དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་ཟིན་བྲིས་མཁས་པའི་ཡིད་འཕྲོག
དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་ཟིན་བྲིས་མཁས་པའི་ཡིད་འཕྲོག་བཞུགས་སོ། །
བླ་མ་དང་པོའི་མགོན་པོ་དང་དབྱེར་མེད་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་དཔལ་དུས་ཀྱི་འཁོར་ལོའི་ལམ་རིམ་པ་གཉིས་བཤད་པ་ལ་གཉིས། ལམ་སྤྱིའི་རྣམ་པར་བཞག་པ་དང་། ལམ་སོ་སོའི་རྣམ་པར་བཞག་པའོ། །དང་པོ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས། ཁྱད་པར་དུ་ལྟ་བ་རྣམ་པར་དག་པ་ངེས་པ་གཅིག་བྱས། ཐུན་མོང་མ་ཡིན་པའི་ལམ་གྱི་ཐོག་མ་དབང་བསྐུར་བ་མཚན་ཉིད་ཚང་བ་ཐོབ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྲོག་སྡོས་བྱས་ནས་བསྱུང་བ་གཞིར་བྱས་པའི་སྟེང་དུ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ངེས་པའི་བསྐྱེད་རིམ་ཕྲ་རགས་སྔོན་དུ་བཏང་ནས། དེ་མཐར་ཕྱིན་ནས། རྫོགས་རིམ་ཡག་ལག་དང་བཅས་པ་བསྒོམས་པའི་ལག་རྗེས་ལས། འབྲས་བུ་དཔལ་དུས་འཁོར་ཡབ་ཡུམ་གྱི་སྐུར་འཚང་རྒྱ་བ་ཡིན་ནོ། །གཉིས་པ་ལ་གཉིས། སྣོད་རིང་དུ་སྒྲུབ་པ་དབང་གི་རྣམ་གཞག །སྣོད་དུ་གྱུར་ནས་སྒོམ་པའི་ལམ་གྱི་རྣམ་གཞག་གོ །དང་པོ་ལ་བཞི། གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དང་། དེར་དབང་བསྐུར་བའི་གྲངས་དང་གོ་རིམ། གང་བསྐུར་བའི་དབང་སོ་སོའི་ངོ་བོ། དེ་ལྟར་དབང་བསྐུར་བའི་དགོས་པའོ། །དང་པོ་ནི། གྲུབ་ཆེན་ དྲིལ་བུ ་པས། རྡུལ་ཚོན། རས་བྲིས། ལུས་དཀྱིལ་དང་གསུམ་གསུངས་ལ། འདུས་པ་དང་། དཀྱིལ་ཆོག་རྡོར་ཕྲེང་ལས་བསམ་གཏན་གྱི་དཀྱིལ་འཁོར་ཡང་གསུངས་པས་བཞིར་ངེས་སོ། །འདིར་ནི་དབང་མདོར་བསྟན་ལས། དབང་བདུན་པོ་ནི་དེ་ཡིན་ཏེ། དཀྱིལ་
འཁོར་བཞེངས་ཏེ་སྦྱིན་པར་བྱ། །ཞེས་པའི་འགྲེལ་པར་རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ནར་སྦྱིན་དགོས་པར་གསུངས་སོ། །དེ་ཡང་ཐུགས་དཀྱིལ་རྐྱང་པས་ཆོག་པར་གསུངས་སོ། །དེས་ན་བསྙེན་པ་ཡང་ཐུགས་དཀྱིལ་གྱི་ལྷ་རྣམས་ལ་སོང་བས་ཀྱང་ཆོག་གི །འཁོར་ལོ་གསུམ་གའི་བསྙེན་པ་ངེས་པར་འགྲོ་དགོས་པ་མིན་ནོ། །གཉིས་པ་ལ། དབང་གི་གྲངས་ནི། བཅུ་གཅིག་ཏུ་ངེས་ཏེ། བྱིས་པ་ལྟར་འདུག་པའི་དབང་བདུན་དང་། དབང་གོང་མའི་བུམ་དབང་དང་། གོང་མའི་གོང་མའི་བུམ་དབང་གཉིས་བུམ་དབང་ཞེས་གཅིག་ཏུ་བྱས་པ། དེ་བཞིན་དུ་དེ་གཉིས་ཀྱིས་གསང་དབང་དང་། ཤེར་དབང་གཉིས་ཀྱང་རེ་རེར་བྱས། གོང་མའི་དབང་བཞི་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ཁྱད་པར་བ་གཅིག་ལ་བཞི་པར་བཏགས་པ་ཡིན་པས་ཤེར་དབང་དུ་འདུ། དབང་བཞི་པ་མཚན་ཉིད་པ་ནི། གོང་མའི་གོང་མའི་དབང་བཞི་པ་ཡིན་ནོ། ། དང་པོ་བདུན་ནི། བྱིས་པ་ལྟར་བཙས་མ་ཐག་ཏུ་མས་བཀྲུ་བ་དང་། དེ་ནས་རྣ་བ་འབུགས་ཤིང་རྒྱན་འདོགས་གཙུག་ཕུད་འཇོག་ཅིང་རྒོད་པ་སོགས་དང་ཆོས་མཐུན་པར་བྱས་ནས་སྐུར་བའི་དབང་ཡིན་པས་དེ་སྐད་ཅེས་བྱའོ། །གོ་རིམ་སྟ་གོན་དེ་ནས་དཀྱིལ་འཁོར་དུ་འཇུག་པའི་སྐོར། དེ་ནས་བདུན། དེ་ནས་གོང་མ་བཞིན། དེ་ནས་གོང་མའི་ཡང་གོང་མ་བཞི་རིམ་པ་དེ་ལྟར་དུ་སྐུར་བ་དགོས་སོ། །གཞན་ཡང་དམ་བཞག་གི་ཚེ་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲས་ན་དམ་ཚིག་ཉམས་པར་གསུངས་པས། གོ་རིམ་འཆོལ་བར་བསྐུར་
ན། དབང་གོང་མའི་གསང་སྒྲོགས་ཀྱི་རྩ་ལྷུང་འབྱུང་ངོ་། །དབང་བསྐུར་དེས་དབང་གི་གོ་ཡང་མི་ཆོད་དོ། །གསུམ་པ་ནི། འདིའི་དབང་བདུན་ཀ་ལ་ཆུའི་བྱ་བ་རྗེས་སུ་འགྲོ་བས། ཆུ་དབང་བདུན་ཅེས་པའི་མིང་འདོགས་བྱེད་ལ། དེའི་གྲངས་ནི། འདིར་གཙོ་བོའི་ཞལ་བཞིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མཚོན་པར་ཡིན་པ་དེ་ཡང་དག་པའི་ཕྱོགས་མདོག་ཏུ་བསྟན་ཅིང་། བྱང་ཕྱོགས་སྐུའི་ཞལ་དཀར་པོ་ལ། ཕྱོགས་པར་སློབ་མ་སྐུ་རྡོ་རྗེར་བསྐྱེད་པ་ལ། བསྒྲུབས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ནང་གི་ཡུམ་བཞིས་ཆུ་དབང་དང་། དེ་བཞིན་གཤེགས་པ་ལྔས་ཅོད་པན་གྱི་དབང་བསྐུར། དེ་ནས་ལྷ་ཕྱོགས་གསུང་གི་ཞལ་དམར་པོ་ལ་ཕྱོགས་པར་སློབ་མ་གསུང་རྡོ་རྗེར་བསྐྱེད་པ་ལ། ནུས་མ་བཅུས་དར་དཔྱངས་ཀྱི་དབང་དང་། གཙོ་བོ་ཡབ་ཡུམ་གྱིས་རྡོར་དྲིལ་གྱི་དབང་བསྐུར། དེ་ནས་ཤར་ཕྱོགས་ཐུགས་ཀྱི་ཞལ་ནག་པོ་ལ་ཕྱོགས་པར། སློབ་མ་ཐུགས་རྡོ་རྗེར་བསྐྱེད་པ་ལ་སེམས་དཔའ་སེམས་མ་རྣམས་ཀྱིས་བརྟུལ་ཞུགས་ཀྱི་དབང་དང་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་མིང་གི་དབང་བསྐུར། དེ་ནས་ནུབ་ཕྱོགས་ཡེ་ཤེས་ཀྱི་ཞལ་ལ་ཕྱོགས་པར་སློབ་མ་ཡེ་ཤེས་རྡོ་རྗེར་བསྐྱེད་པ་ལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་རྗེས་གནང་གི་དབང་བསྐུར་བ་དང་བདུན་ནོ། །དབང་བདུན་ཐོབ་ནས་བསྐྱེད་རིམ་མཐར་ཕྱིན་ན། ཚེ་འདི་ལ་ས་བདུན་གྱི་དབང་ཕྱུག་ཏུ་འགྱུར་ཞིང་། ཚེ་འདིར་མ་ཐོབ་ནའང་། སྐྱེ་བ་བདུན་ན་ངེས་པར་ཐོབ་པར་གསུངས་སོ། ། དབང་བདུན་གྱི་དགོས་པའི་གཙོ་བོ་ནི་བསྐྱེད་རིམ་གྱི་སྣོད་རུང་དུ་བྱེད་པ་དང་བསམ་གཏན་གྱི་ཚོགས་ཀྱི་ཕྱིར་ཡིན་ནའང་། དར་དཔྱངས་དང་རྡོར་དྲིལ་གྱི་དབང་གཉིས་ནི་རྫོགས་རིམ་སྒོམ་པའི་རླུང་བཅུ་དང་རོ་རྐྱང་གི་རླུང་གཉིས་དྷཱུ་ཏཱིར་སྡོམ་པ་སྣོད་རུང་དུའང་བྱེད་དོ། །གོང་མ་བཞིར་བསྐྱེད་རྫོགས་
གཉིས་ཀྱི་དོན་ནི། བུམ་དབང་གི་ངོ་བོ་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་གཅིག་སློབ་མ་ལ་གཏད་དོ། །དེས་དེ་ལ་ལག་པས་འཁྱུད་པ་དང་། ནུ་མ་ལ་འཛིན་པ་སོགས་བྱས་པས། བདེ་བ་སྐྱེས་པ་བུམ་དབང་དུ་ངོ་སྤྲད། དེ་ལ་སློབ་དཔོན་གྱི་དབང་ཞེས་ཐ་སྙད་འབྱུང་ཞིང་རྒོད་པའི་འདོད་ཆགས་ལམ་བྱེད་དུ་བཤད་དེ། རྒོད་པ་དག་པ་སློབ་དཔོན་འདོད། ཅེས་གསུངས་སོ། །གསང་དབང་གི་ངོ་བོ་རྒྱུད་གཞན་དང་འདྲ་ལ། དེར་མ་ཟད་མིག་དར་བཀྲོལ་ནས་རིག་མའི་བྷ་ག་རྒྱས་པ་ལ་ལྟར་བཅུག་པ་ལས་ཆགས་པའི་འགྱུར་བ་དྲག་པོས་དྲངས་པས་བདེ་བ་ཆེན་པོ་ཡང་དེར་ངོ་སྤྲད། ཤེས་རབ་ཡེ་ཤེས་ཀྱི་དབང་རྒྱུད་གཞན་དང་འདྲ་ལ། དབང་བཞི་པ་བཏགས་པ་བ་ནི། རིག་མ་གཅིག་དང་སྙོམས་པར་ཞུགས་པའི་ཁམས་ནོར་བུའི་རྩེར་སླེབས་པའི་བདེ་བ་ལ་ངོ་སྤྲད། དེ་ལ་འཇིག་རྟེན་པའི་དབང་བཞི་པ་ཡང་ཟེར་ཏོ། །གོང་མའི་ཡང་གོང་མའི་བུམ་དབང་སོགས་གསུམ་ནི། རིག་མ་དགུ་ལ་འཁྱུད་པ་སོགས་བྱེད་པ་དང་། དགུ་ལ་བླ་མས་སྙོམས་པར་འཇུག་པ་དང་། དགུ་ལ་སློབ་མས་སྙོམས་པར་འཇུག་པ་སོགས་ཏེ་ངོ་སྤྲོད་ལུགས་སྔར་དང་འདྲའོ། །ཐོབ་བྱ་དོན་གྱི་དབང་བཞི་པ་ནི། བཞི་པ་མཚན་ཉིད་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་དབང་ཞེས་ཀྱང་ཟེར་ཏོ། ། གཉིས་པ་ལ་གསུམ། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་དང་། དེ་ནས་བསྐྱེད་རིམ་སྒོམ་ཚུལ་དང་། དེས་རྒྱུད་སྨིན་ནས་རྫོགས་རིམ་སྒོམ་པའི་ཚུལ་ལོ། །དང་པོ་ནི། རྩ་ལྟུང་རྣམ་བཤད་ཆེ་ཆུང་ལས་ཤེས་པར་བྱའོ། །གཉིས་པ་ནི། བསྐྱེད་རིམ་བསྒོམ་པ་ཇི་ཙམ་རྒྱས་པ་དེ་ཙམ་དུ་སྦྱང་གཞི་སྦྱོང་བྱེད་རྒྱས། དེ་རྒྱས་པ་ཙམ་གྱིས་རྒྱུད་སྨིན་པའི་ཕུལ་ཆེ། དེས་རྫོགས་རིམ་སྐྱེ་སླ་ཞིང་། མྱུར་བའི་དགོས་པ་ཡོད་ལ། དཔའ་བོ་གཅིག་དང་ལྷན་སྐྱེས་ཙམ་
