འཕགས་པ་གནོད་གནས་དབང་པོ་ཅི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ།
རྒྱ་གར་སྐད་དུ། །ཨཱཪྻ་ཛ་མ་བྷ་ལ་ཛ་ལེནྡ་ཡ་ཐཱ་ལབྡྷ་ཀལྦ་ནཱ་མ། བོད་སྐད་དུ། འཕགས་པ་གནོད་གནས་དབང་པོ་ཅི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལང་ཀའི་
གླིང་དང་ཉེ་བར་གྱུར་པ་རྒྱ་མཚོ་ཆེན་པོའི་འགྲམ་ན་བཞུགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་པའི་རྣམ་པར་འཇིགས་པ་དང་། ཟླ་བའི་སྡེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེན་པོར་གྱུར་པའི་འཁོར་གྱིས་བསྐོར་ནས་མངོན་དུ་བྱས་སོ། །དེ་ནས་དེར་བཅོམ་ལྡན་འདས་ནམ་མཁའ་ལ་གཤེགས་ནས་སླར་བབས་ཏེ་དཔག་བསམ་གྱི་ཤིང་བི་ཙུ་ཝརྡྷའི་རྩ་བར་བཞུགས་སོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་གནོད་གནས་རབ་ཏུ་དགའ་བ་དང་། ལྷ་མ་ཡིན་གྱི་དབང་པོ་དང། ཀླུའི་རྒྱལ་པོ་མི་ཞུམ་པ་དང་། གྲུལ་བུམ་གྱི་རྒྱལ་པོ་མངོན་ཤེས་ལྔ་པ་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། སྲིན་པོའི་རྒྱལ་པོ་ཀི་ལི་ཀི་ལ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གཤོག་པ་ཅན་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་དང་། ཟུར་ཕུད་ལྔ་པ་དང། སྲུལ་པོ་དང་། ལྷའི་བུ་སྤྲིན་གྱི་ཤུགས་ཅན་དང་། ཟླ་བ་དང་ཟླ་བ་ལ་མངོན་པར་གུས་པ་དང་། ལྷའི་བུ་རྒྱལ་བས་བྱིན་རྣམས་ནུབ་མོ་འདས་ནས་ཐོ་རངས་གསལ་བའི་དུས་སུ། བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། བསྐོར་བ་ལན་གསུམ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་འོད་ཀྱི་ཁ་དོག་ཤིན་ཏུ་གསལ་ཞིང་རྒྱ་ཆེ་བ་དཔག་བསམ་གྱི་ཤིང་གི་རྩ་བ་ཐམས་ཅད་གསལ་ཞིང་རྒྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་བཀའ་སྩལ་པ། རྒྱ་མཚོ་ཆེན་པོ་གྲོང་ཁྱེར་དུ་ངོ་མཚར་ཞིང་རྨད་དུ་གྱུར་པའི་ཆོས་བརྒྱད་ལ་བཟོད་པ་དང་། ཇི་ལྟར་རྟོགས་པ་ལ་ཁྱེད་རྣམས་བར་ཆད་དང་དོན་མེད་པར་མ་གྱུར་ཏམ། འདི་སྐད་དུ་གསུངས་པས་གནོད་སྦྱིན་གྱི་དབང་པོ་གནོད་གནས་རང་གི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་ནས་ཕྱག་བྱས་ཏེ། བཅོམ་ལྡན་འདས་
ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཙུན་པ་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་བཟོད་པ་དང་། ཇི་ལྟར་རྟོགས་པར་བྱེད་པ་ལ་མངོན་པར་དགའ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་ཇི་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཁྱེད་རྣམས་ངོ་མཚར་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་མངོན་པར་དགའ་བར་བྱེད་པ་དེ་ལྟར་རིགས་ཀྱི་བུ་ཆོས་འདི་རྣམས་འདོད་པ་དང་། དད་པས་མངོན་པར་དགའ་བ་ངོ་མཚར་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་གནས་པ་དེ་ནི་ཚངས་པར་སྤྱོད་པ་ལ་གནས་པའོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་གནོད་གནས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ཞིང་རྨད་དུ་གྱུར་པའི་ཆོས་བརྒྱད་ལ་གནས་པ་འདི་ལ་ང་ཡིས་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བཀྲ་ཤིས་པ་དང་འཇིག་རྟེན་པ་ལ་རྗེས་སུ་བརྩེ་བས་སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བའི་ཕྱིར་བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ཡོངས་སུ་གཟུང་ཞིང་། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་རྟོགས་པ་འདི། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་ལ་སྙིང་པོ་འདི་ཡོངས་སུ་ཕུལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་ཀྱང་སྙིང་པོ་འདི་ཡོངས་སུ་བཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནོད་སྦྱིན་གྱི་སྡེ་དཔོན་ཁྱོད་ཀྱིས་གང་དུས་ལ་བབ་ཅིང་མནོ་བ་དེ་སྨྲོས་ཤིག །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་གནོད་གནས་ཀྱིས་འདི་སྐད་ཅེས་སྨྲས་པ། འདི་ལྟ་བུའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །མཆོད་སྦྱིན་རྣམས་ཀྱི་ནང་ན་སྦྱིན་སྲེག་གཙོ། །རིག་བྱེད་རྣམས་ན་དབྱངས་ཅན་གཙོ། །མི་རྣམས་ན་ནི་རྒྱལ་པོ་གཙོ། །ཆུ་རྣམས་ན་ནི་རྒྱ་མཚོ་གཙོ། །རྒྱུ་སྐར་རྣམས་ན་ཟླ་བ་གཙོ། །དྲོད་རྣམས་ན་ནི་ཉི་མ་གཙོ། །སྟེང་དང་འོག་དང་ཐད་ཀ་ན། །ཇི་སྙེད་འགྲོ་བ་གནས་པ་དག །གང་ཞིག་བསོད་ནམས་འདོད་པ་ཡིས། །
ཚོགས་རྣམས་ན་ནི་འཕགས་པ་གཙོ། །ལྷ་དང་བཅས་པའི་འཇིག་རྟེན་ན། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ། །དེ་ནས་ཡང་གནོད་སྦྱིན་གྱི་དབང་པོ་གནོད་གནས་ཀྱིས། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཐོབ་ནས་རང་གི་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེནཱ་པ་ཏ་ཡེ། ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། དེ་ནས་སྔགས་ཀྱི་རྒྱལ་པོ་འདི་སྨྲས་པ་ཙམ་གྱིས། དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་ཇི་སྲིད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གནོད་སྦྱིན་གྱི་དབང་པོ་རྣམས་ཀྱིས་མགྲིན་གཅིག་གིས་འདི་སྐད་ཅེས་བྱ་བའི་ཚིག་བརྗོད་པ། བཅོམ་ལྡན་འདས་བདེ་བར་གཤེགས་པ། ཇི་སྲིད་ཆོས་ཀྱི་རྣམ་གྲངས་སྔར་མ་བྱུང་བའི་ངོ་མཚར་རྨད་དུ་ངེས་པར་གྱུར་པ། ཇི་སྲིད་ཆོས་ཀྱི་རྣམ་གྲངས་ཕན་ཡོན་ཆེན་པོ་ངོ་མཚར་བ། སྡུག་བསྔལ་བ་རྣམས་དང་། སྐྱབས་མེད་པ་རྣམས་དང་། ཡོངས་སུ་སྐྱོབ་པ་མེད་པ་རྣམས་དང་། གནས་མེད་པ་རྣམས་ཀྱི་སྐྱབས་དང་། གནས་དང་སྐྱོབ་པ་དང་། ཡོངས་སུ་སྐྱོབ་པ་དེ་བཅོམ་ལྡན་འདས་བཤད་དུ་གསོལ། །སེམས་ཅན་རྣམས་ཀྱི་དོན་དུ་ལྷ་དང་མི་རྣམས་ཀྱི་ཕན་པ་དང་བདེ་བའི་ཕྱིར་སྙིང་པོ་འདི་རྟོག་པ་དང་། དཀྱིལ་འཁོར་དང་གསང་ཆེན་དང་། སེམས་ཅན་གང་གི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་ཤིང་། བདེ་བ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཐོབ་པའོ། །དེ་ནས་ཡང་འཁོར་གནོད་སྦྱིན་དེ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་ལ་སོགས་པ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་རང་རང་གི་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དེ་རྣམས་འཁོར་དེ་རྣམས་དང་བཅས་པ་ལ་བཀའ་སྩལ་པ། ཆོས་ཀྱི་རྣམ་
གྲངས་འདི་རིགས་ཀྱི་བུ་ཁྱེད་རྣམས་ཉོན་ཅིག །གནོད་སྦྱིན་ཆེན་པོའི་སྙིང་པོ་འདི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་གསང་སྔགས་ཆེན་པོ་ཤིན་ཏུ་ངོ་མཚར་བ་དང་། ཤིན་ཏུ་རྨད་དུ་གྱུར་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། ཤ་ཟ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཕྱག་བྱས་ཤིང་མངོན་པར་བསྟོད་པ། སེམས་ཅན་རྣམས་ལ་ཀུན་དུ་ཕན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་ཅི་ལྟར་མངོན་པར་འདོད་པ་བཞིན་དུ་དོན་ཐམས་ཅད་སྒྲུབ་པར་བྱེད་པ་དེའི་ཕྱིར། ང་ཡིས་རྗེས་སུ་གནང་ཞིང་བྱིན་གྱིས་བརླབས་པ་འདི་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱི་རྣ་བའི་ཁུང་དུ་ཐོས་ཤིང་གྲག་པར་མི་འགྱུར་རོ། །གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱིས་ཉན་པ་དང་། འདྲི་བ་དང་། འཛིན་པ་དང་། ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །འོན་ཀྱང་སེམས་ཅན་གང་སྙིང་པོ་འདི་འཛིན་པ་ང་ཡིས་རྗེས་སུ་གཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང་། ཡིད་མི་བདེ་བ་དང། ལུས་ཀྱི་ཟུག་རྔུ་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འགྱུར་རོ། །ལྷ་ཐམས་ཅད་དང་། ཀླུ་དང་གནོད་སྦྱིན་རྣམས་འདུས་པས་ཀྱང་སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྟོགས་པར་མི་ནུས་སོ། །འོན་ཀྱང་ང་ནི་དེ་བཞིན་གཤེགས་པ་གཅིག་པུ་དང་། གཞན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡོན་ཏན་དང་། ཕན་ཡོན་རྒྱས་པར་མཐར་ཐུག་པར་བརྗོད་པར་མི་
