བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ།
བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་བཞུགས་སོ།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣམ་དཀར་དགེ་ལ་འདུན་པའི་གྲུ་ཆེན་གྱིས། །རྣམ་མང་གྲུབ་མཐའ་རྒྱ་མཚོའི་མཐར་སོན་ནས། །རྣམ་གྲོལ་ནོར་བུའི་དཔལ་འབྱོར་སྩོལ་མཛད་པ། །རྣམ་འདྲེན་དེད་དཔོན་བཟང་པོ་རྒྱལ་གྱུར་ཅིག །དགེ་ཚོགས་མུ་མེད་ཀྱིས་བསྐྲུན་སྐུ། །འདུན་ལྡན་ཡིད་ཀྱི་རེ་སྐོང་གསུང་། །གྲུབ་མཆོག་བདུད་རྩིའི་དཔལ་ལྡན་ཐུགས། །བཟང་པོའི་ཕྲིན་ལས་ཅན་དེར་འདུད། །ཐོས་པ་རྒྱ་མཚོའི་ཕ་རོལ་སོན། །རྟོགས་པ་ཡིད་བཞིན་ནོར་བུ་བརྙེས། །འགྲོ་མང་དགེ་ལ་འདུན་མཛད་པའི། །དོན་གཉིས་ལྷུན་གྲུབ་ལ་ཕྱག་འཚལ། །གང་གིས་ཡོན་ཏན་དཔག་ཡས་ནམ་མཁའི་མཐའ། །བློ་ཆེན་གྱིས་ཀྱང་གཞལ་བར་མི་སྤྱོད་དེ། །འོན་ཀྱང་བདག་ཉིད་དད་པ་ཁོ་ནའི་རྒྱུས། །དེང་འདིར་ཅུང་ཟད་བརྗོད་ལ་མི་རིགས་མེད། །དེ་ལ་བདག་ཅག་གི་བླ་མ་དཀོན་མཆོག་གསུམ་ལ་བླ་མར་མཛད་པ། རིག་པའི་གནས་མཐའ་དག་ཐུགས་སུ་ཆུད་པ། སྒྲུབ་པའི་ཡོན་ཏན་གྱིས་བླ་མ་མཉེས་པར་མཛད་པ། ཡོན་ཏན་གྱི་ཚོགས་ཀྱི་བླ་མར་གྱུར་པ། དམ་པའི་ཆོས་འཛིན་པའི་སྨོན་ལམ་ལེགས་པར་གྲུབ་པ། རང་བས་གཞན་གཅེས་པར་འཛིན་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། བྱང་ཆུབ་སེམས་དཔའ་དོན་ཇི་ལྟ་བ་ཉིད་མངོན་སུམ་དུ་གཟིགས་པ་དེའི་རྣམ་པར་ཐར་པ་ཆེ་ལོང་ཙམ་གཏམ་དུ་བྱ་བ་འདི་ཡིན་ཏེ། སྐུ་བལྟམས་བསྟན་ལ་རབ་ཏུ་བྱུང་། །མཁས་བཙུན་བཟང་གསུམ་ཞབས་ལ་གཏུགས། །སྡོམ་པ་གསུམ་གྱི་ཁྲིམས་དང་ལྡན། །
སྡེ་སྣོད་གསུམ་ལ་སྦྱངས་པ་མཛད། །འཆད་རྩོད་རྩོམ་པའི་སྤོབས་པ་ཐོབ། །ཆོས་བརྒྱད་མགོ་སྙོམས་འབྲོམ་རྗེ་བཞིན། །སྐུ་མཆེད་གསུམ་གྱི་རྣམ་ཐར་བསྐྱངས། །ལུང་བསྟན་ངོ་མཚར་སྣ་ཚོགས་བརྙེས། །ཐུབ་བསྟན་འབའ་ཞིག་གཅེས་པར་བཟུངས། །སྐལ་ལྡན་སློབ་མའི་འཁོར་ཚོགས་རྒྱས། །ཞི་བའི་དབྱིངས་སུ་གཤེགས་པ་སྟེ། །ངོ་མཚར་མཛད་པ་བཅུ་གཉིས་སོ། །ཞེས་བྱ་བ་ཡིན་ནོ། །དེ་ལ་བདག་ཉིད་ཆེན་པོ་འདི་གང་དུ་སྐུ་བལྟམས་པའི་ཡུལ་ནི། དབུས་གཙང་རུ་བཞི་ལས་གཙང་རུ་ལག་གི་སའི་ཆ། དཔལ་ལྡན་ས་སྐྱ་དང་འདབ་ཆགས་པ་སྲད་ཀྱི་ལུང་པའི་ལག་ཅིག་ཏུ་གུར་མེའི་རུ་པར་ངར་ཚོའི་རིགས་སུ་ལྕགས་མོ་ལུག་གི་ལོ་ལ་སྐུ་བལྟམས་སོ། །ཡབ་མགོན་པོ་རྡོ་རྗེ་ཞེས་བྱ་བ་དང་། ཡུམ་ཇོ་མོ་ནམ་མཁའ་སྐྱིད་ཅེས་པ་གཉིས་ལ་སྲས་གསུམ་དང་། སྲས་མོ་གཅིག་སྟེ་བཞི་འཁྲུངས་པའི་གསུམ་པ་ཡིན་ལ། མཚན་པདྨ་རྡོ་རྗེ་ཞེས་བྱ་བར་བཏགས་སོ། །བླ་མ་ཆེན་པོ་འཁྲུངས་པའི་ནུབ་མོ་རུ་པ་ལ་དགྲ་ཇག་བྱུང་། ནོར་ཁྱེར་མི་རྣམས་ཀྱང་ཁྲིད་པའི་ཚེ། ཡུམ་གྱིས་བུ་ཆུང་ལ་ན་བཟའ་གཡོགས་ཏེ། རྡོའི་གསེབ་ཏུ་སྦས་ནས་ཕྱིན། སང་ཨ་ཕྱི་མོ་ཞིག་ཡོད་པ་དེས་བལྟར་ཕྱིན་པས། བུ་ཆུང་སྦས་པའི་ཉེ་འཁོར་ན་བྱ་རོག་དང་གཅན་གཟན་མང་དུ་འཁོར་བ་མཐོང་བས། སྔངས་ཏེ་དྲུང་དུ་ཕྱིན་ཙ་ན། བྱ་རོག་དང་གཅན་གཟན་མང་པོས་ཟ་བར་བརྩམས་པ་ལ། བྱ་རོག་སྣུམ་ལ་ཆེ་བ་ཞིག་གིས་གཞན་རྣམས་དྲུང་དུ་འཁོར་དུ་མི་འཇུག་པར་སྲུང་བ་མཐོང་བས་
ངོ་མཚར་སྐྱེས་ཏེ། སྐྱོབ་པའི་ལྷ་ཞིག་ཡིན་ན་ནི་རུ་པ་ཡང་དགྲས་མི་འཁྱེར་ཐང་། གནོད་པའི་འདྲེ་ཞིག་ཡིན་ན་བུ་ཆུང་ཡང་སྲུང་མི་ཐང་ཟེར་ནས། བུ་ཆུང་སྤྱན་དྲངས་ཏེ་སོང་། དེ་ནས་རེ་ཞིག་སྦྲ་མ་ཚུགས་པར་ཁ་སྟོད་ཀྱི། གྲོང་རྣམས་སུ་བོད་ཀྱི་ངོ་ཤེས་རྣམས་ལ་བརྟེན། ཆེར་ལོངས་ནས་གྲོང་པའི་རྫི་བོ་སོགས་ཀྱང་མཛད་ཅིང་བང་མགྱོགས་པས་ཤ་བ་སྐྱ་རེང་ཞེས་བླ་དྭགས་མིང་དུ་ཆགས་སོ། །དགུང་ལོ་བདུན་ལོན་པའི་ཚེ་ཡབ་འདས། ཡུམ་སྲས་རྣམས་ཁུ་བོ་དགེ་བཤེས་ཆོས་ཤེས་ཟེར་བ་ལ་བརྟེན་ཏེ་སྣར་ཐང་དང་དེའི་ཉེ་འཁོར་རྣམས་སུ་བཞུགས་སོ། །དེ་ནས་དཔལ་སྣར་ཐང་གི་མཁན་རབས་བཅུ་བཞི་པ་ཆོས་ཀྱི་རྗེ་གྲུབ་པ་ཤེས་རབ་ལ་བརྟེན། ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་སྡོམ་པ་བཞེས། ཐུགས་ལས་སུ་རུང་ཞིང་རྣམ་པར་དཔྱོད་པ་ཡངས་པར་གཟིགས་ནས། ཆོས་ཀྱི་རྗེ་གྲུབ་པ་ཤེས་རབ་ཀྱིས་ཀྱང་སྤྱན་གྱི་འབྲས་བུ་བཞིན་བཙས་སོ། །དེ་དུས་སྣར་ཐང་ན་ཀློག་དཔོན་བརྒྱ་སྟོན་ཙནྡྲ་པ་ཞེས་སློབ་མ་ཡང་མང་དུ་སྟེན་པ་ཅིག་ཡོད་པ་ལ་ཀློག་སྦྱངས་པས་ཚེགས་ཆུང་ངུས་མཁས་པར་མཁྱེན། ཡིག་དཔོན་ཤཱཀྱ་དཔལ་ཞེས་པ་ལ་ཡི་གེ་བསླབས་པས་འབད་རྩོལ་ཆེན་པོ་ལ་མ་བལྟོས་པར། ལཉྫ། ཝརྟུ། ཧོར་ཡིག་གསར། གཟབ་མ། འབྲུ་མ། ཚེག་བྲིས། ཡིག་སྣ་ལ་སོགས་པའི་ཡི་གེའི་རིས་མང་པོ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན། སློབ་དཔོན་རྣམ་པ་གཉིས་ཀྱང་བདག་ཉིད་ཆེན་པོ་འདིའི་མི་གཞི་དང་། ཐུགས་རབ་དང་ཕྱག་རྩལ་རྣམས་ཀྱིས་ཐུགས་འཕྲོགས་ནས་བཀའ་གནང་སྟེ། ཀློག་ཕྲུག་པ་དང་། ཡིག་ཕྲུག་པ་རྣམས་ཀྱི་སློབ་མ་ཡང་སྐྱོང་བར་མཛད། བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་ལས། སྐུ་བལྟམས་པའི་མཛད་པ་
སྟེ་དང་པོའོ།། །། གཉིས་པ། བསྟན་པ་ལ་རབ་ཏུ་བྱུང་བའི་ཚུལ། ཡུམ་ལ་རབ་ཏུ་འབྱུང་བར་ཞུས་པས་གནང་བ་ཡང་བྱིན། བདག་ཉིད་ཀྱང་མངོན་པར་དད་པའི་དབང་གིས་དགུང་ལོ་བཅོ་ལྔ་པ་ལ་འཕགས་པའི་གནས་བརྟན་ཆེན་པོའི་རྣམ་འཕྲུལ་མཁན་ཆེན་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་དང་། ཆེན་པོ་བློ་ལྡན་པ་ཅེས་པས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ། མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་བྱ་བར་གསོལ་ཏོ། །དེ་ནས་ངེས་པར་འབྱུང་བའི་སེམས་ཀྱིས་མཁན་སློབ་ཀྱི་སྤྱན་སྔར་ཀཱ་རི་ཀཱ་ལ་སོགས་པ་གསན་ཏེ། དགེ་ཚུལ་གྱི་བསླབ་པའི་མཚམས་ལ་ཤིན་ཏུ་གུས་པར་མཛད་ཅིང་དམ་པའི་ཆོས་འཚོལ་བ་ལ་བརྟུལ་ཕོད་པར་གྱུར་ཏོ། །དགུང་ལོ་ཉུ་ཤུ་བཞེས་པ་ན་ཚིགས་སྔ་མའི་མཁན་པོ་གནས་ལྔ་རིག་པ་གྲུབ་པ་ཤེས་རབ་ཉིད་ཀྱིས་མཁན་པོ་དང་། སློབ་དཔོན་ཆེན་པོ་བློ་ལྡན་པས་ལས་ཆོག་པ་དང་། ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྟེ་སྟོན་པ་མཛད་དོ། །ཁ་སྐོང་བར་འས་པ་གྲངས་ཚང་བའི་དགེ་འདུན་ལས་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་བརྙེས་ཏེ་ཐུབ་པའི་བསྟན་པ་དྲི་མ་མེད་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པར་གྱུར་ཏོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་ལས། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཛད་པ་སྟེ་གཉིས་པའོ།། །། གསུམ་པ། མཁས་བཙུན་བཟང་གསུམ་གྱི་ཞབས་ལ་གཏུགས་པའི་ཚུལ། སྤྱིར་ཆོས་གསན་པའི་བླ་མ་དྲུག་ཅུ་ཙམ་ཡོད་གསུང་ཞིང་། བདག་གིས་ཐོས་པ་ནི་འདི་སྟེ། སྔར་གྱི་ཀློག་ཡིག་གི་སློབ་དཔོན་གཉིས་དང་། མཁན་ཆེན་གྲུབ་པ་ཤེས་རབ། སློབ་
དཔོན་བློ་ལྡན་པ། སློབ་དཔོན་གྲགས་པ་ཤེས་རབ། ཆེན་པོ་སཾ་གྷ་ཤྲཱི། ཡོངས་འཛིན་ཨ་བྷ་ཡ་ཀཱིརྟི། དབོན་སྟོན་ཐུབ་པ་དཔལ། གྲུབ་ཆེན་བསོད་བློ་བ། བླ་མ་ཀུན་ལྡན་པ། མཁན་ཆེན་གྲགས་པ་དོན་གྲུབ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། རྒྱལ་ཚབ་དར་མ་རིན་ཆེན། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་གྲུབ་དགེ་ལེགས་དཔལ་བཟང་། གནས་བརྟན་ཆོས་བཟང་པ། ཧོར་སྟོན་ནམ་མཁའ་དཔལ། ཞ་ལུ་བ་ལེགས་པ་རྒྱལ་མཚན། རོང་སྟོན་ཤཱཀྱ་རྒྱལ་མཚན། རྗེ་བཙུན་ཤེས་རབ་སེང་གེ། དེའི་སློབ་ཆུང་བཀྲ་ཤིས་རྣམ་རྒྱལ། བླ་བྲང་ཆོས་རྗེ་ཉི་མ་རྒྱལ་མཚན། སེམས་དཔའ་ཆེན་པོ་ཀུན་དགའ་བཟང་པོ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ་རིན་ཆེན། འཇམ་དབྱངས་རིན་ཆེན་རྒྱལ་བ། ལྷ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་ཆེན་འཕེལ། ཤངས་པ་ཀུན་མཁྱེན་ཤེས་རབ་དཔལ་བཟང་། ཆོས་རྗེ་ཨཱ་ནནྡ་པ། ཆོས་རྗེ་སྒྲོལ་མ་པ་སངས་རྒྱས་རིན་ཆེན། སྙེ་མོ་སྐུ་ཞང་ཆོས་རྗེ་རིན་ཆེན་བཀྲ་ཤིས། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བླ་མ་ཡོན་འབྱུང་བ། ལོ་ཙཱ་བ་ཐུགས་རྗེ་དཔལ། རིན་པོ་ཆེ་ཆོས་བཟང་པ། ཆོས་རྗེ་རྒྱལ་མཚན། འཕགས་འོད་ཡོན་ཏན་རྒྱ་མཚོ་རྣམས་ལ་བཀུར་སྟི་དང་རྙེད་པ་དང་སྲི་ཞུ་དང་རིམ་གྲོ་མཛད་དེ་གུས་པས་བསྟེན་ནས་བཀའ་ལུང་འཁྲིད་བཤད་པ་ཕྱག་ལེན་མན་ངག་ལ་སོགས་ལེགས་པར་རྩད་བཅད་དེ་མདོ་རྒྱུན་མན་ངག་ཐམས་ཅད་ལ་ནང་བྱན་ཚུད་པར་མཛད་དོ། །ཁྱད་པར་བཀའ་དྲིན་མཚུངས་པ་མེད་པའི་བླ་མ་གསུམ་ནི། དང་པོ་བཀའ་དྲིན་ཆེ་བ་མཁན་ཆེན་རིན་པོ་ཆེ་གྲུབ་པ་ཤེས་རབ། བར་དུ་བཀའ་དྲིན་ཆེ་བ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ། ཐ་མར་བཀའ་