ལ། སྦྱང་གཞི་སྦྱོང་བྱེད་ཀྱི་གནད་རགས་པ་ཡང་མ་ཚང་ངོ་། །དེས་ན་དཀྱིལ་འཁོར་ཡོངས་རྫོགས་སམ། ཐུགས་དཀྱིལ་ལྟ་བུ། སྦྱང་གཞི་སྲིད་པ་སྐྱེ་འཇིག་གི་རིམ་པ་དང་ཆོས་མཐུན་པར་ཕྱི་ནང་གཞན་གསུམ་སྦྱར་ནས་སྒོམ་དགོས་པ་ཡིན་པས། ཕྱི་ནང་གཉིས་སྦྱང་གཞིར་བྱས། གཞན་ཏེ། ལམ་སྦྱོང་བྱེད་དང་། དེས་སྦྱངས་པའི་འབྲས་བུ་གསུམ་ཤེས་པའི་ཕྱིར་དུ་ཡིན་ལ། དེ་ལ་ཕྱི་ནི། སྣོད་ཀྱི་འཇིག་རྟེན་ལོ་ཟླ་ཚེས་གཟའ་སྐར་ཆུ་ཚོད་ཆུ་སྲང་དབུགས་ཆ་ཤས་ལ་སོགས་པ་ཡིན་ལ། མངལ་སྐྱེས་ཁམས་དྲུག་ལྡན་གྱི་མི་ལ་ནང་དུ་བྱས་པའི་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེ་སོགས་དང་ཆོས་མཐུན་སྦྱར་ནས། དེ་རྣམས་སྒྲིབ་བྲལ་དུ་བསྐྱེད་པའི་ཕྱིར་དུ་སྒོམ་པ་ཡིན་ནོ། །དེས་ན་སྦྱང་གཞི་ཕྱི་ནང་གཉིས། གཞན་ལ་ལམ་དང་འབྲས་བུ་གཉིས་སུ་བྱས་པའི་ལམ་གྱི་ནང་དུ་དབང་ཡང་འདུས་སོ། ། དེ་ལ་གསུམ། ནང་གི་དབང་དུ་བྱས་པའི་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་དང་། ཕྱིའི་དབང་དུ་བྱས་པའི་སྦྱོར་ཚུལ་དང་། དེ་ལྟར་བྱས་པས་བསྐྱེད་རྫོགས་རིམ་གྱི་སྨིན་བྱེད་དུ་འགོད་ཚུལ་ལོ། །དང་པོ་ནི། བསྲུང་འཁོར་སྦྱང་གཞི་དང་མི་སྦྱོར། ཚོགས་ཞིང་མཆོད་པ་སོགས་བྱེད་པ་ནི། ཕྱི་མ་ལུས་ཁྱད་པར་ཅན་ཐོབ་ཕྱིར་དུ་ཚེ་འདིར་བསོད་ནམས་སོགས་པ་དང་ཆོས་མཐུན། དངོས་པོ་མེད། ཅེས་སོགས་ཀྱིས་སྣོད་བཅུད་ཀྱི་གཉིས་སྣང་རགས་པ་རྣམས་རིམ་གྱིས་བསྡུས་ནས་རྣམ་ཐར་སྒོ་བཞི་བསྒོམ་པ་ནི། ལས་བཟང་པོ་བསགས་པའི་མཐར་འཆི་བའི་འོད་གསལ་ཤར་བ་དང་། ཆོས་མཐུན། མངོན་བྱང་ལྔ་སྐྱེད་ཀྱི་སྐབས་ལ་སོགས་པའི་ནམ་མཁའི་ཁམས་ཀྱི་ཆོས་འབྱུང་ནི། གཞི་ལ་མའི་ཆོས་འབྱུང་དང་ཆོས་མཐུན། དེའི་ནང་དུ་ཚུད་པའི་རླུང་དཀྱིལ་ནི། མའི་གཙུག་ཏོར་ནས་དཔྲལ་བའི་བར་དང་། དེའི་སྟེང་གི་མེ་དཀྱིལ་ནི། དཔྲལ་བ་ནས་མགྲིན་
པའི་བར་དང་། དེའི་སྟེང་གི་ཆུ་དཀྱིལ་ནི། མགྲིན་པ་ནས་སྙིང་ཁའི་བར་དང་། དེའི་སྟེང་གི་དཀྱིལ་ནི། སྙིང་ཁ་ནས་ལྟེ་བའི་བར་དང་། དེའི་སྟེང་གི་རི་རབ་ནི། ལྟེ་བ་ནས་གསང་གནས་ཀྱི་བར་དང་། དེའི་སྟེང་གི་རི་རབ་ནི། ལྟེ་བ་ནས་གསང་གནས་ཀྱི་བར་དང་། དེའི་སྟེང་གི་པདྨ་ནི། མའི་གསང་པའི་པདྨ་དང་། དེའི་སྟེང་གི་ཟླ་ཉི་དུས་མེ་གསུམ་ནི། པདྨ་དེར་བཤང་གཅི་ཁུ་བ་དུང་ཅན་མའི་རྩ་གསུམ་འདུས་པ་དང་། དེའི་སྟེང་གི་རྡོ་རྗེའི་གུར་ནི། གསང་གནས་དེར་ཕའི་རྡོ་རྗེ་བཞག་པ་དང་། དེའི་ནང་དུ་གཞལ་ཡས་ཁང་སྐྱེད་པ་ནི། མའི་གསང་གནས་དང་། གཞལ་ཡས་ཁང་གི་ནང་དུ་ཟླ་ཉིའི་གདན་གྱི་སྟེང་དུ། ཟླ་ཉི་དབྱངས་གསལ་དང་བཅས་པའི། ཟླ་ཉི་ལས་བྱང་ཆུབ་པ་གཉིས་ནི། མའི་གསང་གནས་སུ་ཁུ་ཁྲག་གཉིས་འདྲེས་པ་དང་། དེའི་དབུ་མའི་ཧཱུཾ་ཡིག་རི་བོང་གི་མཚན་མ་ལྟ་བུ་ནི། དེར་བར་དོ་ཞུགས་པ་དང་། དེ་དང་ལྡན་པའི་ཧི་ཡིག་ནག་པོ་ནི། དེའི་རྣམ་ཤེས་ཀྱི་བཞོན་པའི་རླུང་དང་། དེ་རྣམས་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཧཾ་ཡིག་ཏུ་གྱུར་པ་ནི། མངལ་དུ་ལུས་གྲུབ་པ་དང་། དེ་ཡོངས་སུ་གྱུར་པ་ལས་གཙོ་བོ་ཞལ་ཕྱག་རྫོགས་པ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྫོགས་པར་བསྐྱེད་པ་ནི། མངལ་རྫོགས་པ་དང་། མངལ་དུ། ཕུང་པོ་ལྔ། ཁམས་ལྔ། དབང་པོ་དྲུག །ཡུལ་དྲུག །ལས་དབང་ལྔ། དེའི་བྱ་བ་ལྔ་གྲུབ་པ་ནི། རྣམ་པ་ཉི་ཤུ་བྱང་ཆུབ་པ་དང་ཆོས་མཐུན་པ་ཡིན་ནོ། །དེ་ནས་ལས་རྒྱལ་མཆོག་གི་དུས་སུ་རང་གི་སྙིང་ཁའི་ཡེ་ཤེས་ཀྱི་རླུང་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་ཤུགས་སྤྲོས་པ་ནི། བཙས་མ་ཐག་ཡེ་ཤེས་ཀྱི་རླུང་རྒྱུ་བ་དང་། དེས་ཡེ་ཤེས་པ་སྤྱན་དྲངས་དམ་ཚིག་པ་དང་རོ་མཉམ་དུ་བྱས་པ་ནས་ལས་རྒྱལ་མཆོག་རྫོགས་པའི་བར་ནི། བཙས་ནས་ལུས་རིམ་གྱིས་འཕེལ་ཏེ་འདོད་ཡོན་ལ་སྤྱོད་པ་དང་། དེ་ནས་རིག་མ་སྣ་ཚོགས་
ཡུམ་དུ་བསྐྱེད་པའི་རྡོ་རྗེ་དང་པདྨ་བྱིན་གྱིས་རླབས་ནས་སྙོམས་པར་ཞུགས་པས། སྤྱི་བོ་ནས་ཧཾ་ཡིག་ཞུ་ནས་དགའ་བཞི་རིམ་པས་དྲངས་པའི་ཐ་མ་ནོར་བུའི་རྩེ་ནས་ཕྱིར་མ་འཕོས་པ་ལ་ལྷན་སྐྱེས་ཀྱི་བདེ་སྟོང་སྦྱོར་བ་ཐིག་ལེའི་རྣལ་འབྱོར་དང་། སླར་ཡང་ཐིག་ལེ་དེ་ཉིད་སྔར་བཞིན་ཡར་གཤེགས་པ་ལས་བདེ་སྟོང་སྒོམ་པ་ཕྲ་མོའི་རྣལ་འབྱོར་ཏེ། དེ་རྣམས་ནི། གཞི་ལ་ལོ་བཅུ་དྲུག་ལོན་ནས་འཛག་བདེ་མྱོང་བ་དང་ཆོས་མཐུན་ནོ། ། གཉིས་པ་རྫོགས་རིམ་གྱི་རྣམ་གཞག་ལ་གསུམ། གང་ལ་གནད་དུ་བསྣུན་པར་བྱ་བ་རྡོ་རྗེའི་ལུས་བཤད་པ་དང་། དེ་ལ་གནད་དུ་བསྣུན་པར་བྱེད་པ་སྦྱོར་བ་ཡན་ལག་དྲུག་གི་ཐུན་མོང་གི་དོན་བཤད་པ། ཡན་ལག་དྲུག་སོ་སོའི་དོན་བཤད་པའོ། །དང་པོ་ལ་གསུམ། གནས་པ་རྩ། གསོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་བཤད་པའོ། །དང་པོ་ལ་གསུམ། རྩ་ཆེན་དྲུག་དང་འཁོར་ལོ་དྲུག་གི་གནས་ཚུལ་བཤད་པ། དེ་རྣམས་ལུས་ལ་གནད་དུ་བསྣུན་པའི་གནས་སུ་བསྟན་པ། ཡག་ལག་དྲུག་གང་གི་སྐབས་སུ་འཁོར་ལོ་དྲུག་པོ་གང་ལ་གནད་དུ་བསྣུན་བསྟན་པའོ། །དང་པོ་ནི། རོ་རྐྱང་དྷཱུ་ཏཱི་གསུམ་པོ་མར་སྣ་རྟགས་ཀྱི་རྩ་དང་བཤང་སྒོར་ཟུག་ནས་ལུས་ཀྱི་དབུས་དྲང་ཐད་སྒལ་པ་ལ་ཅུང་ཉེ་བ་ན་ཡར་གྱེན་དུ་ལངས་ནས། ཐོད་པའི་ནང་ལ་བརྒྱུད་དེ་འོངས་པའི་ཡར་སྣ། རིམ་པ་བཞིན་སྣ་བུག་གཡས་གཡོན་དང་། དེ་གཉིས་ཀྱི་དབུས་ཀྱི་ཀ་བའི་ཐད་སོར་ཟུག་ནས་གནས་སོ། ལྟེ་བ་ཡན་ཆད་ཀྱི་དབུ་མ་ལ་སྒྲ་གཅན། གཉིས་སྤངས། ཨ་བ་དྷཱུ་ཏཱི། ཞེས་སོ། །ནམ་མཁའི་ཁམས་ཁ་དོག་ལྗང་ཁུ་གཙོ་བོར་རླུང་འབབ་བོ། །དེ་ཡན་གྱིས་གཡས་ཀྱི་རྩ་རོ་མ། རས་ན། ཉི་མའི་རྩ་ཞེས་སོ། །ཁ་དོག་དམར་པོ་མེའི་ཁམས། གཙོ་བོར་ཁྲག་འབབ་
བོ། །གཡོན་ལ་རྐྱང་མ། ལ་ལ་ན་ཟླ་བའི་རྩ་ཞེས་སོ། །ཁ་དོག་དཀར་པོ་ཆུའི་ཁམས། གཙོ་བོར་ཁུ་བ་འབབ་བོ། །རྩ་དེ་གསུམ་ལ་གཙོ་བོར་སྲོག་འཛིན་གྱི་རླུང་གིས་དབང་བྱེད་ཅིང་རྒྱུ་བ་ཡིན་ནོ། །ལྟེ་འོག་མན་ཆད་དུ་ནི། དབུ་མ་གཡས་སུ་འཁྱོག་ནས་རྟགས་ཀྱི་རྩེ་མར་སྣ་ཟུག་ཅིང་། དེ་ལའང་ཀུན་དར་མ་དང་། དུང་ཅན། དུས་མེའི་རྩ་ཞེས་སོ། །ཡེ་ཤེས་ཀྱི་ཁམས་ཁ་དོག་སྔོན་པོ། གཙོ་བོར་ཁུ་བ་འབབ་བོ། །གཡོན་གྱི་རྩ་ཡང་དབུས་སུ་འཁྱོགས་ནས་རྟགས་ཀྱི་རྩེར་ཟུག་པ། ལུག་ཅེས་བྱ། ཁ་དོག་ནག་པོ་རླུང་གི་ཁམས། གཙོ་བོར་དྲི་ཆུ་འབབ་བོ། །རྩ་གཡས་མ་དེ་གཡོན་དུ་འཁྱོགས་ནས། བཤང་སྒོར་ཟུག་ཅིང་དམར་སེར་ཅེས་བྱ་བ། ས་ཁམས་ཁ་དོག་སེར་པོ། གཙོ་བོར་བཤང་བ་འབབ་བོ། །རྩ་དེ་གསུམ་ལ་ཐུར་སེལ་གྱིས་དབང་བྱེད་ཅིང་རྒྱུ་བ་ཡིན་ནོ། །གཞི་དུས་སུ་ཐུར་སེལ་སྟེང་དང་སྲོག་འཛིན་འོག་ཏུ་རྒྱུ་ན། ནད་དྲག་པོ་སོགས་མི་འདོད་པ་སྐྱེད་ལ། བསྒོམས་སྟོབས་ཀྱིས་དེ་ལྟར་བྱེད་ནུས་ན། འཆི་བ་འཇོམས་པ་སོགས་ཕན་ཡོན་མང་དུ་འབྱུང་བར་བཤད་དོ། །འདི་པའི་ལུགས་ཀྱི་རྩ་འཁོར་དྲུག་ནི། གཙུག་ཏོར་གྱི་འཁོར་ལོ་རྩ་འདབ་བཞི་པ། དཔྲལ་བའི་འཁོར་ལོ་རྩ་འདབ་བཅུ་དྲུག་པ། མགྲིན་པའི་འཁོར་ལོ་རྩ་འདབ་སོ་གཉིས་པ། སྙིང་ཁའི་འཁོར་ལོ་རྩ་འདབ་བརྒྱད་པ། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ། གསང་གནས་རྩ་འདབ་སོ་གཉིས་པ། ནོར་བུའི་དབུས་སུ་རྩ་འདབ་བརྒྱད་པ་གཅིག་རྣམས་ཡོད་ཅིང་། རྩ་འཁོར་དེ་རྣམས་ན་རྩ་གཡོན་གྱིས་གཡས་ནས་དང་། གཡས་ཀྱིས་གཡོན་ནས་དབུ་མ་ལ་ལུ་གུ་རྒྱུད་དུ་བཅིང་པའི་རྩ་མདུད་གཉིས་སྦྲག་རེ་རེ་ཡོད་པར་བཤད། རྩ་མདུད་དེ་རྣམས་ལ་རང་རང་གི་རྩ་འདབ་གཡས་ནས་ཡོད་པ་རྣམས་
