དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ཞེས་བྱ་བ།
རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀཱ་བྷྱ་ད་ཡ་ནཱ་མ། བོད་སྐད་དུ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །མཆོག་ཏུ་རྨད་བྱུང་གསེང་བ་ནི། །གང་ཞིག་མིས་ནི་ཡང་དག་རིག །སྒྲུབ་པོ་དངོས་གྲུབ་ཐོབ་པར་འགྱུར། །ཚེས་གྲངས་མེད་ཅིང་སྐར་མའང་མེད། །སྨྱུང་བ་མེད་པར་བརྗོད་བྱ་སྟེ། །དག་པ་དང་ནི་མི་གཙང་མེད། །མི་སྨྲ་ཆུ་ཡི་བྱ་བ་མེད། །དུས་དང་ཚོད་ལས་རྣམ་པར་གྲོལ། །གཙང་སྦྲའི་སྤྱོད་པ་རྣམ་པར་སྤངས། །དེ་ཡིས་གྲོང་པའི་ཆོས་མི་སྤྱད། །རྩོད་ལྡན་དུས་སུ་དངོས་གྲུབ་འགྱུར། །རྫོགས་ལྡན་ཡོན་ཏན་གཅིག་འགྲུབ་སྟེ། །དེ་བཞིན་གསུམ་ལྡན་ཡོན་ཏན་གཉིས། །གཉིས་ལྡན་ཡོན་ཏན་གསུམ་དུ་གསུངས། །རྩོད་ལྡན་ཡོན་ཏན་བཞི་ཉིད་དེ། །དངོས་གྲུབ་ཉིད་དུ་ཐེ་ཚོམ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་འཇུག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །།དེ་ནས་གཞན་ནི་
རབ་བཤད་བྱ། །རྒྱུད་རྣམས་ཀུན་ཏུ་སྦས་པ་སྟེ། །དཔལ་ལྡན་ཁྲག་འཐུང་རྒྱུད་ཆེན་དུ། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །ས་ཡི་ཆ་མཉམ་ཡིད་འོང་བར། །དྲི་ཡི་ཆུ་ཡིས་ཉེར་བྱུགས་ཏེ། །སྣ་ཚོགས་སྤོས་ནི་ཡིད་འོང་དང་། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །གཙང་ཞིང་དབེན་པའི་ས་ཕྱོགས་སུ། །སྔགས་ཤེས་པས་ནི་བསྲུང་བར་བྱ། །ཕྱོགས་ནི་བཅིང་བར་བྱ་བའོ། །དེ་ལྟར་ཆོ་ག་ཡང་དག་ལྡན། །མཁས་པས་དགོད་བྱ་དགོད་པར་བྱ། །སེམས་ནི་ཤིན་ཏུ་དགའ་བ་ཡིས། །ཀུན་ནས་ཀུན་ཏུ་ཆོ་ག་བསམ། །བུད་མེད་ཕྱག་རྒྱ་གེ་སར་བཅས། །དང་པོའི་ཚེག་དྲག་རྗེས་དབྱངས་དང་། །རིང་དང་ཐུང་བར་རབ་ཏུ་གྲགས། །གྲུ་གསུམ་གཉིས་ནི་ཡང་དག་ལྡན། །དེ་བཞིན་མ་ནིང་བཞི་བོ་དང་། །བུད་མེད་སྐྱེས་བུ་རྣམ་པ་བཞི། །དེ་བཞིན་གཉིས་པ་དང་པོའི་དབྱངས། །རིང་དང་ཐུང་བར་ཤེས་བྱ་སྟེ། །དབྱངས་ཀྱི་ཕྱི་མོ་དགོང་པར་བྱ། །དབྱངས་ཀྱི་སྡེ་ནི་དང་པོར་དགོད། །ལྕེ་རྩའི་དབྱངས་ནི་གཉིས་པར་དགོད། །ཚེག་དྲག་དབྱངས་ནི་གསུམ་པར་རོ། །དབུས་སུ་པད་མ་བཞི་པར་རོ། །ལྔ་པ་ཏ་ཡི་སྡེ་ཚན་ཏེ། །དྲུག་པ་པ་ཡི་སྡེ་ཚན་ཡིན། །ཨན་ཏསྠ་ནི་བདུན་པར་འདོད། །དྲོ་བའི་ཡི་གེ་བརྒྱད་པ་སྟེ། །མཐའ་མ་རུ་ནི་བསྡུས་པ་ཡིན། །དེ་ལྟར་རིག་ཅིང་རྣམ་ཤེས་པས། །སྔགས་ཀྱི་གཙོ་བོ་ཉིད་ནི་བཏུ། །བཀོད་པ་ལས་ནི་སྔགས་བཏུས་པས། །མྱུར་དུ་དངོས་གྲུབ་འབྲས་བུ་འཐོབ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྔགས་དགོད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་གཉིས་པའོ།། །།
དེ་ནས་སྔགས་ཀྱི་ཆོ་ག་བཤད། །འདོད་པའི་དངོས་གྲུབ་བསྒྲུབ་པའོ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་འཐོབ་འགྱུུར་བའོ། །ལྔ་པ་ཡི་ནི་ལྔ་པ་དང་། །དྲུག་པ་ཡི་ནི་ལྔ་པ་ཉིད། །དེ་ཉིད་ཀྱི་ནི་བཞི་པ་དང་། །གཉིས་པ་ཡི་ནི་གསུམ་པ་དང་། །ཨན་ཏསྠ་ཡི་བཞི་པ་ཉིད། །ལྔ་པ་ཡི་ནི་དང་པོ་དང་། །ཨན་ཏསྠ་ཡི་བཞི་པ་ཉིད། །དེ་ཉིད་ཀྱི་ནི་གཉིས་པ་དང་། །ཨུཥྨ་ཎ་ཡི་དང་པོར་བརྗོད། །ཨན་ཏསྠ་ཡི་དང་པོ་ཉིད། །དྲུག་པ་ཡི་ནི་ལྔ་པ་དང་། །ཨུཥྨ་ཎ་ཡི་བཞི་པ་ཉིད། །གཉིས་པ་ཡིན་ནི་དང་པོ་དང་། །ཨན་ཏསྠ་ཡི་གསུམ་པ་ཉིད། །གཉིས་པ་ཡི་ནི་གསུམ་པ་དང་། །ཨུཥྨ་ཎ་ཡི་གསུམ་པ་ཉིད། །ལྔ་པ་ཡི་ནི་ལྔ་པ་དང་། །དྲུག་པ་ཡི་ནི་བཞི་པ་དང་། །ཨན་ཏསྠ་ཡི་དང་པོར་བརྗོད། །གསུམ་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་དང་པོར་བརྗོད། །དྲུག་པ་ཡི་ནི་ལྔ་པ་ཉིད། །དེ་བཞིན་དུ་ནི་བཅུ་བདུན་པ། །ཉི་ཤུ་རྩ་བདུན་པ་ནི་མཆོག །དེ་བཞིན་སུམ་ཅུ་རྩ་གཉིས་པ། །ཉི་ཤུ་རྩ་བདུན་མཆོག་ཉིད་དང་། །ཨན་ཏསྠ་ཡི་དང་པོར་བརྗོད། །ལྔ་པ་ཡི་ནི་གསུམ་པ་དང་། །ཨུཥྨ་ཎ་ཡི་གཉིས་པ་ཉིད། །བཅུ་བདུན་པ་ཡི་མཆོག་ཉིད་དོ། །ཨན་ཏསྠ་ཡི་གཉིས་པ་དང་། །དེ་བཞིན་དུ་ཡང་གསུམ་པའོ། །དེ་ནས་བཅུ་དགུ་པ་ཡི་མཆོག །དྲུག་པ་ཡི་ནི་གཉིས་པ་ཉིད། །ཨུཥྨ་ཎ་ཡི་གཉིས་པ་དང་། །སུམ་ཅུ་རྩ་གཅིག་དེ་ནས་བླང་། །དྲུག་པ་ཡི་ནི་ལྔ་པ་དང་། །ཡང་ན་བཅྭ་བརྒྱད་པ་ཉིད་དང་། །ཨན་ཏསྠ་ཡི་དང་པོར་བརྗོད། །ཨུཥྨ་ཎ་ཡི་གསུམ་པ་དང་། །དེ་ཉིད་ཀྱི་ཡང་བཞི་པ་ཉིད། །དེ་བཞིན་དུ་ཡང་གསུམ་པ་ཉིད། །དྲུག་པ་ཡི་ནི་བཞི་པ་དང་། །གསུམ་པ་ཡི་ནི་གསུམ་པ་ཉིད། །དྲུག་པ་ཡི་ནི་བཞི་པ་དང་། །ཨུཥྨ་ཎ་ཡི་གསུམ་པ་ཉིད། །ཨན་ཏསྠ་ཡི་གཉིས་པ་དང་། །དེ་ཉིད་ཀྱི་ནི་དང་པོ་ཉིད། །དྲུག་པ་ཡི་ནི་དང་པོ་དང་། །ཨན་ཏསྠ་ཡི་གཉིས་པ་ཉིད། །འདི་ལྟར་དྲོད་ཀྱི་དང་པོ་དང་། །དྲུག་པའི་དང་པོར་བརྗོད་པར་བྱ། །ཨུཥྨ་ཎ་ཡི་དང་པོ་ཉིད། །དེ་བཞིན་དྷྱ་ཡིག་རྣལ་འབྱོར་མ། །ལྔ་པ་ཡི་
ནི་དང་པོ་དང་། །ཨུཥྨ་ཎ་ཡི་དང་པོར་བརྗོད། །ཨན་ཏསྠ་ཡི་གསུམ་པ་ཉིད། །དེ་བཞིན་དུ་ནི་བཅྭ་བརྒྱད་པ། །བཞི་པ་ཡི་ནི་དང་པོ་དང་། །གཉིས་པ་ཡི་ནི་གསུམ་པ་ཉིད། །ལྔ་པ་ཡི་ནི་བཞི་པ་དང་། །ཨན་ཏསྠ་ཡི་གཉིས་པ་ཉིད། །བཞི་པ་ཡི་ནི་ལྔ་པ་དང་། །བྱཱ་ཡི་ཡི་གེ་དང་པོར་བརྗོད། །དེ་ནས་ཉི་ཤུ་པ་ཉིད་དང་། །དེ་བཞིན་ཉི་ཤུ་རྩ་བཞི་མཆོག །ལྔ་པ་ཡི་ནི་ལྔ་པ་དང་། །དྲུག་པ་ཡི་ནི་ལྔ་པ་ཉིད། །ཨན་ཏསྠ་ཡི་གཉིས་པར་བརྗོད། །ལྔ་པ་ཡི་ནི་བཞི་བ་དང་། །ཨན་ཏསྠ་ཡི་དེ་བཞིན་ཉིད། །དེ་ཉིད་ཀྱི་ནི་དང་པོ་དང་། །དྲུག་པ་ཡི་ནི་ལྔ་པ་ཉིད། །དྲོད་ཀྱི་སྡེ་ཚན་བཞི་པ་དང་། །ལྔ་པ་ཡི་ནི་བཞི་པ་ཉིད། །འདི་ལྟར་དྲུག་པའི་ལྔ་པ་དང་། །ལྔ་པ་ཡི་ནི་ལྔ་པ་དང་། །དེ་བཞིན་མཁས་པས་བཅུ་བདུན་པ། །ཨན་ཏསྠ་ཡི་གཉིས་པ་དང་། །དེ་ཉིད་ཀྱི་ཡང་བཞི་པ་ཉིད། །དྲུག་པའི་དང་པོའང་བརྗོད་པར་བྱ། །དྲོད་ཀྱི་སྡེ་ཚན་གཉིས་པ་དང་། །ཨན་ཏསྠ་ཡི་དང་པོར་བརྗོད། །ཀ་ར་ཀ་ར། ཀུ་རུ་ཀུ་རུ། བྷན་དྷ་བྷན་དྷ། ཏྲཱ་ས་ཡེ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ ཕེྃ་ཕེེྃ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་སུ་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལྃ་བི་ནེ། གྲྀཧྞ་གྲྀཧྞ། སཔྟ་པཱ་ཏ་ལ་ག་ཏ་བྷུ་ཛྃ་གྃ་སརྦྦྃ་བཱ་ཏརྫྫ་ཡ་ཏརྫྫ་ཡ། ཨཱ་ཀཌ་ཌྷ་ཡ་ཨ་ཀཌ་ཌྷ་ཡ། ཧྲྃ་ཧྲྃ། ཛྷཽཾ་ཛྷཽཾ། ཀྵྨཱྃ་ཀྵྨཱྃ། ཧཱྃ་ཧཱྃ། ཧཱྃ་ཧཱྃ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི།ཧཱུྃ་ཧཱུྃ་ཕཊ། ཨོཾ་གྱི་ཡི་གེ་དང་པོ་སྟེ། །ཧཱུྃ་ཕཊ་ཡི་གེ་ཐ་མར་སྦྱར། །རྩ་བའི་སྔགས་སུ་རབ་ཏུ་གྲགས། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཡི་གེ་བཏུ་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་གསུམ་པའོ།། །།སྙིང་པོ་འདིར་ནི་བཤད་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བས། །ཆོས་དོན་འདོད་དང་ཐར་བར་སྐྱེལ། །དྲོད་ཀྱི་སྡེ་ཚན་གསུམ་པ་ལ། །དབྱངས་ཀྱི་ལྔ་པ་སྦྱར་བར་བྱ། །དང་པོ་རུ་ནི་ཡོངས་སུ་གྲགས། །དྲུག་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ཀྱི་ནི་བཞི་པས་ནི། །འོག་གི་ཆར་ནི་རྣམ་པར་བརྟག །ལྔ་པ་ཡི་ནི་ལྔ་པ་ལ། །
དབྱངས་ཡིག་གསུམ་པར་སྦྱར་བ་ཡིན། །དྲོད་ཀྱི་སྡེ་ཚན་གསུམ་པ་ལ། །དབྱངས་ཡིག་ལྔ་པར་ཡང་དག་ལྡན། །བཞི་པ་རུ་ནི་ཡོངས་སུ་གྲགས། །དྲུག་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ཀྱི་ནི་བཞི་པས་ནི། །འོག་གི་ཆར་ནི་ཐེ་ཚོམ་མེད། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །དབྱངས་ཡིག་ལྔ་པ་ཡང་དག་ལྡན། །སྟེང་དུ་ནཱ་ད་སྦྱར་བ་ནི། །དྲུག་པ་རུ་ནི་ཡོངས་སུ་གྲགས། །དྲུག་པ་ཡི་ནི་གཉིས་པ་དང་། །བཞི་པའི་དང་པོར་བརྗོད་པར་བྱ། །དང་པོ་ཡི་ནི་ཚིག་རྐང་སྟེ། །དངོས་གྲུབ་ཀུན་གྱི་འབྲས་བུ་སྟེར། །གཅིག་མ་ཚང་བའི་ཉི་ཤུ་ལ། །མེ་ཡི་བུས་ནི་དབྱེ་བར་བྱ། །དབྱངས་ཡིག་གསུམ་པར་ཡང་དག་ལྡན། །དང་པོ་རུ་ནི་ཡོངས་སུ་གྲགས། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །ལྔ་བའི་ལྔ་པ་ཡང་དག་ལྡན། །ལན་གཉིས་སུ་ནི་ཡོངས་སུ་གྲགས། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །བཅྭ་ལྔ་པ་ཡིས་བརྒྱན་བྱས་ཏེ། །བཞི་པའི་མཐའ་དང་ཡང་དག་ལྡན། །ལྔ་པ་རུ་ནི་ཡང་དག་གྲགས། །དྲུག་པ་ཡི་ནི་གཉིས་པ་དང་། །བཞི་པ་ཡི་ནི་དང་པོ་སྟེ། །ཐམས་ཅད་མཚན་ཉིད་ཡང་དག་སྟེར། །ཚིག་རྐང་གཉིས་པར་བརྗོད་པའོ། །གཉིས་པ་ཡི་ནི་གསུམ་པ་ལ། །མེ་ཡི་ས་བོན་ཡང་དག་གནས། །དབྱངས་ཡིག་གསུམ་པ་ཡང་དག་ལྡན། །དང་པོ་རུ་ནི་ཡོངས་སུ་གྲགས། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །ལྔ་བའི་ལྔ་པ་ཡང་དག་ལྡན། །དབྱངས་ཡིག་གཉིས་པར་སྦྱར་བ་སྟེ། །དྲུག་པ་ཡི་ནི་དང་པོ་དང་། །དེ་ལྟར་ཡང་ནི་གཉིས་ལྡབ་བོ། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །བཞི་པའི་མཐའ་དང་ཡང་དག་ལྡན། །དེ་ནས་བཅྭ་ལྔ་པ་ཡིས་བརྒྱན། །དྲུག་པ་ཡི་ནི་གཉིས་པ་དང་། །བཞི་པ་ཡི་ནི་དང་པོ་དང་། །ཚིག་རྐང་གསུམ་པར་བརྗོད་པ་ཡིན། །འདོད་པའི་དོན་ཀུན་སྒྲུབ་པའོ། །དང་པོ་ཡི་ནི་གཉིས་པ་དང་། །ལྔ་པ་ཡི་ནི་ལྔ་པ་དང་། །ཨན་ཏསྠ་ཡི་དང་པོ་དང་། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །དབྱངས་ཡིག་བཅུ་གསུམ་ཡང་དག་ལྡན། །མཆོག་ཏུ་དགེ་ཞིང་དམ་པའོ། །དྲུག་པ་ཡི་ནི་བཞི་པ་དང་། །གཅིག་མ་ཚང་བའི་ཉི་ཤུ་དང་། །ཨན་ཏསྠ་ཡི་བཞི་པ་ལ། །
དབྱངས་ཡིག་གཉིས་པ་ཡང་དག་ལྡན། །ཐིག་ལེ་ཡིས་ནི་སྟེང་དུ་བརྒྱན། །ཨན་ཏསྠ་ཡི་བཞི་པ་དང་། །ཉི་ཤུ་རྩ་བཞི་པ་ཉིད་ལ། །མེ་ཡི་བུས་ནི་རྣམ་པར་དབྱེ། །དྲོད་ཀྱི་སྡེ་ཚན་བཞི་པ་ལ། །ལྔ་པ་ཡིས་ནི་ཡང་དག་བརྒྱན། །སྟེང་དུ་སྟོང་པས་རྣམ་པར་བརྒྱན། །དྲུག་པ་ཡི་ནི་གཉིས་པ་དང་། །བཞི་པ་ཡི་ནི་དང་པོ་སྟེ། །འདི་རྣམས་རྐང་པ་བཞི་པ་ཡིན། །འདོད་པའི་དོན་ཀུན་སྒྲུབ་པ་པོ། །བཞི་པ་ཡི་ནི་སྔགས་འདི་དག །མ་བྱུང་འབྱུང་བར་མི་འགྱུར་རོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྙིང་པོའི་སྔགས་བཏུ་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་པའོ།། །།དེ་ནས་སྔགས་རྣམས་འདི་དག་ནི། །དཔའ་བོ་རྣམས་ལ་སྦྱར་བྱ་བ། །རྣལ་འབྱོར་མ་ནི་རྣམས་ཡིན་ཏེ། །སྔགས་ཀྱི་ཆོ་ག་ཤེས་པས་བཟླས། །གཉིས་མེད་དངོས་གྲུབ་རྣལ་འབྱོར་མ། །གཉིས་པ་ཡི་ནི་ཡི་གེ་ལ། །དབྱངས་ཡིག་བཅུ་གསུམ་པར་ནི་ལྡན། །དྲུག་པའི་ཡི་གེ་བྱེ་བྲག་ཏུ། །དབྱངས་ཡིག་བཅུ་གཅིག་པས་ནི་ལྡན། །བདུན་པར་ཡོངས་སུ་གྲགས་པས་ནི། །དབྱངས་ཡིག་བཞི་པས་ལྡན་པ་ཡིན། །ཡི་གེ་བརྒྱད་པ་དག་ལ་ནི། །དབྱངས་ཡིག་བཅུ་གཉིས་ཡང་དག་ལྡན། །ཡི་གེ་བཅུ་གཉིས་པ་དག་ནི། །དབྱངས་ཡིག་གཉིས་པས་རྣམ་པར་དབྱེ། །ཡི་གེ་བཅུ་གཉིས་ངག་ལ་ནི། །དབྱངས་ཡིག་གཉིས་པས་ལྡན་བྱས་ཏེ། །དྲུག་པའི་དང་པོ་ཉིད་ཀྱིས་ནི། །འོག་གི་གནས་སུ་རབ་ཏུ་བརྟག །ཡི་གེ་བཅུ་བཞི་པ་དག་ནི། །དབྱངས་ཡིག་གཉིས་པ་དག་དང་ལྡན། །དགེ་ཞིང་མཆོག་ཏུ་ཕན་པ་ཡིན། །ཡི་གེ་བཅྭ་ལྔ་པའི་མཚན་ཉིད། །དབྱངས་ཡིག་གསུམ་པར་ལྡན་བྱས་ཏེ། །ལྔ་པ་ཡི་ནི་ལྔ་པས་ནི། །འོག་གི་ཆ་རུ་ཡང་དག་ལྡན། །དེ་བཞིན་ཡི་གེ་བཅུ་དྲུག་ཉིད། །སྟེང་དུ་ནཱ་དས་སྦྱར་བ་ཡིན། །ཡི་གེ་བཅུ་བདུན་པ་ཉིད་ལ། །དབྱངས་ཡིག་གསུམ་པས་ཡང་དག་ལྡན། །ཡི་གེ་བཅྭ་བརྒྱད་པ་ལ་ནི། །དབྱངས་ཡིག་གཉིས་པས་ཡང་དག་ལྡན། །ཡི་གེ་ཉི་ཤུ་གཅིག་པ་ནི། །དབྱངས་ཡིག་གཉིས་པར་ཡང་དག་ལྡན། །
ཡི་གེ་ཉི་ཤུ་རྩ་གསུམ་པ། །དབྱངས་ཡིག་ལྔ་པས་མཉམ་པར་ལྡན། །དབྱངས་ཡིག་བཅུ་གསུམ་པར་ལྡན་པ། །ཡི་གེ་ཉི་ཤུ་རྩ་བཞི་ཡིན། །གཉིས་པ་ཡི་ནི་དང་པོ་ཡིས། །ཉི་ཤུ་རྩ་ལྔ་པ་དང་ལྡན། །མཁས་པས་རྟག་ཏུ་ལྡན་པས་ནི། །ཉི་ཤུ་རྩ་དྲུག་པ་ལ་བརྗོད། །དབྱངས་ཡིག་གཉིས་པས་ལྡན་པ་རུ། །མཚོན་བྱེད་གཉིས་ནི་མཚོན་པར་བྱེད། །ཡི་གེ་ཉི་ཤུ་རྩ་བརྒྱད་པ། །དེ་བཞིན་བཅྭ་ལྔ་པས་ནི་མཚོན། །གཅིག་མ་ཚང་བའི་སུམ་ཅུ་ལ། །བཞི་པའི་དང་པོ་སྦྱར་བ་དང་། །དབྱངས་ཡིག་གཉིས་པ་ཡང་དག་ལྡན། །མེ་དང་ཡང་དག་ལྡན་པར་བྱ། །དབྱངས་ཡིག་གཉིས་པས་ལྡན་པ་ནི། །སུམ་ཅུ་རྩ་གཅིག་ཡི་གེ་ཡིན། །སུམ་ཅུ་རྩ་གཉིས་ཡི་གེ་ལ། །དབྱངས་ཡིག་བཅུ་གསུམ་པས་ནི་ལྡན། །སུམ་ཅུ་རྩ་གསུམ་ཡི་གེ་ལ། །ཉི་མ་ཡིས་ནི་རབ་ཏུ་དབྱེ། །སྔགས་རྣམས་ཀུན་གྱིས་གསལ་བ་སྟེ། །དེ་ལྟར་ཐེ་ཚོམ་མེད་པ་ཡིན། །སུམ་ཅུ་རྩ་བཞི་ཡི་གེ་ལ། །དབྱངས་ཀྱི་བཞི་པས་ལྡན་པ་སྟེ། །གོ་འཕང་མཆོག་ཏུ་དགེ་བ་ཡིན། །དབྱངས་ཀྱི་ལྔ་པས་ལྡན་པ་ནི། །དེ་བཞིན་སུམ་ཅུ་རྩ་བདུན་ཡིན། །སུམ་ཅུ་རྩ་བརྒྱད་ཡི་གེ་ལ། །དབྱངས་ཀྱི་གཉིས་པས་ལྡན་པར་བྱ། །དངོས་གྲུབ་ཐམས་ཅད་རྣམ་པར་ངེས། །དེ་བཞིན་བཞི་བཅུ་རྩ་གཉིས་ལ། །ཉི་མ་ཡིས་ནི་སྦྱར་བ་ཡིན། །བཞི་བཅུ་རྩ་གསུམ་ཡི་གེ་ལ། །དབྱངས་ཀྱི་ལྔ་པས་སྦྱར་བར་བྱ། །དེ་ཡང་དགེ་བའི་མཆོག་ཡིན་ནོ། །བཞི་བཅུ་རྩ་ལྔ་རབ་གསུངས་པ། །དབྱངས་ཡིག་གཉིས་པས་ལྡན་པར་བྱ། །དེ་ལྟར་ཉིད་དུ་ཐེ་ཙོམ་མེད། །དབྱངས་ཀྱི་ལྔ་པས་ལྡན་པ་ནི། །དེ་བཞིན་བཞི་བཅུ་རྩ་དྲུག་པའོ། །བཞི་བཅུ་རྩ་བདུན་པ་ཉིད་ལ། །དབྱངས་ཀྱི་གཉིས་པས་མཉམ་པར་བྱ། །དེ་བཞིན་ལྔ་བཅུ་རྩ་གཅིག་ལ། །དབྱངས་ཀྱི་ལྔ་པས་སྦྱར་བར་བྱ། །འདིས་ནི་ཐར་པ་གྲུབ་པ་ཉིད། །དབྱངས་ཀྱི་གཉིས་པས་ལྡན་པ་ནི། །མཁས་པས་ལྔ་བཅུ་རྩ་གཉིས་བརྗོད། །དབྱངས་ཡིག་བཅུ་གསུམ་
པར་ལྡན་པ། །ལྔ་བཅུ་རྩ་གསུམ་ཡི་གེ་ཡིན། །ལྔ་བཅུ་རྩ་དྲུག་ཡི་གེ་ལ། །དབྱངས་ཀྱི་དྲུག་པར་ལྡན་པ་ཡིན། །གཅིག་མ་ཚང་བའི་དྲུག་ཅུ་ལ། །ཨན་ཏསྠ་ཡི་བཞི་པར་སྦྱར། །དབྱངས་ཀྱི་གཉིས་པ་སྦྱར་བར་བྱ། །སྟེང་དུ་ནཱ་དས་རྣམ་པར་བརྒྱན། །དབྱངས་ཀྱི་གཉིས་པས་ལྡན་པ་ནི། །དྲུག་ཅུ་རྩ་གཅིག་པ་ལ་སྦྱར། །དབྱངས་ཀྱི་གསུམ་པས་ལྡན་པ་ནི། །དྲུག་ཅུ་རྩ་གཉིས་བྱེ་བྲག་གོ། །དབྱངས་ཡིག་བཅུ་གཅིག་ལྡན་པ་ནི། །དྲུག་ཅུ་རྩ་གསུམ་མཁས་པས་བརྗོད། །དབྱངས་ཡིག་ལྔ་པས་སྦྱར་བ་ནི། །ཡི་གེ་དྲུག་ཅུ་རྩ་བཞི་པའོ། །དེ་བཞིན་དྲུག་ཅུ་རྩ་ལྔ་ལ། །མེས་ནི་ངེས་པར་སྦྱར་བར་བྱ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ། །འཛིན་པ་རུ་ནི་ཐེ་ཚོམ་མེད། །དབྱངས་ཀྱི་གསུམ་པས་ལྡན་པ་ནི། །དྲུག་ཅུ་རྩ་དྲུག་ཕྱེ་བ་ཡིན། །རིགས་དང་རིགས་མིན་རབ་བསྒྲུབ་པའོ། །དབྱངས་ཀྱི་གཉིས་པས་ཡང་དག་ལྡན། །དྲུག་ཅུ་རྩ་བདུན་བཤད་པ་ནི། །དཔའ་བོ་མཆོད་པ་ཞེས་ནི་བྱ། །ཨན་ཏསྠ་ཡི་བཞི་པ་ཡིས། །དྲུག་ཅུ་རྩ་བརྒྱད་རབ་ཏུ་གྲགས། །བདུན་ཅུ་རྩ་གཅིག་ཡི་གེ་ལ། །དབྱངས་ཀྱི་གཉིས་པར་ལྡན་པར་བྱས། །བདུན་ཅུ་རྩ་བཞི་ཡི་གེ་ལ། །དེ་བཞིན་དབྱངས་ཡིག་གཉིས་པས་ལྡན། །མཚོན་ཆ་རུ་ནི་རབ་ཏུ་གྲགས། །བདུན་ཅུ་རྩ་ལྔ་པ་ཉིད་ལ། །དབྱངས་ཀྱི་དྲུག་པས་སྦྱར་བ་ཡིན། །དེ་ལྟར་དུ་ནི་གྱུར་པ་ཡིན། །བདུན་ཅུ་རྩ་དྲུག་ཡི་གེ་ལ། །དབྱངས་ཀྱི་གཉིས་པས་ལྡན་བྱས་ཏེ། །མེ་ཡི་བུས་ནི་རྣམ་པར་དབྱེ། །ལྔ་པའི་བཞི་པས་སྦྱར་བར་བྱ། །བདུན་ཅུ་རྩ་བདུན་ཡི་གེ་ལ། །དབྱངས་ཡིག་གཉིས་པས་ལྡན་པ་ཡིན། །བདུན་ཅུ་རྩ་བརྒྱད་མཁས་པས་བརྗོད། །བརྒྱད་ཅུ་རྩ་གཅིག་དེ་བཞིན་མཆོག །དབྱངས་ཀྱི་ལྔ་པས་སྦྱར་བ་ཡིན། །བརྒྱད་ཅུ་རྩ་གཉིས་ཡི་གེ་ལ། །དབྱངས་ཀྱི་གཉིས་པར་སྦྱར་བར་བྱ། །ཆོས་དོན་འདོད་དང་ཐར་པ་སྟེར། །དཔའ་བོ་རྣམས་ལ་ཕན་འདོད་པས། །རིག་པའི་རྒྱལ་པོ་ཞེས་བཤད་དོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྔགས་
བཏུ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དངོས་གྲུབ་གསང་ཆེན་གྱི། །དེ་ཡི་སྙིང་པོ་ཉེ་སྙིང་པོ། །སྔགས་ཀྱི་ཆོ་ག་ཤེས་པས་གསང། །ཟབ་པ་རྒྱ་མཚོ་ཆེན་པོ་བཞིན། །ལྔ་བཅུ་པ་ཡི་དགུ་སྟེང་དུ། །སུམ་ཅུ་རྩ་གསུམ་གནས་པ་སྟེ། །བཅྭ་ལྔ་པས་ནི་རྣམ་པར་བརྒྱན། །དབྱངས་ཀྱི་བཞི་པས་ཡང་དག་ལྡན། །དངོས་གྲུབ་ཀུན་གྱི་གཞི་ཡིན་ནོ། །རྣལ་འབྱོར་སྙིང་ལ་ཚད་མེད་པའོ། །ཡི་གེ་རེ་རེ་གཉིས་གཉིས་ལ། །དེ་བཞིན་དབྱངས་ནི་བཅུ་གཉིས་ལྡན། །མཁའ་འགྲོ་ཆེན་མོ་ལམ་རྣམས་ཀྱི། །ཀུན་ཏུ་ཡོངས་སུ་བཟློག་པ་ཡིན། །ཉེ་བའི་སྙིང་པོ་བརྗོད་པས་འགྲུབ། །རྣལ་འབྱོར་རྒྱུད་ལས་རྙེད་དཀའ་བའི། །ཕོ་ཉ་ཡི་ནི་དངོས་གྲུབ་པའོ། །ལྷན་ཅིག་སྐྱེས་པའི་དངོས་གྲུབ་ནི། །རིམ་དང་རིམ་པ་མེད་པས་སྐྱེ། །ཁྲག་འཐུང་རྒྱུད་ལས་གཞན་དུ་མིན། །རྣལ་འབྱོར་ཕྱག་རྒྱ་མཆོག་ཡིན་ཏེ། །ཡེ་ཤེས་ཟླ་བ་མཆོག་ནི་བཏུ། །ཁ་ཟས་མཆོག་ནི་བཟའ་བྱ་སྟེ། །འདི་ནི་བསྟན་བཅོས་ངེས་པ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བའི་རྒྱུད་ལས་སྔགས་བཏུ་བའི་ལེའུ་ཞེས་བྱ་བ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་མདོར་བསྡུས་པ། །བརྡ་ཡི་ཆོ་གའི་མཚན་ཉིད་དག །རྣལ་འབྱོར་པས་ནི་རྟག་བསྒྲུབས་ན། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །དབང་ཆེན་དང་ནི་མེ་ཏོག་གིས། །དེ་བཞིན་བདུད་རྩི་བསྐྱེད་པར་འགྱུར། །ཞོ་དང་འོ་མར་ལྡན་པ་ཡིས། །བཅུད་ལེན་མཆོག་ཏུ་ཕན་པའོ། །དཀྱིལ་འཁོར་འཁོར་ལོ་ཞེས་བརྗོད་ལ། །ཐམས་ཅད་ཀུན་གྱི་འདུས་པ་ནི། །ཚོགས་ཀྱི་འཁོར་ལོ་མཆོག་ཡིན་ཏེ། །ཐམས་ཅད་མཛའ་བས་མཉམ་པར་འགྲོ། །མ་དང་སྲིང་མོ་ཆུང་མ་དང་། །བུ་མོ་དག་ནི་བཀུག་ནས་སུ། །རྣལ་འབྱོར་རྗེས་སུ་འཇུག་པར་བྱ། །འདི་རྣམས་ལོངས་ནི་སྤྱད་བྱ་སྟེ། །ཆོས་མ་ཡིན་པར་མི་འགྱུར་རོ། །སྔགས་ཀྱི་རྒྱལ་པོ་འདི་དག་ནི། །ལན་གཅིག་བཟླས་པས་བུད་མེད་རྣམས། །ཕོ་ཉ་རྣམས་ནི་འགུགས་པར་བརྗོད། །ཨོཾ་སརྦྦ་བཛྲ་ཀ་མི་ནཱི། །སརྦྦ་བྷ་ཀྵ་ཤོ་དྷ་ཡ་གུ་ཧྱྃ་བཛྲི་ཎཱི་ཧཱུྃ་སྭཱ་ཧཱ།