ནུས་སོ། །གཞན་ལ་གཏམ་ཙམ་ཡང་མི་གྲག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་དང་། དེ་ལས་གཞན་པའི་རྒྱ་ཆེ་བའི་ལྷས་འདིའི་ཡོན་ཏན་སྟོན་པ་དང་། ཤེས་པ་ཙམ་ཡང་མི་ནུས་སོ། །མདོར་ན་ཅི་ལྟར་དེ་བཞིན་གཤེགས་པ་ཡོན་ཏན་མཐར་ཐུག་པ་དང་ལྡན་པ་རྣམ་པ་ཐམས་ཅད་མཁྱེན་པའི་སྟོབས་ཀྱིས་སོ། །འདི་དང་འདྲ་བའི་སྔགས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྙིང་པོའི་མཆོག་གོ། །གདུག་པ་རྣམས་ལ་གནོད་གནས་ཀྱིས། །ཕོངས་པ་རྣམས་ནི་གསོ་བར་བྱེད། །སེམས་ཅན་རྣམས་ཀྱི་གནས་ཡིན་ཅིང་། །འགྲོ་བ་རྣམས་ནི་ཡང་དག་སྲུང་། །དབང་པོ་ཀུན་ཤེས་གོ་འཕང་ལྡན། །གནོད་གནས་རྒྱལ་བར་བརྗོད་པའོ། །མདོར་ན་འདི་ལས་གཞན་པ་ཡི། །དེ་བཞིན་གཤེགས་པ་ཐ་དད་པའི། །དེ་བཞིན་གཤེགས་པ་གཞན་ན་མེད། །འདི་འཛིན་པས་དེ་བཞིན་གཤེགས་པ་ལ་ཉེ་བར་མཆོད་པའི་གནས་ཡོངས་སུ་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པའོ། །ཕ་རོལ་དུ་ཕྱིན་པའི་སྟོབས་དང་ས་འཐོབ་པར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གནས་པའི་འཁོར་རྣམས་ལ་གཟིགས་ནས། གནོད་སྦྱིན་གྱི་དབང་པོ་གནོད་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནོད་གནས་ཀྱི་དབང་པོ་ཁྱོད་ཀྱི་རྟོག་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། གསང་ཆེན་རྣམས་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བསྟན་པ་ཡོད་དེ། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། འཁོར་བ་འཇིག་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། ད་ལྟར་ཤཱཀྱ་ཐུབ་པ་ངས་ཀྱང་བཤད་དེ། དེ་ནི་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་ཟུང་ཤིག །ད་ལྟར་ང་ཡིས་བཤད་ཀྱིས་ལྷ་དང་མིའི་ཕན་པ་དང་བདེ་བས་དགེ་བའི་རྩ་བ་འཕེལ་བའི་དོན་དུ་ང་ཡིས་ཡང་དག་པར་ཤེས་སོ། །གང་གི་ཀཽ་ཤའི་གྲོང་ཁྱེར་དུ་ཤིང་ཁུར་ནས་འཚོང་བ་དེའི་ཚེ། དེ་རང་ལ་དགོན་པ་ན་སྡོད་པའི་དགེ་སློང་གཅིག་
བུད་ཤིང་གི་དོན་དུ་ངལ་ཤིང་སློང་དུ་འོངས་ཏེ། དེར་ངས་དགོན་པར་ཤིང་ཁྱེར་ནས་དགེ་སློང་གི་གན་དུ་ཕྱིན་ཏེ། མེ་སྦར་ནས་དགེ་སློང་གི་ནད་སོས་པར་བྱས་ཏེ། ཉི་མ་གཅིག་གི་བསོད་སྙོམས་ཀྱང་དྲངས་སོ། །དེ་ནས་དགེ་སློང་དེ་སེམས་ཡོངས་སུ་མགུ་ནས་དེས་ང་ལ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། གསང་བའི་རྟོག་པ་ང་ལ་བྱིན་ནོ། །ངས་ཀྱང་ཡང་དག་པར་བསྒོམས་ནས་ཡོད་དོ། །དེའི་ཚེ་སྔགས་ཀྱི་རྒྱལ་པོ་ང་ལ་བྱིན་ནས། དེ་ལྟར་དེ་ཉིད་བསྒོམས་པས། ཚེ་དེ་ཉིད་ལ་ཇི་ལྟར་འཕགས་པ་གནོད་གནས་ཀྱི་དབང་པོ་མཐོང་བའི་ལམ་དུ་གྱུར་ཏོ། །དེ་ནས་དེང་ལ་ཡོངས་སུ་མགུ་ནས་ཕྱག་རབ་ཏུ་གྲོལ་བ་ཞེས་བྱ་བར་མིང་བཏགས་སོ། །དེར་ཡང་ང་རྒྱལ་པོར་དབང་བསྐུར་བས་གྲོང་ཁྱེར་གྱི་མི་རྣམས་ཆོས་དང་ལྡན་པར་བྱས་ནས། དེ་ལ་ང་རྒྱལ་པོར་རབ་ཏུ་གནས་པས་ངས་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ངེས་པར་སྦྱར་རོ། །ཇི་ལྟར་དོན་དུ་གཉེར་བ་རྣམས་ལ་སྐལ་བ་དང་ལྡན་པ་རྣམས་ལ་དུས་མེད་པར་ཐམས་ཅད་ལ་ཉེ་བར་ཕན་པ་རང་རང་གི་ཁྱིམ་དུ་རྫོགས་པར་བྱས་སོ། །དེ་ལ་སོགས་པ་ངས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་བཞིན་པས་བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་ཞུགས་སོ། །རིམ་གྱིས་ངས་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་སོ། །དབུལ་བ་ཐམས་ཅད་ཉམས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉེ་བར་གཅོད་པ་ངས་ཡང་དག་པར་མངོན་པར་ཤེས་སོ། །གང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིན་ཏུ་རྟོགས་པ་དེ་རྣམས་ཀྱིས་ཀྱང་སྔོན་དུ་སྔགས་ཀྱི་རྒྱལ་པོ་འདི་བསྒྲུབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ།། །།དེའི་ཕྱིར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་བསྐྱེད་པ། འདོད་དོན་ཐམས་ཅད་སྒྲུབ་པའི་ཐབས། །གང་ཞིག་མཐོང་བ་ཙམ་གྱིས་ཀྱང་། །དེ་ནི་
སྐྱེ་བ་གཅིག་ནས་གཅིག །སྔོན་དུ་བསགས་པའི་ལས་རྣམས་ཀྱང་། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་བཞིན་སྐྱེ་བ་འདི་ལ་རྨོངས། །ཤིན་ཏུ་སྡིག་པ་མི་བཟད་བྱས། །གནོད་སྦྱིན་དབང་པོ་གཟི་བརྗིད་ཆེ། །གང་གིས་མཐོང་བ་ཙམ་གྱིས་ཀྱང་། །བྱང་ཆུབ་སེམས་དཔའ་ཐོབ་པ་དང་། སངས་རྒྱས་དང་ནི་ཡང་དག་འཕྲད། །ཕྱིར་མི་ལྡོག་པའི་ས་ཡང་ནི། །ཡུན་མི་རིང་བར་འཐོབ་པའོ། །མཐོང་བ་ཙམ་གྱིས་ཡོན་ཏན་ནི། །ང་ཡིས་བཤད་ཀྱིས་ཁྱོད་རང་ཉོན། །དབུལ་བ་དང་ནི་ཡིད་མི་བདེ། །སེམས་ནི་ནད་ཀྱིས་གཟིར་བ་དང་། གདོན་དང་བྱད་དང་སྒྱུར་བ་ཡིས། །དེ་ཡིས་འཇིགས་པར་མི་འགྱུར་རོ། །ལྷ་དང་ཀླུ་དང་དྲི་ཟ་དང་། །ལྷ་མིན་དང་ནི་མཁའ་ལྡིང་སོགས། །དེ་ལས་གཞན་ཡང་ཡིད་མི་བདེ། །རྟག་པ་ཉིད་དུ་སྲུང་བའོ། །གནོད་སྦྱིན་དེ་ཉིད་མཐོང་ཙམ་གྱིས། །དཀྱིལ་འཁོར་སངས་རྒྱས་ཀྱིས་བསྟན་པ། །འདིར་ནི་ཡོན་ཏན་དེ་རྣམས་འབྱུང་། །བསྒྲུབས་པར་གྱུར་ན་ཏྟཙི་སྨྲོས། །གང་ཞིག་དད་པས་དེ་བཞིན་རྟོགས། །གུས་པས་བརྟན་པས་གཞན་མི་འཇུག །འདི་ལ་གུས་པས་དོན་དུ་གཉེར། །བསླབ་པ་སྡོམ་པ་སོགས་པ་ཡིས། །དེས་ན་འབད་པས་གཙང་སྦྲ་བྱ། །ཡིད་ལས་བྱུང་བའི་དཀྱིལ་འཁོར་མཆོག །གཙང་ཞིང་དབེན་པའི་ས་ཕྱོགས་སུ། །ཤིང་གི་འབྲས་བུ་སྣ་ཚོགས་བཅས། །པུས་ནུབ་ཙམ་གྱི་ས་སྦྱངས་ལ། །བ་ཡི་རྣམ་ལྔས་བྱུག་པར་བྱ། །མཉམ་པར་བརྡུང་ཞིང་བཅག་པར་བྱ། །ལག་མཐིལ་ལྟ་བུའི་མཉམ་པ་ལ། །ཁྲུ་ཚད་ཉི་ཤུ་ཙམ་ལ་ནི། །གནོད་སྦྱིན་དབང་པོ་མངོན་པར་བསྔགས། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །ཨ་གར་བདུག་པས་བདུག་པ་དང་། །ཉི་མ་བཟང་པོ་དེ་བཞིན་གཟའ། །དེ་བཞིན་དུས་ཚོད་བཟང་པོ་ལ། །དཀར་པོའི་ཕྱོགས་ལ་ལེགས་པར་དགེ །སློབ་དཔོན་ལེགས་པར་བསྔོགས་པ་ཡིས། །བ་ཡི་རྣམ་ལྔས་ལེགས་པར་སྦྱང་། །བདག་ཉིད་སྔགས་བཟླས་རྒྱལ་པོ་ཡིས། །སྔ་དྲོ་དག་པར་གྱུར་པ་ཡིས། །མཉམ་པར་གཞག་པས་བསྲུང་བར་བྱ། །སྟེང་དང་འོག་དང་ཕྱོགས་བཅུ་རུ། །ཕྱོགས་