རོ་མ་དང་དབུ་མ་སྦྲགས་པ་ལ་ཟུག །གཡོན་གྱི་རྩ་འདབ་རྣམས་རྐྱང་མ་དང་དབུ་མ་སྦྲགས་པ་ལ་ཟུག་ནས་རླུང་རྒྱུ་ལ། ལྟེ་འོག་མན་ཆད་ཀྱི་རྩ་འཁོར་ལ་ཟུག་ཚུལ་ཀྱང་ཤེས་པར་བྱའོ། །འདི་པའི་ལུགས་ཀྱི་འཕོ་མཚམས་སུ། དབུ་མའི་མར་སྣ་ནས་ཡར་སྣ་ལ་ཐུག་པར་ཡང་དྲུག་རྐང་བཅས་ཀྱི་རླུང་རྒྱུ་བར་བཞེད་པ་ཡིན་ནོ། །ལུ་གུ་རྒྱུད་ཀྱི་མདུད་པ་ཡོད་པར་ཡེ་ཤེས་ལེའུ་ལས་བཤད་དོ། །རྒྱུད་གཞན་ལས་དབུ་མ་ལ་མདུད་པ་ཡོད་ལ་བུག་པ་མེད་པར་བཤད་ཀྱང་། འདི་ལ་བུག་པ་ཡོད་པར་འདོད་དོ། །གཉིས་པ་ནི། སྔར་བཤད་པའི་རྩ་འཁོར་གྱི་དབུས་དང་། དབུ་མའི་ཡར་སྣ་མར་སྣ་གནད་དུ་བསྣུན་པས། མྱོང་བ་སྐྱེ་ཚུལ་མི་འདྲ་བ་སོ་སོར་འབྱུང་བ་ཡིན་ནོ། །གསུམ་པ་ནི། སོར་བསམ་གཉིས་ཀྱི་སྐབས་སུ་དབུ་མའི་ཡར་སྣར་གནད་དུ་བསྣུན་པ་ཡིན། སྲོག་རྩོལ་དང་རྗེས་དྲན་ལྟེ་བ་དང་། འཛིན་པའི་སྐབས་སུ་རྩ་འཁོར་དྲུག་ཀའི་དབུས་ཀྱི་དབུ་མའི་ནང་དུ་གནད་དུ་བསྣུན་པ་ཡིན། ཏིང་ངེ་འཛིན་གྱི་སྐབས་སུ། དབུ་མའི་མར་སྣ་ནས་བརྩམས་ཏེ་ཡར་སྣ་ལ་ཐུག་པར་བསྣུན་པ་ཡིན་ནོ། ། གཉིས་པ་གཡོ་བ་རླུང་བཤད་པ་ནི། འདི་པ་ཡང་། རྩ་བའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔ་དང་བཅུར་བཞེད་ཀྱང་། མིང་མཐུན་པ་ཡིན་གྱི། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔའི་ཐ་སྙད་མི་མཛད། ཁྱབ་བྱེད་ཀྱི་རླུང་ཡང་འདི་པའི་ལུགས་ཀྱི་གཞི་དུས་སུ་ཡང་སྣ་སྒོར་རྒྱུ་བར་གསུངས་སོ། །རླུང་དེ་རྣམས་དང་པོ་གང་ནས་སྐྱེ་བ་དང་། དེ་ནས་གང་དུ་གནས་པའི་གནས་ནི། སྙིང་ཁའི་འཁོར་ལ་རྩ་བཅུ་ཡིན་ཏེ། སྙིང་ཁའི་རྩ་མདུད་ཀྱི་སྟེང་འོག་གི་དབུ་མའི་སྦུགས་གཉིས་ནི་རིམ་པ་བཞིན། སྲོག་ཐུར་གཉིས་ཀྱི་དང་པོར་སྐྱེ་བ་དང་བར་དུ་གནས་པའི་གནས་ཡིན། རྒྱུ་བའི་ལམ་ནི། དེ་གཉིས་རིམ་བཞིན་སྟེང་གི་རྩ་གསུམ་དང་།
འོག་གི་རྩ་གསུམ་ལ་ཅི་རིགས་པར་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་སྙིང་ཁའི་ཤར་དང་ཤར་ལྷོའི་རྩ་འདབ་ལ་མཉམ་གནས་དང་རུས་སྦལ། ལྷོ་དང་ལྷོ་ནུབ་ཀྱི་རྩ་འདབ་ལ། གྱེན་རྒྱུ་དང་རྩངས་པ། བྱང་དང་བྱང་ཤར་གྱི་རྩ་འདབ་ལ། ཁྱབ་བྱེད་དང་ལྷ་སྦྱིན། ནུབ་དང་ནུབ་བྱང་གི་རྩ་འདབ་ལ་ཀླུ་དང་ནོར་ལས་རྒྱལ་རྣམས་རིམ་བཞིན་དུ་སྐྱེ་བ་དང་། གནས་པའི་གནས། དངོས་གཞི་ཡིན་ལ། རྒྱུ་བའི་ལམ་ནི། ཡུར་པོ་ཆེ་རེ་རེའི་ཆུ་ཡུར་ཕྲན་དུ་མར་གྱེས་ནས་འབབ་པ་གཞན་དུ། རྩ་བཅུ་པོ་དེ་རྣམས་ན་གནས་པའི་རླུང་བཅུ་པོ་ཡང་རེ་རེ་ཡང་མང་བར་གྱེས་ནས་རྩ་ཕྲན་དུ་ཡར་ལུས་ཀྱི་རྩ་འདབ་ལ་ཁྱབ་པར་རྒྱུ་བ་ཡིན་ནོ། ། གསུམ་པ་བཀོད་པ་བྱང་ཆུབ་ཀྱི་སེམས་བཤད་པ་ནི། སྤྱིར་དང་པོར་ལུས་གྲུབ་པའི་ཚེ་ཐིག་ལེ་དཀར་དམར་ཐོག་མར་གང་དུ་འཆགས་ཚུལ། དེ་ནས་མ་ཤི་བར་དུ་གནས་ཚུལ། ཤི་བའི་ཚེ་འཕོ་བའི་ཚུལ་མཐའ་ཡས་པ་གཅིག་ཤེས་དགོས་ཀྱང་། འདིར་ནི། གནས་སྐབས་རིགས་བཞི་བསྐྱེད་པའི་ཐིག་ལེ། ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་ཞེས་པ་རྣམས། དོན་གཅིག་ཡིན་པས། དེ་རྣམས་ཀྱི་གནས་ས་ངོ་བོ། བྱེད་ལས་སོགས་ཤེས་དགོས་པ་མེད་མི་རུང་ཡིན་པས་དེ་རྣམས་བཤད་ན། དཔྲལ་བར་སད་པའི་གནས་སྐབས་སྐྱེད་བྱེད་ལུས་སམ་སྐུའི་ཐིག་ལེ་གནས་ལ། དེ་བཞིན་དུ། མགྲིན་པར་རྨི་ལམ་གྱི་གནས་སྐབས་སྐྱེད་བྱེད་ངག་གམ་གསུང་གི་ཐིག་ལེ། སྙིང་ཁར་གཉིད་འཐུག་གི་གནས་སྐབས་སྐྱེད་བྱེད་ཡེ་ཤེས་ཀྱི་ཐིག་ལེ། ལྟེ་བར་བཞི་པའི་གནས་སྐབས་སྐྱེད་བྱེད་ཡེ་ཤེས་ཀྱི་ཐིག་ལེ། སླར་ཡང་ལྟེ་བ་དང་། གསང་གནས། ནོར་བུའི་དབུས། དབུ་མའི་མར་སྣ་རྣམས་སུ་རིམ་པ་བཞིན། སད་པའི་གནས་སྐབས་སྐྱེད་བྱེད་
ལུས་སམ་སྐུའི་ཐིག་ལེ། ཞེས་པ་ནས་ཡེ་ཤེས་ཀྱི་ཐིག་ལེ་ཞེས་གོང་གི་རིགས་པ་སྦྱར་རོ། །དེ་ཡང་ལྟེ་བ་དང་ནོར་བུའི་རྩེར་བཞི་པའི་གནས་སྐབས་འཇོག་པའི་རྒྱུ་ནི། གནས་དེ་གཉིས་སུ་ཁམས་ཞུ་བ་སླེབས་པ་ན། གནས་གཞན་དུ་སླེབས་པ་ལས་བདེ་བའི་འགྱུར་བ་ཆེ་བ་རེ་གཞི་དུས་སུ་འདོད་པ་སྤྱོད་པ་ན་འབྱུང་བས་དེ་ལྟར་བཞག་ལ། དེ་བཞིན་དུ་འབྱུང་བའི་རྒྱུ་མཚན་གནས་དེ་གཉིས་ན་བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པས་ཡིན་ནོ། །དཔྲལ་བ། ནོར་བུའི་དབུས། དབུ་མའི་མར་སྣ་རྣམས་ན་ཁམས་དཀར་པོ་གཙོ་བོར་གནས་ཤིང་དམར་པོ་ཡང་ཅུང་ཟད་རེ་གནས་སོ། །དཀར་ཆ་འཕེལ་བར་བྱེད་པའི་གཞིའི་ཁམས་དཀར་པོ་དངོས་གཞི་ནི། དཔྲལ་བའི་འཁོར་ལོ་ལ་གནས་པ་ཡིན་ནོ། །ལྟེ་བ་གསང་གནས་མགྲིན་པའི་རྩ་འཁོར་རྣམས་ཀྱི་དབུས་ན་ཁམས་དམར་པོ་གཙོ་བོར་གནས་ཤིང་དཀར་པོ་ཡང་ཅུང་ཟད་རེ་གནས་སོ། །སྙིང་ཁའི་འཁོར་ལོའི་དབུས་ན་དཀར་དམར་གཉིས་ཆ་མཉམ་པར་གནས་པ་ཡིན་ནོ། །གནས་དེ་རྣམས་ན་གནས་པའི་ཐིག་ལེ་དེ་རྣམས་ངོ་བོ་ཁམས་དཀར་དམར་བསྲེས་པ་ཡུངས་འབྲུ་ཙམ་རེ་ཡོད་པར་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་སོ། །འདི་པའི་ལུགས་ལ་སྒྲིབ་པ་ཐམས་ཅད་གནས་སྐབས་རིགས་བཞིའི་སྒྲིབ་པར་འདུ་ལ། ཐིག་ལེ་དེ་སྒྲིབ་པ་མཚན་ཉིད་པར་བཤད་པ་ནི། ཐིག་ལེ་དེ་རྣམས་ལ་སིམ་པའི་རྣམ་པར་གནས་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་རེ་ཡོད་ཅིང་། རླུང་སེམས་དེ་རྣམས་ལ་སྒྲིབ་པའི་བག་ཆགས་བསྒོས་ནས་གནས། དེ་ལས་ཉོན་སྒྲིབ། དེ་ལས་ཤེས་སྒྲིབ་སྐྱེ་བར་འགྱུར་བས་ཐིག་ལེ་བེམ་པོ་དེ་སྒྲིབ་པར་འགྱུར་བའི་ཉེས་པ་མེད་དོ། །ལྟེ་བའི་རྩ་འཁོར་གྱི་དབུས་ན་སད་པ་དང་། བཞི་པའི་གནས་སྐབས་གཉིས་ཀ་སྐྱེད་པའི་ཐིག་ལེ་ཡོད་པར་བཤད་
པ་ནི། ཐིག་ལེ་གཅིག་པོ་དེའི་སྟེང་ན། སད་པ་དང་བཞི་པ་གཉིས་པ་སྐྱེད་པའི་རྣམ་པའམ། བག་ཆགས་མི་འདྲ་བ་གཉིས་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ། །སྙིང་ཁའི་ཐིག་ལེ་ནི། གཉུག་མའི་ལུས་ཀྱི་དོད་ཐུབ། གཉིད། རྨི་ལམ། སད་པའི་ཐིག་ལེར་འཇོག་པའི་རྒྱུ་མཚན་ནི། གཞི་དུས་སུ་རླུང་རགས་པ། ནོར་བུ་དང་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་ཐིམས་པ་ན། གཉིད་འཐུག་པོ་འོང་ལ། རླུང་རྣམས་གནས་དེ་གཉིས་ནས་གྱེས་ཏེ། གསང་གནས་དང་མགྲིན་པར་གནས་པའི་ཚེརྨི་ལམ་གསལ་ལ་ཡུན་རིང་བ་འཆར། དེ་གཉིས་ནས་རླུང་གྱེས་པ་ལྟེ་བ་དང་དཔྲལ་བར་སླེབས་པ་ན། གཉིད་སད་ནས་ཕྱིའི་ཡུལ་སྣང་སྣ་ཚོགས་འཆར་བས་དེ་ལྟར་བཞག་གོ །དེས་ན་གཞི་དུས་རང་ནས་རང་རྒྱུད་ལ་ཡོད་པའི་ཆོས་གཅིག །ཐབས་མཁས་ཀྱི་ལམ་གྱིས་འབྲས་དུས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་དུ་བསྒྱུར་ནུས་པ་ནི། བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པས། འདིར་ཡང་སད་པ། རྨི་ལམ། གཉིད་འཐུག །བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་བཞིའི་སྟེང་ན། གཞི་དུས་ལ་རིམ་པ་བཞིན་མ་དག་པའི་ཡུལ་སྣང་སྣ་ཚོགས་མཐོང་བའི་ནུས་པ་དང་། འཁྲུལ་སྣང་དང་ངག་གི་སྨྲ་བརྗོད་སྣ་ཚོགས་འབྱུང་བའི་ནུས་པ་དང་། མི་གསལ་ཞིང་མི་རྟོག་པ་དང་། འཛག་པའི་བདེ་བ་སྐྱེད་པའི་ནུས་པ་སྟེ། དེ་ལས་རིམ་པ་བཞིན་མ་དག་པའི་ཡུལ་སྣང་འཆར་བའི་ཆ་དང ། འཁྲུལ་སྣང་དང་སྨྲ་བརྗོད་འཁྲུལ་པ་འབྱུང་བའི་ཆ་དང་། མི་གསལ་བ་མུན་པའི་ཆ་དང་། འཛག་པ་སྐྱེད་པའི་ཆ་རྣམས་ལམ་གྱིས་སྦྱངས་ནས། ཡུལ་སྣ་ཚོགས་ཙམ་ཟིག་འཆར་བའི་ཆ་དང་། སྒྲ་སྣ་ཚོགས་འབྱུང་བ་དང་། མི་རྟོག་པ་དང་། བདེ་བའི་ཆ་རྣམས་ལམ་དུ་ཁྱེར་བས། ལམ་དུས་