བུད་མེད་ཀྱིས་ནི་ཡོངས་བསྐོར་ནས། །ཇི་ལྟར་བདེ་བ་ལོངས་སྤྱོད་ཅིང་། །སངས་རྒྱས་ལ་འབུལ་མཆོད་པར་བྱ། །དངོས་གྲུབ་ཐོབ་པ་ཞེས་སུ་བརྗོད། །དཔལ་ལྡན་རྡོ་རྗེ་བཅོམ་ལྡན་ལ། །མགོ་བོར་ཐལ་མོ་སྦྱར་ནས་ནི། །གཏོར་མའི་ཆོ་ག་ཀུན་གྱིས་མཆོད། །གཡས་དང་གཡོན་པའི་ལག་གཉིས་ཀྱིས། །འགྱིང་དང་བཅས་པའི་གར་བྱའོ། །རྣལ་འབྱོར་པ་ཡིས་ཐམས་ཅད་མཆོད། །བསོད་ནམས་ཆེན་པོ་སོགས་པ་ཡིན། །དེ་ལྟར་མཆོད་པ་ཙམ་གྱིས་ནི། །ཡང་དག་དངོས་གྲུབ་རིམ་པས་འཐོབ། །གང་ཞིག་ཕྱག་རྒྱ་ཆེ་མི་མཆོད། །དེ་བཞིན་གཤེགས་པ་ལ་མཆོད་པ། །ངལ་བ་དོན་མེད་ཡོངས་སུ་བསྟེན། །དེ་ཡིས་འབྲས་བུ་ཐོབ་མི་འགྱུར། །གལ་ཏེ་བདག་ཉིད་དངོས་གྲུབ་འདོད། །མཆོད་པས་དཔའ་བོ་མཆོད་པར་བྱ། །གང་ཞིག་ཕྱག་རྒྱ་ཆེ་ལས་སྡང་། །འདོད་པའི་དོན་ཀུན་སྒྲུབ་པ་པོ། །སྐྱེ་བ་སྟོང་ཕྲག་དུ་མ་རུ། །བྱོལ་སོང་སྐྱེ་གནས་སྐྱེ་བར་འགྱུར། །དཔལ་ལྡན་ཁྲག་འཐུང་ཇི་ལྟ་བར། །ཡུལ་དུ་ངེས་པར་གནས་པ་སྟེ། །གཏུམ་མོ་སྦོམ་མོའི་གནས་དག་ལ། །དེ་ནི་ཡུལ་དུ་གྱུར་པ་ན། །དེ་ཡི་ཡུལ་དུ་གྱུར་པ་སྟེ། །གང་ཡང་དེ་ཡི་བུ་དང་གཉེན། །གང་ཞིག་དཔའ་བོ་རྣམས་མཆོད་པ། །འདོད་པའི་དོན་ཀུན་སྒྲུབ་པ་པོ། །དེ་ནི་དགྲ་ལ་འཇིགས་པ་མེད། །རྒྱལ་པོའི་འཇིགས་པ་ལ་སོགས་མེད། །དུས་མིན་འཆི་བར་མི་འགྱུར་རོ། །མེ་དང་ངན་འགྲོའི་འཇིགས་པ་མེད། །རྟག་ཏུ་ཕྱག་རྒྱ་མཆོད་པར་བྱ། །བསོད་ནམས་ལས་ནི་ཐོབ་པ་ཡིན། །དཔའ་བོ་རྟག་ཏུ་དེར་གནས་བདག །གུས་པས་མཆོད་པ་བཞེས་ནས་ནི། །རྣལ་འབྱོར་ཆེན་པོ་བཞུགས་པ་ཡིན། །དེ་ནི་མཆོད་ཅིང་བསྙེན་པར་བྱ། །གསོལ་བ་ཡི་ནི་དོན་ཆེད་དུ། །རྣལ་འབྱོར་གཞན་ལ་བརྟེན་བྱས་ན། །ལོག་པར་ཡོངས་སུ་ལངས་ཤིང་ཟ། །དེས་ནི་འབྲས་བུ་མི་འཐོབ་བོ། །དཔའ་བོའི་རྗེས་སུ་བཟུང་བྱས་ན། །རྩོད་པའི་དུས་སུ་དངོས་གྲུབ་ཐོབ། །དཔའ་བོ་གང་ཞིག་ཕྱག་རྒྱ་བྲལ། །སྒྲུབ་པོ་མཆོད་པར་བྱེད་པ་ནི། །ཕུབ་མ་
འབྲུ་དང་མཚུངས་པ་སྟེ། །ས་སྟེངས་སུ་ནི་རྣལ་འབྱོར་པ། །ཆོམ་པོ་བ་རུ་གྱུར་པ་ཡིན། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་འཛིན། །བདག་ཉིད་མཆོད་པར་བྱེད་པ་ལ། །གྲོལ་བའི་ལམ་ནི་རྣམ་པར་སྟེར། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །བདག་གིས་བཟུང་བར་བྱས་པ་ཡིན། །གང་ཞིག་གཉིས་མེད་མི་བསྟེན་པ། །ཤི་ནས་དམྱལ་བར་འགྲོ་བར་འགྱུར། །དེ་ལ་སྐྱོབ་པ་མེད་པ་ཡིན། །རྣལ་འབྱོར་མེད་པར་རྣལ་འབྱོར་འཆོས། །ཕྱག་རྒྱ་ལ་ནི་བགྲོད་འགྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །དེ་བཞིན་སྐུ་ལུས་དཀར་པོ་སྟེ། །སངས་རྒྱས་ནོར་བུའི་གཙུག་ཏོར་ཅན། །རྡོ་རྗེ་ཕག་མོ་ གཡོན་དུ ་བྱས། །དེ་ཡི་ཕྱག་མཚན་ཁ་དོག་འཛིན། །ཐོད་པ་གཅིག་ནི་གདན་དག་ལ། །ས་དང་ནམ་མཁའ་ཉིད་དག་དང་། །གཉིས་པ་དག་དང་བཞི་པ་ནི། །དཔལ་ལྡན་ཁྲག་འཐུང་ཕྱག་ན་བསྣམས། །རྡོ་རྗེ་ཕག་མོ་གསུམ་པ་ཡིན། །འགྲོ་བ་ཀུན་ནི་དེ་ལྟར་གནས། །ལྷ་དང་ལྷ་མིན་མིར་བཅས་དང་། །ས་ནི་ཐམས་ཅད་གདན་བྱས་ནས། །དེ་ནས་ལས་ནི་མཉམ་པར་བརྩམ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཁ་ཟས་གཉིས་སུ་མེད་པར་བསྒྲུབ་པ་ངེས་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བདུན་པའོ།། །།དེ་ནས་རྣལ་འབྱོར་མ་སྔགས་འདིས། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཇི་ལྟར་རིགས་པར་རབ་བཤད་བྱ། །དཔའ་བོ་རྣལ་འབྱོར་གཉིས་མེད་དེ། །དེ་ལ་མི་ཡིས་མཆོད་པར་བྱ། །དཔའ་བོའི་སྔགས་ཀྱི་ཡིད་བསྒྲུབ་པའོ། །ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧི་བཾ། །ཨཱཪྱཱ་བཱ་རཱ་ཛི་ཏེ། །ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱཻ་ཤྭ་རི། །སརྦྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ། །བཛྲཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བྷཱ་མ་ཎི། ཤོ་ཥ་ཎི་རོ་ཥ་ཎི། ཀྲོ་དྷ་ནི་ཀ་རཱ་ལི་ནི། ཏྲཱ་ས་ནི་མ་ར་ཎི་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ་བི་ཛ་ཡེ་ཛམ་བྷ་ནི། སྟྃ་བྷ་ནི། མོ་ཧ་ནི། བཛྲ་བཱ་རཱ་ཧི། མ་ཧཱ་ཡོ་གི་ནི་ཀཱ་མཻ་ཤྭ་རི་ཁ་གེ །ཏད་ཡ་ཐཱ་པྲོ་ཏྃ་གེ །པྲོ་ཏྃ་གེ །ཧེ་ན་ཧ་ན། པྲཱ་ཎཱྃ་
ཀིཾ་ཀི་ཎི་ཁིཾ་ཁི་ཎི། དྷུ་ན་དྷུ་ན། བཛྲ་ཧ་སྟེ་ཤོ་ཥ་ཡ་ཤོ་ཥ་ཡ། ཁ་ཊྭཱྃ་ག་ཀ་པཱ་ལ་དྷཱ་རི་ཎི། མ་ཧཱ་པི་ཤི་ཏ་མཱྃ་སཱ་ཤ་ཎི་མཱ་ནུ་ཥྱཱཾ་ཏྲ་པྲ་པྲྀཏྟེ་སཾ་ནི་དྷྱྃ་ན་ར་ཤི་རོ་མཱ་ལཱ་གྲཾ་ཐི་ཏ་དྷཱ་རི་ནི། སུྃ་བྷ་ནི་སུམ་བྷེ་ཧ་ན་ཧ་ན། པྲཱ་ཎཱྃ་སརྦྦ་པཱ་པ་སཏྭཱ་ནཱྃ་སརྦྦ་པ་ཤུ་ནཱྃ། མ་ཧཱ་མྃ་སཙྪ་ད་ནི་མཱུར་ཏི་དྃ་ཥྚྲཱ་ཀ་ར་ལི་ནི། མ་ཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ་དེ་བ་སྱ། ཨ་གྲ་མ་ཧི་ཥི་ས་ཧ་སྲ་ཤི་རེ་ས་ཧ་སྲ་ཝཱ་ཧ་ཝེ་ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ་ཛྭ་ལ་མུ་ཁི་པ་ག་ལ་ལོ་ཙ་ནེ། བཛྲ་ཤ་རཱི་རེ་བཛྲ་ཨཱ་ས་ནེ། མི་ལི་ཏེ་ནི་མི་ལི་ཏཱེ་ཧེ་ཧེ་ཧ་ཧ་ཧཱུྃ་ཧཱུྃ་ཁ་ཁ་དྷུ་དྷུ། རུ་རུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནཱི་པ་ཐི་ཏ། སིད་དྷི་དྲེཾ་དྷྲྃ་དྲེཾ་དྷྲྃ། གྲྃ་གྲྃ། ཧེ་ཧེ། ཧ་ཧ། བྷཱི་མེ་ཧ་ས་ཧ་ས་བཱི་རེ། །ཧཱ་ཧཱ། ཧོ་ཧོ། ཧཱུྃ་ཧཱུྃ། ཏྲེེ་ལོཀྱ། བི་ནཱ་ཤ་ནེ། ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་པ་རི་བཱ་རི་ཏེ་ཧཱུྃ་ཧཱུྃ་ཕཊ། སིང་ཧ་རཱུ་པེ་ཁཿ། ག་ཛ་རཱུ་པེ་གཿ། ཏྲེེ་ལོཀྱ་ཨུ་དྭ་རི། ས་མུ་དྲ་མེ་ཁ་ལེ་གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། པཱི་རཱ་དྭེེ་ཏེ་ཧཱུྃ་ཧཱུྃ་ཧ་ཧ་མ་ཧཱ་པ་ཤུ་མོ་ཧ་ནི། ཡོ་གཱི་ཤྭ་རི་སྟྭྃ་ཌཱ་ཀི་ནི། ལོ་ཀཱ་ནཱྃ་བནྡཱ་ནི་ས་ཏྱ་པྲ་ཏྱ་ཡ་ཀཱ་རི་ཎི་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ་པ་ར་མ་སིད་དྷེ། བི་དྱེ་ཡོ་གཱི་ཤྭ་རི་ཕཊ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སུ་གསུངས་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་ཕག་མོ་ཡི། །རྩ་བའི་སྔགས་ནི་མཆོག་གྲུབ་པ། །ཧེ་རུ་ཀ་དང་ཕག་མོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །འདི་དང་འདྲ་བའི་གསང་སྔགས་ནི། །འཇིག་རྟེན་གསུམ་ན་མེད་པ་སྟེ། །འབུམ་དང་འབུམ་ཕྲག་གསུམ་དུ་གསུངས། །རྒྱུད་ཀྱི་སྙིང་པོ་མཐའ་དག་བསྡུས། །གང་གིས་ཆོ་ག་འདི་རྣམས་རིག །ཐམས་ཅད་གཏོང་བ་ལོ་མ་བཞིན། །བདག་གིས་ཕྱི་རུ་མ་བཟླས་ཀྱང་། །ལས་རྣམས་ཀུན་ནི་འགྲུབ་པའོ། །ཉོན་མོངས་ཀུན་ལས་ངེས་པར་གྲོལ། །དངོས་གྲུབ་འབྲས་བུ་མྱུར་དུ་འཐོབ། །ཤེས་ཤིང་དྲན་པ་ཙམ་གྱིས་ནི། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །དེ་ཉིད་སྲོག་ཆགས་རྣམས་ཀྱི་
སྲོག། །དེ་ཉིད་མཆོག་ཏུ་མི་འགྱུར་བ། །ཀུན་ལ་ཁྱབ་པ་དེ་ཉིད་རྙེད། །དེ་ནི་ལུས་ཀུན་ལ་ནི་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཡིས་གསུངས། །སྔགས་འདི་དག་ནི་ཡང་དག་འབྱུང་། །གང་ཞིག་ལ་ལར་རབ་ཏུ་གནས། །བསྟན་བཅོས་མཐའ་དག་ས་སྟེང་དུ། །གྲུབ་མཐའ་ངེས་པ་ཡང་དག་གནས། །འདི་ནི་ཤེས་པས་འགྲུབ་པ་སྟེ། །སྔགས་རྣམས་ཀུན་ནི་ཐེ་ཚོམ་མེད། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །དེ་མེད་པར་ཡང་དངོས་གྲུབ་མེད། །གྲུབ་མཐའ་རིག་བྱེད་མཐའ་དག་ནི། །སྙིང་པོ་གཅིག་ཏུ་རབ་གྲགས་པ། །བདག་ཉིད་ཀྱིས་ནི་འགྲུབ་པར་འགྱུར། །རྣལ་འབྱོར་བདག་ཉིད་གཉིས་མེད་ཟློས། །དངོས་གྲུབ་ཐམས་ཅད་ཐེ་ཚོམ་མེད། །ལས་རྣམས་ཀུན་གྱིས་གོས་མེད་དེ། །རབ་འཕེལ་ཀུན་ཏུ་གཙོ་བོར་འགྱུར། །ལུས་རྣམས་ཀུན་ལ་རྣམ་པར་གནས། །དཔལ་ལྡན་ཁྲག་འཐུང་ལྷར་ཤེས་བྱ། །རིགས་རྣམས་ཀུན་ལ་ཀུན་ཏུ་སྤྱད། །ཁ་ཟས་ལ་ནི་བརྟག་མི་བྱ། །འདི་ནི་དོན་དམ་ཡེ་ཤེས་ཏེ། །འདི་ནི་གོ་འཕང་མཆོག་ཡིན་ནོ། །སྔགས་རྣམས་སྙིང་པོ་འདི་དག་ནི། །འཇིག་རྟེན་ཀུན་ལ་སྟེར་བ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཀྱིས་ཐམས་ཅད་དག་པའི་ལེའུ་ཞེས་བྱ་བ་སྟེ་དགུ་པའོ།། །།དེ་ནས་སྔགས་འདི་ཐོབ་པ་ཡིས། །རང་འདོད་དཀྱིལ་འཁོར་བྱས་ནས་ནི། །རྡོ་རྗེ་ཕག་མོ་མ་དེ་གཞག །རབ་ཏུ་འབད་པས་བཟླས་པ་བྱ། །རང་འབྱུང་རྡུལ་ནི་དམར་པོ་ཡིས། །ཡུལ་ནས་རྙེད་པའི་རས་གཏུབ་ཅིང་། །བྱི་ལ་ཡི་ནི་རྟུག་པ་ཉིད། །དངོས་གྲུབ་འདོད་པས་སྤོས་སུ་བྱ། །བཅོམ་ལྡན་འདས་ཀྱིས་བྱིན་གྱིས་རློབ། །སྤོས་བཟང་འདི་ནི་སྔགས་རིག་གོ། །རྡོ་རྗེ་ཕག་མོའི་ཕྱག་རྒྱ་ཡིས། །ཐོད་པ་ཁ་སྦྱར་བཅིང་བར་བྱ། །སྐྲ་ཡི་སྦྱིན་སྲེག་བརྗོད་པ་སྟེ། །དེ་ལྟར་མ་རྟོགས་མཉམ་བཤད་པའི། །དམ་ཚིག་རབ་ཏུ་བསྐྱང་བར་བྱ། །རྟག་ཏུ་ཕྱག་རྒྱ་མཆོད་བྱ་སྟེ། །རྟག་ཏུ་བཟའ་བཏུང་བྱ་བ་ཡིན། །འདི་ལྟར་སྔགས་ཞེས་བྱ་བ་ཡིན། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །
ཆང་དང་བ་ལང་ཤ་བསྒོས་ཏེ། །ལག་པ་གཡོན་པས་སྦྱིན་སྲེག་བྱ། །ལྷ་རྣམས་ཀུན་དང་སྐར་མ་དང་། །ཀླུ་སོགས་སུམ་ཅུ་རྩ་གསུམ་གནས། །སངས་རྒྱས་ཀྱང་ནི་དབང་འགྱུར་ན། །ཕྲ་མོ་མི་རྣམས་སྨོས་ཅི་དགོས། །ལྕེ་ཡི་དྲི་མ་སོ་ཤིང་དང་། །དེ་བཞིན་རང་ལུས་དྲིལ་ཕྱིས་དང་། །མི་དང་ཨ་ལཀྟ་དག་གི། །སྦྱིན་སྲེག་དག་ནི་བྱས་པ་ཡིས། །འཇིག་རྟེན་གསུམ་ནི་དབང་དུ་འགྱུར། །རྡུལ་དང་རང་བྱུང་དམར་པོ་དང་། །ཁ་ཟས་སྐྱུགས་པའི་བཟའ་བ་དང་། །མི་ཡི་སྐྲ་དང་ཡང་དག་ལྡན། །ལན་ཅིག་གིས་ནི་འགུགས་པའི་མཆོག །རང་ལུགས་མར་ནི་སྐྱུགས་པ་དང་། །རང་གི་སྐྲ་ཡིས་སྦྱིན་སྲེག་བྱ། །ནིམ་པའི་ཤིང་གི་མེ་སྦར་བས། །ལན་ཅིག་གིས་ནི་སྡང་བའི་མཆོག །བྱ་རོག་སྒྲོ་ཡིས་སྦྱིན་སྲེག་བྱ། །སྨྱོ་བྱེད་མ་ལ་མཉམ་གཞག་པས། །ཚ་བའི་མར་ཁུས་ཡང་དག་ལྡན། །སྐད་ཅིག་ཙམ་གྱིས་གསད་དང་བསྐྲད། །སྟོང་ཕྲག་དགུ་རུ་དགང་བླུགས་དང་། །སྦྱིན་སྲེག་དག་ནི་བྱ་བ་སྟེ། །དུས་མི་རིང་བར་རྒྱལ་པོ་འཐོབ། །གང་གིས་ཤ་ནི་བླུགས་པ་དང་། །མཁས་པས་དགང་བླུགས་བརྒྱ་ཕྲག་གིས། །དེ་ཡི་ཟླ་གསུམ་ནང་དུ་ནི། །སྐད་ཅིག་ཙམ་གྱིས་དབུལ་བ་ཟད། །གང་གིས་རྟག་ཏུ་དྲན་པ་ཡིས། །སྐྱེ་བོ་ཀུན་ལ་སྡུག་པར་འགྱུར། །ཞག་ནི་ཉི་ཤུ་རྩ་གཅིག་གིས། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །འདོད་པའི་ལྷ་འདྲ་བུད་མེད་མཆོག །མྱོས་ཤིང་སྨྱོ་བ་བསྟེན་པར་བྱ། །འདོད་པ་ཤིན་ཏུ་རྒྱས་པ་ཡིས། །འཇིག་རྟེན་རྣམས་ལ་བརྩེ་བར་བྱ། །ས་སྟེངས་རྣམས་སུ་དངོས་གྲུབ་ཐོབ། །བུད་མེད་བྱེ་བས་ཡོངས་སུ་བསྐོར། །དཔལ་ལྡན་རྡོ་རྗེ་ཕག་མོ་དང་། །དཔལ་ལྡན་ཁྲག་འཐུང་མཉམ་སྦྱོར་ལ། །དཔའ་བོ་ཀུན་གྱིས་ཕྱག་བྱས་ནས། །འཇིག་རྟེན་གསུམ་དུ་དངོས་གྲུབ་སྟེར། །དམ་ཚིག་སྤྱོད་པ་བསྲུང་བར་བྱ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མའི་རྩ་བའི་སྔགས་ཀྱི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་བའོ།། །།དེ་ནས་ལས་མཆོག་དམ་པ་དག །དཔའ་
བོ་གཉིས་མེད་རྣལ་འབྱོར་ནི། །རྟག་ཏུ་འཁྱུད་པས་གསང་མཆོད་བྱ། །རྣལ་འབྱོར་མས་ནི་མཆོག་སྟེར་འགྱུར། །སྒྲུབ་པ་པོས་ནི་ནུབ་ཀུན་ཏུ། །དེ་ནས་ཕོ་ཉ་མཆོད་པར་བྱ། །ཤ་ཟའི་རྩ་བ་ཁར་བཅུག་སྟེ། །ཇི་ཙམ་འདོད་པ་དེ་ཙམ་དུ། །རྟགས་ནི་ལས་སུ་འགྱུར་བ་སྟེ། །ས་ཡི་དབུ་ནི་སྙིང་པོ་དག །ཏིལ་གྱི་མར་ཁུར་བཙོས་ནས་ནི། །རྐང་པའི་མཐིལ་ལ་བྱུག་པར་བྱ། །དེ་ནས་རྟགས་སུ་གྱུར་པ་སྟེ། །པ་ཏ་དང་ནི་ཀ་ཊུ་དང་། །རོ་ཧི་ནི་དང་རྟ་ཡི་དྲི། །འདི་རྣམས་ཆ་ནི་མཉམ་བྱས་ཏེ། །ཨ་རྒའི་འོ་མར་བཏགས་ནས་ནི། །ལིང་ག་ལ་ནི་བསྐུས་བྱས་ནས། །ཇི་ཙམ་ཚད་དུ་འདོད་པ་རུ། །དེ་ཙམ་ཚད་དུ་འདོད་པ་ཡིན། །མྱུར་དུ་ཆུ་ནི་དྲོན་མོ་ཡིས། །བསྐུས་ན་སྔ་མ་བཞིན་དུ་འགྱུར། །པད་མ་དཀར་པོ་གེ་སར་དག །སྦྲང་རྩི་དག་དང་བཏགས་ནས་ནི། །ལྟེ་བ་ལ་ནི་བསྐུས་ནས་ནི། །རྟགས་ནི་བརྟན་པར་འགྱུར་བ་ཡིན། །པདྨ་དམར་པོ་གེ་སར་དང་། །ཏིལ་ནི་དཀར་པོ་དག་དང་ནི། །མ་ཧེའི་མར་ནི་མ་བསྐོལ་དང་། །དཔའ་བོ་གཅིག་པའི་རྩ་བ་དང་། །སྦྲང་རྩི་ལྷན་ཅིག་བཏགས་ནས་ནི། །ལྟེ་བ་ལ་ནི་བྱུགས་བྱས་ན། །དེ་སྲིད་རྟགས་ནི་འགྱེས་མི་འགྱུར། །རྡུལ་དང་ཡུང་བ་གཉིས་བླངས་ཏེ། །བ་ཡི་དར་བ་བྲེ་དོ་ནི། །ཇི་སྲིད་བྲེ་གང་གྱུར་ཙམ་དུ། །དེ་སྲིད་བསྐོལ་བར་བྱས་པ་ཡིན། །དེ་ལྟར་བཏུང་བར་བྱས་པ་ནི། །ཉི་མ་བདུན་གྱིས་རྫོགས་པར་འགྱུར། །བཅུད་ལེན་སྦྱོར་བ་ཡང་དག་པ། །དཔའ་བོ་ཡིས་ནི་གསུངས་པའོ། །སྤྲེའུའི་མཆིལ་མ་བླངས་བྱས་ཏེ། །ཕྱེ་མ་ཞིབ་མོར་བྱས་པ་དང་། །རང་གི་དཔའ་བོའི་སྒོ་ནས་ནི། །བྱུང་དང་ཡང་དག་ལྡན་བྱས་ནི། །དབང་དུ་བྱེད་པའི་མཆོག་ཡིན་ནོ། །རྡོ་རྗེ་ཕག་མོ་བཟླས་བྱས་ཏེ། །ཡིད་ནི་གང་དང་གང་གནས་པ། །ལན་ཅིག་བཟླས་པའི་སྡིགས་མཛུབ་ནི། །ལག་པ་གཡོན་པ་བསྐོར་བྱས་ཏེ། །གང་དང་གང་ལ་བསམས་པ་སྟེ། །འཚོ་བ་གྲོ་དང་གསེར་དང་ནི། །བཟའ་བའི་ཟས་དང་བཏུང་བ་དག །དེ་དག་ཐམས་ཅད་བླངས་ནས་ནི། །སྔགས་པའི་ཁྱིམ་ནི་ཡོངས་སུ་གང་། །ཁྲག་
དང་རང་བྱུང་གཅིག་བྱས་ཏེ། །སྒྲུབ་པོས་རིག་པ་ལན་བདུན་བཟླས། །དེས་ནི་མི་ལ་རེག་བྱས་ན། །རེག་པས་སྐྱེས་བུ་ཁྲག་འཛག་འགྱུར། །ལན་ཅིག་བཟླས་པའི་རིག་པ་འདིས། །ཆུས་ནི་ཡོངས་སུ་ཐར་བར་འགྱུར། །དེ་ལྟར་སེམས་ཅན་གང་གང་ནི། །ཁྲག་དང་ཁྲག་ཆེན་པོ་དག་གིས། །སྐུད་པ་སྦགས་ཏེ་བཅིང་བར་བྱ། །ལན་བདུན་བཟླས་པ་དག་གིས་ནི། །དེ་གཟུགས་འཛིན་པར་ཐེ་ཙོམ་མེད། །ཀུན་ཏུ་ཆུ་ཡིས་གྲོལ་བར་འགྱུར། །བལྟས་པས་བུད་མེད་གཟུགས་བཟང་དང་། །རྒྱལ་པོ་རྣམས་དང་ས་བདག་དག །སྒྲུབ་པོས་མཐོང་དང་མ་མཐོང་བ། །ཐམས་ཅད་འགུགས་པར་འགྱུར་བ་སྟེ། །ལན་བདུན་མངོན་པར་བསྔགས་བྱས་ནས། །མདའ་ཡི་ཤུགས་ཀྱིས་འོང་བར་འགྱུར། །ཉི་མ་བདུན་ན་ཐེ་ཙོམ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཀྱི་རྣལ་འབྱོར་གྱི་འདོད་པ་དང་། བཅུད་ཀྱིས་ལེན་དང་འགུགས་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།། །།དེ་ནས་དངོས་གྲུབ་རྣལ་འབྱོར་ཆེ། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །ཐང་ཀའི་གཟུགས་ཀྱི་རི་མོ་ནི། །སྔགས་པས་ཆོ་ག་བཞིན་དུ་བྲི། །རྣལ་འབྱོར་མ་ཡི་ལུས་གནས་པ། །སྒྲུབ་པ་པོས་ནི་མཚན་པར་བྱ། །བཅུ་བཞི་དང་ནི་ཚེས་བརྒྱད་དམ། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ། །རིག་པས་ནུབ་མོ་མཆོད་པར་བྱ། །སྒྲུབ་པོས་དྲི་དང་མེ་ཏོག་དང་། །སྤོས་ནི་ཇི་ལྟར་གསུངས་པ་དང་། །དེ་བཞིན་ཡང་ནི་བཟའ་དང་བཏུང་། །མར་མེ་ཕྲེང་བ་དབུལ་བ་དང་། །དྲི་ཞིམ་སྤོས་ཀྱིས་མཆོད་པར་བྱ། །སྟན་གཅིག་ལ་ནི་གནས་ནས་ནི། །ལྷ་ལ་མངོན་པར་ཁ་བལྟས་ནས། །སྔགས་པས་ཁ་ནི་ནུབ་ཏུ་བལྟ། །སྒྲུབ་པ་པོས་ནི་ཐང་ཀའི་གཟུགས། །ཞལ་བཞི་ཕྱག་ནི་བཞི་པ་དང་། །ཐོད་པ་དང་ནི་ཁ་ཊྭཱཾ་ག། །མཛེས་པ་དག་ནི་གཟུང་བར་བྱ། །ལག་པས་ཞགས་པ་ལྕགས་ཀྱུ་བཟུང་། །ཁ་དོག་ནག་པོ་འབར་བ་ཆེ། །ཐོད་པའི་ཕྲེང་བ་བཅིངས་པ་དང་། །སྟག་གི་བགས་པས་བླ་གོས་བྱས། །སྟན་ལ་
གཡས་བརྐྱང་བ་ཡིས་གནས། །རལ་པའི་ཅོད་པན་ཟླ་ཚེས་བརྒྱན། །ཤིན་ཏུ་མཛེས་པའི་རུས་པས་བརྒྱན། །ཆོ་གས་ཡང་དག་བསྒོམ་བྱས་ནས། །དེ་ནས་ཕྲེང་བ་བླང་བར་བྱ། །སྟན་གཅིག་ལ་ནི་གནས་ནས་ནི། །དཔའ་བོ་ཆེན་པོ་འཇིགས་པ་ཡི། །མེ་འདྲའི་ལུས་ཀྱི་རིག་པ་བཟླས། །སྒྲུབ་པ་པོས་ནི་སྙིང་པོ་ནི། །མཚན་ནི་ཐོག་ཐག་བཟླས་པ་བྱ། །དང་པོའི་ཐུན་ལ་ཧ་ཧ་རྒོད། །སྤྱང་ཀི་ཡི་ནི་སྒྲ་སྒྲོགས་པ། །སྒྲུབ་པོ་གཡོག་དང་བཅས་པ་ཡིས། །དེ་མཐོང་འཇིགས་པར་མི་བྱའོ། །གཉིས་པ་ཡི་ནི་ཐུན་དག་ལ། །ནམ་མཁའི་སྟེང་དུ་འབར་བར་མཐོང་། །མི་གཡོ་བས་ནི་བཟླས་པ་བྱ། །འགྲོ་བ་ཐམས་ཅད་ཟ་འདྲ་ཡང་། །སྲིན་པོའི་འཇིགས་པ་འགྱུར་བའི་ཞལ། །ཐུན་གསུམ་པ་ལ་མཐོང་བ་ཡིན། །ལྷར་བཅས་ལྷ་མིན་མིར་བཅས་རྣམས། །ཐུན་བཞི་པ་ལ་འགྲུབ་པར་འགྱུར། །རྡོ་རྗེ་ཕག་མོ་མཆོག་སྟེར་ལག །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །ང་ཡིས་མཆོག་ནི་སྦྱིན་ཞེས་སྨྲ། །མཆོག་ཏུ་ས་འོག་འགྲོ་བ་དང་། །རལ་གྲི་མིག་སྨན་འཁོར་ལོ་དང་། །ངག་གིས་ཐམས་ཅད་འགྲུབ་པ་དང་། །ཕྱག་རྒྱ་ཆེན་པོ་རྗེས་སུ་འགྲུབ། །ཕྱག་རྒྱ་གང་གིས་སྒྲུབ་པ་པོ། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དཔལ་ལྡན་ཁྲག་འཐུང་དེས་མཆོད་བྱ། །ཕྱག་རྒྱའི་ཡིད་དང་ལུས་དག་ལ། །ཕྱག་རྒྱའི་མཆོད་པས་མཆོག་ནི་ཡོད། །འདི་ནི་བསྟན་བཅོས་ངེས་པ་ཡིན། །ཕྱག་རྒྱས་དངོས་གྲུབ་ཤེས་པ་སྟེ། །འཇིག་རྟེན་གསུམ་ན་ཡང་དག་གནས། །དཔའ་བོ་རྣལ་འབྱོར་མས་བཤད་པ། །མ་ལུས་ལུས་པ་མེད་པ་འགྲུབ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཐབས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་གཉིས་པའོ།། །།དེ་ནས་དགུག་པ་བཤད་པར་བྱ། །སྐྱེ་བ་བདུན་པས་དངོས་གྲུབ་སྟེར། །སྲིད་པར་དངོས་གྲུབ་དཔའ་བོ་ཆེ། །ཐམས་ཅད་པས་ནི་ལུས་གནས་མཆོག །ཀུན་ཏུ་ལག་པ་བརྐྱང་བའི་མཐའ། །ཀུན་ཏུ་མིག་དང་སྤྱི་བོ་དང་། །ཀུན་ཏུ་ཁ་དང་རྣ་བ་ཡིས། །འཇིག་རྟེན་པ་
