ལྔ་པ། དབྱངས་བྱིན་གྱི་ལེའུ།
དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མགོ་དང་གོས་ལ་མེ་ འབར་བ ་ལྟ་བུའི་སེམས་ཀྱིས་ཕ་དང་མ་དང་
བུ་དང་བུ་མོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་དང་གཉེན་དང་རྩ་ལག་དང་ཆུང་མ་ལ་སོགས་པ་མེ་བཞིན་དུ་སྤངས་ལ་རྒྱལ་སྲིད་ཀྱི་བདེ་བ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ། དགོན་པ་ལ་མངོན་དུ་ཕྱོགས་ཤིང་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་དགོན་པ་ལ་མངོན་དུ་ཕྱོགས་ཤིང་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ན་ཏིང་ངེ་འཛིན་འདི་ལྟ་ཅི་སྨོས་ཏེ། གཞོན་ནུ་དེ་ལྟ་བས་ན་བུ་དང་མཛའ་བོ་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་དང་གཉེན་དང་རྩ་ལག་དང་ཆུང་མ་ལ་སོགས་པ་མེ་བཞིན་དུ་སྤངས་ལ་རྒྱལ་སྲིད་ཀྱི་བདེ་བ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ། དགོན་པ་ལ་མངོན་དུ་ཕྱོགས་ཤིང་། ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་རྟག་ཏུ་བསླབ་པར་བྱའོ། །གཞོན་ནུ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། རྒྱ་ཆེ་བ། དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །གཞོན་ནུ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེའི་ཉན་ཐོས་འདུས་པ་དང་པོ་ནི་ཐམས་ཅད་ཀྱང་དགྲ་བཅོམ་པ་ཤ་སྟག་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ་། །ཉན་ཐོས་འདུས་པ་གཉིས་པ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་བདུན་ཅུ་བྱུང་ངོ་། །འདུས་པ་གསུམ་པ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཅུ་བྱུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་ཆོས་ཡོངས་སུ་འཛིན་
པ་ཡང་དཔག་ཏུ་མེད་པ་དག་བྱུང་ངོ་། །གཞོན་ནུ་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེའི་ཚེའི་ཚད་ནི་ལོ་བཞི་ཁྲིར་གྱུར་ཏོ། །འཛམ་བུའི་གླིང་འདི་ཡང་འབྱོར་པ་རྒྱས་པ་བདེ་བ། ལོ་ལེགས་པ། ཉམས་དགའ་བ། སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ཏོ། །འཛམ་བུའི་གླིང་འདི་ན་རྒྱལ་པོ་སྟོབས་བརྟན་དང་། སྟོབས་ཆེན་ཞེས་བྱ་བ་གཉིས་ཡོད་དེ། དེ་ལ་གཅིག་ནི་འཛམ་བུའི་གླིང་འབྱོར་པ། རྒྱས་པ་བདེ་བ་ལོ་ལེགས་པ། ཉམས་དགའ་བ། སྐྱེ་བོ་དང་མི་མང་པོས་གང་བའི་ཕྱེད་ལ་དབང་ངོ་། །ཅིག་ཤོས་ཀྱང་དེའི་ཕྱེད་ལ་དབང་ངོ་། །གཞོན་ནུ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེ་རྒྱལ་པོ་