རྟ་མཆོག་རོལ་པའི་རྒྱུད་ཆེན་པོ།
རྒྱ་གར་སྐད་དུ། ཤྲཱིཿཧ་ཡ་གྲཱི་ཝ་ལ་ལི་ཏ་མ་ཧཱ་ཏནྟྲ། བོད་སྐད་དུ། རྟ་མཆོག་རོལ་པའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དབང་གི་རྒྱལ་པོ། དུས་གསུམ་མ་ལུས་མི་ལུས་ལུས་པ་མེད་པའི་ངོ་བོ། པདྨ་དང་རྡོ་རྗེ་དང་འཁོར་ལོ་དང་རིན་ཆེན་དང་། ལས་ཀྱི་རིགས་ཀྱི་རང་བཞིན། རིགས་དང་ཡེ་ཤེས་ཀྱི་བདག་ཉིད། རོལ་པའི་རྫུ་འཕྲུལ་ལ་མངའ་བརྙེས་པ་དེས། དོན་ཆོས་ཉིད་སྐྱེ་བ་མེད་པ་ལས། རྟགས་འགག་པ་མེད་པ་ཆོ་འཕྲུལ་གྱི་སྐུར་བཞུགས་སོ། །འོག་མིན་གྱི་གནས་གསང་བ་དབང་གི་གནས་ཆེན་པོ་ན། དུས་གསུམ་གྱི་རྒྱལ་བ་རྣམས་གཤེགས་ཤིང་བཞུགས་ཏེ་ཞུགས་པར་གྱུར་པའི་གནས། རྒྱུ་རིན་པོ་ཆེ་དང་། དུར་ཁྲོད་ལ་བྱས་པའི་དབྱིབས་དང་། ཁ་དོག་ཐ་དད་ཅིང་ངོ་བོ་ཉིད་གཅིག་པ་སྟེ། དེ་ཡང་དབྱིངས་ལས་ཡེ་ཤེས་གསལ་བའི་གཞལ་ཡས་ཁང་། ཀུན་ཏུ་ཁྱབ་པར་གདལ་བ་ཆེན་པོ་ན། རིགས་ཀྱི་ཡབ་དང་། རིགས་ཀྱི་ཡུམ་དང་། གཞན་ཡང་སེམས་དཔའ་དང་སེམས་མ་དང་། སྒོ་སྐྱོང་སྤྲུལ་སྐུར་བཅས་པ་ཡང་སྲི་ཞུ་དང་རིམ་གྲོ་པའི་ཚུལ་གྱིས། ཏིལ་ལ་མར་བཞིན་ཁྱབ་པར་གནས་སོ། །འཁོར་གྱི་དཀྱིལ་འཁོར་དེ་ཉིད་ན། པདྨ་ལས་ཀྱི་སེམས་དཔའ་ཉིད། ཉིད་ཀྱི་སྐུ་གསུང་ཐུགས་ལས་ཐོན་ཏེ། སྤྱན་སྔ་ཉིད་ན་བཀའ་ནོད་པའི་སྤོབས་པ་དང་ལྡན་པའི་ཞུ་བ་པོ་ཉིད་དུ་བཞུགས་སོ། །རྟ་མཆོག་རོལ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དབང་གི་རྒྱལ་པོ་ཆེན་པོ་དེས། དུས་གསུམ་དང་སྲིད་པ་གསུམ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ། རྫུ་འཕྲུལ་གྱི་སྤྱན་གྱིས་ཁྱབ་པར་གཟིགས་སོ། །དེ་བཞིན་དུ་གཟིགས་པས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད། སྟོང་པ་ཆེན་པོའི་རང་བཞིན། སྨྲ་བསམ་ལས་འདས་པའི་དེ་བཞིན་ཉིད་དུ་དེ་ཁོ་ནའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་པདྨ་ལས་ཀྱི་སེམས་དཔའ་དེ་རང་གི་སྟན་ལས་ལངས་
ཏེ། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། ཕྱི་ནང་གི་མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མཆོད་དེ་ལན་བརྒྱ་ཕྲག་སྟོང་དུ་ཕྱག་འཚལ་ནས། དགོངས་པ་ཆོས་ཀྱི་དབྱིངས་ལ་མནལ་བཞིན་དུ། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབང་མཆོག་གསང་བའི་བདག །དཀྱིལ་འཁོར་རྣམས་ཀྱི་དེ་བཞིན་དོན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ། །བདག་ལ་སོགས་ལ་བཤད་དུ་གསོལ། །དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ཁྱོད་ཀྱིས་ཞུ་བར་སྤོབས་པ་ལེགས་སོ། །ལེགས་པར་ཡིད་ལ་ཟུང་ཞིག །འདི་ནི་སྔོན་གྱི་རྒྱལ་བ་ཐམས་ཅད་དང་། ད་ལྟར་དང་ཕྱིས་འབྱུང་བའི་རྒྱལ་བ་རྣམས་ཀྱིས་མ་གསུངས་གསུང་བར་མི་འགྱུར་ཞིང་དཀའ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ་ནི་བརྗོད་དུའང་མེད་ལ། སྣོད་དུ་གྱུར་པ་དཀོན་པའི་ཕྱིར་རོ། །ཁྱོད་ཀྱིས་ང་ལ་དྲིས་ཤིག །ཅེས་བཀའ་སྩལ་ཏེ། ཅི་ཡང་མི་གསུང་བར་བཞུགས་སོ། །དེ་ནས་འཁོར་རིས་མེད་ཀྱིས་པདྨ་སེམས་དཔའ་ལ་བསྒོ་བ་མཛད་དོ། །འགྲོ་བ་རྣམས་ལ་སྣོད་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཅིང་། བྱང་ཆུབ་སེམས་དཔའ་བློ་དམན་པ་རྣམས་ལ་བྱིན་གྱིས་རློབས་ཤིང་། སངས་རྒྱས་རྣམས་ཀྱིས་བསྐུལ་བ་དབང་གི་རྒྱལ་པོའི་ཐུགས་སུ་ཆུད་དེ། སྟོན་པའི་ཞལ་དུ་བལྟས་ཏེ་གནས་སོ། །དེ་ནས་པདྨ་ལས་ཀྱི་སེམས་དཔས། མ་ཆགས་པའི་མཆོད་པས་མཆོད་ནས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