སུ་རིམ་བཞིན་སྟོང་གཟུགས་དང་། གཞོམ་མེད་ཀྱི་སྒྲ་དང་། མི་འགྱུར་བའི་བདེ་བར་འགྱུར་ཞིང་། དེ་རྣམས་གོང་ནས་གོང་དུ་གནས་གྱུར་པས་འབྲས་དུས་སུ་རིམ་པ་བཞིན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པ་དང་། ཡེ་ཤེས་ཀྱི་སྐུར་འགྱུར་བ་ཡིན་ན། འོ་ན་དེ་རྣམས་ཀྱི་དྲི་མ་གང་། ཡན་ལག་དྲུག་གི་གང་གིས་སྦྱོང་སྙམ་ན། སད་པའི་གནས་སྐབས་སྐྱེད་པའི་སྟེང་གི་དྲི་མ་ནི། སོར་བསམ་གཉིས་དང་རྗེས་དྲན་གྱི་ཕྱོགས་གཅིག་གིས་སྦྱོང་ཞིང་རིགས་འདྲ་ལམ་དུ་འཁྱེར་རོ། །རྨི་ལམ་གྱི་ནི། སྲོག་འཛིན་གཉིས་ཀྱིས་དང་། གཉིད་དང་བཞི་པའི་གནས་སྐབས་ཀྱི་ནི། རྗེས་དྲན་གྱི་ཕྱོགས་གཅིག་དང་ཏིང་ངེ་འཛིན་གྱི་ཡན་ལག་གིས་སྦྱོང་ཞིང་རིགས་འདྲ་ལམ་དུ་འཁྱེར་རོ། །དང་པོ་ཡང་། སོར་བསམ་གཉིས་ཀྱིས་དཔྲལ་བའི་སད་པའི་གནས་སྐབས་སྐྱེད་པའི་ཐིག་ལེའི་དྲི་མ་དང་། རྗེས་དྲན་གྱིས་ནི། ལྟེ་བའི་སད་པའི་གནས་སྐབས་སྐྱེད་པའི་ཐིག་ལེའི་སྟེང་གི་དྲི་མ་སྦྱོང་བ་ཡིན་ཞིང་། རྗེས་དྲན་གྱི་ཕྱོགས་ཅིག་གིས་བཞི་པའི་དྲི་མ་སྦྱོང་བ་ཡང་། ལྟེ་བའི་ཐིག་ལེའི་སྟེང་ན། སད་པ་དང་བཞི་པའི་གནས་སྐབས་སྐྱེད་པའི་ནུས་པ་གཉིས་ཀ་ཡོད་པ་གོང་དུ་བཤད་པ་བཞིན་ནོ། །གཉིས་པ་གང་གིས་གནད་དུ་བསྣུན་པར་བྱེད་པ་ཡན་ལག་དྲུག་གི་ཐུན་མོང་གི་དོན་བཤད་པ་ནི། དེའི་རྣམ་གཞག་རྒྱུ་དང་རྒྱུ་གཞུང་གང་གི་རྗེས་སུ་འབྲང་བ་ནི། རྩ་རྒྱུད་རྒྱས་པ་ཤམ་བྷ་ལ་ནས་རྒྱ་བོད་དུ་མ་འགྱུར་ནའང་། དེའི་དུམ་བུ་དབང་མདོར་བསྟན་ལ། ནཱ་རོ་པས་མཛད་པའི་འགྲེལ་པ་དང་། བསྡུས་རྒྱུད། སེམས་འགྲེལ་སྐོར་གསུམ། གྲུབ་ཆེན་ཨ་ནུ་བ་མ་རཀྵི་ཏས་བོད་སྐད་དཔེ་མེད་འཚོ། མཛད་པའི་སྦྱོར་དྲུག །དེའི་འགྲེལ་པ་ཉི་མ་དཔལ་གྱིས་མཛད་པ། ཤ་བ་རིའི་སྦྱོར་དྲུག །རང་གི་ལྟ་བའི་
འདོད་པ། མདོར་བསྟན་པ། དོན་དམ་བསྙེན་པ་རྣམས་ལ་བརྟེན་ནས་འཆད་དོ། ། ཡན་ལག་དྲུག་གི་སྤྱིའི་རྣམ་གཞག་ལ་སྤྱིའི་ཆིངས་དང་། གྲངས་ངེས་པ། གོ་རིམ་ངེས་པའོ། །དང་པོ་ལ། ཡན་ལག་དྲུག་གི་ཆིངས། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས། རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་དགེ་བ་གསུམ་གྱི་ཆིངས། ཡན་ལག་གསུམ་གྱི་ཆིངས་རྣམས་ཡོད་པ་ལས། དང་པོ་ནི། སོར་སྡུད་སོགས་འཆད་པ་འགྱུར་བ་དྲུག་གོ །གཉིས་པ་ནི། སོར་བསམ་གཉིས་བསྙེན་པ། སྲོག་འཛིན་གཉིས་ཉེར་སྒྲུབ། རྗེས་དྲན་སྒྲུབ་པ། ཏིང་ངེ་འཛིན་གྱི་ཡན་ལག་སྒྲུབ་ཆེན་གྱི་ཡན་ལག་གོ །གསུམ་པ་ནི། དང་པོར་དགེ་བ་སྐུ་རྡོ་རྗེའི་རྣལ་འབྱོར་སོར་བསམ་གཉིས། བར་དུ་དགེ་བ་གསུང་རྡོ་རྗེའི་རྣལ་འབྱོར་སྲོག་འཛིན་གཉིས། ཐ་མར་དགེ་བ་ཐུགས་རྡོ་རྗེ་རྣལ་འབྱོར་རྗེས་དྲན་དང་ཏིང་ངེ་འཛིན་གཉིས་སོ། །འདི་ལ་རྗེས་དྲན་ཐུགས་རྡོ་རྗེ་དང་། ཏིང་ངེ་འཛིན་ནི། ཡེ་ཤེས་རྡོ་རྗེར་ཕྱེ་ན་རྡོ་རྗེ་བཞིར་འགྱུར་རོ། ། བཞི་པ་ནི། སོར་བསམ་གཉིས་གཟུགས་སྒྲུབ་ཀྱི་ཡན་ལག །སྲོག་འཛིན་གཉིས་སྲོག་སྒྲུབ་ཀྱི་ཡན་ལག །རྗེས་དྲན་དང་ཏིང་ངེ་འཛིན་གཉིས་བདེ་བ་བསྒྲུབ་པའི་ཡན་ལག་གསུམ་མོ། །འདིའི་སྟེང་ནས་བཤད་ན་གོ་སླ་སྟེ། དེ་ཡང་སོར་བསམ་གཉིས་ཀྱིས་གཟུགས་མ་གྲུབ་པ་སྒྲུབ་པ་དང་། གྲུབ་ཟིན་བརྟན་པར་བྱེད་པའི་སྒོ་ནས་སྟོང་གཟུགས་སྒྲུབ་པས། དེ་གཉིས་གཟུགས་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་བཞག་གོ །སྲོག་རྩོལ་གྱི་ཐོག་མར། སྲོག་ཐུར་གཉིས་ལྟེ་བའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་བསྲེ་ལུགས་ཁྱད་པར་ཅན་གྱིས་བསྲེས་ནས་འཆིང་བའི་ཚུལ་གྱིས་སྲོག་སྟེ་རླུང་དབང་དུ་བྱེད། དེའི་རྗེས་སུ་འཛིན་པས་རླུང་དེ་ཉིད་འཁོར་ལོ་དྲུག་ཀའི་ལྟེ་བར་
སྔར་ལྟར་བཅིང་ནས་དབང་དུ་བྱེད་པས་ཡན་ལག་དེ་རྣམས་སྲོག་སྒྲུབ་བྱེད་དེ། རླུང་དབང་དུ་བྱེད་པའི་ཡན་ལག་ཏུ་བཞག་གོ །དེ་ལྟར་སོར་བསམ་གཉིས་ཀྱིས་སྟོང་གཟུགས་གྲུབ་པ་བསྟན་པ་དང་། སྲོག་འཛིན་གཉིས་ཀྱིས་རླུང་དབང་དུ་གྱུར་པ་འགྲུབ་པ་ན། དེའི་རྗེས་སུ་ཡིད་དེ་ཙམ་མིན་པར་རྣལ་འབྱོར་པ་རང་ཉིད་རྗེས་དྲན་གྱི་སྟོང་གཟུགས་དུས་འཁོར་ཡབ་ཡུམ་གྱི་སྐུར་དངོས་གནས་ལ་ལྡང་ནུས་ཤིང་། དེའི་དུས་སྟོང་གཟུགས་སྣ་ཚོགས་ཡུམ་ལ་སོགས་པའི་ལྷ་མོའི་སྐུར་ལངས་པ་རྣམས་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཞེས་བྱ་ཞིང་། དེ་དང་རང་ཉིད་སྟོང་གཟུགས་ཀྱི་དུས་འཁོར་གྱི་སྐུར་ལངས་པ་གཉིས་སྙོམས་པར་ཞུགས་པས། འདི་པའི་ཐུན་མོང་མ་ཡིན་པའི་མཆོག་མི་འགྱུར་གྱི་བདེ་བ་ཞེས་པ། ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པ་ཐོབ་པས། ཡན་ལག་ཐ་མ་གཉིས་བདེ་བ་སྒྲུབ་བྱེད་དུ་བཞག་གོ ། གཉིས་པ་གྲངས་ངེས་པ་ནི། དེ་ལྟར་ཡན་ལག་དང་པོ་བཞིའི་ལག་རྗེས་རིམ་གྱིས་རྫོགས་པར་ཐོབ་པ་ན། རྗེས་དྲན་གྱི་སྟོང་གཟུགས་མཚན་ཉིད་པ་ལྡང་ནུས་ཤིང་དེའི་སྟོབས་ཀྱིས་ཏིང་ངེ་འཛིན་གྱི་ཡན་ལག་འགྲུབ་པས། དེ་ནས་ལམ་རིགས་མི་འདྲ་བ་གཞན་ལ་སློབ་མི་དགོས་པར་འབྲས་བུ་སྐུ་བཞིའི་གོ་འཕང་འགྲུབ་པས་ན། དེ་དྲུག་ལས་མང་བ་མི་དགོས་ཤིང་། ཉུང་ན་མི་ནུས་པའི་གྲངས་ངེས་སོ། །གསུམ་པ་གོ་རིམ་ངེས་པ་ནི། ཡན་ལག་དྲུག་གི་ལམ་སྔ་མ་སྔ་མ་སྔོན་དུ་མ་སོང་བར། ཕྱི་མ་མི་འབྱུང་བ་དང་། སྔ་མ་སྔ་མའི་ལག་རྗེས་རྫོགས་ནས་ཕྱི་མར་འཕོ་བའི་མཚམས་ལེགས་པར་ཤེས་པ་བྱས་པ་ཉམས་སུ་ལེན་དགོས་སོ། །སྟོང་གཟུགས་ཁྱད་པར་ཅན་འདི་ནི་རྒྱུད་གཞན་གྱི་སྒྱུ་ལུས་ཀྱི་དོད་ཡིན་ཀྱང་། སྒྲུབ་གཞི་ཡན་ལག་དང་པོས་གསར་དུ་སྒྲུབ་དགོས་སོ། །དེས་གྲུབ་པ་དེ་
བསམ་གཏན་གྱིས་བརྟན་པར་བྱེད་ལ། ཡན་ལག་དང་པོ་གཉིས་ཀྱིས་གཟུགས་གྲུབ་ཟིན་པར་བྱས་པའི་སྟོང་གཟུགས་དེ་གཟུགས་ཁྱད་པར་ཅན་དུ་སྒྱུར་བར་བྱེད་པའི་ཕྱིར། སྲོག་འཛིན་གཉིས་ཀྱིས་རླུང་དབང་དུ་བྱེད། དེ་ནས་ཕྱག་རྒྱའི་རྐྱེན་གྱིས་རང་ཉིད་དངོས་གནས་ལ། རྗེས་དྲན་གྱི་སྟོང་གཟུགས་དུས་འཁོར་ཡབ་ཡུམ་གྱི་སྐུར་ལངས་ནས། སྙོམས་པར་ཞུགས་པའི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འགྱུར་བའི་བདེ་བ་སྐྱེ་བ་ཡིན་ནོ། །འདི་པའི་རྗེས་དྲན་གྱི་སྟོང་གཟུགས་དང་། འདུས་པའི་རིམ་པ་གསུམ་པའི་སྒྱུ་ལུས་དོད་ཐུབ། ཏིང་ངེ་འཛིན་གྱི་ཡན་ལག་དང་། ཟུང་འཇུག་དོད་ཐུབ་ཏུ་བྱེད་ཀྱང་ས་མཚམས་མི་འདྲ་སྟེ། ཟུང་འཇུག་འཕགས་པའི་ས་ཁོ་ན་མ་འཇོག །འདི་པའི་ཏིང་ངེ་འཛིན་གྱི་ཡན་ལག་དང་པོ་སྐྱེས་པ་ནས་རྫོགས་ཀྱི་བར་ལ་མི་འགྱུར་པའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་ལ། སྟོང་བརྒྱད་བརྒྱ་པ་ཚན་པ་བཅུ་གཉིས་སུ་ཕྱེ་བའི། ཚན་པ་གཅིག་གི་རིང་ལ་སོ་སྐྱེའི་སར་བཞག་དགོས་ལ། འདུས་པའི་སྒྱུ་ལུས་རྗེས་མཐུན་པ་ལུས་དབེན་ནས་འགྲུབ་ཅིང་། དེ་ནས་སེམས་དབེན་གྱི་བར་ལ་མཐུན་ཚབས་ཇེ་ཆེར་འགྲོ་ལ། རིམ་པ་གསུམ་པའི་དུས་སུ་དངོས་སུ་ལྡང་བ་བཞིན་དུ། སྟོང་གཟུགས་ཀྱི་སྐུ་རྗེས་མཐུན་པ། བསམ་གཏན་གྱི་སྐབས་ནས་འགྲུབ་ཅིང་། དེ་ནས་འཛིན་པའི་བར་ལ་མཐུན་ཚབས་ཇེ་ཆེར་འགྲོ་ལ་རྗེས་དྲན་གྱི་སྐབས་སུ་སྐུ་དངོས་སུ་འགྲུབ་པ་ཡིན་ནོ། །སོར་སྡུད་ཀྱི་སྐབས་སུ་སྟོང་གཟུགས་ཀྱི་སྐུ་རྗེས་མཐུན་པ་ཅུང་མེད་དོ། །རྗེས་དྲན་གྲུབ་ནས་ཀྱང་རྗེས་ཐོབ་ཀྱི་སྐབས་རྣམས་སུ་སྐུའི་རྣམ་པ་འདོར་དགོས་སོ། ། གསུམ་པ་ལ་དྲུག་ལས། དང་པོ་ལ་བདུན། སོར་སྡུད་ཀྱི་སྒྲ་དོན། གང་དུ་སྒོམ་པའི་གནས། གང་གི་ཚེ་སྒོམ་པའི་དུས། ལུས་གནད་ཀྱི་ངེས་པ། ལྟ་
སྟོངས་ཀྱི་ངེས་པ། སེམས་དེ་ཁོ་ན་ཉིད་ལ་འཇོག་པའི་ངེས་པ། ཉམས་རྟགས་སྐྱེ་ཚུལ་གྱི་ངེས་པའོ། །དང་པོ་ནི། དབང་པོ་དྲུག་པོ་ཡུལ་དྲུག་སོ་སོ་ལ་འཇུག་པ་འགོག་ཅིང་ནང་དུ་སྡུད་པར་བྱེད་པ་དང་། སོ་སོར་སྤོང་། སྒྲུབ་ལེར། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རབ་ཏུ་འཇུག་པ་མེད་པའོ། །ཞེས་སོ། །དབང་ཡུལ་གྱི་འབྲེལ་པ་གཅོད་པར་བྱེད་པས་དེ་སྐད་ཅེས་བྱའོ། །འབྲེལ་པ་གཅོད་པ་ཡང་། དྲན་ཤེས་བསྟེན་ནས་གཅོད་པ་ཡང་མིན། ཡིད་ཤེས་ཡུལ་ལ་རྩེ་གཅིག་ཏུ་ཞུགས་པ་ན་དབང་ཤེས་ཀྱིས་ཡུལ་མི་འཛིན་པ་ལྟ་བུས་ཀྱང་མི་ཆོག་སྟེ། དེ་ནི། རྣམ་ཤེས་དོན་གཞན་ཞུགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཅེས། དབང་ཤེས་ཀྱི་དེ་མ་ཐག་རྐྱེན་མ་ཚང་བའི་རྒྱུ་མཚན་གྱིས་ཡིན་པས་དེ་ལྟ་བུས་ཀྱང་མི་ཆོག །འདིར་ནི། ལུས་ལ་གནད་དུ་བསྣུན་ནས་དབང་ཤེས་ཀྱི་བཞོན་པའི་རླུང་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམས་གསུམ་བྱས་པའི་སྟོབས་ཀྱིས་དབང་ཤེས་ཡུལ་ལ་འཇུག་པ་ལོག་ནས། རང་རང་གི་ཡུལ་ཅན་གྱི་འབྲེལ་པ་ཆད་པ་གཅིག་དགོས་པར་གསུངས་པ་ཡིན་ནོ། །གཉིས་པ་ནི། མུན་ཁང་ཤིན་ཏུ་གནག་པར་བསྒོམ་པར་བྱའོ། །གསུམ་པ་ནི། སྣ་བུག་གཡས་ནས་ས་རླུང་རྒྱུ་བའི་དུས་སུ་བསྒོམ་པར་བྱའོ། །དེ་ནི། སྡུད་རིམ་ཡིན་པས་རླུང་འདུ་སླ་བའི་ཕྱིར་རོ། །བཞི་པ་ནི། རྡོ་རྗེ་སྐྱིལ་ཀྲུང་ངམ། སེམས་སྐྱིལ་བྱས་ལ། ལག་པ་རྡོ་རྗེ་ཁུ་ཚུར་ཁ་ཕུབ་ཏུ་བམས་པའི་མགོ་ཕྱིར་བསྟན་བརླ་ཁུགས་པའི་རྩ་ཆེན་གྱི་སྟེང་དུ་མནན་ནས་ལག་པ་ཐད་དཀར་བརྐྱངས་པའི་གྲུ་མོ་གཉིས་ནང་དུ་ཅུང་ཟད་འོང་བར་བྱས་ཏེ་ལུས་དྲང་པོར་བསྲངས་ནས། ལུས་དང་ཡན་ལག་ན་ཟུག་དང་། མིག་ལ་ན་ཟུག་ཅི་བྱུང་ཡང་། ཐུན་ཐལ་འཁྱོངས་ཀྱི་བར་སྐྱོང་བ་ཡིན་ནོ། ། ལྔ་པ་ནི། སོར་སྡུད་བསྒོམས་པའི་ལག་རྗེས་
ལ་དུ་སོགས་རྟགས་བཅུ་འཆར་དགོས་ལ། དེ་ཡང་ཨ་བ་དྷཱུ་ཏཱིའི་ནང་དུ་འཆར་དགོས་ཏེ། ཡེ་ཤེས་ལེའུར། རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩལ་མཐོང་བར་གྱུར་གྱི་བར་དུའོ། །ཞེས་པའི་འགྲེལ་ཆེན་དུ་དུས་ཀྱི་རྩ་ཨ་བ་དྷཱུ་ཏཱི་མཐོང་བར་གྱུར་གྱི་བར་དུའོ། །ཞེས་དང་། ཡང་ཡེ་ཤེས་ལེའུར། ནམ་མཁར་ཀུན་ནས་ཞེས་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། ཞེས་པའི་འགྲེལ་ཆེན་དུ། རྡོ་རྗེའི་ལམ་དུ་ཞུགས་པ་ནི་འདིར་དབུ་མའི་ནང་དུ་སྲོག་རབ་ཏུ་ཞུགས་པས་སྟོང་པ་ཁོ་ནས་དུ་བ་ལ་སོགས་པའི་མཚན་མ་མཐོང་སྟེ། ཞེས། ནམ་མཁར་མུན་ནས་ཞེན་པའི་སེམས། ཞེས་པ་ཡང་། དྷཱུ་ཏཱིའི་ནང་གི་ཕུབ་ནམ་མཁར་དམིགས་དགོས་པའི་དོན་ཡིན་ནོ། །གསུངས་པའི་ཕྱིར་རོ། །དེ་ལྟར་དབུ་མ་པ་ཞུགས་གནས་ཐིམས་གསུམ་བྱས་པ་ལས་བྱུང་བའི་དུ་བ་སོགས་རྟགས་བཅུ་དབུ་མའི་ནང་དུ་འཆར་བ་དགོས་ལ། མིག་དང་སེམས་ཀྱི་གཏོད་ས་ཡང་དབུ་མའི་ནང་དུ་བྱེད་དགོས་སོ། །དེ་ཡང་དྷཱུ་ཏཱིའི་ཡར་སྣ་དཔྲལ་བའི་རྩ་འཁོར་གྱི་དབུས་སུ་དམིགས་པ་གཏོད་དགོས་ཏེ། སྒྲུབ་ལེར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམས་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་བལྟ་བས་སོ། །བགེགས་མཐར་བྱེད་ཀྱི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་ལ་ཡན་ལག་དྲུག །ཅེས་པའི་འགྲེལ་ཆེན་དུ། འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་བལྟ་བས། མིག་གི་འཛུམ་པར་སྟེང་དུ་ལྟ་བས་མཚན་མར་འགྱུར་ཏེ། ཞེས་སོར་བསམ་གྱི་ཚེ་མིག་ལྟ་སྟངས་སྟེང་དུ་བྱེད་དགོས་པར་གསུངས་ལ། སྟེང་གི་ལྟ་བ་ཡང་། དེ་ཉིད་ལས། བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ། བགེགས་མཐར་བྱེད་ནི། བདུད་རྩི་འཁྱིལ་བའོ། །དེའི་ལྟ་བ་ནི། བདུད་རྩིའི་གནས་སུ་སོན་པས་
ཏེ་དཔྲལ་བར་སོན་པའོ། །ཞེས་དཔྲལ་བའི་རྩ་འཁོར་གྱིས་དབུས་ཀྱི་དྷཱུ་ཏཱིའི་ནང་དུ། བདུད་རྩི་ཀུནྡ་ལྟ་བུའི་བྱང་སེམས་ཡོད་པས། དེར་ལྟ་བ་ལ་བདུད་རྩིའི་གནས་སུ་ལྟ་བ་ཞེས་གསུངས་སོ། །དེར་གཏོད་དགོས་པའི་རྒྱུ་མཚན་ཀྱང་། སོར་བསམ་གཉིས་ཀྱིས། སྟོང་གཟུགས་གསར་དུ་སྒྲུབ་པ་དང་། གྲུབ་ཟིན་བརྟན་པར་བྱེད་པ་ཡིན་ལ། དཔྲལ་བའི་རྩ་འཁོར་ན་སད་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པས། དེར་དམིགས་པ་གཏད་དེ་བསྒོམས་པས། ཐིག་ལེ་དེའི་སྟེང་ན་ཡུལ་སྣང་སྣ་ཚོགས་སྟོན་པའི་བག་ཆགས་ཡོད་པས་དེ་སད་ནས་གནས་དེར་སྟོང་གཟུགས་རྣམས་འཆར་སླ་བ་ཡིན་ནོ། །རྟགས་ནི་གསང་འདུས་ལས། དང་པོ་དུ་བ་ལྟ་བུ་སྟེ། །གཉིས་པ་སྨིག་རྒྱུ་ལྟ་བུ་ཡིན། །གསུམ་པ་མཁའ་སྣང་འདྲ་བ་སྟེ། །བཞི་པ་མར་མེ་ལྟར་འབར་བ། །སྤྲིན་གྱི་ནམ་མཁའ་ལྟ་བ་ནི། །རྟག་ཏུ་སྣང་བ་ལྡང་བའོ། །ཞེས་གསུངས། ཨར་ལིའི་རྒྱུད་ལས་ཀྱང་། ཕྱེད་མིག་གྱེན་དུ་ཟློག་པ་ཡི། །སྨིན་དབུས་སེམས་ནི་གཏད་བྱས་ནས། །ཞེས་སོ། །དེས་ན་མིག་གི་མས་བིབས་ཡར་བཀབ་པའི་ཕྱེད་མིག་བྱས་ཏེ། སྨིན་མཚམས་ཀྱི་དབུ་མའི་སྦུགས་སྟོང་གི་ནམ་མཁར་སེམས་རྩེ་གཅིག་ཏུ་གནས་པར་བྱས་པས་དེར་རླུང་ཟིན་ནས་ཡོང་ངོ་། །ནམ་མཁར་ཀུན་ནས་ཞེན་པའི་སེམས། །ཞེས་པའི་དོན་ཀྱང་། དྷཱུ་ཏཱིའི་ནང་གི་བུ་ག་ནམ་མཁར་དམིགས་དགོས་པའི་དོན་ཡིན་གྱི། ཕྱི་རོལ་གྱི་ནམ་མཁར་སེམས་གཏོད་པ་མིན་ནོ། ། དྲུག་པ་ནི། སྲོག་འཛིན་གཉིས་ཀྱིས་རླུང་དབང་དུ་བྱས་པས། དྷཱུ་ཏཱིའི་ནང་གི་གཏུམ་མོ་འབར་ནས་ཁམས་ཞུ་བ་ལས་བྱུང་བའི་བདེ་བ་ཆེན་པོ་སྔོན་དུ་བསྐྱེད་ནས་ཡུལ་ཅན་དེས། དེ་ཁོ་ན་ཉིད་ཡུལ་དུ་བྱས་ནས་སྒོམ་པ་ཡིན་ལ། དེས་སོར་བསམ་གྱི་སྐབས་སུ་གཟུགས་སྐུའི་རིགས་འདྲ་གསར་དུ་སྒྲུབ་པ་དང་གྲུབ་ཟིན་བརྟན་