ནི་དེ་བཞིན་བཅིང་བར་བྱ། །གནོད་སྦྱིན་རྒྱལ་པོ་དྲི་ཡི་ཆུས། །མཁས་པས་བརྒྱ་རྩ་བརྒྱད་དུ་བསྔགས། །ཇི་ལྟར་ཤར་སོགས་མངོན་པར་གཏོར། །ཕྱོགས་བཅིང་སྔོན་གྱི་རིམ་པ་བཞིན། །གཞོན་ནུ་མ་ཡིས་བཀལ་བ་ཡི། །ཚོན་སྣ་ལྔ་ཡི་སྐུད་པ་ལ། །གུར་གུམ་ཆུ་ཡིས་བྱུགས་པ་དང་། །ཕུར་པ་ཨུ་དུམ་ཤིང་ལ་བྱས། །ཤར་གྱི་ཕྱོགས་ནས་བརྩམ་པར་བྱ། །ཐིག་གདབ་སྔ་དྲོའི་དུས་སུའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཟུར་བཞི་རེའུ་མིག་བཞི་དང་ལྡན། །དེ་ལ་དང་པོའི་དཀྱིལ་དུ་ནི། །དེ་བཞིན་གཤེགས་པ་བྲི་བར་བྱ། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །ཐམས་ཅད་མཁྱེན་པ་ཟླ་བའི་འོད། །དེ་འོག་གནོད་སྦྱིན་དབང་པོ་ནི། །མཚན་ཉིད་ཐམས་ཅད་མཚོན་པ་ཡི། །སྔོན་པོ་སྤྲིན་ལྟ་བུ་ཡི་མདོག །རྒྱན་སེར་པོ་ཡིས་མཛེས་པ་དང་། །རྐང་གདུབ་ལག་གདུབ་མགུལ་རྒྱན་དང་། །རིན་ཆེན་སྣ་ཚོགས་ཀྱིས་མཛེས་པ། །སེང་གེའི་གདན་ལ་རིན་ཆེན་དང་། །སྣ་ཚོགས་ཐ་དད་རྣམ་པར་བརྒྱན། །རི་མོ་སྣ་ཚོགས་རིན་ཆེན་འོད། །འོད་འཕྲོ་ཡིད་འོང་འབར་བའི་འོད། །སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ལེགས་པར་མཛེས། །དེ་ཉིད་དབུས་སུ་ནོར་བུ་བཟང་པོ་ལེགས་པར་བྱ། །རབ་ཏུ་འབད་པས་གཡས་པའི་ཕྱག །མཆོག་སྦྱིན་ས་བོན་ཡོངས་སུ་བྱ། །དེ་བཞིན་དུ་ནི་གཡོན་པའི་ཕྱག ། ནེའུ་ལེ་རིན་ཆེན་སྐྱུག་པའོ། །སྣ་ཚོགས་གཏེར་རྣམས་སྟེང་ན་ལེགས་པར་བཞུགས། །དེ་བཞིན་དུང་དང་པདྨ་ཡི། །རིན་ཆེན་ཆར་ནི་འབེབས་པའོ། །མངའ་བདག་གཡས་དང་གཡོན་དུའོ། །ནོར་བུ་བཟང་པོ་དེ་ཡི་ཕྱོགས། །གནོད་སྦྱིན་བཟང་པོ་དངུལ་མདོག་ཅན། །མཁས་པས་སྔར་བཞིན་དུ་ནི་དགོང་། །སྤྱོད་པའི་དབང་པོ་གདོང་དབང་པོ། །གཡས་དང་གཡོན་དུ་བྱ་བའོ། །རྣམ་པ་ཁ་དོག་འདྲ་བ་ཡི། །གཏེར་གྱི་སྟེང་དུ་ཡང་དག་བཞུགས། །དེ་ཡི་འོག་ཏུ་གནོད་སྦྱིན་མོ། །བདུན་པོ་དག་ནི་བྲི་བར་བྱ། །དེ་ལས་གཞན་དུ་བུ་དགུ་སྟེ། །དེ་ལས་གཞན་ནི་ཆུ་སྐྱེས་སོ། །རིན་ཆེན་ལྟ་བ་ནོར་སྦྱིན་དང་། །གནོད་མཛེས་དང་ནི་གནོད་མཛེས་གཞན། །ལྟེ་མཛེས་དང་
ནི་ལྟེ་ཆེན་པོ། །མཚམས་སུ་བུམ་པ་བཟང་པོའོ། །འཕར་བ་གཉིས་ལ་དགོད་བྱ་བའི། །གནོད་སྦྱིན་དབང་པོ་སྟོབས་པོ་ཆེ། །གནོད་གནས་ཧུ་ལུ་ཧུ་ལུ་དང་། །སྡེ་མཛེས་དང་ནི་ཟླ་བའི་སྡེ། །རེངས་པ་དང་ནི་གདུལ་བ་དང་། །ལྕེ་དམར་དང་ནི་གསུས་པོ་ཆེ། །སྣམ་བུ་གསུམ་པ་ལ་བྱ་བ། །གནོད་སྦྱིན་མོ་ནི་ལྟ་མཛེས་མ། །རྒྱ་ཆེན་མ་དང་དྲི་བྲལ་མ། །ཟླ་མོ་བློ་གྲོས་སྙིང་པོ་སྤྱན། །པདྨའི་སྙིང་པོ་སྨིན་མཛེས་མ། །གནོད་སྦྱིན་ལག་པ་ལག་མངས་པོ། །སྤྲིན་ཆེན་མ་དང་སྐྲ་མཛེས་མ། །གཏེར་གྱི་ཕྲེང་བ་གཡེམ་པ་མོ། །ལྗོན་ཤིང་ཕྲེང་བ་ཕྲེང་བ་མོ། །འདོད་པ་ཀུན་གྱི་འབྲས་སྟེར་མ། །ཡིད་ཤུགས་མ་དང་འདོད་གཟུགས་མ། །ཐོས་ངག་མ་དང་ལྷ་མཛེས་མ། །རྫུ་འཕྲུལ་ཆེན་པོ་རྣམ་བཤད་པ། །ཉི་ཤུ་མཆོག་ནི་སྟེར་བའོ། །ཅི་ལྟའི་རིམ་པས་རྣམ་དགོད་པ། །ཇི་ལྟར་མདུན་དང་ཕྱོགས་གཞན་དགོད། །དབང་པོ་ལ་སོགས་དགོད་པར་བྱ། །དེ་རྣམས་ཕྱི་རོལ་དྲ་བ་སྟེ། །རྡོ་རྗེ་ཤག་ཏི་དབྱུག་པ་དང་། །རལ་གྲི་ཞགས་པ་རྒྱལ་མཚན་དང་། །འཁོར་ལོ་རྩེ་གསུམ་མཚོན་ཆ་རྣམས། །སྔར་བཞིན་དུ་ནི་དགོད་པར་བྱ། །སྟེང་འོག་མདའ་ཡི་དྲ་བ་དང་། །དེ་བཞིན་རྡོ་རྗེ་འབར་བའོ། །མཁས་པས་ཕྱི་རོལ་དུ་ནི་དགོད། །དེ་ནས་སྤྱན་དྲང་བརྩམ་པར་བྱ། །ཚོན་རྩི་ལྔ་ནི་དཀར་པོ་དང་། །སེར་པོ་དམར་པོ་སྔོན་པོ་གནག །དབྱངས་ཀྱི་སྔགས་ཀྱིས་མངོན་བསྔགས་ཏེ། །ཕྱི་རོལ་རྒྱལ་མཚན་བརྒྱད་དགོད་བྱ། །དེ་བཞིན་ཕྱོགས་རྣམས་ཨརྒྷའི་སྣོད། །ཆུ་ནི་མེ་ཏོག་གིས་བཀང་བྱ། །སྤྱན་དྲང་མཆོད་སྦྱིན་ཡིས་ནི་བྱ། །སྔགས་པས་བྱ་བར་ཐེ་ཚོམ་མེད། །གནོད་སྦྱིན་མོ་རྣམས་རང་སྔགས་ཀྱིས། །མཁས་པ་ཡིས་ནི་སྤྱན་དྲང་བྱ། །ལྷ་དང་ལྷ་མིན་སྤྱན་དྲང་བྱ། །གནོད་གནས་དབང་པོ་སྟོབས་པོ་ཆེ། །མ་ལི་ཀ་ཕྲེང་ཤིན་ཏུ་དཀར། །པདྨ་ཨུཏྤ་ལ་ཡི་ཚོགས། །ནཱ་ག་གེ་སར་ཀེ་སུ་དང་། །དྲི་དང་བདུག་པ་སྒྲོན་མ་དང་། །བཤོས་གཙང་གཏོར་མ་ཀུན་འདོད་པ། །རིམ་པ་བཞིན་དུ་མཆོད་པ་ནི། །མཁས་པ་ཡིས་ནི་བྱ་བ་ཡིན། །ག་བུར་དང་ནི་གུ་གུལ་ལམ། །ཡང་ན་ཙནྡན་དཀར་པོ་ཡིས། །
འབུམ་ཕྲག་དུ་ནི་སྦྱིན་སྲེག་བྱ། །སྟོང་ཕྲག་བརྒྱ་ཡི་སྦྱིན་སྲེག་བྱ། །ནོར་བུ་བཟང་པོའི་མདུན་དུའོ། །ཇི་ལྟར་རིགས་པས་བཟླས་པ་དང་། །སྦྱིན་སྲེག་ཆོ་ག་བཞིན་དུའོ། །འབད་པ་ཡིས་ནི་མཆོད་པ་བྱ། །མཚམས་སུ་བུམ་པ་དགོད་པ་ནི། །རིན་ཆེན་འབྲུ་དང་སྨན་རྣམས་ལྡན། །དྲི་ཡི་ཆུ་ཡིས་ཡོངས་སུ་དགང་། །ཙུ་ཏ་པ་ལ་ས་ཡིས་གཡོགས། །མགྲིན་པ་རས་ཀྱིས་དཀྲིས་པ་དང་། །དེ་སྲིད་བཅོམ་ལྡན་འདས་ཀྱི་སྔགས། །རང་རང་གི་ནི་སྔགས་བཟླས་པ། །དེ་སྙེད་དུ་བུམ་པ་དགོད་པར་བྱ། །འདི་ལས་སྔགས་རྣམས་འབྱུང་བ་ནི། །ཨོཾ་ཛམ་བྷ་ལ་ཛ་ལེནྡྷ་ཡ་སྭཱ་ཧཱ། གཙོ་བོའི་སྟེ་ལས་ཐམས་ཅད་པའི་སྔགས་སོ། །མ་ཧཱ་ཡཀྵ་རཱ་ཛཱ་ཡ། བི་ནམ་ཏེ་མ་ཎི་བྷ་དྲཱ་ཡ་དྷི་མ་ཧེ་ཏ་ཎྞེ་ཡཀྵ་པྲ་ཙོ་ཏྟ་ཡ་དྷ་བི་ཏྲི། གནོད་སྦྱིན་གྱི་དབྱངས་ཀྱི་སྔགས་སོ། །ཨོཾ་ཡཀྵཱ་ཡ་སྭཱ་ཧཱ། གནོད་སྦྱིན་གྱི་སྙིང་པོའོ། །སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། མཆོད་པ་དང་། བུམ་པ་ལ་མངོན་པར་བསྔགས་པའི་སྔགས་ཏེ་སོ་སོར་སྦྱར་བར་བྱའོ། །ཨ་ནནྟ་པདྨ་ཡ་སྭཱ་ཧཱ། པདྨའི་གཏེར་གྱི་སྔགས་སོ། །ཨ་ནནྟ་སཾ་ཁཱ་ཡ་སྭཱ་ཧཱ། གཏེར་གྱི་དུང་གི་སྔགས་སོ། །ར་ཛ་ཡ་ན་བྷ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། དངུལ་གྱི་མདོག་ཅན་གྱི་སྔགས་སོ། །ཙ་རེན་དྲཱ་ཡ་སྭཱ་ཧཱ། སྤྱོད་པའི་དབང་པོའི་སྔགས་སོ། །མུ་ཁེ་ན་དྲཱ་ཡ་སྭཱ་ཧཱ། དབང་པོ་གདོང་གི་སྔགས་སོ། །ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། གཏེར་སྦྱིན་གྱི་སྔགས་སོ། །མ་ཎི་ན་བྷཱ་ཡ་དྷ་ན། ཨ་དྷི་བ་ཏ་ཡི་སྭཱ་ཧཱ། རིན་ཆེན་ལྟོ་བའི་སྔགས་སོ། །སུ་ཎ་གྷ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ལྟེ་མཛེས་ཀྱི་སྔགས་སོ། །ཨོཾ་སུ་བྷ་ཎ་བྷཱ་ཡ་དྷ་ན་ཨ་དྷི་བ་ཏ་ཡེ་སྭཱ་ཧཱ། གནོད་མཛེས་ཀྱི་ལྟེ་བའི་སྔགས་སོ། །ཨོཾ་ཨ་སུཾ་བྷ་ཎ་བྷ་ཡ་དྷ་ན་ཨ་དྷི་བ་ཏ་ཡེ་སྭཱ་ཧཱ། གནོད་མཛེས་ལྟེ་གཞན་གྱི་སྔགས་སོ། །ཨོཾ་ཨཾ་བྷ་ཎ་བྷ་ཡ་དྷ་ན་ཨ་དྷི་བ་ཏ་ཡེ་སྭཱ་ཧཱ། ཆུའི་ལྟེ་བ་ཅན་གྱི་སྔགས་སོ། །ནི་ཎ་བྷཱ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ལྟེ་སྔོན་ཅན་གྱི་སྔགས་སོ། །བཻ་ཤྲ་བ་ཎཱ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། རྣམ་
ཐོས་སྲས་ཀྱི་སྔགས་སོ། །མ་ཧཱ་ན་བྷཱ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ལྟེ་ཆེན་གྱི་སྔགས་སོ། །ཨོཾ་ཛཾ་བྷ་དྲཱ་སྷཱ་ཊཱ་ཡ་སྭཱ་ཧཱ།བུམ་པ་བཟང་པོའི་སྔགས་སོ། །ཏ་ར་ཛ་མ་བྷ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། རྨུགས་བྱེད་ཀྱི་སྔགས་སོ། །ཡཀྵ་ཨིན་དྷཱ་ཡ་སྭཱ་ཧཱ། ཧུ་ལུ་ཧུ་ལུ་ཞེས་བྱ་བའི་སྔགས་སོ། །སུ་སེ་ནཱ་ཡ་སྭཱ་ཧཱ། སྡེ་མཛེས་ཀྱི་སྔགས་སོ། །ཧ་ར་ཧ་ར་ཙནྡྲ་སེ་ནཱ་ཡ་སྭཱ་ཧཱ། ཟླ་བ་སྡེའི་སྔགས་སོ། །ཛ་མ་བྷ་ལཱ་ཡ་སྭཱ་ཧཱ། །གནདོ་གནས་ཀྱི་སྔགས་སོ། །མོ་ཏཱ་ཡ་སྭཱ་ཧཱ། འདུལ་བྱེད་ཀྱི་སྔགས་སོ། །རཱ་ག་ཛི་ཧཱ་ཡ་སྭཱ་ཧཱ། ལྕེ་དམར་པོའི་སྔགས་སོ། །མ་ཧོ་ད་རཱ་ཡ་སྭཱ་ཧཱ། གསུས་པོ་ཆེའི་སྔགས་སོ། །བི་མ་ལེ་བི་མ་ལ་ད་ཪྵ་ནི་ཨ་ཡ་ཏི་སྭཱ་ཧཱ། དྲི་བྲལ་མའི་སྔགས་སོ། །བྷ་ས་ལ་ཎ་ཡ་ཎེ་བོ་དྷཱ་ཡ་སྭཱ་ཧཱ། རྒྱ་ཆེན་མའི་སྔགས་སོ། །ཙནྡྲ་སུ་མ་ཏི་ཡུར་པུ་ཛི་ཏི་ཙནྡྲེ་ཙནྡྲེ་ཙནྡྲ་མ་ཏི་སྭཱ་ཧཱ། ཟླ་འོད་བློ་གྲོས་མའི་སྔགས་དང་དགུག་པའི་སྤྱན་ཅན་མའིའོ། །ཨོཾ་ཙནྡྲ་པདྨཱི་སྭཱ་ཧཱ། པདྨའི་སྙིང་པོ་མའི་སྔགས་སོ། །སུ་བྷྲུ་མ་ནོར་བྷེ་སྭཱ་ཧཱ། སྨིན་མཛེས་པའི་སྔགས་སོ། །ཨོཾ་བ་ཧུ་པྲ་ཏཱ་ཡ་སྭཱ་ཧཱ། ལག་པ་དང་ལག་མངས་པའི་སྔགས་སོ། །ལི་ཏི་ག་ཏི་མོ་ཏི་སྭཱ་ཧཱ། སྤྲིན་ཆེན་མའི་སྔགས་སོ། །སུ་གཻ་མ་ལི་ཀེ་ཤ་བྷ་རི་ཎི་སྭཱ་ཧཱ། སྐྲ་མཛེས་མ་ཞེས་བྱ་བའི་སྔགས་སོ། །བ་ན་མཱ་ལ་བ་ལི་ནི་སྭཱ་ཧཱ། ནགས་ཀྱི་ཕྲེང་བ་མ་ཞེས་བྱ་བའི་སྔགས་སོ། །ཨུ་ཏི་ཥྛ་བྷུན་ཛ་ལི་སྭཱ་ཧཱ། གཡེམ་པ་མོའི་སྔགས་སོ། དྲུ་མཱ་ལི་མཱ་ལ་ཀ་ལི་ཀ་ཧ་ལི་དྲུག་མི་ཀི་ལི་ཀི་ལི་སྭཱ་ཧཱ། ལྗོན་མ་ཕྲེང་བ་མའི་སྔགས་སོ། །ཀཱ་མ་མཱ་ལ་བི་ལ་སི་ནི་སྭཱ་ཧཱ། འདོད་པའི་ཕྲེང་བ་མའི་སྔགས་སོ། །སརྦ་དྷ་ཡི་བྷ་སརྦ་ཨ་གྲ་མ་ནོ་ཛ་བ་བེ་ག་བ་ཏེ་སྭཱ་ཧཱ། །ཡིད་ཀྱི་ཤུགས་ཅན་མའི་སྔགས་སོ། །ཀཱ་མ་བི་ཀཱ་མི་ནི་སྭཱ་ཧཱ། འདོད་པའི་གཟུགས་ཅན་མའི་སྔགས་སོ། །ཤྲུ་ཏ་བཱ་ཀེ་ཀ་རི་སྭཱ་ཧཱ། ཐོས་ངག་མའི་སྔགས་སོ། །སུ་དར་ས་ནི་ཀཱ་མཱི་ནི་སྭཱ་ཧཱ། ལྟ་མཛེས་མའི་སྔགས་སོ། །མ་ཧཽ་གྷེ་བྷ་ཡ་ཀ་རི་སྭཱ་ཧཱ། རྫུ་འཕྲུལ་ཆེན་མོའི་སྔགས་སོ། །གནོད་སྦྱིན་མོ་རྣམས་ཀྱིའོ། །ཨིནྡྲ་དེ་བཱ་དྷི་པ་ཏ་ཡེ་སྭཱ་ཧཱ། དབང་པོའི་སྙིང་པོའོ། །ཨགྣ་ཡེ་ཨུད་བྱ་དྷི་པ་ཏ་ཡེ་སྭཱ་ཧཱ།