རྣམས་བསྐོར་ཏེ་གནས། །དེ་ཕྱིར་མྱུར་དུ་བསྒྲུབ་པར་བྱ། །གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །རང་གི་ལུས་ལ་དེས་ཕྱུང་བ། །འོག་གི་ཆར་ནི་ཐེ་ཚོམ་མེད། །དེ་རུ་བསྒྲུབ་བྱ་ལ་ནི་གཞུག །རྩ་བའི་ལམ་ནས་རྣལ་འབྱོར་མ། །ཕྱུགས་ཀྱི་ས་བོན་བླངས་ནས་ནི། །བདག་གི་ལུས་ལ་གཞུག་པར་བྱ། །རླུང་དང་མེ་ནི་ཡང་དག་འབྱུང་། །བསྒྲུབ་བྱའི་ལུས་ནི་བཟའ་བ་ཡིན། །མགྲིན་པ་ཞགས་པས་བཅིངས་ནས་ནི། །ལྷ་མོའི་སྔགས་ཀྱིས་རྨོངས་བྱས་ཏེ། །ཐམས་ཅད་འགུགས་པར་འགྱུར་བ་ཡིན། །སྒྲུབ་པ་པོ་ཡིས་སྔགས་ལུས་ཀྱིས། །བརྒྱལ་ཞིང་དྲན་མེད་རྨོངས་པ་དང་། །རྡོ་རྗེ་ཕག་མོས་ཤིན་ཏུ་རྨོངས། །དེ་ནི་རྟག་ཏུ་དབང་དུ་འགྱུར། །འོང་ཞིང་རྗེས་སུ་འོང་བར་འགྱུར། །དེ་ལྟ་ཉིད་དུ་བཀོད་ནས་ནི། །བསམ་གཏན་དག་དང་ཡང་དག་ལྡན། །བདག་ཉིད་ཆེན་པོས་བརྒྱ་བྱིན་དང་། །སྔོན་དུ་བརྒྱ་བྱིན་ཆུང་མ་བཀུག །དེ་ནས་ཐབས་ནི་ཤེས་པར་བྱ། །ཁམས་གསུམ་དག་ནི་མ་ལུས་དང་། །རྒྱལ་བ་རྣམས་ཀྱང་དགུག་པར་བྱ། །ཀུན་ཏུ་ཐབས་ནི་ཕན་པའི་མཆོག །གང་ཞིག་རྒྱུད་རྣམས་ཀུན་ཏུ་སྦས། །རྣལ་འབྱོར་སྔགས་ནི་གསུངས་པའོ། །བརྟུལ་ཞུགས་དང་ནི་བཟླས་པ་བྲལ། །སྨྱུང་བ་ཅུང་ཟད་མི་དགོས་ཏེ། །བསམ་གཏན་འདི་ཡིས་འགྲུབ་པར་འགྱུར། །འགྲོ་བ་བལྟ་ཞིང་རབ་ཏུ་སྦྱར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྐྱེ་བ་བདུན་པ་ལ་སོགས་པ་ཐམས་ཅད་དགུག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་དཀྱིལ་འཁོར་ཆོ་ག་བཤད། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །འཁོར་ལོ་ཆེན་པོ་པད་མ་བཞིན། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དཀྱིལ་འཁོར་རྒྱལ་པོ་མཐོང་བ་ཡིས། །དངོས་གྲུབ་ཅི་སྟེ་སྐྱེ་མི་འགྱུར། །རིང་པོ་ནས་ནི་ཐོས་པ་དང་། །རིང་པོ་རྣམས་ནི་མིག་གིས་མཐོང་། །རྣལ་འབྱོར་མ་ཡིས་འདོད་ཆགས་དང་། །ཞེ་སྡང་རྣམས་ནི་སྤོང་བ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །པད་མ་བཞི་ནི་ཡང་དག་ལྡན། །གྲུབ་པའི་སློབ་དཔོན་མཚན་ཉིད་ལྡན། །དཀྱིལ་
འཁོར་ཐིག་ནི་གདབ་པར་བྱ། །ས་ཡི་ཆ་མཉམ་ཡིད་འོང་བར། །ཟུག་རྔུ་ཐམས་ཅད་རྣམ་སྤངས་ཏེ། །ཚོན་སྣ་ལྔ་དང་ལྡན་པ་ཡིས། །དཀྱིལ་འཁོར་མཆོག་ནི་བྲི་བ་ཡིན། །དངོས་གྲུབ་འདོད་པས་མཉམ་བཞག་པས། །ཕོ་ཉ་དག་ནི་མཆོད་པར་བྱ། །དཔའ་བོའང་མཆོད་པར་འགྱུར་བ་ཡིན། །དེས་ནི་རྡུལ་ཚོན་བསྒྲུབ་པར་བྱ། །རྡུལ་ཚོན་རྫོགས་པ་ཉིད་ཀྱིས་ནི། །འདོད་པའི་དོན་ཀུན་ཐར་པ་སྟེར། །མཐེ་ཆུང་གི་ནི་ཚད་ཙམ་དུ། །རྡུལ་ཚོན་ཡང་དག་བྲི་བྱ་སྟེ། །གལ་ཏེ་རེ་མིག་འདི་དག་ནི། །དམའ་དང་ཆད་དང་འཁྱོག་པོར་གྱུར། །དམའ་བའི་རེ་ཁཱས་དངོས་གྲུབ་མེད། །འཁྱོག་པོས་ནད་ནི་བྱེད་པ་སྟེ། །སློབ་དཔོན་སློབ་མ་གཉིས་ཀ་ནི། །རི་མོ་ཆད་པས་འཆི་བར་འགྱུར། །དེ་ལྟར་རི་མོའི་མཚན་ཉིད་ལྡན། །ས་ཡི་དབུས་སུ་མཐོ་བ་བྲི། །ཤར་དང་བྱང་དག་དམའ་བས་ནི། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །ཤར་དང་བྱང་དག་དམའ་བ་དང་། །དབུས་ནི་མཐོ་བས་རྒྱལ་པོར་འགྱུར། །རིག་པ་འཛིན་པའི་གོ་འཕང་ང་ངེས། །བྱང་མཐོ་བས་ནི་འཆི་བར་འགྱུར། །ཡང་ན་ནོར་ནི་བརླག་པར་འགྱུར། །ཇི་ལྟར་སྔོན་གསུངས་ཤར་མཐོ་བས། །མྱུར་དུ་རིགས་ནི་ཟད་པར་འོང་། །ཇི་ལྟར་ས་ཡི་དབུས་དམའ་བས། །སྒྲུབ་པ་པོ་ནི་གསོད་པ་ཡིན། །དེ་ལྟར་རི་མོ་མཚན་ཉིད་ལྡན། །ས་ལ་དཀྱིལ་འཁོར་ཀུན་ཏུ་བྲི། །ཁྲུ་གང་ཁྲུ་གཉིས་ཁྲུ་བཞི་འམ། །བརྒྱད་དམ་བཅུ་གཉིས་བཅུ་དྲུག་ཉིད། །སྟེང་དང་འོག་ཏུ་བརྟག་པ་མེད། །གལ་ཏེ་རྟོག་པ་མེད་ན་ནི། །སློབ་དཔོན་ཡེ་ཤེས་རྙེད་པར་དཀའ། །དམྱལ་བ་མི་བཟད་པར་ནི་འགྲོ། །གང་ཞིག་དམན་པའི་མི་རུ་འགྱུར། །དེ་ནས་དགོད་པའི་ཆོ་ག་བཤད། །དཔའ་བོ་གཉིས་མེད་རྣལ་འབྱོར་མས། །དཔལ་ལྡན་རྡོ་རྗེ་ཁྲག་འཐུང་ལྷ། །དྲུག་ཅུ་རྩ་བཞིའི་འཁོར་གྱིས་བསྐོར། །གཤིན་རྗེ་མ་དང་སྐྲག་བྱེད་མ། །ཙནྜི་ཀཱ་ནི་ཀུན་སྤྱོད་མ། །ནོར་མ་དཔའ་བོའི་བློ་མ་དང་། །སྡུད་མ་འཇིགས་མ་བརྒྱད་པ་སྟེ། །དངོས་གྲུབ་ཐམས་ཅད་རབ་སྟེར་བའོ། །གཟུགས་ཅན་མ་དང་འོད་བྱེད་མ། །ལཱ་མཱ་དང་ནི་རབ་འཕེལ་མ། །
སཱ་པ་ལི་ཀཱ་སླར་ལྡོག་མ། །ཨི་ཧི་ཀཱ་དང་གར་དབང་ཕྱུག །བརྒྱད་པ་རུ་ནི་བརྗོད་པ་སྟེ། །རྣལ་འབྱོར་མ་ནི་ཡོངས་སུ་གྲགས། །ཁྲོ་གཉེར་མ་དང་མཆེ་གཙིགས་མ། །སྣ་ཆེན་མ་དང་བ་ལང་གདོང་། །དྲི་ཆེན་མ་དང་གླང་ཆེན་ལྕེ། །བ་ལང་རྣ་བ་གདོང་བཟང་སྟེ། །རྣལ་འབྱོར་སྤྱོད་པར་གྱུར་པའོ། །དམར་བའི་གཏུམ་མོ་ཉིད་དང་ནི། །ས་ནི་ལྗང་གུ་ཉིད་དག་དང་། །སྟོབས་ཆེན་དཔག་ཚང་གསུམ་མ་དང་། །རྩུབ་མོ་དང་ནི་བདེན་སྨྲ་མ། །ཞལ་ནི་ཤིན་ཏུ་མཛེས་མ་དང་། །ཐོད་པའི་དུམ་བུ་མ་དག་སྟེ། །འདི་རྣམས་སྙིང་རྗེའི་དངོས་གྲུབ་སྟེར། །སྔོན་གྱི་རྡོ་རྗེ་ཕག་མོ་ཉིད། །རང་ཉིད་ཀྱི་ནི་རིག་པ་ཡིན། །རང་མིང་བརྗོད་པའི་སྔགས་དག་ལ། །དང་པོར་ཨོཾ་གྱི་ཡི་གེ་ལ། །ཧཱུྃ་ཧཱུྃ་ཕཊ་ཀྱིས་མཐའ་མར་སྦྱར། །འདོད་པའི་དོན་ཀུན་སྒྲུབ་པ་པ་པོས། །དེ་ནི་རྟག་ཏུ་མཆོད་པར་བྱ། །དེ་ལྟར་ཐམས་ཅད་ཐེ་ཙོམ་མེད། །སྲིང་མོ་དང་ནི་བུ་མོ་དང་། །ཆུང་མ་ཤིན་ཏུ་གཟུགས་བཟང་དང་། །རྟ་དང་གླང་པོ་བ་ལང་དང་། །ཞིང་དང་བྲན་ཕོ་བྲན་མོ་དང་། །རིན་ཆེན་རྣམས་ནི་དབུལ་བར་བྱ། །དེང་ནས་བརྩམས་ཏེ་བདག་ཉིད་འབངས། །བདག་གིས་ལུས་ནི་ཕུལ་བ་ལགས། །སློབ་མ་དག་ནི་མི་འབུལ་ན། །དངོས་གྲུབ་རིང་བར་ཐེ་ཚོམ་མེད། །འཇིག་རྟེན་འདི་དང་ཕ་རོལ་ན། །དེས་ནི་དངོས་གྲུབ་མི་འཐོབ་བོ། །དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་ནི། །དངོས་གྲུབ་ཅི་སྟེ་སྐྱེ་མི་འགྱུར། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །འབད་པས་སློབ་དཔོན་དགྱེས་པར་བྱ། །དེ་ཡིས་དངོས་གྲུབ་མྱུར་དུ་འགྱུར། །དེ་བཞིན་གཤེགས་པའི་ལྷ་ཡིས་ནི། །ཇི་ལྟ་བུ་རུ་གསུངས་པ་ཡི། །ཇི་ལྟ་བཞིན་དུ་རྡུལ་ཚོན་ལྔས། །དཀྱིལ་འཁོར་མཉམ་པར་བྲི་བར་བྱ། །གདོང་ནི་གོས་ཀྱིས་བཅིངས་བྱས་ཏེ། །ལྷོ་ཕྱོགས་སྒོར་ནི་དགུག་པར་བྱ། །མེ་ཏོག་སྙིམ་པས་གཏོར་བར་བྱ། །མེ་ཏོག་གང་དུ་ལྷུང་བ་ཡི། །གནས་ལ་སོགས་པ་བསྟན་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིདྱཱ་མ་ཧེ་བིདྱཱ་ཪཱ་ཛཱ་ཡ་དྷཱིཿམ་ཧེ་སྭཱ་ཧཱ། བདག་གིས་དཔའ་བོ་རབ་ཏུ་བསྐུལ། །བཀླགས་པས་ལས་ནི་ཐམས་ཅད་བྱེད། །འཆི་བའི་
དུས་ཀྱི་དངོས་གྲུབ་ནི། །འཆི་བ་ལ་ནི་བརྗོད་པར་འགྱུར། །དངོས་གྲུབ་འདི་ཡི་བྱེ་བྲག་གིས། །ཉི་མ་གཅིག་གིས་དངོས་གྲུབ་ཆེ། །འཇིག་རྟེན་གསུམ་སྒྲུབ་བསྒོམ་པར་བྱ། །སྒྲུབ་པའི་དབང་པོ་ཆོ་ག་ཤེས། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །བརྟུལ་ཞུགས་ལ་ནི་ནུབ་གསུམ་གནས། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ལྷ་ཡི་ཡེ་ཤེས་མཐོང་འགྱུར་ཏེ། །དེ་བཞིན་ལྷ་ཡི་གཟུགས་སུ་འགྱུར། །རྩོད་པ་ཀུན་ལས་རྒྱལ་བ་དང་། །རྒས་དང་འཆི་བ་རྣམ་པར་སྤངས། །སངས་རྒྱས་བཞིན་དུ་ལྷ་མོ་བསྟེན། །དཔའ་བོ་བཞིན་དུ་ས་ལ་རྩེ། །ཕྱག་རྒྱ་དང་ནི་བཅས་ཉིད་དུ། །ཉི་མ་གསུམ་གྱིས་འགྱུར་བ་ཉིད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ལྷ་དགོད་པ་དང་དབང་བསྐུར་བ་དང་། བླ་མ་མཆོད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་བཞི་པའོ།། །།དེ་ནས་དཀྱིལ་འཁོར་བཤད་པར་བྱ། །དབང་བསྐུར་འཁོར་ལོ་མཆོད་པ་ནི། །སློབ་མས་ཉི་མ་བཟང་པོ་འམ། །ཇི་ལྟར་དུ་ནི་ནུབ་མོ་ལའོ། །དེ་ནས་དཔའ་བོ་མཆོད་པར་བྱ། །སྟན་གཅིག་ལ་ནི་གནས་ནས་ཀྱང་། །ཕོ་ཉ་མོ་ནི་བཅུ་དྲུག་ཉིད། །དཔའ་བོ་དང་ནི་གཉིས་མེད་གནས། །དཔལ་ལྡན་རྡོ་རྗེ་ཕག་མོ་ལ། །སུམ་བྷ་ནི་ཡི་རིག་པ་ཡིས། །ཕྱོགས་བཞི་རུ་ནི་མཆོད་པར་བྱ། །དེ་ལྟར་རྣལ་འབྱོར་ཆེན་པོ་མཆོད། །གཟུགས་བརྒྱད་པོས་ནི་རབ་ཏུ་བསྲུང་། །སྔགས་དང་ཕྱག་རྒྱ་ཡོངས་རྫོགས་ནས། །གཉིས་མེད་ཡེ་ཤེས་བརྩམ་པར་བྱ། །ནུབ་མོ་ཀུན་ཏུ་སྒྲུབ་པ་པོས། །དེ་ནས་ཕོ་ཉ་མཆོད་པར་བྱ། །དུས་མི་རིང་བར་རྒྱལ་པོ་འགྲུབ། །འཁོར་ལོས་སྒྱུར་བ་སྟོབས་ཀྱི་རྒྱལ། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །སྔགས་དང་ཕྱག་རྒྱ་སྦྱར་བར་བྱ། །དམ་ཚིག་ཐམས་ཅད་བསྐྱང་བྱ་སྟེ། །འཇིག་རྟེན་གསུམ་ན་རྙེད་དཀའ་བ། །གཡོན་ནས་སྐྱེས་པས་བྱེད་པ་ཡིན། །དམ་ཚིག་སྤྱོད་པའི་མཚན་ཉིད་དང་། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །དབུགས་དབྱུང་མཆོག་གི་བར་དག་ནི། །དྲི་ཡི་ཆུ་དང་བཅས་པ་དང་། །རྟག་ཏུ་རིལ་བུ་བཟའ་བར་བྱ། །མཆོད་
པའི་དུས་ཀྱི་བྱེ་བྲག་ལ། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །དམན་པ་མཆོག་དང་འབྲིང་རྣམས་ཀྱི། །དེ་ཡིས་སྦྱོར་བས་དངོས་གྲུབ་འགྱུར། །འདོད་པའི་དོན་ཀུན་སྒྲུབ་པའོ། །དཔལ་ལྡན་ཧེ་རུ་ཀ་ལས་བྱུང་། །རང་བྱུང་མེ་ཏོག་ཉིད་དག་གིས། །ཆོ་ག་ཤེས་པས་ཀུན་ཏུ་སྤྱོད། །བཟླས་དང་བསམ་གཏན་མཆོད་པ་དང་། །མེ་ཏོག་གཅིག་དང་ཡང་དག་ལྡན། །བློ་ལྡན་གྱིས་ནི་སྟོན་མོ་བསྒྲུབ། །མ་ལུས་སྣོད་གཉིས་འདུས་བྱས་ཏེ། །རྟོག་པ་མེད་པའི་ཤེས་རབ་ཆེ། །སྔགས་དང་རྒྱུད་ཀྱི་ཚུལ་གྱིས་ནི། །གང་ལྟར་ཇི་ལྟར་རྙེད་པ་ལ། །ཡིད་ཀྱིས་གུས་པས་མཆོད་པར་བྱ། །གཉིས་དང་གཉིས་མེད་རྣལ་འབྱོར་བདག །མཁའ་ལྡིང་ཁ་བཞིན་བཏུང་བར་བྱ། །རིགས་ལྔ་གཅིག་ཏུ་ཡང་དག་འགྲུབ། །སྟོན་མོ་བཟང་པོ་བརྩམ་པར་བྱ། །རྟག་ཏུ་ནུབ་མོ་རྒྱ་ཆེ་བའི། །མཆོད་པ་བྱ་ཞིང་བརྩམ་པར་བྱ། །གནས་དེར་མེ་ཡི་ལས་ཀྱིས་ནི། །རྒྱུ་དང་མི་རྒྱུ་དཀྲུག་པར་བྱ། །རྣལ་འབྱོར་གང་གིས་མེ་ཏོག་གནས། །སྒྲུབ་པ་ཐམས་ཅད་སྤངས་པ་དང་། །བྱོལ་སོང་རྣལ་འབྱོར་མཆོག་ཏུ་འགྲུབ། །དམན་པ་འབྲིང་དང་མཆོག་རྣམས་ནི། །ཅེ་སྤྱང་གཉིས་སྐྱེས་མིག་ཆེན་དང་། །ཁྲུང་ཁྲུང་ས་ར་ས་དང་ཁྲ། །ཕོ་རོག་འུག་པ་བྱ་རྒོད་ཀྱིས། །དགང་བླུགས་ཀུན་གྱི་བྱེ་བྲག་གིས། །མཁའ་འགྲོ་མ་ལ་གཏོར་མ་སྦྱིན། །མཆོག་དང་དམན་པའི་དངོས་གྲུབ་སྟེར། །དེ་ཡི་རྫས་ཀྱི་དངོས་གྲུབ་སྐྱེ། །དེ་བཞིན་མཐོང་དང་རེག་པ་དང་། །རྟག་ཏུ་འོ་དང་འཁྱུད་པ་དང་། །སྦྱོར་བའི་གནས་ཀྱི་བྱེ་བྲག་གིས། །ཇི་སྲིད་རྣལ་འབྱོར་ཚོགས་ཀྱིས་ནི། །དངོས་གྲུབ་ཀུན་གྱིས་བྱེད་པར་བརྗོད། །སྔགས་ལས་འབྱུང་བ་སྦྱིན་པར་བྱ། །གཞན་དུ་ནམ་ཡང་མ་ཡིན་ནོ། །མ་དང་བུ་མོ་སྲིང་མོ་དང་། །ཆུང་མ་ཕོ་ཉ་མོར་གནས་པ། །གང་གིས་རྟག་ཏུ་སྔགས་སྟེར་བ། །དེ་ནི་དེ་ཡི་ཆོ་གར་བརྗོད། །དེ་ནས་བདག་གིས་དམ་ཚིག་བཤད། །གཡོན་ནས་འབྱུང་བ་མཆོག་ཡིན་ནོ། །གང་ཞིག་མི་ཡི་བུ་མོ་ཐོབ། །ཧེ་རུ་ཀ་ཡི་སྔགས་ཀྱིས་ནི། །འདོད་པའི་དངོས་
གྲུབ་འཐོབ་པར་འགྱུར། །རིང་པོ་ནས་ཀྱང་རྣམ་ཤེས་བྱ། །ཁྱིམ་མམ་ཞིང་ལ་རྣམ་གནས་ནས། །ཁྲག་འཐུང་རྣལ་འབྱོར་ལས་གཞན་མིན། །སློབ་དཔོན་རྣལ་འབྱོར་མ་ཡིན་ཏེ། །ཡིད་ཅན་གྱིས་ནི་རྒྱུད་འདི་རུ། །རྣལ་འབྱོར་ཐམས་ཅད་ཤེས་པར་བྱ། །གཞན་དུ་ནམ་ཡང་མ་ཡིན་ནོ། །སྔོན་དུ་དང་བ་ལ་བརྟེན་ནས། །གུས་པ་ཡིས་ནི་མཆོད་པར་བྱ། །རྟག་ཏུ་མ་མོས་རྣམ་པར་གནས། །གཉིས་སུ་མེད་དང་ངོ་ཚ་མེད། །ཕྱག་རྒྱ་ཤིན་ཏུ་རྣལ་འབྱོར་ལྡན། །ཚུལ་ཁྲིམས་ཡང་དག་བརྗོད་པ་ཡིན། །སྐྱེ་བའི་ཡུལ་ལས་སྐྱེས་པ་དང་། །དམ་ཚིག་ཡང་དག་བསྲུང་བ་ཡིན། །སེམས་ཀྱི་བདག་ཉིད་སྙིང་རྗེས་ཕན། །དམ་ཚིག་ཅན་ལ་ཁྲོ་མིན་ཏེ། །མ་གུས་པ་ལ་བཤད་མི་བྱ། །མཚན་མོ་ཐོག་ཐག་བཟླས་པ་བྱ། །རྣལ་འབྱོར་མ་ལ་མཆོད་པར་བྱ། །བཅུ་དྲུག་གཉིས་མེད་རྒྱལ་པོའི་དོན། །ནུབ་མོ་རུ་ནི་དམ་ཚིག་སྟེ། །དཔའ་བོ་རྟག་ཏུ་གཅེར་བུ་ཡིན། །སྒྲུབ་པོས་སྔགས་དང་ཕྱག་རྒྱ་དང་། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྒྲུབ་པོ་ལས་ནི་མཉམ་པར་བརྩམ། །བདག་ཉིད་ཕོ་ཉ་མཆོག་ཀུན་དང་། །རྣལ་འབྱོར་གཉིས་མེད་གནས་ན་ནི། །དེ་ལས་འབྱུང་བའི་རྫས་ཀྱིས་བསྒྲུབ། །དེ་བཞིན་མཐོང་དང་རེག་པ་པོས། །ཉིན་མོ་རྟག་ཏུ་གསང་བ་སྟེ། །རྟག་ཏུ་ནུབ་མོ་གསལ་བར་བྱ། །སྲོག་ཆགས་པགས་པས་ཤམ་ཐབས་བྱ། །བདེ་བའི་དོན་དུ་བསྐྱོད་པར་བྱ། །སྒྲུབ་པ་པོ་ནི་དངོས་གྲུབ་ཉིད། །དག་པ་རྣམ་གསུམ་གྱིས་འགྲུབ་སྟེ། །དཔལ་ལྡན་ཁྲག་འཐུང་གཉིས་མེད་གནས། །ཞལ་ནི་དཀར་གནག་དང་སྨྲ་དང་། །མི་སྨྲའི་དཀའ་ཐུབ་ལ་སོགས་སྤངས། །དང་པོ་ཡི་ནི་དག་པ་ཡི། །སྒྲུབ་ཐབས་ཀུན་གྱི་མཚན་ཉིད་དང་། །བྱོལ་སོང་ཟོས་པས་བསོད་ནམས་སོག །གཉིས་པའི་དག་པ་བརྗོད་བྱ་བ། །ཟླ་བའི་ཆུ་ནི་འཐུངས་པ་ཉིད། །གསུམ་པ་གཉིས་མེད་བརྗོད་པའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཚོགས་ཀྱི་དཀྱིལ་འཁོར་ལ་མཆོད་པ་དང་དབང་བསྐུར་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅྭ་ལྔ་པའོ།། །།
དེ་ནས་སྡོམ་པ་བཤད་པར་བྱ། །རྣལ་འབྱོར་རྒྱུད་ལས་རྙེད་དཀའ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཀུན་གྱི་རྒྱལ་པོར་གྲགས་པ་སྟེ། །རྟག་ཏུ་ཕྱག་རྒྱ་བསྒྲུབ་པར་བྱ། །འདོད་པའི་དངོས་གྲུབ་འབྲས་དོན་དུ། །སྤུན་དང་སློབ་དཔོན་མཆོད་པར་བྱ། །དེ་ཉིད་གཉིས་མེད་རྣམས་གནས་སོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་ཏུ་འབྱུང་། །དེ་ལ་ཡེ་ཤེས་བསྟན་མི་བྱ། །སྔགས་རྣམས་སུ་ནི་འབྱིན་པ་ཡིན། །གཙང་ཞིང་དག་པ་བཟའ་བྱ་སྟེ། །རྟག་ཏུ་དམ་ཚིག་ཡན་ལག་གསང། །སྔགས་ནི་སུ་ལའང་མི་སྦྱིན་ཏེ། །མན་ངག་རྣམ་པར་ཉམས་མི་བྱ། །གང་གི་དོན་ དུ་མན་ངག་རྣམས། །དམ་ཚིག་སྲུང་བ་སྦྱིན་པར་བྱ། །རྟག་ཏུ་འཇིག་རྟེན་གཡོན ་ལ་སྤྱོད། །རྐང་པ་ གཡོན་པ་སྔོན་དུ ་གཏང་། །ཡན་ལག་གཡོན་པ་བསྒྱུར་བར་བརྩོན། །གཡོན་པས་མཛུབ་གཏོར་བྱས་ལ་བཏུང་། །ལག་པ་གཡོན་པས་བདག་ཉིད་མཆོད། །འདི་རུ་གཡོན་པས་འཁྱུད་པ་དང་། །གཡོན་པས་གུས་པར་མཆོད་པར་བྱ། །གཡོན་ནས་ཀུན་ཏུ་བལྟ་བ་ཉིད། །དེ་བཞིན་གཡོན་པས་འགྲོ་བྱས་ན། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །ཇི་ལྟར་བདག་ཉིད་གཡོན་པས་སྤྱོད། །གཡོན་པས་ཐར་པའི་མཚན་ཉིད་དེ། །ཅུང་ཟད་གསུངས་དང་མ་གསུངས་པ། །དཔལ་ལྡན་ཁྲག་འཐུང་གཡོན་ལ་སྤྱོད། །སྒྲུབ་པོས་ས་སྟེངས་གནས་ནས་ནི། །བཟླས་དང་བརྟུལ་ཞུགས་བྲལ་བྱས་ཀྱང་། །གཡོན་པས་དངོས་གྲུབ་འགྱུར་བ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་གཡོན་པའི་མཆོད་པ་དང་སྡོམ་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །།དེ་ནས་རྣལ་འབྱོར་མ་ཡི་ནི། །ལྟ་བས་རེངས་པའི་ཆོ་ག་བཤད། །སྙིང་གོང་སྣ་རྩེར་བྱིན་གྱིས་བརླབ། །དེ་ལྟར་རླུང་ནི་གཡོ་མེད་པར། །སྙིང་གི་གོང་བུས་སྐེ་བཅིངས་ཏེ། །གཟུགས་བཟང་བ་ནི་མྱུར་དུ་འོང་། །དེ་ནས་ཡི་དགས་མོ་བསྒྲུབ་པ། །སྐྱེ་གནས་ལ་ནི་གི་ཝང་གཞུག །སྔགས་པས་པདྨའི་སྟེང་གནས་ཏེ། །བསམ་གཏན་བཟླས་པ་ཡང་དག་
བརྩམ། །སྐྱོ་ཞིང་ཀུན་ཏུ་ངུ་བར་འགྱུར། །ཐིག་ལེ་བྱས་ནས་གནས་པ་དང་། །རྒོདཅིང་དགྱེས་པ་ཉིད་དག་གོ། །དེ་ལྟར་གི་ཝང་དངོས་གྲུབ་ནི། །གསང་བའི་རྒྱུད་ལས་ངེས་པར་འབྱུང་། །ལྡོང་རོས་དང་ནི་མན་ཤིང་ལ། །བུ་མོ་ལ་ནི་གཞུག་པར་བྱ། །སེར་ཞིང་ཟླུམ་པའི་མིག་ནས་ནི། །མཆི་མར་བཅས་ཤིང་རྟག་ཏུ་ངུ། །འདི་རྣམས་ཀྱི་ནི་བཟླས་པར་གནས། །དེ་བཞིན་སྙིང་པོ་ཉེ་སྙིང་པོ། །རང་གི་སྲོག་བཞིན་ལེགས་པར་འཛིན། །དེ་ལྟར་དཔའ་བོ་དངོས་གྲུབ་ཆེ། །རྒྱུད་འདི་རུ་ནི་ཐེ་ཚོམ་མེད། །རྩོད་པ་ཆེན་པོ་འབྱུང་བ་ལ། །ཡྃ་ཡིག་ཁ་དོག་སྔོན་པོ་ལ། །རླུང་གི་ཤུགས་ཀྱིས་བསྐོར་བར་བྱ། །འཁྲུགས་པ་ཆེན་པོ་གཞན་གྱི་སྡེ། །ཐམས་ཅད་རེངས་ཤིང་བརླག་པར་བྱ། །ཚེག་དྲག་ཡི་གེས་མཚོན་ཆ་བྱ། །ཉོན་མོངས་མེད་པར་སྦྱར་བྱ་སྟེ། །དེ་མ་ཐག་ཏུ་ཐམས་ཅད་བརླག །དེ་ནི་མི་ཡི་སྡེ་ཀུན་ཏེ། །གང་ཞིག་ཅུང་ཟད་མཚན་མཆོག་གིས། །བྱ་བ་ལ་སོགས་བྱེད་པ་ཡིན། །གཟའ་དང་དུག་དང་མེ་དང་དགྲ། །སེར་བ་རླུང་དང་མཚོན་ཆའི་ཆར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་གཟུགས་བཟང་མ་བལྟ་བ་དང་གི་ཝང་དང་གཞན་གྱི་སྡེ་རེངས་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རོ་ལངས་ཀྱི་ནི་སྒྲུབ་པའི་ཐབས། །ཆོ་ག་ཡོངས་རྫོགས་རྣལ་འབྱོར་བདག །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །སྔགས་པས་ཇི་ལྟར་རྙེད་པ་ཡི། །རོ་ནི་ནད་མེད་གས་པ་མེད། །དེ་ནི་བླངས་ཏེ་བསྒྲུབ་པར་བྱ། །རྣལ་འབྱོར་ཀུན་ལ་དངོས་གྲུབ་སྟེར། །བ་ནག་མོ་ཡི་འོ་མ་དང་། །སྲན་གྲེའུ་འབྲས་དང་ལྡན་པ་ཡི། །ཐུག་པ་རོ་ཡི་ཁ་རུ་ནི། །འཇིགས་པ་མེད་པར་བླུག་པར་བྱ། །ཇི་སྲིད་རོ་ནི་ལངས་ཀྱི་བར། །བདག་གིས་ཅི་བགྱི་ཞེས་ནི་སྨྲ། །རིལ་བུ་མིག་སྨན་དངོས་གྲུབ་དང་། །མཆིལ་ལྷམ་རྒྱལ་པོ་རལ་གྲི་དང་། །སྦྱིན་དང་དགྲ་བོ་བརླག་པ་དང་། །རྐང་བྱུག་དང་ནི་བཅུད་ཀྱིས་ལེན། །དོན་མཆོག་གཅིག་ནི་བྱིན་ནས་ནི། །འགྲུབ་འགྱུར་གཞན་དུ་མ་ཡིན་ནོ། །