པར་བྱ་བའི་ཕྱིར་སྒོམ་པ་ཡིན་གྱི། ཆོས་སྐུའི་རིགས་འདྲའི་རྒྱུད་དེ་ཁོ་ན་ཉིད་སྒོམ་པ་མིན་ནོ། ། བདུན་པ་ནི། སོར་བསམ་གྱི་སྐབས་ཀྱི་རྟགས་ལ་ཡང་རིམ་པ་མང་སྟེ། དབང་པོའི་སྒོར་རླུང་རེངས་པའི་མགོ་རྩོམ་པ་ནས། དབུ་མར་རླུང་འཇུག་པའི་མགོ་མི་རྩོམ་གྱི་བར་དེར་དུ་སོགས་ཀྱི་རྟགས་འཆར་བ་ནི། ལུས་ཀྱི་ཕྱི་རོལ་སྒོམ་ཁང་གི་ནམ་མཁའ་སོགས་ལ་ཤར་བ་ཡིན་ནོ། །རླུང་དབུ་མར་འཇུག་པའི་མགོ་རྩོམ་པ་ནས་དེར་རླུང་འགག་པའི་མགོ་མི་རྩོམ་གྱི་བར་དེར་ཤར་བའི་རྟགས་རྣམས་ནི། ལུས་ཀྱི་ནང་དུ་ཤར་བ་ཡིན་ནའང་། དབུ་མའི་ནང་དུ་ཤར་བ་ཡིན་ནོ། །དབུ་མར་འགག་པའི་མགོ་རྩོམ་པ་ནས་ཤར་བའི་དུ་སོགས་ཀྱི་རྟགས་རྣམས་ནི། དབུ་མའི་ནང་དུ་ཤར་བའི་སྟོང་གཟུགས་ཁྱད་པར་བ་ཡིན་ལ། དེ་འདྲ་བའི་ཉིན་རྟགས་བཞི་དང་། མཚན་རྟགས་དྲུག་ནི། གོ་རིམ་ཡང་ངེས་པ་ཅན་ཁོ་ནར་འབྱུང་བ་ཡིན་ནོ། །དེ་ལྟར་སྐབས་གསུམ་དུ་ཤར་བའི་རྟགས་དེ་རྣམས་ཀྱང་སྔ་མ་ལས་ཕྱི་མ་གསལ་ཅིང་བརྟན་པ་དང་ཕྲ་རུ་འགྲོའོ། །འདུས་པར་སྨིག་རྒྱུ་ཐོག་མར་འཆར་བ་དང་། འདིར་དུ་བ་ཐོག་མར་འཆར་བ་ནི་འདི་གཉིས་ལམ་སྲོལ་མི་འདྲ་བའི་རྒྱུ་མཚན་གྱིས་ཉམས་རྟགས་འཆར་བའི་གནས་དུས་རྒྱུ་རྣམས་མི་འདྲ་བ་ཡིན་ཏེ། འདི་པའི་ལུགས་ལ། དུ་སོགས་སྟོང་གཟུགས་ཁྱད་པར་བ་རྣམས་ཐོག་མར་འཆར་བའི་དུས། གནས་སྙིང་ཁའི་རྩ་འདབ་རྣམས་སུ་རྒྱུ་བའི་རླུང་བཅུ་འགགས་པའི་རྒྱུ་ལས་རྟགས་བཅུ་འཆར་བ་ཡིན་ལ། དེ་འགག་སླ་རིམ་ནས་འགག་སྟེ། ཤར་ལྷོ་ནུབ་བྱང་གི་བར་གྱི་མཚམས་ཀྱི་རྩ་འདབ་བཞིར་རྒྱུ་བའི་རླུང་། རུས་སྦལ། རྩངས་པ། ལྷ་སྦྱིན། ནོར་ལས་རྒྱལ་བཞི་རིམ་བཞིན་འགགས་པ་
ལས་དུ་བ། སྨིག་རྒྱུ། མཁའ་སྣང་། མར་མེ་ལྟར་འབར་ཏེ་མཚན་རྟགས་བཞི་འཆར་ཞིང་། ཤར་ནས་བརྩམས་ཏེ་ནུབ་ཀྱི་བར་གྱི་ཕྱོགས་ཀྱི་རྩ་བཞིར་རྒྱུ་བའི་རླུང་མཉམ་གནས། གྱེན་རྒྱུ། ཁྱབ་བྱེད། ཀླུ་རྣམས་རིམ་པ་བཞིན་འགགས་པས། དུས་མེ། ཟླ་བ། ཉི་མ། སྒྲ་གཅན་གྱི་དཀྱིལ་འཁོར་ལྟ་བུའི་ཉམས་འཆར་ལ། སྟེང་གི་རྩ་གཉིས་སུ་རྒྱུ་བའི་རླུང་སྲོག་ཐུར་གཉིས་འགགས་པས་མཆོག་གི་རྩ་སྟེ། གློག་དང་ཐིག་ལེ་ལྟ་བུའི་ཉམས་འཆར་བ་ཡིན་ནོ། །རྫོགས་རིམ་གྱི་སྐབས་སུ་སྟོང་གཟུགས་འདི་ལྟར་འཆར་བའི་སྨིན་བྱེད་དུ། བསྐྱེད་རིམ་གྱི་སྐབས་སུ། བདེ་ཆེན་འཁོར་ལོའི་པད་འདབ་ལྟེ་བ་དང་བཅས་པ་ལ། དུབ་མ་སོགས་ནུས་མ་བརྒྱད་སྙིང་ཁ་དང་ལྟེ་བའི་རྩ་མདུད་ཀྱི་ངོ་བོར་མོས། གཙོ་བོ་ཡབ་ཡུམ་དང་བཅས་བསྒོམ་པ་ཡིན་ལ། དེ་ཡང་གཙོ་བོ་ནམ་མཁའ་དང་ཡུམ་ཡེ་ཤེས་ཀྱི་ཁམས་ཡིན་པས། དབུ་མའི་སྟོད་སྨད་ཀྱི་རྩ་གཉིས་དང་། དེའི་ནང་གི་རླུང་གཉིས་དང་སྦྱོར། རིམ་གཉིས་དེ་ལྟར་བསྒོམ་པའི་སྣོད་རུང་དུ་སྒྲུབ་པའི་ཕྱིར། སློབ་མའི་རླུང་བཅུ་ནུས་མ་བཅུར་བསྐྱེད་ནས་དར་དཔྱངས་ཀྱི་དབང་བསྐུར་བ་ཡིན་ནོ། །རྟགས་བཅུའི་ཐ་མ་ཐིག་ལེའི་ནང་དུ་རེ་ཁ་ནག་པོ་སྐྲའི་ཚད་ཙམ་གྱི་ནང་དུ། ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་མཐོང་བར་འགྱུར་ཏེ། དུས་ངེས་པ་རྟགས་བཅུ་རྫོགས་པའི་ཐ་མར། གནས་ངེས་པ་དབུ་མའི་ནང་དུ། ངོ་བོ་ངེས་པ་རྡུལ་ཕྲ་རབ་བསགས་པ་མིན་པར་རང་སེམས་ཀྱི་སྣང་བ་ཙམ་ལས་གྲུབ་པ། སྐུ་ངེས་པ་རྡོ་རྗེ་སེམས་དཔའི་སྐུ། རྣམ་པ་ངེས་པ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་མཐོང་བར་འགྱུར་བ་ཡིན་གྱི། གཞན་ནས་ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་ལྡན་གསུངས་པ་དང་དོན་མི་གཅིག་གོ །རྟགས་བཅུ་རྫོགས་ནས་དེ་འདྲ་བའི་སྐུ་ནམ་འདོད་འདོད་དུ་འཆར་ཐུབ་
པ་ན། དེས་སོར་སྡུད་ཀྱི་ནུས་པ་རྫོགས་པ་ཡིན་པས། དེ་ནས་བསམ་གཏན་གྱི་ཡན་ལག་སྒོམ་པ་ལ་འཇུག་པ་ཡིན་ནོ། །སོར་སྡུད་ལ་མཚན་མོ་དང་ཉིན་མོའི་རྣལ་འབྱོར་གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། མུན་པ་དང་སྣང་བ་གང་ལ་ཡང་། རྟགས་དེ་རྣམས་དོན་དགུར་འཆར་ཐུབ་པའི་ཕྱིར་ཡིན་ཅིང་། གོ་རིམ་ནི། མུན་པ་ལ་སྟོང་གཟུགས་འཆར་སླ་ཞིང་། སྣང་བ་འཆར་དཀའ་བས། སླ་རིམ་ནས་བཤད་པ་ཡིན་ཏེ། ལྟ་སྟངས་བྱས་དམིགས་པ་བཟུངས་དུས། མིག་གི་རླུང་མ་རེངས་བར་ལ་སྐྱ་བོ་སོགས་སྣང་བ་ལོག་མི་ནུས་པས། སྟོང་གཟུགས་འཆར་དཀའ། མུན་པ་ལ་སྐྱ་བོ་སོགས་མི་འཆར་བས་སོ། །འདིའི་སྐབས་ཀྱི་ཚད་མ་ནི། རྒྱུད་དང་སེམས་འགྲེལ་བཞིན་དུ་མ་གྲགས་ཀྱང་། རྡོ་རྗེ་སྙིང་འགྲེལ་ལས། དབང་པོའི་མངོན་སུམ་ཚད་མ་ཡིན་པར་གསུངས་པའི་དགོངས་པ་ནི། དེའི་དུས་སུ་ཡིད་ཤེས་ལ་ཡུལ་ལྔའི་སྣང་བ་འཆར་བས་དེ་ལྟར་བཤད་དོ། ། གཉིས་པ་བསམ་གཏམ་སྒོམ་པ་ལ། ལུས་གནད་སོགས་སྔར་དང་འདྲ་བ་ལ། དངོས་གཞིའི་སྐབས་སུ། ཐིག་ལེར་ནང་དུ་སྟོང་གཟུགས་སྣ་ཚོགས་འཆར་བའི་ངེས་ཅན་རྣམས་དང་། བུམ་སྣམ་སོགས་ངེས་མེད་དུ་ཤར་བའི་སྟོང་གཟུགས་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སྤྲོས་ལ་མཐར་དེ་རྣམས་ལྷའི་རྣམ་པར་བསྒྱུར་ལ་གཅིག་ལ་གཅིག་བསྟིམས་ཤིང་བསྡུས་ནས། སྔར་གྱི་ལོངས་སྐུའི་རྣམ་པ་དེ་ལ་བསྡུས་ནས་སྒོམ་ལ། དེ་ལ་རང་གི་ང་རྒྱལ་བཞག་ཅིང་བསྒོམས་པས། མཐར་འབད་རྩོལ་ཆེན་པོ་ལ་མི་བལྟོས་པར་བློ་ཁ་ཕྱོགས་པ་ཙམ་གྱིས་ང་རྒྱལ་ངེས་ཅན་དུ་འཆར་བ་བྱུང་ན་མཐར་ཕྱིན་པ་ཡིན་པས། དེ་ནས་སྲོག་རྩོལ་སྒོམ་པ་ལ་འཇུག་རན་པའོ། །བསམ་གཏན་ལ་རྟོག་
དཔྱོད་དགའ་བདེ་རྩེ་གཅིག་པ་སྟེ། ཡན་ལག་ལྔ་བཤད་པ་ལ། དེའི་དོན་ནཱ་རོ་པས་དབང་མདོར་བསྟན་གྱི་འགྲེལ་པར་སྟོང་གཟུགས་རགས་པ་རྩིང་བའི་རྣམ་པ་ཅན་དུ་ངོ་བོ་ཙམ་མཐོང་བ་རྟོག་པ། ཕྲ་བ་ཞིབ་པའི་རྣམ་པ་ཅན་དུ་ཁྱད་པར་མཐོང་བ་དཔྱོད་པ། སེམས་ཤིན་སྦྱངས་དྲངས་པ་ལས་བྱུང་བའི་ཡེ་ཤེས་འཁོར་གྱི་ཚོར་བ་དགའ་བ། ལུས་ཤིན་སྦྱངས་དྲངས་པ་ལས་བྱུང་བའི་ལུས་ཤེས་འཁོར་གྱི་ཚོར་བ་བདེ་བ། སེམས་ཀྱི་སྣང་བ་ཙམ་ངེས་པ་ལྔ་ལྡན་གྱི་རྡོ་རྗེ་སེམས་དཔའི་སྐུར་ཤར་བ་དང་། རང་གི་སེམས་གཉིས་དབྱེར་མེད་དུ་འདྲེས་ནས་སྐུ་སེམས་ལས་ལོགས་སུ་མི་སྣང་བར་དབྱེར་མེད་གཅིག་ཏུ་འདྲེས་པའི་སེམས་ནི། རྩེ་གཅིག་པའི་ཡན་ལག་ཏུ་བཤད་དོ། །ཡན་ལག་དང་པོ་གཉིས་ལྷག་མཐོང་དང་། ཐ་མ་གསུམ་ཞི་གནས་ཏེ་བསམ་གཏན་ནི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནོ། ། གསུམ་པ་སྲོག་སྒྲུབ་བྱེད་ཀྱི་ཡན་ལག །སྲོལ་རྩོལ་བཤད་པ་ལ། སྒྲ་དོན་ནི། སྲོག་ནི། རླུང་ཡིན་ལ། རྩོལ་བ་ནི། དེ་འགོག་པ་སྟེ། རོ་རྐྱང་དུ་རྒྱུ་བའི་རླུང་འགོག་པའོ། །སྲོག་རྩོལ་བསྒོམ་དགོས་པའི་རྒྱུ་མཚན་ནི། དབུ་མའི་ནང་དུ་སྟོང་གཟུགས་དང་རང་གི་སེམས་གཅིག་ཏུ་བྱས་པ་ལ་ང་རྒྱལ་འཇོག་ནུས་པ་སྔར་ཡོད་ཀྱང་། ད་དུང་རླུང་གི་དབང་གིས་རྒྱང་ཆད་དུ་ཡོད་པས་དེ་བཀག་ནས། རྡོ་རྗེ་སེམས་དཔའི་སྐུ་ལ་བཅོས་མིན་གྱི་ང་རྒྱལ་བསྟེན་པ་དང་། ལུས་ལ་གནད་དུ་བསྣུན་པའི་རླུང་གི་རྣལ་འབྱོར་སྔར་ནས་ཡོད་ཀྱང་། སྲོལ་རྩོལ་གྱིས་ལྟེ་བའི་རྩ་འཁོར་གྱི་དབུས་སུ་གནད་དུ་བསྣུན་པ་ལས། གཏུམ་མོ་ཁྱད་པར་ཅན་དབུ་མའི་ནང་ནས་འབར་བས་ཁམས་ཞུ་བའི་བདེ་ཆེན་འདྲེན་པ་སྔར་མེད་པས་དེའི་ཕྱིར་དང་། སྲོག་ཐུར་གཉིས་ལྟེ་བའི་རྩ་འཁོར་གྱི་དབུས་སུ་བསྲེ་ལུགས་ཁྱད་པར་ཅན་གྱིས་བསྲེ་དགོས་ལ། དེ་ལ་ཡང་རླུང་ལ་