མེ་ལྷའི་སྙིང་པོའོ། །ཡ་མཱ་ཡ་པྲེ་ཏཱ་དྷི་པ་ཏ་ཡེ་སྭཱ་ཧཱ། གཤིན་རྗེའི་སྙིང་པོའོ། །ནོ་རྀ་ཏྱཱ་ཡ་རཀྵ་སཱ་དྷི་བ་ཏ་ཡེ་སྭཱ་ཧཱ། བདེན་བྲལ་གྱི་སྙིང་པོའོ། །བ་རུ་ཎཱ་ཡ་ཇ་ལཱ་སྙི་བ་ཏ་ཡེ་སྭཱ་ཧཱ། ཆུ་བདག་གི་སྙིང་པོའོ། །བཱ་ཡ་བེ་ཨནྟ་རིཀྵ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། རླུང་ལྷའི་སྙིང་པོའོ། །ཀུ་བེར་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ལུས་ངན་གྱི་སྙིང་པོའོ། །ཨཱི་ཤ་ནཱ་ཡ་བྷཱུ་ཏ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། དབང་ལྡན་གྱི་སྙིང་པོའོ། །ཨཱུར་དྷ་ཤྲཏྨ་ནེ་སྭཱ་ཧཱ། ཚངས་བའི་སྙིང་པོའོ། །ཨ་དྷོ་བིཥྞ་བེ་སྭཱ་ཧཱ། ཁྱབ་འཇུག་གི་སྙིང་བོའོ། །ཨ་བྷི་བར་ཏ་ཀཱ་ཡ་སྭཱ་ཧཱ། རྡོ་རྗེའི་སྙིང་པོའོ། །ཧུ་ཏ་ས་ནཱ་ཡ་སྭཱ་ཧཱ། ཤག་ཏིའི་སྙིང་པོའོ། །མ་ཧཱ་སྱ་མཱ་ཡ་སྭཱ་ཧཱ། དབྱུག་པའི་སྙིང་པོའོ། །ཁཌྒ་པི་མ་ལ་བྷ་རི་ཎི་སྭཱ་ཧཱ། རལ་གྲིའི་སྙིང་པོའོ། །པ་རུ་ཎ་ཏ་མཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཞགས་པའི་སྙིང་པོའོ། །པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། རྒྱལ་མཚན་གྱི་སྙིང་པོའོ། །མ་ཧཱ་སུ་མྱ་ར་སྨ་ཡེ་སྭཱ་ཧཱ། འཁོར་ལོའི་སྙིང་པོའོ། །བྷ་ལ་པི་ཧུ་ལེ་སྭཱ་ཧཱ། རྩེ་གསུམ་པའི་སྙིང་པོའོ། །བྷི་ལ་ཤ་བྷི་ཧུ་ལ་སྭཱ་ཧཱ། ཕྱོགས་ཀྱི་སྔགས་སོ། །ཤ་རེ་ཛཱ་ལ་སྭཱ་ཧཱ། མདའི་དྲ་བའི་སྔགས་སོ། །ཨོཾ་ཨུར་དྷཾ་ཛཱ་ལ་བཛྲ་པཉྪ་རཱ་ཡ་སྭཱ་ཧཱ། རྡོ་རྗེ་དྲ་བའི་སྔགས་སོ། །འདི་རྣམས་རང་རང་གི་ནི་སྔགས། །མཁས་པས་བུམ་པ་ལ་བཟླས་བྱ། །སློབ་མ་དཀྱིལ་འཁོར་དུ་ཡང་གཞུག །དབང་བསྐུར་བ་ནི་རབ་ཏུ་བརྟག །རྒྱལ་པོ་དབང་བསྐུར་བར་ནི་མཛོད། །སྐྱེ་བ་གང་རྣམས་དངོས་གྲུབ་འདོད། །དེ་རྣམས་དབང་བསྐུར་དོན་དུ་བྱ། །བརྒྱན་པའི་དོན་དུ་རབ་ཏུ་འབད། །འདི་ལྟར་དཀྱིལ་འཁོར་ཆེན་པོར་བསྟན་པའི་ཆོ་ག་བཞིན་དབང་བསྐུར་བ་དང་། དམ་ཚིག་བསྟན་པ་དང་། རྗེས་སུ་གནང་བས་ཕྱག་རྒྱ་ཆེན་པོའི་སྐལ་བ་ཅན་དུ་ཤེས་པར་བྱའོ། །རང་རང་གི་སྔགས་དང་ཕྱག་རྒྱས་དབང་བསྐུར་ལ། ཡང་མཆོད་པ་རྒྱ་ཆེན་པོ་དང་། སྦྱིན་སྲེག་བྱས་ལ་བསྡུ་བ་དང་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་གནོད་གནས་ཀྱི་བདག་པོའི་དམ་ཚིག་བསྟན་པ་དང་། རང་གི་སྔགས་སྒྲུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །དེས་ན་ཉིན་རེ་བཞིན་དུ་དུས་གསུམ་
དུ། སྔགས་དང་ཕྱག་རྒྱས་བདག་བསྲུང་བ་བྱས་ལ། འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཞབས་བསིལ་བ་དང་། མཆོད་ཡོན་ལ་སོགས་པ་ཕུལ་ནས། ཉེ་བར་སྤྱོད་པའི་མཆོད་པ་ཉི་ཤུ་སྔགས་དང་ཕྱག་རྒྱས་ཕུལ་ལ་ཆོག་ཅི་ལྟར་ཚོགས་པའི་མཆོད་པ་བྱས་ནས་སྔོན་དུ་བསྙེན་པར་བྱའོ། །དེ་ནས་ཕྱག་རྒྱ་དང་སྔགས་ཀྱི་ཚོགས་ང་ཡིས་རྒྱས་པར་བཤད་པར་བྱ་སྟེ། དེ་ནས་ཡང་གནོད་སྦྱིན་གྱི་དབང་པོས་གུས་པ་ཉེ་བར་སྐྱེས་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་གཟིགས་ནས་སེང་གེའི་སྒྲ་བསྒྲགས་པས་འདི་སྐད་ཅེས་བཀའ་སྩལ་པ། ཁྱོད་རྣམས་ཉོན་ཅིག་འདའ་དཀའ་བ་འདི་བསྟན་པ་སྙིང་རྗེ་ཆེན་པོའི་བདག་ཉིད་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་དང་ལྡན་པ། གནོད་གནས་ཀྱི་དབང་པོའི་ཕྱག་རྒྱའི་མཚན་ཉིད་སྔགས་དང་ལྡན་པ། དེ་ནས་གནོད་གནས་ཀྱི་དབང་པོས་ཐལ་མོ་སྦྱར་ཏེ། པུས་མོ་ས་ལ་བཞག་སྟེ་ཕྱག་བྱས་ནས་ཅང་མི་སྨྲ་བར་སྡོད་དོ། །དེ་ནས་བཅོམ་ལྡན་འདས་སེང་གེ་བཞིན་འཇིགས་པ་མེད་པས་སྔགས་དང་ཕྱག་རྒྱ་འདི་གསུངས་པ། ལག་པ་གཉིས་ཐལ་མོ་མཉམ་པར་སྦྱར་ནས། གུང་མོ་གཉིས་ཕྱིར་བཟློག་མིང་མེད་ཀྱི་རྩེ་མོ་གཉིས་ལ་སྦྱར་ལ། མཛུབ་མོ་གཉིས་ཚིགས་གསུམ་པ་བཅག་ནས་དེར་བཞག་སྟེ། མཐེ་བོང་ཕྱོགས་སུ་བཞག །མཐེའུ་ཆུང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱའོ། །འདི་བཅིངས་པ་ཙམ་གྱིས་གནོད་གནས་ཀྱི་དབང་པོ་ཉེ་བར་གནས་པར་གྱུར་ནས་སྒྲུབ་པ་པོ་ལ་ལྟ་ཞིང་མཆོག་སྟེར་བར་འགྱུར་རོ། །འདིའི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵཱ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། སྔགས་འདི་དང་ལྡན་པའི་ཕྱག་རྒྱ་ཡིས་གནས་རྣམ་པ་ལྔར་སྦྱར་བས་བྱིན་གྱིས་བརླབ་པར་བྱའོ། །གནོད་གནས་དང་སོ་སོར་མཉམ་པར་འགྱུར་རོ། །ལག་གཉིས་ཁུ་ཚུར་བཅངས་ནས་མཐེའུ་ཆུང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་སྤྱོད་པའི་དབང་པོའི་
ཕྱག་རྒྱ་སྟེ། བདག་བསྲུང་བ་ལ་ངེས་པར་སྦྱར་བར་རོ། །འདིའི་སྔགས་ནི། །ཨོཾ་ཙ་རེན་དྲཱ་ཡ་སྭཱ་ཧཱ། དེ་ལྟར་ཁུ་ཚུར་བྱས་ཏེ་མཐེའུ་ཆུང་གཉིས་ནང་དུ་བཅུག་ནས་སྲིན་ལག་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་དབང་པོ་གདོང་གི་ཕྱག་རྒྱ་སྟེ། བདག་བསྲུང་བ་ལ་ངེས་པ་སྟེ། འདིའི་སྔགས་ནི། །ཨོཾ་མུ་ཁེན་དྲཱ་ཡ་སྭཱ་ཧཱ། དབང་པོ་གདོང་གི་ཕྱག་རྒྱ་ལས་མིང་མེད་ཀྱི་ཚིགས་གསུམ་པ་བཅག་པ་ནི་གནོད་སྦྱིན་མོ་རྣམས་ཀྱི་སྤྱིའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཨ་ནི། འདིས་ཀྱང་བདག་བསྲུང་བར་བྱའོ། །སྤྱན་འདྲེན་པའི་དུས་སུ་ཡང་གནོད་སྦྱིན་མོ་རྣམས་སྤྱན་དྲང་བར་བྱའོ། །སྟེང་དང་འོག་དང་ཕྱོགས་བཅུ་རུ་ར་བ་དང་དྲ་བ་དང་ཕུར་བུ་སྟེ། ལག་པ་གཉིས་ཁུ་ཚུར་བྱས་ལ་མཛུབ་མོ་གཉིས་སོ་སོར་ཁབ་ཀྱི་རྩེ་མོ་ལྟར་བྱས་པ་འདི་ནི་དྲ་བའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཙ་རེན་དྲ་བན་དྷ་དི་ཤ་ཕཊ། ངབ་དང་ངེས་པར་སྦྱར་བར་རོ། །དེ་ཉིད་ལས་མཛུབ་མོ་གཉིས་ཁབ་ཀྱི་རྣམ་པ་ལྟར་གཅིག་ཏུ་བྱས་པ་ནི་དྲ་བའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་མུ་ཁེ་ནད་ཡ་སྭཱ་ཧཱ། དྲ་བའི་དོན་དུ་ངེས་པར་སྦྱར་བར་རོ། །ལག་པ་གཉིས་ཁུ་ཚུར་བྱས་ནས་འོག་ཏུ་བཞག་པ་ནི་ཕུར་པའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཧྲི་ཏ་ཏ། །སྤྱན་དྲང་བར་བྱ་བ་ནི་རྩ་བའི་ཕྱག་རྒྱ་ལས་མཐེའུ་ཅུང་ཟད་དགུག་པ་ནི་སྤྱན་དྲང་བའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨེ་ཧྱེ་ཙུ་ལུ་ཙུ་ལུ། ཏྭ་ར་ཏྭ་ར། །ཛཱ་ལ་ས་ཡ་ནཾ་པྲི་ཡཱ་སྭཱ་ཧཱ། །རིམ་པ་འདིས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ། །དེ་ནས་ཨརྒྷ་སྦྱིན་པར་བྱའོ། །ལག་པ་གཉིས་བརྟན་པའི་ཐལ་མོ་སྦྱར་ནས་མཛུབ་མོ་མཐེ་བོའི་ངོས་ལ་སྦྱར་ཏེ། འདིའི་སྔགས་ནི། ཨོཾ་ཡཀྵ་ནཱ་དྷ་ཡ་ཀེན་དྷ་ན་པྲི་ཡ་པ་ཤ་པ་ཤ་སྭཱ་ཧཱ། དེ་ནས་གདན་དབུལ་བར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ། མཛུབ་མོ་གསུམ་པ་མཉམ་པར་བྱས་ནས་ཚིགས་གསུམ་པར་བཅག་སྟེ། དབུ་མར་སྦྱར་ནས་གཞན་སོ་སོར་བྱས་པ་ནི། བཅོམ་ལྡན་འདས་ཀྱི་སེང་གེའི་གདན་གྱི་ཕྱག་རྒྱའོ། །འདི་བསྟན་པ་ཙམ་གྱིས་གནོད་སྦྱིན་གྱི་དབང་པོ་འཁོར་དང་བཅས་པ་སེང་གེའི་
