་མགོ་མཉམ་དུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱུང་ཞེས་ཀྱང་མི་བྱའོ། །གལ་ཏེ་དངོས་པོ་དེ་དག་དང་མགོ་
མཉམ་དུ་མ་བྱུང་ན་ཡང་དེ་ལྟ་ན་ཡེ་མེད་དམ། བ་ལས་བྱུང་བའི་ཞུན་མར་ཡང་གཞན་ལས་བྱུང་བ་མ་ཡིན་ལ་རང་བཞིན་ཅན་དེ་ཡང་ཐམས་ཅད་ལ་ཡོད་མོད་ཀྱི། འོན་ཀྱང་ཉེས་པས་བསྒྲིབས་པ་དང་ཕན་ཚུན་དུ་འདྲེས་པའི་ཚུལ་དུ་འདུག་པའི་ཕྱིར་མི་མངོན་ཏེ། བའི་ཟས་ཀྱི་ཉེས་པས་འོ་མ་ཁྲག་གི་དྲི་ང་བ་བྲོ་ལ་བས་རྩྭ་མངར་བ་ཟོས་ན་ནི་འོ་མ་ཡང་མངར་བ་འབྱུང་ངོ་། །རྩྭ་རོ་ཚ་བ་ཟོས་ན་ནི་འོ་མ་རོ་ཚ་བ་འབྱུང་ངོ་། །གངས་ཀྱི་རི་ལ་རྩྭའི་རིགས་སྣུམ་ཅན་ཞེས་བྱ་བ་ཞིག་ཡོད་དེ། བས་དེ་ཟོས་ན་ནི་འོ་མ་མར་གྱི་སྙིང་ཁུའི་རང་བཞིན་ཁོ་ནར་འབྱུང་སྟེ། དཀར་བ་ཡང་མ་ཡིན། སྔོ་བ་ཡང་མ་ཡིན། དམར་བ་ཡང་མ་ཡིན། སྔོ་སྐྱ་ཡང་མ་ཡིན་པ་མར་གྱི་སྙིང་ཁུའི་རང་བཞིན་ཁོ་ནར་འབྱུང་སྟེ། དེ་ལྟར་རྩྭའི་བྱེ་བྲག་གིས་འོ་མ་མདོག་ངན་པ་དང་། མདོག་བཟང་པོར་འགྱུར་བ་དེ་བཞིན་དུ་མ་རིག་པ་དང་རིག་པ་གཉིས་སུ་མེད་མོད་ཀྱི་སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས་རིག་པ་གང་ཡིན་པ་དེ་ཉིད་མ་རིག་པ་ལྟ་བུར་གྱུར་ཏེ། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀྱང་གཉིས་སུ་མེད་པ་ཁོ་ནའོ། །དེ་བས་ན་སྔར་བསྟན་པ་ཁོ་ན་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་མར་གྱི་སྙིང་ཁུ་ལྟ་བུའི་རང་བཞིན་ཅན་ཡིན་མོད་ཀྱི་ཉོན་མོངས་པའི་རྣམ་པའི་ཉེས་པ་གཞན་དུ་སྣང་བར་གྱུར་ཏོ། །དཔེར་ན་རྒྱ་མཚོའི་ཆུ་ནི་ལན་ཚྭའི་དོན་གཅིག་པུ་བྱེད་པར་ཟད་མོད་ཀྱི། ལན་ཚྭའི་དོན་གཅིག་པུ་བྱེད་པའོ་ཞེས་བརྗོད་པར་མི་བྱ་སྟེ་རྒྱ་མཚོའི་ནང་ན་འོ་མའི་རྒྱ་མཚོ་ཞེས་བྱ་བ་ཡང་ཡོད་དོ། །གངས་ཀྱི་རི་ལ་ཡང་སྨན་ཡོད་པའི་ཕྱིར་ཡོན་ཏན་ལས་སྨོས་ཏེ་གངས་ཀྱི་རི་ལ་ནི་དུག་ཀྱང་ཡོད་མོད་ཀྱི་འོན་ཀྱང་སྨན་གཙོ་བོར་སྨོས་པ་དེ་བཞིན་དུ་ལུས་འདི་ཡང་དེ་དང་b འདྲ་སྟེ། སྦྲུལ་གདུག་པ་ལྟ་བུའི་ཁམས་བཞིའི་དུག་དང་ལྡན་མོད་ཀྱི། སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡོད་པས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མ་ནས་བཅོས་མ་མ་ཡིན་པའི་ཁམས་ཡིན་ལ། ཉོན་མོངས་པ་རྣམས་ནི་གློ་བུར་དུ་བྱུང་བ་ཡིན་ཏེ། སངས་
རྒྱས་སུ་འགྱུར་བར་འདོད་པ་སུ་ཡང་རུང་བ་རྣམས་ཀྱིས་ནི་ཉོན་མོངས་པའི་རྣམ་པ་རྣམས་གཞོམ་པར་བྱའོ། །དཔེར་ན་ནམ་མཁའ་ལས་འབྲུག་སྒྲ་གྲག་ན་ཤ་མོ་མྱུར་བར་རབ་ཏུ་སྐྱེ་བར་འགྱུར་ལ་སོས་ཀ་ན་ནི་ཤ་མོའི་མིང་ཡང་མེད་དོ། །འབྲུག་སྒྲས་འཐོན་པར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཉོན་མོངས་པའི་རྣམ་པས་བསྒྲིབས་པས་བདག་མེད་པ་བཞིན་དུ་སྣང་ལ། མདོ་ཆེན་པོ་འདི་ཐོས་པ་གང་ཡིན་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་མ་ཐག་ཏུ་ཤ་མོ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་ཤེས་པ་སྐྱེ་བར་འགྱུར་རོ། །མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ནི་སོས་ཀའི་དུས་དང་འདྲ་སྟེ། མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཐོས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་མི་ཤེས་སོ། །དབྱར་གྱི་ནམ་ལ་ཤ་མོ་སྐྱེ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ལས་དགོངས་པའི་ཚིག་གསང་བ་ཐམས་ཅད་འབྱུང་སྟེ། མདོ་སྡེ་འདི་ཐོས་མ་ཐག་ཏུ་དབྱར་གྱི་ནམ་ལ་ཤ་མོ་སྐྱེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་ཤེས་པར་འགྱུར་རོ། །དེ་ལ་དོན་ཆེན་པོ་རྒྱས་པར་བྱེད་པས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ལ་སློབ་པ་གང་ཡིན་པ་དེ་དག་ནི་ང་ལ་དྲིན་དུ་གཟོ་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཀྱེ་མ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མཐོང་བར་ཤིན་ཏུ་དཀའ་བ་དང་། རྗེས་སུ་ཤེས་པར་ཤིན་ཏུ་དཀའ་བ་དང་། བཟོད་པར་ཤིན་ཏུ་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ང་b ཡང་དེ་ཁོ་ན་སྐད་ཟེར་རོ། །གསོལ་པ། ཇི་ལྟར་མཐོང་བར་དཀའ་བ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་ལོང་བ་བརྒྱ་ཞིག་ཡོད་ལ། ལོང་བ་དེ་དག་མིག་
གིས་མཐོང་བར་འདོད་པའི་ཕྱིར་སྨན་པ་ཆེན་པོ་མིག་མཁན་ཞིག་གཉེར་ནས་སྨན་པ་དེས་དེ་དག་གི་མིག་དཔྱད་བྱས་ཏེ། དེ་དག་གི་མིག་པྲིས་ཡོག་པ་བསལ་ནས་རང་གི་སོར་མོ་གཅིག་བསྟན་ཏེ་དེ་རེ་རེ་ལ་འདི་སྐད་དུ། ཀྱེ་མི་ཁྱོད་ཀྱིས་ངའི་སོར་མོ་ལྟོས་ཤིག་དང་། ཁྱོད་ཀྱི་དཔྱད་ལེགས་སམ་མ་ལེགས་པ་མངོན་ནོ་ཞེས་ཟེར་རོ། །དེ་ནས་དཔྱད་བྱས་སུ་ཟིན་ཀྱང་དེའི་སོར་མོ་ཐབས་ཇི་ལྟར་བསྟན་ཀྱང་མི་དེ་དག་གིས་མ་མཐོང་ངོ་། །དེ་ནས་ལན་གཉིས་ལན་གསུམ་གྱི་བར་དུ་བསྟན་པ་དང་། དེའུ་མ་མཐོང་སྟེ་མཐོང་བ་དེ་བཞིན་དུ། རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྦྱང་བའི་དཔྱད་ཐམས་ཅད་བྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ། དེ་ལྟར་ཡོངས་སུ་སྦྱང་བ་བྱས་ཀྱང་མི་དེ་དག་དང་འདྲ་བར་བདག་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ལན་གཉིས་ལན་གསུམ་གྱི་བར་དུ་ངས་བསྟན་པ་དང་དེའུ་མ་མཐོང་སྟེ་མཐོང་ནས་འདི་སྐད་ཅེས་ཟེར་ཏེ། བདག་ཅག་ཀྱང་ཡུན་འདི་སྲིད་ཀྱི་བར་དུ་བདག་མེད་པའི་འཁོར་ལོ་གཅིག་པུས་ཡོངས་སུ་བསྐོར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ལྟ་མཐོང་རེ་སྐན་ཞེས་ཟེར་ཏེ། རིགས་ཀྱི་བུ་དེ་ལྟར་ན་ངའི་ཁམས་ཀྱི་བསྟན་བཅོས་ལ་འཇུག་པ་ནི་མཐོང་བར་དཀའ་བ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་མི་ལ་ལ་ཞིག་གིས་ནམ་མཁའ་ལ་ངང་པ་སྦྲེངས་ཤིང་ལྡིང་བ་མཐོང་ནས་དེས་དེ་ལྟར་མཐོང་ནས་ཐེ་ཙོམ་སྐྱེས་ཏེ། ཅི་འདི་ནམ་མཁའ་ཡིན་ནམ། འོན་ཏེ་ངང་པ་ལྡིང་བ་ཡིན་ཞིག་གུ་སྙམ་ནས་དེས་ལེགས་པར་བརྟགས་ན་ངང་པ་ལྡིང་བ་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བདག་ཅག་གིས་རང་རང་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་འོལ་ཕྱིར་མཐོང་ངོ་སྙམ་དུ་སེམས་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལྟ་མཐོང་རེ་སྐན། དཔེར་ན་མི་ལ་ལ་ལམ་དུ་ཞུགས་པ་ལས་མཁྲིས་པ་འཁྲུགས་ཏེ་ཕྱོགས་བསླད་ནས་ལེགས་པར་བརྟགས་ན་ལམ་དང་གཟུགས་འོལ་ཕྱིར་མཐོང་བ་དེ་བཞིན་
དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ལེགས་པར་བརྟགས་ན་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་ཡིན་པའི་ཁམས་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ། །དཔེར་ན་འགྲོན་པོ་ལ་ལ་ཞིག་སྐོམ་གྱིས་གདུངས་ནས་དབྱེ་དགོན་པ་ན་ཆུ་མི་རྙེད་དེ། ཆུ་འདོད་ཅིང་འདུག་པ་ལས་ཤིང་ཀ་ན་བྱ་གར་འཁོད་པ་དག་མཐོང་ནས་ཅི་འདི་ཁང་བཟངས་ཤིག་ཡིན་ནམ། འོན་ཏེ་ནམ་མཁའ་ཡིན་སྙམ་པ་ལས་ལེགས་པར་བརྟགས་ན་བྱ་གར་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ། རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ། །རིགས་ཀྱི་བུ་དཔེར་ན་རྒྱ་མཚོའི་གྲུར་ཞུགས་པའི་མིས་དཔག་ཚད་མང་པོ་ཞིག་གི་ཕ་རོལ་ནས་གྲོང་ཁྱེར་གྱི་ནང་ན་ཁང་བཟངས་དཀར་པོ་ཞིག་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་འདི་ནམ་མཁའ་ཡིན་ནམ། ཁང་བཟངས་ཡིན་ཞིག་གུ་སྙམ་པ་ལས་ལེགས་པར་བརྟགས་ན་འོལ་ཕྱིར་མཐོང་བ་དེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ། །རིགས་ཀྱི་བུ་དཔེར་ན་རྒྱལ་པོའི་བུ་གཞོན་ནུ་སྐྱིད་དེ་བར་འདུག་པ་ཞིག་མཚན་ཡལ་ནངས་སུ་རོལ་མོ་ལ་ལྟད་མོ་ལྟ་ལྟ་བ་ལས་ལངས་ཏེ་ཉི་མའི་འོད་ཀྱིས་མིག་འཁྲུགས་པར་གྱུར་པས་ལེགས་པར་བརྟགས་ན་རང་གི་སྐ་རགས་འོལ་ཕྱིར་ཙམ་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ། །དཔེར་ན་རྒྱལ་པོའི་ཞམ་རིང་ལ་ལ་ཞིག་མཚན་མོ་མུན་ནག་སྤྲིན་སྟུག་པོས་འཁྲིགས་པའི་ནང་ན། རྒྱལ་པོའི་ཕོ་བྲང་ནས་བྱུང་སྟེ་རང་གི་ཁྱིམ་དུ་འགྲོ་བ་ན། གློག་འགྱུ་བའི་སྐབས་སུ་གླང་ཁྱུ་བ་མདུན་ལོགས་ནས་འོང་བ་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་སྤྲིན་ནམ། འོན་ཏེ་ཁྱིམ་མམ། སྒོ་ཁང་ངམ། ཡང་ཐོག་གཅིག་གམ་སྙམ་
པ་ལས་ལེགས་པར་བརྟགས་ན་འོལ་ཕྱིར་མཐོང་བ་དེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་བཞིན་དུ་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྙམ་དུ་འོལ་ཕྱིར་མཐོང་བར་ཟད་དོ། །དཔེར་ན་དགེ་སློང་ཚུལ་ཁྲིམས་སྲུང་བ་ལ་གུས་པ་ལ་ལ་ཞིག་གིས་ཆུ་སྲོག་ཆགས་མེད་པ་ལ་རང་གི་བློས་སྲོག་ཆགས་ཡོད་པར་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་སྲོག་ཆགས་ཡིན་ནམ། འོན་ཏེ་རྡུལ་ཡིན་ནམ། ཡང་ན་གློ་བུར་དུ་འོངས་པའི་རྡུལ་ལམ། སྲོག་ཆགས་ཤིག་གམ་སྙམ་པ་ལས་ལེགས་པར་བརྟགས་ན་འོལ་ཕྱིར་མཐོང་བ་དེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ། །དཔེར་ན་མི་ལ་ལ་སྔ་དྲོ་ལྷོ་བུར་འཁྲིགས་པ་ན་ཕན་ཚུན་དུ་འགྲོ་བ་ལས་བྱིས་པ་དག་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་བ་ལང་ངམ། མ་ཧེའམ། འོན་ཏེ་བྱ་རྒོད་དམ་སྙམ་པ་ལས། དེའི་འོག་ཏུ་བྱིས་པ་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ། །དཔེར་ན་བྱང་ཆུབ་སེམས་དཔའི་གཟུགས་རས་ཆེན་པོ་ལ་བྲིས་པ་མཚན་མོ་མུན་པའི་ནང་དུ་བཀྲམ་པ་ལ་མི་མིག་ཡོད་པ་དག་གིས་བརྟགས་ན། ཅི་སངས་རྒྱས་ཀྱི་སྐུ་གཟུགས་ཤིག་ཡིན་ནམ། འོན་ཏེ་ཟངས་རས་དམར་པོ་ཞིག་གམ། འོན་ཏེ་དབང་ཕྱུག་ཆེན་པོ་དང་། ཚངས་པའི་གཟུགས་ཤིག་གམ་སྙམ་པ་ལས། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་གཟུགས་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ་རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་མཐོང་བར་ཤིན་ཏུ་དཀའ་སྟེ། དེ་བཞིན་གཤེགས་
པའི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་ངའི་བསྟན་པ་ནི་མཁས་པས་རིག་པར་བྱ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་མི་འཐུན་ནོ། །གསོལ་པ། གལ་ཏེ་དེ་ལྟ་ལགས་ན་ཤའི་མིག་དང་ལྡན་པ་རྣམས་ཀྱིས་ཆ་ཕྲ་བ་ཇི་ལྟར་བལྟ་བར་བགྱི་བ་ལགས། བཀའ་སྩལ་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱང་ཇི་ལྟར་བལྟ་བར་བྱ། འདི་ནི་སངས་རྒྱས་ཉིད་ཀྱི་ཡུལ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ། དེ་དག་གིས་ནི་མདོ་འདི་རྗེས་སུ་འཐུན་པ་ལས་ཡིད་ཆེས་པར་བྱའོ། །དེ་ལྟར་བྱས་དང་དེ་དག་ཀྱང་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདིའི་ཚུལ་གྱིས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡིད་ཆེས་པར་བྱ་སྟེ། མདོ་སྡེ་དང་རྗེས་སུ་འཐུན་པར་བརྩོན་པར་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་དེ་བཞིན་གཤེགས་པའི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པ་རྣམས་ལ་ཡང་སེམས་ཅན་གྱི་ཁམས་གང་ཟག་གཞག་པ་མཆིས་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་མི་གཉིས་ཤིག་མཛའ་སྟེ། གཅིག་ནི་རྒྱལ་པོའི་བུ། གཅིག་ནི་དབུལ་པོ་ཞིག་ཡིན་ལ། དེ་གཉིས་ཕན་ཚུན་བྱམས་པས་གཅིག་གི་ཁྱིམ་དུ་གཅིག་འགྲོ་ཞིང་རྩེ་བར་བྱེད་ལ། དེ་ནས་མི་དབུལ་པོ་དེས་རྒྱལ་པོའི་བུ་དེའི་རལ་གྲི་དེ་ལ་མདོག་བཟང་པོ་དེ་མཐོང་བ་ལས་རྒྱལ་པོའི་བུ་དེས་རལ་གྲི་དེ་ཁྱེར་ནས་ཡུལ་གཞན་དུ་སོང་ངོ་། །དེ་ནས་མི་དབུལ་པོ་དེ་མཚན་མོ་མགོན་མེད་པའི་རྟེན་ཁང་ཞིག་ཏུ་ཉལ་བ་ལས་བརྡོལ་ཏེ། རལ་གྲི་རལ་གྲི་ཞེས་ཟེར་ནས་དེའི་ཚིག་གྲོང་སྲུངས་རྣམས་ཀྱིས་ཐོས་ནས་རྒྱལ་པོ་ལ་གསོལ་ཏེ། རྒྱལ་པོ་དེས་མི་དེ་བཀུག་ནས་ཀྭའི་རལ་གྲི་ཅི་འདྲ་བ་ཞིག་ག་ལས་འོངས་ཞེས་སྨྲས་པ་དང་། དེས་
སྐབས་དེའི་གཏམ་རྒྱལ་པོ་དེ་ལ་གསོལ་ནས། ལྷ་གལ་ཏེ་བདག་གིས་བརྐུས་པར་གྱུར་ན་བདག་གི་རྐང་ལག་འདི་དག་གཅད་དུ་གསོལ། བདག་གིས་ནི་མཛའ་བོ་དང་ལྷན་ཅིག་རྩེ་བའི་ཚེ་མཐོང་བར་བས་ཏེ། རེག་ཀྱང་མ་རེག་ལགས་སོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་དེས་དེ་ལ་སྨྲས་པ། རལ་གྲི་དེའི་དབྱིབས་དང་མདོག་ཅི་འདྲ་བ་ཞིག་ཅེས་བྱས་ནས་དེས་རྒྱལ་པོ་ལ་གསོལ་པ། ལྷ་རལ་གྲི་དེ་ནི་ར་རུ་འདྲ་བ་ཞིག་ལགས་སོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་དེས་མི་དེ་བཏང་སྟེ་མི་ཁྱོད་མ་འཇིགས་ཤིག་མ་འཇིགས་ཤིག ། སྐྱེན་པར་གར་བདེ་བར་སོང་ཤིག ། ཁྱོད་ཀྱིས་སྔོན་རལ་གྲི་དེ་རྒྱལ་པོའི་ཕོ་བྲང་འདིར་མཐོང་ཡང་མ་མཐོང་སྟེ། རྒྱལ་པོའི་བུས་རང་གི་ཡུལ་དུ་ཚོང་འདུས་ནས་རྙེད་པ་ལྟ་ཞིག་སྟེ། དེ་ནི་རྒྱལ་པོས་ཀྱང་རྙེད་པར་དཀའོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་དེས་མདུན་ན་འདོན་དང་། བློན་པོ་རྣམས་ལ་རལ་གྲི་དེ་མཐོང་ངམ། ཞེས་བྱས་ནས་ཤིའོ། །གཞན་ཡང་ཆེའོ་ཅོག་གིས་རལ་གྲི་བཙལ་ཀྱང་མ་རྙེད་དོ། །དེ་ནས་རྒྱལ་པོའི་བུ་གཞན་ཞིག་རྒྱལ་སར་བཅུག་ནས་དེས་རལ་གྲི་དེ་རྙེད་དོ། །གཞན་དག་ནི་མ་རྙེད་བཞིན་དུ་རྒྱལ་པོ་བྱེད་དེ། དེ་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱལ་པོ་དེ་དག་གིས་ནི་རལ་གྲི་དེ་མ་མཐོང་སྟེ། རལ་གྲི་དེ་འདི་ལྟ་བུ་འདི་འདྲ་བ་ཞིག་གོ །ལུག་རུ་འདྲ་བ་ཞིག་གོ །ར་རུ་འདྲ་བ་ཞིག་གོ་སྙམ་དུ་རྟོག་པར་བྱེད་དོ། །ཁ་ཅིག་ནི་ཅི་དགའ་མགུར་རྟོག་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་མཐའི་རྒྱལ་པོའི་བུ་དེ་འདྲ་བར་འཇིག་རྟེན་དུ་འབྱུང་སྟེ། བདག་གི་དེ་ཁོ་ན་ཉིད་བསྟན་ནས་འཆི་བར་བྱེད་དོ། །དེ་ནས་བློ་ཆུང་བ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ལ་བདག་འདི་ལྟ་བུ་འདྲ་བ་ཞིག་ཡོད་དོ་སྙམ་སྟེ། ལོག་པར་མཐོང་ནས་ཤེས་རབ་མེད་པ་རྣམས་ལ་རྨི་ལམ་དུ་རྨིས་པ་བཞིན་དུ་སྟོན་པར་བྱེད་དོ། །འཇིག་རྟེན་པ་དེ་དག་གིས་ཀྱང་དེ་སྐད་དུ་ཐོས་ནས་རང་གི་ལུས་ལ་བདག་གི་ཁམས་ཡོད་དོ་སྙམ་དུ་རྟོག་པར་བྱེད་ལ། དེ་དག་གིས་བདག་དེའི་རང་བཞིན་ནི་མི་ཤེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་ལོག་པར་བཟུང་སྟེ། རལ་གྲི་ར་རུ་འདྲ་བར་རྟོག་
པ་དེ་བཞིན་དུ་རྣམ་པ་མང་པོར་རྟོག་པར་བྱེད་དེ། འཇིག་རྟེན་པ་རྣམས་སྐྱེས་བུ་མཐེ་བོ་ཙམ་ཞེས་བྱ་བ་དང་། ལྡུམ་བུ་ཤ་མ་ཀའི་འབྲས་བུ་ཙམ་དང་། འབྲས་ཀྱི་འབྲུ་ཙམ་ཞིག་སྙིང་ལ་གནས་ཏེ་ འབར་རོ་ཞེས་ལོག་པར་རྟོག་པར་བྱེད་དེ། དེ་དག་གི་ལྟ་བ ་དེ་ནི་ལོག་པར་ལྟ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཡིན་ཏེ། དོན་དུ་འགྱུར་བ་དང་བདེ་བར་འགྱུར་བ་མ་ཡིན་ནོ། །དེ་བས་ན་ངས་བདག་མེད་པར་བསྟན་ཏོ། །འོན་ཀྱང་ད་དུང་འཇིག་རྟེན་པ་རྣམས་བདག་ཡོད་དོ་སྙམ་དུ་ལོག་པར་རྟོག་པར་བྱེད་དོ། །རིགས་ཀྱི་བུ་དེ་བས་ན་ད་ཡང་ངའི་བསྟན་པ་ལས་རལ་གྲི་ཡང་དག་པ་དང་འདྲ་བར་བདག་ནི་འདི་ལྟ་བུ་ཞིག་གོ་ཞེས་དེ་བཞིན་གཤེགས་པའི་སྙིང་པོ་ངས་བཤད་པར་བྱའོ། །ལེགས་པར་སྨྲས་པ་ཆོས་དང་འཚམ་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་རྣམས་ཀྱི་ཡིན་ན་ཡང་འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར་བྱའོ། །འཇིག་རྟེན་པའི་ནང་ན་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་མཆོག་ནི་བྱང་ཆུབ་སེམས་དཔའ་སྤྲུལ་པ་ཡིན་པར་རིག་པར་བྱ་སྟེ། བསྟན་བཅོས་སམ། རིག་སྔགས་སམ། གསང་སྔགས་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ཤེས་པར་གྱིས་ཤིག ། གསོལ་པ། བཅོམ་ལྡན་འདས་ཀྱིས་ཡི་གེའི་ཕྱི་མོ་ཇི་ལྟར་བཀའ་སྩལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡི་གེའི་ཕྱི་མོ་ཐམས་ཅད་ནི་ཐོག་མར་ཡི་གེ་ཕྱེད་པ་སྤྲུལ་ཏེ། ཕྱི་མོ་རྣམས་ལ་རིག་སྔགས་དང་། གསང་སྔགས་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། ཕུང་པོ་ཐམས་ཅད་ཀྱི་གཟུངས་སུ་འགྱུར་རོ། །དེ་ཡང་དམ་པའི་ཆོས་ཀྱི་ཚུལ་ཡི་གེའི་ཕྱི་མོ་བསླབས་ན་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་ཕྱེད་པར་འགྱུར་བའི་ཕྱིར་ངས་སྤྲུལ་པ་ཡིན་གྱི། ཆོས་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །གསོལ་པ། ཡི་གེ་ཞེས་བགྱི་བའི་དོན་གང་ལགས། བཀའ་སྩལ་པ། སྒྲ་བཅུ་བཞི་ལ་ནི་ཡི་གེ་ཞེས་བྱ་སྟེ། གང་གི་ཕྱིར་ཡི་གེ་ཐམས་ཅད་ངེས་པ་ཡིན་པའི་ཕྱིར་ཏེ་མི་ཟད་པའི་དོན་ཏོ། །ཡི་གེའི་སྒྲ་བཅུ་བཞི་ཞེས་བྱ་བ་གང་གི་མི་ཕྱེད་པའི་དོན་གང་ཡིན་ཞེ་ན། མི་ཟག་པའི་
དོན་ཏོ། ། ཡི་གེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ནི་རྡོ་རྗེའི་སྐུ་མི་ཕྱེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་སྒོ་དགུ་ནས་འཛག་ཅེས་བྱ་བ་ཡང་མེད་ལ་སྒོ་དགུ་པོ་ཉིད་ཀྱང་མེད་དོ། །དེ་བས་ན་མི་ཟག་པའི་དོན་ནི་དེ་བཞིན་གཤེགས་པ་སྟེ། ངེས་པ་ཡིན་པའི་ཕྱིར་ཡི་གེ་ཞེས་བྱ་སྟེ་བྱས་པ་མ་ཡིན་པའི་དོན་ཏོ། །ཨ་ཞེས་བྱ་བ་ནི་བཀྲ་ཤིས་ཀྱི་དོན་ཏེ་གཞི་གསུམ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཨ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །འཕགས་པ་གང་དག་ཡིན་ཞེ་ན། འཇིག་རྟེན་ན་ཕྱུག་པ་དང་། ཆགས་པ་མེད་པ་དང་། རུང་བ་ཐམས་ཅད་ཀྱིས་ཆོག་པར་འཛིན་པ་གང་ཡིན་པ་རྣམས་དང་། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་ངེས་པར་སྒྲོལ་བ་གང་ཡིན་པ་དེ་དག་ལ་ནི་འཕགས་པ་ཞེས་བྱའོ། །ཨཱ་ཞེས་བྱ་བ་ནི་ཆོས་ལུགས་སུ་སྟོན་པ་སྟེ། ཆོ་ག་དང་། སྤྱོད་ཡུལ་དང་། འདུལ་བ་དང་། འཇིག་རྟེན་དང་འཐུན་པར་འཇུག་པ་ཞེས་བྱ་བས་ན་དོན་ཐ་དད་པ་མ་ཡིན་ནོ། །ཡང་ཨཱ་ཞེས་བྱ་བས་དོན་ཅི་ཞིག་རྒྱས་པར་བྱེད་ཅེ་ན། འཕགས་པ་རྣམས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱིས་ཆོ་ག་དང་། སྤྱོད་ཡུལ་དང་། ཕ་མ་དང་། སློབ་དཔོན་དང་། འདུལ་བ་དང་། གཅེས་པ་ཡིན་པར་ཤེས་ཤིང་འདི་ནི་ཆོས་ཉིད་ཡིན་ནོ་སྙམ་དུ་ཤེས་པར་འགྱུར་བའོ། །འཕགས་པ་གང་ཡིན་པ་དེ་དག་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཏེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འཕགས་པ་ཞེས་བྱའོ། །ཡང་ཨཱ་ཞེས་བྱ་བ་ནི་ཁྲིམས་སུ་སྟོན་པ་སྟེ། ཁྲིམས་ཞེས་བྱ་བ་ནི་ཀྱེ་མི་ཁྱོད་ཚུར་ཤོག ། ཁྱོད་ཀྱིས་ཚུལ་མ་ཡིན་པ་བྱས་ཀྱིས། ཕྱིན་ཅད་དེ་ལྟར་མ་བྱེད་ཅིག་ཅེས་བྱ་བ་དེ་ལྟ་བུ་ཚུལ་མ་ཡིན་པ་རྣམས་དེའི་ཚེ་དྲན་པར་བྱེད་པའི་དོན་ཏོ། །ཨི་ཞེས་བྱ་བ་ནི་འདི་ཞེས་བྱ་བའི་དོན་ཏེ། བསྟན་པ་འདི་ནི་ཚངས་པར་སྤྱོད་པ་ཟླ་བ་ཉ་བ་བཞིན་དུ་དྲི་མ་མེད་ཅིང་རྣམ་པར་དག་པའོ། །བསྟན་
པ་འདི་ནི་བཅོམ་ལྡན་འདས་ཀྱིའོ། །འདི་ནི་བྱོས་ཤིག ། འདི་ནི་དོན་ཡོད་པའོ། །འདི་ནི་དོན་མེད་པའོ། །འདི་ནི་བདུད་ཀྱིས་སྨྲས་པའོ། །འདི་ནི་སངས་རྒྱས་ཀྱིས་གསུངས་པའོ་སྙམ་དུ་ཉམས་སུ་མྱོང་བར་བྱ་བའི་དོན་ཏོ། །ཨཱི་ཞེས་བྱ་བ་ནི་དབང་ཕྱུག་སྟེ། ངའི་བསྟན་པ་ནི་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཤིན་ཏུ་དཀོན་པའོ། །དབང་ཕྱུག་ནི་ཆོས་སྐྱོང་བ་སྟེ། ཆོས་སྐྱོང་བས་ན་རྒྱལ་པོའོ། །དེའི་ཕྱིར་དེ་ལ་འཇིག་རྟེན་སྐྱོང་བ་ཞེས་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་སེམས་ཅན་གཞན་དག་གི་དོན་གྱི་ཕྱིར་དབང་ཕྱུག་རྣམས་ཀྱིས་ཞུས་སོ། །དབང་ཕྱུག་རྣམས་ཀྱིས་ཡོངས་སུ་བཟུང་ངོ་། །དབང་ཕྱུག་རྣམས་ཀྱིས་བཤད་དོ། །དབང་ཕྱུག་རྣམས་ཀྱིས་དམ་པའི་ཆོས་མཆོག་ཏུ་འབར་བར་བྱེད་དོ། །དབང་ཕྱུག་རྣམས་ཀྱི་ཕྱིར་ངས་བསྟན་ཏེ། ངས་ཅི་བསྟན་ཅེ་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བསྟན་ཏོ། །དེ་བས་ན་དབང་ཕྱུག་དང་ལྡན་པ་རྣམས་ཀྱི་ཤིན་ཏུ་རྒྱས་པ་ཡིན་ཏེ། འདི་ལ་ཕྲག་དོག་བྱེད་པ་རྣམས་ནི་ཞིང་ལ་ཞིང་གི་ངོ་བསལ་བ་བཞིན་དུ་ཚར་གཅད་པར་བྱའོ། །དེ་ལ་སོགས་པའི་དོན་དུ་མ་རྒྱས་པར་བྱེད་པས་ན། དེའི་ཕྱིར་ངས་ཨཱི་ཞེས་བྱ་བ་བསྟན་ཏོ། །ཨུ་ཞེས་བྱ་བ་ནི་རྒྱུད་ཕྱི་མ་སྟེ། མདོ་སྡེ་འདིས་མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་ཕྱི་མའི་ཡང་ཕྱི་མ་བསྟན་ཏོ། །ངས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མ་ཐོས་པའི་ཡི་གེ་གཅིག་པའམ་ཐིག་ལེ་གཅིག་བསྟན་ཏོ། །མདོ་སྡེ་ཆེན་པོ་འདི་ནི་མཆོག་དམ་པ་ཡིན་ཏེ། དཔེར་ན་བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་རྣམས་བསོད་ནམས་དང་ལྡན་པ་དེ་བཞིན་དུ་མདོ་སྡེ་ཆེན་པོ་འདི་ཉན་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །དེ་བས་ན་ཆེ་བ་ཞེས་བྱ་སྟེ་རྒྱུད་ཕྱི་མ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཨུ་ཞེས་བྱ་བ་ནི་ངས་དེ་ལྟར་བསྟན་ཏོ། །ཨཱུ་ཞེས་བྱ་བ་ནི་བའི་ནུ་སོར་ལྟ་བུའི་དོན་ཏེ། དཔེར་ན་བའི་འོ་མ་ཞིམ་པ་བཞིན་དུ་མདོ་འདིའི་རོ་ཡང་དེ་དང་འདྲའོ། །མདོ་སྡེ་འདི་ལས་དེ་བཞིན་གཤེགས་