དེ་ལྟར་ཆོ་གའི་རིམ་པ་ནི། །མཚན་ཉིད་ཀུན་ལ་བྲལ་གྱུར་ན། །སྡིག་པ་དང་ནི་ཡང་དག་ལྡན། །དངོས་གྲུབ་རབ་ཏུ་བརླག་པར་འགྱུར། །རྟོག་པ་འདི་ཡི་ཚད་མ་རྣམས། །སྙིང་པོ་རུ་ནི་རབ་ཏུ་སྒྲོགས། །ཁྱབ་འཇུག་དྲག་པོ་དབང་པོ་དང་། །ཚངས་པ་ལ་སོགས་པ་དག་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །དྲང་སྲོང་སྣ་ཚོགས་དག་པ་དང་། །ཀླུ་དང་དྲི་ཟ་ལྷ་རྣམས་ཏེ། །རོ་ལངས་ནམ་མཁའ་ལྡིང་ལ་སོགས། །དྲག་པོ་ལྷ་མིན་མི་འམ་ཅི། །ཤ་ཟ་དང་ནི་སྲིན་པོ་སོགས། །ཉི་མ་ཟླ་བ་སྐར་མ་བཅས། །འཇིག་རྟེན་སྐྱོང་བ་བགེགས་ཀྱི་རྒྱལ། །མ་མོའི་དཀྱིལ་འཁོར་རྣལ་འབྱོར་མ། །མཁའ་འགྲོ་མ་ནི་སྣ་ཚོགས་དང་། །ལཱ་མ་དང་ནི་དུམ་སྐྱེས་མ། །གཟུགས་ཅན་མ་ནི་སླར་ལྡོག་མ། །འདོད་མ་སངས་རྒྱས་དབང་དང་ནི། །གྲུབ་པའི་རིག་པ་འཛིན་པ་དང་། །གནོད་སྦྱིན་ཕོ་དང་གནོད་སྦྱིན་མོ། །ཕྱོགས་ཆེན་དཔའ་མོ་ཨུ་མ་ལ། །ཇི་ལྟར་བདེ་བར་རྩེ་ཞིང་རྩེ། །དེ་ནས་གྲུབ་པའི་དཔའ་བོ་ཆེ། །སྔགས་རྣམས་ཀྱིས་ནི་འདི་དག་གིས། །དེ་ལྟར་གྲུབ་པའི་སྔགས་ཆེན་པོ། །རིག་པ་ཡིས་ནི་རྣལ་འབྱོར་སྐྱེ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རོ་ལངས་ཆེན་པོ་བསྒྲུབ་པའི་ཐབས་ལྷ་ཐམས་ཅད་དང་རྩེ་ཞིང་བདེ་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྙིང་པོའི་སྔགས་སོགས་བཟླས་པ་ལ། །ཕྲེང་བའི་རིགས་དང་གྲངས་དག་དང་། །ཆོ་གས་རྣལ་འབྱོར་བཟླས་པ་བྱ། །ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །རུ་དྲཱ་ཀྵ་ནི་མཛེས་པ་ཡིན། །རྡོ་རྗེའི་མིག་གིས་དངོས་གྲུབ་སྟེར། །པུ་ཏྲ་ཛཱི་བ་ཀུན་ལ་བཤད། །ནི་བར་ཏ་དང་ལུང་ཐང་དང་། །ཚེ་རིང་ནད་མེད་འཕེལ་བ་ཡིན། །དབང་དུ་བྱེད་དང་ཞི་འདོད་དང་། །ནོར་འཕེལ་བ་ནི་བྱེད་པ་ཡིན། །བྱི་རུ་ཡིས་ནི་འཕེལ་བ་དང་། །རིན་ཆེན་ཕྲེང་བས་མཛེས་པ་ཡིན། །གསེར་གྱི་ཕྲེང་བ་དག་དང་ནི། །སྒྲུབ་པོས་རིན་ཆེན་ཕྲེང་བ་བསྲེལ། །རྒྱལ་པོའི་དོན་དུ་སྔགས་པས་བཟླས། །དཔལ་ནི་ཆེ་བ་ཉིད་དུ་ཐོབ། །
དངོས་གྲུབ་ཐམས་ཅད་ཡོད་པ་དང་། །ས་ཡི་དབང་པོར་ཐེ་ཚོམ་མེད། །འབྱུང་པོའི་མཚན་ཉིད་དབང་དུ་བྱེད། །ནོར་རྣམས་འགུགས་པར་བྱེད་པའོ། །བྱ་རོག་སྒྲོ་ཡིས་བསྐྲད་པ་ཉིད། །བོང་བུ་ཡིས་ནི་སྡང་བའོ། །ཁྱི་དང་རྟ་ཡི་ཕྲེང་བ་ལ། །སྒྲུབ་པོས་མེ་ཏོག་གིས་ནི་མཆོད། །རོ་ཡི་སྐྲ་ཡི་སྐུད་པ་དང་། །བོང་བུའི་སྤུ་དང་ཡང་དག་ལྡན། །སྐུད་པ་འདི་ཡིས་སྡང་བ་དང་། །ཁྱི་ཡི་སྤུ་དང་བསྲེས་པས་ནི། །དངོས་གྲུབ་ཐམས་ཅད་བྱེད་པ་ཡིན། །གསེར་གྱི་སྐུདཔས་ཞི་བར་འགྱུར། །ཡང་ན་རས་ཀྱི་སྐུད་པ་ནི། །གཞོན་ནུ་མ་ཡིས་བཀའ་བ་ཡིན། །གཟུགས་མཛེས་ཡོངས་སུ་རྫོགས་པ་དང་། །གཙང་ཞིང་དྲན་ལྡན་འཇམ་པར་སྨྲ། །དེ་ལྟའི་སྐུདཔའི་ཕྲེང་བས་ནི། །གྲོལ་བའི་དངོས་གྲུབ་སྟེར་བར་འགྱུར། །དཔལ་ལྡན་ཁྲག་འཐུང་མཆོད་པར་བྱ། །སྤྱི་བོར་རི་བོང་ཅན་གྱིས་མཚན། །ཞི་ཞིང་ཞལ་ནི་བཞི་པ་སྟེ། །འདོད་པ་ཀུན་གྱི་གཟུགས་བཟང་བ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །སངས་རྒྱས་ནོར་བུས་གཙུག་ཕུད་བྱས། །ལག་པས་ཁ་ཊྲཱྃ་ག་ནི་བཟུང་། །མདུང་དང་རལ་པའི་ཅོད་པན་བྱས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །བརྒྱ་ཕྱེད་ཕྲེང་བས་མཚན་པ་སྟེ། །ལྷ་ཆེན་ཆུང་མར་བཅས་པ་ཡི། །སྟེང་ནས་མཉམ་པར་གནས་པ་ཡིན། །སྟེང་ནས་གདུགས་དཀར་པོས་གཡོགས་ཏེ། །ལྷ་ཡི་དྲི་ཡིས་བྱུགས་པ་དང་། །ལྷ་ཡི་མེ་ཏོག་ལུས་ལ་མཆོད། །ཕྱག་ནི་འབུམ་ཕྲག་དང་ལྡན་པ། །ལྷ་ཡི་ག་བུར་དྲི་ཡིས་ནི། །ལུས་ལ་བདུག་ཅིང་བྱུགས་པའོ། །མཁའ་འགྲོ་མ་ནི་སྣ་ཚོགས་པས། །རྔ་ཡབ་གྱིས་ནི་གཡོབ་པ་ཡིན། །རྣལ་འབྱོར་མས་ནི་མཉམ་པར་བསྐོར། །ལཱ་མ་དང་ནི་དུམ་སྐྱེས་མ། །རྡོ་རྗེ་ཕག་མོ་གཡོན་ལ་གནས། །དཔལ་ནི་སྐྱེད་ཚལ་པདྨ་ནི། །རྟག་ཏུ་མེ་ཏོག་འབྲས་བུ་གནས། །འདོད་པའི་ཤིང་ལ་ལྕུག་མ་རྒྱས། །ལྷ་དང་ལྷ་མིན་ཚོགས་ཀྱི་གནས། །འདོད་པའི་རྗེས་ཆགས་སྐྱེ་བ་སྟེ། །སྐྱེད་མོས་ཚལ་ན་དཔལ་མཆོག་སྟེ། །སྤྲིན་གྱི་ཕྲེང་བ་ཕྱེད་ཀྱིས་བཀབ། །འདོད་
པའི་རོ་ཡི་ཆར་པ་འབབ། །འདོད་པའི་གནས་ནི་མཆོག་ཡིན་ཏེ། །ཆགས་དང་བྱམས་པས་ཀུན་ཏུ་གང་། །ཕོ་ཉ་ཀུན་དང་མཉམ་པར་སྤྱོད། །དཔའ་བོ་དང་ནི་ཡང་དག་ལྡན། །ནགས་ཀྱི་དབུས་ན་རྩེ་བ་སྟེ། །དཔལ་ལྡན་རྡོ་རྗེ་འཆང་དབང་ཕྱུག །གླུ་དང་གླིང་བུ་གར་ལ་སོགས། །ཟངས་དུང་སྒྲ་ནི་མཉམ་པའི་རིགས། །རྔ་རིང་གི་ནི་སྒྲ་ལ་སོགས། །ཆ་ལང་སྒྲ་ནི་ཆེན་པོ་དང་། །རྫ་རྔར་བྱས་པའི་སྒྲ་དག་དང་། །པ་ཊ་ཧ་ནི་བརྡུངས་པའི་སྒྲ། །པི་ཝང་དགུ་པོ་རྒྱུད་མང་སྒྲ། །རོལ་མོ་ཀུན་གྱི་སྒྲ་ཆེན་པོས། །དཔལ་ཆེན་བཅས་པར་རྩེ་བ་སྟེ། །ཀུན་ཏུ་ཡོངས་སུ་ཁེངས་པ་ཡིན། །དེ་ཡིས་སྦྱོར་བའི་དངོས་གྲུབ་འགྱུར། །ཇི་སྲིད་སྙིང་པོ་སྐྱེས་ཀྱི་བར་དུའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་བཟླས་པའི་མཚན་ཉིད་དང་། །མཆོད་པ་དང་རྩེ་བའི་རྩེད་མོའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཅུ་དགུ་པའོ།། །།དེ་ནས་དངོས་གྲུབ་རྣལ་འབྱོར་ཆེ། །སྦྱིན་སྲེག་ལས་ནི་རབ་བསྒྲུབ་པ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་རྒྱལ། །སྦྱིན་སྲེག་གཉིས་མེད་དགང་བླུགས་ཀྱིས། །མཉམ་མེད་སྐལ་བཟང་དེ་ཡི་ནི། །དངོས་གྲུབ་ཀུན་ནི་སྐྱེ་བ་སྟེ། །སྐྱེ་ཤི་རྒ་དང་མྱ་ངན་དབུལ། །མྱུར་བ་ཉིད་དུ་བརླག་པར་འགྱུར། །རྒྱལ་པོའི་དོན་དུ་སྒྲུབ་པ་པོས། །སྟོང་ཕྲག་བཅུ་ཡི་སྔགས་ནི་བཟླས། །ཕོ་ཉའི་སྟེང་དུ་གནས་ནས་ནི། །སྦྱིན་སྲེག་སྟོང་ཕྲག་ལྔ་རུ་བྱ། །ཤ་ཆེན་དང་ནི་འོ་མར་བསྣོས། །སྦྱིན་སྲེག་དགང་བླུགས་རིམ་པ་ཡིས། །དཔག་ཚད་འབུམ་ཕྲག་བརྒྱ་ཡི་བར། །གཡོག་འཁོར་ཕུན་སུམ་ཚོགས་པར་འགྱུར། །དངོས་གྲུབ་ཆེན་པོ་རྒྱལ་དབང་དཔལ། །མ་ཉམས་ཀུན་ཏུ་ཁྱབ་ཅིང་འགྲོ། །སྔགས་པས་དུས་བཞི་རུ་ནི་གསོན། །དེ་ལ་སུས་ཀྱང་གནོད་མི་ནུས། །གཉིས་མེད་ཡེ་ཤེས་རྣལ་འབྱོར་གྱིས། །སྟོང་ཕྲག་སུམ་ཅུ་རྩ་གཉིས་བཟླས། །བ་ལང་ཤ་དང་ཤ་ཆེན་དང་། །ཅེ་སྤྱང་ཤ་ཡིས་དགང་བླུགས་ནི། །ཆང་དང་འོ་མ་མཉམ་པར་བསྣོས། །སྦྱིན་སྲེག་འབུམ་ཕྲག་གཅིག་ཏུ་བྱ། །གླིང་བདུན་གྱི་ནི་རྒྱལ་དབང་པོར། །འདི་ཡིས་དཔལ་ཆེན་ལོངས་སྤྱོད་འགྱུར། །ཇི་སྲིད་
སྙིང་པོ་རྒྱས་ཀྱི་བར། །དེ་ནས་དངོས་གྲུབ་སྔགས་ཆེན་པོ། །བརྒྱད་ལྷག་པ་ཡི་བརྒྱ་ནི་བཟླས། །རྫས་དང་ཆོ་ག་རྫོགས་པ་ཡིས། །དགང་བླུགས་སྟོང་ཕྲག་ལྷག་པར་བྱ། །དཔའ་བོ་རྩ་བའི་སྔགས་ཀྱིས་ནི། །འདི་ཉིད་དུ་ནི་དགང་བླུགས་བརྒྱ། །བཟླས་པ་རབ་ཏུ་སྦྱིན་བྱ་སྟེ། །དཔའ་བོ་རྣལ་འབྱོར་མ་བཞིན་སྤུན། །དེ་ལྟར་སྦྱིན་སྲེག་ཆོ་ག་བརྗོད། །དེ་ནས་རབ་འཕེལ་སྔགས་ཤེས་པས། །ས་སྟེང་གང་གིས་འགྲུབ་པར་འགྱུར། །བསྐལ་པ་ཆེན་པོ་སྟོང་ཕྲག་གམ། །དེ་བཞིན་བསྐལ་པ་སྟོང་ཕྲག་ཏུ། །མ་ཉམས་སྔགས་པ་ཀུན་ཁྱབ་སྤྱོད། །ཇི་ལྟར་ཇི་བཞིན་འགྲོ་བ་ཉིད། །སྒྲུབ་པོས་ཉི་མ་རེ་རེ་རུ། །རྟག་ཏུ་དགང་བླུགས་ལྔ་ཡིས་མཆོད། །རྒྱལ་པོ་ཡུལ་འཁོར་དབང་དུ་འགྱུར། །བཅུ་ཡིས་མི་དབང་རྒྱལ་པོ་དང་། །སྡེ་ནི་སྟོབས་དང་བཅས་པ་ཀུན། །དེ་རྣམས་མྱུར་དུ་དབང་དུ་འགྱུར། །སྣ་ཚོགས་བདག་ཉིད་ནོར་དང་ནི། །ས་ནི་སུམ་ཅུ་ཐམས་ཅད་དང་། །གླིང་བདུན་རྣམས་ཀྱང་དབང་དུ་འགྱུར། །རྒྱ་མཚོ་བདུན་ནི་མཐའ་གཏུགས་པར། །ལོངས་སྤྱོད་ས་ནི་གསེར་རང་བཞིན། །སུམ་ཅུ་ལྔ་ཡི་སྦྱིན་སྲེག་གིས། །ས་འོག་བདུན་གྱི་ལྷ་མ་ཡིན། །སྒྲུབ་པོས་ཆུང་མར་བཅས་པ་ནི། །མྱུར་བར་དབང་དུ་བྱེད་པར་འགྱུར། །དེ་ལྟར་དངོས་གྲུབ་རྣལ་འབྱོར་ཆེ། །དཔའ་བོ་དབང་ཕྱུག་དག་གིས་གསུངས། །དེ་ནས་ཤ་ཡི་དགང་བླུགས་འབུལ། །ཡང་ན་ཤ་ཆེན་དག་གིའོ། །ཆང་དང་བཅས་ནས་བསྲེས་ནས་ནི། །པདྨ་གཅིག་ཏུ་སྦྱིན་སྲེག་བྱ། །སྔགས་པས་ཡུལ་ནི་རྙེད་པར་འགྱུར། །སུམ་བརྒྱ་ཡ་ནི་ཚང་ཀྱིས་སོ། །འབུམ་ཕྲག་གསུམ་གྱི་སྦྱིན་སྲེག་གིས། །འཛམ་བུ་གླིང་ནི་ཀུན་ཏུ་འཐོབ། །འབུམ་ཕྲག་ལྔ་ཡི་དགང་བླུགས་ཀྱིས། །གླིང་བདུན་དེ་ཡིས་ལོངས་སྤྱོད་འགྱུར། །རྩེ་ཞིང་དངོས་གྲུབ་རྒྱལ་དབང་པོ། །ཇི་སྲིད་སྙིང་པོ་རྒྱས་ཀྱི་བར། །རྟག་པར་གསུང་བའི་ཆོ་གར་གནས། །སྐལ་དམན་གྱིས་ཀྱང་འགྲུབ་པར་འགྱུར། །དེ་ལྟར་གསུངས་པའི་སྦྱིན་སྲེག་ནི། །སྔགས་དང་རྒྱུད་ཀྱི་བདག་ཉིད་ཆེ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་གླིང་བདུན་གྱི་འཁོར་ལོས་སྒྱུར་
བའི་རྒྱལ་པོའི་སྦྱིན་སྲེག་གི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པའོ།། །།དེ་ནས་མངོན་སྤྱོད་ཀྱི་ནི་ལས། །འདོད་པས་དཔའ་བོ་རྣམས་ནི་བསྟེན། །དུག་ཁྲག་ཚ་བའི་མར་ཁུ་དང་། །མི་ཡི་རུས་པས་སྦྱིན་སྲེག་བྱ། །ཚེར་མའི་མེ་ནི་རབ་ཏུ་སྦར། །དེ་བཞིན་འབྲས་བུ་ཕུབ་མར་ལྡན། །ཁྲོ་བ་རྒྱས་ཤིང་སྐྲ་ཡང་གྲོལ། །གཅེར་བུ་ཁ་ཡང་ལྷོ་རུ་བལྟས། །སྔགས་པས་གོས་ནི་ནག་པོ་བྱས། །ཉི་མ་ཕྱེད་ན་མེ་ལ་ནི། །དྲག་པོ་ལས་ཀྱི་སྦྱིན་སྲེག་བྱ། །གཏུམ་པོའི་མེ་ལ་སེམས་གཅིག་གིས། །ཇི་ལྟར་ནུབ་མོའང་བྱ་བ་ཡིན། །སྔགས་ཀྱི་མཐའ་ནི་མིང་དང་སྦྱར། །ནུས་པ་གྲོལ་ཞིང་མྱུར་བར་དགུག །སྟོབས་ལྡན་སྡེ་དང་བཅས་པ་ནི། །མངོན་སྤྱོད་ཀྱིས་ནི་གསད་པར་བྱ། །ཕོ་ཉ་དེ་ཉིད་རྣལ་འབྱོར་བདག །འགྲུབ་པར་འགྱུར་བར་ཐེ་ཚོམ་མེད། །འདི་ནི་གསད་པའི་ལས་ཡིན་ཏེ། །ཕྱི་ནས་ལྷ་ལ་བཟོད་པར་གསོལ། །འོ་མ་བིལ་བ་སྦྲང་རྩི་མར། །ཏིལ་དང་ལྡན་པས་དགང་བླུགས་བྱ། །དེ་ལྟར་དཔའ་བོ་རབ་ཏུ་ནི། །ཡང་དང་ཡང་དུ་སྔགས་འདི་བཟླས། །དེ་ནས་བསྐྲད་པ་རབ་ཏུ་བཤད། །ཉི་མ་གཞན་ལ་ལས་བརྩམས་ཏེ། །བྱ་རོག་སྒྲོ་ཡིས་སྦྱིན་སྲེག་བྱ། །དྲི་ཆེན་རོ་ནི་རྒྱ་ཆེན་དང་། །ཤ་ཟའི་ཤིང་གིས་མེ་སྦར་ཏེ། །རླུང་ཕྱོགས་ཁ་ནི་བལྟས་ཏེ་བསྐྲད། །བདག་ཉིད་དུ་ནི་གནས་ནས་ནི། །ཞག་བདུན་གྱིས་ནི་ཐེ་ཙོམ་མེད། །རྣམ་པར་སྡང་བ་བཤད་པར་བྱ། །སྔགས་པས་ནིམ་པའི་འདབ་མ་དང་། །སྦྲུལ་གྱི་པགས་བརྗེས་ཡང་དག་ལྡན། །བྱ་རོག་འུག་པའི་ཚང་དག་དང་། །སྨྱོ་བྱེད་མེ་ནི་རབ་སྦར་ཏེ། །བརྒྱད་ལྷག་བརྒྱ་ནི་གཞུག་པར་བྱ། །འཇིགས་པ་ཐམས་ཅད་རྣམ་པར་དབྱེ། །གཉེན་དང་བཤེས་རྣམས་གཏོང་བར་འགྱུར། །དགུག་པའི་དོན་དུ་སྦྱིན་སྲེག་ནི། །མཚན་གྱིས་འདི་བཞིན་བསམ་གཏན་བྱ། །སེང་ལྡེང་མེ་ནི་རབ་ཏུ་སྦར། །དུས་གསུམ་དུ་ནི་སྦྱིན་སྲེག་སྤྱོད། །དེ་ཡི་མིང་ནི་ལན་ཅིག་བླང་། །དེ་ལ་སྔགས་ཀྱིས་སྦྱོར་བ་སྟེ། །རྟག་ཏུ་སྔགས་པས་སྦྱིན་སྲེག་བྱ། །ངེས་པར་ཐམས་ཅད་འགུགས་པ་ཡིན། །སྔགས་
པས་ནུབ་མོ་སྦྱིན་སྲེག་བྱ། །འདོད་པས་ཕོ་ཉ་བཅས་པ་རུ། །དེ་ཡིས་ཐམས་ཅད་འགྲུབ་པར་འགྱུར། །ཕྱག་རྒྱ་ཡི་ནི་རྗེས་འཇུག་པས། །ཕྱག་རྒྱ་ཡི་ནི་སྦྱོར་བར་འགྲུབ། །རྟག་ཏུ་རྒྱལ་པོ་དབང་པོ་དང་། །ཡང་དག་སངས་རྒྱས་ཕ་རོལ་གནོན། །ཡེ་ཤེས་གཟུགས་ནི་རྣལ་འབྱོར་ཆེ། །འདོད་གཟུགས་མར་ནི་གྱུར་པ་སྟེ། །ལྷ་མོ་ཆེན་མོ་ལྷ་མ་ཡིན། །ཀླུ་མོ་ཉིད་ཀྱི་བུ་མོར་འདོད། །སྲིན་མོ་དང་ནི་ཉེ་སྲིན་མོ། །དྲི་ཟ་དང་ནི་གནོད་སྦྱིན་མོ། །མི་རྣམས་ཉིད་ནི་ཐམས་ཅད་དུ། །འཇིག་རྟེན་གསུམ་ནི་དབང་དུ་འགྱུར། །དྲུག་ཅུ་རྩ་བཞི་རབ་སྦྱར་བས། །རྣལ་འབྱོར་ཕྱག་རྒྱ་ལ་ནི་རྩེ། །བཟའ་དང་བཏུང་དང་རྙེད་དང་འཇིགས། །འདི་རྣམས་ཀུན་ནི་ཡོངས་སུ་གཏང་། །དེ་ཉིད་དོན་དམ་ཡེ་ཤེས་ཏེ། །དེ་ཉིད་དོན་དམ་གོ་འཕང་ཡིན། །དེ་ཉིད་དོན་དམ་སངས་རྒྱས་ཉིད། །དེ་ཉིད་དོན་དམ་བདེ་བ་སྟེ། །གཞན་དུ་ཡོད་པར་མི་བརྗོད་དོ། །དམ་ཚིག་ཉེ་བར་སྤྱད་པ་ཡིན། །རྟག་ཏུ་གཉིས་མེད་ཕྱག་རྒྱར་བཅས། །ཕོ་ཉ་མཆོད་པས་རབ་ཏུ་འཕེལ། །སྒྲུབ་པོས་མཆོད་པ་ཙམ་གྱིས་ནི། །དངོས་གྲུབ་ཀུན་ནི་ཤིན་ཏུ་བྱེད། །ཕོ་ཉ་སྨད་པར་མི་བྱ་སྟེ། །སྒྲུབ་པོས་ཐམས་ཅད་འགུགས་པ་ཡིན། །རྒྱབ་དང་སྨད་དང་བཅས་པ་དང་། །ལོངས་སྤྱོད་སྡིག་པས་གོས་མི་འགྱུར། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །གསང་བའི་མཆོད་པ་རབ་ཏུ་འཕེལ། །རྣལ་འབྱོར་སྦྱོར་བྲལ་མི་བྱ་སྟེ། །འདི་རྣམས་སྔགས་ནི་སྨྲས་པ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཕྲིན་ལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །རོ་ལངས་ཆེན་པོ་སྒྲུབ་པའི་ཐབས། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །འཁོར་ལོ་ཀུན་ལ་རྣམ་པར་གནས། །མི་ཡི་མར་ཁུ་དེ་ཡི་ཤ། །སྲེག་བླུགས་བརྒྱ་རྩ་བརྒྱད་བླུགས་བྱ། །དེ་རུ་རྡོ་རྗེ་ཕག་མོ་བྱིན། །མཁའ་འགྲོ་མ་ཡི་འཁོར་གྱིས་བསྐོར། །རོ་ལངས་སྲིན་པོས་ཡང་དག་གང་། །བསྲེགས་པ་རྒོད་ཅིང་འཇིགས་པར་བྱེད། །ཅེ་སྤྱངསྣ་ཚོགས་ང་རོ་ཆེ། །ཡོངས་སུ་
བསྐོར་ནས་འཇིགས་པར་སྒྲོགས། །སྲིན་པོས་བཀྲམ་ནས་སྡིགས་པར་བྱེད། །འཇིགས་པའི་དབྱངས་ཀྱིས་སྡིགས་པར་བྱེད། །དེ་མཐོང་འཇིགས་པར་མི་བྱ་སྟེ། །ལུས་ཀྱི་སྔགས་ཀྱི་ང་རྒྱལ་བྱ། །དཔའ་བོ་ཆེན་པོ་ལེགས་ཞེས་བརྗོད། །བདག་ཉིད་རྡོ་རྗེ་སེམས་བརྟུལ་ཞུགས། །སྒྲུབ་པོ་ཡིད་ལ་ཅི་འདོད་པའོ། །དེ་ལ་མཆོག་ནི་བརྒྱ་སྟེར་ཏེ། །དེ་ཡི་གནས་སུ་དཔའ་བོ་འགྲོ། །རྣལ་འབྱོར་མ་ཡིས་ཡོངས་སུ་བསྐོར། །དེ་ནས་དེ་མ་ཐག་ཉིད་དུ། །འཇིག་རྟེན་གསུམ་ལ་སྤྱོད་པར་འགྱུར། །རང་ཉིད་ལྷ་ཡི་ལུས་སུ་སྐྱེ། །དཔལ་ཆེན་སྐལ་བཟང་འདོད་པའི་གཟུགས། །རྟག་ཏུ་དེ་བཞིན་གཤེགས་པ་ཀུན། །ནམ་མཁར་ཀུན་ཏུ་སྤྱོད་པ་ཉིད། །ནད་དང་འཆི་བ་རྣམ་པར་སྤང་། །གནས་ཀུན་ལ་ནི་སྤྱོད་པ་སྟེ། །འདི་རྣམས་ལས་ནི་དམ་པ་མཆོག །རྣལ་འབྱོར་མ་དང་དཔའ་བོས་བཤད། །གནས་ལས་རྣམ་པར་རྒྱལ་བར་འགྲུབ། །དེ་ནས་དཔལ་ཆེན་ལས་རྒྱས་བྱས། །རྡོ་རྗེ་སེམས་དཔའ་བདག་ཉིད་ཆེ། །རྡོ་རྗེ་སེམས་དཔའི་གོ་འཕང་འཐོབ། །དེ་ཡི་ལས་ནི་རབ་ཏུ་འགྲུབ། །གང་གིས་བཟླས་མེད་རྒྱུད་ཀྱང་མེད། །སྤྱོད་པ་མེད་ཅིང་སྨྱུང་བ་མེད། །ཡིད་ཀྱིས་མ་ལུས་པར་བྱས་ནས། །སེམས་དཔའ་ཆེན་པོ་འགྲུབ་པར་འགྱུར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རོ་ལངས་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་དགུག་པ་བཤད་པར་བྱ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །བདག་ཉིད་ཁྲག་འཐུང་རྣལ་འབྱོར་གྱིས། །འགྲུབ་པར་འགྱུར་ཏེ་ཐེ་ཙོམ་མེད། །ཐོད་པ་དུམ་བུ་གཅིག་པ་སྟེ། །སྐྱོན་ཀུན་མེད་ཅིང་མཛེས་པ་ལ། །བསྒྲུབ་བྱའི་ལུས་ནི་བྲི་བར་བྱ། །དེ་བཞིན་བརྒྱ་ཕྱེད་འདབ་མ་ལ། །སྔགས་དང་མིང་ནི་ལྷན་ཅིག་ཏུ། །ཁྲག་ཆེན་དང་ནི་མཉེས་ནས་སུ། །གསེར་གྱི་སྨྱུ་གུས་ནང་དུ་བྲི། །སྔགས་ནི་གི་ཝང་ཁུ་བས་སོ། །སྟེང་ནས་འཁོར་ལོ་ཁ་སྦྱོར་ཡིན། །སྙིང་པོ་བཟློག་སྟེ་བསྒྲུབ་པར་བྱ། །སྔགས་ནི་བཟླས་ཤིང་གཞུག་པར་བྱ། །སྔགས་པས་ནམ་ཕྱེད་དུ་གནས་ཏེ། །འདབ་མ་གཅིག་ནི་ཡང་དག་
བླང་། །ལུས་ཀྱི་སྔགས་ཀྱི་ང་རྒྱལ་གྱིས། །འདབ་མ་བརྒྱ་ནི་སྦྱིན་སྲེག་བྱ། །སེམས་ཀྱིས་ཡིད་ལ་ཅི་འདོད་པ། །སྦྱིན་སྲེག་ཕོ་ཉའི་ཡེ་ཤེས་དང་། །གཏོར་མ་སྦྱིན་པའི་བྱེ་བྲག་དང་། །གཉིས་མེད་ཡེ་ཤེས་རྣལ་འབྱོར་གྱིས། །ཕྱག་རྒྱ་བཅིང་བ་བསམ་པར་བྱ། །བསྒྲུབ་བྱ་དེ་ཡིས་འགུགས་པར་འགྱུར། །རྒྱལ་པོའི་བུ་མོ་བུད་མེད་མཆོག །འཁོར་ལོས་སྒྱུར་བར་བཅས་པ་དང་། །གཞན་དུ་བྱ་བ་བརྟག་མི་དགོས། །དངོས་གྲུབ་འདི་རྣམས་མཆོག་ཏུ་གསང། །རྣལ་འབྱོར་མཆོག་ནི་མངོན་དུ་བསྒྲུབ། །མདུན་དུ་དགྱེས་བྱེད་མཆོག་གིས་སོ། །ཡང་ན་ལས་མཆོག་དམ་པ་དག །སྒྲུབ་པོས་བསྒྲུབ་བྱའི་ལུས་དག་ནི། །ཙན་དན་དམར་པོའི་རང་བཞིན་ལས། །གཟུགས་བརྙན་དག་ནི་རབ་ཏུ་བྱས། །རང་གི་ཁྲག་དང་གི་ཝང་གིས། །མངོན་པར་བྲིས་ཏེ་སྙིང་གར་གཞག །ཚ་བ་གསུམ་གྱིས་ལུས་ནི་བྱུག །ཟངས་ཀྱི་ཁབ་ཀྱིས་བསྒྲུབ་བྱ་ཡི། །སྙིང་དང་ལྟེ་བ་གསང་བ་རུ། །གནས་གསུམ་དག་ནི་ཕུག་པ་སྟེ། །ནམ་ཕྱེད་ཀྱི་ནི་དུས་དག་ཏུ། །སྙིང་པོའི་སྔགས་ནི་གོ་བཟློག་བཟླས། །གང་འདོད་དེ་ནི་འགུགས་པར་འགྱུར། །སེང་ལྡེང་མེ་ལ་དེ་སྲིད་གདུང་། །སྔགས་ནི་རྗེས་སུ་དྲན་པ་ཡིས། །བསྒྲུབ་བྱ་མྱུར་དུ་འོང་བར་འགྱུར། །གནས་དེར་སངས་རྒྱས་འཇིག་རྟེན་སོགས། །རྡོ་རྗེ་སེམས་དཔའ་དག་ཀྱང་ནི། །རླུང་གི་ཤུགས་ཀྱིས་འོང་བར་འགྱུར། །སྔགས་འདི་དག་ནི་དྲན་ཙམ་གྱིས། །འཇིག་རྟེན་གསུམ་ནི་དབང་དུ་འགྱུར། །ནམ་མཁའི་བྱ་ཡང་ལྷུང་བར་འགྱུར། །ཤིང་རྣམས་ཀྱང་ནི་གུས་པར་འགྱུར། །ཆུ་ནི་རྒྱུན་ལས་ལྡོག་པ་སྟེ། །འཁྲུལ་འཁོར་དང་ནི་གླང་ཆེན་དང་། །རྟ་དང་སྦྲུལ་དང་སྤྲེའུ་དག་དང་། །མཚོ་ཡི་རླབས་ནི་འཆིང་བར་བྱེད། །ཇི་ལྟར་ཐང་ལ་འགྲོ་བ་བཞིན། །དེ་ལྟར་ཆུ་ལ་འགྲོ་བར་འགྱུར། །གསེར་གྱི་བཙག་གིས་བྷ་ག་བྲི། །དེ་སྟེང་ལག་པ་གཡོན་པ་ནི། །བཞག་སྟེ་བརྒྱ་རྩ་བརྒྱད་བཟླས་བྱ། །གང་གི་མིང་ནི་གཟུང་ན་ནི། །དེ་ནི་དེ་མ་ཐག་ཏུ་འོང་། །རང་གི་མལ་སྟན་ལ་གནས་ཏེ། །ལག་པ་གཡོན་པར་རང་