དྲིན་ཆེ་བ་མཁས་གྲུབ་ཤེས་རབ་སེང་གེ་ཡིན་ནོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། མཁས་བཙུན་བཟང་གསུམ་གྱི་བླ་མ་ཇི་ལྟར་བསྟེན་པའི་མཛད་པ་སྟེ་གསུམ་པའོ།། །།བཞི་པ། སྡོམ་པ་གསུམ་གྱི་ཚུལ་ཁྲིམས་དང་ལྡན་པའི་ཚུལ། སྔར་བཤད་པ་ལྟར་མཁན་ཆེན་རིན་པོ་ཆེའི་དྲུང་དུ་རབ་བྱུང་བསྙེན་རྫོགས་བསྒྲུབས་ནས་ཚུལ་ཁྲིམས་རྣམ་པར་དག་པ་སྤྱན་གྱི་འབྲས་བུ་ལྟར་བསྲུངས་པར་མཛད་པས། གནས་བརྟན་འདུལ་བ་འཛིན་པ་ངུར་སྨྲིག་འཛིན་པ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་ཏེ། བསྟོད་པར། ཤེས་རབ་མཆོག་གིས་བག་ཡོད་ལེགས་བསྲུངས་པས། །སྐལ་བཟང་ཁྱོད་ལ་དོན་དང་བཅས་པར་འགྱུར། །བདེ་གཤེགས་བསྟན་ལ་ཉེས་ལྟུང་དྲི་མས་དབེན། དེ་སླད་ངུར་སྨྲིག་འཛིན་པའི་མཆོག་ཏུ་གྱུར། །ཅེས་སོ། །ཇོ་བོའི་མན་ངག་ལམ་གྱི་རིམ་པར་དྲིལ་བ་ལམ་མཆོག་རིན་པོ་ཆེ་ཡང་། མཁན་ཆེན་པ་ཉིད་ལ་གསན་ཏེ། ཐུགས་ཉམས་སུ་བཞེས་པར་མཛད་ཅིང་། དེ་ཉིད་ཀྱི་དྲུང་དུ་སྨོན་པ་དང་འཇུག་པའི་སྡོམ་པ་ཇོ་བོ་ནས་བརྒྱུད་པ་དང་། དབུ་མ་ལུགས་སུ་གྲགས་པ་ས་སྐྱ་པ་ནས་བརྒྱུད་པ་གཉིས་ཀ་གསན་ཏེ། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སེམས་ཅན་གྱི་དོན་ལ་རིངས་པར་ཆས་པ་ཅིག་སྟེ། ཉིད་ཀྱི་ཞལ་ནས་ཀྱང་། པ་ཝ་སངས་ལྟར་དཀར་བའི་བརྩེ་སེམས་ཅན། །ཕ་མ་འདི་ཀུན་འཁོར་བར་འཁྱམས་པ་ལ། །བ་སྤུ་གཡོ་འགུལ་མེད་པ་མི་རུང་བས། །མ་ལུས་འགྲོ་བའི་དོན་དུ་བྱང་ཆུབ་སྒྲུབས། །ཞེས་སོགས་གསུངས། དཔལ་གྱི་རྡོ་རྗེ་དང་སྒྲོལ་མ་ལྷ་བཅུ་བདུན་མ་སོགས་སྔགས་བླ་ན་མེད་པའི་དབང་ཡང་མཁན་པོ་ཉིད་ལ་གསན་ཏེ། རིག་པ་འཛིན་
པ་སྔགས་ཀྱི་སྡོམ་པ་དང་ལྡན་པས་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་པ་ཡིན་ཏེ། དཔལ་ལྡན་རྡོ་རྗེ་འཆང་གིས་རབ་བསྔགས་པའི། །རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་རབ་རྟོགས་ནས། །ཟབ་ལམ་རིམ་གཉིས་ནོར་བུ་ལེན་པ་དེ། །མགོན་པོ་ཁྱོད་ལ་དོན་དང་བཅས་པ་གྱུར། །ཅེས་བསྟོད་པ་ལྟར། ད་ལྟར་ན་ཡོངས་སུ་རྫོགས་པའི་སྡོམ་པ་གསུམ་དང་གཞན་ཡང་བསླབ་སྤྱོད་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བཀའ་གདམས་ཀྱི་ཆོས་སྐོར་མང་པོ་གསན་ཅིང་། སྔགས་ཀྱི་ལུང་མན་ངག་ཀྱང་གསན་ཏེ། ཆོས་དང་ཟང་ཟིང་གཉིས་ཀས་ལེགས་པར་བསྐྱངས་པས་མཁན་པོ་རིན་པོ་ཆེ་འདི་ནི་བཀའ་དྲིན་བླ་ན་མེད་པ་ཅིག་ཏུ་འཛིན་ཏོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། སྡོམ་པ་གསུམ་གྱི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པའི་མཛད་པ་སྟེ་བཞི་པའོ།། །། ལྔ་པ། སྡེ་སྣོད་གསུམ་ལ་སྦྱངས་པ་མཛད་པའི་ཚུལ། བདག་ཉིད་ཆེན་པོ་འདིས་སྡེ་སྣོད་གསུམ་དང་ཕྱི་ནང་གི་རིག་པའི་གནས་ཀུན་ལ་སྦྱངས་པ་མཛད་པ་ཡིན་ཏེ། རབ་ཏུ་མ་བྱུང་གོང་དུ་ཡོན་ཏན་ཀུན་གྱི་གཞི་མ་ཀློག་ཡིག་ལ་མཁས་པར་སྦྱངས་ཤིང་། དབུས་ལ་མི་འབྱོན་བར་དུ་སྣར་ཐང་དུ་ཀློག་ཡིག་གི་སློབ་མ་མང་དུ་བསྟེན་པའང་མཛད། སྣར་ཐང་དུ་ཆེན་པོ་ལོ་ཙཱ་བ་སཾ་གྷ་ཤྲཱི་ལ་སྙན་ངག་མེ་ལོང་དང་། འཆི་མེད་མཛོད་དང་། མཚམས་སྦྱོར་ལྔ་པ་རྣམས་གསན་ཅིང་། ཕྱིས་སྒྲ་པ་ཐུགས་རྗེ་དཔལ་ཞེས་པའི་མཁས་པ་ཆེན་པོ་དེ་ལ་ཀ་ལཱ་པའི་ས་རིས་ཡོངས་སུ་རྫོགས་པར་གསན་ཏེ་ཐུགས་སུ་ཆུད། དཀའ་བའི་གནས་རྣམས་འབེལ་གཏམ་གྱིས་གཏན་ལ་ཕབ་པས་ལོ་ཆེན་ཡང་ཤིན་ཏུ་དགྱེས། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱང་གསན་ཏེ། སྡེ་ལྔའི་གཙུག་
ལག་མ་ལུས་པ་ལ་བློ་གྲོས་བྱང་བར་མཛད། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་མདོ་འགྲེལ་པ་བཞིའི་འཆད་ལུགས་དང་བཅས་པ་འཕན་ཡུལ་གྲོ་སར་དམར་སྟོན་པ་ཁུ་དབོན་ལ་གསན་ཅིང་སྦྱངས་པས། དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་བཅས་མཚམས་སུ་མ་ལུས་པ་ཐུགས་སུ་ཆུད། གཞན་ཡང་སོ་ཐར་སུམ་བརྒྱ་པ་རྩ་འགྲེལ་ལུང་སྡེ་བཞི་སོགས་ཀྱང་གསན་ཏེ། འདུལ་བའི་ཚིག་དོན་ལ་མཁསཔའི་གྲགས་པ་ཐོབ། ཆོས་མངོན་པ་མཛོད་ཀྱང་དམར་སྟོན་པ་ཡབ་སྲས་ལ་གསན་ཅིང་མཁས་པར་མཁྱེན། མངོན་པ་ཀུན་ལས་བཏུས་ནི་རྒྱལ་ཚབ་དར་མ་རིན་ཆེན་ལ་གནས་རྙིང་དུ་གསན། དེ་དུས་ཕྱག་ཕྱིར་མཁས་གྲུབ་ཆོས་རྗེ་བཞུགས་འདུག་པ་ལའང་ཆོས་འབྲེལ་མཛད། རྒྱལ་བའི་བསྟན་པ་དང་སྟོན་པ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་པ། སྡེ་བདུན་མདོ་དང་བཅས་པ་ལས་ཚད་མ་རྣམ་པར་འགྲེལ་པ་ཐོག་མར་སྣར་ཐང་ཉིད་དུ། ཡོངས་སུ་འཛིན་པ་ཆེན་པོ་ཨ་བྷ་ཡ་ཀཱིརྟི་ལ་མཁས་པའི་དབང་པོ་ཉ་དབོན་གྱི་ཊཱིཀྐའི་སྟེང་ནས་གསན་ཏེ། སྣར་ཐང་དུ་གྲྭ་སྐོར་ཡང་མཛད། དེ་རྗེས་འོན་གྱི་བཀྲ་ཤིས་དོ་ཁར་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལས་ཚད་མ་རྣམ་པར་ངེས་པ་ཆོས་མཆོག་གི་འགྲེལ་པའི་སྟེང་ནས། དཀའ་གནད་ལེགས་པར་དཔྱོད་པ་གསན་ཏེ། ཟིན་བྲིས་ཀྱང་མཛད། རྗེ་དང་མ་མཇལ་གོང་དུ། རྗེའི་བུ་ཆེན་དབུ་ཚད་གསང་གསུམ་ལ་མཁས་པ་སེམས་དཔའ་ཆེན་པོ་ཀུན་བཟང་པ་ལ་ཚད་མ་རྣམ་འགྲེལ་གྱི་ཚིག་དོན་དང་། དཀའ་གནད་རྣམས་གསན་ཏེ། དངོས་སྟོབས་རིགས་པའི་རྐང་ཚུགས། ཕྱིས་ནས་མཁས་པ་ཤེས་རབ་སེང་གེ་དང་། རྒྱལ་ཚབ་དམ་པ་ལེགས་པར་གསན་ཅིང་། མཁས་པའི་མདུན་ས་གསང་ཕུ་ནེའུ་ཐོག་
གི་བརྡར་ལ་བདར་བས། རིགས་པར་སྨྲ་བའི་གཙུག་གི་ནོར་བུར་གྱུར་པ་ཡིན་ཏེ། བསྟོད་པ་ལས། ཕྱོགས་གླང་གྲགས་པའི་གསུང་རབ་ནམ་མཁའ་ལས། །ལེགས་པར་འཐོན་པའི་གྲུབ་མཐའ་ནམ་མཁའི་ལྕགས། །རིགས་པའི་གློག་འཕྲེང་སྟོང་དང་བཅས་པ་དེས། །ཕས་རྒོལ་ལྷ་མིན་སྡེ་དང་བཅས་པ་བདར། །ཞེས་གསུངས་པ་ལྟར་རོ། །དབུ་མའི་རྩ་བ་དང་། དབུ་མ་ལ་འཇུག་པ་དང་། དྲང་ངེས་རྣམ་པར་འབྱེད་པ་ཡང་རྗེ་ཉིད་ལ་གསན་ཅིང་། རྒྱལ་ཚབ་མཁས་པའི་དབང་པོ་དང་། མཁས་པ་ཤེས་རབ་སེང་གེ་རྣམས་ལ་ལེགས་པར་གསན་ནས། ཤིང་རྟ་ཆེན་པོ་སོ་སོའི་དགོངས་པ་ཐུགས་སུ་ཆུད། ཁྱད་པར་ཟབ་མོ་དབུ་མའི་ལྟ་བ་རྗེ་བཙུན་གྱིས་བླ་མ་དབུ་མ་པ་ལ་གསུངས་པ་ཐལ་འགྱུར་བའི་ཐུན་མོང་མིན་པའི་ལྟ་བ་ཐུགས་སུ་ཆུད་པས་སྲིད་པའི་རྩ་བ་དྲུང་ཕྱུངས་པ་ཡིན་ཏེ། བསྟོད་པར། འཇམ་དབྱངས་གསུང་གི་འདབ་བཟང་མེ་ཏོག་ལ། །སྟོང་ཉིད་སྦྲང་རྩི་ཟབ་མོའི་བཅུད་ཆགས་པ། །ཁྱོད་ཀྱི་རྣམ་དཔྱོད་རོ་འཛིན་དམ་པ་དེས། །བསྟེན་པས་ཟབ་ལམ་བདུད་རྩིའི་དགའ་སྟོན་མྱོང་། །ཞེས་མདོ་སྡེའི་ཕྱོགས་ལས། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ། ཐོག་མར་རོང་སྟོན་སྨྲ་བའི་སེང་གེ་ལ་གསན་ཅིང་། སླད་ནས་རྒྱལ་ཚབ་རིན་པོ་ཆེ་དང་། ཧོར་སྟོན་ནམ་མཁའ་དཔལ་དང་། དཔལ་ཤེས་རབ་སེང་གེ་རྣམས་ལ་གསན། ལྷག་པར་རྒྱལ་ཚབ་བླ་མ་ལ། དཀའ་ཆེན་བཞི་བྱམས་ཆོས་དབུ་མའི་ཕྱོགས་སྡེ་བདུན་མདོ་དང་བཅས་པ་སོགས་མཚན་ཉིད་ཀྱི་བསྟན་བཅོས་ཆེན་མོ་རྣམས་གསན་ཅིང་། དེ་ཉིད་ཀྱི་གྲུབ་པའི་མཐའ་ཡང་སྐྱོང་བར་མཛད། བསླབ་སྤྱོད་སྐྱེས་ཚོམས་སོགས་སྤྱོད་ཕྱོགས་རྣམས་མཁན་ཆེན་གྲུབ་པ་ཤེས་རབ་ལ་གསན་ཅིང་། དེ་ཉིད་ཀྱི་གྲུབ་པའི་མཐའ་
ཡང་སྐྱོང་བར་མཛད། རྗེ་བཙུན་ཙོང་ཁ་པས་མཛད་པའི་ལམ་རིམ་རྒྱས་པ་དང་། ལམ་རིམ་བསྡུས་པ་ནི་རྗེ་ཉིད་ལ་གསན་ཅིང་ཐུགས་ཉམས་སུ་བཞེས། སྲས་ཀྱི་ཐུ་བོ་གཉིས་དང་དཔལ་ཤེས་རབ་སེང་གེ་པ་ལ་ཡང་གསན། ཤར་བ་པ་ནས་གཏུམ་སྟོན་ལ་བརྒྱུད་པ་དང་། ཀ་མ་པ་ནས་ལུམ་པ་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་རྣམས་ནི། སྣར་ཐང་དུ་མཁན་པོའི་དྲུང་དུ་གསན། ཤ་ར་བ་ནས་འཆད་ཁ་པ། སེ་སྤྱིལ་བུ་པ། ལྷ་ཆེན་པོ་སོགས་ནས་བརྒྱུད་པའི་ལམ་རིམ་དང་། ཁྱད་པར་བློ་སྦྱོང་སྙན་བརྒྱུད་ཀྱི་སྐོར་རྣམས་ལྷ་ཟུར་ཁང་པ་བསོད་ནམས་ལྷུན་གྲུབལ་གསན་ཅིང་ཉམས་སུ་བཞེས་པས། བྱང་ཆུབ་ཀྱི་སེམས་ལ་རྟོགས་པ་ཁྱད་པར་ཅན་འཁྲུངས། ཧོར་སྟོན་པ་ལའང་རྗེའི་ལུགས་ཀྱི་བློ་སྦྱོང་ལམ་གྱི་རིམ་པར་བསྒྲིགས་པ་གསན། བླ་མ་ཆེན་པོའི་ཞལ་ནས་འ་མ་ཅག་གིས་བློ་སྦྱོང་འདི་ལེགས་པོ་འཆད་ཤེས་གསུང་སྟེ། ཐུགས་ཉམས་སུ་མྱོང་བའི་གཏམ་མོ། སྤྱན་སྔ་པ་ནས་བྱ་ཡུལ་པ་ལ་བརྒྱུད་པའི་ལམ་རིམ་དང་། གཞན་ཡང་བྱ་ཡུལ་བའི་ཆོས་སྐོར་རྣམས་ནི། རྒྱལ་སྟེང་པ་སྤྱན་སྔ་རིན་ཆེན་འཕེལ་ལ་གསན་ཏེ། མདོར་ན་བདག་གི་བླ་མ་ཆེན་པོ་འདི་ལ་ཇོ་བོ་རྗེའི་གདམས་པ་མ་ལུས་པར་མངའ་བ་ཡིན། རྒྱུད་ཐམས་ཅད་ཀྱི་སྤྱི་བོ་དཔལ་གསང་བ་ཐམས་ཅད་འདུས་པའི་སྐོར་རྣམས་ནི། རྗེའི་ཞལ་སྔ་ནས་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་པ་ཤེས་རབ་སེང་གེ་རྣམས་ལ་རྫོགས་པར་གསན་ཅིང་། དབང་བཀའ་རྣམས་ནི་ཐང་པོ་ཆེར་བླ་མ་ཉི་མ་རྒྱལ་མཚན་པ་ལ་གསན། བདེ་མཆོག་འཁོར་ལོའི་ཆོས་སྐོར་རྣམས་ཀྱང་གཙོ་བོར་རྗེ་ཉིད་ལ་གསན་ཅིང་། ཕྱིས་ནི་རྗེ་བཙུན་སྣར་ཐང་པ་ལའང་གསན་ནོ། །
དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང་། རྒྱུད་འགྲེལ་གྱི་བཤད་པ་ཞིབ་ཏིག་དང་བཅས་པ། རྣལ་འབྱོར་ཡན་ལག་དྲུག་གི་འཁྲིད་ས་རིས་ཡོངས་སུ་རྫོགས་པ་དང་བཅས་པ། ཨེ་ཝཾ་དུ་འཇམ་དབྱངས་ཆོས་མགོན་གྱི་སློབ་མ་འཇམ་དབྱངས་རིན་རྒྱལ་བ་ལ་གསན་ཅིང་། རྒྱུད་འབུམ་གྱིི་ལུང་དང་དབང་བཀའ་ཡང་མང་དུ་གསན། རྡོ་རྗེ་འཆང་ཆེན་པོའི་ལམ་རིམ་པ་ནི་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་ལ་གསན་ཅིང་། མདོར་ན་རྒྱུད་སྡེ་བཞིའི་གཙུག་ལག་ལ་བླ་མ་མང་དུ་བསྟེན་ནས་མཁར་པར་སྦྱངས་པ་ཡིན་ཏེ། རྒྱས་པར་ནི་གསན་ཡིག་ལས་ཤེས་པར་བྱ་བ་ཡིན་ནོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། སྡེ་སྣོད་གསུམ་ལ་ལེགས་པར་སྦྱངས་པའི་ལེའུ་སྟེ་ལྔ་པའོ།། །། དྲུག་པ། འཆད་རྩོད་རྩོམ་པ་ལ་མཁས་ཤིང་སྤོབས་པ་ཐོབ་པའི་ཚུལ། ཕྱི་དང་ནང་གི་རིག་པའི་གནས་ལ་མཁས་པ་རྣམས་ཀྱི་བྱ་བ་ནི་གསུམ་སྟེ། འཆད་པ་དང་རྩོད་པ་དང་རྩོམ་པའོ། །བདག་ཉིད་ཆེན་པོ་འདི་ནི་གསུམ་གའི་ཕ་རོལ་ཏུ་བྱོན་པ་ཡིན་ཏེ། འཆད་པའི་ཚེ་ཞལ་གྱི་མདངས་གསལ། གསུང་སྙན་ཅིང་འཇེབས་ལ་ཐག་རིང་པོར་ཡང་གྲགས་པ། གསུང་ངག་དལ་ཞིང་ཆོས་ཆེ་བ་དོན་ངེས་པའི་ཡན་ལག་དཔེ་དང་བཅས་པས་སློབ་མའི་སྙིང་ལ་འབབ་པ། གཞུང་གི་གཅོད་མཚམས་མཛད་པ་ཙམ་གྱིས་གོ་ནུས་པ་འདྲ་བ་ཞིག་མཁྱེན། ཕ་རོལ་དང་རྩོད་པའི་ཚེ་འཛུམ་པའི་མདངས་དང་བཅས་ང་རོ་དྲག་པོ་དང་བརྟབས་པ་མིན་པས། ཞལ་ཕོ་འཐག་ཡིན་ཚིག་དོན་གཉིས་ཀ་ལ་སྐྱོན་འཕྲལ་འཕྲལ་ལ་བཟུངས་པས་ཕས་ཀྱི་རྒོལ་བའི་སྤོབས་པ་འཕྲོག་པར་མཛད་པ་ཡིན་ཏེ། གཞན་དང་ཕན་ཚུན་ཡུན་རིང་པོར་རྩོད་པའི་ཚེ་ཡང་། ཕན་ཚུན་གྱི་ཁས་བླངས་མ་
འདྲེས་པར་སོ་སོར་ཕུང་པོ་ཕུང་པོར་འཆར་བ་ཞིག་གསང་ཕུར་རིགས་པ་སྦྱོང་དུས་ནས་ཡོད་པ་ཡིན་གསུང་སྟེ། ཚུལ་འདི་ལ་ཁས་བླངས་འཕྱུགས་པའམ། རྩོད་པ་འཁྲུགས་པ་ནམ་ཡང་མི་སྲིད་དོ། །རྩོམ་པ་མཛད་པའི་ཚེ་ཚིག་སྦྱོར་དང་རྒྱན་བཟང་པོས་མཁས་པ་རྣམས་ཀྱི་ཡིད་མགུ་བར་མཛད་ཅིང་། བསྟན་བཅོས་ཆེན་པོ་རྣམས་ཀྱི་ཚིག་འགྲེལ་དང་དཀའ་འགྲེལ་མཛད་པ་རྣམས་ཀྱང་སྔ་ཕྱི་འབྲེལ་ཆགས་ཤིང་དོན་གསལ་ཚིག་ཉུང་ངུས་དོན་མང་པོ་གོ་བར་ནུས་པ། བློ་གྲོས་ཆུང་ངུས་ཀྱང་བདེ་བླག་ཏུ་གོ་ནུས་པ་ཅིག་འོང་གིན་འདུག་སྟེ། དེ་ཡང་། སྐལ་བཟང་བློ་གྲོས་པདྨོ་ཁ་འབྱེད་པའི། །གསུང་ར་དལ་གྱིས་འཆད་པའི་སྨྲ་མཁས་དང་། །ལོག་སྨྲ་ཕྱི་རྒོལ་སྤོབས་པ་འཕྲོག་བྱེད་པས། །མཁས་པའི་མདུན་སར་རྩོད་པའི་ཁྲི་ལ་དབང་། །གསུང་རབ་དགོངས་དོན་ཚུལ་བཞིན་རབ་འབྱེད་པའི། །སྡེབ་ལེགས་རྩོམ་པས་མཁས་རྣམས་དགའ་བ་སྐྱེད། །རྨད་བྱུང་མཁས་པའི་བྱ་བ་གསུམ་པོ་འདི། །འཇིག་རྟེན་འདི་ན་མུན་སེལ་སྒྲོན་མེ་ཡིན། །ཞེས་བསྟོད་པ་ལྟར་རོ། །རྒྱུན་དུ་འཆག་མེད་གསུང་བ་ནི་དཀའ་ཆེན་བཞི་ཡིན། དེ་ཡང་ཚད་མ་རྣམ་འགྲེལ་ནི་ལྷ་ཤཱཀ་གི་ལུགས་ལ་གཙོ་བོར་མཛད་ཅིང་། བོད་ཊཱིཀ་རྣམས་བཞེད་པ་ཡང་སྐྱོར་དོགས་པའི་གཞི་མང་པོ་བཀོད་དེ་རིགས་ལུང་སར་ཡང་དཔྱད་དགོས་སོ་གསུང་ཞིང་། རང་གི་བཞེད་པ་ཡང་ཕྱོགས་གོ་ཙམ་ཞིག་གསུང་། ངའི་འདི་ཁོ་ན་ཡིན་གཞན་གྱིས་ནི་མ་གོ་གསུང་བའི་ཆོས་དམག་དང་ཟེར་མཆུ་ནམ་ཡང་མི་མཛད། ཕར་ཕྱིན་ལ་ལེགས་བཤད་གསེར་འཕྲེང་གི་བཤད་ཡམས་བཀོད་ཅིང་། སྙིང་པོ་རྒྱན་གྱི་རང་ལུགས་རེ་འཛིན་དུ་འཇུག །འདུལ་བ་དམར་ཊཱིཀ་ལ་བརྟེན་ཅིང་རྒྱ་ཆེར་
འགྲེལ་ཉིད་ཀྱི་གཞུང་སྲོང་། མངོན་པ་མཛོད་ནི་མཆིམས་ཊཱིཀ་ཆེ་ཆུང་ལ་བརྟེན་ནས་འཐད་མི་འཐད་དཔྱོད་པ་མཛད། རྩ་འཇུག་སོགས་རྗེ་ཡབ་སྲས་རྣམས་ཀྱི་རྣམ་བཤད་ཡོད་པ་རྣམས་ནི་ཕལ་ཆེར་དེ་ཉིད་ལ་བརྟེན་པར་མཛད། སྔོན་ཡེ་མ་གཟིགས་པའི་དཔེ་ཞིག་ལ་འཕྲལ་ལ་བཤད་པ་མཛད་དགོས་བྱུང་ཡང་སྔར་ནས་གཟིགས་གཟིགས་པ་འདྲ་བ་ཞིག་འོང་གི་འདུག་ཅེས་སྣར་ཐང་མཁན་ཆེན་དཔལ་ལྡན་བཟང་པོ་གསུང་ངོ་། །གསུམ་ཚན་གྱི་ཡོན་ཏན་གཞན་ཡང་མངའ་སྟེ། བསྟོད་པ་ལས། རྨོངས་པའི་མུན་སེལ་རྒྱ་ཆེན་ཐོས་པ་དང་། །རིགས་ལམ་མ་འདྲེས་འབྱེད་པའི་སོ་སོར་རྟོག །གནས་ལུགས་དོན་ལ་ལྟ་བའི་ཉམས་ལེན་གསུམ། །འཛམ་གླིང་འདི་ན་འདོད་པ་འཇོ་བ་ཡིན། །ཅེས་དང་། ཐོས་པ་རྒྱ་མཚོའི་བཏུང་བས་མི་ངོམས་ཤིང་། །བསམ་པ་ཡིད་ཀྱི་རི་མོ་ཅི་ཡང་ཤེས། །སྒོམ་བྱུང་རྟོགས་པ་མཆོག་ཏུ་གྱུར་པ་ཁྱོད། །སྙན་པའི་གྲགས་པ་སྲིད་རྩེའི་བར་དུ་གཡོ། །ཞེས་སི་ཏུ་རྣམ་རྒྱལ་གྲགས་པས་བསྟོད་པ་ལྟར་རོ། །ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཟབ་མོའི་ལྟ་བ་གསུམ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་སྲོག་ལྟ་བུ་ཡིན་ཏེ། འདི་ཉིད་ལའང་ཐུན་མོང་མིན་པའི་ངེས་པ་འདྲེན་ལུགས་དཔྱིས་ཕྱིན་པ་མངའ་བ་ནི། ཉོན་མོངས་གདུང་སེལ་ངེས་འབྱུང་ཚུལ་ཁྲིམས་དང་། །དཔག་ཡས་འགྲོ་ལ་བརྩེ་བའི་ལྷག་བསམ་དང་། །མཐར་འཛིན་དྲ་བ་གཅོད་པའི་ཤེས་རབ་སྟེ། །ས་སྟེང་འདི་ནི་རིན་ཆེན་རྣམ་པ་གསུམ། །ཞེས་གསུངས་པ་ལྟར་རོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། འཆད་རྩོད་རྩོམ་པའི་སྤོབས་པ་ལ་སོགས་པ་མངའ་བརྙེས་པའི་མཛད་པ་སྟེ་དྲུག་པའོ།། །། བདུན་པ། འཇིག་རྟེན་ཆོས་
བརྒྱད་མགོ་སྙོམས་པ་འབྲོམ་རྗེ་ཇི་བཞིན་པའི་ཚུལ། བཤེས་གཉེན་འབྲོམ་དེས་རྭ་སྒྲེང་གི་ཀ་གཉིས་མ་ལ་སྐོར་བ་མཛད་ཅིང་ཞལ་ནས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་པའི་ཚིག་དེ་གསུང་ཞིང་ཆོས་བརྒྱད་མགོ་སྙོམས་པ་ཡིན་པར་གདའ། བདག་ཉིད་ཆེན་པོ་འདི་ཡང་བསྟན་པ་དང་སེམས་ཅན་གྱི་ཆེད་དུ་མ་གཏོགས། རང་ཉིད་ཀྱི་རྙེད་བཀུར་དང་གྲགས་པ་སོགས་ལ་ནམ་ཡང་མི་གཟིགས། འཁོར་ཡང་ཆོས་མཐུན་བྱུང་ན་མ་གཏོགས་མངའ་བ་ལ་མི་དགྱེས། སློབ་དཔོན་གཞན་ལྟར་རང་གི་སློབ་མ་གཞན་གྱི་ཆོས་གྲྭར་སོང་བ་ལ་བཀའ་མི་བཀྱོན། གཞན་གྱི་གྲྭ་པ་རང་གི་ཆོས་གྲྭར་བྱུང་ཡང་རྟོག་དཔྱོད་མི་མཛད། ཆོས་ལུགས་དང་སྡེ་ཕན་ཚུན་གྱི་ཕྱོགས་ཆ་ཡེ་མི་གསུང་། རང་དང་མཉམ་པའམ་དམན་པས་བརྙས་ཐབས་བྱས་ཀྱང་ཀོ་ལོང་མི་མཛད། བཀུར་བར་ཡང་ཞིང་འཁོར་ལ་ནོན་ཆེ། སྒོ་གསུམ་ལྷུག་པར་འཇོག་ཀྱང་ལྟུང་བའི་ཉེེས་པས་མི་གོས། ལྷ་ལ་གསོལ་བ་འདེབས་པ་མ་གཏོགས་གཞན་སུ་ལ་ཡང་རེ་འཁང་མི་རྡུང་། རྒྱ་མཚོ་ལྟར་ཐུགས་ཟབ་ལ་དཀྱེལ་ཆེ། རི་བོ་ལྟར་འཁོར་གྱི་ལོག་སྒྲུབ་དང་རྐྱེན་ངན་གྱིས་མི་གཡོ། རྒྱ་མཚོའི་རླབས་ལྟར་ཆོས་གསུང་བ་དུས་ལས་མི་ཡོལ་ཞིང་། ཤིང་བལ་ལྟར་གཞན་དོན་དུ་སྐུ་བསྐྱོད་པ་ཡང་བ། ཉི་མ་ལྟར་གཟི་བརྗིད་ཆེ་བ། དྲང་སྲོང་ལྟར་ཡོ་ལང་དང་འདུ་འཛི་སྤོང་བ་བཙུན་པ་དང་མཁས་པའི་སྙེམས་པ་མི་འཆང་། ཞི་ཞིང་དུལ་དུལ་ལྟར་མི་མཛད། མཆི་མ་རྩིད་རྩིད་སྙིང་རྗེ་རྗེའོ་ལྟར་མི་མཛད། ཕྲག་དོག་དང་འགྲན་
སེམས་མི་མངའ། རང་བསྟོད་དང་གཞན་སྨོད་མི་མཛད། བར་དང་གཟུ་དང་གཉའ་བོ་སོགས་ལྟོགས་འཕྱན་མི་མཛད། གསོལ་བ་དང་ན་བཟའ་གང་བྱུང་གིས་ཆོག །ན་བཟའ་དང་ཀུན་སྤྱོད་ལ་ཕྱི་ནང་མི་མངའ། སློབ་མ་དང་ཡོན་བདག་མི་ཉོ། གྲྭ་པ་དང་ཡོན་བདག་ལ་ཉེ་རིང་མི་མཛད། གྲྭ་པ་དང་ཡོན་བདག་གི་ངོ་མི་འཛིན། མན་ངག་དང་ལས་ཚོགས་མང་པོ་མི་འཚོལ། སྡེ་སྣོད་གསུམ་དང་སྐྱེས་བུ་གསུམ་གྱི་ལམ་དུ་གཞུང་སྲོང་། དགེ་བཤེས་སྟོན་པ་ལྟར་ཆགས་སྡང་སོགས་བྱིས་པའི་སྤྱོད་པ་ལས་རིང་དུ་གྱུར་ཏེ། རྟག་ཏུ་དམ་པའི་མཛད་པ་འབའ་ཞིག་གིས་དུས་འདའ་བར་མཛད་དོ། །དེ་ཡང་ཉིད་ཀྱི་ཞལ་ནས། གཞན་དང་རྩོད་པ་ཙམ་ལ་མི་ཆགས་ཤིང་། །ཚིག་གི་ལྦུ་བས་ནམ་ཡང་མི་ངོམས་པར། །ཐོས་པའི་དོན་རྣམས་ཉམས་སུ་བླངས་པ་ལས། །རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་འགྱུར། །ཅེས་དང་། དོན་དེ་ལྟར་དགོངས་པའི་བཤེས་གཉེན་རྣམས། །སྤྱིར་ལུས་ཅན་ཀུན་གྱི་བཀའ་དྲིན་སོམས། །སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས། །དགྲ་ནང་ན་འདུག་པའི་བདག་འཛིན་ཐུལ། །ཞེས་གསུངས་པ་ལྟར་རོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། ཆོས་བརྒྱད་མགོ་སྙོམས་པའི་མཛད་པ་སྟེ་བདུན་པའོ།། །། བརྒྱད་པ། སྐུ་མཆེད་གསུམ་གྱི་རྣམ་པར་ཐར་པ་རྗེས་སུ་བསྐྱངས་པའི་ཚུལ། སྟོན་པ་རིན་པོ་ཆེའི་སློབ་མ་སྐུ་མཆེད་གསུམ་ལ། རྣམ་པར་ཐར་པ་མི་འདྲ་བ་གསུམ་ཡོད་དེ། ཕུ་ཆུང་བ་ནི་དཀོན་མཆོག་གི་མཆོད་པ་ལ་ནན་ཏན་མཛད་ཅིང་ཤ་གཟུག་རང་ཟ་གསུང་ནས་སྒྲུབ་པ་གཙོ་བོར་མཛད། དགེ་བའི་བཤེས་གཉེན་སྤྱན་སྔ་བ་ནི་གནས་གཞི་དང་སྐུ་གསུང་ཐུགས་ཀྱི་རྟེན་འབའ་ཞིག་བཞེངས། དགེ་བའི་བཤེས་གཉེན་པོ་ཏོ་
བ་ནི་འཆད་ཉན་དང་དགེ་འདུན་གྱི་ཞབས་ཏོག་བརྩོན་པར་མཛད་པ་ཡིན་ནོ། །བླ་མ་བདག་ཉིད་ཆེན་པོ་འདི་ཡང་དགེ་བཤེས་ཕུ་ཆུང་བའི་མཛད་པ་སྐྱོང་བ་ཡིན་ཏེ། སྤྱིར་གཞོན་ནུ་ནས་དཀོན་མཆོག་གི་མཆོད་པ་ལ་བརྩོན་པ་ཅིག་ཡོད་གསུང་ཞིང་ཁྱད་པར་དགེ་འདུན་གྱི་ཚོགས་པ་བསྐྱངས་ནས་ལོ་རེ་ཞིང་ཆོ་འཕྲུལ་གྱི་དུས་མཆོད་སྨོན་ལམ་རྒྱ་ཆེན་པོ་མཛད། ཁྲོ་ཕུ་དགའ་ལྡན་གྱི་གཙུག་ལག་ཁང་དུ་ཡང་སྨོན་ལམ་གྱི་མིིང་ཅན་གྱི་མཆོད་པ་རྒྱ་ཆེན་པོ་ལན་གཉིས་སུ་མཛད་པ་དང་། བཀྲ་ཤིས་ལྷུན་པོར་བྱམས་ཆེན་བཞེངས་པའི་རབ་གནས་ཀྱི་དུས་ཞག་བདུན་གྱི་བར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་ཅིང་། ཉིད་ཀྱི་གྱ་བཞི་པ་ཤིང་ཕོ་རྟའི་ཆོ་འཕྲུལ་གྱི་དུས་ཞག་བཅུ་གཉིས་ཀྱི་བར་དུ་ལྷ་མཆོད་མཛད་པ་ནི། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ས་མོ་གླང་གི་ལོ་ལྷ་སར་སྨོན་ལམ་རྒྱ་ཆེན་པོ་མཛད་པ་ལྟ་བུ་སྟེ། དེ་ཡང་ནང་དུ་སྐོང་བུ་ལོགས་རེ་རེ་ལ་འདོམ་རེ་རེ་ཡོད་པའི་གྲུ་བཞི་པ་དང་། ཕྱིའི་ཁྱམས་སུ་ལོགས་གཉིས་ལ་འདོམ་གསུམ་གསུམ་དང་། ལོགས་གཞན་གཉིས་ལ་འདོམ་གཉིས་གཉིས་ཡོད་པའི་སྐོང་བུ་ཆེན་པོ་མར་དཀར་འབའ་ཞིག་གིས་བཀངས་ཏེ་ཉིན་མཚན་བར་མ་ཆད་པར་ཕུལ་བ་དང་། དེས་མཚོན་ནས་རྒྱ་སྤོས་དང་། ཨ་ཀ་རུའི་དུད་པ་བསས་ཆེན་པོ་འདྲ་བ་དང་། ལྷ་བཤོས་ཁལ་སུམ་རྒྱ་ཙམ་ལས་གྲུབ་པའི་ཆེན་པོ་དང་། དྲི་བཟང་གི་མཆོད་ཡོན་དཔག་ཏུ་མེད་པ་དང་། འཕན། གདུགས། བླ་བྲེ་མང་པོ་དང་། བཟང་པོས་མཆོད་ཅིང་གཙུག་ལག་ཁང་དང་། དགོན་གནས་གཞན་དུ་ཡང་མཆོད་པ་དང་། འཕན་དང་། ཅོད་པཎ་ཕུལ་བ་ཡང་གྲངས་ལས་འདས་ཏེ་འདིར་ནི་མདོར་བསྡུས་པའོ། །བླ་མ་ཆེན་པོ་འདི་ལ་དང་པོ་ཉིད་ནས་སྒྲུབ་