གདན་ལ་བཞུགས་པར་འགྱུར་རོ། །སེངྒེའི་གདན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲ་ཨིནྡྲ་ཡ་ས་མ་ཀཾ་སྭཱ་ཧཱ། །དེ་ནས་ཁྲུས་ཀྱི་ཕྱག་རྒྱ་བཅིངས་ནས་གནོད་གནས་འཁོར་དང་བཅས་པ་ཁྲུས་གསོལ་བར་བྱ། ལག་པ་གཉིས་ཡང་རྟེན་གྱིས་ཐལ་མོ་བྱས་མཐེའུ་ཆུང་གཉིས་ཕྱིན་ཅི་ལོག་ཏུ་བྱས་ལ་མིང་མེད་གཉིས་དཀྱིལ་དུ་བྱས་པ། གུང་མོ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས། དེའི་ཕྱི་རོལ་དུ་གུང་མོའི་ཚིགས་གསུམ་སྦྱར་བར་མཐེ་བོ་གཉིས་ཕྱོགས་སུ་བཞག་པ་ནི། ལྷ་ཐམས་ཅད་ཀྱི་ཁྲུས་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ནཱ་ནཱ་པྲི་ཡ་གྷ་ཏ་ཀུམ་བྷ་ཛྭ་ལ་སྭཱ་ཧཱ། གོས་ཀྱི་ཕྱག་རྒྱ་བཅིངས་ནས་གོས་དབུལ་བར་བྱ་སྟེ་ཡང་ལག་པ་གཉིས་མཐེ་བོང་དང་མཛུབ་མོ་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པ་ལྟར་བྱས་ཏེ། སོར་མོ་ཕྱི་མ་རྣམས་བརྐྱང་བ་འདི་ནི་གོས་ཀྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། །ཨོཾ་དྷི་རི་དྷི་རི་མ་ཧཱ་ས་མུ་དྲ་ཨཾ་དྷ་ར་དྷ་ཀ་སྭཱ་ཧཱ། རྒྱན་གྱི་ཕྱག་རྒྱ་ཉེ་བར་བྱ་སྟེ། ལག་པ་གཉིས་སོར་མོ་གསུམ་གྱིས་མཐེ་བོང་བཀབ་ནས་སྡིགས་མཛུབ་འཁྱིལ་བའི་ཚུལ་དུ་བྱས་ནས་ཕན་ཚུན་སྟེང་དུ་བསྐོར་ནས། གཅིག་ཏུ་བྱས་པ་འདི་ནི་རྒྱན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་མེ་གྷ་བྷ་ར་ཎ་ཛཱ་ལ་བུ་གྷ་ན་སྭཱ་ཧཱ། ཡང་དག་པར་སྐྱོང་ནུལ་བྱ་བའི་ཕྱག་རྒྱ་ནི། ལག་པ་གཡས་པ་ཁུ་ཚུར་བཅངས་ནས། ལག་པ་གཡོན་པ་ནོར་བུ་འཆིང་བའི་མཚམས་སུ་ལག་གདུབ་ལྟར་བཟུང་བ་ནི་སྐྱོང་ནུལ་བྱ་བའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཧ་ར་ཧ་ར་ཛོ་གྷྲ་ཎཱ་ཡ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་གྱི་ཕྱག་རྒྱ་ངེས་པར་བསྟན་པར་བྱ་སྟེ། དེ་ཉིད་ལས་སོར་མོ་རྣམས་སོ་སོར་བརྐྱང་ནས་ཁ་འོག་ཏུ་དབུབ་པ་ནི། དཀྱིལ་འཁོར་ཉེ་བར་བྱུག་པའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཀུ་ཏི་ཛུ་ག་བྷ་ར་ཏ་པྲི་ཡཱ་ཡ་སྭཱ་ཧཱ། རྡུལ་ཚོན་གྱི་ཕྲེང་བའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། དཀྱིལ་འཁོར་གྱི་ཕྱག་རྒྱ་ལས་སོར་མོ་ལྔ་རྣམས་ཁ་འོག་ཏུ་བྱས་ནས་བཞག་པ་ནི། རྡུལ་ཚོན་གྱི་ཕྲེང་བའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཧེ་ཧེ་ཕེ་ན་བྷ་ལི་བྲི་ཡ་སོ་བྷ་ནཱ་ཡ་སྭཱ་ཧཱ། དྲིའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཉིས་
རྟེན་པའི་ཐལ་མོ་སྦྱར་ལ་མཐེའུ་ཆུང་ཁབ་ཀྱི་རྣམ་པ་ལྟར་བྱས་ནས། མིང་མེད་དང་། གུང་མོ་དང་མཛུབ་མོ་རྣམས་ནང་དུ་བཀུག་པ་ནི། དྲིའི་ཕྱག་རྒྱའོ། །འདིའི་སྔགས་ནི། །ཨོཾ་ལ་ལཱ་གཱ་ལ་གཱ་ལ་སུ་གན་དྷ་གན་དྷཱ་ཡ་སྭཱ་ཧཱ། དེ་ནས་མེ་ཏོག་གི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། དྲིའི་ཕྱག་རྒྱ་ལས་མཐེ་བོང་དྲང་པོར་གྱེན་དུ་འགྲེང་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་པུཥྤ་པྲ་བྷ་ཧ་ར་པུཥྤ་མེ་གྷ་སྭཱ་ཧཱ། བདུག་སྤོས་ཀྱི་ཕྱག་རྒྱ་ནི་མེ་ཏོག་གི་ཕྱག་རྒྱ་ལས་ཚིགས་གསུམ་པ་ཅུང་ཟད་བཀུག་པར་བྱ་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། །ཨོཾ་རུ་རུ་མ་ཧཱ་དྷཱུ་པ་པྲི་ཡཱ་ཡ་སྭཱ་ཧཱ། གཏོར་མའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། བདུག་སྤོས་ཀྱི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་ལོངས་སྤྱོད་པའི་རྣམ་པར་བཀོད་ནས་མཐེའུ་ཆུང་གཉིས་ནང་དུ་བྱས་པ་ནི་གཏོར་མའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ས་ཀ་ས་ཀ་བྷ་རི་ལ་ཛ་ན་གཾ་པ་ཀ་པ་ལི་ཏ་ཡཀྵ་དེ་ཧི་དེ་ཧི་སྭཱ་ཧཱ། མེ་མར་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། གཏོར་མའི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་ཁུ་ཚུར་བྱས་ལ་མཐེའུ་ཆུང་གཉིས་དང་མཐེ་བོང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་མེ་མར་གྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཕུ་རུ་ཕུ་རུ་པྲ་ཀ་སཱ་ཡ་སྭཱ་ཧཱ། དྲིའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡས་པ་ཁོང་སྟོང་ལ་ཐུར་དུ་བྱས་པ་ནི་དྲིའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཀི་ནི་ཀི་ནི་གན་དྷ་ཀརྞ་ཀརྞ་གྷོ་ཤཾ་མེ་ཏྲི་མུ་སྭཱ་ཧཱ། གདུགས་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ཡང་ལག་པ་གཉིས་ཕན་ཚུན་དུ་མངོན་པར་ཕྱོགས་ནས་གཅིག་ཏུ་སྦྱར་ཞིང་ནང་དུ་ཞུམ་ནས་མཐེ་བོང་ཕྱོགས་སུ་བཞག་པ་ནི་གདུགས་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་གྲྀཧྞ་ཚ་པྲ་ཏི་ཨ་ཙྪ་ཏྲཱཾ་ཀ་རཀྵ་ཀ་སྭཱ་ཧཱ། རྔ་ཡབ་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ནས་སོར་མོ་ལྷག་མ་རྡོ་རྗེ་ལྟར་མཚོན་པས་ཕྱོགས་གཉི་ག་བསྐོར་བ་ནི་རྔ་ཡབ་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཙ་མ་ར་ཙ་མ་ཀར་བྲི་ཡ་ཀེ་ཊུ་ཊུ་སྭཱ་ཧཱ། རླུང་ཡབ་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་
བཀབ་ནས་སོར་མོ་ལྷག་མ་རྣམས་བརྐྱང་སྟེ་རྡོ་རྗེ་ལྟར་མཚོན་ནས་ཡོངས་སུ་བསྐོར་བ་ནི་རླུང་ཡབ་ཀྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་བྷེ་རཾ་བྷ་བྷ་ཡུ་བྷ་གཱ་ཡ་སྭཱ་ཧཱ། རྒྱལ་མཚན་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡས་པའི་མཐེ་བོང་གིས་མིང་མེད་དང་མཐེའུ་ཆུང་གི་སེན་མོ་མནན་ནས་མཛུབ་དང་གུང་མོ་གཉིས་གཅིག་གི་རྣམ་པ་ལྟར་བྱས་ནས་འོག་ཏུ་བསྐྱོད་པ་ནི་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཏུ་ཤ་ཏུ་ཤ་ཀ་ལས་ཧ་ཛ་པྲི་ཡཱ་ཡ་སྭཱ་ཧཱ། གདན་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ཡང་ལག་པ་གཉིས་ཀྱི་མིང་མེད་དང་མཐེའུ་ཆུང་རིམ་གྱིས་མནན་ནས་གུང་མོ་དང་སྡིགས་མཛུབ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་ལ་སྟེང་དུ་བསྐྱོད་པ་ནི་གདན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། །ཛཱ་ལ་ཛཱ་མ་ཏུ་རུ་ཁེ་ཛ་ཡན་ཏི་པྲི་ཡཱ་ཡ་སྭཱ་ཧཱ། གདན་གྱི་སྔགས་སོ། །འདི་རྣམས་ནི་གནོད་སྦྱིན་གྱི་དབང་པོའི་ཉེ་བར་མཆོད་པ་ཉི་ཤུའོ། །སྔར་གྱི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་ལས་བྱུང་བའི་མཆོད་པ་མཐོང་བ་དང་ཐོས་པས་རང་བཞིན་གྱི་སྔགས་དང་ཕྱག་རྒྱས་མཆོད་པ་འདི་ཐམས་ཅད་དབུལ་བར་བྱའོ། །དེ་ནས་བདག་ཉིད་དབུལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པ་དང་། བསྟོད་པས་མཉེས་པར་བྱ་བ་དང་། གླེང་གཞི་དང་། ཆེད་དུ་བརྗོད་པའི་མདོ་ལ་སོགས་པ་གདོན་པ་དང་། མཚན་བརྒྱ་རྩ་བརྒྱད་པ་གདོན་པ་དང་། མཆོད་སྦྱིན་གྱི་ཚིགས་སུ་བཅད་པས་བསྐུལ་བ་དང་། རྟག་ཏུ་ཆུ་སྦྱིན་པ་དང་། ལྷ་ཐམས་ཅད་ལ་གཏོར་མ་སྦྱིན་པ་དང་། འདི་རྣམས་ཐམས་ཅད་བྱས་ལ། བོ་དེ་ཙེ་སྔགས་ཀྱི་སྐུད་པ་ཡོངས་སུ་བཟུང་ལ་གནོད་གནས་དང་འདྲ་བར་རང་བསྒོམས་པའི། ཨོཾ་ཡིག་སྤྱི་བོར་དགོད་པར་བྱ། །ཛཾ་ཡིག་ཁ་རུ་ངེས་པར་དགོད། །བྷ་ཡིག་ལག་པ་གཡས་པར་དགོད། །ལཱ་ཡིག་གཡོན་པར་དགོད་པར་བྱ། །ཛ་ཡིག་སྙིང་གར་དགོད་པའོ། །བརླ་ནི་གཡས་དང་གཡོན་པ་ལ། །ལེན་དྲ་ངེས་པར་དགོད་པར་བྱ། །ཡེ་ཡིག་མཚན་མར་དགོད་པར་བྱ། །