རྟགས་གཟུང་། །གང་གི་མིང་བརྒྱ་རྩ་བརྒྱད་བཟླས། །དེ་ནི་དེ་མ་ཐག་ཏུ་ནི། །སངས་རྒྱས་དཀར་མོ་དེ་བཞིན་དུ། །རབ་ཏུ་འདོད་པར་འགྱུར་བ་ཡིན། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། །དྲན་པས་འཇིགས་པར་འགྱུར་བ་སྟེ། །བཟླས་ཤིང་བརྩེ་བས་སྦྱར་བས་ནི། །རིག་པ་ཀུན་ཡང་རྨོངས་པར་བྱེད། །གང་གིས་རིག་པ་སྦྱོར་དན་པས། །འཇིག་རྟེན་གསུམ་ནི་དཀྲུག་པར་བྱ། །རིག་པ་འདི་རྣམས་ཞེས་བྱ་བ། །དཔལ་ལྡན་ཕག་མོ་ཞེས་བྱ་བ། །རྨོངས་དང་དབྱེ་བ་འདི་རྣམས་ནི། །ཁམས་གསུམ་དབང་དུ་བྱེད་པའོ། །བཀླགས་ཤིང་བཤད་པས་དངོས་གྲུབ་སོགས། །དངོས་གྲུབ་ཀུན་བྱེད་འཇིགས་པ་ཡིན། །བཤེས་དང་བུ་མོ་རིགས་སེགས་ལ། །སྔགས་འདི་བརྗོད་པར་མི་བྱའོ། །ཐམས་ཅད་ཅི་བགྱིར་འགྱུར་བ་སྟེ། །སྒྲུབ་པོ་མཐོང་བས་ངེས་པར་ལྟུང་། །མི་མོའི་མཚམས་ལས་འཛག་འགྱུར་ཏེ། །རྟག་ཏུ་ངོ་ཚ་བཏང་བར་འགྱུར། །གོས་མེད་སྐྲ་ནི་གྲོལ་བ་དང་། །ནུ་མཁྲང་བདག་ཉིད་གཞན་དབང་འགྱུར། །ལུས་ལ་རེག་པ་མཐའ་དག་དགོད། །དེ་བཞིན་གཤེགས་པ་དང་མཉམ་འགྱུར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཀྱིས་དགུག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཀུན་ཏུ་འབད་པ་ཡིས། །ཕྱག་རྒྱ་ཆེན་པོ་རབ་སྒྲུབ་པ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་པར་འགྱུར། །མཆེ་གཙིགས་མ་ཡི་ཕྱག་རྒྱ་ཡིས། །སྒྲུབ་པོ་འདོད་པའི་ཚུལ་གྱིས་སུ། །ས་རྣམས་ཀུན་ལ་ངེས་པར་སྤྱོད། །ལྷ་དང་ལྷ་མིན་མི་རྣམས་ནི། །ཐམས་ཅད་དཀྲུགས་ནས་དེ་ཡིས་ནི། །འདོད་པའི་དངོས་གྲུབ་རབ་ཏུ་སྟེར། །བརྟུལ་ཞུགས་མེད་ཅིང་སྨྱུང་བ་མེད། །བསམ་གཏན་དང་ནི་ལྡན་པ་མེད། །རྗེས་སུ་དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་ནི་དབང་དུ་འགྱུར། །གང་གིས་སྐྱེ་བའི་གོ་འཕང་མཐོང་། །ལུས་ལ་ས་བོན་བཀོད་པས་ནི། །འཇིགས་ཤིང་སྐྲག་ལ་བརྒྱལ་བར་འགྱུར། །རྣམ་པར་རྨོངས་ཤིང་འཛུམ་པ་སྟེ། །འདོད་པས་མྱོས་པའི་སྐྱེ་བོ་རྣམས། །བུད་མེད་
ཉིད་དུ་གྱུར་པ་ནི། །སྒྲུབ་པོས་མཐོང་བས་དགྱེས་པར་འགྱུར། །སེམས་ནི་རབ་ཏུ་མྱོས་པར་སོང་། །རིག་པ་འདི་ཞེས་བྱ་བ་ནི། །དཔལ་ལྡན་རྡོ་རྗེ་ཕག་མོ་ལས། །ངེས་པ་རུ་ནི་འབྱུང་བ་སྟེ། །སེམས་ཅན་ཐམས་ཅད་དཀྲུག་པ་ཡིན། །རང་འབྱུང་སངས་རྒྱས་ཀྱིས་ནི་གསུངས། །སྣ་ཚོགས་རིག་པ་དེ་ཡིས་ནི། །ལན་ཅིག་བཟླས་ཤིང་བསྒྲུབ་པར་བྱ། །དེ་བཞིན་གཤེགས་པ་འདྲ་བར་ནི། །འཇིག་རྟེན་པ་ཡིས་མཐོང་བར་འགྱུར། །རིག་པས་འགུགས་ཤིང་དེ་ནས་འོང་། །དེ་མ་ཐག་ཏུ་བརྒྱལ་བ་དང་། །ལྟུང་ཞིང་འཆི་བར་འགྱུར་བ་ཡིན། །གསུངས་པའི་འདབ་མ་ཡང་དག་བླང་། །འཁོར་ལོ་བདག་གིས་མངོན་པར་བྲི། །བྱ་རོག་སྒྲོ་ཡི་སྨྱུ་གུས་ནི། །མིག་གི་ཆུ་ཡིས་ཡང་དག་བྲི། །གང་གིས་རླུང་གིས་འཐོར་བ་རུ། །སྙིང་པོ་བཟློག་ལ་བཟླས་པ་བྱ། །སྟེང་དུ་རླུང་གི་འཁོར་བ་སྟེ། །བརྒྱ་བྱིན་ཡང་ནི་སྐྲག་པར་འགྱུར། །དགྲ་བོ་ལ་ནི་མངོན་སྤྱོད་དོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རྡོ་རྗེ་ཕག་མོའི་གོ་བཟློག་པའི་སྙིང་པོའི་དགུག་པ་དང་བསྐྲད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་མཁའ་འགྲོ་མ་ཡི་ནི། །མཚན་མ་རུ་ནི་འགྱུར་བ་སྟེ། །པྲོ་ཏང་གི་ནི་ཕྱག་རྒྱ་ཞེས། །གཉིས་པ་པྲ་ཏི་པྲོ་ཏང་གི། །བདེ་འམ་ཞེས་ནི་བྱ་བ་ཡིན། །ཕྱག་རྒྱར་ཡང་ནི་འགྱུར་བ་སྟེ། །དཔའ་བོ་ཆེན་པོའི་བརྡ་ཡིན་ནོ། །ག་མིན་ཞེས་བྱ་བ་ནི་འགྲོ་བ་ཡིན་ནོ། །ཨཱ་ག་མ་ཞེས་བྱ་བ་ནི་འོང་བའོ། །དེ་ཧི་ཞེས་བྱ་བ་ནི་ཆང་གི་བཏུང་བའོ། །གྲི་ཧྱཾ་ནི་གནས་སོ། །ཙ་རུ་ཀ་ནི་སྟོན་མོ་མེད་ཅེས་བྱའོ། །བྲུ་ཙ་ནཾ་ཞེས་བྱ་བ་ནི་གཏོར་མའོ། །ཙ་རུ་ཀ་ནི་ཁྱིམ་འདི་ཞེས་བྱ་བའོ། །ན་ཞེས་བྱ་བ་བཟང་བའོ། །པུ་ཏ་ཀ་ཞེས་བྱ་བ་གཏོར་མའོ། །བུན་ཛནྟི་ཞེས་པ་ཀུན་ཏུ་མཛེས་པའོ། །ཙ་ར་ཀ་ནི་མཉམ་པར་འགྲོ་བའོ་ཞེས་བྱ་བར་གསུངས་སོ། །སྨ་ར་ན་མ་ནི་ངག་གིས་བཤིག་པའོ། །ཀ་ཏྱ་ནི་བུ་མོའོ། །ཌ་ཧ་ནི་འོ་བྱེད་པའོ། །གྷ་དྷ་ནི་གཡོགས་པའོ། །སྭ་ར་ཤ་ནི་གཡོན་པའོ། །ཨེ་ཏད་ཏ་ནི་བཟའ་བ་དང་བཅའ་བའོ། །བལ་ནི་ཀ་ནི་དམ་ཚིག་གོ། །སི་ར་ནི་མཆོད་
པའོ། །ཨཱ་ལི་ཀཾ་བདེན་པར་གསུངས་པའོ་ཞེས་གསུང་བར་འགྱུར་བའོ། །ལཱ་ལ་ནི་ཁྲོ་བ་ཞེས་གསུང་བར་འགྱུར་རོ། །ས་སྲ་བ་ཎཾ་རྣ་བ་ཞེས་གསུངས་སོ། །ས་ཏ་ནི་སྲོག་ཅེས་སུ་ཤེས་པར་འགྱུར་རོ། །ཤཱ་སྟྲི་ནི་ཆུང་མ་ཞེས་སུ་གསུངས་སོ། །བྷ་གི་ནི་བུ་མོ་དང་སྦྱོར་བར་འགྱུར་རོ་ཞེས་སུ་བརྗོད་པར་འགྱུར་རོ། །ཨ་ཤྭ་ཏཱཾ་ནི་བུད་མེད་ཀྱི་ནུ་མའོ། །བ་ལ༔ཏ་ཀ་ནི་སྐྱེས་བུའོ། །བ་ལ་ཧ་ཀ་ནི་དེ་དག་འཁྲུད་པའོ། །ཀཱ་ན་ཏཱ་ནི་མའོ། །ཏཱ་ལི་ཀ་ནི་མཁའ་འགྲོ་མའོ། །ཀ་ནྱ་ནི་འདོད་པའི་སྐྱེས་བུའོ། །མེ་ར་ནི་ཡོད་པའོ། །བཱ་ས་ཀ་ནི་དཀྱིལ་འཁོར་རོ། །ན་ར་ཀ་ཞེས་པ་དུར་ཁྲོད་དོ། །ཀ་ཁཱི་ནི་སྒོའོ། །ཤབ་ནི་བྲམ་ཟེའོ། །བི་ར་དྷི་ནི་རྒྱལ་རིགས་སོ། །ཙ་ར་དྷི་ནི་རྗེ་རིགས་སོ། །ཀུ་ར་ནི་དམངས་རིགས་སོ། །ཨན་ཏ་སྠཾ་ནི་གཏུམ་མོའོ། །གྲྀ་ཧེ་ནི་ཕྱུགས་སོ། །ཧི་ཧི་ཞེས་པ་གསོད་པའི་སྟོན་མོའོ། །ཌཱ་ཀི་ནི་འདུས་པའོ། །ཨུ་ད་ཀཾ་ནི་ཟླ་བའི་བཏུང་བའོ། །གྲྀཧྞ་ནི་ཕྱག་རྒྱ་རྣམས་སོ། །ཛི་ཧྭ་ནི་རོའོ། །སོ་ལ་རེག་པ་ནི་ལྟོགས་པ་ཞེས་བརྗོད་པའོ། །ཨན་ཏྲཾ་ཞེས་པ་ནི་འགྲངས་པའོ། །གནྡ་བ་སི་ནི་གནས་པའོ། །བི་མ་ལ་ཞེས་པ་ནི་ཆེ་གེ་མོའི་གནས་སོ། །ཀིར་ཎ་ནི་མེ་ཏོག་གོ། །རྒོད་པ་ནི་ཁྲོ་བར་བརྗོད་པའོ། །ལཾ་པོ་ད་རཿསོ་ཞེས་པར་གསུང་བར་འགྱུར་རོ། །མུ་ཁ་ནི་ཚོས་མཁན་དུ་འགྱུར་རོ། །ཛི་ཧྭ་ནི་མི་འཇིགས་པར་གསུངས་སོ། །ཨ་ད་ན་ནི་སོའི་ཕྲེང་བའོ། །དྷཱ་ཛ་ནི་ཚན་དྷོ་ཧའོ། །ཙ་ལ་ནི་རླུང་ངོ་། །པ་ཤུ་ནི་རི་དགས་སོ། །མཱི་ས་ཡན་ཏི་ནི་དཀྱིལ་འཁོར་རོ། །ས་མཾ་ནི་བཞི་མདོའོ། །གོ་ཏ་ནི་ཁྲག་གོ། །མ་ཧཱ་ཥ་བ་ས་ནི་མི་འགྱུར་བ་ཆེན་པོའོ། །ཨ་ཧི་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོའོ། །སི་དྷ་ནི་རྣམ་གྲངས་སོ། །ཁ་ལ་རེག་ན་ལྟོགས་པ་ཞེས་པའོ། །སོ་ལ་རེག་པ་ནི་ཚིམ་ཞེས་པའོ། །ཨཌྷྱ་ནི་དབུལ་པོ་ཞེས་སུ་གསུངས་སོ། །གསང་བར་རེག་ན་འཁྲིག་པའོ། །བརླ་ལ་རེག་ན་གྱིས་ཞེས་པའོ། །འོག་ཏུ་བལྟས་ན་མེད་ཅེས་པའོ། །སྟེང་དུ་ཅེས་པའོ། །མཁའ་འགྲོ་མ་རྣམས་ཀྱི་མཚན་མའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་
གསང་བའི་བརྔའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་མཆོད་པའི་བྱེ་བྲག་རྣམས། །གཡོན་ནས་བྱུང་བས་བྱ་བ་སྟེ། །ཆོ་ག་ཤེས་ནས་ཕྱག་གི་ལན། །དཔའ་བོ་རྣལ་འབྱོར་མ་ལས་བྱུང་། །ས་ནི་སྤྱན་མར་བཤད་པ་ཡིན། །ཆུ་ཁམས་མཱ་མ་ཀཱི་རུ་བརྗོད། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རྣམ་པར་གནས། །འོ་བྱེད་མ་ནི་སྟོང་པའོ། །དེ་བཞིན་ཕ་རོལ་ཕྱིན་པའོ། །མཛུབ་མོའི་ལྕགས་ཀྱུའི་སྤྱན་མ་སྟེ། །མཐེ་བོང་མཱ་མ་ཀཱི་རུ་བརྗོད། །གུང་མོ་གོས་དཀར་མོ་རུ་བརྗོད། །མཐེའུ་ཆུང་ལ་ནི་སྒྲོལ་མར་སྦྱར། །མིང་མེད་ལ་ནི་ཕ་རོལ་ཕྱིན། །དཔའ་བོ་རྣལ་འབྱོར་དབུས་སུ་མཐོང་། །གནས་ལ་སོགས་པའི་རྣལ་འབྱོར་མ། །ཐམས་ཅད་རྒྱབ་ཏུ་གཤེགས་སུ་གསོལ། །དེ་ལྟར་གཡོན་པ་ཁྱད་པར་ཅན། །སློབ་མ་རྣམས་ནི་བདག་ཉིད་ཆེ། །རྡོ་རྗེ་སེམས་དཔའ་ཐབས་ཆེན་དང་། །དེ་བཞིན་གཤེགས་པ་རྣམ་སྣང་མཛད། །གསུམ་པ་པདྨ་གར་དབང་ཕྱུག །བཞི་པ་ཧེ་རུ་ཀ་རུ་བརྗོད། །ལྔ་པ་ནམ་མཁའི་སྙིང་པོ་སྟེ། །དྲུག་པ་ལ་ནི་རྟ་མགྲིན་ནོ། །དེ་བཞིན་ཁྲོ་བོའི་རྡོ་རྗེ་མཆོག །འཁོར་ལོའི་གནས་ལ་བལྟ་བར་བྱ། །བྱ་བ་ཐམས་ཅད་སྒྲུབ་པ་ལ། །རང་མིང་བརྗོད་པའི་སྔགས་དང་ནི། །ཧཱུྃ་ཧཱུྃ་ཕཊ་ཡིག་སྦྱར་བ་ཡིན། །གཤིན་རྗེའི་ཕྱོགས་ནས་བརྩམས་ནས་ནི། །ཇི་སྲིད་བདེན་བྲལ་གྱི་ནི་བར། །གཡོན་པའི་ཀུན་སྤྱོད་འདི་རྣམས་འདོད། །མཁའ་འགྲོ་མ་ནི་མཉམ་པར་གནས། །འདི་རྣམས་རང་གི་རིགས་དང་ནི། །ཕྱག་རྒྱ་དང་ནི་ཁ་དོག་རིགས། །རིགས་ཀྱི་རིག་པ་ཡི་གེ་ཉིད། །གང་ཕྱིར་དེ་ཡི་རིགས་སུ་འགྱུར། །རང་གི་ཕྱག་རྒྱ་བཅིངས་པ་ཡིན། །སྨྲ་བ་རང་གི་རིགས་ནི་བརྗོད། །བུད་མེད་གང་ཞིག་ གཡོན་དུ ་འགྲོ། །རྟག་ཏུ་མཁའ་འགྲོ་མ་ནི་གཡོན། །ངག་ནི་རབ་ཏུ་ཆེན་པོར་སྨྲ། །གཡོན་པའི་ལྟ་བས་ཀུན་ཏུ་བལྟ། །བུད་མེད་རྣམས་ལ་དགྱེས་པར་སྨྲ། །དེ་ནི་དམ་ཚིག་ཞེས་སུ་བརྗོད། །བུད་མེད་རྣམས་ལ་གསོལ་བ་གདབ། །རིགས་ཀྱི་ས་བོན་རབ་ཏུ་བརྗོད། །རིགས་ཀྱི་བྱ་བ་གཏང་མི་བྱ། །རང་གི་བསྟན་བཅོས་བརྗོད་
མི་དོར། །རང་གི་རིགས་ཀྱི་རིག་པ་བཟླས། །དེ་བཞིན་ དུ་ནི་དམ་ཚིག་བསྟན། །གང་ཞིག་ཕྱག་ནི་བྱེད་པ་ནི། །རྟག་ཏུ་གཡོན ་པ་ཡིས་ནི་བྱ། །བུད་མེད་རྣམས་དང་མཐུན་པར་བྱ། །དེ་ཡིས་ངེས་པར་བདེན་པར་འབྱུང་། །རྐང་པ་གཡོན་པའི་མཐེ་བོང་གིས། །ས་ལ་བརྐོ་ཞིང་རི་མོ་འདྲི། །ལག་པ་གཡོན་པ་རང་ཕྱོགས་ཀྱི། །སྤྱི་བོ་ལ་ནི་འདྲུད་པར་བྱེད། །དེ་ཡིས་རང་གི་རིག་པ་དྲན། །སྒྲུབ་པོའི་ལུས་ལ་ཕན་པ་ཡིན། །མཁུར་ཚོས་དང་ནི་ཀོས་ཀོ་དང་། །སྣ་ལ་སྙིམ་པས་རེག་པ་ཡིན། །ལོགས་སུ་བལྟ་ཞིང་སྔགས་བཟླས་དང་། །ལན་ཅིག་རིག་པ་ལ་ནི་བལྟ། །རྣལ་འབྱོར་མ་ནི་བདེ་བར་འགྲོ། །གང་གི་དམ་ཚིག་ངེས་པ་ཡི། །མཁའ་འགྲོ་མ་རྣམས་རྙེད་པར་དཀའ། །རྣལ་འབྱོར་མ་རྣམས་དེ་བཞིན་ནོ། །བདུད་རྩི་ལྔ་ནི་བདེན་པར་འགྱུར། །དངོས་གྲུབ་ཀུན་བྱེད་མཛེས་པའོ། །མཁའ་འགྲོ་མ་རྣམས་རིགས་དང་ནི། །འདི་རུ་དཔའ་བོ་ལ་སོགས་མཚན། །ཐོད་པ་བླ་རེ་མཆེ་བ་དང་། །འཁོར་ལོ་རྒྱལ་མཚན་རལ་གྲི་དང་། །རྩེ་གཅིག་ཏུ་ནི་བརྒྱད་པར་བརྗོད། །མཁའ་འགྲོ་མ་ཡི་རིགས་ཕྱག་རྒྱ། །དཔའ་བོ་སྒྲུབ་པ་རབ་ཏུ་གྲགས། །དཔལ་ལྡན་རྡོ་རྗེ་ཕག་མོ་ཡི། །རིགས་ལས་ཡང་དག་བྱུང་བ་ཡིན། །རྣལ་འབྱོར་ཆེན་པོ་དབང་ཕྱུག་གཙོ། །གང་ཞིག་རྟག་ཏུ་ཤ་ལ་སྲེད། །མཁའ་འགྲོ་ཐབས་ཀྱི་ང་རྒྱལ་གྱིས། །ཟད་པ་མེད་ཅིང་ཁྱད་པར་མེད། །དེ་བཞིན་གཤེགས་པའི་རིགས་སུ་འབྱུང་། །འཇིགས་པ་མེད་ཅིང་ངོ་ཚ་མེད། །ཐམས་ཅད་དུས་སུ་འགྱོད་པ་མེད། །མཆོད་པ་བྱེད་པར་འདོད་པ་སྟེ། །སྒྲུབ་པོས་མཚན་ནི་ཐོག་ཐག་ཏུ། །གཞན་ལ་ནམ་ཡང་བཤད་མི་བྱ། །དཔལ་ལྡན་ཁྲག་འཐུང་མངོན་པར་འབྱུང་། །ཞེས་བྱ་གང་གིས་བཀླགས་པས་འགྲུབ། །སྒྲུབ་པོས་དཀའ་བ་མེད་པ་རུ། །ས་འོག་ཏུ་ནི་འགྲོ་བར་འགྱུར། །སེམས་ཅན་ལ་ནི་ཕན་དང་གནོད། །ཡུལ་ཀུན་ལ་ནི་སྐྱེས་པ་ལ། །ཇི་ལྟར་རིམ་པ་ཞི་དང་རྒྱས། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ལག་པའི་བརྡ་དང་རྣལ་འབྱོར་མའི་མཚན་མ་དང་། །ཕྱག་རྒྱའི་མཚན་མའི་ཆོ་གའི་
ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མངོན་སུམ་དངོས་གྲུབ་སྟེར་བ་དང་། །གང་གིས་བྲིས་པ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའང་བརླག་པར་འགྱུར། །རོ་དང་བཙུན་མོའི་འཛག་པ་ལས། །རབ་དང་འབད་པས་ཡང་དག་བླང་། །བཅུ་བཞི་དང་ནི་ནག་པོའི་བརྒྱད། །རོ་བསྲེགས་ཁུང་བུའི་སོལ་བ་ཡིས། །ཐམས་ཅད་རྡོ་རྗེ་ཞལ་བཞི་པའི། །སྔགས་ནི་རབ་ཏུ་ཆུད་པར་བྱ། །སྒྲུབ་པོས་གང་ཞིག་གནས་སུ་ནི། །ལན་བདུན་བཟླས་ལ་བརྐོས་ལ་གཞུག །ཉི་མ་བདུན་གྱིས་ངེས་པར་འགྱུར། །གཤིན་རྗེའི་གནས་སུ་འགྲོ་བར་འགྱུར། །དེ་བཞིན་རིག་པའི་སྟོབས་ཀྱིས་ནི། །ལུས་ལ་མངོན་པར་བརྒྱན་བྱས་པ། །དེ་ཡང་ཡིད་ཀྱི་རྣལ་འབྱོར་གྱིས། །མངོན་སྤྱོད་ཀྱིས་ནི་འཆི་བར་འགྱུར། །དེ་ལྟར་ཆོ་ག་ཡང་དག་ལྡན། །ཐམས་ཅད་ལས་ནི་བསྒྲུབ་པར་འགྱུར། །རང་ཉིད་ཀྱིས་ནི་སྔགས་གཟུང་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །འགྲུབ་པ་དག་ཏུ་ཡང་མི་འགྱུར། །དེ་ཁོ་ན་ཉིད་བསྡུས་པ་དང་། །དཔལ་མཆོག་དང་པོའི་འཁོར་ལོ་སྡོམ། །རྡོ་རྗེ་འཇིགས་བྱེད་ལ་སོགས་པར། །མན་ངག་ཉེ་བར་འགྲོ་བ་ནི། །ལུས་ཀྱི་དབུས་ན་ཡོད་པ་སྟེ། །རྡོ་རྗེ་ཁྲག་འཐུང་ཡེ་ཤེས་ནི། །སྒྲུབ་པོས་གང་གིས་མི་ཤེས་པ། །གང་ཞིག་བརྟུལ་ཞུགས་ཡུན་རིང་ཡང་། །དེ་ལས་དངོས་གྲུབ་མེད་པར་འགྱུར། །འདི་རུ་ལས་མཆོག་ཤེས་པར་བྱ། །སྔགས་གཞན་རྒྱས་པ་ཅི་ཞིག་དགོས། །འདི་རྣམས་ཀུན་ནི་ཡོངས་སུ་བཏུས། །རབ་ཏུ་འབད་པས་འདི་རུ་གཟུང་། །སྒྲུབ་པོས་གང་དང་གང་གིས་ནི། །བསྒོམ་དང་བཟླས་པ་བརྩམས་པ་ཡིན། །དེ་དང་དེ་ཡིས་རྣལ་འབྱོར་བདག །འདོད་པའི་འབྲས་བུ་ཐོབ་པར་འགྱུར། །ཇི་ལྟར་ནོར་བུ་དང་བདག །རྫས་ལ་བརྟེན་ནས་གཟུགས་ནི་འཛིན། །དེ་ལྟར་དཔལ་ལྡན་ཁྲག་འཐུང་རྒྱལ། །བསམ་གཏན་ཡང་དག་མཆོག་ཏུ་འགྱུར། །དངོས་པོ་གང་དང་གང་དག་ལ། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ཡི་རང་བཞིན་འགྲོ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །སྒྲུབ་པོ་རྣལ་
འབྱོར་གཞོན་ལ་འདོད། །བསྐལ་པ་བྱེ་བ་བརྒྱས་མི་འགྲུབ། །བྱ་བའི་རྒྱུད་ཀྱིས་བསྒྲུབ་པ་ལ། །དཔའ་བོས་རབ་ཏུ་སྦྱོར་བ་སྦས། །ཇི་སྲིད་སྙིང་པོ་རྒྱས་ཀྱི་བར། །དེ་དང་དེ་ནི་ཉོན་མོངས་འགྱུར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ནང་གི་བསམ་གཏན་དང་བཟླས་པ་རྣམ་པར་དག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་སྔགས་ཤེས་ཤིན་ཏུ་གསང། །སྦྱོར་ཤེས་དེ་ཉིད་རྣལ་འབྱོར་བརྩམ། །འགྲོ་བ་ཀུན་ནི་རྨོངས་པས་ཁྱབ། །ཀྲྀ་ཡའི་ལམ་ལ་སྒྲུབ་པ་ཡིས། །བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང་། །དེ་ལ་འབྲས་བུ་ཐོབ་པ་མེད། །སྔགས་རྣམས་འདི་ནི་ཐམས་ཅད་ནི། །དཔའ་བོ་དག་གིས་སྦས་པ་སྟེ། །དེ་ནས་རྣལ་འབྱོར་ཤེས་པས་སྔགས། །གཅིག་མིན་ཡི་གེ་མ་ལུས་པས། །སྦས་ནས་ཡང་ནི་ཐམས་ཅད་ལ། །བརྩོན་འགྲུས་སྟོབས་ཀྱིས་ཕ་རོལ་གནོན། །དཔལ་ལྡན་ཁྲག་འཐུང་མཉམ་བཀུག་སྟེ། །སློབ་དཔོན་བདག་ཉིད་ཆེན་པོས་ནི། །མྱུར་དུ་དངོས་གྲུབ་སྐྱེ་བར་འགྱུར། །དེ་ལྟར་རྟགས་ནི་སྟོན་པའོ། །ཕྱག་རྒྱ་དང་སྦྱོར་སྒྲུབ་བ་པོས། །ཉོན་མོངས་མེད་ལས་འགྲུབ་པར་འགྱུར། །དམ་ཚིག་མེད་པས་བཀླགས་པ་དང་། །གང་གིས་ནམ་ཡང་ཉན་པ་དེ། །ངན་པའི་བདག་ཉིད་ཅན་གྱིས་འཇོམས། །རྣལ་འབྱོར་ངན་འགྲོའི་ལམ་ དུ་འགྲོ། །འཇིག་རྟེན་གཡོན ་ལ་སྤྱོད་པས་དྲན། །གཡོན་པའི་སྔགས་ལས་ཀུན་ཏུ་དམིགས། །ཐམས་ཅད་གཡོན་པས་ཀུན་ཏུ་བྱ། །དངོས་གྲུབ་ཀུན་ནི་རབ་ཏུ་སྟེར། །རྣལ་འབྱོར་ཡེ་ཤེས་སྦས་ནས་ནི། །ཀྲྀ་ཡའི་བསྟན་བཅོས་ལ་ནི་འཇུག །རབ་ཏུ་འབད་པས་སྒྲུབ་པ་པོས། །དེ་དང་དེས་ནི་འགྲུབ་པར་འགྱུར། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྦས་པའི་སྔགས་དང་དམ་ཚིག་སྲུང་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་གསང་བའི་གནས་བཞི་དག །ཡང་དག་བསྡུས་ཏེ་བཤད་པ་ཡིན། །བ་ལང་ལྕི་བ་སྐམ་པོ་དང་། །དེ་བཞིན་ལྷག་མ་མགོ་སྐམ་དང་། །རོ་བསྲེགས་བཞི་ཡི་མགོ་རི་དང་། །འབྱུང་བ་ཆེན་པོ་བཞི་པའོ། །
འབུམ་ལ་ཕྱེད་དང་བརྒྱ་ཡིས་དམན། །དཀྱིལ་འཁོར་དག་ནི་བཞེངས་པ་སྟེ། །གསུམ་མཐའི་ཐིག་ལེའི་སྟེང་དུའོ། །བཞི་པའི་མཐའ་ནི་རབ་ཏུ་སྦྱར། །འབུམ་མཐར་ཉི་ཤུ་རྩ་བཞིའི་ཕྱེད། །བདེན་པ་གཉིས་ལ་མཉམ་པར་བརྟེན། །རྟག་ཏུ་དྲུག་ཅུ་རྩ་བཞི་མཆོད། །འདོད་པའི་དོན་ཀུན་འགྲུབ་པར་འགྱུར། །འཇིག་རྟེན་དབང་ཕྱུག་ཐང་ཤིང་ལ། །མི་གང་མཉམ་པར་སྤྱོད་པའི་མཆོག །སྡིག་ཀུན་རྣམ་དག་བདག་ཉིད་དོ། །འཇིག་རྟེན་འདི་དང་ཕ་རོལ་དུ། །སངས་རྒྱས་ཉིད་མཐོང་སྐད་ཅིག་གིས། །ཧ་གཉིས་ཐོག་མར་དབང་ཕྱུག་དང་། །ཧ་གཉིས་བཞི་ཡི་ཁྲོ་བོ་སྟེ། །ས་ར་ས་ནི་ཉིད་དག་དང་། །ངང་པ་དང་ནི་ཀ་རན་དང་། །ཁྲུང་ཁྲུང་དང་ནི་ཆུ་སྐྱར་དག །སྔགས་བྱ་ཆེན་པོར་བརྗོད་པ་སྟེ། །མཁའ་འགྲོ་མ་ཡི་གཏོར་མ་སྤྱོད། །དཀྱིལ་འཁོར་ལ་ནི་དངོས་གྲུབ་སྒྲུབ། །སྔགས་པས་ལན་ཅིག་ཏུ་ནི་བརྗོད། །གཟུགས་ཅན་མི་ནི་མྱུར་དུ་འོང་། །དགུག་ཅིང་དབང་དུ་འགྱུར་བ་སྟེ། །ཇི་སྲིད་འཚོ་བར་འགྱུར་བ་སྟེ། །བུད་མེད་སྟོང་གིས་ཡོངས་བསྐོར་ནས། །སྒྲུབ་པོས་ས་ཡི་སྟེང་དུ་རྩེ། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། །གྲོ་གར་གི་ཝང་གིས་བྲིས་ཏེ། །རྟག་ཏུ་སྒྲུབ་པོའི་སྤྱི་བོར་བཏགས། །ཀུན་གྱི་ཁྲག་འཐུང་འདྲ་བར་མཐོང་། །གོས་དམར་ཡོངས་སུ་བགོས་ནས་ནི། །སྒྲུབ་པོས་མཚན་ནི་ཐོག་ཐག་ཏུ། །ཆུ་ལ་ཡོངས་སུ་བཟླས་ནས་ནི། །ཤིང་ལ་བསྣུན་ན་མེ་ཏོག་ལྷུང་། །སྐྱེས་པ་བུད་མེད་ཕྲག་པ་ལ། །ལག་པ་བཞག་སྟེ་བཟླས་ནས་ནི། །རྡོ་རྗེ་ཕག་མོ་དབང་དུ་འགྱུར། །མན་ཤིང་ལ་ལན་ཉི་ཤུ་བཟླས། །རྐང་པ་ལ་བྱུགས་མགོ་གནོན་འགྱུར། །གོ་རོ་ཙ་ན་ལ་ལན་ཉི་ཤུར་མངོན་པར་བཟླས་པ་བྱས་ནས་གང་ཐིག་ལེར་བྱས་པ་དེ་ཐམས་ཅད་སྐྱེ་བོ་ཀུན་གྱིས་བྱམས་པར་འགྱུར། །རྒྱལ་རིགས་ནང་དུ་འཇུག་ན་སྐུ་དྲིན་ཆེན་པོར་འགྱུར་རོ། །མིག་སྨན་ལ་ལན་བརྒྱད་བརྒྱར་བསྔགས་ཏེ། མིག་ལ་མིག་སྨན་བྱུགས་ན་མི་སྣང་བར་འགྱུར་རོ། །ཡུངས་ཀར་ལ་ལན་བདུན་མངོན་པར་བསྔགས་ཏེ། སྐྱེས་བུ་ལ་བསྣུན་ན་ཤིང་དུ་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །ཆུ་ལ་ཡོངས་སུ་བཟླས་ནས་བསྣུན་ན་ཁྲག་འཛག་པར་འགྱུར་རོ། །སྒྲུབ་