པ་ཅིག་བྱེད། དེ་ཡང་ཀོང་པོ་ཙ་རིའམ་མདོ་ཁམས་སྨད་ལྟ་བུ་གཅིག་ལ་འབྱོན་དགོངས་པ་ཡོད་ཀྱང་། བླ་མ་རྣམས་ཀྱི་བཀའ་ལུང་དང་སློབ་མ་རྣམས་ཀྱི་ཞུས་ངོར། བསྟན་པའི་རྒྱུན་ལ་དགོངས་བཤད་ཉན་གཙོ་བོར་མཛད་ཀྱང་། སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མངོན་མཚན་མེད་པར་བྱང་ཆུབ་ཀྱི་སེམས་ཟབ་མོའི་ལྟ་བ་དང་། རིམ་པ་གཉིས་ཀྱི་རྣལ་འབྱོར་གྱི་ངང་ལ་རྟག་ཏུ་བཞུགས་ཤིང་། བར་སྐབས་བར་སྐབས་སུ་སྐུ་མཚམས་དམ་པ་རེ་ཡང་མཛད། ཁྱད་པར་དུ་དགུང་ལོ་ལྔ་བཅུ་བཞེས་པ་ལྕགས་ཕོ་སྤྲེའུ་ལོ་ལ། ཟླ་བ་དགུ་ལྷག་གི་བར་དུ་སྣར་ཐང་བྱང་ཆེན་དུ་སྐུ་མཚམས་ཤིན་ཏུ་དམ་པར་མཛད་དེ། ཡི་དམ་ལྷའི་བསྐྱེད་རིམ་དང་རྣལ་འབྱོར་ཡན་ལག་དྲུག་གི་ཐུགས་དམ་ལ་ཤིན་ཏུ་འགྲུས་པར་མཛད་པས། ཡི་དམ་ལྷའི་གཟིགས་སྣང་དང་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་འཁྲུངས་སོ། །ཕྱིས་བཀྲ་ཤིས་ལྷུན་པོར་གྲྭ་ཚང་སོ་སོའི་རྩོད་པ་ཅིག་བྱུང་དུས། ཚོགས་སུ་ཞལ་ཏ་ལ་ངས་བྱང་ཆེན་དུ་ཟླ་བ་དགུའི་བར་མཚམས་བཅད་པ་ཡིན། དེ་ཀའི་རྒྱུན་ད་བར་བསྐྱངས་ན་ང་རང་གིས་ཀྱང་ལམ་སྣ་ཟིན་ཙམ་ཡོང་བ་ཡོད་པ་ཡིན་ཏེ། བསྟན་པའི་རྒྱུན་ལ་བསམས་ནས་འཆད་ཉན་འདི་བྱས་པ་ཡིན་པ་ལ། ད་འཆད་ཉན་གྱི་མཐའ་མ་ཆགས་སྡང་གིས་འཁྱེར་བ་འདུག་ཅེས་གསུངས་སོ། ། སྤྱན་སྔ་རྣལ་འབྱོར་གྱི་དབང་ཕྱུག་ནི་བསྟན་པ་གནས་པའི་གཞི་མ་གནས་གཞི་ཡིན་པས། གནས་གཞི་དང་ལྷ་རྟེན་བཞེང་བར་མཛད་པ་དེ་བཞིན་དུ། བདག་ཉིད་ཆེན་པོ་འདིས་ཀྱང་བླ་མ་དང་ལྷས་ལུང་བསྟན་པ་བཞིན། བཀྲ་ཤིས་ལྷུན་པོའི་དགོན་པ་འདེབས་པར་མཛད་དེ། དེ་ཡང་གཙང་ཁང་དབུས་མ་ཀ་བ་དྲུག་གི་ས། གཡས་ན་བྱམས་ཁང་ཀ་བ་བཅུ་གཉིས་ཀྱི་
ས། གཡོན་ན་སྒྲོལ་མ་ལྷ་ཁང་ཀ་བ་བཞིའི་ས། གློ་འབུར་གྱི་མགོན་ཁང་ཀ་བ་གཉིས་ཀྱི་ས། འདུ་ཁང་ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱི་ས། རུང་ཁང་ཡངས་ཤིང་རྒྱ་ཆེ་བ། ཕྱིའི་ཁྱམས་ཆེན་པོ་ལ་སྐོར་ཕིབས། སྒོ་ཁང་རྒྱལ་ཆེན་བཞིའི་ལྷ་ཁང་། བླ་བྲང་ཀ་བ་ཉི་ཤུ་རྩ་བཞི་རྣམས་བཏབ། གཙང་ཁང་ནང་ན་ཐུབ་ཆེན་གྱི་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ལུགས་མ་རྒྱབ་མཐོ་ཉི་ཤུ་ཡོད་པས་གཙོ་བོ་མཛད། གཡས་གཡོན་གྱི་འཁོར་སར་སྟོན་པ་སྨན་གྱི་བླ་དང་། མགོན་པོ་ཚེ་དཔག་མེད་ཉེ་བའི་སྲས་བརྒྱད་དང་། སྒོ་སྲུང་གི་ཁྲོ་བོ་རྣམས་འཇིམ་པ་ལས་གྲུབ་པ། ཐུབ་ཆེན་གྱི་མདུན་ཐད་ན་སྤྱན་རས་གཟིགས་ཡི་གེ་དྲུག་མའི་གསེར་སྐུ་ཆེ་བ་རྣམས་སོ། ། བྱམས་ཁང་ན་བྱམས་ཆེན་གྱི་སྐུ་ཆེ་ཞིང་མཚར་བ་བལྟ་བས་མི་ངོམས་པ་རྒྱན་བཟང་པོས་སྤྲས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན་སྐྱིལ་ཀྲུང་གིས་བཞུགས་པ། སྤྱན་ཡ་ཅིག་ལ་མདའ་གང་གི་ཚད་ལས་མི་ཆུང་བ་སྐུ་རྒྱུ་གསེར་ཟངས་འབའ་ཞིག་ལས་གྲུབ་པ། སྤྲུལ་པའི་ལྷ་བཟོ་བ་བལ་པོས་བཞེངས་པ་དང་། དེའི་ལྡེམ་གཉིས་དང་བཅས་པའི་གཞན་ཡང་ལྷ་ཚོགས་མང་པོ་དང་། སྒྲོལ་མ་ལྷ་ཁང་ན་བལ་པོས་ཕྱིས་ནས་བཞེངས་པའི་ཇོ་མོ་ཡིད་བཞིན་འཁོར་ལོའི་གསེར་སྐུ་ཆེ་ལ་མཚར་བ་གསུང་བྱོན་ལ་ཁད་པ་ལྟ་བུ་གཡས་གཡོན་ན་སྒྲོལ་མ་སྔོན་མོ་དང་སྒྲོལ་མ་ཡིད་བཞིན་ནོར་བུ་བཞུགས། དེའི་སྟེང་གི་ལྷ་ཁང་ན་ཐམས་ཅད་མཁྱེན་པའི་དབུ་ཐོད་རིལ་པོ་དང་། སྐུ་གདུང་རྣམས་བཞུགས་པའི་མཆོད་རྟེན་དངུལ་ཤིང་སྲང་གི་ཁལ་བཞི་ལས་གྲུབ་པའི་ཐུགས་ཀྱི་རྟེན་རྒྱལ་ཚབ་བཟང་པོའི་མཚན་ཅན་གྱིས་བཞེངས་པ་བྱིན་རླབས་ཀྱི་འོད་འབར་
བ་བཞུགས། གཙང་ཁང་སྟེང་ན་ཐུབ་དབང་གི་གསེར་སྐུ་དང་། གནས་བརྟན་བཅུ་དྲུག་ལྡེར་བཟོ་ལས་གྲུབ་པ་ཆོས་རྗེ་ལུང་རིགས་པས་བཞེངས་པ། མགོན་ཁང་ན་ཡི་དམ་ཆོས་སྐྱོང་གི་སྐུ་ཙམ་བཞུགས་པ་དར་འདམ་ལས་གྲུབ་པ་བྱིན་རླབས་དང་ལྡན་པ། བླ་བྲང་ནའང་སྒྲོལ་མའི་ཕོ་བྲང་གི་ཞིང་བཀོད་དང་གནས་བརྟན་བཅུ་དྲུག་གི་ཞིང་བཀོད་དང་། གཞན་ཡང་རྗེ་ཉིད་ཀྱིས་བཞེངས་པའི་སྒྲོལ་མ་དཀར་སྔོའི་གསེར་སྐུ། བྱམས་པའི་ལུགས་ཕུད་མགོན་དཀར་ཀྱི་སྐུ། གསང་འདུས་ཀྱི་རིགས་ལྔ་ལ་སོགས་པ་ལུགས་སྐུ་དང་། ལྡེར་བཟོ་དང་ཐང་ག་ལ་སོགས་པ་མཐའ་ཡས་པ་ཡོད་དེ་བྲིར་མ་ལང་ངོ་། །གསུང་གི་རྟེན་མདོ་དང་རྒྱུད་ཀྱི་བཀའ་འགྱུར་རོ་འཚལ་བཞེངས། རྗེ་ཉིད་ཀྱི་ཕྱག་བྲིས་ཀྱིས་བཞེངས་པའི་དཔེ་ཚན་ཡང་མང་དུ་མཆིས་སོ། ། ཕྱིའི་མདོ་ཁམས་ཀྱི་ནང་ན་བསྐལ་བཟང་གི་སངས་རྒྱས་སྟོང་གི་སྐུ་མཚན་དང་བཅས་པ་རྡོ་ལ་འབུར་དུ་བརྐོས་པ་སྐུ་ཤ་རྣམས་ལ་གསེར་བཟང་པོ་འབའ་ཞིག་གསོལ་བ། གཞན་ཡང་བདེ་གཤེགས་བརྒྱད་དང་། སངས་རྒྱས་སུམ་ཅུ་སོ་ལྔ་འདོད་ལྷ་བླ་མའི་ཚོགས་དང་བཅས་པ་རྡོ་ལས་གྲུབ་པ་བཞེངས་སོ། །ཐུབ་དབང་གི་གོས་སྐུ་ཆེན་པོ་སྲིད་དུ་འདོམ་བཅོ་བརྒྱད་ཞེང་དུ་འདོམ་བཅུ་གཉིས་ཡོད་པ་གཅིག་གིས་ཐོག་གྲངས་པའི་བཀའ་གདམས་ལྷ་བཞི་མགོན་པོ་ཕྱག་དྲུག་པ། ལས་ཀྱི་གཤིན་རྗེ་དང་དཔལ་ལྡན་ལྷ་མོ་སྟེ་གོས་སྐུ་ཆེ་ཆུང་བདུན་བཞེངས་པར་མཛད་དོ། །གྲུབ་པའི་དབང་ཕྱུག་སྤྱན་སྔ་བ་དེས་མི་གཡོ་བའི་བསྙེན་པ་རང་ཡང་དུང་ཕྱུར་དགུ་སོང་ཟེར། བདག་ཉིད་ཆེན་པོ་འདིས་ཀྱང་ཇོ་མོ་ཡིད་བཞིན་འཁོར་ལོ་ལ་སོགས་པའི་ཡི་དམ་ལྷའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད་པ་ཡིན་ནོ། །བླ་མ་འདིས་པོ་ཏོ་བའི་རྣམ་པར་ཐར་པ་རྗེས་སུ་བསྐྱངས་པ་ཡིན་
ཏེ། བཤེས་གཉེན་པོ་ཏོ་བ་དེས་གྲྭ་པ་སྟོང་ལས་མི་ཉུང་བ་ལ་གཞུང་ཆེན་མོ་རྣམས་ཀྱི་བཤད་པ་མཛད་ཅིང་། ལམ་གྱི་རིམ་པ་ཡང་ངོ་སྤྲོད་པར་མཛད་པ་ལགས་པར་གདའ། བླ་མའི་ཞལ་སྔ་ནས་ཀྱང་གཙོ་བོར་བཤད་ཉན་གྱིས་སེམས་ཅན་ལ་ཕན་པར་མཛད་པ་ཡིན་ཏེ། དགུང་ལོ་སོ་ལྔ་ལ་གསུང་ཕུར་འཆད་ཉན་མཛད། ལོ་གཅིག་ཙམ་ཞིག་སོང་ནས་གེགས་ཤིག་བྱུང་སྟེ་རང་དབང་མི་ཐོབ་པར་དགོངས་ནས། རྗེ་བཙུན་ཤེས་རབ་སེང་གེ་དང་དཔོན་སློབ་གཉིས་ཀ་མེ་ཕོ་རྟ་ལོ་ལ་གཙང་ཕྱོགས་ལ་བཏེག །སྣར་ཐང་དང་དེའི་དབེན་གནས་བྱང་ཆེན་སོགས་སུ་བཞུགས་ཏེ། རེས་འགའ་དཔོན་སློབ་ལྷན་དུ་རེས་འགའ་དཔོན་སློབ་སོ་སོར་བཞུགས་ཏེ། དཀའ་ཆེན་བཞི། དབུ་མ་རིགས་ཚོགས། བྱམས་ཆོས་ཕྱི་མ། བསླབ་སྤྱོད། སྐྱེས་ཚོམས་ལ་སོགས་པའི་གཞུང་ཆེན་མོ་རྣམས་བཤད་ཉན་གྱིས་གཏན་ལ་ཕབ། ཇོ་བོའི་མན་ངག་ལམ་གྱི་རིམ་པ་དང་ཐེག་པ་ཆེན་པོའི་བློ་སྦྱོང་རྣམས་ཀྱི་མན་ངག་ལ་བརྟེན་ནས། རང་གི་སློབ་མ་རྣམས་ཐེག་པ་ཆེན་པོའི་ལམ་ལ་བཀྲི་བར་མཛད་དོ། ། དེ་ཡང་བསྟན་བཅོས་ཆེན་མོ་རྣམས་བཤད་པའི་ཆོས་མན་ངག་རྣམས་སྒྲུབ་པའི་ཆོས་སུ་ཡེ་མི་མཛད་པར་བསྟན་བཅོས་ཆེན་མོ་ཉིད་ཀྱི་ཐོག་ནས་མན་ངག་རྣམས་ངོ་སྤྲོད་པར་མཛད་ཅིང་གདའ། བཀའ་གདམས་ཞེས་པའི་གོ་ཚོད་ཀྱང་དེ་ཚོད་ཅིག་ན་ཡོད་པར་སྣང་ངོ་། །དགུང་ལོ་སོ་ལྔ་བཞེས་པ་ནས་བརྒྱད་ཅུ་གྱ་བཞི་བཞེས་པའི་བར་དུ་ལོ་ལྔ་བཅུ་ཉེ་བ་ཞིག་གི་བར་རྙེད་བཀུར་གྲགས་འདོད་སོགས་སྤངས་ཏེ། ངེས་པར་འབྱུང་བའི་སེམས་དང་བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས་བསྟན་པ་དང་སེམས་ཅན་ལ་དགོངས་ནས།
མདོ་དང་རྒྱུད་སྡེའི་གཞུང་ཆེ་བ་རྣམས་དང་མན་ངག་རྣམས་བཤད་པར་མཛད་ཅིང་། ཐུགས་རྗེའི་ཤུགས་ཀྱིས་ཡུན་དེ་ཙམ་གྱི་བར་དུ་ཉིན་གཅིག་གི་ཆོས་ཆག་པ་སོགས་ཀྱི་བར་གཅོད་ཀྱང་མ་བྱུང་ཞེས་མཐུན་པར་གླེང་ངོ་། །པོ་ཏོ་བའི་ཞལ་ནས། ལ་ལས་དད་རྫས་མེ་ལ་སྲེག །ལ་ལས་དད་རྫས་མཁར་དུ་རྩིག །ཁོ་བོ་ནི་དཀོན་མཆོག་སོ་ཅན་འདི་ཁོ་ན། དགེ་འདུན་སོ་ཅན་འདི་ཁོ་ན་ཞེས་ལྷུང་བཟེད་ཀྱི་ལྷག་རོལ་དགེ་འདུན་ལ་སྔོ་བར་མཛད་དོ། ། བླ་མ་ཆེན་པོ་འདིས་ཀྱང་རྟེན་ཆེན་རྣམས་དང་བཀའ་འགྱུར་གྲུབ་རྗེས་སུ། ད་ནི། ལག་ཏུ་གང་བྱུང་རྣམས་དགེ་འདུན་ལ་གཏོང་བར་བྱེད་པ་ཡིན་གསུངས་ནས། འབྲུག་ལོའི་དགུན་ཆོས་སྔ་རྟིང་གཉིས་ཀར་དགེ་འདུན་སྟོང་ར་ཅན་ཙམ་ལ་གསོལ་ཕོགས་ཕུལ་ཏེ་ཞབས་ཏོག་གནང་། ཕྱག་ཏུ་ཤ་མར་ཐུད་གང་བྱུང་ཡང་དགེ་འདུན་གྱི་ཐུགས་སྡོར་ལ་སྔོ་བར་མཛད། ཐ་མ་གསོལ་ཅོག་ཁའི་ཤ་རྒྱ་རི་གཅིག་ཡན་ཆད་ཀྱང་དགེ་འདུན་གྱི་ཐུག་སྡོར་བྱེད་པ་ཡིན་གསུངས་ནས་དགེ་འདུན་ཁོ་ནའི་ཞལ་དུ་ཐེམས་པར་མཛད་དེ། བླ་བྲང་ན་ཕྱག་རྫས་མང་པོ་མཆིས་ཀྱང་། འདི་དག་དགེ་འདུན་དང་དཀོན་མཆོག་ལ་བསྔོས་པ་ཤ་སྟག་ལགས་ཀྱི་ཁོ་བོ་རང་གིས་བདག་གིར་བཟུང་བ་ནི་ཆེར་མེད་ཀྱི་གསུང་། སྤྱིར་ཐུག་ཚུལ་ནར་མའི་ཐལ་ཆ་དང་། སྡོར་ཡང་བླ་བྲང་ཉིད་ནས་སྐྱོར་བར་མཛད་ལ། ཆོས་སྨྲ་བའི་སློབ་དཔོན་རྣམས་ལ་ཡང་ཆོས་ཐོག་རེ་བཞིན་གསོལ་ཕོགས་འདེབས་པར་མཛད་ཅིང་། བྱད་བཞིན་དང་ནོར་ཅན་དང་ཡ་ཡོ་དང་སྒོ་དྲག་ལ་སྟེར་བ་དང་ཁ་ལན་འཇལ་བ་དང་མཆོག་ལ་བླངས་ནས་དམན་པ་ལ་སྟེར་བ་སོགས་ནི་ནམ་ཡང་མི་མཛད་དོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་ལས།