དོན་དམ་སེམས་ཉིད་སྐྱེ་བ་མེད་པ་ལ། །སྟོན་པ་དང་ནི་གནས་དང་འཁོར། །སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ཅི། །ཞེས་གསོལ་ཏོ། །བཀའ་སྩལ་པ། ཆོས་ཀུན་སེམས་ཀྱི་རྩ་བ་སྟེ། །རྩ་བ་དེ་ཉིད་སྟོན་པ་ལས། །གུད་ནས་སྟོན་པས་སྩལ་བ་མིན། །བདག་ཉིད་ཆེན་པོ་བྱང་ཆུབ་སེམས། །རྒྱུ་དང་འབྲས་བུར་བཅས་པའི་ཆོས། །བྱང་ཆུབ་སེམས་ལ་གནས་པ་ལས། །གུད་ན་གནས་པ་མ་ཡིན་ནོ། །དེ་བཞིན་གཞལ་ཡས་བྱང་ཆུབ་སེམས། །འཁོར་བའི་གྲུ་རྟེན་ཕུང་པོ་ལྔ། །འཁོར་བ་གནས་གྱུར་ཕྱག་རྒྱ་ཡིན། །ཕྱག་རྒྱ་དེ་ཉིད་བྱང་ཆུབ་སེམས། །འབྱུང་བ་གནས་གྱུར་ཡུམ་ལྔ་སྟེ། །
ཡུམ་ལྔ་མ་ཆགས་བྱང་ཆུབ་སེམས། །རྣམ་ཤེས་འཁོར་བ་གནས་གྱུར་བྱང་ཆུབ་སེམས། །ཡུལ་བརྒྱད་འཁོར་བ་གནས་གྱུར་སེམས་མ་སྟེ། །གནས་པ་མེད་པའི་བྱང་ཆུབ་སེམས། །རེག་བྱ་རེག་བྱེད་གནས་གྱུར་ཁྲོ་བོའོ། །རྟག་ཆད་གནས་གྱུར་སྒོ་སྲུང་སྟེ། །སྨོན་པ་མེད་པའི་བྱང་ཆུབ་སེམས། །ཡིད་ཆེས་ཀུན་བཟང་ཡབ་ཡུམ་སྟེ། །ཉོན་མོངས་གནས་གྱུར་སྤྲུལ་སྐུ་དྲུག །གཟུང་འཛིན་མེད་པའི་བྱང་ཆུབ་སེམས། །འཁྲུལ་པ་བཟློག་ཕྱིར་ཤར་བ་ལས། །གུད་ནས་སྩལ་བ་མ་ཡིན་ནོ། །རྩ་བ་དེ་ཉིད་རྟོགས་པ་ན། །ཅིར་ཡང་མ་བཀག་ཆོས་ཀྱི་དབྱིངས། །ལྟ་བ་མ་བཀག་སེམས་ཉིད་ཡིན། །སྤྱོད་པ་མ་བཀག་རྒྱ་མཚོ་ཡིན། །བསྒྲུབ་པ་མ་བཀག་སེམས་ཉིད་བསྒྲུབ། །ཕྲིན་ལས་མ་བཀག་སེམས་ཀྱིས་ཀུན་ལ་རོལ། །དམ་ཚིག་མ་བཀག་སེམས་ལ་བསྲུང་དུ་མེད། །མཆོད་པ་མ་བཀག་སེམས་ལས་ལོངས་སྤྱོད་པའོ། །སྙིང་པོ་མ་བཀག་སེམས་ཉིད་བརྗོད་དང་བྲལ། །སེམས་ཉིད་མ་བཀག་སངས་རྒྱའོ། །ཏིང་འཛིན་མ་བཀག་ངང་ལ་ཤར། །འཁོར་རྣམས་མཚན་མ་མེད་པ་ལས། །མཚན་མ་འབྱུང་བ་རྟག་པའི་སྐུ་སེལ་ཏོ། །དེ་ནས་འཁོར་རྣམས་བྱང་ཆུབ་སེམས་ལ་འཁོད་དེ་སྟོང་པའི་ངང་ལས་ཞི་བའི་སྐུར་བཞེངས་ཏེ་འགྲོ་བའི་དོན་མཛད་དོ། །དུས་གསུམ་གྱི་འཁོར་བ་དང་མྱ་ངན་ལས་འདས་པ་རྒྱུ་དང་འབྲས་བུར་བཅས་པ་རྣམས། སྟོང་པ་ཆེན་པོར་གྱུར་པ་ནི། དཔེ་ནམ་མཁའི་མཚན་ཉིད་ཙམ་དུ་ཡང་། རྒྱུན་དུ་ཡོད་པ་མ་ཡིན་ནོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལས་ཀྱི་སེམས་དཔའ་ཆེན་པོ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལས་ཀྱི་སེམས་དཔའ་ཆེན་པོའི་འཁོར། །འགྲོ་བ་ཇི་སྙེད་དད་པ་ལས། །མ་དད་པར་ནི་གྱུར་པ་ཡི། །ལས་ཀྱི་ལོག་ལྟ་མ་དད་པ། །རྒྱུ་དང་རྐྱེན་ནི་གང་ལས་བྱུང་། །མ་དད་པ་ནི་ཅི་ཡི་ཕྱིར། །རིགས་དང་སྡེ་ནི་གང་དུ་གཏོགས། །འབྲས་བུ་སྨིན་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀའ་ཐུབ་
ཅན་གྱི་སེམས་ཅན་དེ། །ལེགས་པའི་རྒྱུ་ལས་མ་བྱུང་སྟེ། །མེད་པའི་གཟུང་འཛིན་རྟོག་ངན་རྒྱུ། །རྐྱེན་ནི་ཆགས་སྡང་ལ་སོགས་ཏེ། །ལྟ་བ་ལོག་པ་ཉོན་མོངས་ལྔ། །དེ་ཡི་ལས་ཀྱི་དབང་བཙན་ནས། །འབྲས་བུ་མ་དད་རྒྱུ་རུ་སྨིན། །རིགས་ནི་འཁོར་བའི་རིགས་ཅན་དེ། །དེ་ནི་འབྱུང་པོའི་རིགས་སུ་གཏོགས། །པདྨ་ལས་ཀྱི་སེམས་དཔའ་དེས་ཡང་གསོལ་པ། བཅོམ་ལྡན་འདས་དབང་གི་རྒྱལ་པོ། །མ་དད་དེ་ནི་ཇི་ལྟར་འདུལ། །བཏུལ་ནས་ཡོན་ཏན་ཇི་ལྟར་ཐོབ། །མ་བཏུལ་བ་ཡི་སྐྱོན་ནི་ཅི། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལོག་ལྟ་མཐུ་བསྙེམས་སེམས་ཅན་དེ། །བདེན་པའི་གཞུང་གིས་གདུལ་བར་བྱ། །མ་བཏུལ་བ་ཡི་སྐྱོན་བསྟན་པ། །ཕྱིན་ཅི་ལོག་ཏུ་ཆོས་སྤྱད་ནས། །ལྷ་དང་མི་ཡི་སྲིད་བརླགས་ཏེ། །དོན་ལས་ཉམས་པའི་སྐྱོན་ཡོད་དོ། །དུག་གསུམ་རྩད་བཅད་འཁོར་དོང་སྤྲུག །སངས་རྒྱས་ཞིང་ཁམས་རབ་ཏུ་རྒྱས། །དེ་ནས་ཞི་བས་འདུལ་བར་གཟིགས་པས། རཱུ་ཏྲ་ནག་པོ་དེས་སེ་གོལ་ལན་ཅིག་བརྡབས་པས། མི་འདུལ་བའི་ང་རྒྱལ་སྐྱེས་ཏེ། གཽ་ཏ་མ་ཁྱོད་ཀྱིས་བདག་འདུལ་བ་ནི་མ་ལགས་ཏེ། རང་རང་གནས་སུ་དཀའ་ཐུབ་ལ་དེངས་ཤིག །ཅེས་སྨྲ་ཞིང་ཁ་ཊྭཱཾ་ག་འཁྲོལ་ཞིང་མཉན་ཏོ། །རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། མ་དད་པའི་སེམས་ཅན་ཆེན་པོ་ཞི་བས་འདུལ་བར་གཟིགས་པས་མ་ཐུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རིགས་ལྔ་རྡོ་རྗེའི་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། དེ་བཞིན་རིགས་དང་། ལས་ཀྱི་རིགས་དང་བཅས་པ་རྣམས་ཀྱིས་ཞི་བས་མ་ཐུལ་ནས། བཀའི་བགྲོ་བ་མཛད་དེ། རྡོ་རྗེ་རིགས་ཀྱིས་བགྲོས་པ། འདས་པའི་དུས་ན་སྔོན་བྱུང་ན། །བདག་ཉིད་ཆེན་པོ་རྟག་པ་ནི། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་ཞིང་གཏུམ་པར་གྱུར། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མ་གྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཆེན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་བསྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་
ཡིས། །ཁམས་གསུམ་མ་ལུས་དབང་སྡུད་ན། །མ་དད་སེམས་ཅན་སྨོས་ཅི་དགོས། །ཞེས་བགྲོས་སོ། །དེ་ནས་རིན་ཆེན་རིགས་ཀྱིས་བགྲོས་པ། ཀྱེ་མ་འདུས་པའི་ཚོགས་ཆེན་རྣམས། །ལས་ཀྱིས་མནར་བའི་དུས་ཟད་འདིས། །འཁོར་བ་གཏན་གྱི་གཞི་བྱས་ནས། །ཕྱི་རབས་རྣམས་ཀྱང་གཡང་སར་བསྒྱུར། །རྒྱལ་བའི་ལས་ཀྱིས་གདུལ་བར་འོས། །ཞེས་བགྲོས་སོ། །དེ་ནས་དེ་བཞིན་རིགས་ཀྱིས་བགྲོས་པ། ཀྱེ་མ་སེམས་ཅན་སངས་རྒྱས་ཚོགས་ཅན་རྣམས། །མ་དད་སེམས་ཅན་ཆེན་པོ་འདི། །སྔོན་གྱི་ས་བོན་རྩུབ་མོས་འཕངས། །ཉོན་མོངས་ལྔ་རུ་སྨིན་པ་སྟེ། །ཉོན་མོངས་བདུད་ཀྱི་རྒྱུ་རུ་སྨིན། །འདི་ནི་གདུལ་བར་འོས་པའོ། །ཞེས་བགྲོས་སོ། །དེ་ནས་པདྨའི་རིགས་ཀྱིས་བགྲོས་པ། ཀྱེ་མ་གསང་མཆོག་གསང་བའི་ཚོགས། །མ་དད་པ་ཡི་སེམས་ཅན་འདི། །ཉོན་མོངས་བདུད་ཀྱི་གཞི་བྱས་ཏེ། །སྲིད་པ་མ་ལུས་གཡང་སར་བསྒྱུར། །འདི་ནི་གདུལ་བར་འོས་པའོ། །ཞེས་བགྲོས་སོ། །དེ་ནས་ལས་ཀྱི་རིགས་ཀྱིས་བགྲོས་པ། །ཀྱེ་མ་སངས་རྒྱས་ཚོགས་ཆེན་རྣམས། །མ་དད་པ་ཡི་སེམས་ཅན་འདི། །ཉོན་མོངས་དུག་གསུམ་གཞི་བྱས་ཏེ། །ཐམས་ཅད་མ་ལུས་བརླག་པར་བྱེད། །འཁོར་བ་བསྒྲལ་བའི་དུས་ལ་བབ། །ཅེས་བགྲོས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བདེ་བར་གཤེགས་པས་བཀའ་བགྲོས་པའི་ལེའུ་སྟེ་བཞི་པའོ།། །།དེ་ལྟར་བགྲོས་པས། དབང་གི་རྒྱལ་པོ་ལ་སོགས་པ་རིགས་ལྔ་དགོངས་པ་གཅིག་ཏུ་གྱུར་ཏེ། ལོག་པའི་སྤྱོད་པ་ཅན་རཱུ་ཏྲ་ལ་སོགས་པ་གདུག་པ་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པ། འཇིག་རྟེན་ཕུང་བར་བྱེད་པ་རྣམས། ཞི་བས་ཕན་པའི་སྐབས་ལ་མ་བབ་སྟེ། རོལ་པའི་མཛད་སྤྱོད་ཀྱིས་འདུལ་བར་གཟིགས་ཏེ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ཏོ། །དེ་ནས་དབང་གི་རྒྱལ་པོས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས། དཀྱིལ་འཁོར་ཐམས་ཅད་བདག་ལ་བསྡུ་བར་མཛད་དེ་གཉིས་སུ་མེད་པར་གནས་སོ། །སྟོང་པ་ཉིད་ཀྱི་ངང་ལས་དགོངས་ཏེ། སྙིང་རྗེ་ཆེན་པོ་ཙམ་ལ་བརྟེན། འཛིན་རྟོག་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་མངོན་པར་འདུ་