པ་པོ་ཡི་སྔགས་འདི་ཡིས། །སྟོན་མོའི་བྱ་བ་བཟའ་སྟོན་མོ། །ཀུན་ནས་ཀུན་ཏུ་ཐམས་ཅད་དུ། །རྣལ་འབྱོར་མ་ནི་དགྱེས་པར་འགྱུར། །ཐལ་བ་ལ་ཡོངས་སུ་བཟླས་ནས་གཞན་གྱི་རིགས་ལ་བསྣུན་ན་རེངས་པར་འགྱུར་རོ། །གོས་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ཏེ་མདུད་པ་བཅིངས་ན་གོས་ཤིན་ཏུ་མང་བར་འགྱུར་རོ། །དེ་ལྟར་ནོར་དང་གོས་དང་། གཞན་ཡང་བཏུང་བ་ལ་སོགས་པ་མང་པོར་འགྱུར་རོ། །ཆུ་ལ་བཟླས་ཏེ་ཆུར་བླུགས་ན་ཆུ་སྐམ་པར་འགྱུར་རོ། །ཐལ་བ་ལ་ཡོངས་སུ་བཟླས་ཏེ་ཞོ་ལ་བསྣུན་ན་ཁྲག་ཏུ་འགྱུར་རོ། །ཡིད་ཀྱིས་བཟླས་ན་ཐམས་ཅད་གྲོལ་བར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་བརྒྱད་བརྒྱར་མངོན་པར་བསྔགས་ཏེ་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། །མར་ལ་ཡོངས་སུ་བཟླས་ཏེ་མཉེས་ནས་སྒོ་ལ་རེག་ན་སྒོ་རང་འབྱེད་པར་འགྱུར་རོ། །བུམ་པ་ལ་ཡོངས་སུ་བཟླས་ཏེ་ཆུས་བཀང་ན་མི་མཐོང་བར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །ལྕགས་ཀྱི་ཕུར་བུ་ལ་མངོན་པར་བསྔགས་ཏེ། འོ་མ་ཅན་གྱི་ཤིང་བཅད་ནས་ཡམ་ཤིང་ལ་ལན་ཅིག་བྱས་ཏེ། གང་གི་མིང་དང་སྔགས་བརྒྱད་བརྒྱར་བཟླས་ཏེ་བསྲེགས་ནས། དེའི་ཐལ་བ་བླངས་ཏེ་སྐྱེས་པ་ལ་བྱུགས་ན་བུད་མེད་དུ་འགྱུར་རོ། །ཙན་དན་ལ་ཡོངས་སུ་བཟླས་ཏེ་བསྣུན་ན་བརླག་པར་འགྱུར་རོ། །ལན་ཚ་ལ་ཡོངས་སུ་བཟླས་ཏེ་སྐྱེས་པས་བུད་མེད་ལ་བྱིན་ན་དེ་དབང་དུ་འགྱུར་རོ། །མེ་ཏོག་ལ་ཡོངས་སུ་བཟླས་ཏེ་མི་ཡི་ལུས་པོ་ལ་བསྣུན་ན་སྨྱོན་པར་འགྱུར་རོ། །ཐལ་བ་ལ་ཡོངས་སུ་བཟླས་ཏེ་ཐིག་ལེ་བྱས་ན་གོས་དང་བྲལ་བར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །སྐྱེས་པའམ་བུད་མེད་གང་གི་རྐང་པ་གཡོན་པའི་རྐང་རྗེས་ཀྱི་རྡུལ་བླངས་ཏེ་གོས་ལ་བཅིངས་ནས་གང་གི་མིང་བཀོད་དེ་སྦས་ན་བཅིངས་པར་འགྱུར་རོ། །སྐུད་པ་ལ་ཡོངས་སུ་བཟླས་ཏེ་མདུད་པ་གསུམ་བྱས་ནས་ལན་བདུན་མངོན་པར་བསྔགས་པ་དགྲ་བོའི་དབུས་སུ་བཅུག་ན་སྦྲུལ་དུ་འགྱུར་ཏེ། དེའི་མཆེ་བས་བཏབ་ནས་མི་གསོད་པར་འགྱུར་རོ། །སླར་ཡང་བརྒྱད་བརྒྱར་བཟླས་ན་འཚོ་བར་འགྱུར་རོ། །མེ་ཏོག་ལ་མངོན་
པར་བསྔགས་པ་བྱས་ནས་སྤྱི་བོར་བཟུང་ན་མི་སྣང་བར་འགྱུར་རོ། །མི་སྣང་བར་གྱུར་ཀྱང་བུད་མེད་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །མེ་ཏོག་ལ་མངོན་པར་བཟླས་ཏེ་མངོན་པར་གཏོར་ན་དེ་ཉིད་དུ་གནས་པར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །འཛིམ་བའི་གོང་བུ་ལ་ཡོངས་སུ་བཟླས་ཏེ་སྤྱི་བོར་བཟུང་ན་སྤྱི་བོ་མི་མཐོང་བར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །དཔའ་བོའི་ཆུ་ལ་ཡོངས་སུ་བཟླས་ཏེ་བསྣུན་ན་འགྱེལ་བར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །ཕྱག་རྒྱ་ཡོངས་སུ་བརྗེ་ཞིང་བསྒོས་ན་གཟུགས་ཡོངས་སུ་བརྗེ་བར་འགྱུར་རོ། །ཛཱ་ཏི་དང་ཙམ་པ་ཀའི་མེ་ཏོག་རྣམས་ལ་རྟག་ཏུ་མངོན་པར་བསྔགས་པ་བྱས་ནས་གན་ཏི་ཀ་དང་སྦྱར་བའི་དྲིས་འགུགས་པར་འགྱུར་རོ། །ཆང་ཡང་དྲི་ཆེན་དུ་དྲི་འགྱུར་བར་ཐེ་ཚོམ་མེད་དོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔལ་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་གསང་བ་ཐམས་ཅད་ཀྱི། །ཡིད་འོང་སྟོན་མོ་ལ་འདུས་པ། །གང་ཞིག་ཡང་དག་ཤེས་པ་ནི། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ར་རྣམས། །ཤ་དང་ཆང་དུ་ལྡན་པ་ཡི། །སྟོན་མོ་སྣ་ཚོགས་ཀྱིས་ནི་འགྲུབ། །སྐལ་ལྡན་མཛའ་བའི་ལོངས་སྤྱོད་ཀྱིས། །ཚེ་འདི་དམ་པར་འགྲུབ་པར་འགྱུར། །སྐྱེས་པ་དང་བུད་མེདི་ཀྱི་གན་དུ་སོང་སྟེ་རིན་པོ་ཆེ་རྣམས་སྡུད་པར་བྱེད་དོ། །དེ་ཕྱིར་བླ་མེད་དཀོན་མཆོག་གསུམ། །ཤེས་པར་བྱ་སྟེ་འགྲུབ་པར་འགྱུར། །ཀ་བ་གཅིག་དང་སྒོ་དགུ་དང་། །སྐུད་པ་གསུམ་དང་ལྷ་རྣམས་ནི། །ཐམས་ཅད་གཉིས་མེད་རྣལ་འབྱོར་གྱིས། །རབ་ཏུ་འགྲུབ་པར་ཐེ་ཚོམ་མེད། །ཆུ་ལ་ཡོངས་སུ་བཟླས་ཏེ་ཟླ་བའི་བཏུང་བ་ལ་བླུགས་ན་མེར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །ལས་རྣམས་ཐམས་ཅད་སྒྲུབ་པ་པོས། །དེ་ནས་རི་ཡི་ཆུ་བླངས་ཏེ། །ཙན་དན་དམར་པོ་ཉིད་ལ་ཟླ་བ་དྲུག་ཏུ་ཉེ་བར་ལོངས་སྤྱད་ན་ནད་ཐམས་ཅད་རྣམ་པར་སྤོང་ཞིང་། །ལོ་སྟོང་ཕྲག་གཅིག་ཏུ་གསོན་ཞིང་སྐྲ་དཀར་དང་གཉེར་མ་རྣམས་སྤོང་ངོ་། །
ས་བོན་ནག་པོ་བླངས་ཏེ་སྔགས་པས་དངོས་པོ་ཀུན་གྱི་སྣར་བླུགས་ནས། རྣལ་འབྱོར་པས་བཟླས་ན་གཉེར་མ་དང་སྐྲ་དཀར་དང་མཆི་མ་རྣམས་ཀྱིས་མི་ཚུགས་སོ། །ཚེ་ཉམས་པ་དང་སྐལ་བ་ངན་པ་རྣམ་པར་སྤོང་ངོ་། །ནད་ཐམས་ཅད་རྣམ་པར་སྤངས་ཤིང་ལོ་སྟོང་ཕྲག་གཅིག་ཏུ་གསོན་པར་འགྱུར་རོ། །དོན་རྣམས་ཀུན་གྱི་སྒྲུབ་པ་པོས། །དེ་ལྟར་ཆོ་ག་ཡང་དག་ལྡན། །བཅོམ་ལྡན་མོ་ཡི་ལུས་གཟུགས་ཀྱིས། །བཟླས་དང་བརྟུལ་ཞུགས་བྲལ་བས་ཀྱང་། །མཆོག་ཏུ་འགྲུབ་པར་འགྱུར་བ་ཡིན། །བླ་མའི་སྤྱོད་པ་སངས་རྒྱས་མཉམ། །བརྩོན་འགྲུས་ལྡན་ཞིང་ཕ་རོལ་གནོན། །གྲུ་གསུམ་གྱི་ནི་དཀྱིལ་འཁོར་དུ། །གལ་ཏེ་རྒྱལ་པོ་དེ་མཆོད་བྱེད། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །དེ་རུ་རྟག་ཏུ་ང་འདུག་སྟེ། །རང་བྱུང་མེ་ཏོག་ལ་སོགས་པས། །རྟག་ཏུ་བདག་ཉིད་མཆོད་པར་བྱ། །དཔའ་བོས་ཟླ་བ་གཅིག་གིས་འགྲུབ། །ཇི་ལྟར་རང་བཞིན་དེ་བཞིན་འགྱུར། །དེ་ཡི་སྐུ་དྲིན་མཆོག་དེ་ཉིད། །རྡོ་རྗེ་ཕག་མོའི་རྣལ་འབྱོར་མ། །རྣལ་འབྱོར་ཆེན་པོའི་དབང་ཕྱུག་སྟེ། །ཆུང་མ་དགའ་བ་མེད་པར་འགྱུར། །ཡིད་ཀྱིས་སྔགས་ནི་ཡོངས་བཟླས་ན། །གཉིས་མེད་ཡེ་ཤེས་རྣལ་འབྱོར་གྱིས། །སེམས་ཅན་ཐམས་ཅད་དབང་འགྱུར་ཞིང་། །དངོས་གྲུབ་ཐམས་ཅད་ཐེ་ཚོམ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རྣལ་འབྱོར་མ་རྣམས་ཀྱི་ཚེ་འཕེལ་བ་དང་། མཆོད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་བའོ།། །།དེ་ནས་གསེར་ལ་སོགས་པ་ནི། །ཐམས་ཅད་དགུག་པའི་མཆོག་ཡིན་ནོ། །སྔགས་རྣམས་ཀུན་ནས་སྦས་པ་སྟེ། །རྣལ་འབྱོར་རྒྱུད་གཅིག་རྣལ་འབྱོར་ལྡན། །ནོར་གྱི་བདག་པོའི་ཁྱིམ་སོང་སྟེ། །གསེར་གྱི་ཆུ་ལ་ལན་བདུན་དུ། །མངོན་པར་བསྔགས་པ་བྱས་ནས་ནི། །གང་གི་ཁྱིམ་དུ་གཏོར་བྱས་ཏེ། །ལྷག་མས་བདག་ཉིད་དབང་བསྐུར་ན། །ཉིན་ཞག་བདུན་ན་གསེར་རྣམས་འགུགས། །དཔག་ཚད་སྟོང་ཕྲག་གཅིག་གི་ས། །ཐིག་ལེ་བྱས་ན་བསྒྲུབ་བྱ་འགུགས། །ཆུ་
ཡིས་སླར་ཡང་གྲོལ་བའོ། །ཁ་ཊྭཱཾ་ག་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་དེ་ལ་འདུག་ན་དཔག་ཚད་བརྒྱར་འགྲོ་བ་དང་འོང་བར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་གང་བླུགས་པ་དེ་དབང་དུ་འགྱུར་རོ། །ཕཊ་ཡིག་དང་བཅས་པས་རྒྱས་བཏབ་པར་འགྱུར་ཞིང་རེངས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་ཕག་མོའི་ཡིད་ཀྱིས་འདོད་པ་བཞིན་བཟླས་ན། འདོད་པ་ཐམས་ཅད་ཇི་ལྟར་བསམ་པ་བཞིན་འོང་བར་འགྱུར་རོ། །ཉིན་ཞག་བདུན་ལ་འབུམ་ཕྲག་སྟོང་གི་སྦྱིན་སྲེག་གིས་དཔལ་འོང་བར་འགྱུར་རོ། །རིགས་ཅན་རྣམས་ལ་སྦྱིན་པ་སྟེར་བར་འགྱུར་རོ། །མན་ཤིང་སྲང་གཅིག་བླངས་ཏེ། ནག་པོའི་ཕྱོགས་ཀྱི་བཅུ་བཞིའི་ནམ་ཕྱེད་ན་མཆོད་པ་བྱས་ཏེ། མར་མེ་ཆེན་པོར་སྦར་ཞིང་གཏོར་མ་དང་ལྷ་བཤོས་ཕུལ་ཏེ། །བརྒྱད་བརྒྱར་མངོན་པར་བསྔགས་ནས་ཨཉྫ་ན་བསྐུས་ན་མི་སྣང་བར་འགྱུར་རོ། །དཔག་ཚད་སྟོང་ཕྲག་གཅིག་ཏུ་འགྲོ་ཞིང་འོང་བར་འགྱུར་རོ། །དེ་ནས་ཀ་ར་བཱི་རའི་མེ་ཏོག་སྟོང་ཕྲག་གཅིག་ཏུ་སྦྱིན་སྲེག་བྱས་ན་ནམ་མཁར་ལྷ་མོ་གནས་ཤིང་བུད་མེད་ཐམས་ཅད་དབང་དུ་འགྱུར་རོ། །ཆུའི་ནང་དུ་ཞུགས་ཏེ་མར་དང་སྦྲང་རྩི་ལ་སྟོང་ཕྲག་བརྒྱད་དུ་བཟླས་ནས་ཇི་སྲིད་འདོད་པ་དེ་སྲིད་དུ་སྦྱིན་སྲེག་བྱས་ན་དེ་ནས་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྐུན་མོ་དང་རྒྱལ་རིགས་ཀྱིས་ངེས་པར་འཚེ་བ་དང་། རྡོ་རྗེ་སེམས་དཔའ་ཡང་ཡིད་ཀྱིས་བཟླས་ནས་རྡོ་རྗེས་ངེས་པར་འགྱུར་རོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་རྡོ་རྗེ་ཕག་མོའི་ཡི་གེ་དྲུག་གི་སྔགས་ཀྱི་ལས་ཐམས་ཅད་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་གསང་ཆེན་ཐམས་ཅད་ནི། །གཟུགས་ནི་ཡོངས་སུ་བརྗེ་བ་སྟེ། །རྒྱུད་རྣམས་ཀུན་ལ་གསང་བ་ནི། །འདི་རུ་གསང་བའི་བྱ་བ་གསུངས། །བ་ལང་གི་སྤུ་ལས་ཐག་པ་བྱས་ཏེ་ལན་བདུན་མངོན་པར་བསྔགས་ནས། གང་གི་སྐེ་ལ་བཅིངས་པ་དེ་ཡང་བ་ལང་དུ་འགྱུར་རོ། །དེ་ལྟར་སེམས་ཅན་གྱི་སྐེ་ལ་བཅིངས་པར་གྱུར་པ་དེ་ནི་དེ་དང་འདྲ་བར་
འགྱུར་རོ། །སོ་བ་ལ་མངོན་པར་བསྔགས་ཏེ་སོ་བའི་བདག་པོའི་ཁྱིམ་དུ་གཏོར་ནས་ལྷག་མས་བདག་ཉིད་དབང་བསྐུར་བར་འགྱུར་རོ། །ཉིན་ཞག་བདུན་གྱི་སོ་བ་ཐམས་ཅད་དང་ནོར་གཞན་ཀུན་འགུགས་པར་འགྱུར་རོ། །དུར་ཁྲོད་ཀྱི་ཤིང་ལ་མཆིལ་ལྷམ་བྱས་ཏེ་མངོན་པར་བསྔགས་ནས། དེ་ལ་མངོན་པར་གནས་ན་གང་དུ་འདོད་པ་དེར་འགྲོ་ཞིང་སླར་ཡང་འོང་བར་འགྱུར་རོ། །བཅོམ་ལྡན་འདས་མའི་སྙིང་པོའི་ཡི་གེ་དྲུག་པ་ཟློས་ཤིང་རྐང་རྗེས་ཀྱི་རྡུལ་དང་ཐལ་བར་བཅས་པ་ལ། ལན་བདུན་མངོན་པར་བསྔགས་པ་བྱས་ནས་གང་ལ་བྱུགས་པ་དེ་རྒྱས་བཏབ་པར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །སྔགས་བཟླས་ཤིང་སྤྱི་བོར་བཅིངས་ན་གང་གིས་ཀྱང་མི་མཐོང་བར་འགྱུར་རོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །ཉི་མ་ལ་མངོན་པར་བལྟས་ཏེ་མིང་དང་སྔགས་བཟླས་ན་དེ་འགུགས་པར་འགྱུར་རོ། །ཞག་གཅིག་གིས་དཔག་ཚད་གཅིག་ཚུན་ཆད་དབང་དུ་འགྱུར་རོ། །ཞག་གསུམ་གྱིས་དཔག་ཚད་བཅུ་ཚུན་ཆད་དོ། །ཞག་བདུན་གྱིས་དཔག་ཚད་ཉི་ཁྲི་ཚུན་ཆད་འགུགས་པར་འགྱུར་རོ། །བྱི་ལའི་སྤུ་དང་གང་གི་མིང་དང་ལྷན་ཅིག་སྦྱིན་སྲེག་བྱེད་ན་དེ་གཟའ་ཆེན་པོས་གཟུང་བར་འགྱུར་རོ། །གང་ལ་དེས་བཅིངས་པ་དེ་བྱི་ལར་འགྱུར་རོ། །དེ་ལྟར་ཁྱི་དང་བྱ་རོག་གི་རྒྱུས་པས་སྲད་བུ་བྱས་ཏེ་མངོན་པར་བསྔགས་ན་དེ་བྱ་རོག་ཏུ་འགྱུར་རོ། །དེ་ལྟར་སེམས་ཅན་གང་གི་སྲད་བུ་བླངས་ཏེ་མངོན་པར་བསྔགས་ནས་མགྲིན་པ་བཅིངས་ན་དེ་ནི་དེ་དང་འདྲ་བར་འགྱུར་བར་ཐེ་ཚོམ་མེད་དོ། །བཀྲོལ་བས་ནི་གྲོལ་བར་འགྱུར་རོ། །སྐྱེས་པའི་སྐྲའི་སྲད་བུ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་བུད་མེད་གང་གི་མགྲིན་པ་ལ་བཅིངས་ན་དེ་ནི་སྐྱེས་པར་འགྱུར་རོ། །དེ་ལྟར་བུད་མེད་ཀྱི་སྐྲ་ལ་སྲད་བུ་བསྒྲིལ་ཏེ་ལན་བདུན་མངོན་པར་བསྔགས་ནས་སྐྱེས་པ་གང་གི་མགྲིན་པར་བཅིངས་པ་དེ་ནི་བུད་མེད་དུ་འགྱུར་རོ། །ལག་པ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་རེག་ན་མངལ་འཕོ་བར་འགྱུར་རོ། །བཀྲོལ་བས་ནི་གྲོལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་
མ་ཡིད་ཀྱིས་བཟླས་ན་རིགས་ཐམས་ཅད་དབང་དུ་འགྱུར་རོ། །རྟག་ཏུ་བཟླས་ན་དཔལ་མོ་སྐྱེ་བར་འགྱུར་རོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དེ་ཉིད་སྔགས་ཀྱིས་གཟུགས་ཐམས་ཅད་ཡོངས་སུ་བརྗེ་བ་དང་། དབང་དུ་བྱེད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་ཕུར་བུའི་ཆོ་ག་བཤད། །བྲམ་ཟེའི་དམོད་པ་འདྲ་བ་ཡི། །རྣལ་འབྱོར་ཡན་ལག་ཡང་དག་བླངས། །གསང་བའི་ལས་ནི་སྐྱེ་བར་འགྱུར། །སྤྲེའུའི་རུས་པའི་རང་བཞིན་ལས། །ཕུར་བུ་སོར་ནི་དྲུག་པར་བྱ། །ལན་བདུན་དུ་ནི་མངོན་བསྔགས་ཏེ། །གང་གི་སྒོ་རུ་སྦས་པ་ནི། །དེ་ཡི་རིགས་ནི་འཆད་པར་འགྱུར། །བ་ལང་གླང་ཆེན་རྟ་དང་ནི། །བོང་བུ་རྔ་མོ་མ་ཧེ་ཤ། །གནས་པའི་ས་དེར་སྦས་ན་ནི། །དེ་རྣམས་བརླག་པར་འགྱུར་བ་ཡིན། །མདོར་བསྡུས་ནས་ནི་གསུངས་པ་ཡིན། །གང་ཞིག་རྟག་ཏུ་འདི་བསྒོམ་པ། །རྟག་ཏུ་མིག་མི་འཛུམས་པར་བལྟ། །གང་ལ་བཟླས་པར་གྱུར་པ་ཡིས། །དེ་ཡི་མིག་ནི་ལྟུང་བར་འགྱུར། །གང་གི་མིང་དང་སྔགས་སུ་བཟླས། །དེ་ཡི་ཁྲག་ནི་འགུགས་པར་འགྱུར། །ཐམས་ཅད་བདག་ཉིད་བཅོམ་ལྡན་མོ། །རིག་པའི་མཆོག་ནི་ཉེར་སྤྱོད་ཀྱིས། །ལས་ནི་ཀུན་ཏུ་བྱ་བ་ཡིན། །ཇི་ལྟར་འདོད་པ་དཔལ་ཁྲག་འཐུང་། །རྡོ་རྗེ་ཕག་མོའི་སྙིང་པོ་དང་། །དེ་བཞིན་ཉེ་བའི་སྙིང་པོའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ལས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་མ་རྣམས་མཆོག་ཏུ་མཛེས། །གསང་བའི་བླ་མ་བླ་མེད་སྔགས། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །ལྷ་མོ་ཀུན་གྱི་སྙིང་པོ་ནི། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །བྷ་ཡིག་བདག་གིས་རབ་ཏུ་གསུངས། །ཨོཾ་ཡིག་ས་བོན་ཞེས་སུ་བརྗོད། །ཇི་ལྟར་ཨེ་ཡིག་ས་བོན་ལ། །མེ་ཡི་བུ་ནི་གསུམ་པས་དབྱེ། །ཧཱུྃ་ཕཊ་ཡི་གེ་མཐའ་རུ་སྦྱར། །འདི་རྣམས་ཡི་གེ་དྲུག་པའི་སྔགས། །མདོར་བསྡུས་ནས་ནི་གསུངས་པ་ཡིན། །གང་ཞིག་རྟག་ཏུ་འདི་བསྒོམས་པ། །རྣལ་
འབྱོར་དངོས་གྲུབ་འབྲས་སྐལ་ལྡན། །རྟག་ཏུ་དེ་ལ་བུད་མེད་བཟང། །སྒྲུབ་པོ་ལ་ནི་འོང་བར་འགྱུར། །འདོད་པས་བརྒྱལ་བར་གྱུར་ན་ནི། །སྣ་ཚོགས་ཀུན་ཏུ་འཛག་པ་སྟེ། །སེམས་ནི་འདོད་པས་དགྱེས་ནས་སུ། །དེ་རྣམས་ཀུན་ནི་འོང་བར་འགྱུར། །རྟག་ཏུ་བཟླས་ན་བུད་མེད་རྣམས། །རྒན་དང་གཞོན་པ་དབང་དུ་འགྱུར། །བྱིན་གྱིས་རློབ་པ་བྱེད་པར་འགྱུར། །རང་གི་ཁྱིམ་དུ་ཞུགས་ནས་ནི། །ཇི་ལྟར་འདོད་པ་བཞིན་བརྟག་པའི་ལས་འདི་ཉེ་བར་སྤྱད་པ་ནི། ལས་ཀུན་བྱེད་པར་འགྱུར་རོ། །མཚན་ཐོག་ཐག་ཏུ་བཟླས་པ་བྱས་ཏེ། སྒྲུབ་པ་པོ་ཤིན་ཏུ་མཉམ་པར་གཞག་པས་ཕོ་ཉ་སྒྲུབ་བོ། །དེའི་ལག་མཐིལ་དུ་སོང་བའི་དཔལ་སུས་ཀྱང་འཕྲོག་པར་མི་ནུས་སོ། །ཁང་སྟོང་དུ་ཞུགས་ནས་ནུབ་ཏུ་ཁ་བལྟས་ཏེ། སྟན་ལ་འདུག་ནས་གོས་ཀྱིས་ཡོལ་བར་བྱས་ཏེ། དེ་ལ་བཟའ་བ་དང་བཏུང་བའི་སྟོན་མོ་བྱིན་ཏེ།སྨན་རྣམ་པ་ལྔས་སྤོས་བྱས་ཏེ་མར་ཁུ་ཆེན་པོས་མེ་མར་རབ་ཏུ་སྦར་ལ་སྟོང་ཕྲག་གཅིག་ཏུ་བཟླས་པ་བྱས་ཏེ། དེ་ནས་རྣལ་འབྱོར་མ་ཐམས་ཅད་འོངས་ནས་དཀྱིལ་འཁོར་ལ་ཞུགས་ཏེ་སྒྲུབ་པ་པོ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་སྟོན་པར་འགྱུར་རོ། །ཤ་དང་ཁ་ཟས་ཀྱི་ལྷག་མས་རྣལ་འབྱོར་མ་རྣམས་ལ་གཏོར་མ་བྱིན་ཏེ། གིའུ་ཝང་ལ་བརྒྱད་བརྒྱར་མངོན་པར་བསྔགས་ནས་མིག་ལ་ཨཉྫ་བྱུགས་ན་མི་སྣང་བར་འགྱུར་རོ། །གང་གིས་ནམ་ཡང་འདི་དམ་ཚིག་མེད་པ་ལ་བརྗོད་པར་མི་བྱ་སྟེ། རྣལ་འབྱོར་མ་ཐམས་ཅད་ཀུན་ནས་འགྲོ་བར་འགྱུར་རོ། །ཇི་ལྟར་དཔལ་ཧེ་རུ་ཀ་ལ་མཆོད་པ་བཞིན། དེ་ལྟར་སློབ་དཔོན་རབ་ཏུ་འབད་པས་མཆོད་དོ། །ཆོ་ག་བཞིན་དུ་དགྱེས་པར་བྱས་ཏེ་དཔལ་ཧེ་རུ་ཀ་དགྱེས་པར་བྱས་ནས་རྣལ་འབྱོར་མ་རྣམས་འདིས་དགྱེས་ནས་མཆོག་སྟེར་ཞིང་། སློབ་དཔོན་དགྱེས་ནས་ཐམས་ཅད་དགྱེས་པར་ཐེ་ཚོམ་མེད་དོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས། དཔལ་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་བཏུ་བའི་ལས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་བཞི་པའོ།། །།
དེ་ནས་ཡང་དག་བཤད་བྱ་བ། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་པ། །སྔོན་བཞིན་ཐད་ཀའི་མདུན་དུ་ནི། །གང་གིས་མྱུར་དུ་དེ་འགྲུབ་འགྱུར། །ཡིད་ཀྱིས་དབང་བསྐུར་ཐོབ་པ་ནི། །རྣལ་འབྱོར་ཆེན་པོ་ལ་གནས་ཏེ། །དངོས་གྲུབ་ཀུན་ཀྱང་ཕྱག་རྒྱ་སྟེ། །སྒྲུབ་པོས་ཡང་དག་མཆོད་པར་བྱའོ། །དཔལ་ཧེ་རུ་ཀ་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་འོངས་ནས་མཆོག་སྟེར་བར་བྱེད་དོ། །དེ་ལ་ཨརྒྷ་ཕུལ་ཏེ་པུས་མོ་ས་ལ་བཙུགས་ནས་ལག་པ་ཐལ་མོ་སྦྱར་ཏེ། སྒྲུབ་པའི་མཆོག་གིས་མཆོད་པར་བྱའོ། །སྒྲུབ་པ་པོའི་ལུས་ལ་འཇུག་པར་ཐེ་ཚོམ་མེད་དོ། །དཔའ་བོའི་མིག་ནི་རབ་ཏུ་གདངས་པ་དང་། ཐམས་ཅད་ཤེས་ཤིང་གཙོ་བོ་ཐམས་ཅད་བྱེད་པ་དང་། དེ་ནས་སྒྲུབ་པ་པོ་མཆོག་འཇིག་རྟེན་གསུམ་དུ་ཐམས་ཅད་དུ་འགྲོ་བའོ། །དཔའ་བོ་འདི་རྣམས་ཡེ་ཤེས་ཆེ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །གང་གིས་རྣམ་པར་ཤེས་ཙམ་གྱིས། །ས་དང་རྒྱ་མཚོ་སྐ་རགས་ཏེ། །ལྷ་དང་ལྷ་མིན་མིར་བཅས་པ། །མྱུར་དུ་དབང་དུ་བྱེད་པར་འགྱུར། །ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱཱ་ཪཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། བསྒྲུབ་བྱའི་སྤྱི་བོ་ལ་སྔགས་ཀྱི་རྒྱལ་པོ་འདི་བཀོད་པས་རེངས་པར་འགྱུར་རོ། །སྔགས་འདི་རྣམས་རྣམ་པར་ཤེས་ནས་སྟེངས་སུ་སྟོབས་འཛིན་པར་འགྱུར་རོ། །རྒྱ་མཚོའི་རླབས་དང་། གླང་པོ་ཆེ་དང་། སྤྲེའུ་དང་། འཁྲུལ་འཁོར་དང་། རྟ་དང་། དེ་བཞིན་དུ་དམག་མི་རྣམས་འདིར་ལུས་ལ་བཀོད་ན་རེངས་པར་འགྱུར་རོ། །དེ་ལྟར་ཡོངས་སུ་བཀོད་པ་ཡིས། །གྲུ་གསུམ་དཀྱིལ་འཁོར་ཡང་དག་ལྡན། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡང་། །སྐད་ཅིག་ཙམ་གྱིས་འོང་བར་འགྱུར། །ཁ་ཡི་དབུས་སུ་རྣམ་པར་བཀོད། །དེ་བཞིན་ལྕེ་དང་རྐན་ལའོ། །དེ་ནི་མྱུར་དུ་དགེ་བར་འགྲོ། །རྡོ་རྗེ་སེམས་དཔའ་མཉམ་པ་ཡང་། །སྐད་ཅིག་གིས་ནི་མི་སྨྲ་འགྱུར། །ལྕེ་ཡི་རྩེ་ནས་རིག་པ་འཕྲོག །འདི་རུ་བཀོད་པས་འགྲུབ་པར་འགྱུར། །སྔགས་ཀྱི་རྒྱལ་པོ་སྙིང་གར་དགོད། །སེམས་ནི་འཕྲོག་པར་བྱེད་པ་ཡིན། །རྐང་པའི་མཐིལ་ནས་མགོ་ཡི་བར། །ནག་པོའི་གཟུགས་