པའི་སྙིང་པོ་བསྟན་པ་སྤོང་བར་བྱེད་པ་གང་ཡིན་པ་དེ་དག་ནི་བ་ལང་དང་འདྲ་སྟེ། དཔེར་ན་དྲིན་དུ་མི་གཟོ་བ་བདག་གིས་བདག་གསད་པར་སེམས་པ་དེ་དག་མཆོག་ཏུ་མྱ་ངན་དུ་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྤངས་ནས་བདག་མེད་པ་སྟོན་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་མཆོག་ཏུ་མྱ་ངན་དུ་བྱ་བ་ཡིན་པར་རིག་པར་བྱའོ། །དེ་བས་ན་ཨཱུ་ཞེས་བྱའོ། །ཨེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ། དེ་བས་ན་ཨེ་ཞེས་བྱའོ། །ཨཻ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དོན་ཏེ། ཨཻ་ཞེས་བྱ་ནི་འོང་བ་དང་འགྲོ་བའི་དོན་ཡིན་པས་ན་ཇི་ལྟར་སོང་བ་དེ་བཞིན་དུ་འོངས་པས་ན་དེའི་ཕྱིར་ཨཻ་ཞེས་བྱའོ། །ཨོ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་དོན་ཏེ། སྨན་དུ་འགྱུར་བས་མི་ལས་དེ་བཞིན་གཤེགས་པར་འགྱུར་རོ། །དེ་བས་ན་ཨོ་ཞེས་བྱའོ། །ཨཽ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཏེ། སྒྲ་བཅུ་བཞི་པོ་ཐམས་ཅད་ཀྱི་མཇུག་ནི་ཨཽ་ཡིན་པས་ན་ཐེག་པ་ཆེན་པོ་ནི་རྒྱུད་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་སྟེ་དེ་བས་ན་ཨཽ་ཞེས་བྱའོ། །ཨྃ་ཞེས་བྱ་བ་ནི་ངའི་བསྟན་པ་ལ་རུང་བ་མ་ཡིན་པ་ཐམས་ཅད་བཟློག་པ་དང་། གསེར་དང་དངུལ་སྤངས་པ་སྟེ། དེ་བས་ན་བཟློག་པའི་དོན་དུ་ཨྃ་ཞེས་བྱའོ། །ཨཿཞེས་བྱ་བ་ནི་ཐེག་པ་མཆོག་གི་དོན་ཏེ་དེ་བས་ན་ཨཿཞེས་བྱའོ། །དེ་བཞིན་དུ་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་ཐམས་ཅད་དང་རྒྱུད་ཐམས་ཅད་ཀྱི་མཐའ་ནི་ཐེག་པ་ཆེན་པོ་ཡིན་ནོ། །ཀ་ཞེས་བྱ་བ་ནི་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་བལྟ་བའི་དོན་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ་དེ་ལྟར་བསམ་པར་བྱ་བ་ཡིན་པས་ན་དེའི་ཕྱིར་ཀ་ཞེས་བྱའོ། །ཁ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའི་དོན་ཏེ། མི་བགྲུངས་པ་རྣམས་ཀྱིས་ཤེས་པར་མི་ནུས་པས་ན་དེའི་ཕྱིར་ཁ་ཞེས་བྱའོ། །ག་ཞེས་བྱ་བ་ནི་སྙིང་པོའི་དོན་ཏེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་ན་དེའི་ཕྱིར་ག་ཞེས་བྱའོ། །གྷ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་ཅེས་བྱ་བའི་དོན་ཏེ། དེ་བས་ན་དེ་བཞིན་
གཤེགས་པ་ནི་རྟག་པ་ཡིན་ནོ། །ང་ཞེས་བྱ་བ་ནི་འདུ་བྱེད་མི་རྟག་ཅེས་བྱ་བའི་དོན་ཏེ་དེ་བས་ན་ང་ཞེས་བྱའོ། །ཙ་ཞེས་བྱ་བ་ནི་སྤྱོད་པའི་དོན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་ན་དེའི་ཕྱིར་ཙ་ཞེས་བྱའོ། །ཚ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དཀར་པོའི་ཆོས་རྣམས་ཀྱིས་གདུགས་གཅིག་པ་ལམ་མེར་བཞུགས་པ་ཡིན་ཏེ་དེ་བས་ན་ཚ་ཞེས་བྱའོ། །ཛ་ཞེས་བྱ་བ་ནི་ཛ་དང་འདྲ་བར་ཐར་པ་དེ་ཞིགས་པ་མ་ཡིན་ཏེ་དེ་བས་ན་ཛ་ཞེས་བྱའོ། །ཛྷ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་སྐྱེན་པར་སྤྲུག་པར་བྱ་བའི་དོན་ཏེ་དེ་བས་ན་ཛྷ་ཞེས་བྱའོ། །ཉ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་ཆོས་ཤེས་པའི་ཚིག་བླ་དགས་ཏེ་དེ་བས་ན་ཉ་ཞེས་བྱའོ། །ཊ་ཞེས་བྱ་བ་ནི་ཊ་བཞིན་དུ་འཛམ་བུའི་གླིང་ཁ་ཅིག་ཏུ་དེ་བཞིན་གཤེགས་པའི་མཚུངས་པ་མེད་པའི་སྐུ་སྟོན་པར་མཛད་དེ་དེ་བས་ན་ཊ་ཞེས་བྱའོ། །ཋ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་དོན་ཏེ། ཋ་བཞིན་དུ་ཡོངས་སུ་རྫོགས་པས་ན་དེའི་ཕྱིར་ཋ་ཞེས་བྱའོ། །ཌ་ཞེས་བྱ་བ་ནི་དགེ་འདུན་གཞོན་ནུ་ཞེས་བྱ་བའི་དོན་ཏེ། ནུབ་པར་མི་འགྱུར་བའི་ཕྱིར་ཌ་ཞེས་བྱའོ། །ཌྷ་ཞེས་བྱ་བ་ནི་ངོ་ཚ་མི་ཤེས་པའི་དོན་ཏེ། བླ་མ་རྣམས་ལ་དྲིན་དུ་མི་གཟོ་བས་ན་དེའི་ཕྱིར་ཌྷ་ཞེས་བྱའོ། །ཎ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པ་རྣམས་འཕགས་པ་མ་ཡིན་པའི་དོན་ཏེ་དེ་བས་ན་ཎ་ཞེས་བྱའོ། །ཏ་ཞེས་བྱ་བ་ནི་སྲིད་པ་ཐམས་ཅད་དུ་ལྟུང་བ་ལས་བཟློག་པའི་དོན་ཏེ་དེ་བས་ན་ཏ་ཞེས་བྱའོ། །ཐ་ཞེས་བྱ་བ་ནི་མི་ཤེས་པའི་དོན་ཏེ། དར་གྱི་སྲིན་བུ་བཞིན་དུ་དཀྲིས་པས་ན་དེའི་ཕྱིར་ཐ་ཞེས་བྱའོ། །ད་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་བརྩོན་པར་བྱ་བ་ལ་དགའ་བར་གྱིས་ཤིག་པའི་དོན་ཏེ་དེ་བས་ན་ད་ཞེས་བྱའོ། །དྷ་ཞེས་བྱ་བ་ནི་གཞི་གསུམ་རི་རབ་བཞིན་དུ་བརྟན་ཞིང་ནུབ་པར་མི་འགྱུར་བའི་དོན་ཏེ་དེ་བས་ན་དྷ་ཞེས་བྱའོ། །ན་ཞེས་བྱ་བ་ནི་གཞི་གསུམ་གྲོང་ཁྱེར་གྱི་སྒོ་གཏན་གྱི་རྟེན་མ་བཞིན་དུ་ཤིན་ཏུ་བརྟན་པས་ན་དེའི་ཕྱིར་ན་ཞེས་བྱའོ། །པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་ཏེ། གཞི་གསུམ་ནུབ་པར་མི་འགྱུར་བ་ལ་བདག་ཉིད་ཡོངས་སུ་རྨོངས་པར་འགྱུར་བས་ན་པ་ཞེས་བྱའོ། །ཕ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་འཇིག་པའི་དོན་ཏེ།
འཇིག་རྟེན་འཇིག་པ་ན་གཞི་གསུམ་འཇིག་པར་འགྱུར་རོ་ཞེས་ཟེར་བ་ནི་བདག་ཉིད་ཀྱི་འབྲས་བུ་འཇིག་པར་བྱེད་པ་སྟེ། སྒྲུབ་པ་ལས་ཉམས་པས་ན་དེའི་ཕྱིར་ཕ་ཞེས་བྱའོ། །བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་རྣམས་ཀྱི་ཚིག་བླ་དགས་ཏེ། སྟོབས་བཅུ་དང་ལྡན་པས་ན་དེའི་ཕྱིར་བ་ཞེས་བྱའོ། །བྷ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་དམ་པའི་ཆོས་ཀྱི་ཁུར་ཁྱེར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་དེ་བས་ན་བྷ་ཞེས་བྱའོ། །མ་ཞེས་བྱ་བ་ནི་ངེས་པར་རང་གི་ཁུར་ཁྱེར་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལུགས་ཡིན་ཏེ་དེ་བས་ན་མ་ཞེས་བྱའོ། །ཡ་ཞེས་བྱ་བ་ནི་དོན་བཞི་པོ་རྣམས་བྱང་ཆུབ་སེམས་དཔས་བྱ་དགོས་པས་ན་དེའི་ཕྱིར་ཡ་ཞེས་བྱའོ། །ར་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཇིགས་པ་བསལ་བས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཆོས་ལ་འཇུག་པས་ན་དེའི་ཕྱིར་ར་ཞེས་བྱའོ། །ལ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་གྱེན་དུ་བསྐྱོད་ནས་ཐེག་པ་ཆེན་པོ་མི་གཡོ་བ་ཉིད་བརྩམ་པར་བྱ་བ་ཡིན་པས་ན་དེའི་ཕྱིར་ལ་ཞེས་བྱའོ། །ཝ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱི་རིག་སྔགས་དང་། གསང་སྔགས་དང་། སྨན་རྣམས་བྱང་ཆུབ་སེམས་དཔའ་མཆོག་རྣམས་ཀྱིས་བསྟན་པས་ན་དེའི་ཕྱིར་ཝ་ཞེས་བྱའོ། །ཤ་ཞེས་བྱ་བ་ནི་ཟུག་རྔུ་གསུམ་དང་བྲལ་བའི་དོན་ཏེ་དེ་བས་ན་ཤ་ཞེས་བྱའོ། །ཥ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་དོན་ཏེ་མདོ་སྡེ་ཆེན་པོ་འདི་ཐོས་ན་ཤིན་ཏུ་རྒྱས་པ་ཐམས་ཅད་ཐོས་པར་འགྱུར་བས་ན་དེའི་ཕྱིར་ཥ་ཞེས་བྱའོ། །ས་ཞེས་བྱ་བ་ནི་དམ་པའི་ཆོས་དབྱུང་བའི་སེམས་ཀྱི་དོན་ཏེ་དེ་བས་ན་ས་ཞེས་བྱའོ། །ཧ་ཞེས་བྱ་བ་ནི་ཀྱེ་མ་བདག་གིས་འཁོར་བ་མཐར་གཏུགས་སོ། །ཀྱེ་མ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་དགའ་བ་དང་ཡོངས་སུ་གདུང་བའི་དོན་ཏེ་དེ་བས་ན་ཧ་ཞེས་བྱའོ། །ཀྵ་ཞེས་བྱ་བ་ནི་བདུད་ཀྱི་དོན་ཏེ། བདུད་བྱེ་བ་སྙེད་ཀྱིས་ཀྱང་དགེ་འདུན་དབྱེ་བར་མི་ནུས་མོད་ཀྱི། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དང་འཐུན་པར་མཛད་པ་སྟོན་ཏོ། །ཡང་ཀྵ་ཞེས་བྱ་བ་ནི་འཇིག་རྟེན་
ཐམས་ཅད་འཐུན་པར་བྱ་བའི་ཕྱིར་མ་ལ་སོགས་པ་བསྟན་པའི་དོན་ཏེ་དེ་བས་ན་ཀྵ་ཞེས་བྱའོ། །རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བའི་ཡི་གེ་བཞི་པོ་འདི་རྣམས་ཀྱིས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། གཉེན་པོ་སྟོན་པའི་དོན་བཞི་རྒྱས་པར་བྱེད་དོ། །འཇིག་རྟེན་དང་འཐུན་པར་བྱ་བ་དེ་ནི་གཉེན་པོ་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱིས་དགེ་འདུན་ཕྱེ་བ་ལྟ་བུའོ། །དགེ་འདུན་ཕྱེ་བ་སྟོན་པ་ན་བསླབ་པའི་གཞི་བཅའ་བའི་ཕྱིར་ཚུལ་གཞན་དག་ཀྱང་སྤྲུལ་ཏེ་ཐབས་སྟོན་པ་དེ་མཐོང་ན་ཤེས་རབ་ཅན་སྐྲག་པར་མི་བྱ་བར་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཡིན་ནོ་སྙམ་དུ་ཡིད་ཆེས་པར་བྱ་སྟེ། དེ་བས་ན་རཱི་རཱཱི་ལཱི་ལཱཱི་ཞེས་བྱའོ། །མཆུ་གཉིས་ལས་བྱུང་བ་དང་། ལྕེ་དྲུང་ནས་བྱུང་བ་དང་། ཁ་སྣ་གཉིས་ནས་འབྱུང་བ་དང་། རིང་པོ་དང་། རྒྱུན་རིང་དུ་དྲང་བ་རྣམས་ནི་དོན་དང་ལྷན་ཅིག་ཏུ་སྦྱར་བ་ཡིན་ནོ། །ཡི་གེ་རྣམས་ལྷན་ཅིག་ཏུ་སྦྱར་བས་ནི་བྱེད་པ་ལ་འཇུག་པར་འགྱུར་རོ། །ལྕེ་དང་སོ་ལ་སོགས་པ་རྣམས་ནི་ལུས་ཀྱི་ཁམས་ཡིན་ཏེ། ཁམས་དེ་ཡང་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམ་པ་སྣ་ཚོགས་དེ་དག་ལྟ་བུ་ཡང་མགོ་མཉམ་དུ་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ཉེ་བར་ཞི་བར་ཁོངས་སུ་འདུའོ། །དེ་བཞིན་གཤེགས་པའི་སྙིང་པོས་ཁྱབ་པའི་ཁམས་དེའི་གཟི་བརྗིད་ཀྱིས་ལྷན་ཅིག་ཏུ་སྦྱར་བས་བྱེད་པ་ལ་འཇུག་པར་འགྱུར་ཏེ། དེ་བས་ན་ཡི་གེ་ཕྱེད་པ་ཞེས་བྱའོ། །རྒྱུད་ཐམས་ཅད་དང་། གསང་སྔགས་ཐམས་ཅད་དང་། ཆོས་ཐམས་ཅད་ནི་ཡི་གེ་ཕྱི་མོ་སྦྱར་བའི་ཐ་སྙད་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་དང་ཐར་པ་དེ་ཁོ་ན་ཉིད་དུ་མཐོང་ངོ་། །ཡི་གེ་བརྗོད་པ་དང་རྟོག་པའི་འདུ་ཤེས་དང་ཡི་གེ་དང་འབྲུའི་འདུ་ཤེས་དེ་ཉིད་སྤངས་པ་ནི་དེ་བཞིན་གཤེགས་པ་དང་ཐར་པ་སྟེ། དེ་བས་ན་ཐར་པ་ནི་ཐམས་ཅད་དུ་གྲོལ་བ་དང་རབ་ཏུ་གྲོལ་བ་ཡིན་ནོ། །དེ་བཞིན་གཤེགས་པ་དེ་ཉིད་ཡི་གེ་ཕྱེད་པའི་ཆོས་ཀྱི་དོན་ཁོ་ནའི་ཕྱིར་བྱུང་བ་ཡིན་ནོ་སྙམ་དུ་ཡང་དག་པར་གཤེགས་པ་གང་ཡིན་པ་དེ་དག་ནི་ཡི་གེ་ཤེས་པ་ཞེས་བྱའོ། །གཞན་དག་ནི་ཡི་གེ་ཕྱེད་པ་ཤེས་པ་ཞེས་བྱའོ། །ཡི་གེ་མེད་པ་གང་དག་ཡིན་
ཞེ་ན། ཆོས་མ་ཡིན་པ་སྟེན་པ་གང་ཡིན་པ་རྣམས་སོ། །ཆོས་ལ་སྟེན་པ་ཡིན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་རྟག་པ་དང་། གཞི་གསུམ་པོ་དང་། ཐར་པ་ཐེར་ཟུག་པ་དང་། མདོ་སྡེ་དང་། མདོ་སྡེ་མ་ཡིན་པ་དང་། འདུལ་བ་དང་། འདུལ་བ་མ་ཡིན་པ་དང་། བདུད་ཀྱིས་སྨྲས་པ་དང་། སངས་རྒྱས་ཀྱིས་གསུངས་པའི་བྱེ་བྲག་མི་ཕྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཁོང་ན་ཡི་གེ་མེད་པ་ཞེས་ང་ཟེར་རོ། །རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱིས་ཚུལ་འདི་དག་ལ་ཡི་གེ་ཕྱེད་པ་རྣམས་སློབས་ཤིག་དང་། དེ་ལྟར་བྱས་ན་ཡི་གེ་ཤེས་པ་ཞེས་བྱ་བའི་གྲངས་སུ་གཏོགས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བདག་གིས་གྲངས་སུ་ཆུད་པར་བགྱི་སྟེ། དེ་ལྟར་འཚལ་བས་ན་ཡི་གེ་ཕྱེད་པ་རྣམས་བསླབ་པར་བགྱི་འཚལ་ལགས་སོ། །བཅོམ་ལྡན་འདས་བདག་གིས་ད་གཟོད་སློབ་དཔོན་གྱི་མཆོག་ཁྱོད་ལྟ་བུ་རྙེད་ལགས་སོ། །བཅོམ་ལྡན་འདས་བདག་ནི་ད་གཟོད་ཡིག་རྩིས་ཀྱི་གནས་སུ་ཞུགས་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དམ་པའི་ཆོས་འདོད་པས་ནི་དེ་ལྟར་འདོད་པར་བྱ་དགོས་སོ། །རིགས་ཀྱི་བུ་དེ་ལ་ཟལ་མོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པ་རྣམས་ཀྱི་ཟལ་མོ་རྣམས་དང་། བཞད་དང་འགྲོགས་པའི་ཟལ་མོ་རྣམས་ཏེ་དེ་ནི་བྱའི་དོན་ཏོ། །གསོལ་པ། སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པ་ལ་ཇི་ལྟར་ཟལ་མོ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་ཁ་ཅིག་ནི་མི་རྟག་ལ་ཆོས་ཁ་ཅིག་ནི་རྟག་པའི་ཕྱིར་དང་། ཆོས་ཁ་ཅིག་ནི་སྡུག་བསྔལ་ལ་ཆོས་ཁ་ཅིག་ནི་བདེ་བའི་ཕྱིར་དང་། ཆོས་ཁ་ཅིག་ནི་བདག་མེད་ལ་ཆོས་ཁ་ཅིག་ནི་བདག་ཡོད་པའི་ཕྱིར་ཏེ། དཔེར་ན་བུ་རམ་ཤིང་དང་། འབྲས་སཱ་ལུ་དང་། འབྲུ་དང་། ཁྲེ་དང་། ཁྲེ་རྒོད་དང་། སྲན་མ་དང་། སྲན་སྡེའུ་དང་། སྲན་གྲེའུ་ལ་སོགས་པ་འབྲུའི་སྣ་གྲངས་རྣམས་མེ་ཏོག་གི་དུས་ནས་འབྲས་བུའི་དུས་ཀྱི་བར་དུ་མི་རྟག་པའི་ཁོངས་སུ་འདུས་སོ། །ཕུབ་མ་མེད་པར་གྱུར་ནས་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ལ་
འབྲུའི་གྲངས་ཀྱི་ཁོངས་སུ་འདུས་ཏེ། དེས་ན་རྟག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་དུ་གྱུར་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་དག་སླད་ཀྱིས་མ་མཆིས་པར་མི་འགྱུར་ལགས་སམ། དེ་དག་སླད་ཀྱིས་མ་མཆིས་པར་མི་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྟག་པ་ཞེས་བགྱི་ལགས་སམ། བཀའ་སྩལ་པ། དེ་བཞིན་གཤེགས་པ་རི་རབ་བཞིན་ཞེས་དཔེར་བླང་མོད་ཀྱི། རིའི་རྒྱལ་པོ་རི་རབ་ཀྱང་འཇིག་པའི་བསྐལ་པས་འཇིག་པར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཁྱོད་དེ་ལྟར་མ་འཛིན་ཅིག ། མྱ་ངན་ལས་འདས་པ་མ་གཏོགས་པར་འཇིག་རྟེན་ཐམས་ཅད་ན་འཇིག་པར་མི་འགྱུར་བ་ཅུང་ཟད་ཀྱང་མེད་ཀྱིས་འཇིག་རྟེན་དང་འཐུན་པའི་ཚུལ་གྱིས་ཀུན་རྫོབ་ཀྱི་ཐ་སྙད་ཀྱི་རྗེས་སུ་འཇུག་པར་གྱིས་ཤིག ། གསོལ་པ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བསྒོམ་པ་བསྒོམས་པའི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་སེམས་ཅན་རྣམས་ཀྱིས་ནམ་མ་ཐོས་ཀྱི་བར་དུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ། །མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་མེད་པའི་ཁོངས་སུ་འདུས་ལ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་ཡང་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར་རོ། །མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ཤིང་ཨ་མྲའམ་ཤིང་ཏ་ལ་ཡང་རུང་སྟེ། མེ་ཏོག་གི་དུས་ནས་འབྲས་བུའི་དུས་ཀྱི་བར་དུ་ནི་མི་རྟག་པའི་ཆོས་ཀྱི་ཁོངས་སུ་འདུས་སོ། །འབྲས་བུ་སྨིན་པར་གྱུར་ནས་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ཏེ། རྟག་པའི་ཆོས་ཀྱི་ཁོངས་སུ་འདུས་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བསྒོམ་པ་བསྒོམས་པའི་འབྲས་
བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་སེམས་ཅན་རྣམས་ཀྱིས་ནམ་མ་ཐོས་ཀྱི་བར་དུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ། །མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་མེད་པའི་ཁོངས་སུ་འདུས་ལ་སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར་རོ། །མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་གསེར་ཁུང་ངམ་ཟངས་ཁུང་ཡང་རུང་སྟེ། བརྐོ་བའི་དུས་ཀྱི་བར་དུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ། །གསེག་མ་དང་། རྡོ་དང་། སྐྱོན་རྣམས་མེད་པར་གྱུར་ནས་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ཏེ། རྟག་པའི་རྫས་རིན་པོ་ཆེའི་ཁོངས་སུ་འདུས་སོ། །རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བསྒོམ་པ་བསྒོམས་པའི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་སེམས་ཅན་རྣམས་ཀྱིས་ནམ་མ་ཐོས་ཀྱི་བར་དུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ། །མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་མེད་པའི་ཁོངས་སུ་འདུས་ལ་སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར་རོ། །མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་བུ་རམ་ཤིང་ངམ་ཏིལ་ཡང་རུང་སྟེ། ཁུ་བ་དང་མར་དུ་གྱུར་པའི་དུས་ཀྱི་བར་དུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ། །བུ་རམ་ཤིང་གི་ཚིགས་མ་དང་། ཏིལ་གྱི་ཚིགས་མ་མེད་པར་གྱུར་ནས་ནི་སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་ལ་རྫས་རྟག་པའི་ཁོངས་སུ་ཡང་འདུས་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བསྒོམ་
པ་བསྒོམས་པའི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་སེམས་ཅན་རྣམས་ཀྱིས་མ་ཐོས་ཀྱི་བར་དུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ། །མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་མེད་པའི་ཁོངས་སུ་འདུས་ལ། སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར་རོ། །མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ཆུ་ཀླུང་ཐམས་ཅད་ནི་རྒྱ་མཚོའི་ཁོངས་སུ་འདུས་སོ། །རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། ཐེག་པ་ཆེན་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིའི་ཁོངས་སུ་འདུས་སོ། །ཅིའི་ཕྱིར་ཞེ་ན། འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་ཡོངས་སུ་མཐར་ཐུག་པ་གསལ་བར་བསྟན་པའི་ཕྱིར་ཏེ། མཆོག་ཏུ་མཐར་ཕྱིན་པ་གང་ཡིན་པ་དེ་ནི་རྒྱུ་ཞེས་བྱའོ། །དེ་བས་ན་ཆོས་ཁ་ཅིག་ནི་མི་རྟག་ལ་ཆོས་ཁ་ཅིག་ནི་རྟག་ཅེས་བྱའོ། །གསོལ་པ། སངས་རྒྱས་ལ་ཡང་མྱ་ངན་གྱི་ཟུག་རྔུ་མཛད་པ་མངའོ་ཞེས་སྨོས་ཏེ། རྫོགས་པའི་སངས་རྒྱས་ཀྱི་ནི་མིའི་མྱ་ངན་ལྟ་བུ་ཡང་མ་ལགས། ལྷའི་མྱ་ངན་ལྟ་བུ་ཡང་མ་ལགས། བདུད་ཀྱི་མྱ་ངན་ལྟ་བུ་ཡང་མ་ལགས། སངས་རྒྱས་ནི་དུད་འགྲོར་སྐྱེས་པ་ལྟ་བུ་ཡང་མྱ་ངན་མི་མཛད་ལགས་ན་ཇི་ལྟ་བུ་ཞིག་ལགས། བཀའ་སྩལ་པ། འདུ་ཤེས་མེད་པ་པ་རྣམས་ཀྱི་འདུ་ཤེས་ཀྱང་ཇི་ལྟ་བུ་ཞིག ། འདུ་ཤེས་མེད་ན་ནི་གསོན་པ་ཡང་མི་རིགས་ཏེ། འདུ་ཤེས་མེད་པ་པ་རྣམས་ནི་གསོན་པོ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་མེད་པ་དེ་དག་ལ་འདུ་ཤེས་ག་ལ་ཞིག་ཡོད་དེ། དཔེར་ན་ཤིང་རྣམས་ལ་ལྷ་རྣམས་གནས་མོད་ཀྱི། ལྷ་དེ་དག་ཤིང་གི་ཡལ་ག་རྣམས་སམ་རྩ་བ་རྣམས་གང་ན་གནས་པ་མི་མངོན་པ་དེ་བཞིན་དུ་
བསྟན་པ་ཡང་ཟབ་བོ། །དེ་བཞིན་གཤེགས་པ་ཡང་ཟབ་བོ། །སྒྲ་གཅན་ཟིན་ལ་བྱ་བ་བཞིན་དུ་བྱམས་པས་རྟག་ཏུ་མྱ་ངན་བྱེད་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་མྱ་ངན་བྱེད་པ་དང་འདྲའོ། །དེ་དག་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ་སངས་རྒྱས་རྣམས་ཀྱི་དེ་ལྟ་བུ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཅི་འདྲ་བ་དང་། སྐུ་ཅི་འདྲ་བ་དང་། རང་བྱུང་རྣམས་ཀྱི་གསུང་ཅི་འདྲ་བ་དང་། ཐུགས་ཅི་འདྲ་བ་ནི་སངས་རྒྱས་རྣམས་ཀྱིས་མཁྱེན་པར་ཟད་དེ་ཡིད་ཀྱི་རང་བཞིན་ལ་མྱ་ངན་ག་ལ་ཡོད། མྱ་ངན་མེད་ན་ཡང་བསྟན་པ་ཤིན་ཏུ་རྒྱས་པ་ཡོད་པ་དང་འགལ་ལོ། །མྱ་ངན་མེད་དོ་ཞེས་བྱས་ན་ནི་སྒྲ་གཅན་ཟིན་དང་འདྲ་བར་གཟིགས་ཞེས་བྱ་བ་བརྫུན་པར་འགྱུར་རོ། །ཆོས་ཐམས་ཅད་བརྫུན་པའོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པར་བསྟན་ཏོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་བསམ་གྱིས་མི་ཁྱབ་བོ། །ཆོས་ཀྱང་བསམ་གྱིས་མི་ཁྱབ་བོ། །བསྟན་པ་ཡང་བསམ་གྱིས་མི་ཁྱབ་སྟེ། དེ་ལྟར་ན་སངས་རྒྱས་རྣམས་ཀྱི་ཡང་དག་པའི་ཆོས་ཉིད་ནི་དེ་ཡིན་ནོ། །ཇི་སྲིད་དུ་ནམ་མཁའ་ཡིན་པ་དེ་སྲིད་དུ་ཁྱིམ་གནས་པ་ཡང་མེད། ཀ་བ་ཡང་མེད། རྡུལ་ཡང་མེད་དེ། ནམ་མཁའི་ངོ་བོ་ཉིད་ཁོ་ནར་འདུག་པ་དེ་མཐོང་ནས་བྱིས་པའི་རང་བཞིན་ཅན་རྣམས་ཀྱིས་ནམ་མཁའ་ཇི་ལྟར་འདུག་པ་དེ་བཞིན་དུ་སེམས་ཡོངས་སུ་བསྒྱུར་བར་བྱའོ། །དེ་ལྟར་བསམ་གྱིས་མི་ཁྱབ་པ་ལ་མྱ་ངན་ག་ལ་ཡོད། མྱ་ངན་མེད་པར་ཡང་སྒྲ་གཅན་ཟིན་བཞིན་དུ་གཟིགས་ཞེས་བྱ་བ་དོན་མེད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་མྱ་ངན་ནི་ནམ་མཁའ་དང་འདྲའོ། །སྒྱུ་མ་ལ་སེམས་གཞན་མེད་པ་བཞིན་དུ་དེ་བཞིན་གཤེགས་པ་ལ་མྱ་ངན་མངའ་ཞེས་བྱ་བ་དེ་ཡང་སྒྱུ་མའི་ཚུལ་ཙམ་དུ་ཟད་ན་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་ལ་མྱ་ངན་ག་ལ་ཡོད། མི་རྟག་པ་ལ་ནི་མྱ་ངན་ཡོད་དེ། དེ་དག་གི་སེམས་ལས་གྱུར་པ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་གོ །མི་རྟག་པ་ལ་ནི་མྱ་ངན་ཡོད་ན་དེ་བཞིན་གཤེགས་པ་ནི་མི་རྟག་པ་མ་ཡིན་པས་ན་མྱ་ངན་ཡོད་ཅེས་བྱ་བ་
དང་། མེད་ཅེས་བྱ་བར་རྟོགས་པར་མི་ནུས་ཏེ། །དེ་བཞིན་གཤེགས་པ་ནི་མྱ་ངན་དང་བྲལ་བ་ཡིན་ནོ། །དམའ་བས་ནི་དམའ་བ་ཤེས་ཀྱི་དམའ་བས་ནི་འབྲིང་མི་ཤེས་སོ། །འབྲིང་གིས་ནི་འབྲིང་ཤེས་ཀྱི་འབྲིང་གིས་ནི་རབ་མི་ཤེས་སོ། །རབ་ཀྱིས་ནི་དམའ་བ་དང་། འབྲིང་དང་། རབ་རྣམས་ཤེས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་རང་གི་སའི་བདག་ཤེས་པར་ཟད་དོ། །སངས་རྒྱས་རྣམས་ཀྱིས་ནི་ཐམས་ཅད་ཐུགས་སུ་ཆུད་དེ། དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡེ་ཤེས་སྒྲིབ་པ་མི་མངའ་བ་ཞེས་བྱའོ། །དེ་ལྟར་ན་ལྷའི་ཡུལ་དང་སའི་སྟེང་དག་ཏུ་སྒྱུ་མ་རྣམ་པ་སྣ་ཚོགས་སྟོན་ཏོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་དང་འཐུན་པར་སྟོན་ཏོ་སྙམ་དུ་ཤེས་ནས་ཤའི་མིག་དང་ལྡན་པའི་བྱིས་པ་རྣམས་ཀྱིས་ཀྱང་ཐོགས་པ་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་མཁས་པའི་ཤེས་པ་ལ་གནས་པར་བྱའོ། །དེ་ལྟར་ན་མྱ་ངན་དང་མྱ་ངན་མེད་པ་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱིས་བརྟགས་པ་ཡིན་གྱི་བྱིས་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །དེ་བས་ན་ཆོས་ཁ་ཅིག་ནི་བདག་ཡོད་ལ་ཆོས་ཁ་ཅིག་ནི་བདག་མེད་དེ། འདི་ནི་ཟལ་མོ་ལྟ་བུར་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་སངས་རྒྱས་ཀྱི་སྤྱོད་ཡུལ་བྱ་བཞད་གཟས་ལ་འགྲོ་བ་ལྟ་བུ་བསྟན་པར་བྱ་སྟེ། དཔེར་ན་བྱ་བཞད་རྣམས་དང་ཟལ་མོ་རྣམས་ནི་དབྱར་ཆུ་ཀླུང་རྣམས་ཀྱི་ཆུ་ཤིན་ཏུ་བྲུག་པའི་ཚེ་རང་གི་སྒོ་ངའི་ཚིས་བྱ་བའི་ཕྱིར་ཐང་ག་ལས་གཞི་བརྟན་པོར་གནས་འཆའ་བར་བྱེད་ལ། སྤྱོད་ཡུལ་གང་ཡིན་པ་དེར་འདོང་བར་བྱེད་དེ་དེ་ནི་དེ་དག་གི་ཆོས་ཉིད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྐྱེས་ནས་སེམས་ཅན་བྱེ་བ་ཕྲག་མང་པོ་དམ་པའི་ཆོས་ལ་བཀོད་དེ། བཞད་དང་ཟལ་མོ་བཞིན་དུ་གདུལ་བར་བྱ་བ་ཇི་སྙེད་ཡོད་པ་དེ་དག་གི་དོན་རྣམས་བྱས་ཟིན་ནས་གདུལ་བར་བྱ་བ་གཞན་དག་ག་ལ་ཡོད་པ་དེར་སྣང་བར་གྱུར་ཏོ། །དེ་ལྟར་ན་ཆོས་ཁ་ཅིག་ནི་སྡུག་བསྔལ་ལ་ཆོས་ཁ་ཅིག་ནི་བདེ་ཞེས་བྱ་སྟེ། འདུ་བྱེད་གང་ཡིན་པ་དེ་དག་