སྟོབས་ཆེན་གྱི་རྣམ་པར་རྒྱལ་བའི་སར་བྱུང་སྟེ། གཞོན་ནུ་དེ་ལྟར་རྒྱལ་པོ་སྟོབས་ཆེན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ན་བཟའ་དང་བསོད་སྙོམས་དང་། སྙུན་གསོས་ཀྱི་སྨན་དང་ཡོ་བྱད་བརྟགས་པ་ཀུན་དུ་སྤྱད་པར་རུང་བ། ཁ་ན་མ་ཐོ་བ་མེད་པ་ལ་ལོ་བརྒྱ་སྟོང་ཚང་བར་སྤྱན་དྲངས་སོ། །གཞོན་ནུ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྙེད་པ་དང་བཀུར་སྟི་དང་གྲགས་པ་ཆེ་བར་གྱུར་ཏོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་རྙེད་པ་དང་བཀུར་སྟི་ཆེར་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་ལ་བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས་ཀྱང་འདི་ལྟ་སྟེ། རྒྱལ་པོ་སྟོབས་ཆེན་གྱི་རྗེས་
སུ་སློབ་ཅིང་འཇིག་རྟེན་གྱི་ཟང་ཟིང་གི་མཆོད་པས་རྙེད་པ་དང་བཀུར་སྟི་བྱ་བའི་ཕྱིར་བརྩོན་པར་གྱུར་ཏོ། །གཞོན་ནུ་དེ་ལྟ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་འདི་སྙམ་དུ་གྱུར་ཏེ། ཀྱེ་མའོ་སེམས་ཅན་འདི་དག་ནི་ཚུལ་ཁྲིམས་དང་གསོ་སྦྱོང་ཡང་དག་པར་བླང་བ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་བ་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། སེམས་ཅན་འདི་དག་ནི་དེའི་འོག་ཏུ་བདེ་བ་ལ་ལྷུར་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་འོག་ཏུ་བདེ་བ་ནི་འདི་ལྟ་སྟེ། འཇིག་རྟེན་གྱི་ཟང་ཟིང་གི་མཆོད་པ་ནི་འདི་ཡིན་ཏེ། སེམས་ཅན་འདི་དག་ནི་འདི་ལྟ་སྟེ། མཐོ་རིས་ཀྱི་འཇིག་རྟེན་ལ་དམིགས་ཤིང་ཚེ་འདི་ལྷུར་བྱེད་པ། ཚེ་ཕྱི་མ་ལྷུར་མི་བྱེད་པ་སྟེ། དགེ་བའི་རྩ་བ་ཤིན་ཏུ་མཐར་གཏུགས་པའི་ཕྱིར་ནི་མ་ཡིན་ནོ། །གཞོན་ནུ་དེ་ལ་དགེ་བའི་རྩ་བ་ཤིན་ཏུ་མཐར་གཏུགས་པ་གང་ཞེ་ན། འདི་ལྟ་སྟེ། ཤིན་ཏུ་རྣམ་པར་དག་པ་དང་ཚངས་པར་སྤྱོད་པ་ལ་ཤིན་ཏུ་གནས་པ་དང་ཤིན་ཏུ་མཐར་ཕྱིན་པ་དང་ཤིན་ཏུ་མཐར་གཏུགས་པའོ། །ངས་སེམས་ཅན་དེ་དག་ལ་ཅི་ནས་ཀྱང་བླ་ན་མེད་པའི་ཆོས་ཀྱི་མཆོད་པ་དང་ཆོས་ཀྱི་ནན་ཏན་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བཤད་པར་བྱའོ་སྙམ་མོ། །གཞོན་ནུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་གྱིས་དེའི་ཚེ་རྒྱལ་པོ་སྟོབས་ཆེན་དང་བྲམ་ཟེ་དང་ཁྱིམ་བདག་དེ་དག་སྐྱོ་བར་བྱ་བར་དགོངས་པས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྦྱིན་པ་རབ་བྱིན་གཅིག་ལ་གཅིག་བསྟེན་པ། །དེ་དག་ཕན་ཚུན་རི་མོར་བྱེད་མི་འགྱུར། །མཁས་པ་བག་ཆགས་རབ་ཏུ་སྤངས་པ་ཡི། །སངས་རྒྱས་དག་གིས་བསྟེན་པ་དེ་མི་བསྔགས། །གང་དག་སྲོགས་ཆགས་ཕན་ཕྱིར་ཆོས་སྟོན་པ། །དེ་འདྲའི་མི་དེས་ཤིན་ཏུ་བསྟེན་པ་ཡིན། །དེ་དག་གཅིག་ལ་གཅིག་ཀྱང་མི་ཕྱེད་མཛའ། །བྱེ་བ་སྙེད་ཀྱི་བདུད་ཀྱིས་