རྒྱལ་སྲས་སྐུ་མཆེད་གསུམ་གྱི་རྣམ་པར་ཐར་པ་རྗེས་སུ་བསྐྱངས་པའི་མཛད་པ་སྟེ་བརྒྱད་པའོ།། །། དགུ་པ། ལུང་བསྟན་ངོ་མཚར་སྣ་ཚོགས་བརྙེས་པའི་ཚུལ། འཇམ་དཔལ་རྩ་བའི་རྟོག་པ་ལས། བྱང་གི་ཕྱོགས་ནི་ཐམས་ཅད་དུ། །རྩོམ་པ་སྣ་ཚོགས་རི་ཞོལ་བརྟེན། །ཅེས་གསུངས་ཏེ། བླ་མ་ཆེན་པོ་འདི་ལ་དགེ་སློང་ལས་སྣ་ཚོགས་པ་ཅེས་གྲགས་པས། རྩོམ་པ་སྣ་ཚོགས་པ་ཆེས་པས་གང་ཟག་དང་། རི་ཞོལ་བརྟེན་ཅེས་པས་གནས་ལུང་བསྟན་པ་ཡིན་ལ། དོན་འདི་ཉིད་ཞལ་སྔ་ནས་ཉིད་ཀྱི་གསུང་ལས་ཀྱང་བྱུང་བ་ཡིན་ནོ། །གཞན་ཡང་བཀའ་གདམས་གླེགས་བམ་ལས། སྤྱན་རས་གཟིགས་དབང་བཟང་པོ་སྤྲུལ། །ཞེས་པ་རྗེ་བླ་མ་འདིའི་ལུང་བསྟན་དུ་མཁས་པ་དག་བཞེད་པ་འདི་ཡང་སྐབས་འདིར་འོས་སོ། །སྣར་ཐང་དུ་མཁན་པོའི་དྲུང་དུ་སྨན་བླའི་རྗེས་གནང་ཞུས་དུས་མཁན་པོའི་གསུང་ནས། མདང་ཁྱེད་ལ་ཚེ་རིང་པོ་ཡོང་བའི་ལྟས་ཤིག་བྱུང་གསུང་། ལྟས་ཇི་ལྟར་ལགས་ཞུས་པས། བཅུ་ཕྲག་བརྒྱད་ལྷག་མཚོན་པའི་སེང་ཁྲི་ལ། །སྨན་པའི་རྒྱལ་པོ་དབུ་སྐྲ་དུང་མདོག་ཅན། །ཆོས་འཆད་ཚེ་རིང་ནད་མེད་ལྟས་ཡིན་གསུང་། །གསང་ཕུར་བཞུགས་དུས་བྲག་ཕུག་ཅིག་ཏུ་ཐུགས་དམ་མཛད་པའི་མནལ་ལམ་དུ། བྱང་ཤར་ཕྱོགས་ནས་ཐུབ་དབང་གི་སྐུ་ཤིན་ཏུ་ཆེ་བ་ཞིག་གཟིགས། དེའི་མཛོད་སྤུ་ནས་ཟླ་བ་ཉ་གང་བའི་རྣམ་པ་ཅིག་རང་ལ་ཐིམ་པ་རྨིས། དེ་ཆོས་རྗེ་ཤེས་རབ་སེང་གེ་ལ་ཞུས་པས། སངས་རྒྱས་ཀྱི་འཕྲིན་ལས་འཇུག་ཅིང་ཚེ་རིང་པོ་འདི་འོང་བའི་ལྟས་ཡིན་གསུང་། ཡང་དེ་དུས་མནལ་ལམ་དུ་ཨོཾ་ཝཱ་གཱི་ཤྭ་རི་མུཾ་ལཉྫའི་ཡི་གེའི་གཟུགས་སུ་ནམ་མཁའ་ནས་ལྕེ་ཐོག་ཏུ་བབས་པ་དང་།
ང་འཚེར་ཟེར་བ་དུས་མཉམ་དུ་བྱུང་གསུང་། ཡང་གསང་ཕུར་བཞུགས་དུས་ལྷ་མོ་ཤྲ་མ་ཎའི་སྒོ་ནས་སྐྱེ་བ་བརྟག་པ་མཛད་པས། མནལ་ལམ་དུ་རྗེ་བཙུན་མ་ཕམ་པ་ཡིན་ཟེར་བའི་མི་གཅིག་བྱུང་བ་ལ། བདག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ད་ལྟ་ག་ན་བཞུགས་ཞེས་དྲིས་པས། བྱང་ཤར་མཚམས་མེ་ཏོག་བཀྲམ་པ་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཞེས་གསུང་། བདག་དེར་སྐྱེ་བའི་ཐབས་ཡོད་དམ་ཞུས་པས་དེ་རང་དཀའ་གསུང་། འོ་ན་བདག་བདེ་བ་ཅན་དུ་སྐྱེ་བའི་ཐབས་ཡོད་དམ་ཞུས་པས། དེ་ཡོད་གསུང་། ཇི་ལྟར་བགྱིད་ལགས་ཞུས་པས། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པས་ལུང་སྟོན་པར་འགྱུར་རོ། །ཞེས་གསུངས་ནས་མི་དེ་མི་སྣང་བར་གྱུར་ཏོ་ཞེས་གསུང་། དགེ་ལྡན་དུ་བཞུགས་དུས་མནལ་ལམ་དུ་ཆུའི་དབུ་བ་ལྟ་བུ་ཕྱི་གསལ་ནང་གསལ་ཞིག་གི་ནང་ན། འཕགས་པ་གནས་བརྟན་བཅུ་དྲུག་ཞལ་འདོན་གྱི་སྒྲ་ལྷང་ལྷང་འདུག་པ་ལ། ཕྱི་ནས་ཕྱག་བཙལ་ཞིང་དངོས་གྲུབ་ཞུ་ཞུས་པས་གཙང་གི་བརྒྱགས་ལྷག་ཁམས་སུ་འཁྱེར་བར་ཤོག །གསུང་བ་ཞིག་རྨིས་གསུང་། སྣར་ཐང་ནས་ལ་སྟོད་ལ་ཆོས་བར་ལ་ཐེགས་དུས། རྨི་ལམ་དུ་ཁྱོད་རྒྱལ་བ་འོད་དཔག་མེད་དང་འཕྲིན་ལས་མཉམ་པ་ཡིན་ནོ། །ཞེས་པའི་ལུང་བསྟན་ཅིག་བྱུང་གསུང་། དིང་རི་གླང་འཁོར་ལ་ཐེགས་དུས་ཕ་དམ་པའི་སྐུ་གདུང་ཀ་རུམ་བྱ་བ་མཇལ་བའི་ཚེ། མཐོང་ཚུལ་སྣ་ཚོགས་འོང་བ་ལ་བླ་མ་ཆེན་པོ་འདིས། དམ་པ་རང་གི་སྐུར་དངོས་སུ་གཟིགས་པ་ཡིན་གསུང་། ཤེལ་དཀར་དུ་བཞུགས་དུས་མནལ་ལམ་དུ་རྒྱལ་ཚབ་རིན་པོ་ཆེ་བྱོན་ནས། སྒྲོལ་གསོལ་གྱི་མཇུག་ཏུ། བཅོམ་ལྡན་འདས་མ་མཆོད་བྱས་པས། །བདག་གིས་
དགེ་བ་ཅི་བསགས་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཅེས་སོགས་སྨོན་ལམ་ཤླཽ་ཀ་འདི་ལན་གསུམ་གསུམ་གྱིས་གསུང་བ་ཞིག་བྱུང་། མནལ་སད་པའི་ཚེ་རྐང་པ་གསུམ་ཐུགས་ལ་འདུག །རྐང་པ་བཞི་པ་དེ་བསྙེལ་འདུག་པས་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པ་དེ་ངེད་རང་གིས་བཅུག་པ་ཡིན་གསུང་། ཡང་ལྷོ་སྨད་ཀྱི་གྲང་སོ་ཕྱོགས་ལ་དཔོན་སློབ་འགའ་ཡར་གྱི་ཆར་འབེབས་ལ་བྱོན་པའི་དུས། ཡུལ་མི་ཁ་ཅིག་གིས་འདི་པ་ཚོ་རང་རེའི་གཞི་བདག་ལ་གནོད་པ་བྱེད་པ་ཡིན་པར་འདུག་ཟེར་འཕྲོག་འཇོམས་དང་གནོད་པ་སྣ་ཚོགས་བྱེད་དུ་བྱུང་བའི་ནུབ་མོ་མནལ་ལམ་དུ། དཔལ་མགོན་གདོང་བཞི་པ་བྱོན་ནས་ངའི་གྲོགས་ལ་ཆོས་རྒྱལ་ཐོང་། ངེད་གཉིས་ཀྱིས་འདི་ཚོ་ཐལ་བར་གཏོང་བ་ཡིན་ཟེར་བ་ཞིག་བྱུང་གསུང་། སྔར་ཡུམ་ལས་འཁྲུངས་པའི་ཚེ་བྱ་རོག་ཅིག་གིས་སྲུང་བ་དེ་ཡང་མགོན་པོ་འདི་ཡིན་པར་འདུག་གསུང་། ཕྱིས་ཀྱང་མགོན་པོ་འདིས་ཁྱོད་ལྟ་བུའི་བསྟན་འཛིན་ལ། ང་ལྟ་བུའི་བསྟན་སྲུང་དགོས་པ་ཡིན། གཏོར་མ་རེ་ཡང་མི་སྟེར་བ་ཟེར་ཅིང་ཡུས་བྱེད་པ་ཅིག་བྱུང་བས། རི་ཁུད་དུ་ཆོས་རྗེ་ཨཱ་ནནྡ་པ་ལ་འདིའི་རྗེས་གནང་དང་སྒྲུབ་སྐོར་རྣམས་ཞུས་ཤིང་། བྱང་ཆེན་དུ་མགོན་པོ་འདིའི་བསྟོད་པ་ཀ་ཁ་སུམ་ཅུ་ལ་དྲས་པ་དེ་བརྩམས་པ་ཡིན་གསུང་། ས་སྐྱར་ཕེབས་དུས་དགུ་རུམ་གྱི་དཀོན་གཉེར་ལ་མགོན་པོ་དང་མཇལ་བར་ཞུས་པས། ཁོ་ན་རེ་ངས་མགོན་པོ་ལ་ཞུ་ཡིས་ཟེར་ནས་རེ་ཤིག་ལོན་ནས་བྱུང་སྟེ། སྣར་ཐང་དུ་ཕྲད་པའི་མི་གཅིག་ཡོད་པ་དེ་ནང་དུ་བཏང་ཆོག་གསུང་ཟེར། རི་ཁུད་ན་བཞུགས་པའི་ཚེ་མནལ་ལམ་ན་ཆོས་རྗེ་རྒྱལ་ཚབ་པའི་གདུང་རུས་ཡིན་ཟེར་བ་སྡེར་མ་གང་གཅིག་གིས་ཕུལ་བྱུང་བས་ཕྱག་ཏུ་བཞེས་
པའི་ཚེ་འབུ་རུ་སོང་བ་རྨིས། དེ་ཇི་ལྟར་ཡིན་ནམ་དགོངས་རྟ་ནག་གི་ཕུ་ན་ཆོས་རྗེ་དོན་ཡོད་པ་ཅེས་པ་མངོན་པར་ཤེས་པ་མངའ་བ་ཞིག་ཡོད་པ་དེ་ལ་ཞུ་ཡིག་ཕུལ་ཏེ་བརྟག་པ་ཞུས་པའི་མན་ནི་འདི་ཡིན་ཏེ། ཐམས་ཅད་མཁྱེན་པའི་དྲུང་དུ་སྒོམ་ཆེན་བླུན་པོས་ཞུ་བ། འདིར་ཞལ་ཏ་གནང་བ་བཞིན། འདས་མ་འོངས་གསུམ་ཤེས་པའི་ཡོན་ཏན་མི་བདོག །གསུང་ལ་བཅག་ཐབས་མེད་པས། གང་ཤེས་ཀྱི་བརྟག་པ་བྱས་པས་སྐུ་ཚེ་སྔ་མ་བལ་ཡུལ་དུ་པཎྜི་ཏའི་ལུས་བླངས། ད་ལྟའི་སྐུ་ཚེ་འདི་ལ་སྒྲུབ་པ་ལྷུར་བླངས་ན་སྐུ་ཚེ་མཐར་འཁྱོལ། ཚེ་མཇུག་གྲུབ་པ་ཐོབ་པར་འགྱུར། བཤད་པ་མཛད་ན་སྐུ་ཚེ་ཅུང་ཐུང་། འོན་ཀྱང་ཡུལ་ཁྱད་པར་ཡོད་པས། གནས་ངེས་མེད་མཛད་ན་སྐུ་ཚེ་ལ་མི་གཟན། སྔར་གྱི་དེར་བཞུགས་ན་སྐུ་ཚེ་ལོ་དྲུག་ཅུ་ཙམ་ལས་མི་ཐུབ་སྲིང་བའི་རྟེན་འབྲེལ་བྱེད་ན་རྟ་མགྲིན་གྱི་སྒྲུབ་པ་གསང་ནས་མཛད་ན་ནན་ལྟར་དགའ། ཡི་དམ་འབྲེལ་པ་འཇམ་དབྱངས་ཞི་ཁྲོ་ལ་ཡོད། འདིར་ཡང་དེ་ལ་སྒྲུབ་པ་མཛད་ན་སྒྲུབ་ཐག་ཉེ། ཆོས་སྐྱོང་ཕྱག་དྲུག་པ་ལ་སྐུ་ཚེ་སྔ་ཕྱིའི་འབྲེལ་ཆེ་ཁྱེད་ཀྱི་བླ་མ་དམ་པ་ཁྱད་པར་འཕགས་པ་དབུས་ན་ཡོད་པས་བྱོན་ན་མཇལ། མ་བྱོན་ན་རེ་ཞིག་མི་མཇལ། སྒྲུབ་པ་མཛད་ན་སྐུ་ཚེ་བདུན་ཅུ་ཙམ། བཤད་པ་མཛད་ན་དྲུག་ཅུ་ཙམ་ཐུབ་ངེས་ཡིན། ད་ལྟའི་ས་དེར་བཞུགས་ན་གོང་བཞིན་གསལ། ཐུགས་དམ་སྒྲུབ་པ་གཙོ་བོར་མཛད་ན་འདི་ནས་དགའ་ལྡན་དུ་འཕོ། བཤད་པ་གཙོ་བོར་མཛད་ན་རྒྱ་ནག་ཏུ་མཁས་པ་པཎྜི་ཏའི་ལུས་ལེན་ཞེས་བྱ་བའི་བརྟག་པར་བྱུང་བ་ལགས། ཞེས་པའི་ཞུ་ལན་བྱུང་བ་ལགས་པར་གདའ། དེ་ནས་དབུས་ལ་གསང་ཐབས་སུ་བྱོན་ཏེ་དགེ་འཕེལ་དུ་ཟླ་གཅིག་གསང་ནས་བཞུགས་དུས་ནུབ་ཅིག་མནལ་ལམ་དུ།
རྗེ་རིན་པོ་ཆེ་རི་ཞིག་གི་རྩེ་ལ་དཔལ་དང་གཟི་བརྗིད་འབར་བར་བཞུགས། རི་དེའི་དཀྱིལ་སྨད་ཙམ་ན་ཞལ་སྔ་ནས་ཉིད་བཞུགས་པ་ལ། ཡ་ཚད་ན་དྲུང་འདུལ་བ་པ་འདི་འདུག་པས་ཁོང་ན་རེ། རྗེའི་ཞལ་སྔ་ནས་བཀའ་ལུང་གཅིག་གནང་གིན་འདུག་པས་གསན་མཛོད་དང་ཟེར། དེར་རྣ་བ་གཏད་པས་དགེ་འདུན་གྲུབ་ཅེས་བོས་ནས། ཁྱོད་ལ་བརྟེན་ནས་གནས་འདིར་ཚད་མའི་བསྟན་པ་དར་བར་འགྱུར་རོ་ཞེས་གསུང་ཞིང་། ངའི་མིང་འདི་ལ་འབྲུ་སྣོན་ཅིག་ཀྱང་མཛད་བྱུང་གསུང་། དེ་དུས་མནལ་ལམ་དུ་ཤར་བའི་རི་དེའི་དབྱིབས་དེ་ནི། ཕྱིས་བཀྲ་ཤིས་ལྷུན་པོའི་རྒྱབ་རི་འདི་ཁོ་ནར་སྣང་བས་དགོན་པའི་ལུང་བསྟན་མཛད་པར་འདུག་གསུང་། དེ་ནས་དབུས་སུ་འབྱོན་པའི་ལམ་ཁར་སྙེ་མོར་ཕེབས་ཙ་ན་འཁྲུ་བའི་སྙུན་དྲག་པོ་གཅིག་བྱུང་བས། ཚད་མ་ཡིན་ནམ་དགོངས་ནས་ཞལ་འཛེམ་པར་མཛད་པ་ལ། ནུབ་གཅིག་བུད་མེད་རུས་པའི་རྒྱན་དྲུག་གསོལ་བ་གཅིག་གིས་ལན་ན་ཌ་མ་རུའི་སྒྲ་འཁྲོལ་ཞིང་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཤར་བྱས་པས། ཞེས་སོགས་དབྱངས་འཐེན་པ་ཅིག་རྨིས། འོ་ན་ནད་འདི་གྲང་བ་ཡིན་པ་འདུག་སྙམ་ནས་ཞལ་གློད་ཟས་བཅུད་ཅན་བསྟེན་པས་མྱུར་བར་བསོས་སོ། །དེ་དུས་སྐུ་ཞང་ཆོས་རྗེ་ལ་འཆི་བདག་འཇོམས་པའི་བལའ་ཞིག་ཀྱང་གསན། བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་ཐུགས་དམ་སྒྲུབ་པ་གཙོ་བོར་མཛད་དུས། བུད་མེད་དཀར་མོ་གཅིག་གིས་རིན་པོ་ཆེའི་སྣོད་བདུད་རྩིས་བཀངས་པ་ཅིག་བྱིན་པ་རྨིས། ཡང་སྐབས་ཤིག་ངོར་གྱི་རྒྱབ་རིའི་སྟེང་ན་རྡོ་རྗེ་འཇིགས་བྱེད་དཔའ་གཅིག་པ་ཅིག་བཞུགས་འདུག་པ་གཟིགས། གཞན་ཡང་ནས་དེར་ཕྱག་དྲུག་པ་དང་གདོང་བཞི་པ་