ནི་སྡུག་བསྔལ་བ་དང་འཇིག་པ་ཡིན་ནོ། །མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་མཆོག་ཏུ་བདེ་བ་ཡིན་ཏེ། འདུ་བྱེད་སྤངས་པའི་ཕྱིར་བདེ་བ་དང་ལྡན་ནོ། །གསོལ་པ། དེ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཇི་ལྟ་བ་བཞིན་ནོ། །གསོལ་པ། མྱ་ངན་ལས་འདས་པ་ཐོབ་པའི་སེམས་ཅན་རྣམས་ཇི་ལྟར་དེ་བདེ་བ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ངས་བསྟན་པ་ལ་རྒ་བ་དང་འཆི་བ་ནི་འདུ་བྱེད་རྣམས་ལས་བྱུང་བའོ། །བག་ཡོད་པ་ནི་འཆི་བ་མེད་པའི་གནས་སོ། །བག་མེད་པ་ནི་འཆི་བའི་གནས་སོ། །བག་ཡོད་པ་དང་ལྡན་པ་རྣམས་ནི་འཆི་བར་མི་འགྱུར་རོ། །བག་མེད་པ་དང་ལྡན་པ་རྣམས་ནི་རྟག་ཏུ་ཤི་བ་དང་འདྲའོ། །བག་མེད་པ་དང་ལྡན་པ་གང་ཡིན་པ་དེ་ནི་འདུ་བྱེད་ཡིན་ཏེ་དེ་ནི་མཆོག་ཏུ་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་འཆི་བ་མེད་པའོ། །བག་མེད་པ་དང་ལྡན་པ་རྣམས་ནི་འདུ་བྱེད་དུ་གྱུར་པ་ཡིན་ཏེ་དེ་དག་ནི་མཆོག་ཏུ་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་གང་ཡིན་པ་དེ་དག་ནི་འཆི་བ་མེད་པ་ཡིན་ནོ་ཞེས་ང་ཟེར་རོ། །བག་ཡོད་པ་དང་ལྡན་པ་གང་ཡིན་པ་དེ་དག་ནི་འདུ་བྱེད་དུ་གྱུར་པ་མ་ཡིན་ཏེ། དེ་དག་ནི་འདུ་བྱེད་རྣམས་ལ་སྤྱོད་ཀྱང་རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། གཞིག་ཏུ་མེད་པ་ཞེས་ང་ཟེར་རོ། །དེ་ལ་བག་མེད་པ་དང་ལྡན་པ་རྣམས་ནི་གང་ཡིན། བག་ཡོད་པ་དང་ལྡན་པ་རྣམས་ནི་གང་ཡིན་ཞེ་ན། འཇིག་རྟེན་པ་རྣམས་ནི་བག་མེད་པ་དང་ལྡན་པ་ཡིན་ཏེ་ཤི་བ་དང་འདྲའོ། །འཇིག་རྟེན་ལས་འདས་པ་རྣམས་ནི་རྒ་བ་མེད་པ་དང་འཆི་བ་མེད་པའོ། །བག་ཡོད་པ་དང་ལྡན་པ་རྣམས་ནི་མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བ་ཐོབ་པའོ། །དེ་བས་ན་ཆོས་ཁ་ཅིག་ནི་སྡུག་བསྔལ་ལ་ཆོས་ཁ་ཅིག་ནི་བདེ་བ་ཡིན་ནོ་ཞེས་ངས་བསྟན་ཏོ། །ཆོས་ཁ་ཅིག་ནི་བདག་མེད་ལ་ཆོས་ཁ་ཅིག་ནི་བདག་ཡོད་པ་ནི་དཔེར་ན་ས་ལ་འདུག་པའི་མི་ལྷའི་མིག་མེད་པས་ནམ་མཁའ་ལ་བྱ་འཕུར་བའི་རྗེས་མི་མཐོང་བ་དེ་བཞིན་དུ། ཉོན་མོངས་པ་ལ་གནས་པ་རྣམས་ཀྱིས་བདག་ཉིད་ལ་སྙིང་པོའི་མཆོག་ཡོད་པ་བདག་གིས་མི་མཐོང་སྟེ། དེ་བས་ན་ངས་
དགོངས་པའི་ཚིག་གིས་བདག་མེད་དོ་ཞེས་བསྟན་ཏོ། །ལྷའི་མིག་མེད་པའི་མི་རྣམས་ཀྱིས་ནི་བདག་ལ་བདག་ཡོད་དུ་ཟིན་ཀྱང་མི་མཐོང་སྟེ་ཉོན་མོངས་པ་ཡིན་ནོ་ཞེས་ང་ཟེར་རོ། །ཉོན་མོངས་པའི་རྣམ་པའི་འདུ་བྱེད་རྣམས་གང་ཡིན་པའི་ཆོས་དེ་དག་ནི་མི་རྟག་པ་ཞེས་བྱའོ། །དེ་བས་ན་ཆོས་ཁ་ཅིག་ནི་མི་རྟག་པའོ་ཞེས་ངས་བསྟན་ཏོ། །རྒྱུ་དེས་ན། ཤེས་རབ་ལྡན་པ་རི་ཀར་འདུག་པ་ཡིས། །བྱིས་པ་ས་ལ་འདུག་པ་ལེགས་པར་མཐོང་། །ཤེས་རབ་ཁང་བཟངས་སྟེང་ན་འདུག་པ་ཡིས། །མྱ་ངན་མེད་ཀྱང་སྐྱེ་དགུ་མྱ་ངན་མཐོང་། །ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ཉོན་མོངས་པའི་རྣམ་པ་བཅད་ནས་ཤེས་རབ་ཅན་རི་ཀ་ན་གནས་པས་ཉོན་མོངས་པའི་རྣམ་པ་དང་འབྲེལ་བའི་བྱིས་པ་མཐོང་བ་བཞིན་ནོ། །གསོལ་པ། ཤེས་རབ་ཁང་ཐོག་མཆིས་པ་གང་དག་ལགས། །མྱ་ངན་མ་མཆིས་གང་ལགས་འཇིག་རྟེན་ན། །མྱ་ངན་མ་མཆིས་མྱ་ངན་འདས་པ་ལ། །མྱ་ངན་དག་ནི་ཇི་ལྟར་མཆིས་པར་འགྱུར། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་བྱིས་པ་རྣམས་ཀྱིས་ཇི་ལྟར་མཐོང་ལགས། ཤེས་རབ་ཀྱི་ཁང་བཟངས་ཀྱི་སྟེང་དུ་ཡང་ཇི་ལྟར་བཞུགས་ལགས། མི་རི་ཀ་ན་མཆིས་པས་ནི་མཐོང་དུ་རུང་སྟེ། འདི་ནི་མཆིས་ན་གདོད་རུང་བ་ལགས་ན་ཡོངས་སུ་མྱ་ངན་ལས་འདས་པས་ཇི་ལྟར་མཐོང་ལགས། བཀའ་སྩལ་པ། ཤེས་རབ་ཀྱི་ཁང་བཟངས་ནི་མྱ་ངན་ལས་འདས་པའོ། །མྱ་ངན་མེད་པ་ནི་དེ་བཞིན་གཤེགས་པའོ། །མྱ་ངན་གྱི་ཤས་ཆེ་བ་ནི་སྐྱེ་དགུ་རྣམས་ཡིན་ཏེ། དེ་དག་ནི་མྱ་ངན་ཅན་ཡིན་ལ་དེ་བཞིན་གཤེགས་པ་ནི་མྱ་ངན་མེད་པའོ། །རི་ཞེས་བྱ་བ་ནི་ཐར་པ་ཡིན་ཏེ་རི་རབ་བཞིན་དུ་བརྟན་པའི་ཕྱིར་རོ། །ས་ཞེས་བྱ་བ་ནི་འདུ་བྱེད་རྣམས་སོ། །བྱིས་པ་ཐམས་ཅད་ནི་ས་ལ་འཁོད་པའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་དོན་ཏེ། དེ་བཞིན་གཤེགས་པ་ནི་མྱ་ངན་མེད་ཅིང་བརྟན་པའི་ཕྱིར་རོ། །སངས་རྒྱས་ནི་མྱ་ངན་ཅན་གྱི་ནང་ན་མྱ་ངན་མེད་པ་སྟེ། སེམས་ཅན་རྣམས་ཀྱི་མྱ་ངན་གྱི་ཟུག་རྔུ་སེལ་བའོ། །གསོལ་པ།
གལ་ཏེ་དེ་བཞིན་གཤེགས་པ་མྱ་ངན་ལས་མ་འདས་ན་ནི་ད་དུང་མྱ་ངན་མངའ་སྟེ། རྫོགས་པར་སངས་མ་རྒྱས་པ་ཞེས་བགྱིའོ། །བཀའ་སྩལ་པ། རྒྱུ་ཡོད་དེ་གང་ན་གདུལ་བར་བྱ་བ་རྣམས་ཡོད་པ་དེར་ནི་རྫོགས་པའི་སངས་རྒྱས་སྣང་སྟེ་དེར་སྐྱེ་བ་ལྟ་བུར་སྟོན་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་ཡིན་ཏེ་སངས་རྒྱས་བྱ་བཞད་དང་ཟལ་མོ་ལྟ་བུ་ཞེས་བྱའོ།། །།བམ་པོ་བཅུ་གཅིག་པ། རིགས་ཀྱི་བུ་དཔེར་ན་ཟླ་བ་ནི་ཉིན་པར་སྣང་བ་ན་ཁ་ཅིག་ཏུ་ལྟུང་བ་ལྟ་བུར་སྣང་སྟེ། དེ་ནས་སེམས་ཅན་རྣམས་ཀྱིས་ཟླ་བ་ལྷུང་ངོ་སྙམ་དུ་འཛིན་ཏོ། །ཟླ་བ་ནི་མེད་པར་མི་འགྱུར་ཏེ། གླིང་གཞན་དུ་འཆར་བར་འགྱུར་ལ་དེར་ཡང་ཟླ་བ་སྐྱེས་པ་མེད་དོ། །སེམས་ཅན་རྣམས་ཀྱིས་ནི་ཟླ་བ་ཤར་ཏོ་སྙམ་དུ་འཛིན་ཏེ། ཟླ་བ་ནི་ལྟུང་བ་ལྟ་བུར་སྣང་ཡང་འཇིག་པར་མི་འགྱུར་ལ་འཆར་བ་ལྟ་བུར་སྣང་ཡང་སྐྱེ་བ་མེད་དེ། རིའི་རྒྱལ་པོ་རི་རབ་ཀྱིས་བསྒྲིབས་པས་མི་སྣང་བར་ཟད་ལ། ཟླ་བ་ནི་རང་བཞིན་གྱིས་སྐྱེས་ཟིན་པ་ཡིན་ཏེ་སྣང་བྱེད་རྣམས་ཀྱི་ཆོས་ཉིད་ནི་དེ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཛམ་བུའི་གླིང་ལ་ལར་ནི་ཕ་མ་ཕྲད་པ་ལས་སྐྱེས་པར་ཡང་སྣང་སྟེ་སེམས་ཅན་རྣམས་ཀྱིས་སྐྱེས་སོ་སྙམ་དུ་འཛིན་ལ། དེ་བཞིན་གཤེགས་པ་ལ་ནི་སྐྱེས་པ་མེད་དོ། །འཛམ་བུའི་གླིང་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྣང་ལ་དེ་བཞིན་གཤེགས་པ་ལ་ནི་འཆི་བ་མེད་དོ། །སེམས་ཅན་རྣམས་ཀྱིས་ནི་ཤིའོ་སྙམ་དུ་འཛིན་ཏེ། དེ་བཞིན་གཤེགས་པ་ནི་ལྷུང་བ་སྐྱེ་བ་ལྟ་བུར་སྣང་ཡང་སྐྱེ་བ་ཡང་མེད། འཆི་བ་ཡང་མེད་དོ། །གདུལ་བར་བྱ་བའི་དབང་གིས་ནི་ཟླ་བ་བཞིན་དུ་ཡང་རྒྱུ་བར་མཛད་དོ། །ཟླ་བ་ནི་གླིང་ཁ་ཅིག་ཏུ་ཟླ་བ་ཉ་བ་ཡོངས་སུ་རྒྱས་པ་ལྟ་བུར་སྣང་སྟེ་སེམས་ཅན་རྣམས་ཟླ་བ་ཉའོ་སྙམ་དུ་འཛིན་ཏོ། །ཟླ་བ་ནི་གླིང་ཁ་ཅིག་ཏུ་ཡི་གེ་ཏ་འདྲ་བར་ཟླ་བ་ཚེས་པར་ཡང་སྣང་སྟེ་འཛམ་བུའི་གླིང་པ་རྣམས་ཀྱིས་དེང་ཟླ་བ་ཚེས་གཅིག་ཡིན་ནོ་སྙམ་དུ་འཛིན་ཏོ། །དེ་ནས་ཟླ་
བ་ཕྱེད་པར་འཛིན་ཏོ། །དེ་ནས་ཚེས་བཅྭ་ལྔ་ཡིན་ནོ་སྙམ་སྟེ་ཟླ་བ་ཉ་བར་འཛིན་ཏོ། །ཁ་ཅིག་གིས་ནི་ཟླ་བ་ཕྱེད་ཡིན་པར་འཛིན་ཏེ། ཟླ་བ་ནི་ཕྱེད་དུ་འགྱུར་ཞིང་འཆར་བ་ཡང་མེད། ལྟུང་བ་ཡང་མེད་དེ། ཟླ་བ་ནི་རི་རབ་ཀྱི་རྐྱེན་གྱིས་དེ་ལྟར་སྣང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཛམ་བུའི་གླིང་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་འཛིན་ཏོ། །འཛམ་བུའི་གླིང་ལ་ལར་ནི་ཟླ་བ་ཚེས་པ་བཞིན་དུ་སྐྱེ་བ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱིས་ཁྱེའུ་འདི་སྐྱེས་སོ་སྙམ་དུ་འཛིན་ཏོ། །ཟླ་བ་ཚེས་གཉིས་དང་འདྲ་བར་ནི་ལྷའི་ཐད་དུ་འགྲོ་བར་འཛིན་ཏོ། །ཟླ་བ་ཚེས་གསུམ་དང་འདྲ་བར་ནི་ཡི་གེ་སློབ་པའི་སར་འགྲོ་བར་འཛིན་ཏོ། །ཟླ་བ་ཚེས་བརྒྱད་ལྟ་བུར་ནི་རབ་ཏུ་འབྱུང་བར་སྟོན་ཏོ། །ཟླ་བ་ཉ་བ་ལྟ་བུར་ནི་འོད་ཀྱིས་མུན་པ་བསལ་བ་བཞིན་དུ་བདུད་བྱེ་བ་སྙེད་བརླག་ནས་ལམ་མེར་བཞུགས་སོ། །ཟླ་བ་ནུབ་པ་ལྟ་བུར་ནི་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་ཏེ། ཟླ་བ་གཟའ་རྣམས་ཀྱིས་བསྐོར་བ་བཞིན་དུ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཏོ། །དེར་ཁ་ཅིག་གིས་ནི་ལྷུང་བར་འཛིན། ཁ་ཅིག་གིས་ནི་སྐྱེ་བར་འཛིན་ལ་སྐྱེས་པ་ཡང་མེད། འགགས་པ་ཡང་མེད་དེ། དེ་བཞིན་གཤེགས་པ་ནི་ཟླ་བ་ཉ་བ་བཞིན་དུ་དུས་ཐམས་ཅད་དུ་རྟག་པ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་དང་བརྟན་པ་ཞེས་བྱའོ། །དཔེར་ན་ཟླ་བ་ནི་ཐམས་ཅད་དུ་སྣང་སྟེ། ཆུ་དང་དགོན་པ་དང་ཁྱིམ་དང་གྲོང་ཁྱེར་དང་། ཆུ་ར་ཆུས་གང་བ་རྣམས་དང་། ཁྲོན་པ་དང་། གཞན་ཡང་དཔག་ཚད་སྟོང་སྲིད་དུ་ཡང་རུང་སེམས་ཅན་རྣམས་གང་དུ་འགྲོ་བ་དེ་དག་ཐམས་ཅད་དུ་སྣང་སྟེ། དེར་བྱིས་པ་རྣམས་ཀྱིས་ཡིད་ལ་ཟླ་བ་འདི་ནི་བདག་ཁོ་ནའི་ཕྱི་བཞིན་འབའ་ཞིག་ཏུ་འོང་ངོ་སྙམ་དུ་འཛིན་ཏོ། །གང་གི་ཚེ་ཁྱིམ་གྱི་ནང་དུ་མཐོང་བ་དེའི་ཚེ་ནི་ད་ནི་འདི་ན་སྣང་ན་དེ་ཟླ་བ་འདི་དེ་ཉིད་ཡིན་ནམ། འོན་ཏེ་གཞན་
ཞིག་ཡིན་ཞིག་གུ་སྙམ་དུ་རྟོག་གོ །དེ་ལ་བྱིས་པ་ཁ་ཅིག་གིས་ནི་ཟླ་བ་ཆུ་ར་ཙམ་དུ་འཛིན་ཏོ། །བར་མ་རྣམས་ཀྱིས་ནི་ཤིང་རྟའི་འཕང་ལོའི་ཚད་ཙམ་དུ་འཛིན་ཏོ། །རབ་རྣམས་ཀྱིས་ནི་ཟླ་བ་དཔག་ཚད་ལྔ་བཅུ་པ་ཙམ་ལ་ཟླུམ་པོ་ཡིན་པར་ཤེས་སོ། །དུད་འགྲོ་རྣམས་ཀྱིས་ནི་ཟླ་བ་སྲིན་བུ་མེ་ཁྱེར་ཙམ་དུ་མཐོང་སྟེ། སྐྱེ་གནས་ཐམས་ཅད་དང་ལྡན་པའི་དུད་འགྲོ་རྣམས་ཀྱིས་ཟླ་བ་ལ་རང་རང་གི་རྣམ་པར་ཤེས་པས་བརྟགས་ནས་སོ་སོར་མཐོང་ངོ་། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་འཇིག་རྟེན་དུ་བྱུང་ན་ཐམས་ཅད་དུ་སྣང་སྟེ། སེམས་ཅན་ཁ་ཅིག་གིས་དེ་བཞིན་གཤེགས་པ་ཟླ་བ་དང་འདྲ་བར་འཛིན་ཏེ། བདག་ལ་ཐུགས་བརྩེ་བའི་ཕྱིར་བདག་གི་ཁྱིམ་གྱི་ཕུགས་ན་བཞུགས་སོ་སྙམ་མོ། །དུད་འགྲོ་རྣམས་ཀྱིས་ནི་རང་རང་གི་སྐྱེ་གནས་ཀྱི་ལུས་ལྟ་བུར་མཐོང་ངོ་། །སེམས་ཅན་ལྐུགས་པ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་ལྐུགས་པར་མཐོང་ངོ་། །འོན་པ་དང་ལག་རྡུམ་རྣམས་ཀྱིས་ཀྱང་བདག་ཉིད་དང་འདྲ་བར་མཐོང་ངོ་། །སྐད་དང་། འདུ་ཤེས་དང་། ཡི་གེ་ཐ་དད་པ་རྣམས་ཀྱིས་ཀྱང་བདག་ཅག་དང་འདྲའོ་སྙམ་དུ་འཛིན་ཏེ་བདག་གི་སྐད་དུ་སྨྲའོ། །བདག་གི་འདུ་ཤེས་དང་འཐུན་ནོ། །བདག་གི་ཁ་ཟས་ཟའོ་སྙམ་དུ་འཛིན་ཏོ། །ལུས་ཆེ་བ་རྣམས་ཀྱང་དེ་བཞིན་གཤེགས་པ་ནི་བདག་ཅག་དང་འདྲའོ་སྙམ་དུ་འཛིན་ཏོ། །ཁ་ཅིག་གིས་ནི་ཉན་ཐོས་དང་རང་སངས་རྒྱས་ཡིན་ནོ་སྙམ་དུ་འཛིན་ཏོ། །ཁ་ཅིག་གིས་ནི་ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་བྱུང་བར་མཐོང་ངོ་། །ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་བདག་ཅག་གི་ཕྱིར་འཇིག་རྟེན་དུ་བྱུང་ངོ་སྙམ་དུ་འཛིན་ཏོ། །དཔེར་ན་ཟླ་བ་རང་བཞིན་དུ་གནས་པས་སོ་སོའི་རང་བཞིན་དུ་ཐམས་ཅད་མགུ་བར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་ཆོས་ཀྱི་སྐུ་ཡིན་བཞིན་དུ་ཐབས་ཀྱི་སྐུ་དུག་སྨན་གྱི་སྡོང་པོ་དང་འདྲ་བར་འཛིན་ཅིང་སེམས་ཅན་རྣམས་མགུ་བར་མཛད་དེ། འཇིག་རྟེན་ཐམས་ཅད་དང་འཐུན་པར་མཛད་པ་དག་གིས་སྐྱེས་པའི་རབས་སྟོང་ཕྲག་མང་པོ་སྟོན་པར་མཛད་དོ། །དེ་བས་ན་དེ་བཞིན་གཤེགས་
པ་ནི་ཐམས་ཅད་དུ་སྐྱེ་བ་སྟོན་པའི་ཕྱིར་སྐྱེས་པའི་རབས་ཀྱི་ཟླ་བ་ཞེས་བྱའོ། །དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་དང་བརྟན་པ་ཡིན་ནོ། ། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཟླ་བ་དང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཕྲད་པའི་ཚེ་འཇིག་རྟེན་པ་རྣམས་ཀྱི་ཟླ་བ་གཟས་ཟིན་ཏོ་སྙམ་དུ་འཛིན་ཏེ། སྒྲ་གཅན་ནི་ཟླ་བ་ལ་འཛིན་པར་ཡང་མི་བྱེད་ལ། དེས་ནི་དེ་ལ་ཟ་བར་ཡང་མི་ནུས་ཏེ་སྒྲ་གཅན་གྱི་ལག་པས་ཟླ་བ་བསྒྲིབས་ནས་འོད་མི་སྣང་བར་བྱེད་པར་ཟད་དེ། ཟླ་བ་ལ་རྨ་ཡང་མེད། ཉོན་མོངས་པ་ཡང་མེད་དོ། །ཇི་ཙམ་དུ་སྒྲ་གཅན་གྱི་ལག་པས་ཟླ་བ་བཀབ་པ་དེ་ཙམ་དུ་ཟླ་བའི་འོད་མི་སྣང་བར་འགྱུར་ལ། སྒྲ་གཅན་གྱིས་ཟླ་བ་བཏང་བའི་ཚེ་ནི་ཁ་ནས་བྱུང་བ་ལྟ་བུར་སྣང་སྟེ། མི་རྣམས་ཀྱིས་ཟླ་བ་ནི་སྡུག་བསྔལ་ཞིང་འདུག་གོ་སྙམ་དུ་འཛིན་ཏོ། །ཟླ་བ་ནི་རང་བཞིན་ཁོ་ནར་འདུག་བཞིན་དུ་བདག་ཉིད་སྒྲ་གཅན་དང་ལྷན་ཅིག་འདུག་པར་སྟོན་ཏེ། འདི་ནི་འཇིག་རྟེན་གྱི་ཆོས་ཉིད་དོ། །སྒྲ་གཅན་བྱེ་བ་སྙེད་ཀྱིས་ཀྱང་ཟླ་བ་གསད་པའམ་གཞིག་པར་མི་ནུས་ཏེ་ཟླ་བ་རང་ཉིད་དེ་ལྟར་སྟོན་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཟླ་བ་ལྟ་བུར་སྟོན་པར་མཛད་དེ། མ་འོངས་པའི་དུས་ཀྱི་དོན་དུ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་པའི་ལས་བསྟན་པའི་ཕྱིར་དེ་ལ་སོགས་པའི་འདོད་ཆེན་པའི་མཐའ་དང་དགེ་འདུན་གྱི་དབྱེན་གྱི་ཆོས་ཐ་དད་པ་ཡང་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པའི་སྐུ་ལ་ནི་བདུད་བྱེ་བ་ཕྲག་འབུམ་གྱིས་ཀྱང་ཁྲག་དབྱུང་བར་མི་ནུས་ལ། དེ་བཞིན་གཤེགས་པའི་སྐུ་ལ་ནི་ཁྲག་དང་། རུས་པ་དང་། རྒྱུས་པ་ཡང་མེད་དེ། སྡུག་བསྔལ་བའི་བག་ཀྱང་མེད་དོ། །སེམས་ཅན་རྣམས་ཀྱིས་ནི་གཞི་གསུམ་མ་རུང་ངོ་། །དེ་བཞིན་གཤེགས་པ་ལ་རྨ་བྱུང་ངོ་སྙམ་དུ་འཛིན་ཏོ། །དེ་བཞིན་གཤེགས་པ་ནི་རང་བཞིན་ཁོ་ནར་བཞུགས་མོད་ཀྱི། དེ་ལྟར་འཇིག་རྟེན་དང་འཐུན་པར་སྟོན་ཏོ། །འདི་ལྟ་སྟེ། མི་ལ་ལས་མི་ཞིག་ལ་འབྲེང་པའམ། དབྱུག་པས་བསྣུན་ཏེ་ཁྲག་ཕྱུང་བའམ། གསད་པའི་སེམས་ཀྱིས་དེ་བསད་ནས། དེའི་འོག་
ཏུ་དེ་བཞིན་གཤེགས་པས་ལས་དེ་བཙན་པར་མཛད་པར་དགོངས་ཏེ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ན། མི་དེའི་སེམས་ཐུགས་སུ་ཆུད་ནས་མཚམས་མེད་པའི་ལས་ཡང་དག་པར་སྟོན་པར་མཛད་དོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ནི་མ་འོངས་པའི་དོན་གྱི་ཕྱིར་ལས་ཀྱི་རྣམ་པར་དབྱེ་བ་སྟོན་པར་མཛད་དོ། །དཔེར་ན་སྨན་པ་ལ་ལ་ཞིག་གིས་རང་གི་བུ་ལ་རྩ་བའི་མིང་གི་རྣམ་གྲངས་སློབ་པར་བྱེད་དེ། འདི་ནི་རྩ་བ་ལྔའོ། །འདི་ནི་ཁ་བའོ་ཞེས་རྩ་བའི་རྣམ་པར་དབྱེ་བ་དག་གི་སྒོ་ནས་ངོ་སྟོན་པར་བྱེད་དེ། ཁྱེའུ་དེས་ཀྱང་དེ་ལྟར་བསླབས་ནས་རྩ་བའི་རྣམ་པར་དབྱེ་བ་ཤེས་པར་གྱུར་ལ། དེ་ནས་སྨན་པ་དེ་ཤི་ནས་ཁྱེའུ་དེ་ན་རེ། ཀྱི་ཧུད་ཕ་ཅིག་ཀྱི་ཧུད་ཕ་ཅིག་ཁྱོད་ཀྱིས་བདག་རྩ་བའི་རྣམ་པར་དབྱེ་བ་བསླབས་ཏེ་རྩ་བ་འདི་ནི་འདི་འདྲའོ། །ལོ་མ་ནི་འདི་འདྲའོ་ཞེས་དེ་སྐད་ཟེར་བ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་བསླབ་པའི་གཞི་ཐམས་ཅད་ཀྱི་སྤྲུལ་པ་སྤྲུལ་པར་མཛད་དེ། གསོར་རུང་བ་དང་། གསོར་མི་རུང་བ་དང་། མཚམས་མེད་པ་དང་། མདོ་སྡེ་སྤོང་བ་དང་། འདོད་ཆེན་པའི་མཐའ་རྣམས་སྟོན་པར་མཛད་དེ། མ་འོངས་པའི་དུས་ན་འདི་ལྟ་བུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་དགེ་སློང་རྣམས་ཀྱིས་སྨན་པའི་བུ་བཞིན་དུ་དེ་བཞིན་གཤེགས་པས་མདོ་སྡེ་ལས་འདི་སྐད་ཅེས་བཀའ་སྩལ་ཏེ། ལས་འདི་ནི་འདི་ཡིན་ནོ་སྙམ་དུ་ཤེས་སོ། །དཔེར་ན་ཟླ་བ་ལ་གཟའ་འཇུག་པ་ན་མི་རྣམས་ཀྱིས་ནི་ཟླ་བ་དྲུག་ཅིང་ཟླ་བ་ལ་གཟའ་འཇུག་པར་ཤེས་སོ། །སྟེང་གི་ལྷ་རྣམས་ཀྱིས་ནི་ཉིན་གཅིག་བཞིན་དུ་ཟླ་བ་ལ་གཟའ་འཇུག་པ་ཤེས་ཏེ། ཅིའི་ཕྱིར་ཞེ་ན། དེ་དག་གི་ལོ་ཚིགས་རིང་ལ་མི་རྣམས་ཀྱི་ལོ་ཚིགས་ཐུང་བའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་ལྷ་རྣམས་དང་མི་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་སྐུ་ཚེ་ཐུང་ངོ་སྙམ་དུ་འཛིན་ཏོ། །ཇི་ལྟར་ལྷ་གོང་མ་གོང་མ་རྣམས་ཀྱིས་སྐད་ཅིག་སྐད་ཅིག་ལ་ཟླ་བ་ལ་གཟའ་འཇུག་པར་འཛིན་པ་དེ་བཞིན་དུ། ལྷ་གོང་མ་གོང་མ་རྣམས་ཀྱིས་སྐད་ཅིག་སྐད་ཅིག་ལ་དེ་བཞིན་གཤེགས་པ་
ཡོངས་སུ་མྱ་ངན་ལས་འདའ་བ་བྱེ་བ་སྙེད་ཀྱང་སྟོན་པར་མཛད་དོ། །ཉོན་མོངས་པ་དང་། ཕུང་པོ་དང་ལྷ་དང་འཆི་བདག་གི་བདུད་བྱེ་བ་སྙེད་ཀྱང་སྟོན་པ་དང་། སྐྱེས་པའི་རབས་སྟོང་སྙེད་ཀྱང་སྟོན་པ་དང་། འཇིག་རྟེན་དང་འཐུན་པར་བྱ་བ་མང་པོ་དག་སྟོན་པར་ཤེས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ནི་དཔག་ཏུ་མེད་པ་ཡིན་ཏེ། དེ་བས་ན་རྟག་པ་དང་བརྟན་པ་ཡིན་ནོ། །དཔེར་ན་ཟླ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ་ཡིན་པས་ན་དེའི་ཕྱིར་མིང་ཟླ་བ་ཞེས་བྱའོ། །འདོད་པའི་དབང་དུ་གྱུར་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤྱོད་པ་རྣམས་ཀྱི་ཡིད་དུ་འོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་རང་བཞིན་གྱིས་སེམས་ཅན་ཆོས་འདོད་པ་རྣམས་ཀྱི་ཡིད་དུ་འོང་བ་དང་མཆོག་ཏུ་བལྟ་ན་སྡུག་པ་ཡིན་ནོ། །སྡང་བའི་སེམས་དང་ལྡན་པ་གཞན་དག་གི་ཡིད་དུ་འོང་བ་ནི་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཟླ་བ་དང་འདྲ་བ་ཡིན་ནོ། །དཔེར་ན་ཉི་མ་དུས་ཚིགས་གསུམ་དུ་འགྱུར་ཞིང་འཕོ་སྟེ། དགུན་དང་། དབྱར་དང་སོ་གའི་དུས་གསུམ་དུ་རྒྱུ་བར་བྱེད་ལ། དགུན་ནི་ཉི་མ་མྱུར་བ་ཁོ་ནར་འགྲོའོ། །དབྱར་ནི་ཉི་མ་འབྲིང་ཙམ་དུ་འགྲོའོ། །སོས་ཀའི་ནི་ཉི་མ་རིང་དུ་ཐོགས་ཤིང་འགྲོ་སྟེ་འོད་ཤིན་ཏུ་ཚའོ། །དེ་བཞིན་གཤེགས་པ་ཡང་འཇིག་རྟེན་གསུམ་དུ་སྐྱེ་བ་རྣམ་པ་གསུམ་སྟོན་པར་མཛད་དེ། སེམས་ཅན་ཚེ་ཐུང་ངུ་རྣམས་ཀྱི་ནང་དུ་ནི་མཆོག་ཏུ་སྐུ་ཚེ་ཐུང་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་སངས་རྒྱས་སྐུ་ཚེ་ཐུང་ངོ་སྙམ་དུ་འཛིན་ཏོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ནི་དགུན་གྱི་ཉི་མ་བཞིན་དུ་སྐུ་ཚེ་ཐུང་བར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་དབྱར་གྱི་ཉི་མ་བཞིན་དུ་སྐུ་ཚེ་འབྲིང་དུ་སྟོན་ཏོ། །སངས་རྒྱས་རྣམས་ལ་ནི་སོ་གའི་ཉི་མ་བཞིན་དུ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པར་སྣང་ངོ་། །རིགས་ཀྱི་བུ་ཐེག་པ་ཆེན་པོ་འདི་ལས་དགོངས་པའི་ཚིག་དེ་བཞིན་གཤེགས་པའི་གསང་བའི་དམ་པའི་ཆོས་ཀྱི་ཆར་ངས་ཡང་དག་པར་བསྟན་པར་བྱ་སྟེ། མ་འོངས་པའི་
དུས་ན་དམ་པའི་ཆོས་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་གྱི་ཕན་པའི་གདམས་ངག་སྟོན་པ་གང་ཡིན་པ་དེ་དག་ནི་དབྱར་གྱི་ནམ་གྱི་སྤྲིན་དང་འདྲ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དགོངས་པའི་ཚིག་ཐོས་ན་དགུན་གྱི་གྲང་ནད་ཀྱིས་ཐེབས་པ་དང་འདྲ་སྟེ། དེའི་ཕྱིར་ངས་སྐུ་ཚེ་ཐུང་བ་དང་ངེས་པར་མྱོང་བར་འགྱུར་བ་ཡང་དག་པར་བསྟན་ཏོ། །སངས་རྒྱས་ཀྱི་ཚེ་བསྟན་པ་སངས་རྒྱས་ཀྱི་གནས་རྒྱ་ཆེན་པོ་ལས་ནི་སོ་གའི་ཉི་མ་བཞིན་དུ་ངས་རྟག་པ་དང་བརྟན་པར་བསྟན་ཏོ། །ང་ནི་ཉི་མ་བཞིན་དུ་གང་དུ་ཡང་ལྟུང་བ་མེད་དེ། ཉི་ཟླའི་ཆོས་ཉིད་ཀྱང་སྤྱོད་དོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གསུམ་དུ་ཡང་དག་པར་སྣང་སྟེ། འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ། །རིགས་ཀྱི་བུ་གཞན་ཡང་པ་བ་སངས་དང་། ཕུར་བུ་དང་། མིག་དམར་དང་། མཇུག་རིངས་དང་། གཟའ་ལྷག་ལ་སོགས་པ་ཉི་མ་དང་ཟླ་བ་གཉིས་དང་ལྷན་ཅིག་འགྲོ་བ་ན་སེམས་ཅན་རྣམས་ཀྱིས་བལྟ་བར་མི་ནུས་ལ་དེ་དག་ཀྱང་ལྡོག་པར་ཡང་མི་འགྱུར། ལྟུང་བར་ཡང་མི་འགྱུར་ཏེ། དེ་དག་གི་འོད་ཆེས་ཆ་ཕྲ་ལ་ཉི་མ་དང་ཟླ་བའི་འོད་ཤིན་ཏུ་ཆེ་བས་ཟིལ་གྱིས་ནོན་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་རྟག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཟའི་ཚོགས་རྣམས་དང་ལྷན་ཅིག་ཏུ་སྐྱེ་བ་ལྟ་བུར་ཡང་སྟོན་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་སྟོན་མོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་དེ་དག་མི་རྟག་པ་ཡང་མ་ཡིན་མི་བརྟན་པ་ཡང་མ་ཡིན་ཏེ། དེ་དག་ནི་རྟག་པ་དང་བརྟན་པ་ཡིན་བཞིན་དུ་ཉིན་པར་གྱི་གཟའ་དང་འདྲ་བར་སེམས་ཅན་གྱིས་མཐོང་བར་མི་ནུས་སོ། །ཉི་མ་དང་འདྲ་བ་འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན་ནོ། །དཔེར་ན་ཉི་མ་དང་ཟླ་བ་སྤྲིན་གྱིས་གཡོགས་པའི་ཚེ་མི་སྣང་སྟེ། སེམས་ཅན་རྣམས་ཀྱིས་མི་སྣང་ངོ་སྙམ་དུ་འཛིན་མོད་ཀྱི། དེ་གཉིས་མེད་པར་ཡང་མི་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་མི་བཞུགས་པའི་ཚེ་ཉི་ཟླ་སྤྲིན་གྱིས་གཡོགས་པ་བཞིན་དུ་གཞི་གསུམ་འཇིག་པ་ལྟ་བུར་སྣང་
མོད་ཀྱི། གཞི་གསུམ་མེད་པར་ཡང་མི་འགྱུར་ལ་རྟག་པ་དང་བརྟན་པ་དང་ཐེར་ཟུག་པར་འདུག་བཞིན་དུ་ཉེས་པ་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ། །རིགས་ཀྱི་བུ་དཔེར་ན་ཟླ་བ་ཡར་གྱི་ངོ་ཡང་མ་ཡིན། མར་གྱི་ངོ་ཡང་མ་ཡིན་པ་གནམ་སྟོང་གི་ཉིན་པར་ཉི་མ་དང་ཟླ་བ་མེད་པའི་སྐབས་སུ་གཟའ་མཇུག་རིངས་གཟི་བརྗིད་དྲག་པོ་དང་ལྡན་པ་ཞེས་བྱ་བ་ཤར་ནས་འཇིག་རྟེན་ཐམས་ཅད་ཀྱིས་མ་ཚོར་བར་སྐད་ཅིག་གཅིག་ཁོ་ན་ལ་མི་སྣང་བར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་སངས་རྒྱས་རྣམས་མི་བཞུགས་པའི་ཚེ་གནམ་སྟོང་གི་ཉིན་པར་གཟའ་མཇུག་རིངས་འཆར་བ་བཞིན་དུ་བྱུང་ནས་སེམས་ཅན་བྱེ་བ་ཕྲག་མང་པོ་དམ་པའི་ཆོས་ལ་བཀོད་ནས་མི་སྣང་བར་འགྱུར་ལ། མཇུག་རིངས་ཀྱང་རྟག་ཏུ་ཡོད་དེ་སེམས་ཅན་རྣམས་ཀྱིས་ནི་མཐོང་བར་མི་ནུས་སོ། །དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་རྟག་ཏུ་ཡོད་བཞིན་དུ་དེ་དག་སེམས་ཅན་རྣམས་ཀྱིས་མཐོང་བར་མི་ནུས་ཏེ། བདག་ཉིད་ཡང་དག་པར་སྟོན་ཅིང་མི་མངོན་པར་བྱེད་པ་འདི་ནི་དེ་དག་གི་ཆོས་ཉིད་དོ། །རིགས་ཀྱི་བུ་དཔེར་ན་ཉི་མ་ཤར་ན་ལྷོ་བུར་མེད་པར་འགྱུར་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་བྱུང་ན་ཐོས་པ་ཙམ་གྱིས་ཀྱང་ཕམ་པ་རྣམས་དང་། མཚམས་མེད་པའི་ལས་རྣམས་ཀྱི་སྡིག་པའི་ཕུང་པོ་མྱུར་དུ་མེད་པར་འགྱུར་རོ། །དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡུལ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་ཡིན་པའི་ཕྱིར་དཔག་ཏུ་མེད་དོ། །དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྟག་གོ །དམ་པའི་ཆོས་ནུབ་པར་མི་འགྱུར་རོ། །དགེ་འདུན་མེད་པར་མི་འགྱུར་རོ་སྙམ་དུ་མདོའི་ཤེས་པ་ལ་དེ་ལྟར་བརྩོན་པར་བྱའོ། །དེ་ལྟར་བྱས་ཀྱང་དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནས་སུ་གསོན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། སེམས་བསྐྱེད་པ་ཡང་རུང་། སེམས་མ་བསྐྱེད་པ་ཡང་རུང་སྟེ། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་སུ་འགྱུར་རོ། །གསོལ་པ། དེ་ཅི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་དགུན་མར་འཁྱགས་པ་ཉི་ཚན་གྱིས་ཀྱང་བཞུ་མི་ནུས་པ་དེ་བཞིན་དུ་མདོ་སྡེ་དང་། ཏིང་ངེ་འཛིན་ཐམས་ཅད་བསྒོམ་པར་བྱ་བ་བསྒོམས་པའི་འབྲས་བུའི་སྒོ་ནས་ནི་སེམས་བསྐྱེད་པ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །སེམས་མ་བསྐྱེད་པས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགུན་གྱི་ཉི་མ་བཞིན་དུ་བརྩོན་འགྲུས་ཞན་པའི་ཕྱིར་རོ། །མདོ་སྡེ་བསྒོམ་པར་བྱ་བ་བསྒོམས་པའི་འབྲས་བུའི་མཆོག་ནི་དཔེར་ན་སོ་གའི་ཉི་མ་ཚ་བའི་ཚེ་ཉི་མ་མ་ཤར་བར་མཚན་མོ་ཡང་མར་ཤིན་ཏུ་འཁྱགས་པ་ཡང་ཞུ་བར་བྱེད་ལ་རྒྱ་མཚོ་ཆེན་པོ་ཡང་དྲོ་བར་བྱེད་དོ། །དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཐོས་མ་ཐག་ཏུ་འགྲན་ཏོར་དུ་བྱས་ཀྱང་རུང་། གཞན་གྱིས་བྱེད་དུ་བཅུག་ཀྱང་རུང་། གཞན་གྱིས་དྲིང་འཇོག་ཀྱང་རུང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་དོན་དུ་བྱས་ཀྱང་རུང་སྟེ། བདག་ལ་བྱང་ཆུབ་མི་དགོས་སོ་སྙམ་པའམ། སེམས་བསྐྱེད་པར་ཡང་མི་འདོད་དུ་ཟིན་ཀྱང་གང་ཟག་དེ་འདྲ་བའི་ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་བྱང་ཆུབ་ཀྱི་རྒྱུས་སོ་གའི་ཉི་མ་བཞིན་དུ་འཇུག་པར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ་ཞེས་ང་ཟེར་རོ། །དེ་ལྟར་ན་བྱང་ཆུབ་ཟད་མི་ཤེས་པའི་མདོ་ཆེན་པོ་འདི་ནི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡིན་ཏེ། དེ་བས་ན་ཆེ་བ་ཞེས་བྱའོ། །སྔ་བ་དང་ཡངས་པ་དང་སོ་གའི་ཉི་མ་བཞིན་དུ་གཟི་བརྗིད་དང་ལྡན་པ་ཡིན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པར་བསྟན་པའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་སྐར་མ་དང་སྲིན་བུ་མེ་ཁྱེར་གྱི་འོད་ནི་ཉི་ཟླའི་འོད་ལས་འདས་ཏེ་ཐལ་ལེར་སྣང་བར་མི་འགྱུར་རོ། །ཉི་ཟླའི་འོད་