ནི་རྣམ་པར་དགོད། །དབང་པོ་ཐམས་ཅད་འཕྲོག་པ་རུ། །བྱེད་པ་རུ་ནི་ཐེ་ཚོམ་མེད། །ལས་འདི་ཐམས་ཅད་བྱེད་པར་འགྱུར། །འདོད་པའི་དངོས་གྲུབ་རབ་ཏུ་སྟེར། །འདི་རྣམས་དེ་ཡི་དཔའ་བོས་གསུངས། །འདོད་པས་ས་སྟེངས་རྙེད་པར་དཀའ། །བདག་ཉིད་ཡིད་བཞིན་ནོར་བུ་ཉིད། །དེ་ཉིད་བསྡུས་པར་རྣམ་བཤད་པ། །འདི་ཡི་སྔགས་དང་འདྲ་བ་མེད། །འདི་ཡི་ལས་དང་མཉམ་པ་མེད། །རྣམ་པར་མི་ཤེས་པ་ཡིས་ནི། །ཅུང་ཟད་ལས་ནི་འགྲུབ་པ་མེད། །སྔགས་ཀྱི་རྒྱལ་པོ་རྣམ་པར་ཤེས། །དངོས་གྲུབ་ཐམས་ཅད་མཛེས་པར་བྱེད། །རང་གི་ལུས་ལ་རྣམ་པར་དགོད། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །དེས་ནི་བལྟས་པས་དབང་དུ་འགྱུར། །ཐམས་ཅད་སྒྲུབ་པོའི་གཙོ་བོ་ཡིས། །རབ་ཏུ་ཁྲོས་པས་གསོད་པར་འགྱུར། །བརྟུལ་བཞིན་རྣམ་པར་ཁྲོས་པ་ཡིས། །ཆུ་བོ་དང་ནི་རྒྱ་མཚོ་དང་། །འཁྲུག་པ་དང་ནི་རྒྱལ་རིགས་དང་། །རྐུན་པོ་མེ་ཡི་འཇིགས་པ་ལས། །དེ་ཡིས་རྡོ་རྗེ་ཐོག་ཏུ་འགྱུར། །གང་དེར་ཡང་དག་བྲིས་པ་ཡིས། །འཇིག་རྟེན་གསུམ་ཡང་གཡོ་བ་དང་། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །སྒྲུབ་པོ་མཆོག་ཏུ་གྱུར་པ་ཡིས། །དབང་དང་དགུག་དང་རེངས་པ་ཡིས། །རྣམ་པར་སྡང་བ་བསྐྲད་དང་གསད། །གང་དུ་མིང་གིས་བྲིས་ཏེ་གཟུང་། །ཐམས་ཅད་དུ་ནི་འགྲུབ་པར་འགྱུར། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷ། །མཁས་པ་ཡིས་ནི་མྱུར་བ་རུ། །སྐལ་མེད་ཀྱིས་ཀྱང་འགྲུབ་པ་ཡིན། །སྒྲུབ་པོས་རབ་ཏུ་འབད་པ་ཡིས། །འདི་ནི་རྟག་ཏུ་སྐྱེ་བར་འགྱུར། །འཁྲུག་པ་དགྲ་དང་གཡང་ས་དང་། །རྐུན་པོ་སྟག་དང་གླང་ཆེན་དང་། །སེང་སྦྲུལ་རྟ་དང་མཚོན་ཆའི་བར། །གཟའ་ནི་སྣ་ཚོགས་འཇིགས་པ་ལས། །ཐམས་ཅད་དུ་ནི་རྒྱལ་བར་འགྱུར། །དེ་ནི་རྩོད་པ་མེད་འདོད་ན། །སྔགས་པས་བྲི་བར་བྱ་བ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཀླུའི་ལས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།
དེ་ནས་བསྐྲད་པ་ཡང་དག་བཤད། །དགྲ་བོ་སྟོབས་ཀྱིས་དྲེགས་པས་ན། །སྟེང་དུ་འཁོར་བའི་འདབ་མ་ལ། །མཁས་པས་བྱ་རོག་སྒྲོ་ཡིས་བྲི། །སྙིང་པོ་གོ་བཟློག་ཡང་དག་ལྡན། །འབྱུང་པོའི་ཞག་ལ་བརྒྱ་རུ་བཟླས། །སྟེང་དུ་འཁོར་ཞིང་ལྡིང་བ་ཡི། །འདབ་མ་ཕྱེད་དང་གཉིས་ལས་ནི། །བསྒྲུབ་བྱ་མྱུར་དུ་སྐྲོ་པར་འགྱུར། །གཙོ་བོ་རྡོ་རྗེ་སེམས་དཔའ་སྐྲོད། །ནིམ་བ་པ་ཏྲའི་ཁུ་བར་ལྡན། །བསྒྲུབ་བྱའི་མིང་དང་དམ་ཚིག་དང་། །སྙིང་དུ་སྔགས་ཀྱིས་ཆུད་པར་བྱ། །མ་ལ་སྦྱིན་སྲེག་བྱ་བ་སྟེ། །བརྒྱད་ལྷག་བརྒྱ་ནི་ཡོངས་སུ་བཟླས། །གོ་བཟློག་པ་ཡི་སྙིང་པོ་ཡིས། །ཉི་མ་ཕྱེད་དམ་ནམ་ཕྱེད་ན། །ཕོ་ཉ་འཁོར་ཞིང་སྔགས་ནི་བཟླས། །སྙིང་པོ་གཉིས་བརྒྱད་ལྷག་པའི་བརྒྱས། །འདི་རྣམས་འཁོར་བར་བྱ་བ་ཡིན། །ཡིད་ཀྱིས་བརྒྱད་བརྒྱས་དགྲ་རྣམས་ནི། །འཁྲུལ་འཁོར་དག་ནི་གཞུག་པར་བྱ། །སྔགས་ཀྱི་ཞགས་པས་བཅིངས་པ་དང་། །སྤྱི་བོར་དབྱུག་པ་ཡིས་ནི་བརྡུང་། །ཚངས་པ་དབང་པོ་དྲག་པོ་དང་། །མིང་དང་དགྲ་རྣམས་གསོད་པ་ཡིན། །ཟླ་བ་དག་ནི་ཕྱེད་པ་ལ། །བསྒྲུབ་བྱའི་སྤྱི་བོར་ཡང་དག་བྲིས། །ཐོང་པ་ཁྲག་གིས་བཀང་བ་ནི། །གང་གི་གནས་སུ་དེ་ཉིད་སྦས། །དེ་མ་ཐག་ཏུ་ཁྲག་ནི་འཛག །སྔགས་ལ་སུན་ནི་འབྱིན་པ་དེ། །དེ་ཉིད་ཀྱིས་ནི་འཆི་བར་འགྱུར། །འདོད་པའི་འཁྲུལ་འཁོར་དང་པོའི་དགྲ། །འདི་ཉིད་སྟོང་པ་ཆེན་པོ་སྟེ། །དངོས་གྲུབ་ཀུན་བྱེད་མཛེས་པ་ཡིན། །འདི་ནི་ཁྲག་འཐུང་གིས་ནི་བརྗོད། །སྔོན་དང་ཕྱི་མ་དབུས་དག་ཏུ། །མཁས་པས་འཇིག་རྟེན་སྤྱོད་པར་ཤེས། །དཔལ་ཁྲག་འཐུང་མངོན་པར་འབྱུང་པ་ལས་གདུག་པ་ཐམས་ཅད་ཀྱི་བསམ་གཏན་གྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།དེ་ནས་ཆར་པ་དབབ་པ་བཤད། །དཔའ་བོ་གཉིས་མེད་རྣལ་འབྱོར་པས། །གང་གིས་མྱུར་དུ་ཆར་འབེབ་པ། །ཀླུ་བརྒྱད་པོས་ནི་ཐེ་ཚོམ་མེད། །མཐའ་ཡས་དང་ནི་ནོར་རྒྱས་དང་། །དེ་བཞིན་འཇོག་པོ་སྟོབས་ཀྱིས་རྒྱུ། །པདྨ་དང་
ནི་པད་ཆེན་དང་། །དུང་སྐྱོང་དང་ནི་རིགས་ལྡན་བརྗོད། །སོ་སོ་ཞིང་ནི་རེ་རེ་ཡི། །སྔགས་དང་རང་མིང་བརྗོད་པར་བྱ། །སྡེ་ཚན་དྲུག་པའི་གཉིས་པ་ལ། །དབྱངས་ཀྱི་ལྔ་པས་དབྱེ་བ་བྱ། །བཅུ་དྲུག་པས་ནི་མཉམ་པར་བརྟེན། །ཐོག་མ་ཐ་མ་མཉམ་ལྡན་བརྟག །སྔགས་འདི་དག་ནི་མཉམ་པར་སྦྱོར། །མཐའ་ཡས་ལ་སོགས་བརྒྱད་པོ་ནི། །རྒྱ་མཚོར་འབབ་པའི་ཆུ་བོ་ཡི། །འཇིགས་པས་གཟུགས་བརྙན་བྱ་བ་ཡིན། །ཕྱོགས་ཀྱི་མདོག་ཏུ་གདེངས་ཀ་བདུན། །སྔགས་ཀྱིས་བསྐུལ་བས་ཡང་དག་ལྡན། །དེ་ཡི་སྙིང་གར་གཞུག་པར་བྱ། །པདྨ་འདབ་བརྒྱད་དགོད་བྱས་ལ། །གཞག་སྟེ་ཉིན་བདུན་མཆོད་པར་བྱ། །མཐའ་དག་ཆུ་ཡིས་རྒྱས་པར་བྱ། །མྱུར་དུ་ཆར་ནི་མི་འབེབ་ན། །ལས་གཞན་དག་ནི་སྦྱར་བར་བྱ། །དུར་ཁྲོད་ཀྱི་ནི་རས་དག་ལ། །དུག་དང་སྐེ་ཚེ་དག་དང་ནི། །ནིམ་པའི་འདབ་མའི་ཁུ་བ་ཡིས། །སྔགས་འདི་དག་ནི་ཡང་དག་བྲི། །སྦུ་གུ་ལ་སོགས་པར་ནི་གཞུག །འབྲས་ཕུབ་མེ་ལ་གདུང་བར་བྱ། །ཆར་ནི་འབབ་པར་འགྱུར་བའོ། །ཡང་ན་ཀླུ་ནོར་རྒྱས་ཀྱི་གཟུགས་བརྙན་མགོ་དགུ་པ་བྱས་ལ་དེའི་སྙིང་གར་བཅུག་ལ་གདུང་བར་བྱའོ། །ཆར་པའི་རྒྱུན་ཆེན་པོ་འབབ་པར་འགྱུར་རོ། །འཛམ་བུའི་གླིང་ཀུན་ཏུ་རྒྱས་པར་འགྱུར་རོ། །དཔལ་ཧེ་རུ་ཀའི་བཀའ་ཉན་པར་བྱེད་པ་དང་། ཀླུ་ལ་ཀླུས་ཞི་བར་འགྱུར་རོ། །དེ་ནས་དཔལ་ལྡན་སྦྱིན་སྲེག་གིས། །གཟའ་དགུ་པོ་ནི་ཞི་བ་ཡིན། །མིག་དམར་མཇུག་རིངས་ལ་སོགས་པར། །སྔགས་ཀྱི་ཆོ་ག་བཞིན་དུ་སྦྱར། །ཉི་མ་དང་ནི་ཟླ་བ་འཛིན། །མིག་དམར་དང་ནི་གཟའ་ལྷག་དང་། །དེ་བཞིན་ཕུར་བུ་པ་བ་སངས། །དེ་བཞིན་དུ་ནི་སྤེན་པ་མཆོག །སྒྲ་གཅན་མཇུག་རིངས་མཉམ་པར་བཤད། །རང་མིང་བརྗོད་པ་ཡི་ནི་སྔགས། །དང་པོ་ཨོཾ་གྱི་ཡི་གེ་དང་། །ཐ་མར་སྭཱ་ཧཱ་སྦྱར་བ་ཡིན། །དབང་པོ་མེ་དང་གཤིན་རྗེ་དང་། །དེ་བཞིན་བདེན་བྲལ་ཆུ་བདག་དང་། །རླུང་ལྷ་དང་ནི་གནོད་སྦྱིན་དང་། །དབང་ལྡན་དུ་ནི་རབ་ཏུ་གྲགས། །དེ་བཞིན་འཇིག་རྟེན་སྐྱོང་བ་དང་། །སྦྱོར་བའི་ལམ་
ལ་རབ་ཏུ་འཇུག །རང་མཚན་བཞོན་པ་ཁ་དོག་དང་། །འཇིག་རྟེན་སྐྱོང་བ་བདག་ཉིད་ཆེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །བསྒྲུབ་བྱ་ལ་ནི་སྦྱོར་བ་ཡིན། །ཉིན་ཞག་བདུན་གྱི་སྦྱིན་སྲེག་གིས། །སྒྲུབ་པོ་ཅི་བགྱི་འགྱུར་བ་ཡིན། །ཞལ་བཞི་པ་ཡི་སྔགས་ཀྱིས་ནི། །ཕྱོགས་དང་མཚམས་སུ་གསུངས་པ་སྟེ། །འབྲུ་རྣམས་ཐམས་ཅད་བསྲེས་ནས་ནི། །ཉི་ཁྲི་རུ་ནི་བསྔགས་ནས་ཀྱང་། །གྲངས་ནི་བརྒྱད་དང་དགུ་པོ་བསྒྲུབ། །འདི་རྣམས་འཇིག་རྟེན་པ་ཡིན་ཏེ། །རྣལ་འབྱོར་པས་ནི་སྒྲུབ་པ་པོ། །ས་ཡི་སྟེང་དུ་རྣམ་པར་སྤྱོད། །དཔལ་ལྡན་ཁྲག་འཐུང་འཇིག་རྟེན་འགྱུར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །སེམས་ཅན་རང་བཞིན་སངས་རྒྱས་ཀུན། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །སྔགས་དང་ཕྱག་རྒྱ་མཉམ་པར་བྱ། །དཔལ་ལྡན་ཁྲག་འཐུང་མཆོད་པ་དང་། །མཐོ་རིས་ཀྱི་ནི་དོན་ཆེད་དུ། །ཞི་བའི་དངོས་གྲུབ་འོང་བ་སྟེ། །རྟག་ཏུ་དྲུག་ཅུ་རྩ་བཞི་མཆོད། །དབང་པོ་གཉིས་ཀྱི་རབ་སྦྱོར་བས། །རང་བྱུང་ཡེ་ཤེས་ཀྱི་ནི་གཞི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཆར་དབབ་པ་དང་། གཟའ་རྒྱུ་བ་དང་། འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་སྒྲུབ་ཐབས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ནས་གཞན་ན་མེད་པ་ཡི། །ཕོ་ཉ་ཀུན་གྱི་དབང་ཕྱུག་མཆོག །ཞལ་བཞི་ཡི་ནི་ཧཱུྃ་ཡིག་དང་། །ཇི་ལྟར་འདོད་པར་ལས་ཀྱིས་དབྱེ། །ལྷ་དང་མི་ཡི་བདེ་བ་ནི། །གཅིག་ཏུ་བསྡུས་ནས་བལྟས་པ་ཡིས། །ཁྲག་འཐུང་གཉིས་མེད་བདེ་བ་ལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །གོས་ཆེན་དང་ནི་ཤ་ཆེན་དང་། །དབང་ཆེན་དང་ནི་སྦྲང་རྩི་ཆེ། །ཐམས་ཅད་དུར་ཁྲོད་ནས་བྱུང་བ། །ཕྱག་རྒྱ་འདི་ཡི་དབང་ཕྱུག་མཆོག །བྱ་བ་ཀུན་ལ་དངོས་གྲུབ་སྟེར། །ཇི་སྲིད་མདུན་དུ་དགྲ་བོ་བསྒོམ། །ཞགས་པ་ནག་པོས་མགྲིན་པ་བཅིངས། །འདོད་པས་དབྱུག་པས་བརྡུང་བར་བྱ། །ཆོ་ག་བཞིན་དུ་སྔགས་པས་བསམ། །ལྷོ་ཕྱོགས་སུ་ནི་བསྒྱེལ་བར་བྱ། །དགར་བ་ཡིད་དང་ལྟུང་བ་
དང་། །ཡང་དང་ཡང་དུ་བསྐྲད་པ་དང་། །ལྟེ་བ་རུ་ནི་བཀག་པ་ཉིད། །ཡང་དང་ཡང་དུ་བརྒྱལ་བར་འགྱུར། །ཉི་མ་ཕྱེད་དང་ནམ་ཕྱེད་ན། །གཟུགས་བརྙན་གྱི་ནི་སྦྱིན་སྲེག་བྱ། །ཉི་མ་གསུམ་པ་ཀུན་ཏུ་བྲི། །འཆི་བར་འགྱུར་ཞིང་མགོ་བོ་ལྟུང་། །སྔགས་ཀྱི་ཆོ་གས་འཆི་བ་ནི། །ས་སྟེངས་མཆེ་བས་བཏབ་པ་སྟེ། །རྣལ་འབྱོར་མ་ཡི་སྔགས་ཀྱིས་ནི། །རྣལ་འབྱོར་པ་ལ་དངོས་གྲུབ་སྟེར། །སྙིང་པོས་མི་ལ་བསྡུས་ནས་སུ། །ཕྱི་ནས་ཡང་ནི་ལྟུང་བ་ཡིན། །ཕྱག་རྒྱ་ཆེན་པོའི་སྙིང་པོ་རུ། །ཡོན་པོ་ཞེས་བར་རབ་ཏུ་གྲགས། །སྒྲུབ་པོས་འཇིག་རྟེན་གསུམ་པོ་ཡང་། །འདི་ཡིས་ཐམས་ཅད་བསྡུས་པ་ཡིན། །དེ་ནས་བསྐྲད་པ་བཤད་པར་བྱ། །དགྲ་བོ་རྣམས་ཀྱིས་སྟོབས་དྲེགས་དང་། །སྔགས་པས་སྔོན་གསུངས་ཆོ་ག་བཞིན། །ནིམ་པའི་འདབ་མའི་ཁུ་བ་དང་། །བྱ་རོག་སྒྲོ་ཡི་བྱེ་བྲག་གིས། །སྒྲུབ་པོས་རབ་ཏུ་འབད་པ་མཆོག །བློ་ལྡན་རང་གི་གནས་ལ་སྤྱོད། །དེ་ནི་ས་སྟེང་འཁོར་ལོས་སྒྱུར། །ཉི་མ་བདུན་གྱིས་ལྷ་ཉིད་དང་། །ཟླ་བ་ཡིས་ནི་འཇིག་རྟེན་པ། །ལོ་ཡིས་སངས་རྒྱས་བྱང་ཆུབ་སེམས། །དྲན་པས་ཕལ་ཆེའི་མི་རྣམས་སོ། །ཟླ་བ་ཕྱེད་ཀྱིས་ལྷ་མ་ཡིན། །སྲིན་པོ་དང་ནི་གནོད་སྦྱིན་མོ། །ཀླུ་དང་དྲི་ཟ་དག་དང་ནི། །མི་འམ་ཅི་ལ་སོགས་སྐད་དུ། །སྔགས་དང་ཕྱག་རྒྱ་འདི་རྣམས་ཀྱིས། །སྒྲུབ་པོས་ས་སྟེང་རྙེད་པར་དཀའ། །རྣལ་འབྱོར་འདི་ནི་དངོས་གྲུབ་ཆེ། །རྣལ་འབྱོར་ཀུན་ལ་འདི་མཆོག་ཡིན། །རྣལ་འབྱོར་འདི་ནི་དཔལ་ཆེན་པོ། །སུམ་ཅུ་པས་ནི་མཆོད་པ་ཡིན། །འདི་དང་འདྲ་བ་གཞན་ན་མེད། །ཅུང་ཟད་མཛེས་པ་གསང་བ་རྒྱས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ། །གསང་བའི་མིང་དང་མཁའ་འགྲོ་མ། །གང་ཞིག་ཅུང་ཟད་པས་རབ་སྐྱེ། །མི་ཡི་འཇིག་རྟེན་ན་ནི་ཡོད། །དེ་ཀུན་ལྷོ་རུ་ཁ་བལྟས་པའོ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་བསྐྲད་པ་དང་གསང་པའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འཁོར་ལོས་
སྒྱུར་བ་དྲུག་གི་སྔགས། །ཆོ་ག་ཤེས་པས་སྔགས་ནི་གསང། །འདོད་པའི་དངོས་གྲུབ་འོང་བར་འགྱུར། །སེམས་ནི་ཤིན་ཏུ་རྣམ་དག་བྱས། །དེ་ནས་རྫ་རྔ་བཅིང་བར་བྱ། །ཤིན་ཏུ་མཉམ་པར་གཞག་པ་ཡིས། །དབྱངས་ཀྱི་ཡི་གེ་དགོད་པར་བྱ། །རེའུ་མིག་དགུ་ནི་བཅིང་བྱ་སྟེ། །མཉམ་པར་ཡི་གེ་བཞི་བཅུ་དགུ། །གནས་དེར་བློ་ལྡན་གྱིས་ནི་བཏུ། །དང་པོ་རྡོ་རྗེ་སེམས་དཔའ་སོགས། །རྫ་རྔའི་རྣམ་པ་དཔའ་བོ་ཆེ། །དཔའ་བོ་ཆེན་པོའི་ཞལ་ནི་བསྒྱུར། །ཇི་ལྟར་རིགས་པ་དེ་ལྟར་བྱས། །མཐའ་དག་རབ་ཏུ་ཞི་བ་ཡིན། །སྡེ་ཚན་དབྱེ་བ་ཤེས་བྱས་ནས། །མཁས་པས་ཕྱི་མོ་ལས་ནི་བཏུ། །བཞི་བཅུ་རྩ་བརྒྱད་པ་བླངས་ཏེ། །དབྱངས་ཀྱི་ལྔ་པས་ཡང་དག་ལྡན། །དང་པོ་ཡི་གེར་གྱུར་པ་ཡིན། །དེ་ནས་བཞི་བཅུ་རྩ་གཅིག་བླང་། །བཞི་བཅུ་པ་ཡིས་སྦྱར་བ་ཡིན། །གཉིས་པར་ཡོངས་སུ་གྲགས་པའོ། །དེ་ནས་སུམ་ཅུ་སོ་དྲུག་བླང་། །དབྱངས་ཀྱི་གསུམ་པ་སྦྱར་བ་ཡིན། །གསུམ་པའི་ཡི་གེར་གྱུར་པའོ། །དྲོད་ཀྱི་ཡི་གེ་གསུམ་པ་ལ། །དབྱངས་ཀྱི་ལྔ་པ་ཡང་དག་ལྡན། །བཞི་པའི་ཡི་གེར་གྱུར་པའོ། །དྲུག་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ཀྱི་ནི་བཞི་པར་ལྡན། །ལྔ་པའི་ཡི་གེར་གྱུར་པ་སྟེ། །རྡོ་རྗེ་སེམས་བདག་ཉིད་ཆེན་པོ། །དེ་བཞིན་བཞི་བཅུ་རྩ་དགུ་བླང་། །དབྱངས་ཀྱི་ལྔ་པས་སྦྱར་བ་སྟེ། །སྟེང་དུ་ནཱ་དས་སྦྱར་བ་ཡིན། །ཡི་གེ་དྲུག་པ་རུ་ནི་བརྗོད། །ཨོྃ་གྱི་ཡི་གེ་དང་པོ་སྟེ། །ཕཊ་ཀྱི་ཡི་གེ་ཐ་མར་རོ། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །དེ་བཞིན་གཅིག་དམན་ལྔ་བཅུ་ལ། །དབྱངས་ཀྱི་གཉིས་པ་སྦྱར་བ་ཡིན། །ཡ་ཡི་སྡེ་ཚན་བརྒྱད་པ་ལ། །མེ་ཡི་བུས་ནི་སྦྱར་བ་ཡིན། །དབྱངས་ཀྱི་བཞི་པས་སྦྱར་བ་སྟེ། །གཉིས་པའི་ཡི་གེ་མཆོག་ཡིན་ནོ། །སྟེང་དུ་ན་དས་སྦྱར་བའོ། །ཡི་གེ་གཅིག་དམན་ཉི་ཤུ་ལ། །སྐྱེ་བར་བྱེད་པས་ཡང་དག་གནས། དབྱངས་ཀྱི་གསུམ་པས་སྦྱར་བ་མིས། །ཡི་གེ་གསུམ་པར་གྱུར་པ་ཡིན། །གཅིག་གིས་དམན་པའི་ལྔ་བཅུ་བླང་། །སུམ་ཅུ་རྩ་དྲུག་ཡང་དག་བླང་། །ཡི་གེ་བཞི་པ་བརྗོད་པའོ། །ལན་གཉིས་སུ་ནི་བརྗོད་པར་བྱ། །དེ་བཞིན་བཞི་བཅུ་ཞེ་བརྒྱད་པ། །གཟུགས་ཀྱིས་རབ་ཏུ་དབྱེ་བ་ཡིན། །བཅྭ་
ལྔ་པ་ནི་ཡང་དག་བླང་། །ཡི་གེ་བདུན་པ་རུ་ནི་བརྗོད། །འདོད་པའི་དོན་ཀུན་སྒྲུབ་པ་པོས། །ཨོཾ་གྱི་ཡི་གེ་དང་པོ་སྟེ། །ཧཱུྃ་ཕཊ་ཡི་གེ་མཐའ་རུ་སྦྱར། །རྣམ་སྣང་མཛད་དུ་གྱུར་པའོ། །འདིས་ནི་དངོས་གྲུབ་ཐམས་ཅད་སྟེར། །དབྱངས་ཀྱི་གཉིས་པ་ཉིད་དག་དང་། །ཨནྟ་སྠ་ཡི་གཉིས་པ་ལ། །དབྱངས་ཀྱི་བཅུ་གསུམ་པ་ཡིས་སྦྱར། །གཉིས་པའི་ཡི་གེར་གྱུར་པའོ། །བཞི་བཅུ་རྩ་བཞི་ཡང་དག་ལྡན། །དབྱངས་ཀྱི་གསུམ་པས་སྦྱར་བ་སྟེ། །ཡི་གེ་གསུམ་པར་གྱུར་པའོ། །ཨོྃ་ཡིག་དང་པོར་སྭཱ་ཧཱ་མཐར། །པད་མ་གར་གྱི་དབང་ཕྱུག་གོ། །འདི་རྣམས་རང་གི་སྔགས་བཤད་པའོ། །དེ་བཞིན་གཅིག་དམན་ལྔ་བཅུ་བླང་། །དབྱངས་ཡིག་བཅུ་གཅིག་པ་ཡིས་སྦྱར། །དང་པོའི་ཡི་གེ་བརྗོད་པར་བྱ། །དྲོད་ཀྱི་ཡི་གེ་བཞི་པ་ལ། །དབྱངས་ཀྱི་བཅུ་གཅིག་གིས་ནི་སྦྱར། །གཉིས་པའི་ཡི་གེ་བརྗོད་པར་བྱ། །ཨནྟ་སྠ་ཡི་གཉིས་པ་ལ། །དབྱངས་ཀྱི་ལྔ་པས་སྦྱར་བ་ཡིན། །ར་ཡིག་དག་དང་བཅུ་བདུན་པ། །ལྔ་པ་ཡིས་ནི་མཉམ་པར་ལྡན། །བཅྭ་ལྔ་པ་ཡིས་མཆོད་པར་བྱ། །ཨོྃ་གྱི་ཡི་གེ་དང་པོ་སྟེ། །ཧཱུྃ་ཧཱུྃ་ཕཊ་ནི་མཐའ་མར་ཡིན། །འདོད་པའི་དོན་ཀུན་སྒྲུབ་པའོ། །དཔལ་ལྡན་ཁྲག་འཐུང་དཔའ་བོ་ཆེ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་དབང། །དེ་ནས་བཅྭ་བརྒྱད་པ་ནི་བླང་། །དྲོད་ཀྱི་ཡི་གེ་དང་པོ་ལ། །དབྱངས་ཡིག་བཅུ་གསུམ་པ་ཡིས་སྦྱར། །གཉིས་པ་རུ་ནི་རབ་ཏུ་གྲགས། །ཨན་ཏསྠ་ཡི་གསུམ་པ་ལ། །བཅུ་གསུམ་པ་ཡིས་སྦྱར་བ་ཡིན། །དབྱངས་ཀྱི་གཉིས་པ་ཉིད་དག་དང་། །མཁས་པས་གསུམ་པ་རུ་ནི་བརྗོད། །བཞི་བཅུ་རྩ་གཉིས་ཡང་དག་བླང་། །གཅིག་གིས་མ་ཚང་ལྔ་བཅུ་ལ། །དབྱངས་ཀྱི་ལྔ་པས་སྦྱར་བ་ཡིན། །སྟེང་དུ་ན་དས་སྦྱར་བར་བྱ། །ཨོྃ་གྱི་ཡི་གེ་དང་པོ་སྟེ། །ཕཊ་ཀྱི་ཡི་གེ་ཐ་མར་ཡིན། །དེ་ལྟ་ཉིད་དུ་ཐེ་ཚོམ་མ་མེད། །འདི་ནི་རྡོ་རྗེ་ཉི་མར་གྱུར། །དངོས་གྲུབ་སྟེར་ཞིང་ཐར་བ་སྟེ། །ཡི་གེ་བཞི་བཅུ་པ་ཉིད་དང་། །དེ་ཉིད་ལ་ནི་དབྱངས་ཡིག་དང་། །བཅུ་གསུམ་
པ་ཡིས་སྦྱར་བ་ཡིན། །དེ་ནི་གཉིས་ལྡན་དུ་ནི་བྲི། །འོན་ཀྱང་རིག་པ་ཅུང་ཟད་མེད། །གཅིག་གིས་མ་ཚང་ཉི་ཤུ་དང་། །ཨན་ཏསྠ་ཡི་བཞི་པ་དང་། །དབྱངས་ཡིག་གཉིས་པས་ཡང་དག་ལྡན། །དེ་བཞིན་བཅྭ་ལྔ་པ་ཡིས་སྦྱོར། །བཞི་པའི་ཡི་གེར་བརྗོད་པའོ། །དབྱངས་ཡིག་གི་ནི་གཉིས་པ་དང་། །དེ་བཞིན་བཅུ་དྲུག་པ་ཉིད་དང་། །དཔའ་བོ་ཉི་ཤུ་དྲུག་པ་བཏུ། །ཡི་གེ་བདུན་པས་བརྗོད་པའོ། །ཨོྃ་གྱི་ཡི་གེ་དང་པོ་སྟེ། །ཧཱུྃ་ཕཊ་ཐ་མར་སྦྱར་བ་ཡིན། །དཔའ་བོ་ཆེན་པོ་རྟ་མགྲིན་ཏེ། །དངོས་གྲུབ་ཀུན་གྱི་གཙོ་བོ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་འཁོར་ལོ་སྒྱུར་བ་དྲུག་གི་བསམ་གཏན་དང་སྔགས་བཏུ་བའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་དག་གནས་པའི་སྔགས། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །སྙིང་ག་མགོ་བོ་སྤྱི་གཙུག་དང་། །གོ་ཆ་མིག་ལ་སོགས་པ་རུ། །རྡོ་རྗེ་སེམས་དཔའ་ལ་སོགས་སྦྱར། ཆོ་ག་བྱས་ཤིང་རབ་ཏུ་བསྲུང་། །རྡོ་རྗེ་སེམས་དཔའ་སྙིང་ལ་སྦྱར། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །རྣམ་པར་སྣང་མཛད་མགོ་བོར་དགོད། །དེ་ལྟར་ཡོན་ཏན་ཁྱད་པར་ཅན། །སྤྱི་གཙུག་པད་མ་གར་དབང་ཕྱུག །ཕྲག་པར་ཁྲག་འཐུང་དགོད་པ་སྟེ། །མིག་གཉིས་རྡོ་རྗེ་ཉི་མ་ཡིན། །ཡན་ལག་ཀུན་ལ་རྟ་མགྲིན་ཏེ། །དེ་ལྟར་གོ་ཆ་བགོས་པ་ཡིན། །ཐམས་ཅད་ལས་ནི་སྒྲུབ་པར་བྱེད། །ལག་པར་དགོད་པ་ཡང་ནི་བྱ། །ལག་པའི་བརྡ་ནི་བསྟན་བྱ་སྟེ། །རྡོ་རྗེ་སེམས་དཔའ་མཐེ་བོར་གནས། །དེ་བཞིན་རྣམ་སྣང་མཛུབ་མོ་སྟེ། །གུང་མོ་པད་མ་གར་དབང་ཕྱུག །མིང་མེད་དཔལ་ལྡན་ཁྲག་འཐུང་སྟེ། །མཐེའུ་ཆུང་རྡོ་རྗེ་ཉི་མའོ། །སེན་མོའི་ངོས་ལ་རྟ་མཆོག་ཡིན། །ལག་པའི་མཐིལ་དུ་དཔའ་བོ་ཆེ། །གཉིས་མེད་རྡོ་རྗེའི་རྣལ་འབྱོར་མ། །རྒྱབ་ཏུ་རྣལ་འབྱོར་མ་རྣམས་ཀུན། །འདི་རྣམས་ལག་པ་ལ་ནི་དགོད། །ཀུན་གྱིས་སྟུག་པར་མཉམ་པ་ནི། །དེ་ལྟར་ཆོ་ག་བཞིན་དུ་ནི། །དཔའ་བོ་རྣལ་འབྱོར་མ་མཆོད་བྱ། །གཤིན་རྗེའི་ཕྱོགས་ནས་