མཛད་དེ། མཚན་མ་རྒྱུའི་སྙིང་པོ་ཡི་གེ་ཧཱུཾ་དམར་པོ་ཡེ་ཤེས་ཀྱི་འོད་དུ་འབར་ཏེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་ཤར་བར་མཛད་པའི་ཕྱིར། མི་རྟོག་པའི་ཧཱུཾ་དམར་པོ་དེ་ལས། ཆོ་འཕྲུལ་གྱི་སྒྲ་འདི་རྣམས་བརྗོད་དོ། །སྔགས་རྣམས་སོར་བཞག་ཨེ་མ་དེ་ཝ་ཏྲཾ་མ་མཎྜ་ལ་ཀྲོ་ཏ་ཛྭ་ལ་རཾ་ཧཱུཾ་ཡཾ་ཧཱུཾ་ཡཾ། མ་ཧཱ་རཀྟ་ཛྭ་མུན་ཏ་མཎྜ་ལ། ཀེང་ནི་རི་ཏི་ཛྭ་ལ་མཎྜ་ལ་ཀརྨ་མ་ཏིཥྠ་རག་ཤ་ཧཱུཾ་བྷྲཱུཾ། དེ་ནས་འབྱུང་བ་རིམ་དུ་ཤར། །ཞེ་སྡང་འབར་བའི་ནམ་མཁའ་ལ། །ཕྲག་དོག་འབར་བའི་འཚུབ་མར་ལྡན། །ཆགས་པ་རཀྟའི་རྦ་ཀློང་འཁྱིལ། །གཏི་མུག་ཆེན་པོའི་ས་གཞི་ལ། །ང་རྒྱལ་ཆེན་པོའི་མེ་རི་འབར། །དབང་ཆེན་འབྱུང་བར་ཤར་བར་མཛད། །ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་ཤར་བར་མཛད། འཁོར་རྣམས་བསྐྱེད་དེ་བཏུལ་ནས་བསྒྲལ་བར་གཟིགས་པས། མ་དད་པ་ཆེན་པོ་དེ། ཞེ་སྡང་གི་མེ་སྦར། ཆགས་པའི་རྒྱ་མཚོ་གཏིང་ནས་གཡོས། མུན་པའི་ཁ་རླངས་སྤྲིན་ལྟར་གཏིབས། ཕྲག་དོག་གི་ཟུག་རྔུ་ནི་བསླང་། ང་རྒྱལ་གྱི་དེའུ་བསྐྱེད་དེ། ཉོན་མོངས་པའི་སྒྲ་རུ་ལུ་དང་ཁ་ཊྭཱཾ་ག་འཁྲོལ་ཞིང་རྩོགས་པར་གཟོ་བ་ལས། དབང་གི་རྒྱལ་པོས་གདུག་པའི་ལག་ཆ་ཕྲོགས། ཁོའི་ཉོན་མོངས་པའི་སྒྲ་རུ་ལུ་ནི། ཨོཾ་དང་ཧཱུཾ་གི་བར་དུ་བཅུག་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་ཞེས་བཟླས་པས། དྲེགས་པ་ཅན་དེ་སྐྱེས་བུ་ལྕེ་བཅད་པ་བཞིན་ཉམས་སོ། །དབང་གི་རྒྱལ་པོ་དེས། དམ་སྲི་འགམ་པ་རི་ཛ། མཱ་ར་ཡ་རྦད། ལྷུ་གདུམ་ལྷུ་གདུམ། བྷྱོ་གདུམ་བྷྱོ་གདུམ། ཤིག་ཤིག་ཕྲུག་ཅིག །ཨ་ཧཱུ་ཨ་ཧཱུ། ཏྲི་ཧུ་ཏྲི་ཧུ། ཁཾ་རུ་ཁཾ་རུ། སྙིང་སྦུར་རྦད། ཛཿཛཿཛཿཛཿ། དྲག་པོའི་སྔགས་དེས་བརྒྱབ་པས། ལུས་དུམ་བུ་བཅུ་གསུམ་དུ་བཤིག །དུར་ཁྲོད་བརྒྱད་དུ་བཤིག་གོ། །ཁོག་པ་གཞལ་ཡས་ཁང་དུ་བྱས་སོ། །ཆུང་མ་ལ་སོགས་པ་ཐམས་ཅད་འཁོར་དུ་བྱས་ཏེ་སྦྱོར་རོ། །དང་པོ་དེ་ཉིད་དུ་གྲགས་པ་ལས། སྟོང་པའི་ཆོ་འཕྲུལ་གྱི་སྒྲ་འདི་བརྗོད་དོ། །ཤཱུ་ནྱ་ཏཱ་ཛྙཱ་ན་ཨཱདྨ་ཀོ྅ཧཾ། རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ཅིང་། །གཟུང་འཛིན་རྟོག་མེད་མཐའ་གཉིས་མ་ཆགས་དབྱིངས། །ཡེ་ནས་མཉམ་ཉིད་རང་བཞིན་ཇི་བཞིན་ངང་། །རྣམ་རྟོག་སྤྲོས་བྲལ་སྨྲ་
བསམ་བརྗོད་ལས་འདས། །སྟོང་པའི་ངང་ལས་སྙིང་རྗེ་ཤར། །ཀུན་ཏུ་སྣང་བའི་སྒྲ་ནི་བརྗོད། །དྷརྨཱ་དྷཱ་ཏུ་ཧཱུཾ། མ་ལྟར་བྱམས་པས་ཀུན་ལ་ཁྱབ་པའི་སྐུ། །མཁའ་ལྟར་དག་པ་ཆོ་འཕྲུལ་འབྱུང་བའི་རྒྱུ། །ཀུན་ལ་སྙོམས་པའི་ཡེ་ཤེས་གསལ་བའི་ངང་། །ཡོན་ཏན་རིན་ཆེན་འབྱུང་བ་དབང་ལྡན་ཡུམ། །དེ་ནས་འབྲས་བུ་ཧཱུཾ་དམར་ལ་དྭངས་པ་བྱུང་སྟེ། དེ་ལས་སྐུལ་བའི་སྒྲ་འདི་བྱུང་ངོ་། །ཡི་གེ་ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ། །ཆགས་པའི་སྐྱོན་བྲལ་པདྨ་རཱ་གའི་མདོག །སངས་རྒྱས་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར། །རྒྱ་མཚོའི་རླབས་ལྟར་ཁྲོ་བོའི་སྤྲུལ་པ་འབྱུང་། །ཧཱུཾ་ཡཾ་ཞེས་བརྗོད་དོ། །དེ་ནས་གཞལ་ཡས་སྐུ་དང་། གསུང་དང་། ཐུགས་དང་། ཡི་གེ་མང་པོ་འཕྲོས། ཧཱུཾ་དམར་པོ་ལས་ཡི་གེ་འཕྲོས། གཞལ་ཡས་ཁང་ནི་བསྐྱེད། ཕྱི་རིན་པོ་ཆེ་ལ་ནང་དུར་ཁྲོད་འབར་བ། པདྨའི་གདན། ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བར་བསྐྱེད། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། མཾ་ཞེས་བརྗོད་པས། ཟླ་གམ་ཁ་སྤྲོད། མུ་ཁྱུད་བར་ཁྱམས་སྒོ་ཁྱུད་དུ་བཅས་པར་བསམ། ཧཱུཾ་ཞེས་བརྗོད་པས། ཧཱུཾ་དམར་ལ་བཀྲ་བ་ནི་བསམ། ཡེ་ཤེས་ཀྱི་འོད་ནི་འཕྲོ། པདྨ་དྷ་ར་ཧྲཱྀཿ། པདྨ་ཤྲཱི་ཧེ་རུ་ཀ །མ་ཧཱ་རོ་ཥ། ཁ་ལ་རོ་ཤ །ཧྲི་རཾ་ཧྲི་རཾ། གྲི་འདུང་འདུང་། ཨ་སི་མུ་སལ་པྲ་བན་ཤུ་ཀེ་ན། མ་ར་ཁ་ཁཱའི། ཤྲཱི་བཱན་ཁཱའི། མ་ཧཱ་རཀྟ་ཁཱའི། ཤྲཱི་མེན་རུ་རུ་ཏྲཾ། བི་ལང་ཀུ་ཤ་ལ་སྟྭཾ། བན་ཏྲི་ཤ །པདྨ་གལ་ཤ་ཁཱའི། པར་སིད་ཏ། ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་རད་ན་གུ་ཧྱ་ཛྙཱ་ན་སིདྡྷི། བཛྲ་ཨ་མོ་ཀ་ཧཱུཾ། ཛ་ལཾ་ཛ་ལཾ་བཛྲ་ཧཱུཾ། སུཾ་བྷ་ནི་སུཾ་བྷ་ནི་ཧཱུཾ་ཕཊ། ཀྲོ་ཏ་རག་ཤ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཞེས་པས་ཆེ་བའི་ང་རྒྱལ་བརྗོད་ཅིང་། ང་རྒྱལ་བསྒྲགས་སོ། །དབང་ཆེན་པདྨ་ཧེ་རུ་ཀ་དབུ་ལྔ་པ། ཕྱག་ཀྱང་བཅུ་དྲུག་པ། ཏྲཾ་དམར་པོ་བརྒྱད་ནས་ཞབས་བརྒྱད་བྱུང་བ། རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་བསྣམས། །བེ་ཅོན་རྔེའུ་ཆུང་ཤེལ་གྱི་རྔེའུ་ཆུང་བསྣམས། །ཐོད་རློན་ཁྲག་དང་སྡིགས་མཛུབ་མཛད། །སྦྲུལ་ནག་ཞགས་པ་བསྣམས་པ་སྟེ། །རྡོ་རྗེའི་གཤོག་པ་གཡས་གཡོན་
དུ་གདེངས་པའོ། །རྟ་མགོ་ལྗང་གུ་ལྔ་བྱུང་བའོ། །མ་དད་པ་ཆེན་པོ་ཚུལ་དང་བསྟུན་ཏེ་བསྒྲལ་ལོ། །རང་གིས་རང་ལ་ཡི་གེ་ཧཱུཾ་ལ་བསྟོད་པ། ཧཱུཾ་ཧཱུཾ་གིས་སྲིད་གསུམ་མ་ལུས་དབང་དུ་སྡུད། །ཧཱུཾ་གིས་ངན་སོང་གནས་རྣམས་སྟོངས་པར་མཛད། །ཧཱུཾ་གིས་མ་རིག་མུན་ཁང་གཏན་ནས་འཇོམས། །ཧཱུཾ་གིས་ཐམས་ཅད་འཇིགས་ཤིང་ཐམས་ཅད་དབང་དུ་སྡུད། །ཧཱུཾ་གིས་དུས་གསུམ་རྒྱལ་བའི་སྐུ་ཡང་བསྐྱེད། །ཧཱུཾ་གིས་བླ་མེད་བྱང་ཆུབ་གནས་སུ་སྒྲོལ། །ཧཱུཾ་མཛད་ཧཱུཾ་གི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་རང་གི་ཆེ་བའི་ང་རྒྱལ་འདི་བརྗོད་དོ། །སྐུ་བཞི་གཅིག་ཏུ་བསྡུས་པས་ཀུན་ཏུ་ཞལ། །ཕྱོགས་བཞི་རིགས་བཞིར་འབར་བའི་སྐུར་བསྟན་པས། །སྤྱི་མཐུན་ལྔ་ལྔར་སྣང་བ་ནམ་མཁའི་རྒྱན་དུ་སྟོན། །རིགས་ཀྱི་དབང་རྣམས་རྫོགས་པས་ཐམས་ཅད་མ་ལུས་དབང་དུ་སྡུད། །ཧཱུཾ་མཛད་ཁྲོ་བོ་ཆེན་པོ་བརྒྱད་ཀྱི་སྙིང་། །ཆང་པར་བཅུག་ནས་ནང་དང་བསྲེས་ཏེ་གསོལ། །བྱམས་དང་སྙིང་རྗེར་ལྡན་པའི་ཚུལ་མངའ་བས། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་དང་། །བེ་ཅོན་རྔེའུ་ཆུང་བྷནྡྷ་ཤེལ་གྱི་རྔེའུ་ཆུང་འཛིན། །ཐོད་རློན་ཁྲག་དང་བསྲེས་པ་གསོལ། །ཕྱོགས་བཞིར་ཧཱུཾ་གི་རྒྱུན་དུ་སྒྲ་གྲགས་པས། །རྡོ་རྗེ་བྱིན་ཆེན་འབར་བ་གསོར་ཞིང་བརྡེག །གདུ་བུ་དབུ་རྒྱན་སྦྲུལ་ནག་མི་སྲུན་པ། །ཧཱུཾ་གི་སྒྲ་གྲགས་བསྐལ་པའི་མེ་ཆེན་འབར། །སྡིགས་པའི་རྩེ་ལ་བསྐལ་པའི་མེ་འབར་བས། །མ་རིག་རྨོངས་པའི་མུན་ནག་སེལ། །མི་ལྡོག་ས་ལ་འགྲོ་བ་འདྲེན་པའི་རྟགས། །ཐབས་ཀྱི་ཞགས་པ་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ནི། །ཉི་མ་འབུམ་གྱིས་བརྒྱན་པའི་ཐེའུ་གཤོག་ཅན། །ཞི་རྒྱས་དབང་དྲག་ཕྲིན་ལས་མངོན་སྤྱོད་ཀྱིས། །ཐམས་ཅད་བླ་མེད་བྱང་ཆུབ་གནས་སུ་གྲོལ་བའོ། །ཏིང་འཛིན་ཟིལ་གྱིས་གནོན་པ་སྟག་གི་ཆས། །རྣོ་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་བཅས་པའི་ཆས། །དབང་གི་བསྭེ་ཁྲབ་སྨུག་པོ་གཟི་འབར་བགྲད་པའི་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་རྒྱན་གྱིས་བརྒྱན། །དམར་གསལ་དབང་སྡུད་ཏིང་འཛིན་ཆེ་བའི་མཆོག །མཉེན་ལྕུག་ཆུན་འཕྱང་དར་གྱི་ཆས། །སྡུག་
