བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ།
རྒྱ་གར་སྐད་དུ། །བི་མ་ལ་པྲ་བྷཱ་ནཱ་མ་མཱུ་ལ་ཏནྟྲ་ནུ་སཱ་རི་ཎཱི་དྭཱ་ད་ཤ་སཱ་ཧ་སྲི་ཀཱ་ལ་གྷུ་ཀཱ་ལ་ཙཀྲ་ཏནྟྲ་རཱ་ཛ་ཊཱི་ཀཱ། །བོད་སྐད་དུ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད། རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་དང་འཇིག་པ་མེད། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་བཞད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་སྐྱེད་མཛད་སྐུ་གསུམ་དག་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །སངས་རྒྱས་སེང་གེའི་
ཁྲིར་བཞུགས་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྲིད་པ་གསུམ་གྱིས་མཆོད། །དེ་ཉིད་གཅིག་པུ་སྐུ་ཡི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་སྲིད་མེད་སྲིད་པར་གནས། །ཤེས་དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་ཡན་ལག་རྣམ་པ་བཅུ་གཉིས་ཀྱི། །བདེན་དོན་བྱང་ཆུབ་སེམས་ནི་རྒྱལ་བའི་རྡོ་རྗེའི་ཚིག་གྱུར་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཀུན་མཁྱེན་ཡེ་ཤེས་སྐུ་ནི་རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་དང་དེ་བཞིན་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་ཡང་ཉིན་བྱེད་སྐུ་དང་པདྨའི་འདབ་མ་རྒྱས་པའི་སྤྱན། །རྣམ་པར་ཐར་དང་སྐུ་གསུང་ཐུགས་ཆགས་སྲིད་འདས་འབྱོར་པ་རྣལ་འབྱོར་དག་པ་ཤེས་རབ་དང་། །ཐབས་ནི་གཉིས་མེད་གང་ཞིག་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་ལ་འདུད། །ཡེ་ཤེས་སྟོང་ཉིད་ཡེ་ཤེས་ཀྱིས། །ལེགས་དག་རྣམ་དག་འགྱུར་བ་མེད། །སེམས་ནི་མཚན་མེད་ཡེ་ཤེས་ཀྱིས། །ལེགས་དག་གཉིས་མེད་ཆོས་ བདག་ཉིད། །ངག་ནི་སྨོན་མེད་ཡེ་ཤེས་ཀྱིས། །དག་པ ་གསང་སྔགས་མི་ཟད་སྒྲ། །དེ་བཞིན་མངོན་པར་འདུས་མ་བྱས། །ཡེ་ཤེས་ཀྱིས་དག་དྲི་མ་མེད། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །དབྱིབས་སྐུ་རྫུ་འཕྲུལ་བགྲོད་པ་ཅན། །དེ་བཞིན་གཤེགས་པས་རྡོ་རྗེ་སེམས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །དམ་ཚིག་སེམས་དཔར་གསུངས་པ་གང་། །དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། །ལོངས་སྤྱོད་རྫོགས་
པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་རྨི་གཉིད་སྟུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་པ་དེ་མིན་ཞིང་། །ཡེ་ཤེས་སེམས་དང་ངག་དང་ལུས། །གནས་བཞིར་ཡང་དག་མི་གནས་ཏེ། །ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མིན། །རྣམ་རྟོག་བསྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང་། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝྃ་ཡི་གེ་དེ་ལ་འདུད། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་དུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཨཱ་ལི་ཀཱ་ལི་སྙོམས་འཇུག་དང་། །ཧཱུྃ་ཕཊ་ཡི་གེ་སོགས་སྤངས་ཀྱང་། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཁྱབ་བདག་ཉི་མ་ལྟ་བུའི་སྐུ། །པདྨའི་འདབ་མ་རྒྱས་པའི་སྤྱན། །དེ་ཉིད་བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་གེའི་གདན་བཞུགས་པ། །ལྷ་དང་ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་གསོལ་དེ་ལ་འདུད། །ངག་དང་ཡེ་ཤེས་གཅིག་སྦྱོར་རྒྱལ་བ་མཆོག་གི་དམ་ཚིག་ཐུགས་དང་ཆོས་ནི་གཅིག་ཏུ་སྦྱོར། །གསུང་དང་ལོངས་སྤྱོད་རྫོགས་པ་གཅིག་སྦྱོར་སྲིད་གསུམ་གྱིས་མཆོད་སྐུ་དང་སྤྲུལ་པ་རྣལ་འབྱོར་ཏེ། །ཤེས་དང་ཤེས་བྱ་གཉིས་མེད་སྲིད་འདས་འབྱོར་པ་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་པ་བཞི། །རྡོ་རྗེའི་རྣལ་འབྱོར་ཐབས་དང་ཤེས་རབ་
བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་དེ་ལ་འདུད། །ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང་། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཆོད་དབྱེར་མེད་འདོད་པར་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་སྤྱི་བོས་འདུད། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང་། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་གང་ཞིག་དཔག་མེད་བདེ་གཤེགས་རྣམས་ཀྱིས་བསྟེན་ཅིང་བསྟན་པ་དང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་པ་ཀུན་གྱིས་ཡང་དག་བརྗོད་གྱུར་པའི། །འགྱུར་མེད་མཆོག་གི་བདེ་བ་རྣལ་འབྱོར་དེ་ནི་དུས་ཀྱི་འཁོར་ལོར་བླུན་པོ་བདག་བརྗོད་འདོད། །མཁའ་ལ་མྱུར་འགྲོ་མཁའ་འགྲོའི་བདག་པོ་འགྲོ་སྟེ་འདབ་ཆགས་གཞན་པ་འགྲོ་བ་མིན་ནམ་ཅི། གང་དུ་རང་གི་ལུས་ལ་སྲིད་པ་མཐའ་དག་སྔགས་བཅས་པ། །གསལ་བར་ཨཱ་ལི་ཐིག་ལེ་འཛིན་པ་རྒྱལ་བའི་དབང་པོས་གསུངས། །ཆུ་གཏེར་ཆེན་པོ་དེར་ནི་རྒྱལ་བའི་སླད་དུ་རབ་ཞུགས་པ། །དེ་ལ་གལ་ཏེ་ཕ་རོལ་བདག་ཕྱིན་རྒྱལ་བའི་མཐུ་ཡིན་ནོ། །གང་ཕྱིར་གསང་བདག་ལ་གསུངས་མཆོག་གི་དང་པོའི་སངས་རྒྱས་ལས། །སྟོབས་བཅུ་བ་ཡིས་བསྡུས་པའི་རྒྱུད་ནི་སྔོན་དུ་ལུང་བསྟན་པ། །དེ་ཕྱིར་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་འདི་ཀ་ལཱ་པར། །འཇམ་དཔལ་གྱིས་ནི་ཐུབ་པ་མཐའ་དག་རྣམས་ལ་ངེས་པར་བསྟན། །འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ། །ཟླ་བ་བཟང་པོས་བྲིས་པ་གང་། །ཐེག་པ་ཀུན་དོན་གསལ་བྱེད་དེ། །པདྨ་དཀར་པོ་བདག་གིས་ནི། །རྩ་བའི་རྒྱུད་ཀྱི་རྗེས་འཇུག་ཅིང་། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཏེ། །རྡོ་རྗེའི་ཚིག་འབྱེད་དང་བཅས་པ། །བསྡུས་པའི་རྒྱུད་ལ་བྲི་བར་བྱ། །རྒྱལ་བས་གསུངས་པའི་ཆོ་གས་དབང་མཆོག་བླངས་ནས་རྒྱུད་འདིའམ་ནི་བསྡུས་པ་ཡི། །རྒྱུད་རྒྱལ་མ་ལུས་ཐོས་ནས་ཡང་དག་ཡེ་
ཤེས་ལམ་ལ་གནས་པའི་རྣལ་འབྱོར་པས། །ཁེངས་དང་ལོངས་སྤྱོད་འབྱོར་པ་དུ་མ་བཏང་ནས་སེམས་ནི་བླ་མར་གཏད་བྱས་ཏེ། །སངས་རྒྱས་ཉིད་ཀྱི་སླད་དུ་གཙོ་བོའི་འགྲེལ་བཤད་གཞན་ཕན་སྤྱོད་པ་མཉན་པར་བྱ། །མངོན་ཤེས་མེད་གང་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་གནས་བསྟན་བཅོས་དུ་མ་ཡི། །རྣམ་རྟོག་ཆོས་ཀྱི་སྙིང་དང་མཁས་པ་ཉིད་ཀྱི་དྲེགས་ལྡན་འགྲེལ་བཤད་ཆེན་པོ་དག །བྱེད་པ་དེ་ནི་གླང་ཆེན་ལོང་བ་མྱོས་བཞིན་དགྲ་ཡི་རྒྱུད་ནི་རྒྱལ་བའི་སླད། །གང་གནས་དེ་ཡིས་རང་གི་རྒྱུད་ནི་ཉམས་བྱེད་འདི་ནི་རྟག་ཏུ་བདུད་ཀྱི་གཉེན། །མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་རྒྱལ་བདག་གསུང་ནི་མི་ཤེས་ངང་ཚུལ་རྟག་ལོང་བས། །ཐེག་མཆོག་འགྲེལ་བཤད་བྱས་ཏེ་ལོང་བ་གཞན་དག་ལྷུང་དུ་བཅུག་ནས་དམྱལ་བར་རབ་འཇུག་པ། །འགྱོད་པ་དང་ནི་སྲོག་གཅོད་ལ་སོགས་མི་དགེའི་ལམ་ལ་བུད་མེད་བདེ་བས་སེམས་དྲངས་ཤིང་། །དཔལ་ལྡན་ཤེས་རབ་བདེ་ཉམས་རྡོ་རྗེའི་ཚིག་བཅོམ་ཕྱི་ཡི་ལོངས་སྤྱོད་དག་གིས་ཟིལ་མནན་པའོ། །གང་ཞིག་སྟོན་པ་ཉིད་ཀྱིས་ལུང་བསྟན་རྒྱལ་བ་དག་བདེ་སྟེར་རྡོ་རྗེ་ཐེག་པར་མཐའ་དག་ནི། །འགྲེལ་བཤད་དག་དང་བསྡུ་བ་མཛད་པ་རྡོ་རྗེ་མཆོག་འཛིན་བདག་འདྲའི་བྱང་ཆུབ་སེམས་དཔའ་སྟེ། །དེ་དག་འདིར་ནི་ལྷ་དང་ལག་འགྲོ་མི་རྣམས་སྨིན་པའི་དོན་དུ་སངས་རྒྱས་མཐུར་སྨྲ་ལ། །གང་དག་མངོན་ཤེས་ལྔ་ མེད་དེ་དག་བདག་ཅག་རྒྱལ་དབང་ཡིན་ཞེས་བདེན་པ ་མིན་པ་སྨྲ། །མ་འོངས་དུས་ན་རྟག་ཏུ་རྟོག་གེ་ལ་སོགས་བསྟན་བཅོས་ལ་གཏད་སྣ་ཚོགས་བློས། །སངས་རྒྱས་པ་ཡང་གཞན་གྱི་རྟོག་གེ་དང་ཕྲད་དབང་གིས་ལོག་པ་འབྱུང་འགྱུར་ཏེ། །རྟོག་གེ་ལ་གཏད་དེ་ཡིས་འདོད་པའི་ཡུལ་ལ་ལམ་ནི་སྟོན་པར་བྱེད་པ་གང་། དེ་དག་ཉིད་ཀྱི་བློ་ངན་སྐྱོན་ནི་འཇོམས་བྱེད་འགྲེལ་བཤད་བདག་གིས་བྲི་བར་བྱ། ཆགས་བྲལ་མེད་པའི་འདོད་ཆགས་མཐའ་ཡས་ཆུ་ལ་ཞེ་སྡང་སྦྲུལ་དང་ཆུ་སྲིན་དཀྲིགས། །གཏི་མུག་ཀློང་ནི་རབ་མང་འགྲོ་འོང་ནོར་དང་དཔལ་ལ་བརྐམ་པའི་རྦ་རླབས་ཅན། །འགྱོད་སོགས་གསོད་པ་ལ་སོགས་ལས་ཀྱི་རྟ་གདོང་འཁོར་མོ་སྒྲ་དྲག་སྲིད་པ་ཡི། །ཆུ་གཏེར་
ལ་ནི་དཔལ་ལྡན་རྡོ་རྗེ་ཐེག་པའི་འགྲེལ་བཤད་རྟག་ཏུ་མཉན་པ་སྟེ། ཤེས་རབ་རླུང་གི་དར་གྱིས་མྱུར་འགྲོ་མྱང་འདས་ཕ་རོལ་དོན་གཉེར་ཆེན་པོ་རྣམས། །དམ་པའི་བདེ་བས་མྱུར་དུ་རྒལ་བར་བྱེད་སླད་དེ་ནི་ལམ་གྱི་འདྲེན་མ་དང་། །ཉོན་མོངས་བདུད་ཚོགས་འཇོམས་པ་མཁས་པའི་ཡང་དག་ཡེ་ཤེས་ཡིད་བཞིན་ནོར་བུ་སྟེ། །འཇིག་རྟེན་གསུམ་གྱི་བདག་པོ་ཉིད་སྟེར་འདི་ནི་ཀུན་དུ་སྟོན་པར་བྱེད་པའོ། །གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་སྟེ། །དེ་བོར་སངས་རྒྱས་ཉིད་སླད་ནོར་ལ་ཆགས་ཤིང་འཁྱོག་པོའི་སྙིང་ལྡན་བརྟགས་མ་དག །གང་གིས་སྟེན་བྱེད་རྣམ་བརྟགས་བློ་ཅན་དེ་ཡིས་དེ་ཡང་འཕོ་བ་ཐོབ་པར་བྱེད། །འདོད་ཆགས་ཉམས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ནི་ཞེ་སྡང་སྐྱེ། །སྡང་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་རྨོངས་ཏེ། །མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག །དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་གཞན་ལ། །ལུང་སྟོན་དག་ལ་ལྷ་ཀླུས་བཀོད་པའི་སྒྲ་སོགས་རྩོད་པ་དོན་གཉེར་རྣམས་ཀྱི་གཞན། །ཡུལ་གྱི་སྐད་དང་ཟུར་ཆག་སྒྲ་ལས་ཀྱང་། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམ་དག་ཚིག་ལ་རྟོན་པ་མིན། །ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་ཤེས་ལ། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པས། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། །གང་ཞིག་འགྲོ་བ་དག་ལ་ཉི་ཚེ་བ། །དེ་
ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །མཆོག་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །གང་ཞིག་དེ་ནི་སླར་ཡང་དེ་བཞིན་འདི། །རང་གི་ཕྱག་རྒྱ་ཆེན་མོར་རྒྱལ་བས་གསུངས། །ཤེས་རབ་འགྲོགས་ལས་གང་གི་དཀར་པོ་ཟག །དེ་ཡི་བདེ་བ་ཅི་ཡིས་འཕེལ་བར་འགྱུར། །དཔྱིད་དང་འགྲོགས་ལ་མེ་ཏོག་མ་རྒྱས་པ། །ལྟུང་བ་ཙུ་ཏའི་འབྲས་བུ་ཅི་ཡིས་འབྱུང་། །གང་གིས་འགྱུར་མེད་མ་ཐོབ་སྡུག་བསྔལ་ཅན། །དེ་ནི་འགྱུར་བ་དང་བཅས་བདེ་བ་ཚོལ། །ཐམས་ཅད་ཆུ་ནི་ཚོལ་བྱེད་ཙཱ་ཏ་ཀ །སྐོམ་པར་གྱུར་ཀྱང་ས་ལ་གནས་པ་མིན། །འཁོར་བ་ཡི་ནི་བདེ་བ་མི་རྟག་པ། །འཐོབ་པ་མིན་ཡང་རྨོངས་ཆེན་ཚོལ་བར་བྱེད། །ཡང་དག་རྒྱལ་སྲིད་བདེ་བ་ཐོབ་པ་ཡང་། །ཐར་པའི་དོན་དུ་མཁས་པས་འདོར་བར་བྱེད། །ཇི་ལྟར་ལོ་ཡི་མཚམས་སུ་རྒྱ་ལམ་ན། །རི་དགས་ཟས་ཅན་འཁྲིག་པའི་བདེ་བ་ཚོལ། །རྡོ་ཡི་ཕྱེ་མ་དག་གི་ཁ་ཟས་ཅན། །ཕུག་རོན་རྣམས་ནི་རྟག་ཏུ་བྱེད་པ་སྟེ། །ལན་ཅིག་རྟག་ཏུ་ཁུ་བ་ལྟུང་བའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །དེ་བཞིན་དཀའ་ཐུབ་ཅན་དང་འདོད་ལྡན་ལ། །རྨི་ལམ་སད་པ་དག་ལས་འཛག་ཕྱིར་རོ། །ཇི་ལྟར་གཉིད་ལོག་ལ་ཡང་སྦྲུལ་གྱི་ནི། །སོས་བཏབ་མི་འཚོ་དེ་བཞིན་དཀའ་ཐུབ་པ། །ཁུ་བསྡུད་པ་མེད་ཕྱིར་སྟོབས་མེད་མའི། །སྐྱེ་གནས་དེ་ཡིས་ཉམས་པར་བྱས་པའོ། །ཇི་ལྟར་རྡོ་དྲེག་སྐུད་པའི་གོས་དག་ནི། །མེ་ཡིས་བསྲེགས་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱི་དམ་པ་ཡི། །སེམས་ནི་ཤེས་རབ་ཡེ་ཤེས་དག་གིས་སོ། །ཇི་ལྟར་དངུལ་ཆུ་མེ་ཡིས་རེག་པ་ལས། །འབྲོས་པར་བྱེད་ཀྱི་གཡོ་བ་མེད་མི་འགྱུར། །དེ་བཞིན་ཐབས་དང་བྲལ་བའི་ཁུ་བ་ནི། །རྟག་ཏུ་སྐྱེ་གནས་རེག་པ་དག་ལས་སོ། །ཇི་ལྟར་གཡོ་བ་དེ་ཡང་སྨན་སོགས་ཀྱི། །སྟོབས་ཀྱིས་མེ་དང་ཕྲད་པས་ཡང་དག་འཆིང་། །དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས། །ཤེས་རབ་དག་དང་ཡང་དག་ཕྲད་པས་སོ། །ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །གཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་
ཤིང་གཙུབ་སྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་དག་ཀྱང་མཐོང་འགྱུར་བ། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི། །དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། །ལམ་དང་བྲལ་བས་འཐོབ་པ་མ་ཡིན་ནོ། །བསྐྱེད་པའི་རིམ་པར་གསུངས་པའི་ཧཱུྃ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། །དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་དག་གིས་དབུ་མར་འབབ་པ་དང་། །རིག་མའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི། །ལྟུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་འདི་དག་གིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པའམ་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། །གཟུགས་ལ་སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་ཏེ། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །གང་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡི། །སློབ་མ་དག་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལན་འབྱུང་བ་ཡིན། །ལམ་བཟང་རིན་ཆེན་འདི་ནི་བག་མེད་ཀྱི། །སེམས་ཅན་གཞན་པ་དག་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་དག་ཏུ་རབ་ཞུགས་ལ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང་། །གཉེན་འདུན་ཐིབས་པོའི་ནང་དུ་ཞུགས་པ་ཡི། །ལམ་བཟང་རིན་ཆེན་དག་ནི་འཕྲོག་པར་བྱེད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང་། །བརྫུན་དང་ཚིག་རྩུབ་དག་དང་ཕྲ་མ་དང་། །འཁྱལ་པར་གྱུར་པའི་ཚིག་དང་