བརྩམས་ནས་ནི། །ཇི་སྲིད་བདེན་བྲལ་གྱི་ནི་བར། །དུས་དྲུག་ཉིས་འགྱུར་དུ་ནི་བྱས། །མཁའ་འགྲོ་དྲ་བའི་སྡོམ་པ་མཆོད། །ཚེས་དང་དབྱངས་དང་དུས་ཤེས་བྱ། །དུས་བཞི་སུམ་འགྱུར་ཤེས་པར་བྱ། །དཀྱིལ་འཁོར་དབུས་སུ་ཧེ་རུ་ཀ། །སྤྱན་དྲངས་ནས་ནི་མཆོད་པ་འཕེལ། །རྟག་ཏུ་རྣལ་འབྱོར་དབང་ཕྱུག་ལ། །མཆོད་པས་དབུལ་བར་མི་འགྱུར་རོ། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །འདི་རྣམས་དཔའ་བོའི་སྲིང་མོ་ཡིན། །འདོད་པའི་དོན་ཀུན་སྒྲུབ་པ་ཡིན། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དཔའ་བོ་དྲུག་གི་གོ་ཆ་དང་། ལྷའི་གྲངས་དང་ལག་པའི་མཆོད་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དུས་བཞི་མཐའ་ཡི་རྣལ་འབྱོར་ལ། །གསང་བའི་མཆོད་པའི་གསང་བ་ནི། །དཔའ་བོ་གཉིས་མེད་བསྟན་པར་བྱ། །རྫོགས་ལྡན་འདི་རུ་མ་ཡིན་ཏེ། །གསུམ་ལྡན་ལ་ནི་སྲིང་མོར་བརྗོད། །གཉིས་ལྡན་ལ་ནི་བུ་མོར་ཤེས། །རྩོད་ལྡན་ཆུང་མའི་ཕོ་ཉར་གནས། །དེ་ལྟར་ཆོ་ག་ཤེས་བྱས་ནས། །དངོས་གྲུབ་འབྲས་བུ་སྐལ་ལྡན་འགྱུར། །དཔའ་བོ་ཀུན་གྱི་རྗེས་བསྒོམས་ནས། །འདོད་པའི་དངོས་གྲུབ་ཡོད་པ་ཡིན། །ཕྱག་རྒྱ་ཆེན་པོའི་ཐེག་པ་ཆེ། །རྣལ་འབྱོར་མ་རྣམས་དངོས་གྲུབ་སྟེར། །ཕྱག་རྒྱ་ཆེན་པོ་གཞན་ན་མེད། །རྣལ་འབྱོར་ཀུན་ལ་སྒྲུབ་པ་པོས། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གཞན་ཡང་རིག་བྱེད་སྨྲ་བ་དང་། །དཔྱོད་པ་པ་དང་གྲངས་ཅན་དང་། །གཞན་ཡང་བྱེ་བྲག་སྨྲ་བ་ལྟར། །ཚངས་པ་ཁྱབ་འཇུག་ལྷ་ཆེན་གྱི། །ཀུན་ཏུ་དངོས་གྲུབ་མཆོད་པ་སྟེ། །དངོས་གྲུབ་ཡང་དག་ཡེ་ཤེས་ཉིད། །ཐམས་ཅད་པས་ནི་མཆོག་ཡིན་ནོ། །ས་ལས་རིན་ཆེན་བཞི་ཡིན་ཏེ། །དེ་བཞིན་མཆོག་གི་མཆོག་ཉིད་དོ། །མཁའ་འགྲོ་མ་དང་རིག་པ་ཆེ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་དང་། །སྡོམ་པའི་བདག་ཉིད་ཆེན་པོ་དང་། །རྣལ་འབྱོར་འདི་རྣམས་ཤེས་པ་མཆོག །རིག་བྱེད་བཞི་ལ་ང་མི་བྱམས། །ང་ལ་གུས་པས་ང་བྱམས་སོ། །དེ་
ལ་ང་སྟེར་དེ་རྗེས་གཟུང་། །ཇི་ལྟར་བདག་ཉིད་ཀུན་ཏུ་མཆོད། །ཐམས་ཅད་གཉིས་སུ་མེད་པ་སྟེ། །ཀུན་ནས་ཀུན་ཏུ་རྣལ་འབྱོར་བསྒྲུབ། །དཔལ་ལྡན་ཁྲག་འཐུང་དཔའ་བོ་མཆོག །མཛའ་བ་ཐམས་ཅད་འདུས་པ་ཡིན། །ཟླ་བའི་བཏུང་བས་དངོས་གྲུབ་འགྱུར། །རྟག་པ་ཡི་ནི་གོ་འཕང་མཆོག །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །མཁའ་དང་མཉམ་ལས་བཏུས་པ་ཡིན། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཁྲག་འཐུང་མངོན་པར་འབྱུང་ཞེས་པ། །ཐར་པའི་དངོས་གྲུབ་མཆོག་ཏུ་སྟེར། །དཔལ་ལྡན་ཁྲག་འཐུང་ཇི་ལྟར་འཐོབ། །ཡོན་ཏན་གཞན་ནི་རྩྭ་བཞིན་བཏང་། །སྤྱན་མ་མཐེ་བོང་ལ་ནི་གནས། །མཛུབ་མོ་མཱ་ལ་ཀཱི་རུ་བརྗོད། །གུང་མོའི་རྩེ་མོར་སྒྲོལ་མ་ཡིན། །མིང་མེད་ལ་ནི་འོད་བྱེད་མ། །མཐེ་ཆུང་ཕ་རོལ་ཕྱིན་མ་དགོད། །ལག་པའི་མཐིལ་དུ་མཉམ་པར་སྦྱོར། །རྒྱབ་ཏུ་གཤེགས་སུ་གསོལ་བ་སྟེ། །དེ་ལྟར་ཉིད་དུ་ཐེ་ཚོམ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་དུས་བཞིའི་མཐའི་རྣལ་འབྱོར་མ་དང་ལག་པའི་བརྡའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྐྱེ་བ་བདུན་པའི་སྒྲུབ་པ་པོ། །བསྡུས་པས་མྱུར་དུ་འགྲུབ་པར་འགྱུར། །སྔགས་དང་རྣལ་འབྱོར་རབ་འབད་པས། །འབྲས་དཀར་བཏགས་པའི་རང་བཞིན་ལས། །སྔགས་པས་བྱོལ་སོང་གཟུགས་དང་ནི། །གྲོ་ག་ལ་སོགས་ཡང་དག་བླང་། །སྒྲུབ་པོས་གང་ལྟ་ཇི་ལྟ་བར། །དེ་ཡི་གཟུགས་ལ་གཞག་བྱ་བ། །མིང་ནི་སྔགས་ཀྱི་ནང་ཆུད་བྱ། །ལུས་ནི་ཙན་དན་དམར་པོས་བྱུག །ཤིན་ཏུ་མཉམ་པར་བཞག་པས་བསྒོམ། །གང་གིས་ནུབ་མོ་ཅི་ནུས་བཟླས། །བྱུག་པའི་མཆོད་པའི་བྱེ་བྲག་དང་། །དེ་ནི་ཟོས་པ་ཙམ་གྱིས་ནི། །མི་རྣམས་དམ་ཚིག་ཅན་དུ་འགྱུར། །ཅེ་སྤྱང་ཤ་དང་ཆང་གིས་ནི། །ཕྱི་ནང་བདག་ཉིད་མཆོད་པར་བྱ། །ཅེ་སྤྱང་སྦྱིན་སྲེག་བྱས་པ་ལས། །དེ་ལ་དངོས་གྲུབ་ཐམས་ཅད་གནས། །འདི་རུ་ཅེ་སྤྱང་སྦྱིན་སྲེག་བྱ། །ནོར་གྱི་ལྷ་དང་འདྲ་བར་འགྱུར། །དེ་ནས་གཏོར་མ་སྦྱིན་པར་བྱ། །
མཁའ་འགྲོ་མ་ཀུན་དགྱེས་པར་འགྱུར། །ཇི་སྲིད་ཡོངས་སུ་རྒྱས་པ་རུ། །དེ་ཡི་སྔགས་ཀྱིས་འགྲུབ་པར་འགྱུར། །ཡང་དག་བརྟག་པའི་ཚོགས་ཀྱིས་གང་། །རྣལ་འབྱོར་བཞི་སོགས་ཕྱག་རྒྱ་དང་། །རང་གི་མདོག་དང་ཕྱག་མཚན་དབྱིབས། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཐིག་ལེ་དང་ནི་ནཱ་དས་སྦྱར། །རྣལ་འབྱོར་ཆེ་ལ་རྣམ་པར་གནས། །ལས་ཀྱི་དབྱེ་བས་ཧཱུྃ་ཡིན་ནོ། །འབད་པས་ཐར་པ་བསྒོམ་པར་བྱ། །ལྟེ་སྙིང་མགྲིན་པ་སྣ་ཡི་རྩེར། །ཧཱུྃ་གི་ཡི་གེ་རྣམ་པ་བཞི། །འཕར་བ་དང་ནི་རིང་ཐུང་དང་། །རྣམ་བཅད་ལས་ནི་དབྱེ་བ་སྟེ། །འཕར་བ་ཡིས་ནི་ཐར་བར་འགྱུར། །རིང་བས་རྒྱས་པ་རབ་ཏུ་བརྗོད། །ཐུང་བས་མི་མཐོང་བ་རུ་འགྱུར། །རྣམ་པར་བཅིང་བས་གསོད་པར་བྱེད། །ལྟེ་བ་དྲིལ་བུའི་སྒྲ་དང་མཉམ། །སྙིང་གར་འབྲུག་གི་སྒྲ་འདྲ་སྟེ། །མགྲིན་པར་བ་ལང་གི་ནི་སྒྲ། །སྣ་རྩེར་ཡུངས་ཀར་འཕར་བ་འདྲ། །ཧཱུྃ་ཡིག་བཞི་པོ་རྒྱལ་པོ་ཆེ། །འཇིག་རྟེན་གསུམ་ཡང་སྒྲུབ་པ་པོ། །པུ་ཛ་ཨོ་ཨ་གོ་ར་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་པྲེ་གྲི་སཽ་སུ་ན་སི་མ་ཀུ། ཕྱི་ནང་བདག་ཉིད་རྣལ་འབྱོར་པས། །པུ་ཡིག་ལ་སོགས་རྣམ་པར་གནས། །རྣམ་ཤེས་ཡེ་ཤེས་གཟུང་བར་བྱ། །རབ་ཏུ་འབད་པས་བླ་མ་བསྟོད། །ཕྱི་ཡི་ལམ་ནས་བསྟེན་པ་སྟེ། །བསྟན་བཅོས་རྣམས་ཀྱང་རིང་བ་ཡིན། །ཐབས་ཀྱི་རྣལ་འབྱོར་མ་ནི་རྣམས། །འབད་པས་བླ་མའི་བསྙེན་བཀུར་བྱ། །བསྟན་བཅོས་མཚན་ཉིད་མདོར་བསྡུས་པའོ། །དེ་ཉིད་སྟོན་པའི་དཔའ་བོ་ཡིན། །སྐད་ཅིག་གིས་ནི་རྣལ་འབྱོར་བ་དག །སྐད་ཅིག་གིས་ནི་ཕྱག་རྒྱ་སྦྱིན། །ཀུན་ནས་ཀུན་ཏུ་སྐད་ཅིག་སྟེ། །སྐད་ཅིག་སྔགས་དང་རྣལ་འབྱོར་རིག །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་སྐྱེ་བ་བདུན་པའི་བསྒྲུབ་བྱ་དང་། ཧཱུྃ་ཡིག་བཞི་རྣམ་པར་དག་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།དེ་ནས་དཔལ་ལྡན་རྒྱལ་ཆེན་དང་། །དཔའ་བོ་ཕན་པར་འདོད་པ་ཡིས། །པུས་མོ་ས་ལ་བཙུགས་ནས་ནི། །ཡིད་ཀྱིས་ཀུན་ནས་ཕྱག་འཚལ་ཏེ། །སེམས་ཅན་རྣམས་ལ་ཕན་འདོད་པ། །གསང་བ་ཆེན་པོ་དག་ནི་
ཞུས། །ཀུན་གྱི་རྣམ་པ་རྒྱས་པ་རུ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །གང་ནི་གནས་སུ་གནས་པ་ཡིན། །རྒྱུ་དང་མི་རྒྱུ་རྣམས་ལ་བརྩེ། །ཉོན་ཅིག་མན་ངག་ཇི་བཞིན་བཤད། །རྟག་པ་བསམ་གྱིས་མི་ཁྱབ་གཟུང་། །གང་གིས་ཇི་ལྟར་སྔོན་དུ་གསུང་། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །ལུས་ཀྱི་དཀྱིལ་འཁོར་ཞེས་སུ་བརྗོད། །སྒོ་དགུ་རུ་ནི་གྱུར་པ་སྟེ། །ལྟེ་བའི་དབུས་ན་པདྨ་ཆེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲགས། །དེ་ཡི་གནས་ན་དཔའ་བོ་བཞུགས། །ཆ་མེད་ཆ་ནི་རྣམ་པར་སྤངས། །ལུས་རྣམས་ཀུན་གྱིས་རྣམ་པར་བརྩེ། །ལུས་བྲལ་དྲི་མ་མེད་པ་སྟེ། །ལ་ལར་གཟུགས་ཀྱི་གནས་ན་བཞུགས། །ལ་ལར་སྣ་ཡི་གནས་ན་བཞུགས། །ལ་ལར་མིག་གི་སྒོ་ན་གནས། །ལ་ལར་སྒྲ་ཡི་སྒོ་ན་བཞུགས། །ལ་ལར་བཤང་གཅིའི་སྒོ་ན་གནས། །ལ་ལར་སེམས་དང་རྣམ་ཤེས་བཅས། །ལ་ལར་སྲེད་དང་ལྟོགས་དང་སྐོམ། །ལ་ལར་ཁྲོ་དང་ལ་ལར་ཞི། །ལ་ལར་ལྟོགས་དང་བཅས་པའི་གདོང་། །ལ་ལར་བུད་མེད་མཆོག་གི་ལུས། །ལ་ལར་གསོད་ཅིང་བརྡེག་པ་དང་། །ལ་ལར་སྨྲ་བ་བཞིན་དུ་གནས། །ལ་ལར་མེ་ཏོག་འབྲས་ལ་གནས། །ལ་ལར་རྩེ་ཞིང་ལོངས་སྤྱོད་ག་ནས། །ལ་ལར་དྲི་ལ་རྣམ་པར་གནས། །ལ་ལར་འབྱུང་བ་ཆེན་པོ་ལྔ། །ས་དང་ཆུ་དང་མེ་དག་དང་། །ལ་ལར་རིགས་ཀྱི་དབྱེ་བ་ཡིས། །གཏུམ་མོ་དང་ནི་སྦོམ་པོ་དང་། །ལ་ལར་མ་དང་སྲིང་མོ་ཡིན། །ལ་ལར་ཆུང་མ་བུ་མོ་དང་། །ལ་ལར་ཚངས་པ་དབང་ཕྱུག་དང་། །ཉི་མ་དང་ནི་འཕྲོག་མ་དང་། །ལ་ལར་ཟླ་བ་སྐར་མ་དང་། །ལ་ལར་ནུབ་མོ་ཉིན་མོ་དང་། །ལ་ལར་ཁམས་གསུམ་པ་ཡིན་ཏེ། །ལ་ལར་ཐམས་ཅད་མེད་ཟད་རྒྱལ། །ལ་ལར་རོ་དང་བག་ཆགས་ནུབ། །ཆ་མེད་སྟོང་པ་ཀུན་མི་གསལ། །ལ་ལར་བྱང་ཆུབ་གཟིགས་མོ་ཆེ། །ལ་ལར་བདུད་ལས་རྒྱལ་བ་ཡིན། །ལ་ལར་ཆོས་ཀྱི་འཁོར་ལོ་ཆེ། །དེ་བཞིན་ལ་ལར་འཆི་འཕོ་སྟེ། །ལ་ལར་དཀའ་བ་སྤྱོད་པ་ཡིན། །ལ་ལར་དགེ་སློང་ཚུལ་དུ་གནས། །ལ་ལར་བྱིས་པ་ཡི་ནི་གཟུགས། །ལ་ལར་རྒས་ཤིང་འཁོགས་པ་དང་། །ལ་ལར་ན་བས་ཟོས་པ་དང་། །
ལ་ལར་སྣོད་དང་བཅུད་དག་དང་། །ལ་ལར་སྔོ་ཞིང་དམར་བ་དང་། །ལ་ལར་དཀར་ཞིང་སེར་བ་དང་། །ལ་ལར་སངས་རྒྱས་རྣམ་སྣང་མཛད། །ལ་ལར་སྒྲོན་མ་གོས་དཀར་མོ། །ལ་ལར་སྤྱན་མ་མཱ་ལ་ཀཱི། །ལ་ལར་ཀུན་ཏུ་ཞི་བར་འགྱུར། །ལ་ལར་བྱ་ཡི་མངལ་དུ་འགྲོ། །ནམ་མཁའ་རུ་ནི་འགྲོ་བ་ཉིད། །ལ་ལར་གླང་ཆེན་ང་རྒྱལ་ཏེ། །ལ་ལར་སྨད་འཚོང་མར་ནི་འགྱུར། །ལ་ལར་རྨི་ལམ་མཐོང་བར་འགྱུར། །ལ་ལར་གཉིད་ནི་ལོག་པར་གནས། །ལ་ལར་རླུང་དང་མཁྲིས་པ་དང་། །ལ་ལར་ཁྲག་དང་པགས་པ་དྲི། །ལ་ལར་ངུ་ཞིང་མྱ་ངན་བྱེད། །ལ་ལར་མི་རྣམས་ཟ་བ་དང་། །ལ་ལར་བསྐལ་པར་གསུང་བ་དང་། །ཇི་ལྟར་ཀུན་ཏུ་རྣམ་པར་དབྱེ། །ལྷ་ཡིས་ཇི་སྲིད་གསུངས་པ་ཀུན། །གང་དེ་ཐམས་ཅད་བདག་ཉིད་གནས། །དཔའ་བོ་འདི་རྣམས་གསང་ཆེན་པོ། །ཕྱི་དང་ནང་དུ་ཡང་དག་གནས། །ཀུན་ལ་ཁྱབ་ཅིང་རྟག་ཏུ་སྟོད། །སྲིད་པ་གཟུང་ཞིང་དྲི་མ་མེད། །རྣལ་འབྱོར་བས་ནི་འདི་ལྟར་བསྒོམ། །གཉིས་མེད་ཡེ་ཤེས་ཉིད་དང་ཡང་། །དེ་དང་འདྲ་བར་སྟོང་པར་འགྱུར། །བདག་ཉིད་ལ་ནི་རྣམ་པར་བསྒོམ། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །ཕྲེང་བ་དང་ནི་སྔགས་ཀྱང་མེད། །གཟུངས་དང་སྦྱིན་སྲེག་ལས་མེད་དེ། །མི་གཡོ་གོ་ཆའི་བྱ་བ་མེད། །ལག་པ་ཕྱག་རྒྱའི་སྦྱོར་བ་དང་། །གཡོན་བརྐྱང་རྐང་སྟབས་ལ་སོགས་མེད། །དཔའ་བོ་ཆེན་པོས་སྲིད་པ་གཟུང་། །རང་བྱུང་མཆོག་ནི་བྱེད་པའོ། །དགག་པ་རུ་ནི་མི་བྱ་སྟེ། །བདག་ཉིད་ངེས་པར་མཆོད་པར་བྱ། །ཟླ་བའི་དབུས་སུ་ཐིག་ལེ་བསྒོམ། །བརྒྱ་ཡི་ཕྱེད་ཀྱིས་རྣམ་པར་བརྒྱན། །དེ་ཡི་དབུས་སུ་རབ་བསམས་ཏེ། །གཞོན་མེད་ཐིག་ལེར་བཅས་པ་ཡིན། །དེ་ཡི་ལུས་ནི་འབྲལ་འགྱུར་ཏེ། །བསྒོམ་དུ་མེད་ཅིང་བསམ་དུ་མེད། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཀུན་གྱི་རྣམ་པའི་སྒྱུ་མ་ལྟར་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།དེ་ལྟར་སྒྱུ་མའི་ཆོ་ག་དང་། །གོང་གི་ཆ་ནི་རྣམ་པར་སྤངས། །རྟག་ཏུ་སྙིང་གའི་དབུས་ན་གནས། །འདི་ལྟར་
གསང་བ་ཆེན་པོའོ། །ལྟེ་བའི་རྩ་བར་པདྨ་གནས། །གེ་སར་བཅས་ཤིང་འོད་དང་ལྡན། །རང་བཞིན་ཀུན་ནི་ཤེལ་དག་ལྟར། །བཅུ་དྲུག་ལ་སོགས་ཀྱིས་ནི་བསྐོར། །ཡི་གེ་མཉམ་པར་སྦྱོར་བ་སྟེ། །ནམ་མཁའ་སྦྱར་བའི་བདག་ཉིད་དོ། །དེ་ཉིད་དབུས་སུ་སྟོང་པ་ཆེ། །སྤྲོ་དང་སྡུད་པར་བྱེད་པ་ཡིན། །གང་གིས་མིང་ནི་ཀུན་རང་བཞིན། །གང་གིས་ཡོངས་སུ་གྲགས་པའོ། །ཉི་མ་ཟླ་བ་རྣམ་དག་སྟེ། །འཆར་དང་ནུབ་པར་བསྟན་པ་ཡིན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བསོད་ནམས་ཐམས་ཅད་རྣམ་པར་འཕེལ། །པདྨའི་སྣ་རྩེར་ཡུངས་ཀར་ཙམ། །རྒྱུ་དང་མི་རྒྱུའི་རང་བཞིན་ཀུན། །ཡིད་ཀྱིས་བཟླས་པར་ཡང་དག་ལྡན། །ཕྱི་ཡི་དབྱངས་ནི་རྣམ་པར་སྤངས། །དེ་ཡི་ཡེ་ཤེས་སངས་རྒྱས་ཏེ། །གཞན་གྱིས་སངས་རྒྱས་མི་འགྱུར་རོ། །རྟག་ཏུ་སེམས་དཔའ་དངོས་པོ་ཤེས། །ཁྲུས་མེད་དྲི་མ་མེད་པ་སྟེ། །བདེ་བའི་ཆོས་ནི་དེ་བཞིན་གཤེགས། །ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན། །ཐམས་ཅད་མེ་ཡི་རྣམ་པ་རུ། །མཐོང་བ་མཚན་མ་དང་པོའོ། །སྲིན་བུ་མེ་ཁྱེར་རྣམ་པ་ཡི། །མཚན་མ་གཉིས་པར་མཚོན་པ་ནི། །རྡུལ་ཕྲན་དཀར་པོའི་རྣམ་པ་རུ། །ཕྱོགས་བཅུར་འཇིག་རྟེན་མཐོང་བ་ཡིན། །ཉོན་མོངས་འདོན་པའི་ལས་རྣམས་ནི། །རྣལ་འབྱོར་པ་ཡི་མཚན་ཉིད་དང་། །འདོད་པ་ལྷ་ཡི་ལོངས་སྤྱོད་མྱང་། །བཞི་པ་མཐོང་བར་བསྟན་པའོ། །ལྷ་གཟུགས་མཐོ་རིས་ལྷ་རྣམས་ནི། །གང་ལ་མཐོང་བར་སེམས་པའོ། །དྲུག་པ་འཇིགས་པ་ལོངས་སྤྱོད་དོ། །བདུན་པ་ཆོས་ཀྱི་དབྱིངས་ཉིད་དེ། །བརྒྱད་པར་འདོད་པའི་སངས་རྒྱས་ཉིད། །རྣལ་འབྱོར་རྣམས་ཀྱིས་འབྲས་བུ་འཐོབ། །སྐྲ་ཡི་རྩེ་མོ་བརྒྱར་གཤགས་ཆ། །རྡུལ་ཕྲན་ཤིན་ཏུ་བསམ་པར་བྱ། །སྟོང་པ་ལ་སོགས་དམིགས་མི་བྱ། །གཟུགས་ལ་སོགས་པ་མི་བལྟ་སྟེ། །རྡུལ་མེད་ས་བོན་མེད་པ་བཞིན། །གཟུགས་མེད་མཚན་ཉིད་མེད་པའོ། །རྣམ་ཤེས་ཡེ་ཤེས་གཟུང་མ་ཡིན། །རྣམ་ཤེས་དེ་ཡི་རང་བཞིན་ཏེ། །མངོན་ཤེས་བརྒྱད་པོ་ཡང་དག་འཐོབ། །ཀུན་མཁྱེན་ཀུན་བྱེད་གཙོ་བོ་སྟེ། །ཡེ་ཤེས་
སྐུ་ནི་དྲི་མ་མེད། །སྐྱེ་བ་འདི་ལ་ཐོབ་པར་འགྱུར། །གཟི་བརྗིད་སྟོབས་དང་ལྡན་པ་ཡིན། །སྡུག་ཅིང་སྐལ་བ་བཟང་པོར་སྟོན། །དཔག་བསམ་ཤིང་ནི་ཡང་དག་བྱུང་། །རྟག་ཏུ་བསྒོམ་ཞིང་བཟླས་པས་ནི། །ཇི་སྲིད་ལུས་ནི་བསྒུལ་བསྐྱོད་དང་། །ངག་གི་སྨྲ་བ་ཐམས་ཅད་ནི། །དེ་སྙེད་སྔགས་དང་ཕྱག་རྒྱ་སྟེ། །དཔལ་ལྡན་ཁྲག་འཐུང་གོ་འཕང་གནས། །པདྨ་བཞི་དང་འཁོར་ལོ་ཆེ། །དེ་བཞིན་དངོས་གྲུབ་ཀུན་གྱི་གཞི། །དཔའ་བོ་བྱེ་བ་རྣམས་དང་ནི། །སངས་རྒྱས་བྱེ་བས་ལེགས་པར་གསུངས། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་ཐམས་ཅད་སོ་སོར་གསལ་བའི་མངོན་པར་ཤེས་པ་བརྒྱད་ངེས་པར་བསྟན་པའི་ཆོ་གའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་བཞི་པའོ།། །།དེ་ནས་གཟུགས་བརྙན་གྱིས་ཞི་བ། །འདི་རུ་ཡིད་ལྡན་དོན་དུ་གསུངས། །གང་གིས་མྱུར་དུ་དེ་འགྲུབ་པ། །ནད་པ་ཞི་བར་བྱེད་པ་ནི། །ཕོ་མོ་རྒྱལ་པོ་བྱིས་པ་རྣམས། །སུས་ཀྱང་ཆོ་ག་ཤེས་བྱ་བ། །སྤང་ལེབ་ཁྲི་སོགས་སྟན་རྣམས་ནི། །འབྲས་དང་སྲན་ཆུང་ཡང་དག་བསྲེས། །ཤིན་ཏུ་བཙོས་ནས་བསྣོས་བྱས་ཏེ། །ཉ་དང་ཤ་དང་ཁྲག་གིས་ནི། །གཟུགས་བརྙན་དག་ནི་བཅའ་བ་སྟེ། བུ་མོས་བཀལ་བའི་སྐུད་པ་ནི། །སྐྲ་ཡི་ཚད་དུ་བྱ་བ་ཡིན། །སྔགས་ཀྱི་ཡི་གེས་བསྐུལ་བར་བྱ། །དྲུག་དང་བཅུ་གཉིས་ཡི་གེས་སོ། །བླ་རེ་དག་ནི་བྲེ་བ་དང་། །སྣ་ཚོགས་གོས་དང་རྒྱལ་མཚན་མཆོག །དྲི་དང་སྤོས་དང་མེ་ཏོག་སོགས། །གསང་སྔགས་ཀྱིས་ནི་བསྐུལ་བར་བྱ། །སྲུང་བ་ཆེན་པོའི་གོས་ཀྱིས་ནི། །སྨད་གཡོགས་དང་ནི་སྟོད་གཡོགས་བྱས། །གང་གིས་ཅུང་ཟད་ནད་པ་ཡི། །སྤྱོད་ལུགས་ཇི་ལྟར་ཡིན་པ་བཞིན། །རོ་རུ་སོང་ནས་བསྐྱལ་བར་བྱ། །རོལ་མོ་སྣ་ཚོགས་གླུ་དབྱངས་དང་། །དེ་བཞིན་གཞུག་པ་བྱ་བ་སྟེ། །གཟུགས་བརྙན་ལ་ནི་གདགས་པར་བྱ། །དཔུང་རྒྱན་ལག་གདུབ་མགུལ་རྒྱན་དང་། །གོས་ལ་སོགས་པ་རྣམས་ཀྱིས་བརྒྱན། །རྐེང་པ་ལ་ནི་མཚོན་ཆས་བཅིངས། །ལག་པར་རལ་གྲི་འཛིན་པ་སྟེ། །སྤྱི་བོར་བཅིང་ཞིང་གོ་ཆ་བགོས། །སྙིང་རྗེ་ལ་སོགས་ཕན་པའི་སེམས། །
དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །གོ་ཆ་གསུམ་གྱིས་རྣམ་པར་བརྒྱན། །དུར་ཁྲོད་དུ་ནི་འགྲོ་བ་སྟེ། །རྣལ་འབྱོར་མ་དང་དཔའ་བོས་བསྐོར། །འདུ་བྱེད་རྣམས་ནི་དང་པོར་བྱས། །དཀྱིལ་འཁོར་མཛེས་པར་བྲི་བ་སྟེ། །མ་མོ་རྣམས་དང་རྣལ་འབྱོར་མ། །བསྒོམ་ཞིང་ཕྱོགས་དང་ཕྱོགས་མཚམས་དགོད། །དེ་རུ་ལྷ་རྣམས་ཡང་དག་གཞག །གཟུགས་བརྙན་ལུས་ནི་ལྷོ་ཕྱོགས་སུ། །སྔགས་པས་མགོ་བོ་བསྟན་པར་བྱ། །ཇི་ལྟར་མཛེས་པས་བསྒྲུབ་བྱ་བསྒོམ། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །གཡས་བརྐྱང་གིས་ནི་ཡང་དག་གནས། །རྩ་བའི་སྔགས་སོགས་ཀྱིས་ནི་བསྲུང་། །སྔགས་པས་ཁ་ནི་ཤར་དུ་བལྟས། །ལག་པས་ཤེས་རབ་ཁ་ཊྭཱཾ་ག། །གྲིབ་མ་བགོམ་པར་བྱས་ནས་ནི། །ལྟེ་བའི་ཕྱོགས་སུ་བརྡེག་པར་བྱ། །ཇི་ལྟར་སྡུག་བསྔལ་བར་ནི་གཏུབ། །ལྷ་སྦྱིན་ནད་ནི་ཞི་བར་འགྱུར། །དབང་པོ་ལ་སོགས་ཤར་ཕྱོགས་གཞག །སྔགས་ཀྱིས་བསྐུལ་བར་བྱ་བ་སྟེ། །ཇི་ལྟར་ཅུང་ཟད་གཞུག་བར་བྱ། །སློབ་དཔོན་གྱིས་ནི་མཛེས་པར་བརྟག །ཁྱེའུས་ཁྱེའུ་གྲོལ་བ་སྟེ། །བུ་མོས་བུ་མོ་གྲོལ་བ་ཡིན། །ཐམས་ཅད་ཁྲུས་དང་གཙང་སྦྲ་དང་། །མཛེས་ཤིང་ཞི་བར་བྱ་བ་སྟེ། །ཕྱི་ནས་སློབ་དཔོན་དགྱེས་པར་བྱ། །གོས་དང་རྒྱན་ལ་སོགས་པ་ཡི། །གཞན་ཀུན་ལ་ཡང་མཆོད་པར་བྱ། །བཟའ་བ་བཏུངསོགས་གོས་ཀྱིས་སོ། །གསང་བ་ཆེན་པོས་ཞི་བར་བྱ། །དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ལས་འབུམ་ཕྲག་གསུམ་ལས་བཏུས་པ། བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ཁྲག་འཐུང་ཆེན་པོ་བཀླགས་པས་འགྲུབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་གཞན་ལས་རྒྱལ་བ་དང་པོའི་སྒྲུབ་པའི་རྒྱུད་ཀྱི་ཕྱི་མ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཨ་དྭ་ཡ་བཛྲ་དང་བོད་ཀྱི་ལོ་ཙྪ་བ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།