དེ་ནས་བློ་དང་ལྡན་པ་ཡིས། །རྐང་པའི་མཐིལ་དུ་སྭཱ་ཧཱ་དགོད། །འདི་རྣམས་གནོད་སྦྱིན་དབང་པོ་རྒྱལ། །གསང་བའི་སྙིང་པོ་རབ་ཏུ་གྲགས། །འདི་རྣམས་གང་ཤེས་བློ་ལྡན་ཡིན། །དེ་ཡིས་དངོས་གྲུབ་འགྲུབ་པར་འགྱུར། །ཇི་ལྟར་ནུས་པར་བཟླས་པ་བྱ། །བདག་ཉིད་བསྲུང་བ་བྱས་ནས་ནི། །སེམས་ཅན་རྣམས་ལ་བསོད་ནམས་གང་། །མཉམ་པར་གཞག་པས་དབུལ་བར་བྱ། །ཇི་ལྟར་འདོད་པས་བླངས་ནས་ནི། །དེ་ནས་གཤེགས་སུ་གསོལ་བར་བྱ། །སྔར་གྱི་སྤྱན་དྲང་ཕྱག་རྒྱ་ལས། །མཐེབ་མོ་བརྐྱང་བས་བསྐྱོད་པའོ། །སྔགས་དང་ལྡན་པས་གཤེགས་སུ་གསོལ། སྔགས་ནི། ཨོཾ་ཌི་ཌི་ཀི་ཏཱ་ཏེ་བཱ་ག་ཏ་ཨཛྴ་གཙྪ་གཙྪ་སྭཱ་ཧཱ། རིམ་པ་འདི་ཡིས་སྔོན་དུ་བསྙེན་པ་འབུམ་བྱས་ལ་ཕྱི་ནས་ཇི་ལྟར་འདོད་པ་བསྒྲུབ་པར་བྱའོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་སྲིད་རིམ་པ་འདི་ཡིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་ཤིན་ཏུ་ངོ་མཚར་རོ། །བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་རོ། །སེམས་ཅན་ཐམས་ཅད་ཁྱད་པར་སྤྲོ་བ་དང་། དོན་ཐམས་ཅད་སྒྲུབ་པ་དང་། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་སེམས་ཅན་གང་གིས་གནོད་གནས་ཀྱི་དབང་པོའི་རྟོག་པ་མཉན་འདོད་པའི་དོན་མ་ལུས་པ་སྒྲུབ་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས། གནོད་གནས་ཀྱི་རྟོག་པ་འདི་གསུངས་པ། སྔར་བརྗོད་པའི་ཆོ་གས་སྔོན་དུ་བསྙེན་པ་བྱས་ལ། དེ་ནས་ཡང་གནོད་གནས་ཀྱི་དབང་པོ་ལ་དྲི་དང་མེ་ཏོག་གི་མཆོད་པ་བྱས་ན། རྒྱ་མཚོའི་ཆུར་ཞུགས་ལ་སྟོང་ཕྲག་བཅུ་བཟླས་པ་བྱས་ན་སྔོན་དུ་བསྙེན་པར་འགྱུར་རོ། །དེ་ནས་ཡར་ངོའི་ཚེས་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་བོའི་འགྲམ་དུ་ཕྱིན་ནས་རྐེད་པ་ནུབ་པ་ཙམ་དུ་ཆུར་ཞུགས་ཏེ། ཉིན་མཚན་གཅིག་ཏུ་སྨྱུང་བ་ལ་གནས་ནས། ཁྱོར་བ་འབུམ་གྱི་ཆུ་སྦྱིན་སྲེག་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །སྦྱོར་བ་འདི་ཉིད་ཀྱིས་པུས་མོ་ནུབ་ཙམ་
དུ་ཆུའི་ནང་དུ་ཞུགས་ནས་སྟོང་ཕྲག་བཅུའི་སྦྱིན་སྲེག་བྱས་ན་གྲོང་བཅུའམ་གསེར་སྲང་སྟོང་རབ་ཏུ་སྟེར་བར་འགྱུར་རོ། །ཆུ་བོ་དེ་ཉིད་ལ་རྐེད་པ་ནུབ་ཙམ་དུ་ཆུར་ཞུགས་ནས་པདྨ་ལ་ཞོ་དང་མར་དང་སྦྲང་རྩི་སྦགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་གཏེར་གྱི་བུམ་པ་རྙེད་པར་འགྱུར་རོ། །ཡང་སྦྱོར་བདེ་ཉིད་ཀྱིས་ཟར་མའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །མྱ་ངན་མེད་ཀྱི་ཡམ་ཤིང་ལ་མེ་སྦར་ཏེ། ཨ་པ་མརྒའི་སྙེ་མ་ལ་མར་དང་སྦྲང་རྩིས་སྦགས་ནས་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དབང་དུ་འགྱུར་རོ། །ཨ་པ་མརྒའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ལ། ཨ་པ་མརྒའི་ས་བོན་ཞོ་དང་མར་དང་། སྦྲང་རྩིས་བྱུགས་ལ་མིང་མེད་དང་མཐེབ་མོས་བཟུང་ནས་རང་གི་ཁྱིམ་དུ་གཏེར་མཐོང་བར་འགྱུར་རོ། །དེ་ནས་ཉིན་རེ་བཞིན་ཏིལ་གྱི་མེ་ཏོག་ཞོ་དང་མར་དང་སྦྲང་རྩིས་སྦགས་ནས། དུས་གསུམ་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་གང་དོན་དུ་གཉེར་བ་དེ་ཐོབ་པར་འགྱུར་རོ། །ཉི་མ་གཅིག་གིས་འཁོར་ཉིས་བརྒྱ་དང་བཅས་པ་མ་བསླངས་པར་བཟའ་བ་དང་བཅའ་བ་ཡང་རྙེད་པར་འགྱུར་རོ། །མྱ་ངན་མེད་ཀྱི་མེ་ཏོག་ལ་ཞོ་དང་མར་དང་སྦྲང་རྩིས་བྱུགས་ཏེ་དུས་གསུམ་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་གང་གསོལ་བ་བཏབ་པ་དེ་འཐོབ་པར་འགྱུར་རོ། །མྱ་ངན་མེད་ཀྱི་མེ་ཏོག་དང་། ཨ་པ་མརྒའི་ས་བོན་བསྲེགས་ལ་ཞོ་དང་མར་དང་སྦྲང་རྩིས་བྱུགསལ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་རྒྱལ་པོའི་བུ་མོ་དབང་དུ་འགྱུར་རོ། །མིང་བཟུང་ནས་སྦྱིན་སྲེག་དེ་ཉིད་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་རྒྱལ་པོའི་བུ་དེ་ཉིད་ཐོབ་པར་འགྱུར་རོ། །མེ་ཏོག་དམར་པོ་མཉམས་པ་ཡོངས་སུ་བཟུང་ནས་རྒྱ་མཚོར་འབབ་པའི་ཆུ་བོར་ཕྱིན་ལ་རྐེད་པ་ནུབ་ཙམ་དུ་ཚུར་ཞུགས་ནས་སྟོང་ཕྲག་བཅུར་སྦྱིན་སྲེག་བྱས་ན་གང་མེ་ཏོག་དེའི་དྲི་ཚོར་བ་དང་། རེག་པ་དང་དེ་རྣམས་ཐམས་ཅད་དབང་དུ་འགྱུར་རོ། །ཆོ་ག་དེ་ཉིད་ཀྱིས་གནོད་སྦྱིན་མོ་རྣམས་འགུགས་པར་འགྱུར་རོ། །ཡང་ན་ཆུ་དེ་ཉིད་ལ་ཨ་པ་མརྒའི་ཤིང་གིས་སྦྱིན་སྲེག་སྟོང་བྱས་ན་ཉི་
མས་མཆོག་སྟེར་བར་འགྱུར་རོ། །དེ་ལྟར་མན་དཱ་ར་བའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་བརྒྱ་བྱིན་གྱིས་མཆོག་སྟེར་བར་འགྱུར་རོ། །ཏིལ་གྱི་མེ་ཏོག་གིས་ནི་ཚངས་པས་མཆོག་སྟེར་བར་འགྱུར་རོ། །བེ་ཏ་ལའི་མེ་ཏོག་གིས་ནི་ནོར་ལྷས་མཆོག་སྟེར་བར་འགྱུར་རོ། །སྔགས་དེ་ཉིད་ཟློས་བཞིན་པས་མཐེའུ་ཆུང་དང་མཐེབ་མོ་གཉིས་ཀྱིས་གཟུགས་བརྙན་དེ་ཉིད་བཅིར་ནས་ཇི་སྲིད་སྔགས་སྟོང་ཕྲག་བཅུ་བཟླས་པ་དེ་སྲིད་གང་འདོད་པ་དེ་རྙེད་པར་འགྱུར་རོ། །དེ་ནས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །འབུམ་ཕྲག་བཟླས་པས་རྒྱལ་པོ་འགུགས་པར་འགྱུར་རོ། །འབུམ་ཚོ་གཉིས་བཟླས་ཏེ་གནོད་སྦྱིན་མོ་རང་འོང་བར་འགྱུར་རོ། །འབུམ་ཚོ་གསུམ་བཟླས་པས་སེམས་ཅན་ཐམས་ཅད་འགུགས་པར་འགྱུར་རོ། །ཡང་ན་དཀའ་བས་ཟླ་བ་དྲུག་ཏུ་མི་སྨྲ་བར་བཟླས་ལ་ཡིད་ལ་གང་འདོད་དེ་རྙེད་པར་འགྱུར་རོ། །རྒྱལ་པོའི་ཨརྒའི་རང་བཞིན་གྱི་ཤིང་ལ་གཟུགས་བརྙན་བྱས་ལ་མ་བཅོས་པའི་ཁ་དོག་གི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེ་ཉིད་ཀྱི་མདུན་དུ། །ཟླ་བ་དྲུག་ཏུ་མི་སྨྲ་བར་བཟླས་ན་ལག་པ་གཡོན་པའི་མཐིལ་དུ་སྔགས་ཁྲི་མངོན་པར་བཟླས་ལ། གཏེར་གང་ན་ཡོད་པའི་སར་ཕྱིན་ནས་སྟེང་དུ་ལག་པ་བཞག་སྟེ། སྔགས་བརྒྱ་རྩ་བརྒྱད་བཟླས་ན་གཏེར་ཐམས་ཅད་འགུགས་པར་འགྱུར་རོ། །དཀར་པོའི་ཕྱོགས་ཀྱི་ཚེས་ལྔ་ལ་མྱ་ངན་མེད་ཀྱི་རྩ་ནས་གནས་པས་ཉིན་མཚན་དུ་གསོ་སྦྱོང་གིས་གནས་ཤིང་། ཉིན་མཚན་བར་ཆོད་ཀྱི་ཟས་ཟ་བས་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་བྱས་ན་དགོས་པ་ཐམས་ཅད་སྒྲུབ་པར་ནུས་སོ། །རྒྱ་སྐྱེགས་ཀྱི་ཁུ་བ་དང་ཞོ་བསྲེས་ནས་སྲེག་བླུགས་སྟོང་བྱས་ན་གསེར་སྲང་སྟོང་སྟེར་བར་འགྱུར་རོ། །ཨ་པ་མརྒའི་ཡམ་ཤིང་ཞོ་དང་། མར་དང་སྦྲང་རྩིས་མངོན་པར་སྦགས་ནས་ཉིན་མཚན་དུ་སྨྱུང་བར་གནས་པས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་པས་ཤིན་ཏུ་ཤེས་རབ་འཕེལ་བར་འགྱུར་བ་དང་ཚིགས་བཅད་སྟོང་ཡང་འཛིན་པར་འགྱུར་རོ། །ཨརྒའི་རྩ་བ་ལ་ཆོ་ག་འདིས་སོར་མོ་དྲུག་པའི་གཟུགས་བརྙན་ཅོད་པན་དང་ཐོར་ཚུགས་ལྡན་པར་
བྱས་ལ་དེའི་མདུན་དུ་ཨ་པ་མརྒའི་ཡམ་ཤིང་ལ། ན་མོརཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧ་ཡཀྵ་སེ་ནཱ་པ་ཏ་ཡེ། སོ་མ་མ་སོ་བིད་ཀྲི་ཎི་ཡ་མི་རི་ཏི་མ་ནི་རི་ཏི་སྭཱ་ཧཱ། སྔགས་འདིས་སྦྱིན་སྲེག་སྟོང་བྱས་ན་དོང་ཙེ་བརྒྱ་རྙེད་པར་འགྱུར་རོ། །གནོད་གནས་ཀྱི་སྙིང་པོས་མཆོག་རྙེད་པར་འགྱུར་རོ། །འདི་ཉིད་ཀྱིས་གནས་པས་པུས་མོ་ནུབ་ཙམ་དུ་ཆུར་ཞུགས་ནས་འབུམ་ཕྲག་དྲུག་བཟླས་ན་ནོར་རྙེད་པར་འགྱུར་རོ། །ནི་མ་པའི་ཤིང་གི་རང་བཞིན་ལ་ ཆུ་ཞེང་དུ་སོར་བཞི་མཉམ་པའི་ནོར་བུ་བཟང ་པོ་བྱས་ལ་གསོ་སྦྱོང་དང་ལྡན་པའི་རི་མོ་མཁན་གྱིས་བྲིས་ལ་ཉེ་བར་མཆོད་པ་དང་། གཏོར་མ་བྱིན་ནས་དུ་བ་མེད་པའི་མེ་ལ་དུས་གསུམ་དུ་དེའི་མདུན་དུ་རྒྱ་སྐྱེགས་ཀྱི་སྲེག་བླུགས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཕྱུག་པོ་རྣམས་དབང་དུ་འགྱུར་རོ། །ལེགས་པར་ཡན་ལག་སྟེར་བ་དང་། །རྨད་གྱུར་ཆེན་པོའི་བརྩོན་འགྲུས་དང་། །ལྟོས་པ་མེད་པའི་སྙིང་རྗེ་དང་། །ཡང་དག་ཅི་བཞིན་སྟོན་པ་དང་། །རྫུ་འཕྲུལ་གྱིས་འགྲོ་གཙོ་བོ་དང་། །ཐམས་ཅད་དུ་ནི་སྐྱོན་མེད་པ། །སྡུག་བསྔལ་བ་ནི་ཉོན་མོངས་ཉམས། །ཛམ་བྷ་ལ་ཡི་སྒོམ་པ་པོ། །དེ་ནས་ཡང་གནོད་སྦྱིན་གྱི་དབང་པོའི་སྙིང་པོ་རྒྱས་པར་བཤད་པ་ནི་མཆོག་གི་དངོས་གྲུབ་དང་། བསྐུལ་བའི་ཡི་གེ་དང་ཡང་དག་པར་ལྡན་པ་འདི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ས་མ་ཡ་མ་ནུ་སྨ་ར། མ་ཎི་བྷ་དྲཱ་ཡ། བྷ་ག་པཱཾ་ཏ། ། ཛ་ཙིཏྟ་ད་ཏྭཾ། དྷ་མ་དྷ་མ། དྷུ་རུ་དྷུ་རུ། མ་རི་ཙི་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏུ་ལུ་ཏུ་ལུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཏུ་ཊྭི་ཏུ་ཊྭི་མ་ཎི་བྷ་དྲ། ཏི་ཊི་ཏི་ཊི་མ་ཎི་བྷ་དྲ་སྭཱ་ཧཱ། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །སྨྱུང་བའི་ཆོ་ག་ཡོད་མ་ཡིན། །ཨརྒ་འམ་ནི་མ་པའི་ཤིང་། གཞན་མ་རྣམས་ལ་ནོར་བུ་བཟང་པོའི་གཟུགས་བྱས་ཏེ། དེའི་མདུན་དུ་འདུག་ལ་ཉི་མ་ཕྱེད་ཀྱི་དུས་སུ་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་ནས་ཡུངས་ཀ་ར་དཀར་པོ་ཚ་བའི་མར་ནག་དང་བཏགས་པའི་རིལ་བུ་བྱས་ལ་ནོར་བུ་བཟང་པོའི་ལྟོར་བཅུག་ནས་རིག་པ་སྟོང་ཕྲག་བརྒྱད་བཟླས་ན་དོང་ཙེ་བརྒྱ་རྙེད་པར་འགྱུར་རོ། །དེ་ཉིད་དུ་ཟད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྩ་
བའི་སྔགས་ཀྱི་རྟོག་པ་གསུངས་པ། གང་གིས་ལོ་མ་བཙོས་པ་ཟ་བ་དང་། བསོད་སྙོམས་ཀྱིས་འཚོ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་མདུན་དུ་རྒྱ་ཆེ་བའི་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱད་དུ་བཟླས་པ་བྱས་ན་ནོར་མང་པོ་རྙེད་པར་འགྱུར་རོ། །ཟླ་བ་དྲུག་ཏུ་ཆུ་ནང་དུ་ཆུའི་སྦྱིན་སྲེག་བྱས་ན་སྟོང་ཕྲག་བརྒྱ་རྙེད་པར་འགྱུར་རོ། །ཇི་ལྟར་འབྱུང་བ་བཞིན་དཀར་གསུམ་གྱི་གཏོར་མ་དང་མཆོད་པ་ཕུལ་ལ། ཨ་ཤྭཏྠའི་ཡམ་ཤིང་ཞོ་དང་མར་དང་སྦྲང་རྩིས་སྦགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་བར་སྣང་ལས་སྒྲ་ཐོས་པའམ། ཡིད་ལ་འདོད་པའི་རིག་པ་འཛིན་པའི་འབྲས་བུ་འགྲུབ་པ་དང་། སེམས་ཀྱིས་བྱས་པས་ཚོགས་པར་འགྱུར་རོ། །དེ་བཞིན་དུ་ལས་ཚོགས་གཞན་ཡང་འགྲུབ་སྟེ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ། འབུམ་ཕྲག་གཅིག་བཟླས་ནས། དཀར་པོ་དང་ནག་པོའི་ཕྱོགས་ལ་བསོད་སྙོམས་ཟ་ཞིང་རེ་མོས་ཀྱིས་སྨྱུང་བར་གནས་ནས་གཏོར་མ་དང་མཆོད་པ་ཆོ་ག་བཞིན་བྱིན་ནས་ཏིལ་ནག་མང་པོ་ལ་ཞོ་དང་མར་དང་སྦྲང་རྩིས་སྦགས་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་གྲོང་གི་མཆོག་བཅུ་གཉིས་རྙེད་པར་འགྱུར་རོ། །བག་མེད་པས་ལས་མ་གྲུབ་ན་སྟོང་ཕྲག་བཅུའི་ནང་ནས་གྲོང་གཅིག་རྙེད་པར་འགྱུར་རོ། །ཆུ་བོའི་འགྲམ་དུ་ནོར་བུ་བཟང་པོ་བཞག་ནས་མར་དང་འོ་ཐུག་ཟ་ཞིང་མཆོད་རྟེན་གདུང་དང་ལྡན་པ་ལ་འབུམ་ཕྲག་གཅིག་བཟླས་ནས། གནམ་སྟོང་ལ་མཚན་མོ་སྨྱུང་བར་གནས་པས། ཛྭ་ཏིའི་མེ་ཏོག་ལ་སྟོང་ཕྲག་བརྒྱད་དུ་རེ་རེ་ལ་མངོན་པར་བསྔགས་ནས་མཆོད་རྟེན་ལ་ཕུལ་ན་ནང་པར་ཕྱུགས་སྟོང་ཕྲག་སྟེར་བར་འགྱུར་རོ། །བསོད་སྙོམས་ཟ་ཞིང་རིགས་གཙང་མ་ལ་དུས་གསུམ་དུ་ཁྲུས་བྱེད་ཅིང་འབུམ་ཕྲག་གཅིག་ཏུ་བཟླས་ནས། ནག་པོའི་ཕྱོགས་ཀྱི་བརྒྱད་ལ་མཚན་མོ་སྨྱུང་བར་གནས་ལ་འཛམ་བུའི་ཡམ་ཤིང་ལ་མེ་སྦར་ལ། ནག་པུས་པ་ཞོ་དང་མར་དང་སྦྲང་རྩིས་སྦགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་པ་དང་། མངར་གསུམ་གྱི་བཤོས་གཙང་མ་དང་གཏོར་མ་བྱིན་ནས་སྦྱིན་སྲེག་ཡོངས་སུ་རྫོགས་པ་དང་། བྲམ་ཟེའི་
གཟུགས་ཀྱིས་འོངས་ནས་ང་ཡིས་ཅི་བྱེད་ཅེས་སྨྲ་བར་བྱེད་དོ། །དེ་ལ་སྨྲ་བ་དོང་ཙེ་ལྔ་བྱིན་ཅིག་ཅེས་སྨྲས་པ་དང་། དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་གྱུར་ཏེ་ཉིན་རེ་བཞིན་དུ་སྟེར་བར་འགྱུར་རོ། །ལྷག་མ་མེད་པར་ཟད་པར་བྱའོ། །པདྨ་སྐྱེས་པ་མཚོའི་འགྲམ་དུ་ཕྱིན་ཏེ་ ཆུ་དང་བཅས་པའི་ཕྱེ་ཟ་བའམ། ཡང་ཅི་ལྟར་རྙེད་པའི་ཟས་ཟ་ཞིང་ནོར་བུ་བཟང ་པོ་ཁ་ཕྱིར་བསྟན་པར་བཞག་ལ་གསོལ་བ་བཏབ་ནས། ཇི་སྲིད་དུ་སྟོང་ཕྲག་བརྒྱ་རྫོགས་པར་པདྨའི་སྦྱིན་སྲེག་བྱས་ན། དེའི་རྟིང་ལ་དཔལ་མོ་འོངས་ཏེ་འོངས་པ་དེ་ལ་པདྨ་ཉེ་བར་ཕུལ་ནས་དྲི་དང་བཅས་པའི་ཆུའི་ཨརྒ་བྱིན་ན། དེས་སྨྲས་པ་བུ་གཅིག་ཅི་བྱ་ཞེས་སྨྲས་ན། སྒྲུབ་པ་པོས་སྨྲ་བར་བྱ་སྟེ། གཏེར་མང་པོ་བདག་ལ་རབ་ཏུ་སྩོལ་ཅིག །དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ནས་གང་དུ་འགྲོ་བ་དེར་ཁྱེར་ནས་བྱིན་པ་དེ་ཟད་པ་མེད་པར་འགྱུར་རོ། །ནོར་བུ་བཟང་པོའི་མདུན་དུ་ཟླ་བ་ཕྱེད་དུ་བཟླས་ནས་ཅི་སྲིད་ཟླ་བ་ཉའི་ནུབ་མོ་སྨྱུང་བར་གནས་པས། ཤ་མེད་པའི་གཏོར་མ་བྱིན་ནས། དེ་ནས་ནོར་བུ་བཟང་པོའི་སྙིང་གར་མིང་མེད་བཞག་ནས་ཅི་སྲིད་དུ་བཟླས་པ་དེ་སྲིད་དུ་གཡོ་བར་འགྱུར་རོ། །དེ་ནས་ཉིན་རེ་བཞིན་དུ་དོང་ཙེ་ལྔ་ལྔ་སྟེར་བར་འགྱུར་རོ། །ལྷག་མེད་པར་ཟད་པར་བྱའོ། །དུར་ཁྲོད་ཆེན་པོར་ཕྱིན་ནས་དུར་ཁྲོད་ཀྱི་ཐལ་བ་ལ་མཆོད་རྟེན་བྱས་ཏེ། བསོད་སྙོམས་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་འབུམ་ཕྲག་གསུམ་དུ་བཟླས་ལ། །ནག་པོའི་ཕྱོགས་ཀྱི་བཅུ་བཞི་ལ་མཚན་མོ་སྨྱུང་བར་གནས་པས། བཅོམ་ལྡན་འདས་ལ་རྒྱ་ཆེ་བའི་མཆོད་པ་བྱས་ནས་ལྷག་མ་མེད་པར་རབ་ཏུ་ཟད་པར་བྱའོ། །དུར་ཁྲོད་ཆེན་པོར་ནོར་བུ་བཟང་པོ་ལ་ཤ་ཏ་པུཥྤ་ཕུལ་ལ། ཨ་ཀ་རུ་དང་དུ་རུ་སྐ་བསྲེས་པའི་བདུག་པ་ཕུལ་ཏེ། གདོང་ཕྱིན་ཅི་ལོག་ཏུ་བཞག་ནས་ཅི་སྲིད་མཚན་ཕྱེད་པ་དེ་སྲིད་དུ་བཟླས་སོ། །དེ་ནས་ཤ་ཟའི་བདག་པོ་རང་འོངས་པ་དང་སྔར་བཞག་པའི་གཏོར་མ་ཕུལ་ལ། འཁོར་རྣམས་ལ་ཆང་ཡང་དབུལ། དེ་ནས་སྒྲུབ་པ་པོས་གསོལ་བ་བཏབ་པར་བྱའོ། །དེ་ནས་དེ་ང་མགུའོ་ཞེས་སྨྲའོ། །སྒྲུབ་པ་པོས་སྨྲས་པ། ཉི་མ་རེ་རེ་གཡོག་རེ་རེ་བྱིན་ཅིག །དེ་ལྟར་བྱའོ་
ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ནས་མང་ག་གཞུག་པ་ལ་སོགས་པ་རབ་ཏུ་སྦྱིན་ཏོ། །གཞན་ཡང་དེ་བཞིན་གཤེགས་པས་ལས་ཀྱི་ཚོགས་བྱ་བ་གསུངས་པ། རིའི་རྩེ་མོར་འཛེགས་ཏེ་ཁྲུ་གང་ཙམ་གྱི་ནོར་བུ་བཟང་པོ་བཞག་ནས་འོ་མ་དང་འོ་ཐུག་ཟ་ཞིང་དུས་གསུམ་དུ་ཁྲུས་བྱེད་ཅིང་འབུམ་ཕྲག་གསུམ་དུ་བཟླས་ནས། དེ་ནས་དཀར་པོའི་ཕྱོགས་ཀྱི་ཉ་ལ་ཐུག་པའི་མཚན་མོ་གསུམ་དུ་སྨྱུང་བར་གནས་ནས། ནོར་བུ་བཟང་པོ་ལ་རྒྱ་ཆེ་བའི་མཆོད་པ་བྱས་པ་དང་། གཏོར་མའི་ཆོ་ག་རྒྱ་ཆེ་བ་བྱས་ནས་ཀུ་ཤའི་ཆུན་པོ་དག་བྱེད་ནས། ཅི་སྲིད་སྒྲ་གྲག་པ་དེ་སྲིད་དུ་བཟླས་པ་བྱའོ། །དེ་ནས་དེ་མ་ཐག་ཏུ་གནོད་སྦྱིན་ཐམས་ཅད་ཉེ་བར་འོངས་ནས། དེ་རྣམས་ལ་མེ་ཏོག་དམར་པོ་དང་། དྲི་དམར་པོ་དང་། ཨརྒ་སྦྱིན་པར་བྱའོ། །དུ་རུ་སྐའི་བདུག་པ་ཡང་བདུག་པར་བྱའོ། །དེ་ནས་གནོད་སྦྱིན་དེས་ལེགས་སོ་ཞེས་བྱ་བ་བྱིན་ནས་སྨྲས་པ། ངས་ཁྱོད་ལ་ཅི་བྱེད་ཅེས་ཟེར་བ་དང་། དེ་ནས་དེ་ལ་སྨྲས་པ་དང་། ཉིན་རེ་བཞིན་མངག་གཞུག་རབ་ཏུ་བྱིན་ཅིག །དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ལ་སོགས་པ་བསམ་གཏན་ཙམ་གྱིས་གནས་པ་ལ་མ་མཐོང་བར་འཁོར་གྱིས་བསྐོར་ནས་གནས་སོ། །གང་དང་གང་འདོད་པ་དེ་དང་དེར་ཁང་པ་བརྩེགས་པ་དང་། ལྷའི་བཞོན་པ་སྤྲུལ་ཏེ་སྟོང་ཕྲག་གཅིག་དང་བཅས་པ་ལ་རབ་ཏུ་འདོད་པ་ལ་རབ་ཏུ་འདོད་པའི་ཟས་རྣམས་སྟེར་བར་འགྱུར་རོ། །ཉིན་རེ་བཞིན་དུ་གནོད་སྦྱིན་མོར་སྤྲུལ་ཞིང་འོངས་ནས་ཐོ་རངས་ཀྱི་དུས་སུ་འགྲོ་བར་འགྱུར་རོ། །དེ་ཉིད་ཀྱི་ཚེ་ལོ་སྟོང་དུ་འགྱུར་རོ། །རྒྱ་མཚོའི་འགྲམ་དུ་ནོར་བུ་བཟང་པོའི་གཟུགས་བརྙན་བཞག་སྟེ། བསོད་སྙོམས་ཟ་ཞིང་འབུམ་ཕྲག་གསུམ་བཟླས་ནས་དཀར་པོ་ཕྱོགས་ཀྱི་ཚེས་ལྔ་ལ་ཐུག་པར་ནུབ་གསུམ་དུ་སྨྱུང་བར་གནས་པས་རྒྱ་མཚོ་ཆེན་པོ་དང་ཉེ་བར་ཕྱིན་ནས། ཇི་སྲིད་རྒྱ་མཚོ་ཆེན་པོ་རང་འོང་བ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །མདུན་དུ་རྒྱ་མཚོ་ཆེན་པོ་རང་འོངས་པ་དེ་ལ་དྲི་དང་མེ་ཏོག་གི་མཆོད་པ་ཕུལ་ལ། ཨ་ཀ་རུའི་བདུག་པས་བདུགསལ། ཀྱེ་རིག་པ་འཛིན་པ་