བརྣབ་སེམས་དང་། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་དང་། །ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང་། །གསོད་འཁུ་དབང་པོ་མངོན་པར་ཞེན་པ་སྟེ། །ཆོམ་རྐུན་ལྔ་པ་ལྔ་པོ་འདི་དག་གིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང་། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་དག་གིས། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང་། །བརྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །རང་ཉིད་ཀྱིས་ནི་ཡོངས་སུ་མ་བརྟགས་པར། །རིན་ཐང་ཆེན་པོར་གྱུར་པ་ཡིན་མ་ཡིན། །ཤེས་པར་བྱ་ཕྱིར་གཡོན་ཅན་གཞན་ལ་སྟོན། །དེ་ཡི་ཚིག་གིས་རིན་ཆེན་འདོར་བར་བྱེད། །གང་དག་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་རྣམས་དང་། །ཕ་དང་མ་དང་བུ་མོ་སྲིང་མོ་དང་། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་དག་གིས་བདུད་ནི་བགེགས་བྱེད་དོ། །དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་ཆེན་དག་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་བཏང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །དཔའ་བོའི་རིམ་པ་བདག་བྱིན་བརླབ་པ་ཡི། །རིམ་པ་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །མཚམས་མེད་ལྔ་པོ་དག་ནི་བྱས་པ་རྣམས། །དབང་དོན་བདེ་བ་ཉིད་ནི་གང་ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་དག་ལ། །རྒྱལ་བའི་དབང་པོས་ཡང་དག་གཟུང་བར་གྱུར། །དཔའ་བོའི་རིམ་པ་ཕྱི་རོལ་ལ་མིན་ཏེ། །ལུས་ལ་སྲོག་ཟད་ཉིད་ལ་འདི་གསུངས་སོ། །བདག་བྱིན་བརླབ་པ་དག་ནི་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བར་གྱུར་པའི་མཚན། །འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དང་། །ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན། །སྡིག་པ་དང་ནི་ཤིང་
སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་དག་དེ་ཉམས་བྱེད། །དེ་བཞིན་རྣལ་འབྱོར་དག་གི་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པ་ཡིན། །གཉིས་མེད་གཡོ་བ་མེད་དང་རིགས་མེད་དང་། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་པ་མེད་པ་དང་། །ཡེ་ཤེས་དང་ནི་སེམས་དཔའ་ཀུན་དུ་བཟང་། །ཉོན་མོངས་མེད་དང་ཉོན་མོངས་ཆེན་པོ་དང་། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང་། །ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །སྙིང་རྗེ་དང་ནི་སྟོང་ཉིད་སྐུ། །དུས་ནི་ཀུན་རྫོབ་གཟུགས་ཅན་མ། །སྟོང་ཉིད་འཁོར་ལོ་ཞེས་བརྗོད་དེ། །དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །འདི་ཡི་དཔལ་ནི་མྱུར་ཐོབ་སླད། །རྟག་ཏུ་རྣལ་འབྱོར་མ་རྣམས་ཞབས། །རྣལ་འབྱོར་གང་ཞིག་སྒོམ་པ་དེའི། །བགེགས་ནི་རྟག་ཏུ་ཉམས་པར་འགྱུར། །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་རྐུན་ཞགས་པས་འཆིང་། །ཆུ་གཏེར་འཁྲུག་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྟུང་དང་ནོར་ཉམས་རྣམས། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །གླང་ཆེན་ཤིང་རྟ་རྟ་དང་རབ་ཏུ་མང་བའི་མི་མཆོག་ཐམས་ཅད་ལུས་ལ་གོ་བགོས་ཤིང་། །ལག་ན་མདུང་དང་འཁོར་ལོ་རལ་གྲི་མདའ་གཞུའི་དགྲ་རྣམས་ཀྱིས་ནི་གཡུལ་དུ་འཇོམས་བྱེད་པ། །འཆི་སྟེར་དྲག་པོའི་གཟུགས་ཅན་ཕྱོགས་དང་མཚམས་སོན་དགྲ་དེ་ཐམས་ཅད་རང་གི་མཚོན་གྱིས་ནི། །བཅོམ་སྟེ་རྒྱལ་བའི་གྲགས་པ་གང་ཞིག་རྣལ་འབྱོར་མ་རྣམས་ཞབས་དྲན་བྱེད་པས་ཀུན་ནས་འཐོབ། །ཀུན་ནས་སེང་གེའི་སྒྲ་སྒྲོགས་ཤིན་ཏུ་རྣམ་པར་འགྱུར་བའི་བཞིན་ལྡན་མཆེ་བ་རྣོན་པོ་གཙིགས། །རྔམ་གཡོ་ཞིང་སྡེར་མོ་གུག་ལ་བརྟན་པས་གླང་ཆེན་མྱོས་པའི་ཀླད་པ་རབ་ཏུ་འགེམས། །རབ་ཁྲོས་ཉི་མ་འཆར་ཀའི་མིག་ཅན་རོ་འཛིན་རལ་གྲི་གཡོ་བའི་
གསོད་འདོད་རལ་པ་ཅན། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་རིང་དུ་འགྲོ་བར་འགྱུར། །མདོག་སྔོ་མིག་ནི་སེར་སྐྱ་འགྲམ་པ་གཉིས་པོ་མྱོས་པའི་ཆུ་བོ་རབ་ཏུ་མང་བས་གང་། །རྣམ་མང་ལྗོན་པ་མཆོག་རྣམས་རྩད་ནས་འབྱིན་ཞིང་རབ་ཏུ་གྲུགས་བྱེད་འབྲུག་བཞིན་སྒྲ་དག་སྒྲོགས། །ལག་པས་བཅིང་བ་བྱས་ནས་སོ་ཡི་རྩེ་མོ་དག་གིས་འབྱེད་བྱེད་རབ་མཆོག་གླང་པོའི་བདག །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ཡི་ལུས་ནི་གཏོང་བར་བྱེད། །ཀུན་ནས་མེ་ལྕེ་རབ་འབར་ཕྱོགས་དང་མཚམས་སུ་དུ་བ་ཀུན་གྱིས་མུན་པ་ཆེན་པོ་གཏིབས། །གྲོང་དང་དགོན་པ་དུས་གཅིག་སྲེག་ཅིང་སྐར་མདའ་ལྟུང་བ་བཞིན་དུ་མེ་སྟག་འཕྲོ་བར་བྱེད། །སེམས་ཅན་རྣམས་ལ་དུས་ཀུན་དུ་ནི་འཆི་བའི་འཇིགས་བྱེད་ཕྱོགས་ཀུན་ཁྱབ་པར་གྱུར་པའི་མེ། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་བསིལ་བ་ཉིད་དུ་འགྱུར། །ཁྲོས་ཤིང་མིག་སྨན་སྔོན་པོའི་མདོག་དང་འཁྱོག་པོར་བགྲོད་པའི་ལུས་ཅན་དྲག་པོའི་ཕཊ་སྒྲ་སྒྲོགས། །མཆེ་བ་འཁྱོག་པོ་ལྕེ་གཉིས་དང་ལྡན་འཆི་བའི་འཇིགས་བྱེད་རླུང་གི་ཤུགས་ཅན་རབ་ཏུ་གཏུམ། །དྲག་པོའི་མིག་དང་གདེངས་ཀ་གསལ་བྱས་ཡང་དག་ཕྲད་པ་ཟ་བར་བྱེད་པའི་གདེངས་ཅན་དབང་། །གང་གི་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་རབ་ཏུ་ཉམས་པར་འགྱུར། །སྡང་བའི་སེམས་ལྡན་ལག་པའི་མཐིལ་ན་གཞུ་དང་རྣ་བའི་བར་དུ་མདའ་བཀང་མདུང་དང་ནི། །འཁོར་ལོ་རལ་གྲི་ལག་ཐོགས་ཕྱོགས་དང་མཚམས་སུ་གནས་པས་དམ་པའི་ལམ་གྱིས་བཀག་ནས། །དགོན་པར་ལམ་འགྲོན་སྐྱེ་བོ་རྒྱུ་བ་དང་ཕྲད་འཇོམས་བྱེད་དྲག་པོའི་མིག་ཅན་ཆོམ་རྐུན་པ། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་རིང་བ་ཉིད་དུ་འགྱུར། །ལག་པ་དག་ནི་ཞགས་པས་བཅིངས་ཤིང་རྐང་པའི་པདྨ་ཟུང་ནི་ལྕགས་སྒྲོག་དག་གིས་གཏམས། །དགེ་བའི་ཆུ་དང་བྲལ་བས་ལྕེ་དང་མགྲིན་པ་མཆུ་སྐམས་ལུས་པོ་སྐེམ་ཞིངབཀྲེས་པས་གཟིར། །ཉིན་མཚན་དུས་སུ་རྗེ་བོ་ཁྲོས་པའི་