སོགས་ཆོས་སྐྱོང་མང་པོའི་གཟིགས་སྣང་ཡང་བྱུང་བར་གདའ་སྟེ། སྦས་པའི་བརྟུལ་ཞུགས་སུ་མཛད་དོ། །ཡང་གནས་དེར་མནལ་ལམ་དུ་སྐྱེས་མཆོག་ཨཱ་ནནྡ་པ་བྱོན་ནས། བྱེད་པ་སེམས་ཅན་ཀུན་དོན་བྱེད་གསུང་བ་ལ། འོང་བ་སེམས་ཅན་གཅིག་གི་དོན་ཡང་མི་འོང་ཟེར་བ་བྱས། བཞད་པ་ཅིག་རྨིས། བོ་དོང་དུ་ཆོས་བར་ལ་བཞུགས་དུས། དཔལ་ལྡན་ལྷ་མོ་འདི་བྱོན་ནས་ཕྱག་མཛུབ་ཤར་ངོས་ལ་གཏད་དེ། ཁྱོད་ཀྱི་དགོན་པ་དེ་མ་གི་ན་འདུག་ཟེར། འོ་ན་ངའི་དགོན་པ་དེར་གདུལ་བྱ་དང་འཕྲིན་ལས་ཇི་འདྲ་ཡོང་དྲིས་པས་ཕྱག་གཉིས་ཟིང་ཟིང་མཛད་དེ་ཆེན་པོ་འོང་ཟེར། དགོན་པའི་མིང་ཇི་སྐད་ཟེར་བ་འོང་དྲིས་པས། མུ་ཁྱུད་ཅན་ཟེར་བ་འོང་གསུང་། མུ་ཁྱུད་ཅན་ཟེར་བ་ཇི་ལྟར་ཡིན་དྲིས་པས། དེའི་དོན་ཕྱིས་ནས་གོ་བར་འགྱུར་གསུང་། ཡང་སྐབས་ཤིག་ལ་ལྷ་མོ་འདི་མྱ་ངན་གྱི་རྣམ་པ་མཛད་དེ་བྱུང་བས་དེ་ལྟར་ཐུགས་ངན་མཛད་པ་ཅི་ཡིན་དྲིས་པས། ངའི་མིང་པོ་བསྟན་པ་ལ་ཕན་པ་ཅིག་ཡོད་པ་དེ་མྱུར་དུ་འཆི་བར་འདུག་པས་མ་དགའ་བ་ཡིན་ཟེར། དེ་སུ་ཡིན་དྲིས་པས། ཁྱོད་ལ་མི་འཆད་ཁྱོད་མྱ་ངན་སྐྱེ་བར་འདུག་གསུང་། དེ་ནས་ཟླ་བ་གཉིས་ཙམ་སོང་ཙ་ན། དགེ་ལྡན་དུ་ཕ་ཤེས་རབ་སེང་གེ་གཤེགས་པའི་གཏམ་ཞིག་སླེབས་བྱུང་གསུང་། བཀྲ་ཤིས་ལྷུན་པོའི་དགོན་པ་བཏབ་ནས་གུར་དཀར་ཞིག་གི་ནང་དུ་གཟིམས་ནས་བཞུགས་པའི་ཐོ་རངས་ཁ་ནམ་མཁའ་ནས་བཀྲ་ཤིས་ལྷུན་པོ་ཞེས་པའི་སྒྲ་ཆེན་པོ་ཅིག་བྱུང་བས། དེ་ནི་དགོན་པའི་མིང་ཡིན་པར་སྣང་། གྲགས་པ་ཆེན་པོ་འོང་བར་འདུག་དགོངས་པ་བྱུང་། སྔར་ལྷ་མོས་དགོན་པའི་མིང་མུ་ཁྱུད་ཅན་ཟེར་བ་ཡིན། དེའི་དོན་སླད་ནས་གོ་བར་འགྱུར་རོ་གསུང་བ་དང་། ལྷུན་པོ་གསེར་གྱི་རི་བདུན་ལ་སོགས་པའི་མུ་ཁྱུད་
ཀྱིས་བསྐོར་བ་ལ་དགོངས་པར་འདུག་གསུང་། ཕྱིས་བསླབ་བཏུས་གསུང་བའི་ཚེ་འཕྲོས་ཤིག་ལ་འོ་སྐོལ་གྱི་དགོན་པའི་མིང་འདི་ཡང་ལྷས་བཏགས་པ་ཡིན་གསུང་ངོ་། །ནུབ་ཅིག་མནལ་ལམ་དུ་བླ་བྲང་སྟེང་ན་རྒྱལ་མཚན་བཅུ་གཅིག་བཙུགས་འདུག་པ་རྨིས། དེ་ནི་བླ་རབས་བཅུ་གཅིག་གི་རིང་ལ་ལེགས་པོ་འོང་བ་ཡིན་ཚོད་དུ་འདུག་གསུང་ཞིང་། བླ་བྲང་གི་མིང་ཡང་རྒྱལ་མཚན་མཐོན་པོ་ཞེས་བཏགས་སོ། །ཐག་གི་སྡོང་དཀར་དུ་བཞུགས་དུས་རྗེ་བཙུན་ཤེས་རབ་སེང་གེ་བྱོན་ནས། ཆོས་ཀྱི་མཐར་ཐུག་སེམས་བསྐྱེད་ཡིན། ལྟ་བའི་མཐར་ཐུག་སྟོང་ཉིད་ཡིན། །རྒྱུད་ཀྱི་མཐར་ཐུག་གསང་འདུས་ཡིན། །གསུངས་ནས་རལ་གྲི་ཕྱག་ཏུ་གཏད་བྱུང་བ་རྨིས་གསུང་། མན་ལུང་དུ་བྲན་སྟོན་མཐའ་བྲལ་གྱི་སྐུ་འདྲའི་དྲུང་དུ་ཞག་གཅིག་བཞུགས་པས་སྐུ་འདྲ་དེའི་ཞལ་ནས། དོན་རྩ་ཞེས་པའི་གསུང་ལྷང་གིས་བྱོན། བཀྲ་ཤིས་ལྷུན་པོར་མནལ་ལམ་དུ་རྗེ་བཙུན་ཙོང་ཁ་པ་བྱོན་ནས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྒོམ་གྱིན་ཡོད་དམ་གསུང་། ཡང་ལན་ཅིག་སེམས་ཅན་ཐམས་ཅད་ཀྱིས་རང་རེའི་ཕ་མ་བྱས་པ་ཤ་སྟག་ཡིན་པས་བྱམས་པ་དང་སྙིང་རྗེ་བསྒོམ་དགོས་གསུང་བ་ལ། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕ་དང་མ་བྱས་པ་ཡིན་ཞུས་པ་ཅིག་རྨིས་ཏེ། འོ་ཀོལ་ཉིན་མོ་གང་བྱུང་ལབས་པའི་བག་ཆགས་དེས་མདང་རྐང་དྲངས་གསུང་། ཡང་ལན་ཅིག་རྗེའི་ཞལ་ནས། གྲྭ་པ་རྣམས་ཀྱིས་ཁྱོད་ཀྱི་ཁ་ལ་ཉན་པོ་བྱས་སམ་གསུང་བ་ལ། ལ་ལས་ནི་བྱས་ཁ་ཅིག་གིས་མ་བྱས་ཞུས་པས། དེ་ལ་མི་དགའ་བ་མེད་པར་བཟོད་པ་སྒོམ་དགོས་པ་ཡིན་གསུངས་ཏེ། རྒྱས་པར་ནི་བདག་གིས་མ་འཚལ་ཏོ། །བླ་མ་ཐམས་ཅད་
མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། ལུང་བསྟན་ངོ་མཚར་སྣ་ཚོགས་བརྙེས་པའི་མཛད་པ་སྟེ་དགུ་པའོ།། །། བཅུ་པ། ཐུབ་བསྟན་འབའ་ཞིག་གཅེས་པར་བཟུང་བའི་ཚུལ། སེམས་དཔའ་ཆེན་པོ་འདི་ནི་སྐུ་ཚེ་དཔག་ཏུ་མེད་པའི་སྔ་རོལ་ནས་དམ་པའི་ཆོས་འཛིན་པའི་སྨོན་ལམ་ལེགས་པར་གྲུབ། སྐུ་ཚེ་འདིར་ཡང་ཉིད་ཀྱི་སྲོག་ལའང་བལྟོས་པ་མེད་པར་ཐུབ་པའི་བསྟན་པ་གཅེས་པར་བཟུངས་པས། རྒྱལ་བའི་རིང་ལུགས་ཡོངས་སུ་རྫོགས་པ་སྨྲ་བའི་མཆོག་བླ་ན་མེད་པ་ཡིན་ཏེ། བསྟོད་པ་ལས། བུ་རམ་ཤིང་པའི་རིང་ལུགས་བླ་ན་མེད། །ཡོངས་རྫོགས་ཉམས་པ་མེད་པར་སྟོན་པ་ལ། །མགོན་པོ་ཁྱོད་ནི་སྨྲ་བ་བླ་ན་མེད། །སྨྲ་བ་གཞན་ནི་ཆུ་ཤིང་བཞིན་དུ་གྱུར། །ཅེས་པ་ལྟར་རོ། །ཉིད་ཀྱིས་མཛད་པའི་བསྟན་བཅོས་ཆེ་ཆུང་དང་། ལྷ་དང་བླ་མའི་བསྟོད་པ་སོགས་ཀྱི་རབ་བྱེད་རྣམས་སུའང་། དམ་པའི་ཆོས་འཛིན་པའི་སྨོན་ལམ་ཁོ་ན་འབྱུང་སྟེ། གླེང་འབུམ་ཆེན་མོའི་མཇུག་ཏུ། བདག་ནི་རྒྱལ་བ་ཀུན་གྱི་བསྟན་པ་ལ། །གཞོན་ནུའི་དུས་སུ་རབ་བྱུང་ཐོབ་གྱུར་ཏེ། །འདུལ་བ་འཛིན་པའི་མཆོག་ཏུ་ལུང་བསྟན་ནས། །བསྟན་པའི་རྒྱལ་མཚན་འཛིན་ལ་བརྩོན་པར་ཤོག །ཅེས་ཇི་སྐད་འབྱུང་བ་ལྟ་བུའོ། །དམ་པའི་ཆོས་འཛིན་ཅིང་བྱང་ཆུབ་ཀྱི་ལམ་གསལ་བར་མཛད་ནུས་པའི་རྒྱུ་ནི་གསུམ་སྟེ། པོ་ཏོ་བའི་བེའུ་བུམ་ལས། དེ་ལྟར་བླ་མའི་མན་ངག་མང་ཞིང་། །ཐུགས་དམ་ལྷ་ཡི་ཞལ་ཡང་གཟིགས་ལ། །རིག་པའི་གནས་ལྔ་ཀུན་ལ་མཁས་པས། །བྱང་ཆུབ་ལམ་ནི་གསལ་བར་མཛད་ནུས། །ཞེས་གསུངས་པ་ལྟར་རབ་ཡི་དམ་གྱི་ལྷའི་ཞལ་གཟིགས་པ་འབྲིང་རིག་པའི་གནས་ལྔ་ལ་མཁས་པ། ཐ་མ་ཡང་དག་པར་རྫོགས་པའི་
སངས་རྒྱས་ནས་བཟུངས་ཏེ། དམ་པ་བར་མ་ཆད་པའི་མན་ངག་དང་ལྡན་པའོ། །བདག་ཉིད་ཆེན་པོ་འདི་ལ་ནི་རྒྱུ་གསུམ་ག་མངའ་བ་ཡིན་ཏེ། ཡི་དམ་ལྷའི་ཞལ་གཟིགས་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་དང་། འདྲེན་པ་འོད་དཔག་ཏུ་མེད་པ་དང་། ཇོ་མོ་ཡིད་བཞིན་འཁོར་ལོ་དང་། རྗེ་བཙུན་སྒྲོལ་མ་དང་། རྗེ་བཙུན་འཇམ་དབྱངས་དང་། གཤིན་རྗེའི་གཤེད་ལ་སོགས་པའི་ཡི་དམ་གྱི་ལྷ་དང་། མགོན་པོ་གྲི་གུག་ཅན་དང་། གུར་གྱི་མགོན་པོ་དང་། ཕྱག་དྲུག་པ་དང་། དམ་ཅན་ཆོས་རྒྱལ་དང་། སྟོབས་འཕྲོག་ནག་པོ་དང་། བེག་ཙེ་ལྕམ་བྲལ་དང་། འདོད་ཁམས་དབང་ཕྱུག་མ་ལ་སོགས་སྲུང་མ་རྣམས་ཀྱི་ཞལ་དངོས་ཉམས་རྨི་ལམ་ཅི་རིགས་སུ་གཟིགས་ཤིང་། དམ་པའི་ཆོས་ཀྱང་གསན་ལ། ཐེ་ཚོམ་གྱི་དྲ་བ་མ་ལུས་པ་རྣམ་པར་བསལ་བར་མཛད་དོ། །རིག་པའི་གནས་ལྔ་ལ་མཁས་པ་ནི་སྔར་བཤད་ཟིན་ཏོ། །དམ་པ་བར་མ་ཆད་པའི་མན་ངག་དང་ལྡན་པ་ནི། ཟབ་མོ་ལྟ་བའི་ཕྱོགས་རྣམས། འཕགས་པ་ཀླུ་སྒྲུབ། ཟླ་བ་གྲགས་པ། རིགས་པའི་ཁུ་བྱུག །ཨ་ཏི་ཤ །འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། གཏུམ་སྟོན་བློ་གྲོས་གྲགས། དཔལ་རྡོ་རྗེ་ཆེན་པོ་ནས་ཉེ་བར་བརྒྱུད་པ་ནི། མཁན་ཆེན་གྲུབ་པ་ཤེས་རབ་ལ་གསན་ལ། སྤྱན་སྔ་ནས་བྱ་ཡུལ་བ། དགྱེར་ཁུ་དབོན་ནས་ཉེ་བར་བརྒྱུད་པ་ནི། རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་གསན་ཅིང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དཔའ་བོ་རྡོ་རྗེ་ལ་གསུངས་པའི་ལྟ་བའི་ཁྲིད་རྣམས་ནི་རྗེ་ཉིད་དང་། རྗེའི་བུ་ཆེན་གནས་བརྟན་ཆོས་བཟང་བ་དང་། མཁས་གྲུབ་ཤེས་རབ་སེང་གེ་ལ་ལེགས་པར་གསན་ཏོ། །སྤྱོད་པའི་ཕྱོགས་ལ་བྱམས་པ་ཐོགས་མེད་ནས་ཉེ་བར་བརྒྱུད། ཇོ་བོ་ལྷ་ཅིག །
འབྲོམ། པོ་ཏོ་བ། ཞང་རོམ་ཆོས་ལུང་སྐུ་གཤེགས་ནས་བརྒྱུད་པ་ནི་མཁན་པོའི་དྲུང་དུ་གསན་ཅིང་། ཞང་རོམ་ནས་བྱ་འཆད་ཁ་པ་ལ་བརྒྱུད་པ་ནི། རྗེ་ཉིད་དང་། རྗེ་བཙུན་ཤེས་རབ་སེང་གེ་ལ་གསན་ལ། སྤྱན་སྔ་བ་ནས་བྱ་ཡུལ་བ་ལ་བརྒྱུད་པ་ནི། སྤྱན་སྔ་པ་རིན་ཆེན་འཕེལ་ལ་གསན། སྤྱོད་པའི་ཕྱོགས་འཇམ་དབྱངས་ནས་ཞི་བ་ལྷ་ལ་བརྒྱུད་པ་ནི། མཁན་ཆེན་རིན་པོ་ཆེ་དང་། རྗེ་བཙུན་ཙོང་ཁ་པ་དང་། ལྷ་བསོད་ནམས་ལྷུན་གྲུབ་རྣམས་ལ་གསན་ཏོ། །གསང་སྔགས་ནང་གི་ཕྱོགས་ལ་ལྷ་རྗེ་འགོས་ནས་བརྒྱུད་པའི་དཔལ་ལྡན་འདུས་པའི་བཤད་སྲོལ་སྐྱེས་མཆོག་མར་པ་ནས་བརྒྱུད་པའི་རིམ་པ་ལྔའི་མན་ངག་གི་གནད་རྣམས་ནི། རྗེའི་ཞལ་སྔ་ནས་དང་། རྗེ་བཙུན་ཤེས་རབ་སེང་གེ་ལ་གསན་ལ། མ་རྒྱུད་བདེ་མཆོག་འཁོར་ལོའི་སྐོར་རྣམས་རྗེ་ཉིད་ལ་གསན་ནོ། །ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་གླེགས་བམ་རིན་པོ་ཆེ་ནི། སྐད་གཉིས་སྨྲ་བའི་དབང་པོ་ཐུགས་རྗེ་དཔལ་ལ་གསན་ཏེ། སྔ་ཕྱིར་ལན་མང་དུ་ཡང་གསུངས་པས། དིང་སང་ཕྱོགས་ཐམས་ཅད་དུ་རྒྱས་པར་གྱུར་པ་ནི་བདག་གི་བླ་མ་ཉིད་ཀྱི་བཀའ་དྲིན་ལགས་སོ། །སྤྱིར་ན་ཐེག་པ་གོང་འོག་དང་། ཐེག་ཆེན་ལ་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས། ཕར་ཕྱིན་ལ་དབུ་མ་སེམས་ཙམ་གྱི་ལུགས་གཉིས། གསང་སྔགས་ལ་རྒྱུད་སྡེ་བཞིའི་བཤད་སྲོལ་དང་མན་ངག །རྣལ་འབྱོར་བླ་ན་མེད་པ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་ཀྱི་ཤིང་རྟ་ཆེན་པོའི་ལུགས་སོ་སོ་བ་རྣམས་བརྒྱུད་པ་རྣམ་པར་དག་པ་ལས་འོངས་པ་བླ་མ་ཆེན་པོ་འདི་ལ་མི་མངའ་བ་མི་སྣང་སྟེ་ཞིབ་ཏུ་མ་བྲིས་སོ། །ཡི་དམ་གྱི་ལྷའི་ཞལ་གཟིགས་རིག་པའི་གནས་ལྔ་ལ་མཁས། བརྒྱུད་པ་རྣམ་པར་དག་པའི་མན་ངག་དང་ལྡན་པ་དེས་ན། བསྟན་བཅོས་རྩོམ་པ་ལ་