དབྱེ་མི་ནུས། །འཇིག་རྟེན་ཟང་ཟིང་དག་གིས་སྟེན་པའི་མི། །དེ་དག་ཚེ་འདིའི་དོན་དུ་ཀུན་འགྱུར་གྱི། །ཟང་ཟིང་མེད་པའི་ཆོས་ལ་བསྟེན་པ་ནི། །མི་དག་གི་ཡང་རབ་ཏུ་དོན་ཆེར་འགྱུར། །ཟང་ཟིང་མེད་པའི་སེམས་ནི་ཉེར་བཞག་སྟེ། །ཟང་ཟིང་མེད་པའི་ཆོས་རྣམས་རབ་བཤད་ལ། །གང་དག་ཟང་ཟིང་མེད་པའི་དགའ་ལྡན་པ། །དེ་འདྲ་དེ་དག་མྱུར་དུ་སངས་རྒྱས་འགྱུར། །འདོད་པ་དག་ལ་རབ་ཏུ་སྟེན་བྱེད་ཅིང་། །བུ་དང་ཆུང་མ་ལ་ཡང་སྲིད་བསྐྱེད་ནས། །ཁྱིམ་གནས་སྨད་པ་ཉིད་ལ་སྟེན་བྱེད་ན། །བླ་མེད་བྱང་ཆུབ་མཆོག་དེས་ཡོང་མི་འཐོབ། ། སུ་དག་མེ་མུར་བཞིན་དུ་འདོད་སྤོང་ཞིང་། །བུ་དང་ཆུང་མ་ལ་ཡང་སྲིད་སྤངས་ནས། །སྐྲག་ཅིང་དངངས་པས་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་གྱི་དབུས་ན་འདུག་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ནི། །དེ་འདྲའི་སངས་རྒྱས་གང་ཡང་སྔོན་མ་བྱུང་། །མ་བྱོན་པ་དང་ད་ལྟར་བཞུགས་པའང་མེད། །རྒྱལ་སྲིད་མཆིལ་མ་བཞིན་དུ་རབ་སྤངས་ལ། །དབེན་པ་འདོད་པས་དགོན་པར་གནས་པར་གྱིས། །ཉོན་མོངས་རབ་སྤངས་བདུད་ཀྱང་རྣམ་བཅོམ་ན། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་པ་རྟོགས། །སངས་རྒྱས་དཔའ་བོ་གང་གཱའི་བྱེ་མ་སྙེད། །བསྐལ་པ་བྱེ་མང་རིམ་གྲོ་སུས་བྱས་པས། །གང་ཞིག་ཡོངས་སུ་སྐྱོ་བའི་ཡིད་ཀྱིས་ནི། །ཁྱིམ་ནས་མངོན་པར་བྱུང་ན་འདི་མཆོག་འགྱུར། །ཇི་ལྟར་རབ་ཏུ་བྱུང་ནས་ཆོས་སྤྱོད་པ། །དེ་ལྟར་ཟས་དང་སྐོམ་དང་ཆོས་གོས་དང་། །མེ་ཏོག་དང་ནི་སྤོས་དང་བྱུག་པ་ཡིས། །མི་མཆོག་རྒྱལ་བ་རིམ་གྲོ་བྱས་མ་ཡིན། །སུ་དག་བྱང་ཆུབ་ཏུ་ཡང་འདོད་མོས་ཤིང་། །སེམས་ཅན་དོན་ཕྱིར་འདུས་བྱས་ཡོངས་སྐྱོ་ནས། །དགོན་པར་བལྟས་ཏེ་གོམ་པ་བདུན་བོར་ན། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། །དེ་ནས་གཞོན་ནུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་གྱིས་ཁྱིམ་ནས་མངོན་པར་འབྱུང་བ་དང་ལྡན་པའི་གཏམ་བརྗོད་པ་དེ་ལྟ་བུ་རྒྱལ་པོ་སྟོབས་ཆེན་གྱིས་ཐོས་སོ། །ཐོས་ནས་ཀྱང་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་ཤེས་པ་ལྟར་ན་བཅོམ་ལྡན་འདས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་མི་