དངོས་སུ་དམིགས་པའི་སྲོག་རྩོལ་བསྒོམས་ནས་བསྲེ་དགོས་པའི་ཕྱིར་ཡིན་ནོ། །དབྱེ་བ་ནི། རྡོ་རྗེའི་བཟླས་པ་དང་། བུམ་པ་ཅན་གཉིས་སུ་ཡོད་དེ། འདི་ལ། རྔུབ་པ་དང་། དགང་བ་དང་། གཞིལ་བ་རྣམས་ནི། རྡོ་རྗེའི་བཟླས་པ་ཉིད་ལ་ཕྱག་རྡོར་བསྟོད་འགྲེལ་སོགས་ལས་བཤད་ཅིང་། གོ་རིམ་རྡོར་བཟླས་སྔོན་དུ་བྱས་ན། རིགས་པ་དྭངས་པ་དང་ཁམས་བདེར་འགྱུར་ཞིང་། དེའི་སྟོབས་ཀྱིས་རླུང་ཆ་སྙོམས་པར་བཤད་པས། སྔོན་དུ་རྡོར་བཟླས་དང་། དེ་ནས་བུམ་པ་ཅན་བསྒོམ་མོ། །རྡོར་བཟླས་བྱེད་ལུགས་ཀྱང་། བོད་སྔ་མ་ཁ་ཅིག །རླུང་སྣ་བུག་གཡས་གཡོན་གཉིས་ཀ་ནས་རྒྱུ་བའི་དུས་སུ་རིམ་པ་བཞིན་རོ་རྐྱང་དབུ་མ་གསུམ་གྱི་ནང་དུ་དམིགས་པ་གཏད་ནས། རླུང་ནང་དུ་འཇུག་གནས་ལྡང་གསུམ་ཡི་གེའི་གཟུགས་སུ་བྱེད་པ་དང་། རོ་རྐྱང་དབུ་མ་གསུམ་ལ་དམིགས་པའི་རྡོར་བཟླས་ལ་སྐུ་གསུང་ཐུགས་རྡོ་རྗེའི་བཟླས་པར་འདོད་པ་སོགས་མི་འཐད་དོ། ། རང་ལུགས་ནི། ཡི་གེ་གསུམ་གྱི་རྡོར་བཟླས་འདི། བདེ་མཆོག་བསྟོད་འགྲེལ་དང་། དབང་མདོར་བསྟན་གྱི་འགྲེལ་པར་བཤད་པ་ལྟར་བྱའོ། །སྲོག་རྩོལ་སྒོམ་པའི་ཚེ་བགེགས་མཐར་བྱེད་ཀྱི་ལྟ་སྟངས་བྱེད་པར་གསུངས་པ་ལ་དྲང་ངེས་གཉིས་ཡོད་པའི་སྔ་མ་སོར་སྡུད་ཀྱི་སྐབས་དང་འདྲ་ལ། ཕྱི་མ་རླུང་ལ་བཤད་པས་སྟོང་གཟུགས་དང་རླུང་སྒྲགས་པ་ལ་མིག་དང་ཡིད་ཀྱི་ལྟ་སྟངས་མ་ཤོར་བ་བྱེད་དགོས་ཤིང་། དེ་ནི། རླུང་ནང་དུ་འཇུག་པའི་ཚེ་རླུང་གི་རང་གདངས་ཨོཾ་གི་གདངས་སུ་ཤར་བའི་རླུང་གི་ཤུགས་ཀྱིས་སོར་བསམ་གྱིས་བསྒྲུབས་པའི་སྟོང་གཟུགས་ཁྱད་པར་ཅན་དཔྲལ་བའི་རྩ་འཁོར་གྱི་དབུས་ན་ཡོད་པ་དེ་ཁྱེར་ནས་དབུ་མའི་ནང་ལ་བརྒྱུད་དེ། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་བར་དུ་འཇུག་པར་བསམ་
ཞིང་། གནས་པའི་ཚེ། རླུང་གི་རང་གདངས་ཧཱུཾ་གི་གདངས་སུ་ཤར་བ་དང་། སྟོང་གཟུགས་གཉིས་མཉམ་དུ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་གནས་པར་བསམ་པ་དང་། ཕྱིར་འབྱུང་བའི་ཚེ། རང་གདངས་ཨཱཿའི་གདངས་སུ་ཤར་བའི་རླུང་གི་ཤུགས་ཀྱིས་སྟོང་གཟུགས་དེ་དབུ་མའི་ལམ་ནས། ཡར་སྣ་བར་དུ་ཁྱེར་ནས་ཕྱིར་ལ་འབྱུང་བར་བསམ་ཞིང་། དེ་ལྟར་ཡང་ཡང་བསྒོམས་ན། དང་པོ་རང་ནས་དེ་ལྟར་གནས་པ་མི་འོང་ཡང་མཚམས་ཤིག་ནས། འཇུག་ལྡང་གཉིས་ཇེ་ཐུང་ལ་སོང་ནས་རླུང་ཡང་སྟོང་གཟུགས་གཉིས་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་གནས་པ་ཡུན་ཇི་རིང་ལ་འགྲིམས་མཐར་སྣ་བུག་ནས་རྒྱུ་བའི་རླུང་འགགས་ནས་ལྟེ་བའི་རྩ་འཁོར་གྱི་དབུས་རང་དུ་གཡོ་མེད་དུ་ཁྲིག་གེ་གནས་པ་འབའ་ཞིག་འབྱུང་བར་འགྱུར་རོ། །དེ་ལྟར་བྱུང་བ་ན་རྡོར་བཟླས་ཀྱི་ནུས་པ་རྫོགས་པ་ཡིན་པས། མཚམས་དེ་ནས་བུམ་པ་ཅན་བསྒོམ་པ་ལ་འཇུག་རན་པ་ཡིན་ནོ། །དེས་ན་རླུང་གང་ནས་རྒྱུ་ཡང་། དམིགས་པ་དབུ་མ་རང་གི་ནང་དུ་རྒྱུ་བར་དམིགས་དགོས་པ་ཡིན་ནོ། །བུམ་པ་ཅན་སྒོམ་པའི་ཚུལ་ནི། སྟེང་འོག་ཏུ་འགྲོ་བའི་སྲོག་ཐུར་གཉིས་ཡར་མར་གྱི་དབུ་མའི་ལམ་ནས་དྲངས་ཏེ། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་གི །བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེའི་དབུས་སུ་ཡིད་ཀྱིས་ཁ་སྦྱར་བྱས་ཏེ་སྲོག་ཐུར་གཉིས་རང་གི་སེམས། སྟོང་གཟུགས་ཁྱད་པར་ཅན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ལ་སེམས་བཟུངས་ཏེ་བུམ་པ་ཅན་བསྒོམ་མོ། །དེའི་ཤེས་བྱེད་དུ། སྟེང་དང་འོག་ཏུ་འགྲོ་བའི་རླུང་། །ཡིད་ཀྱི་ཁ་སྦྱར་དུ་བྱས་ཏེ། །ཞེས་གསུངས་སོ། །དེ་ལྟར་བསྒོམས་པས་བུམ་པ་ཅན་རབ་ཁེགས་པ་ན། ལྟེ་བའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་གི་གཏུམ་མོ་འབར་ནས། ཡས་བབས་ཀྱི་དགའ་
བཞི་འདྲེན་ནུས་འབྱུང་བ་ན། སྲོག་རྩོལ་གྱི་ནུས་པ་དེས་རྫོགས་པས། དེ་ནས་འཛིན་པའི་ཡན་ལག་བསྒོམ་པར་བྱའོ། ། བཞི་པ་འཛིན་པའི་ཡན་ལག་སྒོམ་པའི་ཚུལ་ནི། སྤྱིར་བུམ་པ་ཅན་སྒོམ་པ་དང་འདྲ་ཡང་། བསྒོམ་པའི་གནས་དང་གོ་རིམ་ནི། སྡུད་རིམ་བཞིན་དུ་ས་ཆུ་ལ་ཐིམས་པའི་ཚུལ་གྱིས་སྙིང་ཁའི་རྩའི་བར་གྱི་དྷཱུ་ཏཱིའི་ནང་དང་། དེ་ནས་ཆུ་མེ་ལ་ཐིམས་པའི་ཚུལ་གྱིས་མགྲིན་པ་དང་། དེ་ནས་མེ་རླུང་ལ་ཐིམས་པའི་ཚུལ་གྱིས་དཔྲལ་བ་དང་། རླུང་ནམ་མཁའ་ལ་ཐིམས་པས་གཙུག་ཏོར་དང་། ནམ་མཁའ་ཡེ་ཤེས་ལ་ཐིམས་པས་གསང་གནས་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་སྲོག་ཐུར་སེམས་གཟུགས་དབྱེར་མེད་དུ་སྔར་ལྟར་བསྒོམ་ཞིང་། དེ་ལྟར་བསྒོམས་པས་རིམ་པ་བཞིན་རྩ་འཁོར་རེ་རེའི་དབུས་སུ་ཡང་བུམ་པ་ཅན་རབ་ཁེགས་པ་འཛིན་ནུས་པ་དང་། མས་བརྟན་གྱི་དགའ་བཞི་འདྲེན་ནུས་པ་འབྱུང་ཞིང་། དེ་དུས་བདེ་སྟོང་སྦྱར་ནས་བསྒོམ་པར་བྱའོ། །དེ་ཡང་སྔོན་དུ། རང་ཉིད་དུས་འཁོར་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་བའི་མཐུས། སྟོང་གཟུགས་ཀྱི་སྐུ་དངོས་དང་རྗེས་སུ་མཐུན་ཚབས་ཆེ་བའི་སྟོང་གཟུགས་ཀྱི་སྐུ་རྗེས་མཐུན་པར་ཡིད་ངོར་ལྡང་ནུས་པར་འགྱུར་རོ། །འཛིན་པའི་ཕ་མ་འདི་ནི། འདུས་པ་ནས་འོད་གསལ་བཤད་པ་དང་ཐུན་མོང་བ་ཡིན་ལ། དེའི་གནད་ཀྱི་གནས་སྐབས་རིགས་བཞིའི་ཐིག་ལེ་སྒྲིབ་བྲལ་དུ་བྱེད་ཚུལ་ཡང་ཤེས་པར་བྱའོ། །དེ་ལྟར་འཁོར་ལོ་དྲུག་ཀའི་དབུས་སུ་སྲོག་ཐུར་རང་སེམས་སྟོང་གཟུགས་དང་བཅས་པ་དུས་གཅིག་ཏུ་བསྲེས་ནུས་པ། དམིགས་པ་གཏད་རེས་ཀྱིས་འཛིན་ཐུབ་ན་འཛིན་པའི་ལག་རྗེས་མཐར་ཕྱིན་ནས། རྗེས་དྲན་ལ་འཕོ་བའི་མཚམས་
སོ། ། ལྔ་པ་བདེ་བ་སྒྲུབ་བྱེད་ཀྱི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་རྗེས་དྲན་བསྒོམ་པ་ལ། སྒྲ་དོན་ནི། འགྲེལ་ཆེན་ལས། གཟུགས་བརྙན་དང་པོ་དྲན་པ་དང་། ཕྱི་ནས་དྲན་པ་གཉིས་གསུངས་པའི་དང་པོ། བསམ་གཏན་གྱི་སྐབས་སུ་སྟོང་གཟུགས་རྗེས་མཐུན་ཐོབ་པ་དེ་དྲན་པ་དང་། དེའི་རྗེས་སུ་སྟོང་གཟུགས་མཚན་ཉིད་པ་ཐོབ་ཅིང་དེ་རྗེས་སུ་དྲན་པ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་འཛིན་པ་ཡན་ཆད་དུ་རང་ཉིད་སྟོང་གཟུགས་འདོད་ལྷ་ཡབ་ཡུམ་དུ་ལངས་པ་ལ། ང་རྒྱལ་རྩོལ་མེད་དུ་འཇོག་ནུས་ཀྱང་། དེ་ཡན་ལག་སྟོང་གཟུགས་འདོད་ལྷ་ཡབ་ཡུམ་གྱི་བ་སྤུའི་བུ་ག་ནས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པའི་འོད་ཟེར་དང་། སྙོམས་པར་ཞུགས་པ་ལས་མཆོག་མི་འགྱུར་གྱི་བདེ་བ་མི་འབྱུང་བས་སྟོང་གཟུགས་རྗེས་མཐུན་པ་ཅེས་བཤད་ཅིང་ནམ་ཞིག་ན་ཡིད་ངོ་ཙམ་མིན་པར་དངོས་གནས་ལ་སྟོང་གཟུགས་དུས་འཁོར་ཡབ་ཡུམ་གྱི་སྐུར་ལངས་ནས། བ་སྤུའི་བུ་ག་ནས་འོད་ཟེར་མཐའ་ཡས་པ་བྱུང་ཞིང་། སྣ་ཚོགས་ཡུམ་དང་ནུས་མ་བཅུ་སོགས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་སྙོམས་པ་ཞུགས་པས་མཆོག་མི་འགྱུར་གྱི་བདེ་བ་ཕྱག་རྒྱ་དེའི་མཐུས་འདྲེན་ནུས་པ་བྱུང་བ་ན། རྗེས་དྲན་གྱི་ཡན་ལག་ཐོབ་པ་ཡིན་ནོ། །སྐབས་འདིར་རྒྱུད་འགྲེལ་ལས། ཕྱག་རྒྱ་བཞིའི་རྣམ་གཞག་གསུངས་ཏེ། ལས་རྒྱ། ཡེ་རྒྱ། ཕྱག་ཆེན། དམ་ཚིག་གི་ཕྱག་རྒྱ་སྟེ་བཞི་ཡིན་ལ། དང་པོ་གསུམ་ནི། མི་འགྱུར་བའི་བདེ་བ་སྐྱེད་བྱེད་ཡིན་ལ། བཞི་པ་ནི། སྔ་མ་གསུམ་ལ་བརྟེན་ནས་བྱུང་བའི་བདེ་བ་ལ་ཕྱག་རྒྱར་བརྗོད་པའོ། །དེ་ལ་ལས་རྒྱ་ནི། སྔོན་གྱི་ལས་ཀྱིས་ནུ་མ་དང་སྐྲར་ལྡན་པའི་བུད་མེད་ལ་འཁྱུད་པ་སོགས་ཀྱི་ལས་རྒྱ་བསྒོམས་པ་ལ་མི་ལྟོས་པར་ཕྱག་རྒྱ་དངོས་ནས་ཚུར་ལ་བྱེད་ནུས་པའོ། །ཡེ་རྒྱ་ནི། རྟོག་པས་བརྟགས་