ནི་འོད་ཐམས་ཅད་ལས་འདས་ཏེ་ལམ་མེར་འདུག་གོ །དེ་བཞིན་དུ་གཞན་གྱི་འོད་རྣམས་ནི་མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་བསྒོམ་པར་བྱ་བ་བསྒོམས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་འོད་ལས་འདས་ཏེ་ཐལ་ལེར་མི་འདུག་གོ །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་འོད་ནི་འོད་ཐམས་ཅད་ལས་འདས་ཏེ་ཐལ་ལེར་སྣང་ལ། སེམས་ཅན་ཐམས་ཅད་ཀྱི་སྤུ་དྲུང་དུ་ཞུགས་ནས་བྱང་ཆུབ་ཀྱི་སེམས་མི་དགོས་སོ་སྙམ་སྟེ་མ་བསྐྱེད་དུ་ཟིན་ཀྱང་བྱང་ཆུབ་ཀྱི་རྒྱུ་ངེས་པར་ཐོབ་པར་འགྱུར་ཏེ། དེ་བས་ན་མིང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །གསོལ་པ། བྱང་ཆུབ་ཀྱི་སེམས་མི་དགོས་པར་འཛིན་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་ཞུགས་ནས་བྱང་ཆུབ་ཀྱི་རྒྱུ་མངོན་པར་འགྲུབ་པར་འགྱུར་ཞེས་བགྱི་བ་འདི་ལ་གཏན་ཚིགས་བཀའ་སྩལ་འཚལ་ལགས་སོ། །བཅོམ་ལྡན་འདས་བསྟན་པ་འདི་ལ་ཕམ་པ་བགྱིད་པ་དང་། མཚམས་མ་མཆིས་པ་བགྱིད་པ་དང་། མདོ་སྡེ་སྤོང་བ་དང་། འདོད་ཆེན་པ་དག་ཀྱང་གདའ་ལགས་ན། གལ་ཏེ་སེམས་མ་བསྐྱེད་དེ་མི་དགོས་པར་འཛིན་ཀྱང་བྱང་ཆུབ་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་དུ་ལགས་ན་སངས་རྒྱས་ཀྱིས་གསུངས་པ་ལ་བྱེ་བྲག་ཅི་མཆིས་ཏེ། ཡང་ན་བཞི་པོ་དེ་དག་མ་མཆིས་ཞེས་བཤད་འཚལ་ལགས་སོ། །ཡང་ན་དེས་སྡིག་པ་འབྱང་བར་འགྱུར་ཞེས་བཤད་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆེན་པ་མ་གཏོགས་པར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདི་རྣ་ལམ་དུ་གྲག་པར་ཐོས་པ་ཙམ་གྱིས་ཀྱང་ཐམས་ཅད་ལ་བྱང་ཆུབ་ཀྱི་རྒྱུ་ཡོད་པར་འགྱུར་ཏེ། སངས་རྒྱས་གྲངས་མེད་པ་ལ་བཀུར་སྟི་བྱས་པ་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཐོས་པར་ནུས་ལ། དགེ་བའི་རྩ་བ་ངན་ངོན་མ་ཡིན་པས་བྱང་ཆུབ་ཀྱི་རྒྱུ་ཐོབ་པར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པའི་སྙིང་
པོ་ཡང་དག་པར་སྟོན་པའི་ཕྱིར་མདོ་ཆེན་པོ་མཐུ་ཆེ་བ་ཡིན་ནོ། །གསོལ་པ། སེམས་མ་བསྐྱེད་དེ་མི་དགོས་པར་འཛིན་པས་ཇི་ལྟར་བྱང་ཆུབ་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ལགས། བཀའ་སྩལ་པ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་མི་དགོས་པར་འཛིན་ཅིང་མདོ་སྡེ་ཁྱད་དུ་གསོད་པ་གང་ཡིན་པ་དེ་དག་ལ་ནི་རྨི་ལམ་དུ་སྲིན་པོ་ཆེན་པོ་འཇིགས་པའི་གཟུགས་ཅན་གྱིས་བསྡིགས་ཏེ། འདི་སྐད་དུ་ངས་མ་བསད་པར་སྐྱེན་པར་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་ཀྱང་ཟེར་རོ། །དེ་ནས་དེ་དག་རྨི་ལམ་དུ་འཇིགས་ཤིང་སྐྲག་སྟེ་སད་ནས་ནང་པར་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དེ། དེ་དག་ཤི་ནས་སེམས་ཅན་དམྱལ་བ་རྣམས་སུ་འཚེད་པའམ། ཡི་དགས་ཀྱི་འཇིག་རྟེན་ནས་མཐོ་རིས་སུ་སྐྱེས་ཀྱང་རུང་སྟེ། རྗེས་སུ་དྲན་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ། །དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་མཐུ་ཆེ་སྟེ་མི་དགོས་པར་འཛིན་ཅིང་སེམས་མ་བསྐྱེད་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དོ། །རྒྱུ་ནི་དེ་ཡིན་ནོ། །རྐྱེན་ནི་དེ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལ་རྒྱུ་མེད་པ་མ་ཡིན་ནོ། །དེ་བས་ན་ངའི་བསྟན་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ནམ་མཁའ་ལས་སྤྲིན་ཆེན་པོ་ཆར་འབེབས་པ་ན་ས་ཆེན་པོ་ཆུས་གང་བར་འགྱུར་ལ། གྲམ་པའི་ས་ཕྱོགས་སུ་ནི་ཆར་ཆེན་པོ་བབ་ཏུ་ཟིན་ཀྱང་ཆུ་ཅུང་ཟད་ཀྱང་གནས་པར་མི་འགྱུར་ཏེ་གར་གཞོལ་བར་འབབ་ལ། བབ་ནས་ཀྱང་དེར་གནས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་བ་དེ་བཞིན་དུ་མདོ་སྡེ་ཆེན་པོ་འདི་ལས་དམ་པའི་ཆོས་ཀྱི་ཆར་འབབ་མོད་ཀྱི། འདོད་ཆེན་པ་ལ་ནི་བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་མི་འགྱུར་ཏེ་སྐྱེ་མི་སྲིད་དོ། །གཞན་དག་ལ་ནི་ས་གཞོལ་བའི་ཆུ་བཞིན་དུ་སྐྱེད་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་སྲན་སྡེའུའམ། སྲན་གྲེའུའམ། སྲན་མའམ། སྤའི་ས་བོན་ཚིག་པ་རྣམས་ལ་སྤྲིན་ཆེན་པོའི་ཆར་སྟོང་དུ་བབ་
ཀྱང་མྱུ་གུ་སྐྱེ་བར་མི་ནུས་ཏེ། དེ་དག་ལས་མྱུ་གུ་འབྱུང་མི་སྲིད་དོ། །དེ་བཞིན་དུ་འདོད་ཆེན་པ་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་སུ་ཟིན་ཀྱང་བྱང་ཆུབ་ཀྱི་རྒྱུ་ཐོབ་མི་སྲིད་དེ། དེ་དག་ནི་དགེ་བའི་རྩ་བ་ཟད་པ་ཡིན་པའི་ཕྱིར་ས་བོན་ཚིག་པ་དང་འདྲའོ། །རིགས་ཀྱི་བུ་དཔེར་ན་ཀ་ཏ་ཀའི་འབྲས་བུ་ཆུ་རྙོག་པ་ཅན་གྱི་ནང་དུ་བཅུག་ན་རྙོག་པ་བསལ་ཏེ་ཆུ་དང་བར་བྱེད་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདི་ཡང་ཀ་ཏ་ཀའི་འབྲས་བུ་བཞིན་དུ་སེམས་ཅན་རྣམས་ཀྱི་ཕམ་པ་རྣམས་དང་། མཚམས་མེད་པའི་ལས་རྣམས་ཀྱི་ལས་ཀྱི་འདམ་རྫབ་དང་རྙོག་པ་བསལ་ནས་བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་དེ། འདོད་ཆེན་པ་ནི་མ་གཏོགས་སོ། །ཀ་ཏ་ཀའི་འབྲས་བུས་ཀྱང་རྙོག་པ་དང་བར་བྱེད་པར་ཟད་ཀྱི། ལོ་སྟོང་གི་བར་དུ་བདར་དུ་ཟིན་ཀྱང་འདམ་རྫབ་དེ་ལས་ཆུ་དབྱུང་བ་ནི་མི་ནུས་སོ། །དེ་བཞིན་དུ་འདོད་ཆེན་པ་ཡང་དགེ་བའི་རྩ་བ་ཟད་ཅིང་གཞི་མེད་པར་འགྱུར་བ་ཡིན་པས་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལོ་བྱེ་བར་ཐོས་སུ་ཟིན་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་ཡང་ཡེ་མི་ནུས་ཏེ། དེ་ལ་དགེ་བ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་དཔེར་ན་དུག་སྨན་གྱི་སྡོང་པོ་སྨན་གྱི་རྒྱལ་པོ་ཆེན་པོ་ནི་དར་བའམ། བུ་རམ་མམ། ཞུན་མར་རམ། འོ་མའམ། ཆུ་དང་སྦྱར་རམ། ཕྱེའམ། ལྡེ་གུའམ། ཐུག་པར་བྱས་སམ། ཁ་བསྐུས་སམ། དུད་པས་བདུགས་སམ། མིག་བསྐུས་སམ། དྲི་ཚོར་རམ། མཐོང་ངམ། རེག་པར་གྱུར་ཀྱང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱི་ནད་སེལ་བར་བྱེད་ལ། ཤིང་ལྗོན་པ་དེ་འདི་སྙམ་དུ་བདག་གི་ལོ་མ་ཁྱེར་ན་རུང་ངོ་། །རྩ་བ་ཁྱེར་ན་མི་རུང་ངོ་སྙམ་པའམ། བདག་གི་རྩ་བ་ཁྱེར་ན་རུང་ངོ་། །ལོ་མ་ཁྱེར་ན་མི་རུང་ངོ་སྙམ་པའམ། སྡོང་བུ་ཁྱེར་ན་རུང་ངོ་། །ཤུན་པགས་ཁྱེར་ན་མི་རུང་ངོ་སྙམ་པའམ། ཤུན་པགས་ཁྱེར་ན་རུང་ངོ་། །སྡོང་བུ་ཁྱེར་ན་མི་རུང་ངོ་སྙམ་དུ་མི་སེམས་ཏེ། དེ་དེ་ལྟར་སེམས་མི་སྐྱེད་མོད་ཀྱི། འོན་ཀྱང་དེ་ནི་
སྨན་ཁོ་ན་ཡིན་ཏེ་ནད་ཐམས་ཅད་སེལ་བར་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་སྡིག་པའི་ལས་ཀྱི་ནད་རྣམས་སེལ་བར་བྱེད་དེ། ཕམ་པར་བྱེད་པ་རྣམས་ཀྱང་རུང་། མཚམས་མེད་པ་བྱེད་པ་རྣམས་ཀྱང་རུང་། འདི་ལས་ཕྱི་རོལ་པ་རྣམས་ཀྱང་རུང་སྟེ། བྱང་ཆུབ་དགོས་པར་མི་འཛིན་ཅིང་སེམས་མ་བསྐྱེད་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྡིག་པ་ཐམས་ཅད་ཀྱི་དུག་སྨན་གྱི་སྡོང་པོའི་སྨན་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པའི་ཕྱིར་རོ། །ལུས་བསྒོས་པ་རྣམས་ཀྱང་རུང་། ལུས་མ་བསྒོས་པ་རྣམས་ཀྱང་རུང་སྟེ། མདོ་སྡེ་འདིའི་མིང་ཙམ་ཐོས་ན་ཡང་མདོ་སྡེ་འདི་ནི་ཡོད་དོ་སྙམ་དུ་ཤེས་ན་སྡིག་པའི་ནད་ཐམས་ཅད་འབྱང་བར་འགྱུར་རོ། །གསོར་མི་རུང་བའི་ནད་ཨ་ནརྒ་ལ་ཞེས་བྱ་བ་དེ་ནི་ཇི་ལྟར་བྱས་ཀྱང་གསོར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འཆི་བར་འགྱུར་བའི་ནད་ཡིན་པའི་ཕྱིར་ཏེ། དུས་མ་ཡིན་པར་འཆི་བའི་ནད་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆེན་པ་ཡང་མདོ་སྡེ་འདིས་བྱང་ཆུབ་ཏུ་གཞོག་པར་མི་ནུས་ཏེ། དེ་ནི་རྒྱུ་མེད་པ་དང་ཤི་བ་ཡིན་པའི་ཕྱིར་རོ། །དཔེར་ན་ལག་མཐིལ་རྨ་མེད་པ་ལ་དུག་གིས་མི་ཚུགས་ལ་རྨ་ཡོད་པ་ལ་ནི་དུག་གིས་ཚུགས་པར་འགྱུར་བ་དེ་བཞིན་དུ། འདིར་ཡང་འདོད་ཆེན་པ་ལ་བྱང་ཆུབ་ཀྱི་རྒྱུ་མི་སྐྱེའོ། །དེ་ལ་རྨ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རྒྱུའོ། །དུག་ཅེས་བྱ་བ་ནི་མཆོག་ཏུ་བདེ་བའོ། །ལག་མཐིལ་རྨ་མེད་པ་ལྟ་བུ་ནི་འདོད་ཆེན་པ་སྡིག་ཅན་ཡིན་ནོ། །དཔེར་ན་རྡོ་རྗེ་རིན་པོ་ཆེ་གཟི་བྱིན་ཆེན་པོ་ནི་ཅིས་ཀྱང་གཅག་མི་ནུས་ལ་སྣ་གྲངས་གཞན་ཐམས་ཅད་ནི་དེས་ཆོམས་པར་འགྱུར་མོད་ཀྱི་ལུག་རུ་ནི་མི་ཆོད་དོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདིས་ཀྱང་ཤིན་ཏུ་སྡིག་པའི་ལས་བྱེད་པ་འདོད་ཆེན་པ་ནི་བྱང་ཆུབ་ཏུ་གཞག་པར་མི་ནུས་ཏེ། རྒྱུ་མེད་པའི་ཕྱིར་རྡོ་རྗེས་ལུག་རུ་ལ་མི་ཚུགས་པ་བཞིན་ནོ། །དཔེར་ན་ཤིང་ས་ལ་ཀི་དང་། དོང་ཀའི་ཤིང་དང་། ཀ་ན་ག་པྲ་བྷ་དང་། ཤིང་
བལ་གྱི་ཤིང་དང་། བལ་མི་ཀི་དང་། ཀར་ན་བལ་ལྱ་དང་། སྐན་ད་སྟ་བ་དང་། ཀེ་ཏ་ཀི་དང་། པད་ཏྲ་ཀ་དང་། བི་ར་ན་དང་། རོ་ཙ་ན་རྣམས་ནི་བཅད་དེ་དུམ་བུར་གཏུབས་ནས་ཁྱེར་ཏེ་ཁྱིམ་དུ་བཞག་ཀྱང་གལ་ཏེ་ཆུའི་རླན་དང་ཕྲད་ཕན་ཅད་མྱུར་དུ་སྐྱེ་བར་འགྱུར་ཏེ། ལོ་མ་ཁ་འབུ་བ་དང་། སྙེ་མ་དང་ལྡན་ཞིང་ཡལ་ག་དང་སྡོང་བུ་དང་ལྡན་ཏེ་ཤིང་ལྗོན་པ་ཞེས་བྱ་བའི་གྲངས་སུ་གཏོགས་པར་འགྱུར་རོ། །དེ་བཞིན་དུ་བསྟན་པ་འདི་ལ་ཡང་ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་པ་རྣམས་ཤིང་ཏ་ལའི་མགོ་བཅད་པ་བཞིན་དུ་གྱུར་པ་ལས། མདོ་སྡེ་འདི་ཐོས་མ་ཐག་ཏུ་སེམས་བསྐྱེད་པ་དགོས་པར་མི་འཛིན་གྱིས་ཀྱང་མི་མཆོག་དེ་དག་ནི་ཤིང་ས་ལ་ཀི་དང་། དོང་ཀའི་ཤིང་ལ་སོགས་པ་བཞིན་དུ་བྱང་ཆུབ་ཏུ་འཁྲུང་བར་འགྱུར་རོ། །དཔེར་ན་སེང་ལྡེང་དང་ཏིན་དུ་ཀའི་ཤིང་ལྗོན་པ་རྣམས་ནི་བཅད་ཕན་ཅད་ས་བོན་ཚིག་པ་བཞིན་དུ་སྐྱེ་བར་མི་འགྱུར་བ་དེ་བཞིན་དུ་འདོད་ཆེན་པའི་སེམས་ཅན་རྣམས་ཀྱིས་ཀྱང་མདོ་སྡེ་འདི་ལན་མང་དུ་ཐོས་ཀྱང་ས་བོན་ཚིག་པ་བཞིན་དུ་བྱང་ཆུབ་ཏུ་འཁྲུང་བར་མི་འགྱུར་རོ། །དཔེར་ན་སྤྲིན་ཆེན་པོ་ལས་ཆར་བབ་ཏུ་ཟིན་ཀྱང་ས་ཕྱོགས་བྱིལ་པོར་འདུག་པ་ལ་ཆུ་མི་ཆགས་པ་བཞིན་དུ་མདོ་སྡེ་ཆེན་པོའི་སྤྲིན་འདི་ལས་ཆོས་ཀྱི་ཆར་འབབ་མོད་ཀྱི་འདོད་ཆེན་པ་ལ་བྱང་ཆུབ་ཀྱི་རྒྱུ་མི་འཆགས་ཏེ། དེ་ནི་རྡོ་རྗེ་བཞིན་དུ་བྱིལ་པོར་འདུག་པའི་ཕྱིར་རོ། །འདོད་ཆེན་པ་རྣམས་ཀྱིས་ནི་དགེ་བ་བྱས་པ་ནི་མི་མཐོང་གི། སྨད་པ་དང་། བཤུང་བའི་སྡིག་པ་གང་ཡིན་པ་ནི་མཐོང་ངོ་། །ལེགས་པར་བྱས་པ་ནི་བྱང་ཆུབ་ཀྱི་དོན་ཏོ། །མི་འོང་བ་ནི་མི་ཕྲད་པའི་དོན་ཏོ། །དགོངས་པ་ནི་དགེ་བའི་དོན་ཏོ། །དགོངས་པ་ལས་ཁྱད་པར་དུ་འཕགས་པའི་དགེ་བ་སུ་ལ་མི་འོང་ཞེ་ན། ལས་བཟང་པོ་ནི་འདོད་ཆེན་པ་ལ་མི་འོང་ངོ་། །དགེ་བའི་སེམས་སུ་ལ་མི་འོང་ཞེ་ན། འདོད་ཆེན་པ་ཞེས་གྲགས་པ་ནི་དགེ་བ་མེད་པའི་སེམས་ཅན་ང་རྒྱལ་གྱི་དབང་དུ་གྱུར་པ་ཡིན་ཏེ། འདོད་ཆེན་པ་དེ་ལ་མི་འོང་ངོ་། །གཞིའི་ཡན་ལག་ཅི་ཞེ་ན། མདོ་སྡེ་སྤོང་བའོ། །དེ་བས་ན་མདོ་སྡེ་སྤོང་བ་ནི་འཇིགས་སུ་རུང་བ་ཡིན་ཏེ། དེས་འཇིགས་པར་གྱིས་ཤིག ། དེ་ཡི་ཕྱིར་ན་
མཁས་པ་བརྟན་པོ་རྣམས། །ལམ་པོ་ཆེ་ན་འདུ་བྱེད་ཡོད་པས་འཇིགས། །བྱིས་པ་རྣམས་ནི་ལམ་ཆེན་འཇིགས་པ་མེད། །ང་རྒྱལ་དབང་གིས་མི་བཟད་འགྲོ་བར་འགྱུར། །དེས་ན་བློ་ངན་རྣམས་ཀྱིས་དེ་མི་ཐོབ། །སྤྲེའུ་རྣམས་ཟླ་བ་སྙབ་པར་བྱེད་པ་བཞིན། །མི་ཡི་དབང་པོ་ལམ་ཆེན་ཞུགས་པ་ལྟར། །མཁས་པ་བརྟན་པོ་རྣམས་ཀྱིས་ཐོབ་པར་འགྱུར། །གང་གིས་བྱས་པ་མི་མཐོང་ཞེ་ན། འདོད་ཆེན་པ་སྡིག་ཅན་གྱིས་བྱས་པ་མི་མཐོང་སྟེ། དེས་འཁོར་བའི་མཐའི་བར་གྱི་བྱས་པ་མི་མཐོང་ངོ་། །ངས་དེའི་དོན་མདོར་བསྡུས་ཏེ་བསྟན་གྱི། མཆོག་ཏུ་འཇིགས་སུ་རུང་བས་འཇིགས་པར་གྱིས་ཤིག ། གང་གི་ཚེ་སེམས་ཅན་ཐམས་ཅད་སེམས་རྩེ་གཅིག་ཏུ་འཐུན་པར་གྱུར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྲིད་ན། དེའི་ཚེ་འདོད་ཆེན་པ་སྡིག་ཅན་བྱང་ཆུབ་མཆོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཡང་སྲིད་པ་ཞིག་ན། དེ་ནི་བྱས་པ་མི་མཐོང་བ་ཡིན་ཏེ། དཔའ་བོ་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག ། སུའི་བྱས་པ་ཆུད་མི་ཟ་ཞེ་ན། དེ་བཞིན་གཤེགས་པའི་བྱས་པ་ཆུད་མི་ཟའོ། །གང་གི་ཚེ་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་དེ་བཞིན་གཤེགས་པའི་བྱས་པ་ཆུད་ཟ་བར་འགྱུར་ཏེ། དེའི་ཚེ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མར་མེ་དང་ཤིང་ཟད་པའི་མེ་བཞིན་དུ་སངས་རྒྱས་མི་རྟག་པར་འགྱུར་རོ། །དེ་བཞིན་དུ་འདོད་ཆེན་པའི་སྡིག་པའི་ལས་ཀྱང་སྨད་པ་དང་བཤུང་བ་ཡིན་ནོ། །བྱང་ཆུབ་ཀྱི་རྒྱུའི་བསོད་ནམས་གང་ཡིན་པ་དེ་གལ་ཏེ་བྱང་ཆུབ་སེམས་དཔའ་སྤོང་བར་བྱེད་ན་དེ་ཡང་ཐེག་པ་ཆེན་པོ་ལ་སྨོད་པ་དང་བཤུང་བ་ཞེས་བྱའོ། །དེ་སྟེ་མི་སྤོང་ན་ནི་དེ་ལྟ་ན་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་མིང་ཐོགས་པར་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན་ནོ། །འོ་མ་དང་ནི་སྡིག་པའི་ལས། ། མོད་ལ་ལྡང་བར་མི་འགྱུར་ཏེ། །མེ་ནི་ཐལ་བས་གཡོགས་པ་ལ། །བྱིས་
པ་སོང་ན་ཚིག་པ་བཞིན། །འདོད་ཆེན་པ་ལོང་བ་གཅིག་པུ་དགྲ་བཅོམ་པ་ཡིན་པར་འདོད་པ་ནི་ལམ་མི་ཟད་པ་ཆེན་པོར་འགྲོ་འདོད་དོ། །བྱམས་པ་དང་ལྡན་པའི་དགྲ་བཅོམ་པ་ཡིན་པར་འདོད་ལ་ཤིན་ཏུ་རྒྱས་པ་སུན་དབྱུང་བར་འདོད་དེ། དགྲ་བཅོམ་པ་ཡིན་པར་འདོད་ཅིང་ཉན་ཐོས་ཀྱི་ཐེག་པ་སུན་ཕྱུང་ནས་ང་ནི་བྱང་ཆུབ་སེམས་དཔའ་སྟེ། ཤིན་ཏུ་རྒྱས་པ་སྟོན་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ཡོན་ཏན་རྣམས་ཡོད་དོ། །སངས་རྒྱས་ཡོད་དོ་ཞེས་ཟེར་ཞིང་སངས་རྒྱས་སུ་ལུང་སྟོན་པར་བྱེད་དེ། ང་དང་ཁྱེད་ཀྱིས་ཉོན་མོངས་པའི་རྣམ་པ་ཆུའི་བུམ་པ་བཞིན་དུ་གཞོམ་པར་བྱའོ། །ཐེ་ཚོམ་མེད་པར་བྱང་ཆུབ་བསྒོམ་པར་བྱ་སྟེ། མདོ་སྡེའི་མན་ངག་ནི་དེ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །དཔེར་ན་རྒྱལ་པོའི་ཕོ་ཉ་གཙང་ཞིང་སྙིང་ཉེ་ལ་སྨྲ་མཁས་ཤིང་གཟི་བྱིན་ཆེ་བ། དགྲའི་ནང་དུ་རང་གི་སྲོག་དང་བསྡོས་ཏེ་རྒྱལ་པོ་ལ་ཚིག་རྫོགས་པར་སྨྲ་བ་དེ་བཞིན་དུ་ཤེས་རབ་ཅན་ཤིན་ཏུ་རྒྱས་པ་གཅེས་པར་འཛིན་པ་ནི་བྱིས་པ་རྣམས་ཀྱི་ནང་དུ་རང་གི་སྲོག་དང་བསྡོས་ནས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་སངས་རྒྱས་སུ་ལུང་སྟོན་པར་བྱེད་དོ། །དགོན་པ་པ་མདོ་སྡེ་སྤོང་བ། བྱིས་པ་བླུན་པོ་དགྲ་བཅོམ་པ་ཡིན་པར་འདོད་པ་གང་ཡིན་པ་དེ་ལ་དགྲ་བཅོམ་པ་དང་འདྲ་བར་ལྟ་ཞིང་སེམས་ཅན་ཆེན་པོ་དང་འདྲ་བར་ལྟ་སྟེ། འདོད་ཆེན་པ་དགེ་སློང་སྡིག་ཅན་དེ་དགོན་པ་ན་གནས་ཤིང་བདག་ཉིད་དགྲ་བཅོམ་པ་དང་འདྲ་བར་རྩི་བར་བྱེད་དེ། དགོན་པ་ན་གནས་པའི་དགེ་སློང་རྣམས་གཞན་གྱིས་བོས་པ་མི་བཟོད་ལ་རྐྱེན་བཞི་ལས་ཤིན་ཏུ་རྒྱས་པ་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་མི་རྟག་གོ །ཆོས་དང་དགེ་འདུན་ཡང་མེད་པར་འགྱུར་རོ། །དམ་པའི་ཆོས་མེད་པར་འགྱུར་བའི་ལྟས་དེ་ལྟ་བུ་དག་ཀྱང་སྣང་ངོ་ཞེས་བྱ་བ་འདི་ཐེག་པ་ཆེན་པོ་ལས་ལེགས་པར་བཤད་དོ་ཞེས་ཟེར་ཏེ། དེ་སྐད་དུ་དམ་པའི་ཆོས་མ་ཡིན་པར་སྨྲ་བ་ནི་འོ་མ་བཞིན་དུ་མོད་ལ་ལྡང་བར་མི་འགྱུར་ཏེ། མེ་ཐལ་བས་བཀབ་པ་ལ་བབ་པ་བཞིན་དུ་བྱིས་པ་འདོད་ཆེན་པ་རྣམས་ཕྱིས་ཚིག་པར་འགྱུར་
རོ། །དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོ་ཆ་ཕྲ་བ་ཡིན་ཏེ། མདོ་སྡེ་འདི་ནི་ཀ་ཏ་ཀའི་འབྲས་བུ་དང་འདྲའོ། །རིགས་ཀྱི་བུ་དཔེར་ན་མེ་ཏོག་པད་མ་ཁ་ཟུམ་པ་ཉི་མའི་འོད་ཀྱིས་ཕོག་ན་ཁ་འབྱེ་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཐོས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མིང་ཙམ་བསྐྱེད་པ་ཡང་མི་དགོས་པར་འཛིན་པའི་སེམས་ཅན་ཐམས་ཅད་ཀྱང་དབང་མེད་པར་བྱང་ཆུབ་ཀྱི་རྒྱུ་སྤུ་དྲུང་ཐམས་ཅད་དུ་འཇུག་པར་འགྱུར་རོ། །འདོད་ཆེན་པ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི་འོན་ཀྱང་གཡོགས་མ་བཞིན་དུ་སྟུག་པོར་འདུག་གོ །དཔེར་ན་དར་གྱི་སྲིན་བུ་རང་ཉིད་ཀྱིས་ཀུན་ནས་དཀྲིས་ཏེ། སྒོ་མ་བཏོད་པར་ཕྱིར་འབྱུང་མི་ནུས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དེའི་ལས་ཀྱི་ཉེས་པས་འདོད་ཆེན་པའི་ཁོང་ནས་དབྱུང་བར་མི་ནུས་སོ། །དེ་བས་ན་འཁོར་བའི་མཐའ་ལས་བྱང་ཆུབ་ཀྱི་རྒྱུ་མི་འཐོབ་བོ། །རིགས་ཀྱི་བུ་དཔེར་ན་པད་མ་དང་ཨུད་པ་ལ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་འདམ་གྱི་ནང་ནས་སྐྱེས་ཀྱང་འདམ་གྱིས་མི་གོས་པ་དེ་བཞིན་དུ་མདོ་སྡེ་ཆེན་པོ་འདི་ལ་ཡང་ཐེག་པ་ཆེན་པོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་མེད་པའི་གྲངས་སུ་གཏོགས་སོ། །ཅིའི་ཕྱིར་མི་གོས་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོའི་བྱིན་གྱི་རླབས་ཀྱིས་མི་གོས་སོ། །དཔེར་ན་སེར་བུ་བསིལ་བ་ལངས་པའི་ཚེ་དབང་མེད་པར་སེམས་ཅན་ཐམས་ཅད་ཀྱི་སྤུ་དྲུང་ཐམས་ཅད་དུ་ཞུགས་ནས་ཚ་བ་ཐམས་ཅད་ཞི་བར་བྱེད་པ་དེ་བཞིན་དུ་མདོ་ཆེན་པོ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་སྤུ་དྲུང་ཐམས་ཅད་དུ་ཞུགས་ནས་དབང་མེད་པར་བྱང་ཆུབ་ཀྱི་རྒྱུ་ལ་འཇོག་པར་བྱེད་དེ། འདོད་ཆེན་པ་སེམས་བསྐྱེད་པ་དགོས་པར་མི་འཛིན་པ་ནི་མ་གཏོགས་སོ། །རིགས་ཀྱི་བུ་དཔེར་ན་སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ལ་མཁས་པ་ནི་ནད་པ་ཐམས་ཅད་གསོ་བར་བྱེད་མོད་ཀྱི། གསོར་མི་རུང་བ་ནི་གསོ་བར་མི་ནུས་པ་དེ་བཞིན་དུ་མདོ་སྡེ་དང་ཏིང་ངེ་འཛིན་ཐམས་ཅད་ཀྱང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་ཀྱིས་ཐེབས་པ་ཐམས་ཅད་གསོ་བར་བྱེད་ལ། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་ཀྱང་སེལ་
བར་བྱེད་མོད་ཀྱི། ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་པ་རྣམས་ནི་གསོ་བར་མི་ནུས་སོ། །དཔེར་ན་སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ནད་གསོ་བར་བྱེད་མོད་ཀྱི། དེས་ཀྱང་འཆི་བའི་དུས་ལ་བབ་པའི་ནད་གསོ་མི་ནུས་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཐམས་ཅད་བསལ་ནས་སེམས་ཅན་རྣམས་བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་མོད་ཀྱི། འཆི་བའི་དུས་ལ་བབ་པ་ལྟ་བུའི་འདོད་ཆེན་པོ་ནི་མ་གཏོགས་སོ། །དཔེར་ན་དམུས་ལོང་གིས་ཉི་ཟླའི་འོད་ཀྱང་མི་ཤེས་ན་གསལ་བར་ལྟ་ག་ལ་མཐོང་སྟེ། སྨན་པ་ཆེན་པོས་ཀྱང་མིག་རྟུལ་བ་རྣམས་ཀྱིས་མིག་བཅོས་ནས་མཐོང་བར་ཟད་དེ། དམུས་ལོང་ནི་མ་གཏོགས་སོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་ལོང་བ་ལྟ་བུའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མིག་བཅོས་ནས་མྱུར་བ་ཁོ་ནས་ཐེག་པ་ཆེན་པོའི་མིག་མཐོང་བར་བྱེད་ལ། ཕམ་པར་བྱེད་པ་རྣམས་དང་མཚམས་མེད་པ་བྱེད་པ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་ཀྱང་བྱང་ཆུབ་ལ་འགོད་པར་བྱེད་མོད་ཀྱི། ཤིན་ཏུ་དམུས་ལོང་དུ་འདུག་པ་འདོད་ཆེན་པ་ནི་མ་གཏོགས་སོ། །རིགས་ཀྱི་བུ་དཔེར་ན་སྨན་པ་ཆེན་པོ་ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ནི་སྨན་སྣར་བླུགས་པ་དང་། ཁོང་དུ་བཏུང་བ་དང་། ལུས་ལ་བསྐུ་བ་དང་། དུད་པས་བདུག་པའི་ལས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ནད་སེལ་བར་བྱེད་དོ། །མགོན་མེད་པ་རྣམས་དང་བདག་ཅག་ལ་སྨན་མི་དགོས་སོ་སྙམ་སྟེ། སེམས་མི་བསྐྱེད་པ་རྣམས་ཀྱང་ཁྱིམ་དག་གི་ནང་ངམ། རྩྭ་དག་གི་ཁྲོད་དུ་བཞག་སྟེ། སྔགས་དང་། སྨན་དང་། སྨན་གནོད་སེལ་གྱི་མཐུས་དུག་རྣམས་དང་། ནད་རྣམས་སེལ་བར་བྱེད་ལ། བུད་མེད་སྦྲུམ་མ་བུ་བཙའ་བར་འདོད་ན་བཙར་མི་བཏུབ་པ་རྣམས་ཀྱང་སྨན་གནོད་སེལ་གྱི་མཐུས་བདེ་བར་བཙའ་བར་བྱེད་ལ། བྱིས་པ་ཡང་ནད་མེད་པར་བྱེད་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་
པོའི་མདོ་ཆེན་པོ་འདི་གླེགས་བམ་དུ་བྱས་པ་སེམས་ཅན་ཐམས་ཅད་ཀྱི་ཁྱིམ་ན་འཆང་བ་དེ་དག་ཀྱང་ཐེག་པ་ཆེན་པོའི་མཐུས་བདེ་བར་བྱེད་ལ་མདོ་ཆེན་པོ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་ཡང་འགྱུར་རོ། །ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་པ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་ཀྱང་བྱང་ཆུབ་ལ་འགོད་པར་བྱེད་དེ། འདོད་ཆེན་པ་ཤི་བ་དང་འདྲ་བ་ནི་མ་གཏོགས་སོ། །གསོལ་པ། ཕམ་པ་བགྱིད་པ་རྣམས་དང་། མཚམས་མ་མཆིས་པ་མི་བཟད་པ་ཏ་ལའི་མགོ་བཅད་པ་དང་འདྲ་བ་དེ་དག་བདག་ཅག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་མི་དགོས་སོ་སྙམ་དུ་འཛིན་ན་སེམས་མ་བསྐྱེད་པར་དེ་དག་ལ་བྱང་ཆུབ་ཀྱི་རྒྱུ་ཇི་ལྟར་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དེ་དག་ནི་རྨི་ལམ་དུ་ཡང་རུང་། ཤི་བའི་འོག་ཏུ་ཡང་རུང་སྟེ། སེམས་ཅན་དམྱལ་བ་རྣམས་སུ་འཚེད་པ་ན་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ནི་མ་ལེགས་པ་བྱས་སོ། །གལ་ཏེ་འདི་ནས་ཐར་བར་འགྱུར་བ་ཞིག་ཡོད་ན་ནི་ཤིན་ཏུ་འཇིགས་པ་འདི་མཐོང་བས་བདག་ཅག་གང་དང་གང་དུ་སྐྱེས་པ་དེ་དང་དེར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་དུ་སེམས་ཏེ། དམ་པའི་ཆོས་དབྱུང་བར་སེམས་པ་ནི་འབྲས་བུ་ཆེ་བ་ཡིན་ནོ། །དཔེར་ན་བྱིས་པ་ལ་ལ་ཤེད་བྱེ་ནས་བདག་ཉིད་ཤེས་པར་བྱེད་ཅིང་འདི་ལྟར་བདག་མའི་མངལ་ན་འདུག་པའི་ཚེ་སྨན་པ་འདིས་སྔགས་དང་སྨན་གནོད་སེལ་གྱི་མཐུས་བདག་གི་མ་བདེ་བར་བྱས་པས་ན་སྲོག་འདི་ནི་ཁྱོད་ཀྱི་དྲིན་ནོ། །ཀྱེ་མ་བདག་གི་མ་གང་གིས་བདག་ཟླ་བ་བཅུ་གཉིས་ཀྱི་བར་དུ་མའི་མངལ་ན་འཆང་ཞིང་ཤིན་ཏུ་ཉོན་མོངས་པར་གྱུར་ནས་དེའི་འོག་ཏུ་དེས་བདག་ཤིན་ཏུ་ཚེགས་ཆེན་པོས་བཙས་པ་དང་། བདག་མངལ་གྱི་དྲི་མ་ལྗན་ལྗིན་དང་། ཁྲག་གིས་ཡོག་པ་བཀྲུས་པ་དང་། བདག་གི་མཆུ་ཁ་ཆུ་ནལ་ནལ་པོར་གཤེར་བར་འདུག་པ་ལ་འོ་བྱས་པ་དང་། ཐབས་ཅི་ཡོད་པས་གསོས་པ་ནི་མཆོག་ཏུ་དཀའ་བ་བྱེད་བྱེད་པ་ཡིན་ཏེ། ད་ནི་ཁྱོད་ཀྱི་བཀའ་དྲིན་ལ་བདག་སྐྱེས་པས་བླ་མའི་མཆོད་པ་བྱ་དགོས་ཏེ་དེ་དང་འཚམ་པར་བྱའོ་ཞེས་ཟེར་བ་དེ་བཞིན་དུ་ཕམ་
པ་བྱེད་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་བྱེད་པ་རྣམས་འཆི་བའི་ཚེ་དྲན་པ་མ་བརྗེད་པའི་འབྲས་བུས་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེ་ནས་ཕམ་པ་བྱེད་བྱེད་པ་དང་། མཚམས་མེད་པ་བྱེད་བྱེད་པ་ཡང་དྲན་པ་མ་བརྗེད་པའི་འབྲས་བུས་སེམས་ཅན་དམྱལ་བའམ། མིའི་འཇིག་རྟེན་དུ་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། འདོད་ཆེན་པ་ནི་མ་གཏོགས་སོ། །དཔེར་ན་སྨན་པའམ། སྨན་པའི་བུ་རྒྱུད་ཕྱི་མ་ཤེས་པས་སྦྲུལ་གདུག་པ་དང་། མི་གདུག་པ་དང་། ཀླུ་བྱ་གག་ཅེས་བྱ་བ་ལ་སོགས་པ་སྨན་གནོད་སེལ་དང་། རིག་སྔགས་ཀྱི་མཐུས་རང་གི་ལམ་ལ་དབང་བྱ་བ་བཞིན་དུ་བཏུལ་ནས་དུག་མེད་པར་བྱེད་དེ། ཀླུ་ཤིན་ཏུ་དྲག་པོ་ནི་མ་གཏོགས་སོ། །དེ་བཞིན་དུ་མདོ་སྡེ་ཆེན་པོ་སྨན་གནོད་སེལ་དང་འདྲ་བ་འདིས་ཀྱང་ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པའི་ལས་བྱེད་པའི་སྡིག་ཅན་གྱི་ཀླུ་མཆོག་ཏུ་དྲག་པོ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་བཏུལ་ནས་བྱང་ཆུབ་ཀྱི་གནས་ཆེན་པོར་འགོད་པར་བྱེད་དེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྐྱེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མིང་སྨན་གནོད་སེལ་ཆེན་པོ་ཡོན་ཏན་གྱི་ཚུལ་ཅན་ཞེས་བྱ་སྟེ། འདོད་ཆེན་པའི་ཀླུ་དྲག་པོ་མི་བཟད་པ་ནི་མ་གཏོགས་སོ། །དཔེར་ན་སྨན་པས་དུག་སྨན་ཟུག་རྔུ་འབྱིན་པའི་སྨན་གྱི་རྒྱལ་པོ་བསྒྲུབས་ཏེ། དེས་རྔ་བོ་ཆེ་ལ་བསྐུས་ནས་ཕོ་བྲང་འཁོར་དུ་རྔ་དེ་བརྡུངས་ན་སྒྲ་དེའི་མཐུས་སྐྱེ་བོ་ཇི་སྙེད་ཀྱིས་སྒྲ་ཐོས་པ་དེ་དག་གི་ཟུག་རྔུ་ཐམས་ཅད་དབྱུང་བར་འགྱུར་ཏེ། དེ་ཉིད་ན་འཆི་བའི་དུས་ལ་ཉེ་བ་རྣམས་ཀྱིས་ནི་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ལས་ཀྱི་རྣམ་པར་སྨིན་པ་མི་བཟད་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་སྒྲ་གང་དུ་ཐོས་ཀྱང་རུང་སྟེ། འདུ་བྱེད་ཀྱི་ཕོ་བྲང་འཁོར་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟུག་རྔུ་རྣམས་འབྱིན་པར་བྱེད་ལ་འདུ་བྱེད་པ་མེད་པར་ཡང་བྱེད་དོ། །ཕོ་བྲང་འཁོར་ན་གནས་པ་དེ་དག་གི་ཡིད་ལ་འདི་
སྙམ་དུ་ཟུག་རྔུ་འབྱུང་བར་མི་འགྱུར་རོ་སྙམ་དུ་སེམས་མོད་ཀྱི་དེ་དག་གི་ཡིད་ལ་ཟུག་རྔུ་རྣམས་འབྱུང་བར་འགྱུར་རོ་སྙམ་དུ་ཇི་ག་སེམས་སམ། དེ་བཞིན་དུ་ཅིག་ཤོས་རྣམས་ལ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟུག་རྔུ་རྣམས་འབྱུང་བར་འགྱུར་རོ་སྙམ་པའི་སེམས་མེད་དེ། དེ་དག་གི་སེམས་ནི་འདོད་པ་རྣམས་ལ་གནས་སོ། །དེ་བཞིན་དུ་ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པའི་ལས་བྱེད་པ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་ཀྱི་ཡང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དེ། འདོད་ཆེན་པ་འཆི་བའི་དུས་ལ་བབ་པ་དང་འདྲ་བ་ནི་མ་གཏོགས་སོ། །རིགས་ཀྱི་བུ་དཔེར་ན་མཚན་མོ་མུན་པའི་ནང་ན་འཛམ་བུའི་གླིང་པའི་སེམས་ཅན་རྣམས་ཞིང་བླས་ལ་སོགས་པའི་ལས་བྱ་བ་ལ་འཇུག་པ་མེད་དེ། ཉི་མ་འཆར་བ་སྡོད་ཅིང་འཁོད་དོ། །དེ་ནས་ཉི་མ་ཤར་བ་དང་ཞིང་བླས་ལ་སོགས་པ་བྱེད་པ་འཇུག་གོ །དེ་བཞིན་དུ་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཀྱང་མདོ་སྡེ་དང་། ཏིང་ངེ་འཛིན་ཐམས་ཅད་ཐོས་ཤིང་བསྒོམས་ནས་ཞིང་བླས་བྱེད་འདོད་པའི་སེམས་ཅན་མཚན་མོ་སྡོད་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་ཉི་མ་འཆར་བ་སྡོད་དོ། །དེ་ནས་མདོ་ཆེན་པོ་འདི་ལས་དགོངས་པའི་ཚིག་ཐོས་ནས་དམ་པའི་ཆོས་ཀྱི་གནས་སུ་ལས་རྩོམ་པར་བྱེད་དོ། །དེ་ནས་ཞིང་བླས་ཇི་ལྟར་བྱས་པ་ལ་ཆར་ཆེན་པོ་བབ་པས་ལོ་ཐོག་སྐྱེ་བར་འགྱུར་ལ་ལོ་ཡང་ལེགས་པར་འགྱུར་རོ། །དེ་བཞིན་དུ་དམ་པའི་ཆོས་ཀྱི་ཞིང་བླས་བྱས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཆེན་པོའི་སྤྲིན་ཆེན་པོ་ལས་ཐོས་པའི་ཆོས་ཀྱི་ཆར་བབ་ན་རིམས་ནད་རྣམ་པ་བརྒྱད་ལས་རྣམ་པར་གྲོལ་བ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཡིད་དུ་འོང་བར་བྱེད་པའི་ལུང་བསྟན་པ་ཆེན་པོའི་ལོ་ཐོག་སྐྱེ་བར་འགྱུར་ཏེ། དམ་པའི་ཆོས་པད་མ་དཀར་པོའི་མདོ་ཆེན་པོ་ལས་ཉན་ཐོས་ཆེན་པོ་བརྒྱད་ཅུ་དཔྱིད་ཟླ་ར་བ་ལ་འབྲུ་རྣམས་མཐར་ཐུག་པ་བཞིན་དུ་ལུང་བསྟན་པ་ཆེན་པོའི་ལོ་ཐོག་སྐྱེ་བའི་མཐར་ཐུག་པ་དང་འདྲ་བར་འགྱུར་ཏེ་འདོད་ཆེན་པ་ནི་མ་གཏོགས་སོ།། །།
བམ་པོ་བཅུ་གཉིས་པ། རིགས་ཀྱི་བུ་དཔེར་ན་སྨན་པ་ཆེན་པོས་འབྱུང་པོས་ཟིན་པའམ། སྦྲུལ་གྱིས་ཟིན་པའི་དོན་དུ་སྨན་གྱི་རི་ལུའམ། སྨན་གནོད་སེལ་རྒྱང་གྲགས་མང་པོ་ཞིག་ཏུ་བསྐུར་ཏེ། འདི་སྐད་དུ་སྨན་འདི་མྱུར་དུ་ཁྱེར་ལ་ཁྱེར་ནས་ཀྱང་དེའི་དཔྱད་གྱིས་ཤིག་དང་། དེ་ལྟར་བྱས་ན་དེའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོའི་གདོན་རྣམས་མེད་པར་འགྱུར་རོ། །དེ་སྟེ་མ་ཁྱེར་ན་བདག་ཉིད་འགྲོ་བར་བྱའི་དེར་བར་མ་དོར་ཆུད་ཟོས་ན་མི་རུང་ངོ་ཞེས་ཀྱང་ཟེར་ལ། དེ་ནས་སྨན་པའམ། སྨན་པའི་ཕྲིན་པ་དེ་ཐག་རིང་པོ་ཞིག་ནས་མཐོང་ནས་སྔགས་དེའི་གཟི་བྱིན་དང་། མཐུས་གནོད་པ་ཐམས་ཅད་ཞི་བར་འགྱུར་ཏེ། དེ་ཡང་བདེ་བར་འགྱུར་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་མཐུ་ཆེ་བ་འདི་ཡི་གེར་བྲིས་པ་ཞིག་ག་ཞིག་གི་གནས་ཞིག་ན་ཡོད་དོ། །ཞེས་དགེ་སློང་ངམ། དགེ་སློང་མའམ། འདི་ལས་ཕྱི་རོལ་པ་གཞན་གྱིས་ཤེས་སམ། གཞན་ལས་ཐོས་ན་དེ་དག་གི་བྱང་ཆུབ་ཀྱི་རྒྱུར་འགྱུར་ལ། ཕམ་པ་བྱེད་པ་དང་། མཚམས་མེད་པའི་ལས་བྱེད་པའི་འབྱུང་པོ་དང་། ཤ་ཟའི་གདོན་གྱིས་ཟིན་པ་ཇི་སྙེད་ཀྱིས་ཐོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་ཀྱང་སྨན་པ་ཆེན་པོ་མཐོང་བ་བཞིན་དུ་གནོད་པ་དང་བྲལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྟག་པའི་མདོ་སྡེ་ཆེན་པོའི་མཐུའི་རྒྱུས་དེ་ལྟར་འགྱུར་ཏེ། དེ་ལྟ་ན་གང་དག་གིས་མདོ་སྡེ་ཆེན་པོ་གླེགས་བམ་ལ་བྲིས་པ་བཀླགས་སམ། ཐོས་སམ་བྲིས་ཀྱང་རུང་། དེ་དག་ལྟ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་ཅི་སྟེ་མི་འགྱུར། འདོད་ཆེན་པ་ནི་མ་གཏོགས་སོ། །དཔེར་ན་འོན་པས་སྒྲ་མི་ཐོས་པ་དེ་བཞིན་དུ་འདོད་ཆེན་པས་ཀྱང་མདོ་སྡེ་འདི་ཐོས་པར་མི་ནུས་ཏེ། དེ་ལ་རྒྱུ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་གིས་རྒྱལ་པོ་ཆེན་པོ་མཐོང་ནས་རྒྱལ་པོ་ཆེན་པོ་ཁྱོད་ལ་གྲོངས་ལ་ཐུག་པ་ཙམ་གྱི་སྙུན་གྱིས་ཐེབས་པར་འགྱུར་རོ་ཞེས་ལུང་བསྟན་པ་དང་། རྒྱལ་པོ་དེས་དེ་
ལ་བཀའ་སྩལ་པ། ཁྱོད་ཀྱིས་མ་མཐོང་བར་ནད་ཚབས་པོ་ཆེ་འབྱུང་བར་ཇི་ལྟར་ཤེས། དེ་ནས་སྨན་པ་དེས་རྒྱལ་པོ་ལ་གསོལ་པ། གལ་ཏེ་ཐུགས་མི་ཆེས་ན་སྨན་གསོལ་ཅིག་དང་མངོན་ནོ་ཞེས་བྱས་ན། འོན་ཀྱང་རྒྱལ་པོ་དེ་སྨན་འཐུང་དུ་ཡང་མ་བཏུབ་བོ། །དེ་ནས་སྨན་པ་ཆེན་པོ་དེས་རིག་པའི་སྟོབས་ཀྱིས་གཞང་ཀར་གཞང་འབྲུམ་འཐོན་པར་བྱས་སོ། །དེ་ནས་རྒྱལ་པོ་དེས་གཞང་འབྲུམ་དེ་དག་མཐོང་ནས་སྐྲག་ཅིང་མི་དགའ་སྟེ་སྐྱི་བུང་ཞེས་བྱས་ནས་སྨན་པའི་ཚིག་བདེན་ནོ་སྙམ་དུ་སེམས་ཏེ། གཞང་འབྲུམ་འཐོན་པར་ཤེས་ནས་ཀྱེ་མ་སྨན་པ་རིག་པའི་སྟོབས་ངོ་མཚར་ཏོ་སྙམ་སྟེ། སྨན་པ་དེ་ལ་ཕ་མ་ལ་གུས་པར་བྱ་བ་བཞིན་དུ་བཀུར་སྟི་བྱེད་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་ནི་སེམས་བསྐྱེད་མི་དགོས་པར་འཛིན་པའི་སེམས་ཅན་ཐམས་ཅད་ལ་ཡང་སྨན་པ་ཆེན་པོས་རྒྱལ་པོ་ལ་བྱ་བ་བཞིན་དུ་བདེ་བླག་ཏུ་བྱང་ཆུབ་ཀྱི་རྒྱུ་ལ་འཇོག་པར་བྱེད་དེ། དེ་དག་ལ་རྨི་ལམ་དུའམ་འཆི་བའི་ཚེ་ཡང་རུང་སྟེ། སེམས་ཅན་དེ་དག་གིས་མི་ཤེས་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་འཇུག་པར་འགྱུར་རོ། །འདོད་ཆེན་པ་ནི་མ་གཏོགས་ཏེ། སྨན་པ་ཆེན་པོས་ཀྱང་འདི་ནི་གསོར་མི་རུང་ངོ་སྙམ་ནས་ལས་མི་བཟད་པ་དང་ལྡན་པའི་འཆི་བར་འགྱུར་བའི་ནད་གསོ་བར་མི་བྱེད་དོ། །འཆི་བར་འགྱུར་བ་དང་འདྲ་བ་ནི་འདོད་ཆེན་པ་ཡིན་ནོ། །རིགས་ཀྱི་བུ་དཔེར་ན་སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་གིས་རང་གི་བུ་ཐོག་མར་རྒྱུད་ཀྱི་ཡན་ལག་ཐང་དང་། ཆུ་དང་། རི་ལས་སྐྱེས་པའི་སྨན་རྣམས་སློབ་པར་བྱེད་ཀྱིས་ཐོག་མ་ཡན་ལག་སློབ་པ་ཙམ་ན་རྒྱུད་ཕྱི་མ་སློབ་པར་མི་བྱེད་དེ། གང་གི་ཚེ་ཚེའི་རིག་བྱེད་ཡན་ལག་བརྒྱད་བསླབས་ཟིན་པ་དེའི་ཚེ་ནི་རྒྱུད་ཕྱི་མ་ལས་སྔགས་དང་སྨན་གྲུབ་པའི་ལས་སློབ་པར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱང་ཉིད་ཀྱི་སྲས་དགེ་སློང་དག་ལ་ཐོག་མའི་ཡན་ལག་ཉོན་མོངས་པའི་རྣམ་པ་སྦྱང་བ་དང་། ལུས་སྙིང་པོ་མེད་པར་བསྒོམ་པ་དང་། ཐང་དང་ཆུ་དང་། རི་ལས་སྐྱེས་པ་ལྟ་བུ་རྣམ་པ་གསུམ་བསྒོམ་པ་སློབ་པར་མཛད་དོ། །དེ་ལ་ཐང་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་རྣམ་པ་དུ་
མ་རྣམས་སོ། །ཆུ་ཞེས་བྱ་བ་ནི་ལུས་འདི་ཆུའི་ཆུ་བུར་ལྟ་བུར་མི་རྟག་པའོ། །རི་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་རྣམས་ལ་བདག་མེད་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ལུས་འདི་ནི་བདག་མེད་པའོ་ཞེས་སློབ་པར་མཛད་དོ། །གལ་ཏེ་དགེ་སློང་རྣམས་ཀྱི་གསུང་རབ་ཡན་ལག་དགུའི་དོན་མ་མཐོང་ན་ནི་ཐེག་པ་ཆེན་པོའི་མཆོག་འདི་སློབ་པར་མི་མཛད་དོ། །ད་ནི་སྨན་པ་ཆེན་པོ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་དགུ་ལ་དོན་གྱི་བྱ་བ་བྱས་ཟིན་པའི་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱུད་ཕྱི་མ་ལས་དེ་བཞིན་གཤེགས་པའི་སྙིང་པོ་རྟག་གོ་ཞེས་སྟོན་པར་མཛད་དེ། དེ་ལྟར་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་བསྟན་པ་ཐོས་ན་སེམས་བསྐྱེད་མི་དགོས་པར་འཛིན་པའི་སེམས་ཅན་རྣམས་ལ་ཡང་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། འདོད་ཆེན་པ་ནི་མ་གཏོགས་སོ། །རིགས་ཀྱི་བུ་དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་དེ་ལྟར་བསམ་གྱིས་མི་ཁྱབ་སྟེ། སྨན་པ་ཆེན་པོ་བཞིན་དུ་སྨན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། མདོ་སྡེ་འདི་ནི་མདོ་སྡེའི་རྒྱལ་པོའི་མཆོག་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་གྲུ་ནི་སེམས་ཅན་བསྒྲལ་བའི་ཕྱིར་ཕ་རོལ་གྱི་འགྲམ་ནས་ཚུ་རོལ་གྱི་འགྲམ་དུ་འོང་ཞིང་། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས་གྲུ་ཕ་རོལ་དུ་འགྲོ་བ་བཞིན་དུ་སེམས་ཅན་རྣམས་སྒྲོལ་དུ་གཤེགས་ཏེ། གང་དང་གང་དུ་གདུལ་བར་བྱ་བ་རྣམས་ཡོད་པ་དེ་དང་དེར་རྫོགས་པའི་སངས་རྒྱས་སྟོན་པར་མཛད་དོ། །དེ་བས་ན་ཇི་ལྟར་གྲུ་གང་དང་གང་དུ་སེམས་ཅན་སྒྲོལ་བར་འདོད་པ་དེ་དང་དེར་འགྲོ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། དེ་བས་ན་མཉེན་པ་ཆེན་པོ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྟག་པ་དང་བརྟན་པ་ཡིན་ནོ། །གྲུ་ཡོད་ན་མཉེན་པས་སྒྲོལ་བར་བྱེད་ལ། དེ་བཞིན་གཤེགས་པ་རྟག་པར་ཡོད་པ་དང་ད་དུང་དུ་སེམས་ཅན་སྒྲོལ་ཞིང་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་རྒྱ་མཚོ་ཆེན་པོའི་ནང་
དུ་གྲུ་བོ་ཆེ་འགྲོ་བ་རླུང་དང་ཕྲད་ན་དྲང་པོར་འགྲོ་ཞིང་སྐད་ཅིག་ཙམ་གྱིས་དཔག་ཚད་དུ་མར་འགྲོ་ལ། གལ་ཏེ་རླུང་དང་མ་ཕྲད་ན་ནི་ལོ་དུ་མར་ཡང་མལ་གཅིག་ན་འདུག་པའམ། ཡང་ན་བུབ་པར་འགྱུར་བ་དེ་བཞིན་དུ་མི་ཤེས་པའི་རྒྱ་མཚོ་ཆེན་པོར་ལྷུང་བའི་སེམས་ཅན་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་རླུང་གི་རྒྱལ་པོ་དང་ཕྲད་ན་ནི་གྲུ་བཞིན་དུ་མྱུར་བ་ཁོ་ནར་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གང་དག་མདོའི་རླུང་གི་རྒྱལ་པོ་འདི་དང་མ་ཕྲད་པ་དེ་དག་ནི་གྲུ་རྒྱ་མཚོ་ཆེན་པོར་བུབ་པ་བཞིན་དུ་འཁོར་བའི་འཁོར་ལོར་བརླག་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་རྒྱ་མཚོ་ཆེན་པོ་འཇིགས་པའི་གནས་སུ་རླུང་དང་མ་ཕྲད་ན་དེ་ནི་ཤི་བ་ཉིད་འདི་ཡིན་ནོ་སྙམ་སྟེ། དཀོས་ཐག་པར་གྱུར་པའི་སེམས་ཅན་རྣམས་མི་ཤེས་བཞིན་དུ་རླུང་གི་རྒྱལ་པོས་ཡུད་ཙམ་གྱིས་ཁྱེར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་ཅག་ཐར་བར་གྱུར་པ་འདི་ནི་ངོ་མཚར་ཆེའོ་སྙམ་པ་དེ་བཞིན་དུ། མདོ་ཆེན་པོ་འདིའི་མདོའི་རླུང་གི་རྒྱལ་པོ་འདི་ཡང་མི་ཤེས་པའི་རྒྱ་མཚོ་ཆེན་པོ་ན་འཁོད་པའི་སེམས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་མི་ཤེས་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་སྦྲུལ་གྱི་པགས་པ་རྙིང་པ་བོར་ན་ཇི་ག་ཤི་བའམ། མེད་པར་སོང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་པགས་པ་རྙིང་པ་འདོར་བཞིན་དུ་ཐབས་ཀྱི་སྐུ་དུག་སྨན་གྱི་སྡོང་པོ་རྙིང་པ་སྤོང་བར་མཛད་པ་ལ། ཇི་ག་དེ་བཞིན་གཤེགས་པ་མི་རྟག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྦྲུལ་པགས་པ་བརྗེས་པ་བཞིན་དུ་འཛམ་བུའི་གླིང་ཁ་ཅིག་ཏུ་ཐབས་ཀྱི་སྐུ་གཞན་བོར་ནས་ཐབས་ཀྱི་སྐུ་གཞན་སྟོན་པར་མཛད་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་གསེར་མགར་གྱིས་གསེར་གྱི་འབྱུང་གནས་ནས་གསེར་བཞུ་སྟེ། སྐྱོན་དང་བྲལ་བར་གྱུར་ནས་རྒྱན་བཟང་པོ་ཇི་དང་ཇི་ལྟ་བུའི་གཟུགས་སུ་འདོད་པའི་གསེར་
མགར་བྱེད་དུ་བཅུག་ན་དེ་དང་དེ་ལྟ་བུར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་གདུལ་བར་བྱ་བ་རྣམས་ཅི་དང་ཅི་ལྟ་བུར་འདོད་པ་དེ་དང་དེ་ལྟ་བུའི་ཐབས་ཀྱིས་གཟུགས་མངོན་པར་སྤྲུལ་ནས་སེམས་ཅན་རྣམས་སྒྲོལ་བར་མཛད་དོ། །དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ནི་མཐའ་ཡས་ཏེ་རྟག་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ཨ་མྲའི་ཤིང་ངམ། འཛམ་བུའི་ཤིང་ཡང་རུང་། དུས་ཚིགས་རྣམ་པ་གསུམ་གྱི་དབང་གིས་འགྱུར་ཏེ། རེས་འགའ་ནི་སྦལ་མིག་བྱེ་བ་དང་ལོ་མ་ཁ་འབུ་བར་འགྱུར་རོ། །རེས་འགའ་ནི་ལོ་མ་རྒྱས་ཤིང་གྲིབ་མ་བསིལ་བར་འགྱུར་རོ། །རེས་འགའ་ནི་ཤིང་སྐམ་པོ་བཞིན་དུ་ལོ་མ་ལྷགས་པར་འགྱུར་ན། ཇི་ག་ཤིང་དེ་དག་ཤི་ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གདུལ་བར་བྱ་བའི་དབང་གིས་འཇིག་རྟེན་གསུམ་དུ་ཐབས་ཀྱི་སྐུ་རྣམ་པ་གསུམ་དུ་སྟོན་པར་མཛད་དེ། སྐྱེ་བ་ལྟ་བུ་དང་། འཚོ་ཞིང་བཞུགས་པ་ལྟ་བུ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་སྟོན་ན། ཇི་ག་དེ་བཞིན་གཤེགས་པ་མི་རྟག་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་དང་། དེ་བཞིན་གཤེགས་པའི་དགོངས་པའི་ཚིག་ཀྱང་ཤེས་པར་དཀའོ། །དཔེར་ན་རྒྱལ་པོ་ལ་ལ་ཞིག་གིས་རང་གི་བློན་པོ་ལ་སེན་ད་པ་འོན་ཅིག་ཅེས་དེ་སྐད་བསྒོ་ན། དེ་ལ་སེན་ད་པ་ཞེས་བྱ་བ་ནི་ལན་ཚྭ་དང་། སྐོམ་སྣོད་དང་། རལ་གྲི་དང་། རྟ་རྣམས་ལ་བྱ་སྟེ། འདི་བཞིའི་མིང་སེན་ད་པ་ཞེས་བྱ་ན། འདི་ལྟར་མིང་གཅིག་ལ་དོན་མང་པོ་ཡོད་པས། གང་གི་ཚེ་རྒྱལ་པོ་བཤོས་གསོལ་བ་ན་སེན་ད་པ་ཞེས་ཟེར་ན་ནི་དེའི་ཚེ་བློན་པོས་སེན་ད་པ་ལན་ཚྭ་ཡིན་པར་རིག་ནས་ལན་ཚྭ་འབུལ་བར་བྱེད་དོ། །གང་གི་ཚེ་རྒྱལ་པོ་བཤོས་གསོལ་ཟིན་ནས་སེན་ད་པ་ཞེས་ཟེར་ན་ནི་དེའི་ཚེ་བློན་པོས་སྐོམ་སྣོད་ཡིན་པར་རིག་ནས་སྐོམ་
སྣོད་འབུལ་བར་བྱེད་དོ། །གང་གི་ཚེ་རྒྱལ་པོ་སྐྱེད་མོས་ཚལ་དུ་འགྲོ་བའི་ཚེ་སེན་ད་པ་ཞེས་ཟེར་ན་ནི་དེའི་ཚེ་བློན་པོས་རྟ་ཡིན་པར་རིག་ནས་རྟ་འབུལ་བར་བྱེད་དོ། །གང་གི་ཚེ་རྒྱལ་པོ་འཐབ་པའི་ཚེ་སེན་ད་པ་ཞེས་ཟེར་ན་ནི་དེའི་ཚེ་བློན་པོས་རལ་གྲི་ཡིན་པར་རིག་ནས་རལ་གྲི་འབུལ་བར་བྱེད་དེ། དེ་ལྟར་རྒྱལ་པོའི་དགོངས་པའི་ཚིག་རྣམ་པ་བཞི་བློན་པོ་རྣམས་ཀྱིས་ཁོང་དུ་ཆུད་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་མི་རྟག་པ་རྣམ་པ་བཞི་ཞེས་བྱ་བ་ཡོད་པར་ཐེག་པ་ཆེན་པོ་པ་བློན་པོ་དང་འདྲ་བས་དེ་བཞིན་དུ་རིག་པར་བྱ་སྟེ། གང་གི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྟོན་ན་ནི་དེའི་ཚེ་ཐེག་པ་ཆེན་པོ་པས་མི་རྟག་པ་སྟོན་ཏོ་སྙམ་དུ་ཤེས་པར་བྱ་སྟེ། མི་རྟག་པའི་འདུ་ཤེས་བསྒོམ་པར་བྱའོ། །གང་གི་ཚེ་དེ་བཞིན་གཤེགས་པ་དམ་པའི་ཆོས་ནུབ་པ་དང་ཞིག་པར་འགྱུར་རོ་ཞེས་སྟོན་ན་ནི་དེའི་ཚེ་སྡུག་བསྔལ་སྟོན་ཏོ་སྙམ་དུ་ཤེས་པར་བྱ་སྟེ། སྡུག་བསྔལ་བསྒོམ་པར་བྱའོ། །གང་གི་ཚེ་དེ་བཞིན་གཤེགས་པ་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་ལ། ངའི་ལུས་ནད་ཆེན་པོ་མཐའ་ཡས་པས་གཟིར་ཏོ། །དགེ་འདུན་འཇིག་པར་འགྱུར་རོ་ཞེས་སྟོན་ན་ནི་དེའི་ཚེ་བདག་མེད་པ་སྟོན་ཏོ་སྙམ་དུ་ཤེས་པར་བྱ་སྟེ། བདག་མེད་པ་བསྒོམ་པ་བསྒོམ་པར་བྱའོ། །གང་གི་ཚེ་དེ་བཞིན་གཤེགས་པ་ཐར་པ་ནི་མཚན་མ་མེད་པ་དང་། སྟོང་པ་དང་། ཅི་ཡང་མེད་པའོ་ཞེས་སྟོན་ན་ནི་དེའི་ཚེ་ཐར་པ་ནི་སྲིད་པ་ཉི་ཤུ་རྩ་ལྔ་དང་བྲལ་བ་ཡིན་ནོ་ཞེས་སྟོན་པར་ཤེས་པར་བྱ་སྟེ། དེ་བས་ན་སྟོང་པ་ཞེས་བྱའོ། །གང་གི་ཕྱིར་དེ་ལ་སྡུག་བསྔལ་མེད་པས་ན་དེའི་ཕྱིར་སྡུག་བསྔལ་ཅི་ཡང་མེད་པ་དང་། མཆོག་ཏུ་བདེ་བ་དང་། མཚན་མ་མེད་པ་ཡིན་ནོ། །གང་གི་ཕྱིར་དེ་ལ་མི་རྟག་པ་དང་། མི་བརྟན་པ་དང་། ཐེར་ཟུག་མ་ཡིན་པ་དང་། ཞི་བའི་རང་བཞིན་མ་ཡིན་པ་མེད་པས་ན་དེའི་ཕྱིར་ཐར་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། ཞི་བ་སྟེ་དེ་ཉིད་དེ་བཞིན་གཤེགས་པ་ཡིན་ནོ། །གང་གི་ཚེ་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་
སྟོན་ན་ནི་དེའི་ཚེ་ཡང་དག་པར་རྟག་པ་བསྒོམ་པ་བསྒོམ་པར་བྱའོ། །དགེ་སློང་གང་དག་དེ་ལྟར་སྒོམ་པ་དེ་དག་ནི་ངའི་ཉན་ཐོས་ཡིན་ནོ་ཞེས་ང་ཟེར་རོ། །རྒྱལ་པོའི་བློན་པོ་བཞིན་དུ་དགོངས་པའི་ཚིག་ལ་མཁས་པ་ཡིན་ནོ་ཞེས་ང་ཟེར་རོ། །དེ་ལྟར་རྒྱལ་པོའི་ལུགས་ལ་ཡང་དགོངས་པའི་ཚིག་ཡོད་ན་ངའི་བསྟན་པ་ལ་དགོངས་པའི་ཚིག་ག་ལ་ཞིག་མེད་དེ། མཁས་པ་མང་པོ་དག་གིས་དེ་ལྟར་རིག་པར་བྱའོ། །ངའི་བསྟན་པ་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་ནོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ཤིང་པ་ལ་ཤ་དང་། མྱ་ངན་འཚང་དང་། དོང་ཀའི་ཤིང་རྣམས་ནི་ཆར་པ་དཀོན་པའི་ཚེ་མེ་ཏོག་ཀྱང་ངན་པར་འགྱུར། འབྲས་བུ་ཡང་ངན་པར་འགྱུར་རོ། །ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་གཞན་རྣམས་ཀྱང་ཁྲུན་ཐུང་བ་དང་། མདོག་ངན་པ་དང་། གཟི་བྱིན་ཆུང་བ་དང་། དྲི་ཆུང་བར་འགྱུར་ཏེ། དེ་ལྟར་ན་མ་འོངས་པའི་དུས་ན་མེ་ཏོག་དང་སྨན་རྣམས་གཟི་བྱིན་དང་དྲི་ལ་སོགས་པ་ཉམས་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་ང་འདས་པའི་འོག་ཏུ་མ་འོངས་པའི་དུས་ན་དུས་ངན་པ་འབྱུང་བའི་ཚེ་དམ་པའི་ཆོས་འཇིག་པ་ན་སེམས་ཅན་རྣམས་བསོད་ནམས་ཆུང་བའི་ཕྱིར་ཆར་པ་དཀོན་པའི་ཚེ་མེ་ཏོག་གཟི་བྱིན་མེད་པར་འགྱུར་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདིའི་དགོངས་པའི་ཚིག་གི་ཚིགས་སུ་བཅད་པའི་དོན་འཇིག་རྟེན་དུ་བརྡ་སྤྲོད་པའི་ཚིགས་སུ་བཅད་པ་དང་། ཚིག་དང་། ཚིག་སིལ་བུའི་ཕྱེད་ཙམ་སྤྲོད་པར་འགྱུར་རོ། །དགེ་སློང་སྡིག་ཅན་རྣམས་ཀྱིས་ཀྱང་རང་ལ་མཐུ་མེད་པས་དགོངས་པའི་ཚིག་གསང་བའི་ཚིགས་སུ་བཅད་པ་བདུད་རྩིའི་ཚིག་རྣམས་བོར་ནས་གཞན་འདོན་པར་བྱེད་དེ། རྐུན་པོ་དག་གིས་ཕུབ་མ་ཁུར་དུ་ཁྱེར་ལ་ཆེ་བ་ལ་འོས་པའི་རིན་པོ་ཆེ་འདོར་བ་བཞིན་དུ་དགེ་སློང་གཡེལ་བ་རྣམས་ཀྱང་མདོ་འདིའི་ཚིགས་སུ་བཅད་པ་དགོངས་པའི་ཚིག་རྣམས་འདོར་བར་བྱེད་དོ། །ཀྱེ་མ་མ་འོངས་པའི་དུས་མཆོག་ཏུ་འཇིགས་ཤིང་མཆོག་ཏུ་སྐྲག་ཏུ་རུང་བ་འབྱུང་བར་འགྱུར་རོ། །ཀྱེ་མ་མ་འོངས་པའི་སེམས་ཅན་རྣམས་ཤིན་ཏུ་དཔལ་ཡོན་ཆུང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་མདོ་སྡེ་ཆེན་པོ་འདི་ཉན་པར་མི་འགྱུར་རོ། །