དབང་བ་ཡིན་ནོ། །རྩོམ་པ་ཇི་ལྟར་མཛད་པ་ནི། ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་ཚིག་དོན་གསལ་བ། དཀའ་འགྲེལ་རིགས་པའི་རྒྱན། དབུ་མ་རྩ་འཇུག་ལ་ཚིག་འགྲེལ་གསལ་བ་རེ་རེ། འདུལ་བའི་གླེང་འབུམ་ཆེན་མོ། འདུལ་བའི་ཊཱི་ཀ་ཆེན་མོ། སོ་ཐར་གྱི་ཊཱི་ཀ་ཚིག་དོན་གསལ་བ། གཞན་ཡང་ལྷ་དང་བླ་མའི་བསྟོད་པ་དང་། སྒྲུབ་ཐབས་ལ་སོགས་པ་དང་སྨོན་ལམ་མང་དུ་སྣང་ལ། དབུ་མ་རྩ་འཇུག་གི་དཀའ་གནད་ལ་ཟིན་བྲིས་དང་། མཛོད་ཀྱི་ཟིན་བྲིས་ཆེན་མོ་དང་། ཐེག་པ་ཆེན་པོ་བློ་སྦྱོང་གི་ཟིན་བྲིས་ཆེ་ཆུང་གཉིས་དང་། འདུས་པའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་དང་། ལྟ་བའི་ཟིན་བྲིས་ལ་སོགས་ཟིན་བྲིས་ཀྱང་མང་དུ་མཆིས་སོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། ཐུབ་བསྟན་འབའ་ཞིག་གཅེས་པར་དགོངས་ཏེ་དམ་པའི་ཆོས་འཛིན་པའི་མཛད་པ་སྟེ་བཅུ་པའོ།། །། བཅུ་གཅིག་པ། སྐལ་ལྡན་སློབ་མའི་འཁོར་ཚོགས་ཇི་ལྟར་རྒྱས་པའི་ཚུལ། དགུང་ལོ་སོ་ལྔ་ནས་བརྒྱད་ཅུ་གྱ་བཞིའི་བར་དམ་པའི་ཆོས་ཀྱི་བཤད་ཉན་མཛད་པས། སྐལ་བ་དང་ལྡན་པའི་གདུལ་བྱ་མཁས་པ་དང་བཙུན་པ་དང་བཟང་པོ་དང་། རྣལ་འབྱོར་ལ་བརྩོན་པའི་སློབ་མས་གངས་རིའི་ཁྲོད་འདིར་མ་ཁྱབ་པ་མི་སྣང་ལ། ཞལ་མཐོང་བ་དང་། གསུང་ཐོས་པ་དང་། ཞབས་ཀྱི་རྡུལ་ལ་རེག་པས་ཐར་པའི་ས་བོན་བསྐྲུན་པ་ནི་རྒྱལ་བ་ཉིད་ཀྱིས་ཀྱང་བགྲང་བར་མི་སྤྱོད་དོ། །དེ་དག་ལས་བདག་གི་མཁན་པོ་འདུལ་འཛིན་སེམས་དཔའ་ཆེན་པོ་ནི་གསང་ཕུར་འཆད་ཉན་མཛད་དུས་ནས་ཞབས་ལ་གཏུགས་ཏེ། སྡེ་སྣོད་མང་དུ་གསན་པས་ལུང་དང་རིགས་པའི་བདག་ཉིད་ཆེན་པོ་གྱུར་པ་ནི། གཙོ་བོར་བླ་མ་ཆེན་པོ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཅེས་
གསུང་ཞིང་། གྲྭ་ཚང་དུ་ཟུར་ཆོས་པའང་ཡུན་རིང་དུ་མཛད། ཞལ་སྔ་ནས་ཕྱི་མ་དབུས་ལ་ཕེབས་དུས། ལོ་གསུམ་གྱི་བར་དུ་གྲྭ་ཚང་བདག་པོ་མཛད་དེ་སློབ་མ་བསྐྱངས། བཀྲ་ཤིས་ལྷུན་པོ་བཏབ་ནས་ཀྱང་ལན་མང་དུ་ཕེབས་ཏེ། ཆོས་རྗེའི་བཀའ་ལུང་ལ་བརྟེན་ནས་བསླབ་བྱ་དང་ལམ་རིམ་ལན་མང་དུ་གསུངས་ཏེ་བླ་མའི་དགོངས་པ་བསྒྲུབས། བླ་མ་རིན་པོ་ཆེ་བསྙེལ་བའི་ཚེ་སྐུ་རིམ་དང་། ཞི་བར་གཤེགས་ནས་དགེ་འདུན་གྱི་གཙོ་བོ་མཛད་དེ་དགོངས་རྫོགས་བསྒྲུབས། གདན་ས་བསྐོ་བཞག་མཛད་པ་སོགས་སྔ་ཕྱི་བར་གསུམ་དུ་བླ་མའི་འཕྲིན་ལས་བསྒྲུབས་པར་མཛད་པས་སྲས་ཀྱི་ཐུ་བོ་ནི་དེ་ཡིན་ནོ། །གཞན་ཡང་འདུལ་འཛིན་དཔལ་ལྡན་བཟང་པོ། རྡོ་རྗེ་སློབ་དཔོན་བཟང་པོ་བཀྲ་ཤིས། འཇམ་པའི་དབྱངས་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། རབ་འབྱམས་བསྟན་པའི་ཉི་མ་སྨོན་ལམ་དཔལ་ལེགས་པའི་བློ་གྲོས། མཁན་ཆེན་བཟོད་པ་དཔལ་གྲུབ། མཁན་ཆེན་ཤེས་རབ་རྒྱལ་མཚན། མཁན་ཆེན་གྲགས་པ་ཤེས་རབ། གཞུང་བརྒྱ་སྨྲ་བ་བཀྲ་ཤིས་བཟང་པོ། ཡི་དམ་གྱི་ལྷས་ལུང་བསྟན་པའི་སྲས་དཔལ་ལྡན་ཚུལ་ཁྲིམས། སྔགས་འཆང་བཟང་པོ་རྒྱལ་མཚན། ཡོངས་འཛིན་ཆེན་པོ་དྲི་མ་མེད་པའི་བཤེས་གཉེན། སྡེ་བདུན་གྱི་བདག་པོ་སློབ་དཔོན་འཕགས་པ་འཆར་ཀ །མཁས་པ་དཔལ་ལྡན་ཆོས་སྐྱོང་། ཐམས་ཅད་མཁྱེན་པའི་དཔོན་པོ་བློ་བཟང་ཉི་མ། དཔལ་ལྡན་ལུང་དང་རིགས་པ་དང་མན་ངག་གི་རྒྱ་མཚོ། འཇམ་དཔལ་དབྱངས་ཡེ་ཤེས་རྩེ་མོ། བྱ་བཏང་སེམས་དཔའ་དགེ་འདུན་བཟང་པོ། བྱ་བཏང་མཁས་པ་ནོར་བཟང་རྒྱ་མཚོ། དཔལ་འདར་སྟོན་བྱང་ཆུབ་དཔལ། པཎ་ཆེན་ཀུན་རིན། རབ་འབྱམས་པ་རྒྱལ་མཆོག །སློབ་དཔོན་པོ་སྟོབས་ལྡན་འོད་ཟེར། སློབ་
དཔོན་རིན་པོ་ཆེ་ཆོས་འབྱོར་དཔལ་བཟང་། རིགས་པར་སྨྲ་བ་སངས་རྒྱས་དཔལ་རིན། དཀའ་བཞི་འཛིན་པ་དགེ་འདུན་བསམ་གྲུབ། བྱམས་ཆོས་པ་གྲགས་པ་ཡོན་ཏན། དཀའ་བཅུ་འཛིན་པ་དབང་ཕྱུག་དཔལ། དཀའ་བཅུ་པ་དབང་སེང་། དཀའ་བཞི་པ་དོན་ཆོས། དཀའ་བཅུ་འཛིན་པ་དཔལ་ལྡན་བཟང་པོ། དཀའ་བཅུ་འཛིན་པ་རིན་ཆེན་རྒྱ་མཚོ། དཀའ་བཅུ་པ་ཀུན་དགའ་དཔལ་རིན། དཀའ་བཅུ་པ་རྒྱལ་བཟང་། དབོན་པོ་མཁྱེན་རབ། གནས་བརྟན་སངས་ཚུལ། དཀའ་བཅུ་པ་སྨྲ་སེང་། རྒྱུད་སྡེ་འཛིན་པ་ཆེན་པོ་སྦྱིན་པ་དཔལ། རྒྱུད་སྡེ་འཛིན་པ་གྲགས་བཟང་། དཀའ་བཅུ་པ་ཀུན་དགའ་དོན་གྲུབ། དཀའ་བཅུ་པ་ཤེས་རབ་དཔལ། དཀའ་བཅུ་པ་ཚུལ་ཁྲིམས་བཟང་པོ། དཀའ་བཅུ་པ་དོན་གྲུབ་དཔལ། རིགས་པར་སྨྲ་བ་ཤེས་རབ་ཆོས་ཀྱི་དཔལ་འབྱོར། དཀའ་བཅུ་པ་ཡེ་ཤེས་བཟང་པོ། བཤེས་གཉེན་གྲགས་པ་བསམ་གྲུབ། གསུང་ཕུ་གླིང་སྟོད་སྨད་ཀྱི་གདན་ས་སོགས་མདོ་དང་རྒྱུད་ཀྱི་བཤད་སྲོལ་འཛིན་པ་དང་། བླ་མ་སྨན་ལུང་པ། བླ་མ་ལྷུན་རྩེ་པ། བླ་མ་ཡོན་ཏན་དཔལ་འབྱུང་པ། བླ་མ་ཨ་མོ་གྷ། ལྷ་བཙུན་བསྟན་པའི་རྒྱལ་མཚན་སོགས་མན་ངག་གི་སྒོ་ནས་འགྲོ་བ་ལ་ཕན་པར་མཛད་པའི་སློབ་མ་ཡང་མཐའ་ཡས་པ་ཐོན་ཅིང་། ཚོགས་དང་དབེན་པ་ཅི་རིགས་པར་བཞུགས་ཏེ། སྡོམ་ཁྲིམས་དག་ཅིང་བསམ་གཏན་དང་ཀློག་པ་ལ་བརྩོན་པ་ཡང་དཔག་ཏུ་མེད་ཅིང་བསམ་པར་མི་སྤྱོད་དོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། སྐལ་ལྡན་སློབ་མའི་འཁོར་ཚོགས་ཇི་ལྟར་བྱུང་བའི་མཛད་པ་སྟེ་བཅུ་གཅིག་པའོ།། །།བཅུ་གཉིས་པ། ཞི་བའི་དབྱིངས་
སུ་སྐུ་གཤེགས་པའི་ཚུལ། བདག་ཉིད་ཆེན་པོ་འདི་ཉིད་ལྕགས་ཕོ་ལུག་ལ་སྐུ་འཁྲུངས། བཅོ་ལྔ་པ་ཤིང་བྱ་ལ་རབ་ཏུ་བྱུང་། ཉི་ཤུ་པ་ལྕགས་སྟག་ལ་བསྙེན་པར་རྫོགས། ཉེར་ལྔ་པ་ཤིང་ལུག་ལ་བཤེས་གཉེན་རབ་མཆོག་བློ་གྲོས་ཀྱིས་འདྲེན་པའི་སློབ་དཔོན་མཛད་དེ་དབུས་ལ་ཕེབས། ལོ་དེ་ཉིད་ལ་འོན་གྱི་བཀྲ་ཤིས་དོ་ཁར་རྗེ་ཐམས་ཅད་མཁྱེན་པ་དང་མཇལ། ལོ་བཅུའི་བར་གསང་ཕུ་ནེའུ་ཐོག་དང་། རི་བོ་དགེ་ལྡན་དང་། འཕན་ཡུལ་གྲོ་ས་ལ་སོགས་པར་བཞུགས་ཏེ། མདོ་སྔགས་ཀྱི་གསུང་རབ་མཐའ་དག་ལ་མཁས་པར་སྦྱངས་ཤིང་མི་འཇིགས་པའི་སྤོབས་པ་བརྙེས། སོ་ལྔ་པ་ཤིང་སྦྲུལ་ལ་གསང་ཕུའི་འཆད་ཉན་མཛད། སོ་དྲུག་པ་མེ་རྟ་ལ་རྗེ་བཙུན་ཤེས་རབ་སེང་གེ་དང་དཔོན་སློབ་ལྷན་དུ་གཙང་ལ་བཏེག །སྣར་ཐང་བྱང་ཆེན་དང་། རི་ཁུད་དང་བྲག་དམར་སོགས་སུ་བཞུགས་ཏེ། ལོ་བཅུ་གཉིས་ཀྱི་བར་དུ་འཆད་ཉན་དམར་ཞིང་གྲྭ་ཚོགས་འཕེལ་བར་བཞུགས་དེ་ནས་བླ་མ་དོན་ཡོད་པའི་ལུང་བསྟན་དང་། གཞན་ཡང་དགོས་པ་འགའ་ཞིག་ལ་བརྟེན་ནས། ཉིད་ཀྱི་ཞེ་བརྒྱད་པ་ས་རྟ་ལ་དབུས་སུ་ཕེབས། དགེ་ལྡན་དུ་ཀུན་མཁྱེན་ནམ་མཁའ་དཔལ་དང་། འཆད་ཀར་ལྷ་རིན་པོ་ཆེ་བསོད་ནམས་ལྷུན་གྲུབ་དང་། རྒྱལ་སྟེང་དུ་སྤྱན་སྔ་རིན་ཆེན་འཕེལ་དང་། ཨེ་ཝཾ་དུ་འཇམ་དབྱངས་རིན་ཆེན་རྒྱལ་བ་རྣམས་ལ་བརྟེན་ནས། བཀའ་གདམས་གཞུང་གདམ་ངག་དང་། དུས་ཀྱི་འཁོར་ལོ་ལ་སོགས་པའི་འདོད་ཆོས་མང་དུ་གསན། སློབ་མ་དྲུང་དུ་ཉེ་བར་འདུས་པ་རྣམས་ལའང་རང་རང་གི་བསམ་པ་དང་མཐུན་པའི་ཆོས་བསྟན། སྔར་ཆོས་རྗེ་དོན་ཡོད་པའི་ལུང་བསྟན་ལ། ཁྱོད་ཀྱི་བླ་མ་དམ་པ་ཁྱད་པར་འཕགས་པ་དབུས་ན་ཡོད་པས་མཇལ་ཞེས་པའང་ལྷ་རིན་པོ་ཆེ་བསོད་ནམས་
ལྷུན་གྲུབ་ཡིན་ཅེས་གསུང་། བླ་མ་འདི་ལས་བྱང་ཆུབ་སེམས་ཀྱི་རྟོགས་པ་འཁྲུངས་པས་བཀའ་དྲིན་ཆེ་བའི་བླ་མར་མཛད་ཀྱིན་གདའ། འཇམ་དབྱངས་རིན་ཆེན་རྒྱལ་བ་དེ་ཉིད་ཀྱིས་ཀྱང་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཤིང་སྐུ་ཚེ་སྔ་མ་ནས་འབྲེལ་བའི་བླ་མ་ཡིན་གསུང་། དེ་དུས་ཐུགས་ལ་སྒྲུབ་པ་ཉག་གཅིག་བྱ་དགོངས་པ་ལ། གཙང་ནས་གདན་འདྲེན་པ་བྱུང་བས། ད་ཇི་ལྟར་དྲག་སྙམ་ནས་ལྷ་རིན་པོ་ཆེ་ལ་བརྟག་པ་ཞུས་པས། ལྷ་རིན་པོ་ཆེ་དེ་ཞལ་ནུབ་ཕྱོགས་ལ་གཟིགས། ས་འཇའ་ལི་ཞིག་གི་སྟེང་ནས་བརྟག་པ་མཛད་ཅིང་སྣང་བས། ཐུགས་དགོངས་ལ་ད་རེས་གཙང་ལ་བརྟག་པ་འབབ་པ་འདྲ་སྙམ་པ་འཁྲུངས། ཅོད་པན་དེ་ཡང་རླུང་གིས་ནུབ་ལ་བསྐྱོད་པ་གཟིགས། དེ་ནས་གཙང་ལ་འབྱོན་པར་ཐུགས་ཐག་བཅད། བྱང་རྩེར་ཡང་ཞལ་ཏ་ཞུས། དགེ་ལྡན་ཁྲི་ཐོག་ན་ཆོས་རྗེ་ལེགས་པ་བ་བཞུགས་པ་ལའང་ཆོས་འབྲེལ་ཞུས། ལོ་ངོ་གསུམ་དབུས་ལ་བཞུགས་ནས་ལྔ་བཅུ་པ་ལྕགས་པོ་སྤྲེའུའི་ལོ་གཙང་ལ་བྱོན། བྱང་ཆེན་དུ་སྐུ་མཚམས་ཡུན་རིང་དུ་བཅད། དེའི་བར་དུ་ཡང་གྲྭ་ཚང་བདག་གི་མཁན་པོ་འདུལ་བ་འཛིན་པས་བསྐྱངས། སྐུ་མཚམས་གྲོལ་ནས་འདུལ་བ་འཛིན་པས་བྱ་བྲལ་ལ་ཐེགས། ཆོས་རྗེ་ཉིད་ཀྱི་བརྟག་པའང་མཛད་པས་ལེགས་པར་བྱུང་སྟེ། བཤད་ཉན་གྱི་གོ་ཆ་དང་སྙིང་སྟོབས་ལྷག་པར་འཕེལ་ཏེ་མྱ་ངན་ལས་མི་འདའ་བའི་བར་དུ་བཤད་ཉན་མཛད་པའི་དམ་བཅའ་མཛད། ཤིང་ལོ་གླང་གི་ལོ་ལ་རྗེ་བཙུན་ཤེས་རབ་སེང་གེ་དགེ་ལྡན་དུ་བདེ་བར་གཤེགས། དགེ་ལྡན་དུ་དགོངས་རྫོགས་བཟང་པོ་བསྒྲུབས། ལོ་དུས་ཀྱི་མཆོད་པ་ལ་ཟླ་བ་ལྔ་པའི་ནང་དུ་ལོ་རེ་ཞག་བདུན་བདུན་གྱི་བར་ལ་གསང་འདུས་མི་བསྐྱོད་རྡོ་རྗེའི་སྒྲུབ་མཆོད་
བཙུགས། ནང་རྟེན་དུ་བྲག་དམར་ཆོས་སྡེར་ཐུབ་དབང་གི་གསེར་སྐུ་ཆེན་མོ་བཞེངས། ཉིད་ཀྱི་ང་བདུན་པ་རབ་བྱུང་ཞེས་པ་མེ་ཡོས་ཀྱི་ལོ་ལ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཏབ། དེ་ནས་ལོ་བཅོ་ལྔ་འདས་པ་ཆུ་ཕོ་རྟ་ལོ་བལ་པོ་ལྷ་བཟོ་བ་སླེབས། དོན་གསུམ་པ་ཆུ་ལུག་ལ་བྱམས་ཆེན་གྱི་སྐུ་བཀྲ་ཤིས་འོད་འབར་ཀྱི་རབ་ཏུ་གནས་པ་མཛད། དེ་རྗེས་རྒྱལ་བའི་བཀའ་འགྱུར་རོ་འཚལ་བཞེངས། དོན་དྲུག་པ་མེ་ཕོ་ཁྱི་ལ་སླར་ཡང་བལ་པོས་ཇོ་མོ་ཡིད་བཞིན་འཁོར་ལོའི་སྐུ་ངོ་མཚར་ཅན་བཞེངས་པས་དགུང་ལོ་བཅུའི་བར་དུ་བསྲིངས། དེ་ནས་ཐུབ་དབང་གི་གོས་སྐུ་བདུན་རིམ་གྱི་བཞེངས། བརྒྱད་ཅུ་པ་ལྕགས་སྟག་ལ་འདུལ་བ་མདོའི་ཊཱིཀ་ཆེན་བརྩམས། གྱ་གཅིག་པ་ལྕགས་ཡོས་ལ་སངས་རྒྱས་སྟོང་གི་སྐུ་རྡོ་ལ་འབུར་དུ་བརྐོས་པ་བཞེངས། གྱ་གཉིས་པ་ཆུ་འབྲུག་ལ་དགེ་འདུན་སྟོང་ར་ཅན་ལྷག་པ་ལ་ཆོས་ཐོག་གཉིས་ཀྱི་བར་གསོལ་ཕོགས་ཕུལ་ཏེ་སྒྲོལ་མ་ལ་གཙོ་བོར་བསྒྲིལ་པས་སྒྲོལ་མ་འབུམ་ཐེར་བཞི་བཅུ་ལྷག་ཙམ་སོང་ཟེར། གྱ་བཞི་པ་ཤིང་རྟའི་ལོ་ཧོར་ཟླ་དང་པོ་ཆོ་འཕྲུལ་གྱི་ཟླ་བ་ལ་ཞག་བཅུ་གཉིས་བར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པས་རྒྱལ་བ་སྲས་བཅས་མཉེས་པར་མཛད་ཅིང་། སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་ལ་ཐར་པའི་ས་བོན་བསྐྲུན་པར་མཛད་དོ། །དགོན་པ་བཏབ་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་བསྟན་པའི་བདག་པོ་མཛད་དེ། བཤད་ཉན་ནམ་ཡང་ཆག་པ་མེད་པའི་ངང་ནས་རྟེན་བཞེངས་རྟེན་ལ་མཆོད་པ་དགེ་འདུན་ལ་བསྙེན་བཀུར་བ། ཁྱིམ་པའི་སྐྱེ་བོ་དག་ལའང་ཕན་གདགས་པར་མཛད་དོ། །ཆོ་འཕྲུལ་གྱི་ལོ་གསར་མཚམས་ཞག་བདུན་གྱི་བར་དྲུང་དུ་དགེ་ཚུལ་ཡང་མེད་པའི་སྐུ་མཚམས་