ནས། བསྒོམས་པའི་ལྷ་མོར། ཕྱག་ཆེན་ནི། རང་གི་སེམས་ཀྱི་སྣང་བ་ལས་སྣ་ཚོགས་ཡུམ་ལ་སོགས་པར་དངོས་སུ་ལངས་པའི་སྟོང་གཟུགས་སོ། །ཕྱག་རྒྱ་འདི་གསུམ་ལ་བརྟེན་ནས། བདེ་བ་འདྲེན་པའི་སྐབས་སུ། བྱང་སེམས་འཁོར་ལོ་གོང་མ་ནོར་བུའི་རྩེ་བར་དུ་འཛག་པ་དང་། གཡོ་བ་དང་། འཁྱུད་པར་མཚུངས་དགོས་ཤིང་། ནོར་བུའི་རྩེ་ལས་ཕྱི་རོལ་ཏུ་མི་འཛག །མི་གཡོ་བར་མཚུངས་དགོས་ན། འགྲེལ་ཆེན་ལས། ལས་རྒྱ་ནི། འཛག་པའི་བདེ་བ་སྦྱིན་པར་བྱེད་པ་མོ། །ཡེ་རྒྱ་ནི། གཡོ་བའི་བདེ་བ་སྦྱིན་པའི་བྱེད་པ་མོ། །ཕྱག་ཆེན་ནི། མི་འགྱུར་བའི་བདེ་བ་སྦྱིན་པ་མོ། ཞེས་པ་ཇི་ལྟར་ལེན་ཞེ་ན། རྣལ་འབྱོར་པས་བསྒོམ་སྟོབས་ཀྱི་ཁམས་ཕྱིར་འཕོ་བ་མ་བཀག་ན། ལས་རྒྱ་རང་དང་སྙོམས་པར་ཞུགས་པའི་ལག་རྗེས་ནི། ཁམས་ནོར་བུའི་ཕྱི་རོལ་ཏུ་འཛག་པར་བྱེད་པས་དེ་ལ་ཇི་སྐད་བྱ་ཞིང་། ཡེ་རྒྱ་ནི། འཁོར་ལོ་གོང་ནས་འབབ་པའི་ཐིག་ལེ་ཕྱག་རྒྱ་དེའི་མཐུས། གནས་དེར་གཡོ་མེད་དུ་འཛིན་མི་ནུས་པ། གནས་དེ་ནས་ལུས་ཀྱི་རྩ་གནས་གཞན་དུ་གྲམ་ནས་འགྲོ་བས་དེ་སྐད་ཅེས་བྱའོ། །ཕྱག་རྒྱ་ཆེན་མོ་ནི། དེ་དང་སྙོམས་པར་ཞུགས་པས་ཁམས་ཞུ་བ་ནོར་བུའི་རྩེར་བབས་པ་དེ། ཕྱི་རོལ་ཏུ་མི་འཛག་པར་མ་ཟད། གནས་གཞན་དུ་ཡང་མི་འགྱུར་བར་ཕྱག་རྒྱ་དེ་ཉིད་ཀྱི་མཐུས་བྱེད་ནུས་པས། དེ་ལ་མི་འགྱུར་བའི་བདེ་བ་སྦྱིན་པ་མོ་ཞེས་གསུངས་སོ། །སྟོང་གཟུགས་དུས་འཁོར་ཡབ་ཡུམ་དུ་དངོས་སུ་ལངས་པ་ན། དབང་རྣོན་གྱིས་ནི། ཕྱག་རྒྱ་གཞན་ལ་མི་ལྟོས་པར་ཕྱག་རྒྱ་ཆེན་མོ་དང་སྙོམས་པར་ཞུགས་པས་མི་འགྱུར་བའི་བདེ་བ་འདྲེན་ནུས་ལ། དབང་འབྲིང་གིས་ནི། ཐོག་མར་ཡེ་རྒྱ་ལ་བརྟེན་པའི་བདེ་བ་དེས་
མཚོན་ནས། ཕྱིས་ཕྱག་ཆེན་ལ་བརྟེན་ནས་འགྲུབ། དབང་རྟུལ་གྱིས་ནི། དང་པོ་ལས་རྒྱ། དེ་ནས་ཕྱག་ཆེན་ལ་བརྟེན་ནས་བདེ་བ་འདྲེན་པ་ཡིན་ཅིང་། དེ་ལྟར་ཕྱག་རྒྱ་ཆེན་མོ་དང་སྙོམས་པར་ཞུགས་པས་སྤྱི་བོའི་ཁམས་དཀར་པོ་ཧཾ་ཡིག་གི་རྣམ་པ་ཅན་ཞུ་ནས་བབས་པ་ནོར་བུའི་རྩེར་སླེབས་པ་དང་། དེ་དང་དུས་མཉམ་དུ་དམར་ཆ་གཙུག་ཏོར་དུ་གནས་པ་གཉིས་གཞན་དུ་མི་འགྱུར་བ་དེ་ཉིད་དུ་བརྟན་པར་བྱས་པའི་ཐིག་ལེ་དེ་ལས་བྱུང་བའི་བརྟེན་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་གཅིག་ནམ་རྒྱུད་ལ་སྐྱེས་པ་ན་རྗེས་དྲན་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འཕོས་པ་ཡིན་ནོ། །དེ་ལྟར་དཀར་ཆ་དམར་ཆ་ནོར་བུའི་རྩེ་དང་། གཙུག་ཏོར་དུ་དུས་མཉམ་དུ་ཐོག་མར་ནམ་བརྟན་པ་ན། དེ་ལ་བརྟེན་པའི་བདེ་བ་སྐད་ཅིག་མ་གཅིག་སྐྱེ། ལུས་ཀྱི་བེམ་པོའི་ཆ་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་ཕྱེ་བའི་རགས་རིམ་ནས་ཆ་གཅིག་ཟད། སྣ་བུག་ནས་རྒྱུ་བའི་ལས་རླུང་༢༡༦༠༠ཡི་ནང་ནས། སྟོང་བརྒྱད་བརྒྱ་པ་གཅིག་འགགས་པ་རྣམས་དུས་མཉམ་དུ་འབྱུང་ངོ་། །དེ་འདྲ་བའི་བདེ་བ་སྟོང་བརྒྱད་བརྒྱ་རྫོགས་པ་དང་ཐིག་ལེ་སྟོང་དགུ་བརྒྱ་གོ་དགུ་བརྩེགས་པ་ན་འདི་པའི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཐོབ། སྟོང་བརྒྱད་བརྒྱ་པ་གཅིག་རྫོགས་པ་ན་ས་དང་པོ་ཐོབ་པས་ན་འཕགས་པ་འཐོབ་ཅིང་། དེ་ལྟ་བུའི་ཚུལ་གྱིས་བདེ་བའི་རྟེན་ཐིག་ལེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནོར་བུའི་རྩེ་ནས་ཡར་བརྩེགས་པ་གཙུག་ཏོར་བར་དུ་བརྟན་པ་དང་། དམར་ཆ་༢༡༦༠༠གཙུག་ཏོར་ནས་ནོར་བུའི་རྩེ་བར་བརྟན་པ་ན་ཐིག་ལེ་རེ་རེ་ལ་བརྟེན་པའི་མི་འགྱུར་བའི་བདེ་བ་སྐད་ཅིག་མ་༢༡༦༠༠རྫོགས་པ་དང་། ལས་རླུང་༢༡༦༠༠འགགས་པས་ལུས་ཀྱི་བེམ་པོའི་ཁམས་ཐམས་ཅད་ཟད་ནས་ཕུང་
ཁམས་སྐྱེ་མཆེད་ཐམས་ཅད་སྒྲིབ་བྲལ་དུ་འགྱུར་ཏེ། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པ་དང་། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པ་རྣམས་དུས་མཉམ་དུ་འབྱུང་བ་ཡིན་ནོ། །དེ་ཡང་རྒྱུད་ལས། འབྲས་བུ་པའི་སྐུ་གསུང་ཐུགས་ངོས་འཛིན་པའི་སྐབས་སུ། ལུས་ནི་དྭངས་ཤིང་རྡུལ་ཕྲན་སྤངས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །ཐུགས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་གསུངས་པས་དེའི་དོན་ནི། རང་ལུས་དངོས་གནས་ལ་མཚན་དཔེས་སྤྲས་པའི་སྟོང་གཟུགས་དུས་འཁོར་ཡབ་ཡུམ་གྱི་སྐུ་ནམ་མཁའ་དང་མཚུངས། དྭངས་ཤིང་ཐོགས་པ་མེད་པ་བེམ་པོས་སྟོང་པ་དང་། དམ་པ་ནི། མཆོག་དང་། མི་གཡོ་བ་ནི། མི་འགྱུར་བ་སྟེ། ཐུག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། རྣམ་མེད་རང་བཞིན་གྱིས་གྲུབ་པའི་སྟོང་པའི་སྟོང་ཉིད་རོ་གཅིག་ཏུ་ཞུགས་པས་དུས་ཐམས་ཅད་དུ་འཁྱུད་པ་ནི་ཐུགས་རྗེ། དེ་འདྲ་བའི་ཐུགས་དང་། གོང་གི་སྐུ་གཉིས་པོ་ད་ལྟར་གྱི་ལུས་སེམས་བཞིན་དུ་དོན་གཞན་མིན་པར་ངོ་བོ་དབྱེར་མེད་པའི་རྟེན་དང་བརྟེན་པར་དུས་གཅིག་ཏུ་ཚོགས་པ་ནི། དམ་པ་དང་པོའི་སངས་རྒྱས་དང་། ཡན་ལག་དྲུག་གི་ནང་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཅེས་བྱའོ། །འདི་པའི་ལུགས་ཀྱིས་སྟོང་པ་ལ་རྣམ་བཅས་དང་། བདེན་སྟོང་ལ་རྣམ་མེད་ཀྱི་སྟོང་ཉིད་ཟེར་ཏེ། དེ་ཡང་། སྟོང་གཟུགས་དེ་ཉིད་མངོན་སུམ་དུ་མཐོང་བའི་བློ་དེའི་དོན་གཉིས་སྣང་དང་བཅས་པར་སྣང་བས་རྣམ་བཅས་ཞེས་དང་། དགག་བྱ་རྡུལ་ཕྲ་རབ་ལས་འདས་ཤིང་བེམ་པོས་སྟོང་པས་དེ་སྐད་ཅེས་བྱའོ། །རྣམ་མེད་
ཀྱི་སྟོང་ཉིད་ནི། དགག་བྱ་རང་བཞིན་གྱིས་གྲུབ་པས་སྟོང་ཞིང་དེ་ཉིད་མངོན་སུམ་དུ་མཐོང་བའི་བློ་དོན་གཉིས་སྣང་མཐའ་དག་ལོག་པས་རྣམ་མེད་ཅེས་བྱའོ། །དེ་འདྲ་བའི་སྟོང་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཉིས་རོ་གཅིག་ཏུ་ཞུགས་པ་དང་སྔར་བཤད་པའི་སྟོང་གཟུགས་གཉིས་ནི། ཕྱོགས་གཞན་གྱི་འོད་གསལ་དང་། སྒྱུ་ལུས་ཀྱི་དོད་ཡིན་ནོ། །དེ་གཉིས་དུས་གཅིག་ཏུ་སྐུ་དང་ཐུགས་སུ་ཚོགས་པ་ནི། ཟུང་འཇུག་གི་དོད་ཡིན་ནོ། །འདི་པའི་བདེ་བ་སྟོང་བརྒྱད་བརྒྱ་པ་བཅུ་གཉིས་སུ་བྱས་པའི་བདེ་སྟོང་གི་ཡེ་ཤེས་སྟོང་བརྒྱད་བརྒྱས། ལས་རླུང་དང་། བེམ་པོའི་ཆ་དང་། ཉོན་མོངས་སྟོང་བརྒྱད་བརྒྱ་པ་རེ་རེ་འགགས་པ་དང་། ཐིག་ལེ་སྟོང་བརྒྱད་བརྒྱ་པ་རེ་བརྩེགས་པ་དང་། ས་བཅུ་གཉིས་ཀྱི་ས་རེ་རེ་ཐོབ་པ་རྣམས་དུས་མཉམ་མོ། །མདོར་ན་སྟོང་གཟུགས་ཡབ་ཡུམ་གསང་གནས་སུ་སྙོམས་པར་འཇུག་པས་ཁེངས་པ་ན། རིམ་པ་བཞིན་ལྟེ་བ་ནས་གཙུག་ཏོར་གྱི་བར་སྙོམས་པར་འཇུག་གོ །སྟོང་གཟུགས་ཀྱི་ཁྱད་པར་མ་གཏོགས་འཇིག་རྟེན་ལས་འདས་པའི་ལམ་བགྲོད་ཚུལ་ལམ་འབྲས་བུ་དང་འདྲའོ། །འོན་ཀྱང་ས་དང་པོ་ཐོབ་མཚམས་མི་འདྲའོ། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཡི། །རྫོགས་རིམ་ཡན་ལག་དྲུག་གི་དམིགས་རིམ་འདི། །རྒྱུད་འགྲེལ་ཁྲིད་ཡིག་དམ་པའི་གསུང་བཞིན་དུ། །གསལ་ལ་མ་ནོར་མདོར་བསྡུས་བརྗེད་བྱང་དུ། །དམ་པའི་གསུང་ལ་མོས་པ་བརྟན་ཕྱིར་དང་། །རང་གི་གདུལ་བྱ་འགའ་ཡིས་བསྐུལ་བ་དང་། །བདག་དང་མཉམ་པ་གཞན་ལའང་ཕན་ཕྱིར་དུ། །དགེ་འདུན་གྲུབ་ཀྱིས་ལྷག་བསམ་དག་པས་བཀོད། །དགེ་འདིས་མཁའ་མཉམ་འགྲོ་བ་མ་ལུས་པ། །གསང་སྔགས་རྡོ་རྗེ་
ཐེག་པའི་སྒོར་ཞུགས་ནས། །བདེ་སྟོང་མཆོག་གི་དཔལ་ལ་ལོངས་སྤྱོད་དེ། །དམ་པ་དང་པོའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོའི་གདུལ་བྱའི་ཐ་ཆུང་བཙུན་པ་དགེ་འདུན་གྲུབ་ཀྱིས། ལྷུན་གྲུབ་སྡེ་ཆེན་གྱིས་དེ་འབྱོར་རྣམ་སྲས་གླིང་དུ་ཟིན་བྲིས་སུ་ལེགས་པར་བགྱིས་པའོ།། །།སརྦ་མངྒལཾ།།
ཤོག་སྟོང་།