གང་དག་ཉན་པར་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་དོན་འཛིན་པར་འགྱུར་གྱི་ཡི་གེ་ལྷུར་མི་འཛིན་ཏོ། །མདོ་སྡེའི་དོན་ཇི་སྙེད་པ་དེ་ཁོ་ན་སྙེད་གཞན་དག་ལ་སྟོན་པར་བྱེད་ཀྱིས་དོན་མེད་པ་སྟོན་པར་མི་བྱེད་དོ། །རིགས་ཀྱི་བུ་དཔེར་ན་ཕྱུགས་རྫི་མོ་ཞིག་གིས་ཁེ་ཕྱིན་པར་བྱ་བའི་ཕྱིར་འོ་མའི་གཞི་ལས་ཆུ་བུ་རམ་དང་སྦྱར་བས་བསླད་ནས་ཕྱུགས་ཀྱི་གནས་ནས་འོ་མའི་བུམ་པ་ཁྱེར་ཏེ་སོང་ནས་དེས་ཕྱུགས་རྫི་མོ་ཟླ་ལ་བཙོངས་ལ། དེ་ནས་ཕྱུགས་རྫི་མོ་ཟླ་དེས་ཀྱང་འོ་མ་དེ་ཆུ་གཉིས་འགྱུར་གྱིས་བསླད་ནས་བར་ལོང་མ་ལ་བཙོངས། བར་ལོང་མ་དེས་ཀྱང་འོ་མ་དེ་ཆུ་གཉིས་འགྱུར་གྱིས་བསླད་ནས་བར་ལོང་མའི་ཟླ་ལ་བཙོངས། བར་ལོང་མའི་ཟླ་དེས་ཀྱང་ཆུ་གཉིས་འགྱུར་གྱིས་བསླད་ནས་གྲོང་ཁྱེར་རམ། ཚོང་འདུས་སུ་ཉོ་བའི་མི་ཞིག་གིས་བུའི་གཙུག་ཕུད་འཇོག་པའི་དུས་སྟོན་གྱི་འོ་ཐུག་བྱ་བའི་ཕྱིར་འདི་ནི་དཀོན་པ་ཡིན་ནོ་སྙམ་སྟེ་འོ་མ་དེ་ཉོས་ནས་འོ་མ་ཆུས་བསླད་པ་དེས་འོ་ཐུག་བཙོས་ནས་ཟས་ཀྱི་རོ་མཆོག་དེ་རོ་ཆུང་བར་གྱུར་ཏོ། །འོན་ཀྱང་རོ་བྲོ་བ་ཐམས་ཅད་ཀྱི་ནང་ན་བའི་བཅུད་རྣམས་གཙོ་བོ་ཡིན་ལ། དེའི་ནང་ན་ཡང་འོ་མ་དམ་པ་ཡིན་པས་ན་ཟས་ཀྱི་མཆོག་དེ་རོ་ཚ་བས་ཆེས་སྟོང་འགྱུར་གྱིས་ཞིམ་མོ། །རིགས་ཀྱི་བུ་དེ་བཞིན་དུ་ང་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་དུ་མ་ལོན་པ་ན་གང་གི་ཚེ་དམ་པའི་ཆོས་གནས་པའི་ལྷག་མ་ལོ་བརྒྱད་ཅུ་ལུས་པ་དེའི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་ཏེ། དེའི་ཚེ་དེ་ལྟར་མདོ་སྡེ་སྤྱོད་པ་དེ་ལས་དགེ་སློང་སྡིག་ཅན་མཆོག་ཏུ་གཡེལ་བ་དམ་པའི་ཆོས་ཀྱི་མེ་ཏོག་གི་དྲི་མེད་པར་བྱེད་པ་རྣམས་ཀྱིས་གླེགས་བམ་འཆོས་པར་བྱེད་དེ། མདོ་སྡེ་འདི་ཀློག་པ་ན་དོན་དང་ཚིག་རྟོགས་པར་དཀའ་བ་དགོངས་པའི་ཚིག་གསང་བ་རྣམས་ལས་ན་དང་། མ་དང་། ཀུ་ལ་སོགས་པ་དགག་པའི་ཡི་གེ་རྣམས་བོར་ཞིང་གཞན་འདོན་པར་བྱེད་དོ། །དགེ་སློང་རང་གི་རྙེད་པ་སྒྲུབ་པར་རུང་བ་མ་ཡིན་པའི་རྫས་འཆང་བ་དེ་དག་ནི་བདུད་ཀྱི་ཕྱོགས་ཡིན་ཏེ། ཕྱུགས་རྫི་མོས་བུ་རམ་གྱི་ཆུས་འོ་མ་བསླད་པ་བཞིན་དུ་མདོ་སྡེ་འདི་མ་རུང་བར་བྱེད་དོ། །གཞན་ཡང་
ཀློག་མི་ཤེས་པ་དང་། ཆོས་སྨྲ་བ་ངན་པ་དང་། ཡི་གེ་ངན་པའི་ཉེས་པ་དང་། ཆོས་ལ་མི་གནས་པ་དང་། བླ་མ་ལ་སྲི་ཞུ་མི་བྱེད་པ་དང་། མི་ངན་པས་ཁྱད་དུ་བསད་པ་དང་། ཚས་ཉེས་པ་དང་། ཡུན་རིངས་པ་དང་། ལག་བརྒྱུད་པའི་ཉེས་པས་ཚིག་དོན་ཕྱེད་ཕྱེད་ཙམ་དུ་གྱུར་པ་སྤྱོད་ཅིང་མདོ་སྡེའི་ལྷག་མ་ཆུང་ཤས་ཙམ་ཞིག་ལྡུས་པར་ཟད་དོ། །བར་ལོང་མ་ལས་ཉིང་དོར་ཉོས་པའི་འོ་མས་ཟས་ཀྱི་མཆོག་བཙོས་པ་རོ་མེད་པར་གྱུར་ཀྱང་ཟས་ཀྱི་མཆོག་དེ་ནི་རོ་བྲོ་བ་ཐམས་ཅད་ཀྱི་དམ་པ་ཡིན་པ་དེ་བཞིན་དུ་མདོ་སྡེ་ཆེན་པོ་འདི་ཡང་དེ་ལྟར་ལྷག་མ་ཅུང་ཟད་ཅིག་ལུས་པར་ཟད་མོད་ཀྱི། ཉན་ཐོས་ཀྱི་ཐེག་པའི་མདོ་སྡེ་ཐམས་ཅད་པས་སྟོང་འགྱུར་གྱིས་གཙོ་བོར་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་དང་ཏིང་ངེ་འཛིན་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་འདས་པའི་མཐུ་ཡིན་པས་ན་དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མཆོག་ཅེས་བྱ་སྟེ་མིང་ཆེ་བ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་སྐྱེས་པའི་རང་བཞིན་དུ་འགྱུར་བར་བསྒོམ་པར་བྱའོ། །ཅིའི་ཕྱིར་ཞེ་ན། བུད་མེད་ཀྱི་རང་བཞིན་ནི་ཆོས་མ་ཡིན་པ་ཐམས་ཅད་ཀྱི་རྒྱུའི་སྒོ་ནས་འབྱུང་ཁུང་ཡིན་ཏེ། དཔེར་བྱ་ན་སྦྲང་བུའི་གཅིན་གྱིས་ནི་ནམས་ཀྱང་ས་ཆེན་པོ་རླན་པར་ཡང་མི་འགྱུར། ངོམས་པར་ཡང་མི་འགྱུར་བ་དེ་བཞིན་དུ་བུད་མེད་རྣམས་ཀྱང་ནམས་ཀྱང་འདོད་པས་ངོམས་པར་མི་འགྱུར་ཏེ། བུད་མེད་ནི་གལ་ཏེ་ས་ཆེན་པོ་རྒྱ་ཤུག་གི་རུས་པ་ཙམ་མམ། ཡུངས་འབྲུ་ཙམ་གྱི་རི་ལུར་བྱས་པ་དེ་ལ་རི་ལུ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སྐྱེས་པ་དང་ལྷན་ཅིག་ཏུ་འདོད་པས་ཞེན་པར་བསྟེན་དུ་ཟིན་ཀྱང་སྦྲང་བུའི་གཅིན་གྱིས་ས་རླན་ཞིང་ངོམས་པར་མི་འགྱུར་བ་བཞིན་དུ་བུད་མེད་རྣམས་འདོད་པས་ངོམས་པར་མི་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བུད་མེད་ཇི་ལྟར་མི་བཟང་བ་ཉོན་ཅིག ། བུད་མེད་ནི་གལ་ཏེ་སྐྱེས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དམ། གཏམས་སྙེད་དམ། དཀྲིགས་སྙེད་དང་ལྷན་ཅིག་ཏུ་འདོད་པ་ཞེན་པར་བསྟེན་དུ་ཟིན་ཀྱང་སྦྲང་བུའི་གཅིན་གྱིས་ས་རླན་ཞིང་ངོམས་པར་མི་འགྱུར་བ་བཞིན་དུ་བུད་མེད་རྣམས་ཀྱང་འདོད་པས་ངོམས་པར་མི་འགྱུར་རོ། །རིགས་ཀྱི་བུ་གཞན་
ཡང་དཔེར་ན་རྒྱ་མཚོ་ཆེན་པོ་ནི་སྤྲིན་ཆེན་པོའི་ཆར་འབབ་པའི་ཆུ་དང་། ཆུ་ཀླུང་རྣམས་ཀྱི་ཆུ་དེར་འབབ་ཀྱང་ངོམས་པ་མེད་པ་བཞིན་དུ་བུད་མེད་རྣམས་ཀྱང་འདོད་པས་ངོམས་པ་མེད་དོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་མེ་ཏོག་གི་ཤིང་མྱ་ངན་འཚང་དང་དོང་ཀའི་ཤིང་དང་། པ་ཊ་ལ་སོགས་པ་མེ་ཏོག་རྒྱས་པ་ན་བུང་བ་རྣམས་མེ་ཏོག་གི་ཁུ་བས་ངོམས་པར་མི་འགྱུར་ཏེ། བུང་བ་རྣམས་ཀྱིས་མཁས་པ་དང་། ཆ་ཕྲ་བ་དང་། ཟབ་མོར་མེ་ཏོག་གི་ཁུ་བ་འཐུང་བར་བྱེད་པ་དེ་བཞིན་དུ་བུད་མེད་རྣམས་ཀྱིས་ཀྱང་སྐྱེས་པ་རྣམས་ཀྱི་ནོར་དང་། འདོད་པ་དང་། ཁུ་བ་རྣམས་འཐུང་བར་བྱེད་དེ། བུང་བ་བཞིན་དུ་ངོམས་པར་མི་འགྱུར་རོ། །རིགས་ཀྱི་བུ་དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་ནས་བུད་མེད་ཀྱི་རང་བཞིན་ལ་མ་ཆགས་པའི་སེམས་བསྐྱེད་པར་བྱ་སྟེ། སྐྱེས་པའི་རང་བཞིན་དུ་འགྱུར་བར་སེམས་བསྐྱེད་པར་བྱའོ། །ཅིའི་ཕྱིར་ཞེ་ན། མདོ་འདི་ནི་སྐྱེས་པའི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དག་པར་སྟོན་པའི་ཕྱིར་རོ། །སྐྱེས་པའི་རང་བཞིན་ནི་མི་ཞེས་བྱའོ། །དེ་བཞིན་གཤེགས་པའི་རང་བཞིན་ནི་སྐྱེས་པའོ། །འཇིག་རྟེན་ན་སྐྱེས་པ་ཡོད་པ་གང་ཡིན་པ་དེ་དག་ཀྱང་བདག་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་མི་ཤེས་པའི་ཕྱིར་སྐྱེས་པའི་རང་བཞིན་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་མི་ཤེས་པ་གང་ཡིན་པ་དེ་དག་ནི་བུད་མེད་ཡིན་ནོ་ཞེས་ང་ཟེར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་བདག་ལ་ཡོད་དོ་སྙམ་དུ་ཡང་དག་པར་ཤེས་པ་གང་ཡིན་པ་དེ་དག་ནི་སྐྱེས་པའི་མཆོག་ཏུ་གཏོགས་ཏེ། བུད་མེད་ཡིན་དུ་ཟིན་ཀྱང་སྐྱེས་པའི་མཆོག་ཏུ་གཏོགས་སོ། །དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་ཕྱིར་དཔག་ཏུ་མེད་པ་ཡིན་ནོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མདོ་སྡེའི་གནས་འདི་མྱུར་དུ་རྟོགས་པར་འདོད་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྩོན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་ལགས་སོ། །བཅོམ་ལྡན་འདས་དེ་ནི་དེ་ལགས་ཏེ། བདག་ཀྱང་དེང་དུ་དེ་བཞིན་གཤེགས་པའི་སྙིང་པོ་བསྒོམ་པའི་སླད་དུ་སྐྱེས་པའི་རང་བཞིན་
ལ་བཞུགས་ལགས་སོ། །མངོན་པར་ཕྱེ་ལགས་སོ། །བརྡ་མཇལ་བར་བགྱིས་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །འཇིག་རྟེན་དང་འཐུན་པར་བྱེད་པས་ནི་དེ་ལྟར་བལྟ་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་དང་འཐུན་པ་མ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དེ་ལྟར་བུང་བ་ཤིང་གི་མེ་ཏོག་ཟ་བ་བཞིན་དུ་ཟབ་མོའི་ཆོས་ཀྱི་ཟས་བཟའ་བར་བྱའོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་སྦྲང་བུའི་གཅིན་ཉུང་ཤས་ཀྱིས་ས་ཆེན་པོ་ངོམས་པར་མི་འགྱུར་བ་དེ་བཞིན་དུ་སྦྲང་བུའི་གཅིན་དང་འདྲ་བར་མ་འོངས་པའི་དུས་ན་མདོ་སྡེ་ཆེན་པོ་འདི་འཇིག་རྟེན་དུ་ཆུང་ཤས་ཙམ་ཞིག་སྤྱོད་པར་འགྱུར་ཏེ། དམ་པའི་ཆོས་འཇིག་པའི་ཐ་མར་སྦྲང་བུའི་གཅིན་ས་ཆེན་པོ་ལ་སོང་བ་བཞིན་དུ་ཟད་པར་འགྱུར་རོ། །འདི་ནི་དམ་པའི་ཆོས་ནུབ་པའི་ལྟས་བདུན་པ་སྟེ། ལྟས་གཞན་ཡང་ཡོད་པར་མཁས་པས་ཤེས་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་དབྱར་ཟད་པའི་མཇུག་དགུན་གྱི་ཟླ་བ་དང་པོ་ནི་སྟོན་ཞེས་བྱ་སྟེ། སྟོན་གྱི་དུས་ལ་བབ་པ་ན་མ་སྨིན་པ་སྨིན་པར་བྱ་བའི་ཕྱིར་སྤྲིན་རྣམས་ཀྱིས་ཆར་ཕབ་ནས་མྱུར་བ་མྱུར་བར་འགྱེས་པ་དེ་བཞིན་དུ། མདོ་ཆེན་པོ་འདི་ཡང་སྟོན་གྱི་སྤྲིན་གྱིས་ཆར་བབ་ནས་མྱུར་དུ་འགྱེས་པ་དེ་བཞིན་དུ་ལྷོ་ཕྱོགས་སུ་སོང་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དགོངས་པའི་ཚིག་ཐམས་ཅད་ཀྱི་ཆོས་ཀྱི་ཆར་འབེབས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དམ་པའི་ཆོས་འཇིག་པར་ཤེས་ནས་དགུན་གྱི་དུས་དང་ཉེ་བར་གྱུར་པའི་སྤྲིན་བཞིན་དུ་ཁ་ཆེ་ཡུལ་དུ་སོང་ནས་ས་ལ་ནུབ་པར་གྱུར་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་བདུད་རྩིའི་མཆོག་གི་དམ་པའི་ཆོས་ཐམས་ཅད་ནུབ་པར་འགྱུར་རོ། །ད་ལྟར་ནི་དེ་བཞིན་གཤེགས་པས་མཁྱེན་པའི་མདོ་སྡེ་འདི་ལག་ཏུ་འོངས་མོད་ཀྱི་དམ་པའི་ཆོས་ནུབ་པར་འགྱུར་རོ་སྙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་མཆོག་རྣམས་ཀྱིས་ཤེས་པར་བྱའོ། །གསོལ་པ། དེ་བཞིན་གཤེགས་པ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཁམས་ཐ་དད་པ་མ་མཆིས་པ་
སེམས་ཅན་ཐམས་ཅད་ཀྱིས་བདེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གསལ་ཞིང་ཟུར་ཕྱིན་པར་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་ཁྱིམ་བདག་གམ་ཁྱིམ་བདག་གི་བུ་ཞིག་ལ་བ་ལང་གི་ལྷས་མང་པོ་ཡོད་དེ། བ་ལང་སྤུ་ག་ཐ་དད་པ་དག་བདོག་ལ་དེའི་ནང་ན་བ་སྔོན་མོ་དག་ཀྱང་ཡོད་དེ། བ་དེ་དག་བ་རྫི་གཅིག་འཚོར་བཅུག་གོ །དེ་ནས་ཁྱིམ་བདག་དེས་ལན་ཅིག་གཅིག་ན་རང་གི་ལྷ་མཆོད་པའི་ཕྱིར་བ་ལང་གི་ལྷས་རྣམས་གཅིག་ཏུ་བསྡུས་ནས་འོ་མ་འཇོར་བཅུག་གོ །དེ་ནས་འོ་མ་དེ་དག་དུང་གི་མདོག་བཞིན་དུ་དཀར་པོར་འདུག་པ་མཐོང་ནས་ངོ་མཚར་དུ་བཟུང་སྟེ་བསམས་པ། འདི་ན་བ་འདི་དག་སྤུ་ཁ་ཐ་དད་པར་འདུག་ན། བ་སྔོན་མོ་འདི་རྣམས་ཀྱི་འོ་མ་ཡང་སྔོན་པོར་མི་འདུག་ལ། བ་དཀར་མོ་རྣམས་ཀྱི་ཡང་དེ་དང་འདྲ་སྟེ། དུང་གི་མདོག་ལྟར་འདུག་གོ་སྙམ་མོ། །དེ་ནས་ཕྱིས་དེས་རྟོགས་ཏེ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་རྒྱུ་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ་སྙམ་མོ། །རིགས་ཀྱི་བུ་དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང་འོ་མ་དང་འདྲའོ། །ཅིའི་ཕྱིར་ཞེ་ན། དེ་དག་ནི་ཟག་པ་ཟད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱིས་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཐ་དད་པ་དང་། དབྱིབས་ཐ་དད་པར་འཛིན་མོད་ཀྱི། དེ་དག་གིས་ཀྱང་ཁྱིམ་བདག་བཞིན་དུ་མཐར་གྱིས་ཤེས་པར་འགྱུར་རོ། །རིགས་ཀྱི་བུ་དཔེར་ན་གསེར་ཁུང་ངམ། ཟངས་ཀྱི་ཁུང་ནས་རྡོ་དང་གསེག་མ་མེད་པའི་གསེར་གྱི་རང་བཞིན་རིན་ཐང་མེད་པར་འབྱུང་བ་དེ་བཞིན་དུ། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གསེར་དང་འདྲ་བར་རིན་ཐང་དང་རང་བཞིན་གཅིག་གོ །ཅིའི་ཕྱིར་ཞེ་ན། རྡོ་དང་གསེག་མ་ལྟ་བུའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཏེ། དེ་བས་ན་སངས་རྒྱས་ཀྱི་ཡེ་ཤེས་འདི་ལ་ནི་དབྱེར་མེད་དོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པ་ཡང་དེ་དང་འདྲ་སྟེ། ཁྱིམ་བདག་གིས་འོ་མ་ཇི་ལྟ་བ་བཞིན་དུ་དེ་
དག་གིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ཐོས་ནས་ཉོན་མོངས་པའི་རྣམ་པ་ཟད་པར་བྱས་ཏེ་སངས་རྒྱས་ཀྱི་ཁམས་རྟོགས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སེམས་ཅན་ཐམས་ཅད་དང་དེ་བཞིན་གཤེགས་པ་རྣམས་ཐ་དད་པ་མ་མཆིས་ལགས་སམ། གལ་ཏེ་དེ་བཞིན་གཤེགས་པ་བསྟན་པ་དེ་ལྟར་སྟོན་པར་གྱུར་ན་འདི་ལ་སྐྱོན་ཆེན་པོ་མཆིས་ཏེ། ད་དེའི་གཏན་ཚིགས་བཀའ་སྩལ་དུ་འཚལ་ལགས་སོ། །སེམས་ཅན་ཐམས་ཅད་དང་རང་སངས་རྒྱས་རྣམས་ལྟ་ཞོག་ལགས་ཀྱི། དེ་ལྟར་ན་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཅིའི་སླད་དུ་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིད་ལགས། རང་སངས་རྒྱས་རྣམས་ཀྱང་ཅིའི་སླད་དུ་རང་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིད་ལགས། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཅིའི་སླད་དུ་བྱང་ཆུབ་སེམས་དཔའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིད་ལགས། བཀའ་སྩལ་པ། སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་ནི་སངས་རྒྱས་རྣམས་མ་གཏོགས་པར་གཞན་དག་གི་གནས་མེད་དོ། །གསོལ་པ། ཇི་ལྟ་བུ་ལགས། བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་མང་པོ་ཞིག་ན་དེ་བཞིན་གཤེགས་པ་འབྱུང་བ་སྟོན་པར་མཛད་ན། དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་གསང་བ་ལ་དགྲ་བཅོམ་པ་རྣམས་ཀྱི་གནས་མེད་དོ་ཞེས་ངས་བསྟན་ཏེ་དེ་ནི་གནས་མེད་པ་ཡིན་ནོ། །དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདིའི་ཚུལ་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་མེད་དོ། །དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །གསོལ་པ། ཐ་དད་
པ་ཁོ་ནར་གདའ་ལགས་སོ། །བཀའ་སྩལ་པ། ཇི་ལྟར་སྣང་གསོལ་པ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་འདས་པར་འགྱུར་ཏེ། ཆུ་ཀླུང་རྣམས་རྒྱ་མཚོར་འབབ་པ་བཞིན་དུ་དེ་དག་གི་གནས་ཀྱང་དེ་ལགས་སོ། །དེ་བས་ན་དེ་དག་ཀྱང་རྟག་པ་ཞེས་བགྱིའོ། །བཀའ་སྩལ་པ། དེ་དག་ནི་ངའི་མཆོག་ཏུ་རྟག་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཁམས་ཐ་དད་པ་མ་མཆིས་པ་དང་ཐ་དད་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཐ་དད་དོ། །གསོལ་པ། ཇི་ལྟ་བུ་ལགས། བཀའ་སྩལ་པ། དཔེར་ན་བའི་འོ་མ་ནི་མཆོག་ཏུ་མངར་བ་ཡིན་ཏེ་ཁམས་དེ་དང་འདྲའོ། །ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་ཁམས་ནི་ཞོ་དང་འདྲའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་ནི་མར་དང་འདྲའོ། །སངས་རྒྱས་རྣམས་ཀྱི་ཁམས་ནི་མར་གྱི་སྙིང་ཁུ་དང་འདྲ་སྟེ། དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལས་གདམས་ངག་སྟོན་པའི་དེ་བཞིན་གཤེགས་པས་རྣམ་པ་བཞིར་བསྟན་ཏོ། །གསོལ་པ། སེམས་ཅན་ཐམས་ཅད་ཀྱི་ཁམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། བ་བེའུ་འབྲངས་མ་ཐག་པའི་འོ་མ་ཁྲག་དང་འདྲེས་པ་བཞིན་དུ་ཉོན་མོངས་པའི་ཁྲག་དང་འདྲེས་པའི་ཁམས་དེས་དེ་བཞིན་གཤེགས་པའི་ཁམས་མར་གྱི་སྙིང་ཁུ་དང་འདྲ་བ་ཁྱབ་པར་འདུག་གོ །གསོལ་པ། བཅོམ་ལྡན་འདས་ཀྱིས་ཀུ་ཤིའི་གྲོང་ཁྱེར་འདི་ན་གནས་པའི་གདོལ་པ་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་སྟོང་དང་ལྷན་ཅིག་ཏུ་དེ་དག་གི་ནང་དུ་དེ་བཞིན་གཤེགས་པ་གཅིག་ཏུ་གྱུར་ཏེ་དེ་བཞིན་གཤེགས་པ་རབ་ཏུ་དགའ་བ་ཞེས་བྱ་བར་འགྱུར་ཏེ། སེམས་བསྐྱེད་པ་གཅིག་ཁོ་ནས་དུས་འདི་སྲིད་ཅིག་ན་མྱུར་དུ་སངས་རྒྱས་སུ་འགྱུར་རོ་ཞེས་སངས་རྒྱས་སུ་ལུང་བསྟན་པས་ལུང་བསྟན་ལགས་ན། ཅིའི་སླད་དུ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཆེས་མྱུར་དུ་སངས་རྒྱས་སུ་འགྱུར་བས་སངས་རྒྱས་སུ་ལུང་བསྟན་པས་ལུང་མ་བསྟན་ལགས། བཀའ་སྩལ་པ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་
དཔའ་ཁ་ཅིག་དམ་པའི་ཆོས་དབྱུང་བའི་ཕྱིར་ཡུན་རིང་པོར་སྨོན་ལམ་འདེབས་པ་ཡང་ཡོད་ཁ་ཅིག་ནི་མྱུར་བར་སྨོན་ལམ་འདེབས་པ་ཡང་ཡོད་དེ། ང་ནི་དེའི་སྨོན་ལམ་གྱི་དབང་གིས་ན་ཆེས་མྱུར་བར་སངས་རྒྱས་ཀྱི་གནས་མཆོག་ཏུ་ལུང་སྟོན་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་མཉེན་པ་ཆེན་པོ་ལ་ལ་ཞིག་གདོལ་པའི་གྲོང་ཁྱེར་དུ་སོང་སྟེ་རིན་པོ་ཆེ་རིན་ཐང་མེད་པ་འཚོང་བ་ལས་གདོལ་པ་བྱེ་བྲག་མི་ཕྱེད་པ་དེ་དག་གིས་རིན་པོ་ཆེ་དེ་མཐོང་ན་འཕྱས་འདོགས་ཤིང་འཐིང་སླད་བྱེད་དེ། མཉེན་པས་རིན་ཆེ་བ་ཡིན་ནོ་ཞེས་བྱས་ཀྱང་དེ་དག་གི་བརྡ་མི་ཕྲད་ནས་འདི་ནི་ཤེལ་ཡིན་ནོ་ཞེས་དེ་སྐད་ཟེར་རོ། །རིགས་ཀྱི་བུ་དེ་བཞིན་དུ་ངས་ཀྱང་ཉན་ཐོས་རྣམས་གལ་ཏེ་སངས་རྒྱས་ཀྱི་གནས་སུ་མྱུར་དུ་སངས་རྒྱས་སུ་ལུང་བསྟན་པས་ལུང་བསྟན་དུ་ཟིན་ཀྱང་ནོར་བུ་དཀོན་པ་འཚོང་བའི་མཉེན་པ་བཞིན་དུ་འགྱུར་རོ། །གདོལ་པ་རྣམས་ལྟ་བུ་ནི་མ་འོངས་པའི་དུས་ན་དགེ་སྦྱོང་བླུན་པོ། གཡེལ་བ། དགེ་བའི་རྩ་བ་སྤངས་པ། འཚོ་བས་ཕོངས་པ། བཀྲེས་ཤིང་སྐོམ་པས་གཟིར་བ། མུ་གེས་མནར་བ། རང་གི་ལུས་ཙམ་གསོ་བར་བྱེད་པ། འཚོ་བ་དོན་དུ་གཉེར་བ། མི་བརྟན་པ་རྣམས་འབྱུང་བར་འགྱུར་བ་དེ་དག་ཡིན་ཏེ། དེ་དག་གིས་ངའི་ཉན་ཐོས་ལུང་བསྟན་པ་ཐོས་ན་འཕྱས་འདོགས་ཤིང་གཤེ་བར་འགྱུར་ལ་བརྡ་མི་ཕྲད་ནས་ཚུལ་ཁྲིམས་འཆལ་པ་ཡིན་ནོ་ཞེས་བླ་བར་བྱེད་དོ། །ངའི་ཉན་ཐོས་དེ་དག་ནི་དགེ་སྦྱོང་མ་ཡིན་ཏེ་གདོལ་པ་རྣམས་དང་མཉེན་པ་ཇི་ལྟ་བ་བཞིན་ནོ། །རིགས་ཀྱི་བུ་དེ་བས་ན་ང་ནི་སེམས་ཅན་མྱུར་བའི་སྨོན་ལམ་ཅན་རྣམས་ནི་སངས་རྒྱས་སུ་ལུང་སྟོན་པར་བྱེད་དོ། །དམ་པའི་ཆོས་དབྱུང་བའི་སྦྱོར་བ་ཅན་དེ་དག་ནི་ཇི་ལྟར་འདོད་པ་བཞིན་དུ་ཡུན་རིང་པོ་ཞིག་གིས་སངས་རྒྱས་ཀྱི་གནས་སུ་ལུང་སྟོན་པར་བྱེད་དོ། །གསོལ་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཡོག་འཁོར་མི་ཕྱེད་པ་དང་ལྡན་པར་འགྱུར་ལགས། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ནི་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་དེའི་སྦྱོར་བ་བརྟན་པོར་བྱས་ན་གཡོག་འཁོར་མི་ཕྱེད་པ་དང་ལྡན་པར་འགྱུར་རོ། །གསོལ་པ། སེམས་ཅན་མ་རུངས་པ་འཇིགས་སུ་རུང་བ། ལྕེ་དང་། རྐན་དང་། ལྐོག་མ་ཚིག་པ་རྣམས་ཅི་ལས་འགྱུར་ལགས།
བཀའ་སྩལ་པ། གཞི་གསུམ་མི་ཤེས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་མ་རུངས་པ་འཇིགས་སུ་རུང་བ། ལྕེ་དང་། རྐན་དང་། ལྐོག་མ་ཚིག་པར་འགྱུར་རོ། །དཔེར་ན་མི་དང་དུད་འགྲོའི་ལྕེ་ཚིག་པ་རྣམས་ཀྱིས་རོ་དྲུག་སྟེ། མངར་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་དང་། ཚ་བ་དང་། ཁ་བ་དང་། བསྐ་བ་རྣམས་ཟ་བ་ན་རོའི་བྱེ་བྲག་མི་ཕྱེད་པ་དེ་བཞིན་དུ་སེམས་ཅན་མི་ཤེས་པ། ལྕེ་དང་། རྐན་དང་། ལྐོག་མ་ཚིག་པ་མ་རུངས་པ་འཇིགས་སུ་རུང་བ། གཞི་གསུམ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི། ལྕེ་དང་། རྐན་དང་། ལྐོག་མ་ཚིག་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི་དམུས་ལོང་གི་མཆོག་ཡིན་ནོ་ཞེས་ང་ཟེར་རོ། །དེ་བཞིན་གཤེགས་པ་རྟག་པར་ཤེས་པ་གང་ཡིན་པ་དེ་དག་ནི་ཤའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་ལྷའི་མིག་དང་ལྡན་པ་ཡིན་ནོ་ཞེས་ང་ཟེར་རོ། །རིགས་ཀྱི་བུ་གཞན་ཡང་མདོ་སྡེ་འདི་ཐོས་ནས་དེ་བཞིན་གཤེགས་པ་རྟག་པར་ཤེས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་དག་ནི་ལྷའི་མིག་དང་ལྡན་པ་ཡིན་ནོ་ཞེས་ང་ཟེར་རོ། །ལྷའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི་ཤའི་མིག་དང་ལྡན་པ་ཡིན་ནོ་ཞེས་ང་ཟེར་རོ། །དེ་དག་ནི་ད་དུང་བསྐལ་པ་བྱེ་བ་མང་པོར་ཡང་བདག་གི་མགོ་མཇུག་ཅི་འདྲ་བ་ཡང་མཐོང་བའམ་བསྟན་པར་མི་ནུས་ཏེ། དེ་བས་ན་དེ་དག་ནི་དེ་བཞིན་གཤེགས་པ་རྟག་པར་བསྒོམ་པ་དང་བྲལ་བའི་ཕྱིར་ཤའི་མིག་དང་ལྡན་པ་ཞེས་ང་ཟེར་རོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་རྐང་གཉིས་དང་། རྐང་མངས་ཐམས་ཅད་ལ་རང་རང་གི་ཡུལ་བཞིན་དུ་ཆོས་སྟོན་ཅིང་ཚིག་གཅིག་གིས་སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་ཡུལ་བཞིན་དུ་ཤེས་པར་འགྱུར་ཏེ། ཀྱེ་མ་བདག་ཅག་གི་རང་བཞིན་དང་འདུ་ཤེས་རྣམས་རྟོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ་སྙམ་དུ་འཛིན་ཏོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ཁྱིམ་བདག་གམ་ཚོང་དཔོན་ཡང་རུང་སྟེ། རང་གི་བུ་ཟླ་བ་བཅུ་དྲུག་ལོན་པ་དང་ལྷན་ཅིག་ཏུ་ལྐུགས་པ་བཞིན་དུ་སྨྲ་བར་བྱེད་དེ།
དེའི་དབང་གིས་བུ་དེ་མིའི་སྐད་སློབ་པར་བྱེད་ན་ཅི་དེའི་ཕ་ལྐུགས་པ་ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བུ་དེའི་དབང་གིས་བགྱིད་པར་བལྟ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ལྐུགས་པ་བཞིན་དུ་གསུང་སྟེ། སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་དགོད་པའི་ཕྱིར་དེ་ལྟ་བུའི་སྐུ་སྟོན་པར་མཛད་ན་ཅི་དེ་བཞིན་གཤེགས་པ་ལྐུགས་པ་ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེང་གེའི་སྒྲ་སྒྲོགས་པ་ལགས་ན་ལྐུགས་པ་ལྟར་གསུང་བ་དེ་ནི་འཇིག་རྟེན་དང་འཐུན་པར་མཛད་པར་བལྟ་བར་བགྱི་ལགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས་བཀྱེ་སྟེ། འོད་ཟེར་དེ་དག་གིས་མགར་བའི་བུ་ཙུན་ད་ལ་ཕོག་ནས་ཀྱེ་མ་དེ་བཞིན་གཤེགས་པ་ལ་ཕྱིན་ཅད་དབུལ་དུ་མེད་པའི་སྦྱིན་པ་ནི་དཀོན་པ་ཡིན་ནོ་སྙམ་ནས་ཤིན་ཏུ་རིངས་པར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཚིམ་པར་འགྱུར་བའི་ཞལ་ཟས་ཁྱེར་ཏེ་རང་གི་འཁོར་རྣམས་དང་ལྷན་ཅིག་ཏུ་རིངས་པར་འཛམ་བུ་ཆུ་ཀླུང་གི་གསེར་དྲི་མ་མེད་པའི་སྣོད་དཀྱིལ་དུ་ནོར་བུའི་འབུར་མཐོན་པོ་འོད་ཅན་གྱིས་སྤྲས་པ་རྣམས་དང་། ཁ་ཅིག་ནི་དངུལ་གྱི་སྣོད་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་རྣམས་ཞལ་ཟས་སྐྱུ་རུམ་སྣ་ཚོགས་དང་སྦྱར་བས་བཀང་བ་དང་། མཆོད་པའི་ཡོ་བྱད་མང་པོ་དག་ཁྱེར་ནས་གྲོང་ཁྱེར་གྱི་བར་ནས་བྱུང་སྟེ་བཅོམ་ལྡན་འདས་ག་ལ་བ་དེར་ཆས་སོ། །དེ་ནས་ལྷའི་བུ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་མགར་བའི་བུ་ཙུན་ད་བསྐོར་ནས་འདི་སྐད་ཅེས་སྨྲས་སོ། །ཙུན་ད་རེ་ཞིག་ཞལ་ཟས་མ་དབུལ་བར་དེ་བཞིན་གཤེགས་པ་ཐང་ཅིག་ཞོག་ཅིག་ཅེས་བྱས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་འོད་ཟེར་དག་བཀྱེ་སྟེ། འོད་ཟེར་དེ་དག་གིས་ལྷའི་བུ་རྣམས་ལ་ཕོག་ནས་ཙུན་ད་བཏང་ངོ་། །དེ་ནས་ལྷ་ལ་སོགས་པ་དེར་འདུས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ཏེ། ཙུན་ད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ནས་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་རྣམས་ཀྱིས་གདུགས་ཚོད་ལ་བབ་ན་གནང་བར་མཛད་དུ་གསོལ། དེ་ནས་དགེ་སློང་