དམ་པ་ཅིག་མཛད། སྐུ་མཚམས་དེ་གྲོལ་རྗེས་ཆུ་སྒོ་ཕྱོགས་སུ་ཐེགས། དེ་ནས་སྐུ་གྲིབ་ཅིག་གི་རྐྱེན་གྱིས་སྐུ་རྐེད་ཅུང་ཟད་བསྙེལ་བ་ལ་བརྟེན་ནས། ཕྱག་མཁར་བསྣམས་ཤིང་ན་བཟའ་གཞན་གྱིས་འཁུར་དགོས་པ་ཅིག་བྱུང་། ཤིང་ཕོ་རྟའི་སྟོན་གཞུག་ཆབ་ཚན་ལ་སྙད་དེ་ཉང་སྟོད་ཕྱོགས་ལ་འདོ་ལི་ལ་བརྟེན་ནས་ཐེགས། ཞལ་མཐོང་བ་དང་གསུང་ཐོས་པ་དང་བསོད་སྙོམས་བདག་གིར་མཛད་པ་སོགས་ཀྱི་སྒོ་ནས་ཉིད་ཀྱི་སྐུ་དངོས་ཀྱི་གདུལ་བར་བྱ་བ་རྣམས་བཏུལ་བར་མཛད་ནས། མར་ལམ་ཆུ་སྒོ་ཕྱོགས་ལ་བྱོན་ནས་བསྟན་པའི་འབྱུང་གནས་སྣར་ཐང་དུ་ཐེགས། གཙུག་ལག་ཁང་མཇལ་བ་དང་རང་གི་སློབ་མ་རྣམས་ལ་ཞལ་ཕྱི་མ་བསྟན་པར་མཛད་ནས་དཔལ་བཀྲ་ཤིས་ལྷུན་པོར་ཕྱག་ཕེབས། ད་ནི་རང་གི་གནས་སུ་སླེབས་བློ་བདེའོ་གསུང་། དེ་ནས་དགུན་ཆོས་དང་པོ་མྱུར་བར་བཙུགས་ཏེ་བཤད་ཉན་དང་རིགས་ལུང་འཕེལ་བར་མཛད། སྐུ་ཁམས་ཅུང་ཟད་ཞན་པས་གྲྭ་པ་སོ་སོ་ནས་སྐུ་རིམ་སྒྲུབ་པ་རྣམས་ལ་ཡང་ཁྱེད་རྣམ་པ་ཚོའི་སློབ་གཉེར་འཆག་སྟེ། ནད་པ་འདི་ཡུལ་གཉན་པས་རིམ་གྲོ་ལ་འབད་པ་མཛོད་ཅིག་ཅེས་གསུང་། སྐུ་རིམ་ཞིག་གི་དུས་རིན་པོ་ཆེ་འདུལ་བ་པ་སོགས་ལ་ཁྱེད་རྣམས་ཀྱིས་བཅོམ་ལྡན་འདས་སྨན་བླའི་མཚན་འདི་ལེགས་པར་སྒྲོགས་ཤིག །མཁན་ཆེན་གྲུབ་པ་ཤེས་རབ་པ་དེ་བཻཌཱུརྱའི་ཞིང་ཁམས་སུ་གཤེགས་པ་ཡིན་པར་གདའ་གསུང་། སྔར་གསང་ཕུར་མནལ་ལམ་བརྟག་པ་མཛད་པས་བདེ་བ་ཅན་དུ་སྐྱེ་བའི་ལུང་བསྟན་པ་བྱུང་བ་དང་། བདེ་བ་ཅན་དུ་སྐྱེ་བ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་མཚན་བརྗོད་པ་བས། འདྲེན་པ་སྨན་གྱི་བླ་བཻཌཱུ་རྱའི་འོད་ཀྱི་མཚན་བརྗོད་པ་མཐུ་ཆེ་བར་དེ་བཞིན་གཤེགས་
པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་གསུངས་པ་ཡིན་ཅེས་སོགས་འཕྲོས་དང་བཅས་པ་གསུངས་པར་སྣང་། དེ་ནས་དགུན་ཟླ་འབྲིང་པོའི་ཚེས་བདུན་གྱི་ཉིན་འདུལ་འཛིན་སེམས་དཔའ་ཆེན་པོས་གཙོ་མཛད་པའི་ཆོས་སྨྲ་བའི་སློབ་དཔོན་རྣམས་ཞབས་དྲུང་དུ་བསྡུས་ནས། ཁྱེད་རྣམས་ཀྱིས་རིམ་གྲོ་ལ་འབད་རྩོལ་བཏོན། ངེད་རང་ཡང་སྡོད་པར་འདོད་པ་ཡིན་པ་ལ་ད་མྱུར་དུ་འགྲོ་བར་འདུག །འོན་ཀྱང་འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ངེད་ཀྱི་ཆེད་དུ་རྟེན་བཞེང་དགོས་པ་མེད། ངའི་སྤུར་འདི་བསྲེགས་ལ་མི་འཁྲུགས་པའི་སྐུ་སྟོང་རྩ་གཅིག་ཐོབ། འོན་ཀྱང་དེའི་བཞུགས་ཁང་གི་རྟེན་བཞེང་ནའང་བཏུབ། ངེད་ཀྱི་དགོངས་རྫོགས་དང་སྨོན་ལམ་དེ་ལྷན་ཅིག་ཏུ་བྱས་པས་ཆོག །ཁྱེད་འཆད་ཉན་པ་ཚོས་ངེད་ལ་བསམ་ནས་བཀྲ་ཤིས་ལྷུན་པོ་ལ་བརྟེན་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་མཛོད་ཅིག །ཅེས་གསུངས་ནས། ལྡེ་མིག་རྣམས་སློབ་དཔོན་རྣམས་ལ་གཏད་པ་ལགས་པར་གདའ། དེར་སློབ་དཔོན་རྣམ་པས་གདན་ས་འདི་ཇི་ལྟར་བགྱི་ཞུས་པས། དྲུང་འདུལ་བ་པ་དང་ཁྱེད་རང་ཚོ་གྲོས་བསྟུན་ལས་གྱིས་ཞེས་གསུངས། དེ་ནས་སློབ་དཔོན་རྣམས་ཕྱིར་ཐེགས། འདུལ་འཛིན་གྱི་རེ་ཤིག་བཞུགས་ནས། ཐུགས་དམ་གྱི་གསལ་འདེབས་དགོས་སམ་ཞུས་པས། མི་དགོས་པར་སྣང་ཞེས་གསུངས་ནས། མཚན་མོའི་ཐུན་དང་པོ་ལ་ཡི་དམ་ལྷའི་བསྐྱེད་རིམ་དང་ཡི་དམ་ཆོས་སྐྱོང་གི་གཏོར་ཚོགས་རྣམས་ཕུལ་གུང་ལ་ཅུང་ཟད་མནལ། ཐུན་ཐ་མ་རླུང་རྡོ་རྗེའི་བཟླས་པ་ལ་བརྟེན་ནས་སྟོང་པ་བཞིའི་རྣལ་འབྱོར་ལ་སྙོམས་པར་བཞུགས་སོ། །དེ་ནས་དགུང་ལོ་གྱ་བཞི་པ་ཤིང་ཕོ་རྟའི་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་སྐྱ་རེངས་ཤ
ར་བའི་ཚེ། ཕྱིའི་མངོན་པར་བྱང་ཆུབ་པ་སྟོང་པ་བཞིའི་རིམ་པས་ཐམས་ཅད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད་དེ། ཞག་སུམ་ཅུ་ཙམ་གྱི་བར་ལོ་གསར་ལྷགས་སྒང་ལ་བསེར་བུ་ཕྲ་མོ་ཙམ་ཡང་གཡོ་བ་མེད་ཅིང་། ས་ཆུ་ཐམས་ཅད་དྲོས་ཏེ་ལོ་མ་ཁ་འབུ་བ་དང་། སྤྲིན་བྱེའུ་ཙམ་ཡང་མེད་པའི་ནམ་མཁའ་རྣམ་པར་དག་པ་ནི། འཇིག་རྟེན་ཐམས་ཅད་ལ་ལྟ་བ་རྣམ་པར་དག་པ་ནི་འདི་ལྟ་བུའོ་ཞེས་གོ་བར་བྱེད་པ་བཞིན་དུ་གྱུར་ཏོ། །བླ་མ་ཐམས་ཅད་མཁྱེན་པའི་རྣམ་པར་ཐར་པ་ངོ་མཚར་མཛད་པ་བཅུ་གཉིས་པ་ལས། ཞི་བའི་དབྱིངས་སུ་གཤེགས་པའི་མཛད་པ་སྟེ་བཅུ་གཉིས་པའོ།། །། བཅུ་གསུམ་པ། མཇུག་གི་རིམ་པ། ༈ དེ་ནས་བླ་བྲང་དང་གྲྭ་ཚང་སོ་སོ་ནས་དང་། སྦྱིན་བདག་རྣམས་ཀྱི་དད་པའི་མཐུ་ལས་བྱུང་བའི་ཡོ་བྱད་ཕུན་སུམ་ཚོགས་པས་ཞག་བཅུའི་བར་དུ་མཆོད་པའི་སྤྲིན་སམ་གྱིས་མི་ཁྱབ་ཅིང་། དགེ་འདུན་གྱི་བསྙེན་བཀུར་བླ་ན་མེད་པ་བསྒྲུབས་ཏེ་གདུང་མཆོད་རྒྱས་པར་ཕུལ། སྐུ་གདུང་རིན་པོ་ཆེ་ནི་དྲི་བཟང་གིས་སྦགས་པའི་གོས་དར་མང་པོའི་ན་བཟའ་ཞུས་ཏེ་རིན་པོ་ཆེའི་སྒམ་གྱི་ནང་དུ་རེ་ཤིག་བཞུགས་པར་གསོལ་ཏེ་མཆོད་པའི་ཚོགས་ཀྱི་མཆོད་པར་མཛད་དོ། །དེ་ནས་ཤིང་མོ་ལུག་གི་ལོ་གསར་གྱི་ཡར་ངོའི་ཚེས་གྲངས་བཟང་པོ་ལ། སྡེ་སྣོད་ གསུམ་དང་རྒྱུད ་སྡེ་བཞི་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན། རྡོ་རྗེ་སློབ་དཔོན་ཆེན་པོ་རྗེ་བཙུན་བཟང་པོ་བཀྲ་ཤིས་སེང་གེའི་ཁྲི་ལ་བཞུགས་སུ་གསོལ་ཏེ་རྒྱལ་ཚབ་ཏུ་དབང་བསྐུར། འདུལ་འཛིན་སེམས་དཔའ་ཆེན་པོས་མེ་ཏོག་གཏོར་ཏེ་ཤིས་པ་བརྗོད་པར་མཛད་དོ། །དེ་ནས་མེ་མོ་བྱའི་ལོ་ལ་རྗེ་བཙུན་བཟང་པོའི་མཚན་ཅན་གྱི་ཐུགས་ཁུར་བཞེས་ཏེ། སྐུ་གདུང་ཞུགས་
ལ་ཞེན་པ་དང་། རྒྱུ་དངུལ་བཟང་པོ་ལས་གྲུབ་པའི་གདུང་ཁང་གི་མཆོད་རྟེན་རིན་པོ་ཆེའི་རྒྱན་བཟང་པོས་སྤྲས་པ་བཞེངས་པར་མཛད་ཅིང་། སྡེ་སྣོད་ གསུམ་དང་རྒྱུད ་སྡེ་བཞིའི་བཤད་ཉན་ཉི་ཟླ་ཤར་བ་ལྟར་མཛད་དེ་ཐུགས་ཀྱི་དགོངས་པ་བླ་ན་མེད་པ་སྐོང་བར་མཛད་དོ། ། སླར་ཡང་སྨྲས་པ། དང་པོར་ཁྱིམ་གྱི་བྱ་བ་བཏང་། །བར་དུ་ཆོས་བརྒྱད་ཞེན་པ་ལྡོག །ཐ་མར་ཞི་བདེ་ཕྱོགས་གཅིག་སྤངས། །ཁྱོད་ནི་སྐྱེས་བུ་ཆེན་པོ་ལགས། །དང་པོར་ཐོས་ལ་ནན་ཏན་མཛད། །བར་དུ་བསམ་པའི་ཀློང་རྡོལ་ཞིང་། །ཐ་མར་སྒོམ་བྱུང་རྟོགས་པ་བརྙེས། །ཁྱོད་ནི་རྣལ་འབྱོར་ཆེན་པོའང་ཡིན། །ངེས་འབྱུང་ཚུལ་ཁྲིམས་ཡོངས་སུ་གཙང་། །འདུལ་བ་འབུམ་སྡེ་ཐུགས་སུ་ཆུད། །བཅས་པའི་མཚམས་ལས་མི་འདའ་བ། །ཁྱོད་ནི་གནས་བརྟན་ཆེན་པོ་ལགས། །ལྷག་པའི་བསམ་པས་རྒྱུད་སྦྱངས་ཤིང་། །སྨོན་དང་འཇུག་པའི་ཁྲིམས་དང་ལྡན། །རྟག་ཏུ་གཞན་གྱི་དོན་བསམ་པ། །རྒྱལ་སྲས་སེམས་དཔའ་ཆེན་པོ་ཁྱོད། །དབང་གི་ཐུགས་སྨིན་དམ་ཚིག་ལྡན། །བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་བརྟན། །ལྷན་སྐྱེས་རྡོ་རྗེའི་ཐུགས་མངའ་བ། །རྡོ་རྗེ་འཛིན་པ་ཀུན་གྱི་རྗེ། །དང་པོར་རིག་གནས་ཐུན་མོང་བསླབས། །བར་དུ་སྡེ་སྣོད་ གསུམ་ལ་སྦྱངས། །ཐ་མར་རྒྱུད ་སྡེ་མཐའ་དག་མཁྱེན། །ཐམས་ཅད་མཁྱེན་པའང་དོན་དང་མཐུན། །དང་པོར་ཡོངས་འཛིན་མཁས་ལ་གཏུགས། །བར་དུ་བློ་ལྡན་ཚོགས་པ་བསྐྱངས། །ཐ་མར་མཆོག་གསུམ་ལྷུན་གྱིས་གྲུབ། །གཞན་དོན་འཕྲིན་ལས་ཆེན་པོའང་ཁྱོད། །བླང་དོར་ཕྲ་མོའང་ཐུགས་སུ་ཆུད། །ཉེས་ལྟུང་ཤིན་ཏུ་ཕྲ་ལ་འཛེམ། །གཡོ་སྒྱུ་ཕྲ་མོ་དག་ལ་འཛེམ། །ཁྱོད་ནི་མཁས་བཙུན་བཟང་པོ་ལགས། །འཆད་ཚེ་སྙིང་གི་མུན་པ་སེལ། །རྩོད་པས་ཕ་རོལ་སྤོབས་པ་འཕྲོག །སྙན་ངག་རྩོམ་ལ་ཐོགས་མེད་ཁྱོད། །
མཁས་པའི་བྱ་བ་གསུམ་དང་ལྡན། །དང་པོར་བསྙེན་ཅིང་སྒྲུབ་ལ་བརྩོན། །བར་དུ་དག་སྣང་བསམ་མི་ཁྱབ། །ཐ་མར་ལུང་བསྟན་རྗེས་གནང་ཐོབ། །ཆེ་བའི་བདག་ཉིད་ཆེན་པོ་ལགས། །དེ་ལྟར་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །ཡོན་ཏན་ཀུན་གྱི་ཕུང་པོ་མཐའ་མེད་པ། །དེ་ཡི་རྣམ་ཐར་རྨད་བྱུང་རྒྱ་མཚོ་ལས། །ངོ་མཚར་མཛད་པ་བཅུ་གཉིས་ཆུ་ཐིགས་འདི། །སྐྱེས་མཆོག་གང་དེའི་ཐུགས་རྗེའི་སྤྱན་རས་ཀྱིས། །ཅུང་ཟད་བཙས་པའི་དགེ་སློང་སྤོང་བ་པ། །ཕུལ་བྱུང་དགའ་བས་སྒྲོལ་སྐུར་རབ་སྤངས་ཏེ། །རང་གཞན་དད་པའི་རྟེན་དུ་ཡི་གེར་བཀོད། །འདི་ཡི་དགེ་བས་ཚེ་རབས་ཀུན་ཏུ་བདག །རྗེ་བཙུན་ཁྱོད་ཉིད་མཉེས་པའི་མཐུ་དག་གིས། །མདོ་སྔགས་རྒྱལ་བའི་ཆོས་ཚུལ་མཐའ་དག་ཀུན། །མ་ལུས་འགྲོ་བའི་དོན་དུ་འཛིན་གྱུར་ཅིག །སྤྲུལ་པའི་སྐྱེས་མཆོག་ཆེན་པོ་ཐམས་ཅད་མཁྱེན་པ་པཎ་ཆེན་དགེ་འདུན་གྲུབ་པའི་རྣམ་པར་ཐར་པ་ངོ་མཚར་མཛད་པ་བཅུ་གཉིས་པ་འདི་ནི། དགེ་སློང་སྙོམས་ལས་པ་ཀུན་དགའ་རྒྱལ་མཚན་གྱིས་སྒྲོ་སྐུར་སྤངས་ཏེ། དཔལ་རྩེས་ཐང་གི་ཆོས་སྡེ་ཆེན་པོར་མེ་མོ་སྦྲུལ་གྱི་ལོ་ལ་ཉུང་ངུར་སྦྱར་བ་ལེགས་པར་གྲུབ་པའོ། །འདིས་ཀྱང་སྐྱེ་བ་ཐམས་ཅད་དུ་དཔལ་ལྡན་བླ་མ་མཆོག་གིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
ཤོག་སྟོང་།