བརྗོད་ཀྱི་བཅོམ་ལྡན་འདས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མཐར་གཏུགས་པའི་བསྔགས་པ་བརྗོད་དེ། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་དག་པ་དང་ཚངས་པར་སྤྱོད་པ་ལ་ཤིན་ཏུ་གནས་པ་དང་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་བསྔགས་སོ་ཞེས་བསམས་ནས་དེ་འདི་སྙམ་དུ་ཁྱིམ་ན་གནས་པས་བླ་ན་མེད་པའི་ཆོས་ཀྱི་ནན་ཏན་སྒྲུབ་པའམ། དོན་རྗེས་སུ་ཐོབ་པར་འགྱུར་བ་འདི་ནི་སླ་བ་མ་ཡིན་ཏེ། བླ་ན་མེད་པའི་ཆོས་ཀྱི་ནན་ཏན་ལས་བདག་ཡོངས་སུ་ཉམས་པར་འགྱུར་གྱིས། བདག་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་སྙམ་མོ། །གཞོན་ནུ་དེ་ནས་རྒྱལ་པོ་སྟོབས་ཆེན་བྲམ་ཟེ་དང་ཁྱིམ་བདག་བརྒྱད་ཁྲིས་བསྐོར་ཅིང་མདུན་དུ་བདར་ཏེ། དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་གཞོན་ནུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་རྒྱལ་པོ་སྟོབས་ཆེན་གྱི་ལྷག་པའི་བསམ་པ་མཁྱེན་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་བཤད་དོ། །དེ་ནས་གཞོན་ནུ་རྒྱལ་པོ་སྟོབས་ཆེན་ཏིང་ངེ་འཛིན་འདི་ཐོས་ནས་དགའ་བ་དང་མགུ་བ་དང་རངས་པ་དང་རབ་ཏུ་མོས་པ་དང་ཡིད་བདེ་བ་སྐྱེས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ཏོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་འདི་བཟུང་སྟེ་བཟུང་ཞིང་ཀུན་ཆུབ་པར་བྱས། བཅངས་ཤིང་བཀླགས་ནས་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་པར་གྱུར་ཏོ། །དེ་དགེ་བའི་རྩ་བ་དེ་ཉིད་ཀྱིས་བསྐལ་པ་བྱེ་བ་ཕྲག་བཅུའི་བར་དུ་ནམ་ཡང་ངན་འགྲོ་ལོག་པར་ལྟུང་བར་མ་སོང་སྟེ། སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་ལ་བསྙེན་བཀུར་བྱས་ཤིང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཀྱང་ཏིང་ངེ་འཛིན་འདི་ཐོས་སོ། །སངས་རྒྱས་དེ་དག་ལས་ཐོས་ནས་དེས་བཟུང་སྟེ། ཀུན་ཆུབ་པར་བྱས། བཅངས་
ཤིང་བཀླགས་ནས་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་སོ། །དེ་དེའི་འོག་ཏུ་དགེ་བའི་རྩ་བ་དེ་ཉིད་ཀྱིས་བསྐལ་པ་བྱེ་བ་ཕྲག་བཅུ་འདས་པ་དང་། བསྐལ་པ་འབུམ་ཚང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་དཔའ་བ་ཞེས་བྱ་བར་གྱུར་ནས་དེས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཏེ། ཕྱིས་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །གཞོན་ནུ་དེ་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྒྱལ་པོ་སྟོབས་ཆེན་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབྱངས་བྱིན་གྱི་དྲུང་དུ་འོངས