རྣམས་ཀྱིས་གདུགས་ཚོད་ལ་བབ་པར་ཤེས་ནས་སྤྱོད་ལམ་བཟང་པོར་བྱས་ཏེ་ལྷུང་བཟེད་ལག་ཏུ་བླངས་ནས་སྡོད་དོ། །དེ་ནས་མགར་བའི་བུ་ཙུན་དས་སེང་གེའི་ཁྲི་སྣ་ཚོགས་ཚིག་ཏུ་བཟླས་སུ་ཡང་མི་ནུས་པ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་རྐྱེན་དུ་རུང་བ་ལྟ་བུ་དག་ཀྱང་བཤམས། ཞལ་ཟས་ཀྱང་སྟ་གོན་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ཡུན་རིང་དུ་བཞུགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུན་ད་གལ་ཏེ་ང་ཡུན་རིང་དུ་འདུག་པར་འདོད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐ་མའི་དུས་ལ་བབ་ཀྱིས་མྱུར་དུ་ཕུལ་ཅིག། དེ་ནས་ལྷ་དང་མི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཙུན་ད་སྐྱིད་དེ་ང་འདིས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པས་གསོལ་བར་ཆད་པ་ལྟ། བདག་ཅག་ནི་དཔལ་ཡོན་མེད་དེ། བདག་ཅག་གིས་ཞལ་ཟས་སྟ་གོན་བྱས་པ་ནི་དོན་མེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ནས་བ་སྤུ་རེ་རེའི་ཁུང་བུ་ནས་ཀྱང་སངས་རྒྱས་རེ་རེ་མངོན་དུ་སྤྲུལ་ནས་དེར་འཁོར་རེ་རེའི་ནང་དུ་ཡང་དེ་བཞིན་གཤེགས་པ་རེ་རེའི་དགེ་སློང་གི་དགེ་འདུན་དང་བཅས་པ་ཐམས་ཅད་བཤོས་གསོལ་བ་ལྟ་བུར་བསྟན་ཏོ། །དེ་བཞིན་གཤེགས་པ་ཉིད་ནི་ཙུན་དས་ཕུལ་བའི་ཞལ་ཟས་གསོལ་ལོ། །ཙུན་དས་འབྲས་སཱ་ལུ་ཡུལ་མ་ག་དྷཱའི་ན་ལི་ཏ་བརྒྱད་ལས་ཞལ་ཟས་སྦྱར་བ་ཡང་དེ་བཞིན་གཤེགས་པའི་མཐུས་དགེ་སློང་གི་དགེ་འདུན་ཐམས་ཅད་ཞལ་ཟས་ཀྱིས་ཁྱེད་པར་མཛད་དོ། །དེ་ནས་ཙུན་ད་ཡང་དགའ་བར་གྱུར་ཏེ། བདག་གི་སྦྱིན་པ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་གསོལ་ནས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་དོ་སྙམ་མོ། །འཁོར་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པས་བཞེས་ཀྱི་ཙུན་དའི་མ་བཞེས་སོ། །བདག་ཅག་གིས་ཕུལ་བའི་ཞལ་ཟས་གསོལ་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དོ་སྙམ་སྟེ་མཆོག་ཏུ་དགའ་བར་གྱུར་ཏོ། །འཁོར་ཆེན་པོ་དེ་ན་དེ་བཞིན་གཤེགས་པ་རྣམས་བཤོས་གསོལ་ཞིང་
བཞུགས་པའི་བར་མཚམས་སྙུང་བུའི་རྩེ་མོའི་ཁྱོན་ཙམ་གྱིས་མཆོད་པར་སྣང་ངོ་། །ཁ་ཅིག་ནི་ཁབ་ཀྱི་རྩེ་མོའི་ཁྱོན་ཙམ་གྱི་ས་ཕྱོགས་དག་ན་བཞུགས་ཤིང་ཞལ་ཟས་དང་མཆོད་པ་རྣམས་འདྲ་བར་མངའ་བར་སྣང་ངོ་། །དེ་ནས་དེའི་ཚེ་ལྷ་དང་མི་དང་ལྷ་མ་ཡིན་དེ་དག་ངུ་ཞིང་ཆོ་ངེ་འདོན་པར་བྱེད་དེ། བདག་ཅག་གིས་སོ་སོ་ནས་ཕུལ་བའི་ཞལ་ཟས་གསོལ་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའོ། །ཕྱིན་ཅད་བདག་ཅག་གིས་སུ་ལ་ཞལ་ཟས་དབུལ་བར་བྱ། བདག་ཅག་ནི་མགོན་དང་བྲལ་ཏེ་མགོན་མེད་པར་འགྱུར་རོ་ཞེས་འཛེར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་ལ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། །།བམ་པོ་བཅུ་གསུམ་པ་སྟེ་ཐ་མ། སངས་རྒྱས་ཆོས་ཉིད་འདི་ཡིན་གྱིས། །གདུང་ཞིང་ངུ་བར་མ་བྱེད་ཅིག ། ང་ནི་མྱ་ངན་འདའ་བ་ན། །བསྐལ་པ་བྱེ་བ་ཟད་པར་འགྱུར། །ང་ཡི་རྟག་བདེ་དམ་པ་ཡི། །མྱ་ངན་འདའ་བ་ང་ལས་ཉོན། །ང་ནི་ཁ་ཟས་མི་ཟ་སྟེ། །བྲུ་བ་ཚ་བ་ཡོང་གིས་མེད། །སེམས་ཅན་ཀུན་ལ་ཕན་བདེ་བའི། །རྗེས་སུ་ཡི་རང་ངས་བཤད་ཀྱིས། །ཐོས་ནས་ཡང་དག་རྫོགས་སངས་རྒྱས། །རྟག་པ་དེ་ཉིད་ཤེས་པར་གྱིས། །གང་ཚེ་འུག་པ་བྱ་རོག་རྣམས། །ཤིང་གཅིག་ལ་ནི་གནས་ནས་ཀྱང་། །སྤུན་དང་བུ་དང་འདྲ་བར་ནི། །ཕན་ཚུན་རྟག་ཏུ་ཚིམ་པར་བྱེད། །དེའི་ཚེ་སྒྲ་གཅན་ཟིན་བཞིན་དུ། །དེ་བཞིན་གཤེགས་པས་སེམས་ཅན་གཟིགས། །སེམས་ཅན་ཀུན་གྱི་མཆོག་གྱུར་པ། །གཏན་དུ་མྱ་ངན་འདའ་བས་གྲོངས། །གང་ཚེ་སྦྲུལ་དང་ནེའུ་ལེ་དག ། ཤིང་གཅིག་དྲུང་དུ་གནས་ནས་ཀྱང་། །སྤུན་དང་བུ་དང་འདྲ་བར་ནི། །ཕན་ཚུན་རྟག་ཏུ་ཚིམ་པར་བྱེད། །དེ་ཚེ་སྒྲ་གཅན་ཟིན་བཞིན་དུ། །དེ་བཞིན་གཤེགས་པས་སེམས་ཅན་གཟིགས། །སེམས་ཅན་ཀུན་གྱི་མཆོག་གྱུར་པ། །གཏན་དུ་མྱ་ངན་འདའ་བས་གྲོངས། །གང་ཚེ་སབ་ཏ་པར་ན་ཡི། །མེ་ཏོག་བར་ཤིའི་དྲིར་འགྱུར་ཞིང་། །ཀ་ར་ཀ་ཡི་ཤིང་རྣམས་ལས། །ཏེན་དུ་ཀ་ཡི་འབྲས་བུ་འབྱུང་། །དེ་ཚེ་སྒྲ་གཅན་ཟིན་བཞིན་དུ། །དེ་བཞིན་གཤེགས་པས་སེམས་ཅན་གཟིགས། །སེམས་
ཅན་ཀུན་གྱི་མཆོག་གྱུར་པ། །གཏན་དུ་མྱ་ངན་འདའ་བས་གྲོངས། །གང་ཚེ་སྡིག་ཅན་འདོད་ཆེན་པ། །བྱང་ཆུབ་མངོན་པར་རྫོགས་འཚང་རྒྱ། །མཆོག་ཏུ་བདེ་བ་ཐོབ་ནས་ཀྱང་། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །དེ་ཚེ་སྒྲ་གཅན་ཟིན་བཞིན་དུ། །དེ་བཞིན་གཤེགས་པས་སེམས་ཅན་གཟིགས། །སེམས་ཅན་ཀུན་གྱི་མཆོག་གྱུར་པ། །གཏན་དུ་མྱ་ངན་འདའ་བས་གྲོངས། །གང་ཚེ་སེམས་ཅན་ཐམས་ཅད་ནི། །བསམ་པ་འཐུན་པར་གནས་གྱུར་ཏེ། །བྱང་ཆུབ་མཆོག་ཏུ་རྫོགས་སངས་རྒྱས། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །དེ་ཚེ་སྒྲ་གཅན་ཟིན་བཞིན་དུ། །དེ་བཞིན་གཤེགས་པས་སེམས་ཅན་གཟིགས། །སེམས་ཅན་ཀུན་གྱི་མཆོག་གྱུར་པ། །གཏན་དུ་མྱ་ངན་འདའ་བས་གྲོངས། །གང་ཚེ་སྦྲང་བུའི་གཅིན་ཙམ་གྱིས། །རྒྱ་མཚོ་བཞི་ཡི་མཐས་ཀླས་པ། །ནགས་ཚལ་རི་རྣམས་བཅས་པ་ཡི། །ས་གཞི་ངོམས་པར་གྱུར་པ་ན། །དེ་ཚེ་སྒྲ་གཅན་ཟིན་བཞིན་དུ། །དེ་བཞིན་གཤེགས་པས་སེམས་ཅན་གཟིགས། །སེམས་ཅན་ཀུན་གྱི་མཆོག་གྱུར་པ། །གཏན་དུ་མྱ་ངན་འདའ་བས་གྲོངས། །དེ་བས་ན་ཆོས་དང་ལྡན་པ་ཆོས་ལ་གུས་པ་ཁྱེད་མྱ་ངན་མ་བྱེད་ཅིག ། མ་ངུ་ཞིག ། དེ་བཞིན་གཤེགས་པ་ནི་རང་ལ་དབང་ཡོད་ཀྱིས་མི་རྟག་པའི་འདུ་ཤེས་མ་བྱེད་པར་རྟག་པ་དང་། ཐེར་ཟུག་པ་དང་། མཆོག་ཏུ་བརྟན་པ་ཡིན་པར་ཡང་དག་པར་ལྟོས་ཤིག ། གཞི་གསུམ་རྟག་པའི་གསང་སྔགས་ཀྱི་སྦ་བ་དང་། བསྲུང་བ་འདིས་བསྲུང་བར་གྱིས་ཤིག ། གཞི་གསུམ་རྟག་པའི་གསང་སྔགས་ཀྱིས་ནི་གནམ་ལྕགས་ཀྱིས་ཚིག་པའི་ཤིང་རྣམས་ཀྱང་སྐྱེ་བར་འགྱུར་ཏེ། ཡལ་ག་ཕྲེའུ་དང་། སྦལ་མིག་བྱེ་བ་དང་། ལོ་མ་ཁ་འབུས་པ་དང་ལྡན་པར་འགྱུར་རོ། །འཁོར་བཞི་པོ་ལས་གཞི་གསུམ་རྟག་པར་རྗེས་སུ་ཡི་རང་བའི་གཏམ་འདི་ཕན་ཚུན་ཐོས་ན་བྱང་ཆུབ་ཀྱི་སེམས་བསྐྱེད་མི་དགོས་པར་འཛིན་ཀྱང་གཞི་གསུམ་མཆོག་ཏུ་རྟག་པའི་རྒྱུས་ན་བྱང་ཆུབ་ཀྱི་རྒྱུར་སྐྱེ་བར་འགྱུར་ཏེ། འདི་ནི་སངས་རྒྱས་ཀྱི་རྗེས་སུ་ཡི་རང་བ་ཞེས་བྱའོ། །གཞི་གསུམ་རྟག་པ་ལས་བྱུང་བའི་རྗེས་སུ་ཡི་རང་བ་འདི་དགེ་སློང་ངམ་དགེ་སློང་མ་གང་དག་སེམས་ཅན་རྣམས་ལ་སྟོན་པར་བྱེད་པ་དེ་དག་ནི་ཡུལ་
འཁོར་གྱི་བསོད་སྙོམས་ཟ་བར་འོས་པ་ཡིན་ནོ། །ཅིག་ཤོས་དག་ནི་འོས་པ་མ་ཡིན་ནོ། །ཇི་ལྟར་རྗེས་སུ་ཡི་རང་བ་འདིས་གཏོལ་བ་དེ་འཇིག་རྟེན་ཐམས་ཅད་དུ་བདེ་བར་གྱུར་པའི་ཆོས་ཀྱི་བདེན་པ་དེས་ནི་དམ་པའི་ཆོས་འདོད་པ་རྣམས་ལ་བགེགས་མེད་པ་དང་། གནོད་པ་མེད་པར་གྱུར་ཅིག ། དེ་ནས་ལྷ་དང་། ལྷ་མ་ཡིན་དང་། མི་དང་བཅས་པའི་འཇིག་རྟེན་གྱིས་དེ་བཞིན་གཤེགས་པ་རྟག་པར་ཁོང་དུ་ཆུད་ནས་རབ་ཏུ་དགའ་བའི་སེམས་དང་། དགེ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། གཞོལ་བ་མེད་པའི་སེམས་དང་། པད་མ་ཁ་བྱེ་བ་ལྟ་བུའི་བཞིན་དང་ལྡན་པར་གྱུར་ནས་ལྷའི་མཆོད་པ་ཆེན་པོའི་ལས་བྱས་ཏེ། མེ་ཏོག་དང་། ཕྱེ་མ་དང་། བདུག་པ་དང་། སྤོས་ཀྱིས་བསྒོ་བ་ལ་སོགས་པ་གཏོར་ཏོ། །སིལ་སྙན་ལ་སོགས་པ་ཡང་དཀྲོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེང་འདིར་ངོ་མཚར་རྨད་དུ་བྱུང་བ་ཅི་མཐོང་། གསོལ་པ། བཅོམ་ལྡན་འདས་བདག་གིས་སྔོན་ལན་འགའ་ཡང་མ་མཐོང་བའི་ངོ་མཚར་རྨད་དུ་བྱུང་བ་མཐོང་སྟེ། འཁོར་རེ་རེས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པ་རེ་རེ་དགེ་སློང་གི་དགེ་འདུན་དང་བཅས་པས་གསོལ་བ་མཐོང་བ་ལགས་སོ། །འཁོར་འདི་ན་སྙུང་བུའི་རྩེ་མོ་ཙམ་གྱིས་ཁྱོན་དག་ལ་ཡང་ཇི་ལྟར་བཤམས་པའི་གདན་དག་ལ་དེ་བཞིན་གཤེགས་པ་སྐུ་ཆེན་པོ་དུ་མ་བདེ་བར་བཞུགས་ཏེ་རྗེས་སུ་ཡི་རང་བ་བཅུ་གསུམ་གྱི་ཚིགས་སུ་བཅད་པ་དག་སྟོན་ཅིང་བཞུགས་པ་མཐོང་ལགས་སོ། །སེམས་ཅན་ཐམས་ཅད་ཀྱིས་ནི་སྒྱུ་འཕྲུལ་འདི་མ་འཚལ་ཏེ། བཅོམ་ལྡན་འདས་ནི་བདག་གིས་ཕུལ་བའི་ཞལ་ཟས་གསོལ་ཞིང་བཞུགས་སོ་སྙམ་དུ་འཛིན་ལགས་སོ། །མི་མཆོག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པས་ནི། ཙུན་དས་དེ་ལྟར་འབྲས་སཱ་ལུ་ཡུལ་མ་ག་དྷཱའི་ན་ལི་ཀ་བརྒྱད་ལས་ཞལ་ཟས་སྦྱར་བ་ཡང་རྡུལ་ཙམ་ཡང་དགེ་སློང་གི་དགེ་འདུན་གྱིས་མི་གསོལ་བ་དང་། དེ་བཞིན་གཤེགས་པ་ཞལ་ཟས་མི་གསོལ་བའི་ཡ་མཚན་རྨད་དུ་བྱུང་བ་འདི་ཡང་དག་པར་འཚལ་ཏེ། འདི་ནི་ཐབས་
ཙམ་དུ་མཛད་པར་བས་སོ་སྙམ་དུ་སེམས་ལགས་སོ། །ཉན་ཐོས་ཀྱི་ཚོགས་རྣམས་ཀྱིས་ནི་ཀྱེ་མ་དེ་བཞིན་གཤེགས་པ་ནི་དཔག་ཏུ་མེད་པ་དང་རྟག་པ་ལགས་སོ་སྙམ་དུ་མ་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུན་ད་ལ་བཀའ་སྩལ་པ། ཙུན་ད་ཁྱོད་ཀྱིས་ངོ་མཚར་རྨད་དུ་བྱུང་བ་ཅི་མཐོང་། གསོལ་པ། བཅོམ་ལྡན་འདས་སྔར་ནི་དེ་བཞིན་གཤེགས་པ་ཡ་མཚན་གྱི་མཆོག་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་མངའ་བ་དུ་མ་མཐོང་བ་ལས་ད་ནི་རང་རང་གིས་བསྒྱུར་ནས་འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་པོ་དག་ཏུ་སྣང་ལགས་སོ། །དེ་བཞིན་གཤེགས་པ་ནི་དུག་སྨན་གྱི་སྡོང་པོ་ལྟ་བུའི་སྐུ་གཅིག་པུར་གྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བར་གདའ་ལགས་སོ། །བཀའ་སྩལ་པ། སངས་རྒྱས་སྔ་མ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། ཡིད་དགའ་བར་བྱ་བ་དང་བསོད་ནམས་མི་ཟད་པར་བྱ་བའི་ཕྱིར་སྤྲུལ་པ་ཡིན་ཏེ། སྒྱུ་འཕྲུལ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་སེམས་ཅན་རྣམས་ཀྱིས་མི་ཤེས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དཔག་ཏུ་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དཔག་ཏུ་མེད་དོ། །བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ལ་ནི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་མཐུ་ཡོད་དོ། ། མགར་བའི་བུ་ཙུན་ད་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ཐོབ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་གི་མཐར་ཐུག་པ་ནི་དེ་ལྟ་བུ་ཡིན་ནོ། །འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མི་མཆོག་ཙུན་ད་ལ་བདག་རྗེས་སུ་ཡི་རང་ལགས་སོ། །བཅོམ་ལྡན་འདས་ད་ནི་མདོ་སྡེ་རྣམས་བཤད་པའི་སླད་དུ་གནང་བ་མཛད་པའི་རིགས་སོ། །བཅོམ་ལྡན་འདས་ཅི་ལགས་མདོ་སྡེ་ཐམས་ཅད་ལྷག་མ་མཆིས་པའི་དོན་ལགས་སམ། འོན་ཏེ་ལྷག་མ་མ་མཆིས་པའི་དོན་ལགས། བཀའ་སྩལ་པ། ལྷག་མ་ཡོད་པའི་དོན་ཀྱང་ཡིན། ལྷག་མ་མེད་པའི་དོན་ཀྱང་ཡིན་ནོ། །གསོལ་པ། སྦྱིན་པ་ཀུན་དུ་བསྔགས་པ་ཡིན། །སྦྱིན་པ་གང་དུའང་སྨད་པ་མེད། །ཅེས་བགྱི་
བ་འདིར་ལྷག་མ་མཆིས་པའི་དོན་དུ་ཇི་ལྟར་བཤད་ལགས། ཚིགས་སུ་བཅད་པའི་དོན་ནི་གང་ལགས། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པའི་བྱེ་བྲག་ནི་ཅི་མཆིས། བཀའ་སྩལ་པ། གཅིག་མ་གཏོགས་པར་སྦྱིན་པ་ནི་ཐམས་ཅད་དུ་བསྔགས་སོ། །གསོལ་པ། མ་གཏོགས་པ་གང་ལགས། བཀའ་སྩལ་པ། མདོ་སྡེ་འདི་ལས་ཚུལ་ཁྲིམས་འཆལ་པར་བརྩི་བ་གང་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེང་བདག་འདི་ཁོ་ན་ཞུ་ལགས་ན་མྱུར་དུ་བཀའ་སྩལ་དུ་གསོལ། བཀའ་སྩལ་པ། འདོད་ཆེན་པ་མ་གཏོགས་པར་སྦྱིན་པ་ནི་ཐམས་ཅད་དུ་བསྔགས་པ་ཡིན་ནོ། །གསོལ་པ། འདོད་ཆེན་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཡང་རུང་སྟེ། ཚིག་ངན་པས་མདོ་སྡེ་སྤངས་ནས་ཕྱིས་བཟོད་པ་གསོལ་བར་ཡང་མི་བྱེད་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་འདོད་ཆེན་པའི་ལམ་དུ་ཞུགས་པ་ཡིན་ནོ། །ཕམ་པ་བཞི་བྱུང་བ་རྣམས་དང་། མཚམས་མེད་པ་ལྔ་བྱེད་བྱེད་པ་གང་ཡིན་པ་དེ་དག་ནི་བདག་ཅག་འཇིགས་པའི་གནས་སུ་ཞུགས་སོ་སྙམ་དུ་ཤེས་ཀྱང་འཇིགས་པར་མི་ལྟ་ལ་དམ་པའི་ཆོས་ཀྱི་ཕྱོགས་ཀྱང་མི་འཛིན། དམ་པའི་ཆོས་དབྱུང་ངོ་སྙམ་དུ་འབད་པར་ཡང་མི་བྱེད་ལ། དེ་ཉིད་ཀྱི་བསྔགས་པ་མ་ཡིན་པར་ཡང་རྗོད་པར་བྱེད་པ་དེ་དག་ཀྱང་འདོད་ཆེན་པའི་ལམ་དུ་ཞུགས་པ་ཡིན་ནོ། །སངས་རྒྱས་མེད་དོ། །ཆོས་མེད་དོ། །དགེ་འདུན་མེད་དོ་ཞེས་ཟེར་བ་གང་ཡིན་པ་དེ་དག་ཀྱང་འདོད་ཆེན་པའི་ལམ་དུ་ཞུགས་པ་ཡིན་ནོ་ཞེས་ང་ཟེར་རོ། །འདོད་ཆེན་པ་དེ་དག་མ་གཏོགས་པར་སྦྱིན་པ་ཐམས་ཅད་དུ་བསྔགས་སོ། །གསོལ་པ། དེ་ལ་ཚུལ་ཁྲིམས་འཆལ་པ་ཞེས་བགྱི་བ་གང་དག་ལགས། བཀའ་སྩལ་པ། ཕམ་པ་བཞི་བྱེད་བྱེད་པ་རྣམས་དང་། མཚམས་མེད་པ་ལྔ་བྱེད་བྱེད་པ་རྣམས་དང་། མདོ་སྡེ་སྤོང་བར་བྱེད་པ་དེ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས་སམ། དེ་དག་རྟག་ཏུ་ཚུལ་ཁྲིམས་འཆལ་པ་ཁོ་ན་ལགས་སམ། བཀའ་སྩལ་པ། འདི་ལ་རྒྱུ་ཡོད་དེ། དེས་ན་ཡེ་རྟག་པ་ཡང་ཡོད། ཡེ་མི་རྟག་པ་ཡང་ཡོད་དེ། གང་དག་གོས་ཚོན་ཅན་གྱི་རྟགས་ཅན་རྣམས་དང་། ལྷན་ཅིག་ཏུ་མི་གནས་
ཤིང་། ཀྱེ་མ་བདག་ཅག་གི་ཕམ་པ་བྱུང་བ་ཡིན་ཏེ། བདག་ཅག་གི་ཉེས་པ་བྱས་སོ་སྙམ་ནས་འཇིགས་པར་ལྟ་ལ། དེ་དག་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་ནས་ཉམས་སུ་ལེན་པར་བྱེད་ཅིང་དམ་པའི་ཆོས་ཀྱི་ཕྱོགས་འཛིན་པ་རྣམས་ཀྱི་བསྔགས་པ་བརྗོད་པར་བྱའོ། །ཆོས་མ་ཡིན་པའི་ཕྱོགས་རྣམས་ནི་ཚར་གཅད་པར་བྱའོ། །མཚུངས་པ་མེད་པའི་མདོ་སྡེ་རྣམས་ནི་གདོན་པར་བྱའོ་སྙམ་དུ་བརྩོན་པར་བྱེད་པ་གང་ཡིན་པ་དེ་དག་ཚུལ་ཁྲིམས་འཆལ་པ་ཡིན་ནོ་ཞེས་ང་མི་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དཔེར་ན་ཉི་མ་ཤར་ན་ལྷོ་བུར་གྱི་རྡུལ་སངས་པར་འགྱུར་བ་དེ་བཞིན་དུ་མདོ་སྡེ་ཆེན་པོའི་ཉི་མ་འདི་ཤར་བ་ན་དེ་ལྟར་སྒོམ་བྱེད་པའི་སེམས་ཅན་རྣམས་ཀྱི་སྡིག་པའི་ཕུང་པོ་གྲངས་མེད་པ་བྱས་པ་རྣམས་ཟད་པར་འགྱུར་ཏེ། དེ་ལྟར་ན་དམ་པའི་ཆོས་འབྱིན་པ་ནི་འབྲས་བུ་ཆེ་བ་ཡིན་ནོ། །མཚམས་མེད་པ་བྱེད་བྱེད་པ་རྣམས་དང་། མདོ་སྡེ་སྤོང་བ་གང་ཡིན་པ་དེ་དག་གལ་ཏེ་ཀྱེ་མ་བདག་ཅག་གིས་མདོ་སྡེ་སྤང་བ་བྱས་པ་འདི་ནི་བདག་ཅག་བརླག་པར་འགྱུར་བ་ཡིན་ཏེ་ཉེས་པ་བྱས་སོ་སྙམ་དུ་འགྱོད་ཅིང་གདུང་བར་གྱུར་ནས། བདག་ཅག་གི་སྐྱབས་ནི་མདོ་སྡེ་འདི་ཉིད་ཡིན་ཏེ། འཁྲ་ས་གཞན་མ་མཐོང་ངོ་སྙམ་དུ་སེམས་བསྐྱེད་པར་བྱེད་ན། དེ་དག་ནི་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། དུས་ཇི་སྲིད་ཀྱི་བར་དུ་མདོ་སྡེ་ལ་སྐྱབས་སུ་མ་སོང་བའི་བར་དུ་ནི་དེ་དག་ལ་བྱིན་པ་འབྲས་བུ་ཆུང་བར་འགྱུར་རོ། །གང་གི་ཚེ་མདོ་སྡེ་ལ་སྐྱབས་སུ་སོང་བ་དེའི་ཚེ་ནི་དེ་དག་ཀྱང་ཡོན་གནས་སུ་འགྱུར་རོ། །གལ་ཏེ་མཚམས་མེད་པ་བྱེད་བྱེད་པ་ཡང་འགྱོད་དེ། ཀྱེ་མ་བདག་གིས་མི་རིགས་པ་བྱས་ཀྱིས་བདག་གིས་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་སེམས་ན་དེ་ཡང་མཚམས་མེད་པ་བྱེད་བྱེད་པ་མ་ཡིན་པར་རིག་པར་བྱ་སྟེ་དེ་ལ་ནི་ཆུང་ངུ་ཞིག་བྱིན་ན་ཡང་འབྲས་བུ་ཡོད་དོ། །མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ཅིག་ཤོས་དེ་དག་ལ་བྱིན་པ་ནི་འབྲས་བུ་ཆུང་ཟད་ཀྱང་མེད་དོ། །རིགས་ཀྱི་བུ་གཞན་ཡང་ཕམ་པ་བྱེད་བྱེད་པས་ཇི་ལྟར་བྱ་བ་ཉོན་ཅིག ། ཕམ་པ་བྱེད་བྱེད་པས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཁོང་དུ་ཆུད་པར་བྱས་ནས་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་བསམས་ན་དེ་ལ་བྱིན་པ་ཡང་ཆེས་ཁྱད་པར་ཅན་དུ་འགྱུར་རོ། །རིགས་ཀྱི་བུ་དཔེར་ན་བུད་
མེད་སྦྲུམ་མ་ཞིག་ཡུལ་འཁྲུགས་ནས་ཡུལ་གཞན་དུ་སོང་སྟེ། ལྷ་ཁང་ཞིག་གི་ནང་དུ་བུ་ཁྱེའུ་ཞིག་བཙས་ཏེ། དེ་བདེ་བར་གྱུར་ནས་ཁྱེའུ་དེ་ཁྱེར་ཏེ། བདག་གི་ཡུལ་ཞི་བར་གྱུར་པའི་འོག་ཏུ་དེ་ལོགས་སུ་ཆས་པ་ལས། ཆུ་ཀླུང་ཆེན་པོ་ཞིག་དང་ཕྲད་ནས། ཆུ་དེ་རྒལ་བ་ན་བུ་དང་བཅས་ཏེ་ཆུའི་ནང་དུ་ཉམ་ཐག་པར་གྱུར་ནས། བདག་ནི་ཤི་ཡང་བླའི། ཁྱེའུ་འདི་ཐར་བར་བྱའོ་སྙམ་ནས་དེ་དེའི་དོན་དུ་འབད་པ་ལས། བུ་དང་ལྷན་ཅིག་ཏུ་ཤི་ན་སྔོན་མཆོག་ཏུ་འཇིགས་པའི་ལས་བྱས་སུ་ཟིན་ཀྱང་། བུ་ལ་བྱམས་ཤིང་ཐར་པར་བྱའོ་སྙམ་པའི་འབྲས་བུས་མཐོ་རིས་སུ་སྐྱེས་པ་དེ་བཞིན་དུ་ཕམ་པ་བྱེད་བྱེད་པ་དང་། མཚམས་མེད་པ་བྱེད་བྱེད་པ་ལས་དམ་པའི་ཆོས་འབྱིན་པར་བྱེད་པ་དེ་དག་ནི། སྔོན་སྡིག་པའི་ལས་བྱས་སུ་ཟིན་ཀྱང་། དམ་པའི་ཆོས་འབྱིན་པའི་འབྲས་བུས་བུད་མེད་དེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་གྱུར་ཏེ། དམ་པའི་ཆོས་འབྱིན་པའི་འབྲས་བུ་ནི་དེ་ལྟར་ཆེའོ། །གསོལ་པ། བཅོམ་ལྡན་འདས་འདོད་ཆེན་པར་ལྟུང་བར་གྱུར་པ་ལས། སླད་ཀྱིས་གཞི་གསུམ་ལ་འཆགས་པར་བགྱིད་ཅིང་བཟོད་པ་གསོལ་བར་བགྱིད་ན། ཅི་ལགས་དེ་ལ་སྩལ་པ་ཡང་འབྲས་བུ་ཆེ་བར་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག ། དཔེར་ན་མི་ལ་ལ་ཞིག་གིས་ཤིང་ཏོག་ཨ་མྲ་ཟོས་ནས། རུས་པ་ས་ལ་བོར་བའི་འོག་ཏུ་དེས་འདི་སྙམ་དུ་བསམས་ཏེ། ནང་གི་ཚིག་གུ་ཞིམ་ཡང་དག་སྙམ་ནས། དེས་དེའི་ཕྱི་རོལ་གྱི་རུས་པ་བོར་ཏེ་ཚིག་གུ་ཟོས་པ་དང་། དེས་དེའི་རོ་མི་ཞིམ་པར་ཚོར་ནས་ཡང་བོར་རོ། །དེ་ནས་དེས་ཀྱི་ཧུད་བདག་གིས་ས་བོན་ངན་པ་མ་རུང་བར་བྱས་སོ་སྙམ་དུ་བསམས་ནས། ས་བོན་དེ་ཕྱིར་རུས་པའི་ནང་དུ་བཅུག་ནས་ས་བརྐོས་པའི་འོག་ཏུ་བཅུག་སྟེ། འོ་མ་དང་མར་ཁུས་བླུགས་ལ་ཆར་ཆེན་པོ་བབ་ཏུ་ཟིན་ཀྱང་ས་བོན་ངན་པ་མ་རུང་བར་བྱས་པ་སྐྱེ་བར་མི་འགྱུར་ཏེ་སྐྱེ་མི་སྲིད་དོ། །དེ་ནས་དེ་ས་བོན་འདི་ནི་མ་རུང་བར་བྱས་པ་ཡིན་ཏེ་སྐྱེ་བར་མི་འགྱུར་རོ་སྙམ་ནས་ངལ་བར་གྱུར་ཏེ་ཅང་མི་ཟེར་བར་འདུག་པ་དེ་བཞིན་དུ། འདོད་ཆེན་པ་ལ་ཡང་ས་བོན་མེད་དེ། འདོད་ཆེན་པ་འཆགས་ཤིང་བཟོད་པ་གསོལ་བའི་སེམས་སྐྱེད་པ་ནི་མི་སྲིད་དོ། །དེ་བས་ན་
འདོད་ཆེན་པ་དེ་ལྟ་བུ་ལ་ནི། ཐམས་ཅད་དུ་སྦྱིན་པ་འབྲས་བུ་ཆེ་བ་མ་ཡིན་ནོ། །དགྲ་བཅོམ་པ་རྣམས་ལ་ཕུལ་བའི་འབྲས་བུ་ཡང་ཐ་དད་དོ། །རང་སངས་རྒྱས་རྣམས་ལ་ཕུལ་བའི་འབྲས་བུ་ཡང་ཐ་དད་དོ། །དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བའི་འབྲས་བུ་ཡང་ཐ་དད་དོ། །དེ་བས་ན་ཐམས་ཅད་དུ་སྦྱིན་པའི་འབྲས་བུ་ཆེ་བ་མ་ཡིན་ནོ། །གསོལ་པ། ཅིའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདིའི་དོན་རྣམ་པ་གཉིས་སུ་བཀའ་སྩལ་ལགས། བཀའ་སྩལ་པ། རྒྱུ་ལས་འགྱུར་ཏེ་སྔོན་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་དད་པ་མེད་པ་གཅེར་བུ་པ་ལ་དགའ་བ་ཞིག་ཡོད་པ་དེས། ང་ལ་སྦྱིན་པ་བྱས་པ་ཅིར་འགྱུར་བ་དྲིས་པ་དེའི་ཚེ། དེ་དྲང་བའི་ཕྱིར་སྦྱིན་པ་ཀུན་ཏུ་བསྔགས་པ་ཡིན་ཞེས་བྱ་བའི་ཚིགས་སུ་བཅད་པ་དེ་དེ་ལ་བསྟན་ཏོ། །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་ཚིགས་སུ་བཅད་པའི་དོན་དགོངས་པའི་ཚིག་ཏུ་བསྟན་ཏེ། དུས་ཐམས་ཅད་དུ་ཚིགས་སུ་བཅད་པའི་དོན་འདྲ་བར་བསྟན་པ་མ་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་སྐབས་དང་སྦྱར་ཏེ་ཚིག་གི་ལྷག་མ་ཡོད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་མི་མཆོག་གིས་ནི། ཚུལ་ཁྲིམས་འཆལ་བ་རྣམས་ཞིང་གི་ངོ་བཞིན་དུ་ཚར་གཅད་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་ངས་སྔོན་ཚིགས་སུ་བཅད་པ་འདི་བསྟན་ཏེ། འདི་ལྟ་སྟེ། ཆུ་ཀླུང་ཆུ་ཀུན་གྱ་གྱུར་འབབ། །ནགས་ཚལ་ཀུན་ནི་ཤིང་ཉིད་ཡིན། །བུད་མེད་ཀུན་ལ་གཡོ་སྒྱུ་ཡོད། །དབང་ཕྱུག་ཐམས་ཅད་བདེ་བ་ཡིན། །བུད་མེད་རྣམས་ཀྱི་སེམས་ནི་གཡོ་སྒྱུ་ཅན་དང་འཇིགས་སུ་རུང་བ་ཡིན་ནོ། །དེ་བས་ན་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་སླར་ཚིགས་སུ་བཅད་དེ་གསོལ་པ། ཆུ་ཀུན་གྱ་གྱུར་འབབ་མ་ལགས། །ནགས་ཚལ་ཀུན་ཀྱང་ཤིང་མ་ལགས། །བུད་མེད་ཀུན་ལའང་གཡོ་མ་མཆིས། །དབང་ཕྱུག་ཀུན་ཀྱང་བདེ་མ་ལགས། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་དེ་ནི་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ལ་རྒྱུ་ཅི་མཆིས་པ་བཀའ་སྩལ་འཚལ་ལགས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
འདི་ན་གླིང་ཐ་དད་པ་ནུབ་ཀྱི་བ་ལང་སྤྱོད་ཅེས་བགྱི་བ་མཆིས་ཏེ། དེ་ན་ཆུ་ཀླུང་གི་མིང་དྲང་པོར་འབབ་ཅེས་བགྱི་བ་ཤིང་མཁན་གྱི་ཐིག་སྐུད་བཞིན་དུ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ནས་ཤར་ཕྱོགས་ཀྱི་རྒྱ་མཚོར་དྲང་པོར་འབབ་པ་ཞིག་མཆིས་ལ། ཐམས་ཅད་ཅེས་བགྱི་བ་ནི་ཤིན་ཏུ་རྒྱས་པའི་ལུང་ལས་ལྷག་མ་ཡོད་པའི་དོན་ལགས་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན་ཆུ་ཀླུང་དྲང་པོར་འབབ་ཅེས་བགྱི་བ་དེ་ཤིན་ཏུ་རྒྱས་པའི་ལུང་གི་མདོ་གང་ལས་བཤད་པ་བཅོམ་ལྡན་འདས་བདེན་པ་གསུང་བས་བཀའ་སྩལ་དུ་གསོལ། དཔེར་ན། ནོར་གྱི་འབྱུང་ཁུང་གི་རྒྱུས་མཁན་འབྱུང་ཁུང་ལ་མི་མཁས་པ་ཞིག་གིས། དེ་ཁོ་ན་ན་གསེར་མཆིས་བཞིན་དུ་འདི་ནི་གསེར་མ་མཆིས་སོ་ཞེས་མཆི་བས་ནི་གནས་ཀྱི་ཕྱོགས་ཆའི་བྱེ་བྲག་ཙམ་ཉི་ཚེ་ཤེས་པར་བགྱི་འཚལ་ལགས་སོ། །ནགས་ཚལ་ཀུན་ནི་ཤིང་ཉིད་ཡིན་ཞེས་བགྱི་བ་ནི་ལྷག་མ་ཡོད་པའི་དོན་ལགས་ལ། ནགས་ཚལ་ནི་རྣམ་པ་མང་དུ་མཆིས་ཏེ། འདི་ལྟ་སྟེ། གསེར་དང་བཻ་དཱུཪྱའི་ནགས་ཚལ་ཡང་མཆིས་ལགས་སོ། །དེ་བཞིན་དུ་བུད་མེད་ཀུན་ལ་གཡོ་སྒྱུ་ཡོད་ཅེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། བུད་མེད་ལ་ཡང་ཚུལ་ཁྲིམས་དང་ལྡན་པ་དང་། འདོད་ཆགས་དང་བྲལ་བ་དང་། སེར་སྣ་མ་མཆིས་པ་དུ་མ་མཆིས་ལགས་སོ། །དབང་ཕྱུག་ཐམས་ཅད་བདེ་བ་ཡིན་ཞེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། དབང་ཕྱུག་ཅེས་བགྱི་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། སངས་རྒྱས་རྣམས་དབང་ཕྱུག་གི་མཆོག་ལགས་མོད་ཀྱི། དེ་དག་ཀྱང་འཆི་འཕོའི་དབང་དུ་འགྱུར་ཞིང་ཟད་པའི་ཆོས་ཅན་ལགས་ལ། ཚངས་པའི་དབང་ཕྱུག་འདི་དག་ཀྱང་ལྟུང་བའི་ཆོས་ཅན་ལགས་ཏེ། དེ་བས་ན་དེ་དག་ནི་དབང་ཕྱུག་མ་ལགས་ཞེས་བདག་མཆིས་ལགས་སོ། །རྟག་པ་དང་བརྟན་པའི་དབང་ཕྱུག་གང་ལགས་པ་དེ་ནི་མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བའི་དབང་ཕྱུག་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་དཔེར་ན་སྨན་པ་ཞིག་གིས་ཁྱིམ་བདག་གི་བུ་ཞིག་གི་ནད་གསོ་བར་བྱེད་དེ། སྨན་མར་བསྐོལ་ནས་དེ་འཐུང་དུ་བཅུག་པ་ན་ནད་པ་དེ་མར་མང་དུ་འཐུང་བར་སྩོལ་ལོ། །དེ་ནས་སྨན་པ་དེས་དེ་ལ་སྨྲས་པ། ཉམ་སྟོབས་
དང་ལྡན་པས་ནི་མར་མང་དུ་བཏུང་བར་བརྩལ་ཀྱང་། དེས་འཇུ་བར་ནུས་ཀྱི་ཁྱོད་ནི་ཉམ་སྟོབས་མེད་པས་མར་ཧ་ཅང་མང་དུ་མ་འཐུང་ཤིག ། མར་ནི་ནད་སེལ་བ་ཡང་ཡིན་མོད་ཀྱི་མང་དུ་འཐུངས་ན། དེ་ཉིད་ཀྱིས་ཁྱོད་ཡེ་འདྲོག་ཏུ་འཆི་བར་འགྱུར་རོ་ཞེས་བྱས་ན། ཅི་སྨན་པ་ཕན་པར་འདོད་ཅིང་སྙིང་བརྩེ་བ་དེས་ཡང་དག་པའི་དོན་དེ་མ་རུང་བར་བྱས་པ་ཡིན་ནམ། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། རྒྱལ་པོ་དང་། བློན་པོ་དང་། བཙུན་མོ་རྣམས་ཀྱི་ང་རྒྱལ་བསལ་བ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་རྣམས་གཞན་དང་གཡེམ་པ་ལ་འཇིགས་པ་དང་། སྐྱོ་བ་སྐྱེད་པའི་ཕྱིར་སྨན་པ་བཞིན་དུ་དེ་བཞིན་གཤེགས་པས་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ནས། ཆུ་ཀླུང་ཆུ་ནི་གྱ་གྱུར་འབབ་ཅེས་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏེ། ཆུ་ཀླུང་གྱ་གྱུར་འབབ་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་འཁྲུལ་པ་མེད་དོ། །གང་གི་ཚེ་འཁྲུལ་པ་ཞིག་ཏུ་གྱུར་ན་གནམ་ས་ལོག་པར་འགྱུར་རོ། །དེ་བས་ན་ཐམས་ཅད་སྨོས་ཏེ་གསུངས་པ་ནི། ལྷག་མ་ཡོད་པ་ཡང་ལྷག་མ་མེད་པ་དང་འདྲ་བར་གསུངས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་དམ་པ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། ཤེས་རབ་རྒྱས་པར་བྱ་བ་འདི་ལེགས་སོ་ལེགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཡང་ཚིགས་སུ་བཅད་དེ་གསོལ་པ། བདག་གིས་བྱས་དང་མ་བྱས་རྣམས། །བརྟག་པར་བྱ་ཡི་གཞན་དག་གི། །བྱས་དང་མ་བྱས་རྣམས་དང་ནི། །གཞན་གྱི་མི་འཐུན་བརྟག་མི་བྱ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ལ་ཅིའི་སླད་དུ། དེ་སྐད་ཅེས་བཀའ་སྩལ་པའི་རྒྱུ་བཀའ་སྩལ་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་གསུང་རབ་ཡན་ལག་དགུ་ལས་འདི་ན་གཅེར་བུ་པ་སེམས་ཅན་དམྱལ་བ་ཐམས་ཅད་དང་། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་རྣམས་ལ་ནི་ལམ་ངན་པར་ཞུགས་པ་ཡིན་ནོ། །སངས་རྒྱས་ཀྱི་སྲས་ཐམས་ཅད་ནི་མྱ་ངན་ལས་འདས་པ་ལ་ཞུགས་པ་ཡིན་ནོ། །དྲང་པོ་དང་། ཚུལ་ཁྲིམས་དང་། ཆོ་ག་དང་
ལྡན་པ་དང་། དབང་པོ་ཐུལ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་འགྲོ་བ་དང་། ཆོས་ཀྱི་སྤྱོད་ཡུལ་ཅན་ཡིན་ནོ་ཞེས་བདག་བསྟོད་པ་དང་། གཞན་སྨོད་པ་དང་། གཞན་བཤུང་བ་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་གཞན་དང་མི་འཐུན་པ་རྣམས་ཀྱང་བཀའ་སྩལ་ལ། གཞན་དག་དང་མི་འཐུན་པ་ཞེས་བགྱི་བ་ཡང་མ་ལགས་པ་དེ་ཅི་ལྟ་བུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ངས་གཞན་གྱི་མི་འཐུན་བརྟག་མི་བྱ། །ཞེས་བསྟན་པ་དེ་གང་ལས་ནི་བརྩམས་ཅིའི་ཕྱིར་ནི་བསྟན་ཅེ་ན། མ་སྐྱེས་དགྲ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་མེད་པར་དོན་དང་འགལ་བ་སྟོན་པར་མི་མཛད་ཀྱི་རྒྱུ་དང་བཅས་པར་སྟོན་པར་མཛད་དེ། སྔོན་མ་སྐྱེས་དགྲས་ཕ་བསད་ནས་ངའི་ཐད་དུ་འོངས་ནས། འདི་ལྟར་བརྙས་ཐབས་སུ་དྲི་བ་དྲིས་ཏེ་ཅི་ལགས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལགས་སམ། འོན་ཏེ་ཐམས་ཅད་མཁྱེན་པ་མ་ལགས། གལ་ཏེ་ཐམས་ཅད་མཁྱེན་པ་ལགས་ན། ཅིའི་སླད་དུ་ལྷ་སྦྱིན་རབ་ཏུ་ཕྱུང་ལགས། དེ་ཚེ་རབས་སྟོང་ཕྲག་མང་པོར་ཕྱི་བཞིན་འབྲང་ཞིང་གནོད་པ་བགྱིད་པར་གཟིགས་ན། ད་ལྟར་ཡང་རྒོལ་དུ་འོང་བར་ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ཇི་ལྟར་མ་གཟིགས་ཞེས་ཟེར་ནས་ངས་དེ་ལ་འདི་སྐད་དུ། གཞན་དང་མི་འཐུན་བརྟག་མི་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བསྟན་ཏོ། །ད་ནི་རྒྱལ་པོ་ཆེན་པོ་ཁྱོད་བདག་གིས་ཕ་བསད་དེ་མཚམས་མེད་པའི་ལས་ཀྱི་རབ་དུག་ཆེན་པོ་བྱས་པ་དེ་སྦྱང་བར་གྱིས་ཤིག ། རྒྱལ་པོ་གཞན་གྱི་ཉེས་པ་ལ་མ་རྟོག་པར་དེ་ལྟ་བུ་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱས་སོ། །གཞན་ཡང་མི་འཐུན་པ་བརྟག་པར་ཡང་བྱ་སྟེ། ཚུལ་ཁྲིམས་དང་ཆོ་ག་ལ་བརྟེན་པ་གང་ཡིན་པ་དེ་དག་གི་སྐྱོན་བརྟག་པ་ལྷུར་བླང་བར་བྱ་སྟེ། དེ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ། །གཞན་གྱི་མི་འཐུན་པ་ལ་རྟོག་པ་རྣམས་ཀྱིས་ནི་བདག་དང་གཞན་དག་གི་བྱས་པ་དང་མ་བྱས་པ་ནི། བདག་དང་གཞན་དག་གི་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་གཞན་གྱིས་བྱས་པ་རྟག་ཏུ་
ཡང་དག་པར་མཐོང་བ་གང་ཡིན་པ་དེ་དག་ནི་ངའི་ཉན་ཐོས་ཡིན་ནོ་ཞེས་ང་ཟེར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆད་པ་དག་གིས་ཐམས་ཅད་སྐྲག ། ཀུན་ལ་སྲོག་ནི་ཕངས་པ་ཡིན། །བདག་གི་ཉམས་ལས་དཔག་བྱ་ཞིང་། །བརྡེག་པར་མི་བྱ་གསད་མི་བྱ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །ཆད་པས་ཐམས་ཅད་སྐྲག་མི་འགྱུར། །སྲོག་ཀྱང་ཀུན་ལ་ཕངས་མ་ལགས། །བདག་གི་ཉམས་ལས་དཔག་བགྱི་ཞིང་། །ཐབས་ཀྱིས་བགྱི་བ་རྟོགས་པར་བགྱི། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། དགྲ་བཅོམ་དང་ནི་འཁོར་ལོས་སྒྱུར། །གླང་ཆེན་བུད་མེད་རིན་ཆེན་དང་། །ཁྱིམ་བདག་རིན་ཆེན་རྟ་རྣམས་ནི། །གནོད་པ་ཅིས་ཀྱང་མི་ཚུགས་སོ། །འདི་རྣམས་ལ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་སུས་ཀྱང་གནོད་པ་བགྱིད་པའི་རྔོ་མི་ཐོགས་ཏེ། དགྲ་དྲག་ཤུལ་གྱི་སྟོབས་ཅན་རྣམས་ཀྱིས་ཀྱང་། དེ་དག་ལ་གནོད་པས་ཚུགས་མི་སྲིད་ལགས་སོ། །དེ་དག་ནི་ལྷ་དང་། བདུད་དང་། ཚངས་པ་རྣམས་ཀྱིས་ཀྱང་མི་འཇིགས་ལགས་སོ། །དེ་བས་ན་སེམས་ཅན་དེ་དག་ནི་ཅིས་ཀྱང་མི་ཚུགས་པ་ཞེས་བགྱི་ལགས་སོ། །གཡུལ་ངོར་གཅིག་ཏུ་དཔའ་བ་དང་། གཅིག་ཏུ་ཁྱིམ་ཐབ་ལ་མི་འཁྲུལ་བའི་ཆུང་མ་དང་། སེང་གེ་དང་། སིན་དུ་པའི་རྟ་ཅང་ཤེས་དང་། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འདི་རྣམས་ནི་གནོད་པས་ཚུགས་པ་ལགས་ཀྱིས་ཀྱང་ཅིས་ཀྱང་མི་འཇིགས་ལགས་སོ། །དེ་ལ་ཆད་པ་དག་གིས་ཐམས་ཅད་སྐྲག་ཅེས་བགྱི་བ་ནི། འདིར་ལྷག་མ་ཡོད་པའི་དོན་ལགས་པས་ན་མདོར་བསྡུས་པ་ལགས་སོ། །བདག་གི་ཉམས་ལས་དཔག་བྱ་ཞིང་། ཞེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། དགྲ་བཅོམ་པ་རྣམས་ནི་བདག་དང་མི་མཉམ་མོ། །ཞེས་དེ་ལྟར་འཇིག་རྟེན་དུ་གྲགས་ལགས་སོ། །གལ་ཏེ་དགྲ་བཅོམ་པ་རྣམས་ཀྱི་བདག་ཏུ་འདུ་
ཤེས་པ་དང་། དགྲ་བཅོམ་པ་རྣམས་ཀྱི་སྲོག་ཏུ་འདུ་ཤེས་པ་གསུངས་པ་ལགས་སོ་ཞེས་དེ་ལྟ་བུའི་བློ་ཆུང་ངུ་རྣམས་ཀྱིས་ནི་དགྲ་བཅོམ་པ་གནས་ངན་པར་བཞག་པ་ལགས་ཏེ། དེ་ལྟར་བགྱིས་པས་སྲོག་ཏུ་འདུ་ཤེས་པའི་ལྟ་བ་ངན་པས་རྨོངས་པའི་འབྲས་བུས་མྱུར་དུ་མནར་མེད་པར་སྐྱེ་བར་འགྱུར་ལགས་སོ། །གཅིག་ཏུ་ན་གལ་ཏེ་དགྲ་བཅོམ་པ་རྣམས་གསད་པའི་སེམས་བསྐྱེད་དུ་ལགས་ཀྱང་། སེམས་ཅན་དེ་དག་གིས་གསོད་པར་འགྱུར་མི་སྲིད་དེ། སེམས་ཅན་མང་པོ་ལོག་ཀྱང་དེ་དག་གསོད་པའི་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོག་ཆགས་རྣམས་ལ་སྙིང་བརྩེ་བའི་ཕྱིར་བདག་དང་འདྲ་བར་བལྟའོ། །དགྲ་བཅོམ་པ་ནི་འཚེ་བ་མེད་པའི་སྒོ་ནས་དཔག་ཏུ་མེད་པ་དང་། མཚུངས་པ་མེད་པར་བལྟ་བར་བྱ་སྟེ། དེ་དག་ལ་གསད་པའི་སེམས་བསྐྱེད་པར་མི་བྱའོ། །དེ་ལྟར་ན་སངས་རྒྱས་ནི་རྒྱུ་མེད་པར་དོན་དང་འགལ་བ་མི་སྟོན་ཏེ། ཚིགས་སུ་བཅད་པ་འདི་ནི་རྒྱལ་པོའི་ཁབ་ཀྱི་རི་དགས་ཀྱི་རྔོན་པ་ལས་བརྩམས་ནས་བསྟན་ཏེ། དེས་རི་དགས་བསད་ནས་ཤ་དང་ལྡན་པའི་ཟས་ཀྱི་སྦྱིན་པ་ལ་ང་སྤྱན་དྲངས་ནས། ངས་ཀྱང་དེས་སྤྱན་དྲངས་པ་ལ་གནང་ནས། སྒྲ་གཅན་ཟིན་དང་འདྲ་བར་ལྟ་བའི་ཚུལ་གྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་བྱས་སོ། །ཆད་པ་དག་གིས་ཐམས་ཅད་སྐྲག ། ཀུན་ལ་སྲོག་ནི་ཕངས་པ་ཡིན། །བདག་གི་ཉམས་ལས་དཔག་བྱ་ཞིང་། །བརྡེག་པར་མི་བྱ་གསད་མི་བྱ། །མིག་རྒྱང་རིང་དུ་ལྟོས་ལ་རིང་དུ་འཚོ་བར་གྱིས་ཤིག ། འཚེ་བ་མེད་པའི་རྟགས་ཀྱི་དོན་ཁོང་དུ་ཆུད་པར་གྱིས་ཤིག ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མིའི་ཁྱུ་མཆོག་འཇམ་དཔལ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དགོངས་པའི་ཚིག་འདི་དྲིས་པ་དེ་ནི་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་ཚིགས་སུ་བཅད་དེ་འདི་སྐད་ཅེས་གསོལ་ཏོ། །མ་ལ་མཆོད་པའི་ཚུལ་གྱིས་ནི། །ཕ་མ་གཉིས་ལ་མཆོད་བགྱིས་ན། །བླ་མ་ལ་ཡང་གུས་གྱུར་ལ། །མནར་མེད་འཇིགས་པར་ཇི་ལྟར་མཆི། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་འདི་
སྐད་ཅེས་བཀའ་སྩལ་ཏོ། །འདིར་ནི་སྲེད་པ་མ་ཞེས་བྱ། །གཏི་མུག་ལ་ནི་ཕ་ཞེས་བྱ། །ཆོས་འདི་གཉིས་ལ་གང་མཆོད་པ། །དེ་ནི་མནར་མེད་འཇིགས་པར་འགྲོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞན་གྱི་དབང་གྱུར་ཐམས་ཅད་སྡུག ། རང་དབང་ཅན་ནི་ཐམས་ཅད་བདེ། །ང་རྒྱལ་དབང་གྱུར་ཀུན་མི་ཟད། །དགའ་བ་ཐམས་ཅད་བཟང་བ་ཡིན། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི་ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ན་ཁྱིམ་བདག་ལ་ལ་ཞིག་གིས་བདག་གི་བུ་བྱིས་པའི་སློབ་དཔོན་ལ་གཏད་ན་ཅི་ལགས། ཁྱེའུ་དེ་གཞན་གྱི་དབང་དུ་གྱུར་པ་ཞེས་མི་བགྱི་ལགས་སམ། དེ་ལ་གཞན་གྱི་དབང་དུ་གྱུར་པ་མ་ལགས་སོ་ཞེས་བགྱིས་ན་ཡང་དོན་དང་འགལ་བར་འགྱུར་ལ་དེ་ལ་རང་དབང་ཅན་ལགས་སོ་ཞེས་བགྱིས་ན་ཡང་དོན་དང་འགལ་བར་འགྱུར་ཏེ། ཆོས་འདི་ནི་ཤིན་ཏུ་བརྟག་དཀའ་བ་ལགས་སོ། །འདི་ན་རྒྱལ་པོའི་བུ་ལ་ལ་བཅོས་སུ་མི་རུང་བར་གྱུར་ཏེ། དེ་ཅི་ཡང་སློབ་མི་འཚལ་ནས་རང་དགའ་དང་རང་ཉམ་དུ་འཁྱམ་པ་དེ་ལ་རང་དབང་ཅན་ཞེས་བགྱིས་ན་ནི་དོན་དང་ཚབས་ཆེར་འགལ་བར་འགྱུར་ལ་གཞན་གྱི་དབང་དུ་གྱུར་ཏོ་ཞེས་བགྱིས་ན་ནི་དོན་དང་འགལ་བར་མི་འགྱུར་ཏེ། ཆོས་འདི་ནི་ཤིན་ཏུ་བརྟག་དཀའ་བ་ལགས་སོ། །གཞན་ཡང་དབང་དུ་གྱུར་ཅེས་བགྱི་བའི་ཚིག་བླ་དགས་ནི་དེ་རང་དབང་དུ་གྱུར་ན་སྡིག་པ་བགྱིད་པ་དང་། འགུམ་པར་འགྱུར་བས་ན། བཀའ་སྩལ་པ་འདི་ནི་ལྷག་མ་ཡོད་པའི་དོན་ལགས་ཏེ། དེ་བས་ན་གཞན་གྱི་དབང་དུ་གྱུར་པ་ཐམས་ཅད་སྡུག་པ་ཡང་མ་ལགས་ལ། རང་དབང་ཅན་ཐམས་ཅད་བདེ་བ་ཡང་མ་ལགས་སོ། །ང་རྒྱལ་དབང་གྱུར་ཀུན་མི་ཟད། །ཅེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཀྱི་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་ཟད་པ་ཡང་མ་ལགས་ཏེ། འདི་ན་ལ་ལ་ཞིག་ང་རྒྱལ་གྱི་དབང་གིས་རབ་ཏུ་བྱུང་ན་ཅི་ལགས། རབ་ཏུ་བྱུང་བ་དེ་ལ་ང་རྒྱལ་གྱི་
དབང་དུ་གྱུར་པ་ཀུན་མི་ཟད་ཅེས་བགྱི་ལགས་སམ། དེ་ནི་ང་རྒྱལ་མ་མཆིས་པ་དང་། བསོད་ནམས་དང་ལྡན་པ་དང་། ཚུལ་ཁྲིམས་དང་ཆོ་ག་དང་ལྡན་པ་དང་། དབང་པོ་བསྲུངས་པ་ལགས་ཏེ། དེ་བས་ན་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་ཟད་པ་ཡང་མ་ལགས་སོ། །དགའ་བ་ཐམས་ཅད་བཟང་བ་ཡིན། །ཞེས་བགྱི་བ་དེ་ཡང་ལྷག་པ་ཡོད་པའི་དོན་ལགས་ཀྱི་དགའ་བ་ཐམས་ཅད་ཀྱང་བཟང་བ་མ་ལགས་ཏེ། བསྟན་པ་འདི་ལ་ཕམ་པ་བྱུང་བ་རྣམས་གོས་ཚོན་ཅན་གྱི་རྟགས་ཅན་རྣམས་དང་ལྷན་ཅིག་འཁོད་པ་བདག་ཉིད་ཀྱིས་རུང་བར་མཐོང་ཡང་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ལྟ་བུ་དག་ལ་བཟང་ཞེས་བགྱིས་ན་དོན་དང་འགལ་བར་འགྱུར་ལགས་སོ། །ཕམ་པ་བྱེད་བྱེད་པ་དེ་དག་གོས་དཀར་པོ་གྱོན་དུ་འཇུག་པ་དེ་དག་ནི་བཟང་པོའི་མཆོག་དོན་རྒྱ་ཆེན་པོ་བགྱིས་པ་ལགས་སོ། །ཕམ་པ་བགྱིས་པ་རྣམས་ནི་མི་བཟང་བ་ཞེས་བགྱི་སྟེ། དེ་དག་ཕུང་བར་བགྱིད་པ་དེ་དག་ནི་མི་བཟང་བ་ཞེས་བགྱིའོ། །དེ་བས་ན་དགའ་བ་ཐམས་ཅད་བཟང་བ་མ་ལགས་ན་ལྷའི་ཡང་ལྷ་སངས་རྒྱས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ། དེ་སྐད་ཅེས་བཀའ་སྩལ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་ནི་རྒྱུ་མེད་པའི་དོན་དང་འགལ་བར་མི་གསུང་གི་རྒྱུ་དང་བཅས་རྐྱེན་དང་བཅས་པར་གསུང་སྟེ། རྒྱལ་པོའི་ཁབ་ན་ཁྱིམ་བདག་ཀོ་ཏ་ཀའི་བུ་མོ་རབ་བཟང་ཕའི་ཁྱིམ་དུ་སོང་ནས་རབ་ཏུ་འབྱུང་བའི་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པའི་ཐད་དུ་སོང་ནས་བུད་མེད་དུ་གྱུར་པ་ནི་གཞན་གྱི་དབང་དུ་གྱུར་པ་ཡིན་ལ། སྐྱེས་པར་གྱུར་པ་ནི་རང་དབང་ཅན་ཡིན་ནོ་སྙམ་དུ་བསམས་ནས། དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་སོང་སྟེ། དེའི་རྟོག་པ་ཐུགས་སུ་ཆུད་ནས་བཅོམ་ལྡན་འདས་ཀྱིས་གཞན་གྱི་དབང་གྱུར་ཐམས་ཅད་སྡུག ། ཅེས་ཚིགས་སུ་བཅད་པ་དེ་སྐད་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མིའི་ཁྱུ་མཆོག་འཇམ་དཔལ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དགོངས་པའི་ཚིག་འདི་ང་ལ་ཞུས་པ་ལེགས་སོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཐམས་ཅད་ཟས་ལ་རྟེན་པ་ཡིན། །སེར་སྣ་མེད་པ་ཐམས་ཅད་གཡོ། །ཟས་ཀྱི་ཉེས་པས་ནད་དུ་འགྱུར། །ཚངས་པར་སྤྱོད་དང་འགྲོགས་ན་བདེ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཙུན་དའི་སྦྱིན་པ་ཆེར་གསོལ་ནས་ཞལ་ཟས་ཀྱི་ཉེས་པས་བསྙེངས་ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་ཐམས་ཅད་ཀྱང་ཟས་ལ་རྟེན་པ་མ་ཡིན་ནོ། །སེར་སྣ་མེད་པ་ཐམས་ཅད་ཀྱང་གཡོ་བ་མ་ཡིན་ནོ། །ཐམས་ཅད་ལ་ཡང་ཟས་ཀྱི་ཉེས་པས་ནད་དུ་འགྱུར་བ་མ་ཡིན་ནོ། །ཆོས་སྤྱོད་པ་རྣམས་དང་འགྲོགས་སོ་ཅོག་ཀྱང་བདེ་བ་མ་ཡིན་ནོ། །འཇམ་དཔལ་གང་གི་ཚེ་ཁྱོད་ནད་ཀྱིས་ཐེབས་པ་དེའི་ཚེ་ང་ཡང་ནད་ཀྱིས་ཐེབས་སོ། །དགྲ་བཅོམ་དང་ནི་རང་སངས་རྒྱས། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །དེ་དག་རྟག་ཏུ་ཟས་མེད་དེ། །དེ་ནི་སངས་རྒྱས་ཆོས་ཉིད་དོ། །དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ནི་ཞལ་ཟས་ཀྱང་མི་གསོལ་ལ་སྦྱིན་པ་འབུམ་ཕྲག་མང་པོ་ཡང་བཞེས་པར་མཛད་དོ། །སྦྱིན་པ་བླང་བར་བྱ་བའི་གདམས་ངག་ཀྱང་སྟོན་པར་མཛད་དོ། །སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་རྒྱ་མཚོ་ལས་ངེས་པར་བསྒྲལ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྔགས་པར་ཡང་མཛད་ལ་གསོལ་བར་ཡང་མི་མཛད་དོ། །དེ་བཞིན་གཤེགས་པ་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པས་ཉམ་ཆུང་བར་གྱུར་ཏོ། །ཞེས་སངས་རྒྱས་ལ་སེམས་ཅན་ཐམས་ཅད་དང་འདྲ་བར་བལྟ་བར་མི་བྱའོ། །འདོད་པའི་ཆུ་བོ་ལས་རྒལ་བ་དེ་དག་ནི་བརྟན་པོ་ཡིན་ཏེ་དཔའ་བོ་དེ་དག་ནི་མིའི་ཡུལ་ལ་སྤྱོད་པ་མ་ཡིན་ནོ། །དེ་བཞིན་དུ་ངའི་ཉན་ཐོས་རྣམས་ཀྱི་སྟོབས་དང་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ཐམས་ཅད་ཟས་ལ་རྟེན། །ཅེས་བྱ་བ་ཡང་ལྷག་མ་ཡོད་པའི་དོན་ཡིན་པར་ཤེས་པར་བྱའོ། །སེར་སྣ་མེད་པ་ཐམས་ཅད་གཡོ་བ་ཡིན་ཞེས་བྱ་བ་
དེ་ཡང་ལྷག་མ་ཡོད་པའི་དོན་ཡིན་ཏེ་བདག་ལ་སེར་སྣ་བྱེད་པ་མི་གཡོ་བའི་བདེ་བར་འགྲོ་བ་དམ་པ་འགའ་ཡང་ཡོད་དོ། །ཐམས་ཅད་ཟས་ཀྱི་ཉེས་པས་ནད་དུ་འགྱུར་ཞེས་བྱ་བ་དེ་ཡང་ལྷག་མ་ཡོད་པའི་དོན་ཡིན་ཏེ་ཚེར་མས་ཟུག་པ་ལ་སོགས་པའི་ནད་གློ་བུར་དག་ཀྱང་ཡོད་དོ། །ཆོས་སྤྱོད་པ་རྣམས་དང་འགྲོགས་པ་ཐམས་ཅད་བདེ་ཞེས་བྱ་བ་དེ་ཡང་ལྷག་མ་ཡོད་པའི་དོན་ཡིན་ཏེ། འཇིག་རྟེན་པ་རྣམས་ལ་ཡང་ཆོས་འཛིན་པ་རྣམས་དང་འཚམ་པའི་ཆོས་རྣམ་པ་མང་པོ་དག་ཡོད་དེ་དེ་དག་ལ་ཡང་བྱ་བ་སྣ་ཚོགས་ཡོད་མོད་ཀྱི་སྨྱུང་བ་རྣམ་པ་སྣ་ཚོགས་ཅན་ལུས་ཉོན་མོངས་པ་དེ་དག་དང་གལ་ཏེ་ལ་ལ་ཞིག་འགྲོགས་པར་གྱུར་ན་ཅི་བདེ་བ་ལ་སྟེན་པར་འགྱུར་རམ། དེ་ལྟ་ན་ནི་དོན་དང་འགལ་བར་འགྱུར་རོ། །དེ་བས་ན་སངས་རྒྱས་ནི་རྒྱུ་མེད་པར་དོན་དང་འགལ་བ་སྟོན་པར་མི་མཛད་དེ་གདུལ་བར་བྱ་བའི་དབང་གིས་རྒྱུ་དང་བཅས་རྐྱེན་དང་བཅས་པར་སྟོན་པར་ཤེས་པར་གྱིས་ཤིག ། འཇིག་རྟེན་ལས་འདས་པའི་ཆོས་ནི་མཆོག་ཏུ་བདེ་བ་ཡིན་ནོ། །ཚིགས་སུ་བཅད་པ་འདི་ནི་གྲོང་ཁྱེར་གྱེན་དུ་རྒྱལ་ཞེས་བྱ་བའི་བྲམ་ཟེ་ལུག་དཔལ་ཞེས་བྱ་བ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། བྲམ་ཟེ་ལུག་དཔལ་ཞག་བཞི་པའི་སྨྱུང་བ་བྱེད་ཅིང་ངའི་ཐད་དུ་འོངས་ནས་ངས་དེའི་ཞག་བཞི་པའི་སྨྱུང་བའི་ལྟ་བ་བསལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཟས་ལ་རྟེན་ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐམས་ཅད་མ་ལུས་པ་ཇི་ལྟ་བུ་ལགས། ཐམས་ཅད་ཅེས་བགྱི་བ་ཡང་ཇི་ལྟ་བུ་ལགས། བཀའ་སྩལ་པ། མ་ལུས་པའི་དོན་ནི་དགེ་བའི་ཕྱོགས་ཐམས་ཅད་རྟག་པའོ་བདེ་བའོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་ཁ་ཅིག་ནི་ལྷག་མ་ཡོད་པའོ། །ཁ་ཅིག་ནི་ལྷག་མ་མེད་པ་ཡིན་པར་ཆོས་འདོད་པའི་རིགས་ཀྱི་བུས་རིགས་པར་བྱའོ། །གསོལ་པ། ཀྱེ་མ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པ་ལགས་ཏེ་བདག་ཤིན་ཏུ་རངས་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དེ་ལྟར་ཆ་ཕྲ་བར་བརྟག་
དགོས་སོ། །གསོལ་པ། བཅོམ་ལྡན་འདས་ད་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་བསོད་ནམས་ཇི་ལྟར་སྐྱེ་བ་བཀའ་སྩལ་དུ་གསོལ། བཀའ་སྩལ་པ། སངས་རྒྱས་ཀྱི་ཡུལ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མདོ་སྡེ་འདིའི་མིང་ཡང་ཚིག་ཙམ་དུ་ཡང་ཉན་པ་རྣམས་ལ་བརྗོད་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱིས་ཚིག་འཐུན་པར་ཚིགས་སུ་བཅད་དེ་གསོལ་པ། སངས་རྒྱས་བསམ་ཡས་བསམ་ཡས་ཆོས་གསུང་བ། །ཆོས་དང་དགེ་འདུན་རྟག་ཏུ་ཁྱོད་ལ་རྟེན། །དེ་ཕྱིར་དགེ་སློང་འོད་སྲུང་ཀུན་དགའ་བོ། །མ་མཆིས་བར་དུ་མགོན་པོ་བཞུགས་པར་གསོལ། །བི་དེ་ཧ་ཡི་རྒྱལ་པོ་མ་སྐྱེས་དགྲ། །ཁྱོད་ཀྱི་མཛའ་མཆོག་ཐུགས་འདྲ་ཆེ་བ་ཡང་། །ད་དུང་མ་མཆིས་མཐར་ཐུག་ཁྱོད་མ་གཤེགས། །ཀུན་མཁྱེན་ཁྱོད་ཀྱིས་བདག་ཅག་ཐེ་ཚོམ་ཆོད། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡི་སྲས་མཆོག་ཐུ་བོ་འོད་སྲུང་དང་། །བློ་ལྡན་ཀུན་དགའ་ཁྱོད་ཀྱི་ཐེ་ཙོམ་གཅོད། །ཁྱོད་ཀྱིས་ང་ཡི་ཞལ་ལྟོས་རྟག་པ་དང་། །མི་རྟག་ཤེས་བྱོས་མྱ་ངན་མ་བྱེད་ཅིག ། དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པ་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་དེར་སེམས་ཅན་གང་གཱའི་ཀླུང་གཏམས་ཕྲག་དཀྲིགས་སྙེད་ཀྱི་བྱེ་མའི་གྲངས་སྙེད་ཀྱིས་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ས་དང་པོའི་གནས་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྲམ་ཟེ་ཆེ་ཞིང་མཐོ་བ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལ་བཀའ་སྩལ་ཏེ། མགར་བའི་བུ་ཙུན་ད་བྱང་ཆུབ་ཏུ་དབང་བསྐུར་ནས་བྱང་ཆུབ་སེམས་དཔའ་དེ་གསུམ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་བག་ཡོད་པར་གྱིས་ཤིག ། བག་ཡོད་པར་གྱིས་ཤིག ། ང་རྐེད་པའི་ནད་དྲག་པོས་བཏབ་སྟེ། གཞོན་ནུ་དག་ང་རེ་ཞིག་ཐབས་ཀྱི་ནང་ཕོ་བྲང་དུ་ཉལ་བར་འདོད་ཀྱིས་ཉལ་དུ་ཆུག་ཤིག་འཇམ་དཔལ་ཁྱོད་ཀྱིས་འཁོར་ཐམས་ཅད་ལ་ཆོས་སྟོན་ཅིག་སེང་གེའི་སྒྲ་སྒྲོགས་ཤིག ། གནས་བརྟན་འོད་སྲུང་ཆེན་པོ་དང་། ཀུན་དགའ་བོ་གཉིས་མ་འོངས་པའི་བར་དུ་
ངས་ཁྱོད་ལ་བསྟན་པ་འདི་གཏད་ཀྱིས་ནམ་འོངས་པ་ན་དེ་གཉིས་ལ་གཏོད་ཅིག་ཅེས་དེ་སྐད་བཀའ་སྩལ་ནས། བཅོམ་ལྡན་འདས་གདུལ་བར་བྱ་བའི་དབང་གིས་ནད་པའི་ཚུལ་དུ་བཞུགས་པར་བསྟན་ཏེ་གཟིམས་ཁང་ལོགས་སུ་ཟུར་གྱིས་གཟིམས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་དམ་པའི་ཆོས་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རྒྱུད་ཕྱི་མ་ལྟ་བུ་རྟོགས་པར་དཀའ་བའི་ཆོས་ཀྱི་འབྱུང་གནས་གཅིག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་ལ། ལེའུ་ཉི་ཁྲི་ལྔ་སྟོང་ཡོད་པ་ལས་ལྷ་དང་། མི་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། རིག་སྔགས་འཆང་དང་། སྲིན་པོ་ལ་སོགས་པ་འདུས་པས་ཞུས་པ་ཞེས་བྱ་བའི་ལེའུ་རྫོགས་སོ།། །།ཤོ་ལོ་ཀ་སུམ་སྟོང་དགུ་བརྒྱ་མཆིས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཛྙཱ་ན་གརྦྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་དེ་བ་ཙན་དྲས་བསྒྱུར་ཏེ་གཏན་ལ་ཕབ་པ།། །།