མཆོག་གང་ཁྱོད་ལ་རབ་ཏུ་སྦྱིན་པ་སྨྲའོ། །དེས་སྨྲས་པ། རྒྱ་མཚོ་ཆེན་པོ་རུང་ཐོགས་པ་མེད་པ་འགྲོ་བར་གྱིས། དེ་ལྟར་བྱ་ཞེས་ཟེར་བ་ནས་མི་སྣང་བར་འགྱུར་རོ། །དེ་ནས་རྒྱ་མཚོ་ལ་ཞུགས་ནས། རྒྱ་མཚོ་ན་ཡོད་པའི་ནོར་བུ་རིན་པོ་ཆེ་བླངས་ནས་འབྱུང་བར་འགྱུར་རོ། །རྒྱ་མཚོ་ན་ཡོད་པའི་ཀླུ་རྣམས་ཀྱང་དབང་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཡང་། གནོད་སྦྱིན་གྱི་དབང་པོ་དབྱངས་སྙན་གྱི་སྔགས་གསུངས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། མ་ཎི་ནི་སྭཱ་ཧཱ། རྩ་བའི་དཀར་པོའི་ཕྱོགས་ཀྱི་བརྒྱད་དམ། ཡང་ན་དཀར་པོའི་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བར་གནས་པས། རོ་ཧི་ཏའི་ཉ་ལ་བའི་ལྕི་བ་དང་། མར་གྱིས་བྱུགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་དོང་ཙེ་བརྒྱ་རྙེད་པར་འགྱུར་རོ། །གཞན་ཡང་ཉེ་བར་མཆོད་པ་དང་། སྔོན་དུ་འབུམ་ཚོ་གསུམ་བཟླས་ནས། ཉ་མ་གོད་པ་ལ་ཞོ་དང་མར་དང་སྦྲང་རྩིས་མངོན་པར་བྱུགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་དོང་ཙེ་སྟོང་ཕྲག་རྙེད་པར་འགྱུར་རོ། །མ་གྲུབ་ན་ཡང་ཀཱ་ར་ཥཱ་པ་ཎ་སྟོང་ཕྲག་གཅིག་རྙེད་པར་འགྱུར་རོ། །ཨོཾ་ཛམ་བྷ་ཡ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། རྩ་བའི་སྔགས་སོ། །དེ་ནས་ཡང་ནོར་བུ་བཟང་པོ་བསྒྲུབ་པར་འདོད་མཆོད་སྦྱིན་གྱི་ཤིང་དཀར་པོ་ལ་ནོར་བུ་བཟང་པོའི་གཟུགས་བརྙན་བྱས་ལ། མཆོད་པ་ཆེན་པོ་རབ་ཏུ་གནས་པ་བྱས་ནས། དེའི་མདུན་དུ་ཡང་ཨ་པ་མརྒའི་ཡམ་ཤིང་ལ་མར་དང་སྦྲང་རྩིས་བྱུགས་ལ་འབུམ་ཕྲག་ཏུ་སྦྱིན་སྲེག་བྱས་ན་འདོད་པའི་འབྲས་བུ་རྙེད་པར་འགྱུར་རོ། །བེ་ཏ་ལའི་མེ་ཏོག་རྣམས་ཀྱིས་འབུམ་ཕྲག་ཏུ་སྦྱིན་སྲེག་བྱས་ན། གསེར་སྲང་སྟོང་རྙེད་པར་འགྱུར་རོ། །ཏིལ་དང་འབྲས་ཐུག་པོ་ཆེའི་སྦྱིན་སྲེག་འབུམ་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །དེ་ལྟར་ཤ་ཏ་པུཥྤ་དང་གུ་གུལ་དང་། ཀུ་ནད་དང་། ཙནྡན་དཀར་པོ་དང་། དུ་རུ་སྐ་ལ་སོགས་པ་དེ་རྣམས་རེ་རེ་འབུམ་དུ་སྦྱིན་སྲེག་བྱས་ན་དོང་ཙེ་སྟོང་ཕྲག་རྙེད་པར་འགྱུར་རོ། །ཏིལ་དང་འབྲས་ཀྱི་སྦྱིན་སྲེག་
བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཉེའུ་ཅི་ལྟར་འཚོང་བ་ཉོས་ལ། ཆུ་བོའི་རྒྱུན་ལ་ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ནས་ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བརྒྱ་བྱས་ན་སུམ་འགྱུར་གྱི་དོང་ཙེ་རྙེད་པར་འགྱུར་རོ། །རས་བལ་གྱི་ས་བོན་ལ་མར་དང་སྦྲང་རྩིས་བྱུགས་ནས་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་ན་ཉི་མ་བདུན་གྱི་བར་ལ་རས་གཅིག་རྙེད་པར་འགྱུར་རོ། །རྟག་ཏུ་བཟླས་ན་གོས་དང་བཟའ་བ་རྙེད་པར་འགྱུར་རོ། །འབུམ་དུ་བཟླས་ན་དོང་ཙེ་ལྔ་སྟོང་རྙེད་པར་འགྱུར་རོ། །འབུམ་ཚོ་གཉིས་བཟླས་ན་གྲོང་རྙེད་པར་འགྱུར་རོ། །འབུམ་ཚོ་གསུམ་བཟླས་ན་ལོངས་སྤྱོད་ཆེན་པོ་རྙེད་པར་འགྱུར་ཞིང་གྲོང་བརྒྱད་ཀྱི་བདག་པོར་འགྱུར་རོ། །བེའུའི་ལྕི་བ་ལ་སྦྱིན་སྲེག་སྟོང་བྱས་ན་བ་ལང་སྟོང་རྙེད་པར་འགྱུར་རོ། །གཞན་ཡང་དུད་འགྲོ་རྣམས་ཀྱི་ལུས་ལ་ཞོ་དང་སྦྲང་རྩི་སྦགསལ་ཉིན་རེ་བཞིན་སྦྱིན་སྲེག་བྱས་ན་ར་ལུག་ལ་སོགས་པ་རྙེད་པར་འགྱུར་རོ། །བ་ལང་གི་ལྷས་ཀྱི་ནང་དུ་ཀུ་ཤའི་མེ་ཏོག་མར་དང་སྦྲང་རྩིས་བྱུགས་ནས་འབུམ་ཚོ་གཅིག་སྦྱིན་སྲེག་བྱས་ན་འབྱུང་པོ་དང་། ཤ་ཟ་དབང་དུ་འགྱུར་རོ། །རིག་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཇི་ལྟར་འདོད་པ་རྙེད་པར་འགྱུར་རོ། །ཡང་བ་ལང་གི་ལྷས་ཀྱི་ནང་དུ་འོ་མ་དང་འོ་ཐུག་ཟ་ཞིང་། ཤྲི་རི་པ་ལའི་ཡམ་ཤིང་ལ་སྦྱིན་སྲེག་འབུམ་བྱས་ན་གང་འདོད་པའི་དོན་གསོལ་བ་བཏབ་པ་དེ་རྙེད་པར་འགྱུར་རོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་ལ་ཟླ་བའམ། ཉི་མ་གཟས་བཟུང་བ་ལ་ལྡོང་རོས་དང་གི་ཝང་སྲང་ལྔས་ཨ་ཤྭཏྠའི་འདབ་མ་བཞི་ལ་གཡས་སྐོར་གཡོན་སྐོར་དུ་བཞག་ནས། ཡང་འདབ་མ་བཞིས་གཡོགས་ལ་ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དུ་བ་དང་འབར་བས་འདི་ལྟར་ས་བླ་ས་འོག་ས་སྟེངས་གསུམ་འགྲུབ་པར་འགྱུར་རོ། །བ་ལང་གི་ལྷས་ཀྱི་ནང་ངམ་ཆུ་བོ་འདུས་པར། བསོད་སྙོམས་ཟ་བའམ་འོ་ཐུག་ཟ་བས། ཨརྒའི་འོ་ཐུག་མར་དང་སྦྲང་རྩིས་བྱུགས་ནས་སྟོང་ཚོ་ལྔ་སྦྱིན་སྲེག་བྱས་ན་རང་ཉིད་ཀྱིས་ནོར་གྱི་བདག་པོ་ནོར་བུ་བཟང་པོ་ནོར་གྱི་བདག་པོ་ནོར་དང་བཅས་པ་མཐོང་བར་འགྱུར་རོ། །ང་མགུའོ་ཞེས་
དེ་སྨྲ་ན། མཆོག་བརྒྱད་གང་འདོད་པ་སྟེར་བར་འགྱུར་ཏེ། རྒྱལ་པོ་དང་། གཏེར་དང་། རྫུ་འཕྲུལ་གྱིས་འཆག་པ་དང་། རིག་པ་འཛིན་པ་དང་། ཐམས་ཅད་དབང་དུ་བྱེད་པ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ཐམས་ཅད་དབང་དུ་འགྱུར་རོ། །དྲན་པ་ཙམ་གྱིས་མདུན་དུ་འདུག་པར་འགྱུར་རོ། །རྐང་བཞི་པ་ལ་སོགས་པའི་སེམས་ཅན་ཤི་བ་རབ་ཏུ་ཞི་བར་བྱེད་པ་དང་། ས་འོག་ཏུ་འཇུག་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ས་འོག་གི་འཁྲུལ་འཁོར་རབ་ཏུ་འཇིག་པ་དང་། ཆུ་རེངས་པ་དང་། བཅུད་ལེན་དང་། ཚར་བཅད་པ་དང་། རྗེས་སུ་གཟུང་བ་བརྒྱད་པོ་འདི་རྣམས་ལས་དེའི་མདུན་དུ་གང་ན་གང་གཅིག་བླང་བར་བྱའོ། །དེས་གང་ཅི་འདོད་པ་དེ་སྟེར་བར་འགྱུར་རོ། །པདྨ་མར་དང་སྦྲང་རྩིས་བྱུགས་ནས་འབུམ་དུ་སྦྱིན་སྲེག་བྱས་ན། པདྨ་རཱ་གའི་ནོར་བུ་རྙེད་པར་འགྱུར་རོ། །དེ་ལྟར་ཨུཏྤ་ལ་སྔོན་པོ་དང་། ཀུ་མུ་ད་རྣམས་དྲི་ཞིམ་པོ་དང་ལྡན་པས་ཁ་དོག་སྣ་ཚོགས་པའི་ནོར་བུ་རིན་པོ་ཆེ་རྙེད་པར་འགྱུར་རོ། །ཡུངས་ཀར་དཀར་པོ་མར་དང་སྦྲང་རྩིས་བྱུགས་ལ་གང་གི་མིང་ནས་བཟུང་ནས་སྦྱིན་སྲེག་བྱས་ན་མཚན་མོ་བདུན་གྱིས་དབང་དུ་འགྱུར་རོ། །ཏིལ་ནག་པོ་ལ་མར་དང་སྦྲང་རྩིས་སྦ་གསལ་འབུམ་དུ་སྦྱིན་སྲེག་བྱས་ན་ནོར་ཉེ་བར་འཕེལ་བར་འགྱུར་རོ། །ཨ་རྒའི་ཤིང་ལ་མེ་བཏང་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན། ཉི་མ་བདུན་གྱིས་ནད་ཞི་བར་འགྱུར་རོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཤ་ཏ་པུཥྤ་དང་། ཀུན་ད་དང་། ཏ་ཀ་ར་དང་། བ་ཤ་ཀེ་དང་། དུ་རུ་སྐ་དང་། གུ་གུལ་རྣམས་ཇི་ལྟར་འཚོང་བ་ཉོས་ལ། མཆོད་པ་བྱས་ནས་མར་དང་སྦྲང་རྩིས་སྦགས་ལ། སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན། ཉི་མ་བདུན་དུ་བདུན་འགྱུར་གྱི་ནོར་རྙེད་པར་འགྱུར་རོ། །འབུམ་ཕྲག་བཞི་བཟླས་ན། བདག་དང་གཞན་ཉེ་བར་འགྱུར་བར་བྱེད་དོ། །ཡུལ་སྲུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།
ཀི་ཎི་ཀི་ཎི་གྷཎྚ་ཀ་རྞ་སྭ་བ་ནཾ་མེ་དྷ་རས་མ་ཡེ་སྭཱ་ཧཱ། ཨརྒའི་མར་ཁུས་ཀུ་མུ་དའི་མེ་ཏོག་སྦྱིན་སྲེག་བྱས་ན། རྨི་ལམ་ཡང་དག་པ་ཅི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཀི་ཎི་ཀི་ཎི་གྷན་ཌ་ཀ་རྞ་ཙི་ཏྲ་མེ་དྷ་ར་ཡཱ་ཡ་སྭཱ་ཧཱ། དོན་ངེས་པ་སྟེར་ན་ཆོ་ག་ཇི་ལྟར་བརྗོད་པ་བཞིན་ནོ། །འཕགས་པ་གནོད་གནས་ཀྱི་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་སྒེག་པའི་རྡོ་རྗེ་དང་། བོད་ཀྱི་ལོཙྪ་བ་དགེ་སློང་རྡོ་རྗེ་འཛིན་པ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། །།