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ཐོས་ནས་དགའ་མགུ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ལྟར་དེ་དག་ཀྱང་རབ་ཏུ་བྱུང་ནས་ཏིང་ངེ་འཛིན་འདི་བཟུང་སྟེ། ཀུན་ཆུབ་པར་བྱས། བཅངས་ཤིང་བཀླགས་ནས་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་སོ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་དེ་དག་བསྐལ་པ་བྱེ་བ་ཕྲག་ཉི་ཤུའི་བར་དུ་ནམ་ཡང་ངན་འགྲོ་ལོག་པར་ལྟུང་བར་མ་སོང་སྟེ། བསྐལ་པ་ཐམས་ཅད་ལ་ཡང་སངས་རྒྱས་བྱེ་བ་རྣམས་མཉེས་པར་བྱས་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལས་ཏིང་ངེ་འཛིན་འདི་ཐོས་ནས་ཏིང་ངེ་འཛིན་འདི་བཟུང་སྟེ། ཀུན་ཆུབ་པར་བྱས་བཅངས་ཤིང་བཀླགས་ནས་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་ཏེ། སྔོན་གྱི་དགེ་བའི་རྩ་བ་དེ་ཉིད་ཀྱིས་བསྐལ་པ་བྱེ་བ་ཕྲག་ཉི་ཤུ་འདས་པ་དང་། དེའི་འོག་ཏུ་བསྐལ་པ་འབུམ་ཚང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་དཔའ་བརྟན་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་བྱུང་སྟེ། དེ་དག་གིས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱས་ཤིང་། དེ་དག་གི་དོན་བྱས་ནས་དེའི་འོག་ཏུ་སངས་རྒྱས་ཀྱི་མྱ་
ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །གཞོན་ནུ་དེ་ལྟ་བས་ན་རྣམ་གྲངས་འདི་ཉིད་ཀྱིས་འདི་ལྟར་ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གཅེས་སྤྲས་བྱེད་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་སྡུད་པ་ཡིན་པར་རིག་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་ལེའུ་འདི་ཉིད་རྒྱས་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །ངས་དྲན་བསམ་གྱིས་མི་ཁྱབ་བསྐལ་པ་ན། །འདས་པའི་དུས་ན་མི་ཡི་གཙོ་བོ་ནི། །དྲང་སྲོང་ཆེན་པོ་འཇིག་རྟེན་དོན་མཛད་བྱུང་། །དེ་ཡི་མཚན་ནི་དབྱངས་ཀྱི་བྱིན་ཞེས་བྱ། །བྱེ་བྲག་བརྒྱད་ཅུར་ཡོངས་སུ་ཚང་བ་ཡི། །དེ་ཡི་ཉན་ཐོས་འཁོར་མང་དང་པོ་བྱུང་། །གཉིས་པ་བྱེ་བ་བདུན་ཅུར་ཚང་བ་བྱུང་། །གསུམ་པ་དགྲ་བཅོམ་བྱེ་བ་དྲུག་ཅུ་ཡོད། །ཀུན་ཀྱང་ཟག་པ་ཟད་ཅིང་ཉོན་མོངས་མེད། །ཐམས་ཅད་རྫུ་འཕྲུལ་སྟོབས་ཀྱིས་ཕ་རོལ་ཕྱིན། །ཚེ་ཚད་ལོ་ནི་སྟོང་ཕྲག་བཞི་བཅུ་སྟེ། །ཞིང་ཡང་ཡོངས་སུ་དག་ཅིང་མཛེས་པར་གྱུར། །སྐྱོབ་པ་དེ་ཡི་བྱང་ཆུབ་སེམས་དཔའ་གང་བྱུང་བ། །དཔག་མེད་དེ་དག་གཞན་ཕན་དབང་བསྐུར་ཐོབ། །དབང་དང་ས་ལ་རབ་ཏུ་གནས་པ་སྟེ། །ཤིང་མཆོག་དྲུང་དུ་བྱང་ཆུབ་འཚང་རྒྱར་ཉེ། །འཛམ་བུའི་གླིང་འདིར་རྒྱལ་པོ་བྱུང་བ་ནི། །སྟོབས་བརྟན་དང་ནི་སྟོབས་ཆེན་ཞེས་བྱ་བ། །གཅིག་ནི་དེ་ཡི་ཕྱེད་དབང་རྒྱལ་པོ་བྱེད། །ཅིག་ཤོས་ཕྱེད་ལ་དབང་བའི་རྒྱལ་པོར་གྱུར། །རྒྱལ་པོ་སྟོབས་ཆེན་རྣམ་པར་རྒྱལ་བའི་སར། །ལྷ་དང་མིས་མཆོད་སངས་རྒྱས་བྱུང་བར་གྱུར། །བདེ་བར་གཤེགས་ལ་རྒྱལ་པོ་དད་རྙེད་ནས། །ལོ་གྲངས་སྟོང་དུ་ཚང་བར་བསྙེན་བཀུར་བྱས། །སེམས་ཅན་གཞན་མང་དེ་ཡི་རྗེས་སློབ་པས། །དེ་བཞིན་གཤེགས་པ་ལ་ཡང་བཀུར་སྟི་བྱེད། །འཇིག་རྟེན་ཟང་ཟིང་གིས་ཏེ་ཆོས་ཀྱིས་མིན། །ཉན་ཐོས་བཅས་པ་རྙེད་པ་མང་བར་གྱུར། །སྐྱེས་བུ་དམ་པའི་སེམས་ནི་འདི་སྙམ་སྟེ། །ཅི་ནས་འདི་ཀུན་འདོད་པ་རབ་སྤངས་ནས། །ང་ཡི་བསྟན་པ་འདི་ལ་རབ་འབྱུང་བར། །ཆོས་འདོད་འདི་དག་ལ་ནི་ཆོས་བསྟན་སྙམ། །བདེ་བར་གཤེགས་པའི་སྦྱངས་ཆོས་བསླབ་པ་དང་། །ཁྱིམ་གནས་ཉེས་པ་སྡུག་
བསྔལ་མཐའ་ཡས་དང་། །ཆོས་ལ་སྒྲུབ་པ་ཆོས་ཀྱི་མཆོད་ཡིན་ཞེས། །མི་མཆོག་དེས་ནི་ཚིགས་སུ་བཅད་པ་གསུངས། །ས་བདག་རྒྱལ་པོས་ཚིགས་བཅད་དེ་ཐོས་ནས། །མི་དབང་གཅིག་པུ་དབེན་སོང་བསམས་པ་ནི། །ཁྱིམ་ན་གནས་བཞིན་དུ་ཡང་ཐམས་ཅད་ཀྱིས། །ཆོས་ཀྱི་མཆོད་མཆོག་བྱ་བར་མི་ནུས་སྙམ། །མཆིལ་མ་བཞིན་དུ་རྒྱལ་སྲིད་དེས་བཏང་སྟེ། །སྲོག་ཆགས་སྟོང་ཕྲག་བརྒྱད་ཅུར་བཅས་པ་དག །རྒྱལ་བ་དེ་ཡི་དྲུང་དུ་ཉེར་འོངས་ཏེ། །ཞབས་ལ་ཕྱག་འཚལ་ནས་ནི་སྤྱན་སྔར་འདུག །རྒྱལ་བས་དེ་དག་གི་ཡང་བསམ་མཁྱེན་ནས། །ཏིང་འཛིན་ཞི་བ་བལྟ་དཀའ་འདི་བཤད་དེ། །དེ་དག་དགའ་ཞིང་རབ་མོས་བདེ་བས་ཚིམ། །མགུ་ཞིང་རངས་པས་དེ་ཚེ་རབ་ཏུ་བྱུང་། །དེ་དག་རབ་བྱུང་ཏིང་འཛིན་འདི་བཟུང་སྟེ། །བཅངས་ཤིང་བཀླགས་ཏེ་ཡོངས་སུ་ཆུབ་བྱས་ནས། །བསྐལ་པ་བྱེ་བ་ཉི་ཤུ་ཚང་བར་ནི། །ནམ་ཡང་ངན་འགྲོ་ལོག་ལྟུང་སོང་མ་གྱུར། །དེ་དག་ཐམས་ཅད་དགེ་བའི་རྩ་བ་དེས། །སངས་རྒྱས་བྱེ་བ་ཕྲག་སྟོང་ལེགས་པར་མཐོང་། །རྒྱལ་བ་དེ་དག་ཀུན་གྱི་བསྟན་པ་ལ། །དེ་དག་རབ་བྱུང་ཏིང་འཛིན་འདི་ལ་བསྒོམ། །དེ་དག་ཕྱི་མའི་དུས་ལ་སངས་རྒྱས་གྱུར། །མཐའ་ཡས་བརྩོན་པ་མིང་ནི་དཔའ་བརྟན་ཡིན། །སྲོག་ཆགས་བྱེ་བ་མང་པོའི་དོན་བྱས་ཏེ། །ཕྱི་མའི་དུས་ལ་མེ་བཞིན་མྱ་ངན་འདས། །སྔོན་ཚེ་རྒྱལ་པོ་སྟོབས་ཆེན་བྱུང་བ་ནི། ། སངས་རྒྱས་ཡེ་ཤེས་དཔའ་བ་འཇིག་རྟེན་བྱུང་། །དེ་ཚེ་སྲོག་ཆགས་བྱེ་སྟོང་མང་པོ་རྣམས། །བྱང་ཆུབ་བཀོད་ནས་ཕྱི་དུས་མྱ་ངན་འདས། །དེ་ཕྱིར་སངས་རྒྱས་དག་གིས་བརྗོད་པ་ཡི། །མདོ་འདི་ཕྱི་དུས་ཐོས་ནས་གཟུང་བར་གྱིས། །འདི་ལྟ་བུ་ཡི་ཆོས་མཛོད་འདི་བཟུང་ན། །མི་ཡི་གཙོ་བོར་མྱུར་དུ་འགྲུབ་པར་འགྱུར། །དབྱངས་བྱིན་གྱི་ལེའུ་སྟེ་ལྔ་པའོ།། །།