བཀའ་ཡིས་ཀུན་དུ་སྲུང་མ་རྣམས་ཀྱིས་སྲུང་བྱེད་པ། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ཡང་དེ་ལས་གྲོལ་བར་འགྱུར། །ཆུ་གཏེར་བཞོན་པ་ལ་ཞོན་མཐའ་ཡས་དྲག་པོའི་རླུང་གིས་ཆུ་ཡི་གཏེར་ནི་འཁྲུག་བྱེད་ཅིང་། །ཀུན་དུ་འཁོར་བར་བྱེད་ལ་ཆུ་གཏེར་ཆོམ་རྐུན་ཆུ་སྲིན་ཉ་ཡི་རིགས་ཀྱིས་བཀག་གྱུར་ཏེ། །མེ་ཡི་ཏིལ་མར་གདུག་པས་འཕངས་པ་མེ་ཡི་ཆར་ཆེན་ཀུན་ནས་རྒྱུན་དུ་འབབ་པ་ལ། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ཡང་དེ་ལས་ཕ་རོལ་འགྲོ། །ཕཊ་ཅེས་འཇིགས་རུང་སྒྲ་སྒྲོགས་པ་ནས་མེ་འབར་ལག་ན་གྲི་གུག་དང་ནི་ཐོད་པ་ཐོགས། །རོ་ལངས་གདུག་པའི་སེམས་ལྡན་ཕྱོགས་བཅུའི་དཀྱིལ་འཁོར་དག་ལ་ཡང་དག་གནས་ཤིང་འཇིགས་པར་བྱེད། །བཀྲེས་པས་གཟིར་ཏེ་ཤ་དག་ཟ་ཞིང་མི་ཁྲག་ལ་དགའ་ལུས་སྐམས་གོས་དང་བྲལ་བ་དག །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལ་སྲུང་བ་བྱེད་པར་འགྱུར། །ཉིན་བཞིན་འཁུན་ཞིང་སོར་མོའི་རྩེ་མོ་ཟླུམ་པོ་ཉམས་ཏེ་སྣ་དང་མཆུ་དང་རྣ་བ་ཉམས། །གདོང་དང་མགྲིན་པ་རྐང་ལག་དག་གི་རྨ་རྣམས་ལས་ནི་རྣག་རུལ་མང་པོ་རབ་ཏུ་འབབ། །རུལ་པའི་དྲི་ངའི་མཐུ་ལས་གཉེན་བཤེས་ཚོགས་ཀྱིས་ཤི་བའི་ལུས་བཞིན་ཡོངས་སུ་བཏང་གྱུར་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་བཟང་དྲན་བྱེད་ནད་ཀྱིས་བཏང་ཞིང་འདོད་དང་ལྡན་པར་འགྱུར། །འབར་བཅས་མཆེ་རྣོན་གདེངས་ཅན་འཕྲོག་བྱེད་ཤ་ར་བྷ་དང་སྟག་དང་གླང་ཆེན་གདོང་ལྡན་ཞིང་། །ལག་ན་འཁོར་ལོ་རལ་གྲི་མདའ་དང་རྩེ་གསུམ་ལྕགས་ཀྱུ་རྡོ་རྗེ་ཐོགས་པས་ཕྱོགས་ཀུན་དུ། །བྱང་ཆུབ་བསམ་གཏན་གཅིག་གཞོལ་མཆོག་བདེ་ལ་གནས་སྒྲུབ་པ་པོ་སྡིགས་དབང་པོའི་ཕོ་ཉ་གང་། །དེ་དག་རྣལ་འབྱོར་དབང་ཕྱུག་མ་ཞབས་གང་གི་རང་ཡིད་ལ་བྱེད་དེ་ལ་ཉམས་པར་འགྱུར། །དབྱར་ནི་ནགས་ནས་གྲོང་གི་བར་དུ་འདམ་རྫབ་ཀྱིས་གང་ལམ་དག་ལ་ཡང་ཁུར་ཁྱེར་ཞིང་། །རྒུན་ནི་གོས་དང་བྲལ་བས་ཁ་བའི་ལམ་དུ་བགྲོད་ཅིང་ཡུལ་གཞན་དག་ཏུ་འང་འགྲོ་བར་བྱེད། །སོ་ག་ཆུ་མེད་འཇིགས་བཅས་མྱ་ངན་ལམ་དུ་ཉི་མའི་འོད་ཟེར་གྱིས་
གདུངས་དབུལ་པོ་གང་། །རྣལ་འབྱོར་མ་རྣམས་ཞབས་བཟང་སྒོམ་བྱེད་སྡུག་བསྔལ་དེ་དག་གིས་བཏང་འདོད་དང་ལྡན་པར་འགྱུར། །མཆན་ཁུང་མིག་དང་རྣ་བ་སྣ་དང་ཁ་ལུས་བརྗོད་པ་དག་ལས་མི་བཟད་དྲི་འབྱུང་ཞིང་། །བུད་མེད་ཀུན་དང་བྲལ་བས་དུས་ཀུན་དུ་ནི་དགའ་བའི་བདེ་བ་དང་བྲལ་སྐལ་ངན་ཏེ། །མི་དགེ་འབྲས་བུའི་དབང་གིས་རྟག་ཏུ་བུད་མེད་སྡང་བར་གྱུར་པ་གང་ལ་དེ་དག་ཀུན། །རྣལ་འབྱོར་མ་རྣམས་ཞབས་ནི་བདེ་བ་མཆོག་སྦྱིན་བསྒོམས་པས་སྐལ་བཟང་ཁ་དོག་གཟུགས་ཅན་འགྱུར། །འཁུས་ཕྱིར་གཡོག་འཁོར་གང་ལ་མི་དབང་འཁྲུགས་ཏེ་འཇིག་པའི་གཤིན་རྗེ་ལྟ་བུར་མཐའ་གཅིག་ཏུ། །གསོད་པ་ལ་ཞེན་འཆི་བའི་འཇིགས་པ་བྱེད་པའི་སྡེ་རྣམས་མྱུར་དུ་ཡང་དག་སྐུལ་བྱེད་པ། །རྣལ་འབྱོར་མ་རྣམས་ཞབས་ནི་འཇིག་རྟེན་གསུམ་པོ་ཀུན་གྱི་མགོན་དག་རང་ཡིད་ལ་བསྒོམས་པས། །དེ་དག་རྣམས་ཀྱི་དེ་ཡང་རབ་ཏུ་ཞི་ཞིང་འདོད་པ་ཐམས་ཅད་སྦྱིན་པས་མཆོག་སྦྱིན་འགྱུར། །གང་དག་འགའ་ཞིག་ཏུ་ནི་མཁའ་ལས་རྡོ་རྗེ་རབ་ལྟུང་བུད་མེད་འགྲོགས་ལས་རྟག་པར་ཡང་། །སྐྱེ་དང་སྐྱེ་བ་གཞན་སླད་འཆི་དང་བརྒྱལ་དང་ཆགས་བྲལ་སླར་ཡང་བྱེད་པས་རྣལ་འབྱོར་མའི། །དཔལ་ལྡན་ལས་དང་ཡེ་ཤེས་མཆོག་གི་ཆུ་སྐྱེས་ལ་གནས་རྡོ་རྗེའི་ཞབས་དག་བསྒོམས་པ་ཡིས། །དེ་དག་རྣམས་ཀྱི་དེ་ཡང་རབ་ཞི་འཆི་བ་ཉིད་འགྱུར་སླར་ཡང་སྐྱེ་བ་ལྡན་པ་མིན། །གང་དག་ཉིན་དང་མཚན་མོར་བུད་མེད་འགྲོགས་ལ་རྣམ་པར་ཆགས་པས་ནོར་ཀུན་ཉམས་འགྱུར་ཞིང་། །སྐྱེ་བ་གཞན་གྱིས་བག་ཆགས་བསྒོས་པའི་སེམས་ལས་དེ་ནི་སླར་ཡང་མང་པོ་རབ་འབྱུང་བས། །ཤེས་རབ་རྣལ་འབྱོར་མ་རྣམས་དག་གི་མི་མཉམ་མཉམ་པའི་ཞལ་ནི་སྣ་ཚོགས་གཟུགས་ཅན་གང་། །རྒྱལ་བ་མཆོག་གིས་མཆོད་ཅིང་བསྟོད་པ་བསྒོམས་པས་དེ་ནི་ནོར་ཀུན་ཉམས་པར་མི་འགྱུར་རོ། །སེར་སྐྱ་ལུག་དང་ཀུན་དར་མ་སྟེ་ཉི་ཟླ་སྒྲ་གཅན་ལམ་གསུམ་བགྲོད་རྣམས་རྣལ་འབྱོར་མ། །དངོས་དང་དངོས་མེད་རབ་ཉམས་མཉམ་བགྲོད་ཞབས་དེ་དག་ནི་དེ་དག་རྣམས་ཀྱི་ཡེ་ཤེས་སྐུ། །དེ་ཡི་ལྷན་སྐྱེས་བདེ་བའི་གོ་འཕང་
འགྱུར་མེད་གཅིག་འདི་དེ་དག་དེ་ཉིད་གང་གིས་དྲན། །དེ་ཡི་སྐྱེ་བ་འདི་ལ་མ་ལུས་འཇིགས་འཕྲོག་འདིར་བརྗོད་འབྲས་བུ་མྱུར་དུ་འབྱུང་བར་འགྱུར། །དཔལ་ལྡན་རྣལ་འབྱོར་མ་རྣམས་དག་གི་གནས་ནི་རྡོ་རྗེ་ནོར་བུའི་ཁྱིམ་ཏེ་དེར་འཇུག་ལམ། །ཉོན་མོངས་མེད་ཅིང་བདུད་ཉམས་སྔོན་དུ་རྒྱལ་བས་གསུངས་པའི་བསྟོད་པ་བདག་གིས་འདིར་བརྗོད་དོ། །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་དག་རྣམས་ཀྱིས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་མིན་འོང་གྱུར་ཅིག །དུ་བ་ལ་སོགས་ལམ་གྱིས་ལྷན་སྐྱེས་བདེ་བའི་གོ་འཕང་བསྒོམས་ན་དེ་ནི་དུས་འཁོར་ལོ། །སུམ་ཅུ་རྩ་གཉིས་མཚན་གྱི་ཡན་ལག་འགྲོ་བའི་བླ་མ་ཆོས་ཀྱི་འཁོར་ལོ་འདི་ལ་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པད་མ་ལ་གཏུགས་ཤིང་། །དམ་པའི་ལམ་ནི་སྟོན་བྱེད་ཉིན་མོར་བྱེད་པ་བཞིན་དུ་མུན་པ་ཐམས་ཅད་འཇོམས་པར་འགྱུར། །ལྷ་ཀླུ་མི་དང་ལྷ་མིན་དབང་པོའི་ཅོད་པན་དག་གིས་ཞབས་པད་ལ་གཏུགས་གང་། །ཡང་དག་ཡེ་ཤེས་ཉིན་བྱེད་འགྲོ་བ་གསུམ་གྱི་དཔལ་ལྡན་ཆོས་ཀྱི་འཁོར་ལོར་གནས། །བདུད་དང་ཉོན་མོངས་རི་དགས་རབ་གཏུམ་གསོད་བྱེད་དཔལ་ལྡན་ཤཱཀྱ་སེང་གེ་དེའི། །རྟག་ཏུ་འགྲོ་ལ་བརྩེ་དང་དེ་ཡི་ཤེས་རབ་ཀྱིས་བསྐུལ་འགྲེལ་བཤད་བདག་གིས་བྲི། །ཀཱ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་ པ་བཅིངས་ལས་སོ། །དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག ་ཉིད་ཏེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །འདི་ནི་དཔལ་ལྡན་དུས་འཁོར་ལོ། །རྡོ་རྗེའི་རྣལ་འབྱོར་ཐམས་ཅད་ནས། །བདེན་པ་གཉིས་ལ་གནས་པ་འདི། །མངོན་པར་བརྗོད་པའི་རྗོད་བྱེད་འགྱུར། །བདེ་བར་གཤེགས་པས་ལུང་བསྟན་ཞིང་། །འཇམ་དཔལ་གྱིས་ནི་བསྐུལ་གྱུར་པ། །འཇིག་རྟེན་མགོན་པོ་བདག་གིས་ནི། །རྒྱུད་འདིའི་འགྲེལ་བཤད་བྲི་བར་
བྱ། །བྱིས་པ་མཁས་པ་རྨོངས་རྣམས་ལ། །རྒྱུད་ཀྱི་གསང་བ་གསལ་བྱེད་དེ། །མ་ཡིས་བུ་ལ་ཕན་པ་བཞིན། །ལུས་ཅན་ཐམས་ཅད་བདེ་དོན་དུའོ། །རྡོ་རྗེ་སེམས་དཔའི་ལམ་མཆོག་ནི། །གང་གིས་རྣལ་འབྱོར་པས་རིག་བྱེད། །དེ་ཕྱིར་དྲི་མ་མེད་པའི་འོད། །འགྲེལ་བཤད་འདི་ནི་མྱུར་དུ་བྲི། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལས་བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་མཆོག་གི་འདོད་པའི་ལྷ་དང་དམ་པའི་ལམ་ངེས་པའི་མདོར་བསྡུས་པ་ཆེན་པོ་སྟེ་དང་པོའོ།། །།