བསྔལ་ཉམ་ཐག་སྐད་ཆེན་འབྱིན། །ཨོཾ་ནཱ་ཤ་སྟཾ་པ་ནི། ཡཀྴ་སུམ་པ། བྷན་དྷ་ཧྲི་ཤ་ཧཱུཾ། ཞེས་ཆེ་བའི་སྒོ་ནས་ཉིད་ལ་བསྟོད་པའོ། །དེ་ནས་ཡང་ཧཱུཾ་ལས། ཨོཾ་ཨ་ཀ་དེ་བིག་དེ་ཀ་ར་ཀ་ར་ག་ཏེ་སྭ་མཾ་ཞེས་བརྗོད་པས། ཡུམ་གཟི་ལྡན་པདྨ་ཅན་རྒྱན་དང་ཆ་ལུགས་གཙོ་དང་མཐུན་པ་ལ། ཚུལ་མོ་བག་ཏུ་གནས་པ་ཞིག་བསྐྱེད་དོ། །གཡས་ན་ཡིད་བཞིན་ནོར་བུ་བསྣམས་པ། གཡོན་ན་རིན་ཆེན་ཟ་མ་ཏོག་བསྣམས་པ། དེ་ལྟ་བུ་ཅིག་བསྒོམ་མོ་བསྡུའོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། གཞལ་ཡས་ཁང་དང་། ཡབ་ཡུམ་བསྐྱེད་ཅིང་ལས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དྲེགས་པ་དེ་དག་ཐམས་ཅད་བདུད་དང་ཚངས་པ་དང་། ལྷ་ཆེན་དང་། ཀླུ་དང་། དབང་ཕྱུག་ཆེན་པོ་དང་། གཟའ་ལ་སོགས་པ་རྣམས། རང་རང་གི་ཆེ་བ་སྟོན་ཅིང་མཉན་ཏོ། །མ་དད་པའི་ཆུང་མ་དང་། འཁོར་དང་བཅས་པ་རྣམས་མ་ཉན་ཏོ། །རྟེན་གྱི་གཞལ་ཡས་ཁང་ལས། བདེ་བར་གཤེགས་པ་རྣམས་ནི་བརླན། ཐུགས་རྗེ་གཡོས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དབང་གི་རྒྱལ་པོ་ལ་དབང་བསྐུར་ཏོ། །ཡབ་ཡུམ་གཉིས་སྦྱོར་བ་མཛད་དེ། དགྱེས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ལས། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། ཡུམ་གཟི་ལྡན་པདྨ་ཅན་ལ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་བསྔགས་ཏེ། བྱང་ཆུབ་སེམས་ཀྱི་གཟི་བརྗིད་ལྡན་པར་བྱས། བྱང་ཆུབ་སེམས་སྤྲོས་པ་ལས། འཁོར་བ་རུ་ལྡོག་པའི་ཕྱིར། རུ་དཔོན་ནི་རིགས་ཀྱི་ཧེ་རུ་ཀ་ལྔས་བྱས། དུས་གསུམ་སངས་རྒྱས་ཐམས་ཅད་ནི་ར་མདར་གཉེར། ཤར་ཕྱོགས་སུ་ཛ་ནི་སྤྲོས། ཡེ་ཤེས་དཔག་གིས་འཕེན་དཀའ་སྟེ། མཐར་བྱེད་ཁྲོ་བོ་བཞི་ཕྱོགས་བཞིར་གདན་ཚོགས་བཅས། འཁོར་བའི་ཕྲེང་སྟེ་ཐམས་ཅད་ཟླ་གམ་བྲུབ་ཁུང་བཅས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ཏེ། སྟེང་ཕྱོགས་སུ་སྤྲོས་པས། ཁྲོ་བོ་མཐིང་ནག་གིས་སྟེང་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ཤར་ཕྱོགས་སུ་སྤྲོས་པས། ཁྲོ་བོ་སྨུག་ནག་གིས་ཤར་ཕྱོགས་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ལྷོར་སྤྲོས་པས། ཁྲོ་བོ་སེར་ནག་
གིས་ལྷོའི་ཕྱོགས་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ནུབ་ཏུ་སྤྲོས་པས། ཁྲོ་བོ་དམར་ནག་གིས་ནུབ་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱང་དུ་སྤྲོས་པས། ཁྲོ་བོ་ལྗང་ནག་གིས་བྱང་ཕྱོགས་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པས་འོག་དང་བར་ཁེབས་ནས། གདུག་པའི་མཚོན་ཆ་སྣ་ཚོགས་ཆར་དུ་ཕབ། རྟོག་ཅིག་ཟུང་ཆིངས་མ་གཏང་ཞེས་དིར་དིར་སྒྲོགས་སོ། །ཡུམ་གྱི་བྷ་ག་གྲུ་གསུམ་གྱི་དབྱིངས་སུ་ཤར། ཡབ་ཀྱི་རྡོ་རྗེ་པདྨར་ཤར། དེ་ནས་དབང་གི་རྒྱལ་པོས་གདུག་པའི་འཁོར་ཡེ་ཤེས་ལས་བསྐྱེད་དོ། །དེ་ནས་ཡང་ཡབ་ཡུམ་མ་ཆགས་པའི་སྦྱོར་བ་མཛད་པའི་སྤྲིན་ལས། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཞེས་སྤྲོས། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཞེས་སྤྲོས་པས། ཁྲོ་མོ་དང་མགོ་བརྙན་མང་པོ་བྱུང་ངོ་། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་སྤྲོས་པས། ཁྲོ་བོ་མགོ་དགུ་བརྩེགས་པ་དང་། མགོ་ལྔ་བརྩེགས་པ་དང་། མགོ་བདུན་བརྩེགས་པ་དང་། མགོ་གསུམ་བརྩེགས་པ་རྐང་པ་གཅིག་པ་ཅིག་བྱུང་། དེ་ནས་ཡང་བྱང་ཆུབ་སེམས་ལས། མཱ་མཱ་མཱ་མཱ། ཞེས་སྤྲོས་པས། གསང་བའི་ཡུམ་བཞི་སྤྲོས་སོ། །དེ་ནས་བྱང་ཆུབ་སེམས་ལས། ལི་ལི་ལི་ལི་ལི་ལི་ལི་ལི། ཞེས་ཤར་དུ་སྤྲོས་ལི་ལི་ལི་ལི་ལི་ལི་ལི་ལི། ཞེས་ལྷོར་སྤྲོས། ལི་ལི་ལི་ལི་ལི་ལི་ལི་ལི། ཞེས་ནུབ་ཏུ་སྤྲོས། ལི་ལི་ལི་ལི་ལི་ལི་ལི་ལི། ཞེས་བྱང་དུ་སྤྲོས་སོ། །བརྒྱད་རྩེ་ལོང་བ་སུམ་ཅུ་རྩ་གཉིས་ཕྱོགས་བཞིར་སྤྲོས་སོ། །དེ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ལུ་ལུ་ལུ་ལུ་ལུ་ལུ་ལུ་ལུ། ཞེས་སྤྲོས་པས། ལོང་བ་བརྒྱད་བྱུང་ངོ་། །དེ་ནས་ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། སྡི་སྡི་སྡི་སྡི་སྡི་སྡི་སྡི་སྡི། ཞེས་སྤྲོས་པས། སྤྱང་མོ་བརྒྱད་བྱུང་ངོ་། །དེ་ནས་ཡང་དགྱེས་པའི་སྤྲིན་ལས། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཞེས་པ་ལས་ཁྱི་བརྒྱད་བྱུང་ངོ་། །ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཀུ་ཀུ་ཀུ་ཀུ་ཀུ་ཀུ་ཀུ་ཀུ་བརྒྱད་སྤྲོས་པས། ཡེ་ཤེས་ཀྱི་ཁྱི་བརྒྱད་སྤྲོས་པས། མྱུ་ཤ་བྱུ་རུའི་ཁྱི་བརྒྱད་བྱུང་ངོ་། །དེ་ནས་ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཛ་ཛ་ཛ་ཛ་ཛ་ཛ།
ཞེས་སྤྲོས་པས། ཕོ་ཉ་མ་མགོ་བརྙན་སུམ་ཅུ་རྩ་དྲུག་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཞེས་ལས་སྒོམ་དྲུག་སྤྲོས། ཡ་ཡ་ཡ་ཡ་ཡ་ཡ་དྲུག་སྤྲོས་པས། ཁམ་པ་རྒྱ་མ་དྲུག་བྱུང་ངོ་། །ཧཱུཾ་ཞེས་བརྗོད་པས་ཁམས་གསུམ་རྒྱལ་བ་བྱུང་ངོ་། །ཧ་ཡ་གྲཱི་ཝ། ཧ་ཡ་གྲཱི་ཝ། ཧ་ཡ་གྲཱི་ཝ། ཧ་ཡ་གྲཱི་ཝ། ཧ་ཡ་གྲཱི་ཝ་ཞེས་བརྗོད་པས། རྟ་མགོ་ཅན་ལྔ་བྱུང་ངོ་། །ཀུ་ཡེ། ཀུ་ཡེ། ཀུ་ཡེ། ཀུ་ཡེ་བྱ་མགོ་ཅན་བཞི་བྱུང་ངོ་། །དུ་རུ་དུ་རུ་དུ་རུ་དུ་རུ་ཞེས་བརྗོད་པས། ཕག་གི་མགོ་ཅན་བཞི་བྱུང་ངོ་། །དྷི་དྷི་དྷི་དྷི། ཧཱུཾ་ཧཱུཾ་ཧཱུཾ་ལ་ཞེས་སེམས་དཔའ་བྱུང་ངོ་། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་ཁྲོ་བོ་བརྒྱད་བྱུང་ངོ་། །དེ་ནས་ཡང་དགྱེས་པའི་སྤྲིན་ལས། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་སོ། །ཁམས་གསུམ་ཀུན་ཏུ་ཁེངས་པར་སྤྲོས་སོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ཡི་གེ་སྤྲོས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞལ་ཡས་ཁང་གདན་དང་བཅས་པ་གསལ་ཞིང་། དྲག་པོ་མ་རུངས་པ་ཚར་བཅད་དེ། དབང་གི་རྒྱལ་པོ་པདྨ་གར་གྱི་དབང་ཕྱུག་དེས། དབུ་ལྔ་རུ་ཤར་བར་མཛད། དབུའི་སྟེང་དུ། ལེའུ་ཚེ་ལྔ་དགུ་མུ་ཁྱུད་གྲུ་ཆད་རྩིབས་ཁྱུད་དང་སྒོ་རུ་བཅས་པ། རིགས་ཀྱི་ཡབ་ཡུམ་ལྔ་རུ་གསལ། སེམས་དཔའ་སེམས་མས་ནི་བསྐོར། དབུའི་ཐོག་ཏུ་རྟ་མགོ་ལྗང་གུ་ནི་བྱུང་། རྟ་མགོ་ལྗང་གུ་རྔོག་མ་ལེ་བརྒན་ནི། སྤྱན་མིག་ཟུར་གསུམ་རྣ་བ་ཤོག་དྲག །རྔམ་པའི་ཁ་ཚལ། ལྷང་ལྷང་ཙེར་ཙེར་ཕྱོགས་བཅུར་རྟ་སྐད་སྒྲོག་པ་རུ་གསལ། རྡོ་རྗེའི་གཤོག་པ་ནི་གཡས་ནས་གཡོན་དུ་གདེངས། དང་རུ་ནི་དགུ་དགུ་ཡོད་པ། གཡས་ན་གཤོག་པ་རིམ་པ་བཞི། གཡོན་ན་བཞི། གཤོག་པ་བརྒྱད་དུ་ལྡིང་བ། ཡུམ་བཞི་མཆན་དུ་སྦས་པ། སྡེར་མོ་ཅན་ནི་ལྟེབ་ཏུ་སྦས། ཐེབ་གཤོག་ཅན་ནི་འདབ་ཏུ་སྦས། རྡོ་རྗེའི་གཤོག་པ་ལ་བསེའི་རི་མོ་ཅན། གཡས་གཡོན་ན་བསེའི་བྱ་ནག་ལྡིང་བ། གཤོག་པ་བར་མ་གཉིས་ནི་གོལ་མ་སྦས། སྟེང་གི་བར་ན་ཁམ་བརྒྱ་མོ་སྦས། སྤྲུལ་པ་མང་པོ་དང་བཅས་པའོ། །ཕྱག་གཡས་པ་
ཀཽ་རི་མ་བརྒྱད། གཡོན་པ་ན་སིང་ཧ་མ་བརྒྱད། ཁྲག་འཐུང་བཅུ་དྲུག་གིས་འགྲོ་བ་མ་ལུས་པ་འདུལ་བ། ཁྲོ་བོ་བརྒྱད་ཞབས་ཀྱི་འོག་ཏུ་མནན། དུར་ཁྲོད་ཆེན་པོ་བརྒྱད་དུ་རོལ་ཅིང་གསལ་བ། ཡི་གེ་འབྲུ་ལྔ་གནས་ལྔར་གསལ་བའི་ཕྲེང་བས། ངན་སོང་རྣམ་པར་སྦྱོར་བ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་གསེར་གྱི་སེང་གེར་སྦས། ཉི་ཟླ་ཐབས་ཤེས་རབ་ཏུ་ལྡན། པདྨ་སྐྱོན་གྱིས་མ་གོས། སྤྱན་ནས་སྤྲུལ་པ་བྱེ་བ་འགྱེད། ཧཱུཾ་དམར་པོ་ལ་ཕྲེང་བས་དཀྲིས། དམ་ཚིག་ཡེ་ཤེས་རྟ་མགྲིན་ཡི་གེ་འབྲུ་ལྔས་དབང་བསྐུར་དཀྱིལ་འཁོར་བཅུ་བཞི་ནི་དབུ་ལ་བརྒྱན། དྲག་པོ་དབང་གི་དཀྱིལ་འཁོར་བཞི་ནི་ཕྱོགས་བཞིར་བཀོད། སྤྱང་བརྒྱད་ཁྱི་བརྒྱད་ཕྱོགས་བརྒྱད། ཁྲོ་བོ་རྣམ་བཞི་ནི་ཕྱོགས་བཞིར་བཀོད། རྒྱལ་བ་ཀུན་གྱི་བསྔགས་པའི་ཡུམ་ནི་ཐུགས་ཀ་ན། མ་དད་པའི་བདུད་སྡེ་དང་། ལྷ་རྒྱལ་དང་། ཀླུ་དང་ལང་ཀ་ལ་སོགས་པ་དེ་དག་མ་དད་པ་རྣམས་བསྒྲལ་བའི་ཕྱིར་དབང་གི་རྒྱལ་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དང་། ཡོན་ཏན་གྱི་གནས་ལྔ་ནས། དྲག་སྔགས་འདི་རྣམས་ཐོན་ཏོ། བཛྲ་ཀྲོ་ཏ་ཁཱ་ཧི། མ་རང་ཀ་ཤ་ཁཱ་ཧི། བ་སུ་མུ་ཏྲ་ཁཱ་ཧི། རཱ་ག་རཀྟ་ཁཱ་ཧི། ཤྭ་རི་ཁཱ་ཧི། ཤྭ་རི་ཁཱ་ཧི། ཀྲོ་ཏ་ཡ་ཀྲོ་ཏ་ཡ། སུ་རུ་ཤ་ར་ཏ། རུ་རག་ཤ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཙཎྜ་རཀ་ཤ་ཧ་ལ་ཕཊ། ཀརྨ་བི་མ་ལ་ཧ་ན་ཧ་ན་ཕཊ། ཨོཾ་ཛི་ན་ལ་ཏི་པར། མ་ཏང་ཀ་པུ་ཤེ། ཨུ་ཏོ་ལོ་ཏི་པར། ཤྲཱི་ཧེ་རུ་ཀ །བ་ར་བི་ག་རཾ། མ་ཧཱ་ཀ་ལ་བྲུཾ། ཡག་ཤ་ཀ་ལ་བྲུཾ། རགྴ་ཀ་ལ་བྲུཾ། ཛྙཱ་ན་ཙཀྲ་མཎྜཱ་ལ། ཧཱུཾ་རཏྣ་ལོ་ཀ་བཾ། ཛྙཱ་ན་སུ་ཡ་ཏྲཾ། མ་ཧཱ་རག་ཏྲཾ། ནཱ་ག་དུག་ཕྱུང་། ནཱ་ག་དུག་ཕྱུང་། ཨ་ལེ་ཀ་ལང་པྲ་བེ་ཤ་ཕཊ། བྷ་ག་བཱན་བ་སུ་བན་དྷ་པྲ་བེ་ཤ་ཕཊ། གྷྲི་བ་རོ་ཤ་པྲ་བེ་ཤ་ཕཊ། རུ་རུ་པུ་ར་ཏ། ཤ་མ་དུར་ཀ་ཏེ། ཤ་ཙིཏྟ་བྲུཾ། ཤི་མཾ་རུ་རུ་ཏྲཾ། མ་ཧཱ་པྲ་ཝེ་ཤ་རྦད་ཛ། ས་མ་ཡ་པྲ་བེ་ཤ་སྭཱ་ཧཱ། ཛ་གར་བྷ། ཧ་ཧ་ཧ་ཧཱུཾ། ཨོཾ་བ་རུ་བིད་ན། ག་བིན་དུ། ནཱ་ག་དྷཱི་ར་ཡ། ནཱ་ག་དུང་དུང་རག་ཤ་པྲ་བེ་ཤ་ཕཊ། རག་ཤ་པྲ་བེ་ཤ་ཕཊ། ཧ་ཧེ་ཧཱུཾ་པྲ་བེ་ཤ་ཕཊ། བྷ་ག་བཱན། ཧྲི་ཏི་པྲ་བེ་ཤ་ཕཊ། ནཱ་ག་ལེ་ནཱ་ག་ལེ།
དུམ་པ་ལེ་དུམ་པ་ལེ། ཨ་ཀ་ལེ་ཨ་ཀ་ལེ། སྥོ་ཊ་སྥོ་ཊ། ཨ་ཀ་ལེ་ཨ་ཀ་ལེ། ཨ་ཀར་བ་ཨིན་དྲ། པྲ་བེ་ཤ་ཕཊ། དུང་པྲཾ་དུང་པྲཾ་པྲ་བེ་ཤ་ཕཊ། རག་ཤ་པྲ་པེ་ཤ་ཕཊ། ཧ་ཧེ་ཧཱུཾ་པྲ་བེ་ཤ་ཕཊ། ཏཱི་ཀྵྞ་པྲ་བེ་ཤ་ཕཊ། བེ་རཾ་བྷ་ག་བཱན་པྲ་བེ་ཤ་ཕཊ། བྱི་ན་ཡང་ཏེ། ཏྲཻ་ལོཀྱ་བི་ཛ་ཡ། པྲ་བེ་ཤ་ཡ་ཕཊ། ཨག་ནེ་པྲ་བེ་ཤ་ཕཊ། བྷ་ག་བཱན། དྷྲྀཥྚ་རཥྚ་པྲ་བེ་ཤ་ཕཊ། པདྨ་ཀེ་ཏུ་ཀྲཾ། རཏྣ་པ་ཏྲ་པྲ་བེ་ཤ་ཕཊ། ཀརྨ་ཀེ་ཏུ་ཀྲཾ། བི་རཱུ་དྷ་ཀ་པྲ་བེ་ཤ་ཕཊ། བཛྲ་ཀེ་ཏུ་ཀྲཾ། བི་རཱུ་པཱཀྵ་ཡེ། པྲ་བེ་ཤ་ཕཊ། རཏྣ་ཀེ་ཏུ་ཀྲཾ། ཀི་པ་ནི་ཧཱུཾ། ཏ་ཀེམ་ཏ་ཀེམ། བྷན་དྷ་ཆོམ། ཏཱི་ཀྵྞ་སྣ་ཏཱི་ཀྵྞ་སྣ་ཤིག །གརྫ་གརྫ། ཙྪིན་ད་ཙྪིན་ད། ཀྲོ་ཏ་རཾ་ཀྲོ་ཏ་རཾ། རག་ཤ་རག་ཤ་ཧཱུཾ། ཧ་ན་ཧ་ན་ཕཊ། ཛྙཱ་ན་ཙཀྲ་ཀེ་ཏུ་ཀྲཾ། ཞེས་པ་རྣམས་ཀྱིས་བསྒྲལ་ལོ། །དེ་ནི་སྤྱིར་དྲིལ་དེ་བསྒྲལ་བའོ། །དེ་བ་མ་ཧཱ་རག་ཏོ་རག་ཏོ་རྦད་ལོང་ཤར་ཤར་ཡ། དྲི་བི་ཤ་ན་ཙན་ལིང་། ཁ་ལ་ཧུར་ཡཾ་རྦད། ཡཾ་བྲོགས་ཡང་། དེ་ནི་ཚངས་པའི་སྒྲོལ་སྔགས་སོ། །ཤོ་རི་ཤོ་རི་ཁ་སུར་ཡང་ཁ་སུར་ཡང་ཁཱ་ཧི། ཤ་ར་ཏ་རྡུབ་རྡུབ་ཧེ་ཕཊ། དབང་ཕྱུག་ཆེན་པོ་བསྒྲལ་ལོ། །རག་ཤ་རག་ཤ་ཚལ་དུ་རྦད་རྦད། སྲིན་མོ་བསྒྲལ་ལོ། །ཧ་ལ་ཡག་ཤ་དྲེང་དྲེང་རྦད། མུ་ལ་ཆོམ་ཆོམ་ཁ་ལ་རྦད་ཡ། སྒྲོལ་སྔགས་འདི་ནི་བདུད་རྣམས་བསྒྲལ། ཨོཾ་ནཱ་ག་ལེ་ནཱ་ག་ལེ། སུཾ་བ་ལེ་རག་ཏོ་ཧུབ་རྦད། ཀླུ་རིགས་རྣམས་བསྒྲལ་ལོ། །མ་ཧཱ་རག་ཤ་ལ་ཐུམས་མ་ཧཱ་རཀྴ་ལ་ཐུམས་གྲ་ཧེ་ཕཊ། ཏྲཾ་ཏྲཾ་རྦད། དེས་མ་ཧཱ་དེ་བ་བསྒྲལ། ཨ་པ་རུ་ཤན་ནཱ་ག་པྲ་བེ་ཤ་རྦད་ཡ་ཞེས་བཏབ་པས། དྲི་ན་མགྲིན་སྔོན་བསྒྲལ་ལོ། །ཨ་དེ་ཤ་ཡ་རྦད་ཡ། བི་ཤ་རྦད་ཡ། ཉ་འགྲི་བ་ཟླ་མེད་སྒྲོལ། ཧ་བ་རི་རག་ཤོ་རྦད་ཡ། ཤ་ལ་ཤ་ལ་ཧེ་བ་ཏ་རྦད། ཉེའུ་ཏུ་ཀྲཾ། ཞེས་བསྒྲལ་བས། ཤོར་བ་གཞོན་ནུ་བསྒྲལ་ལོ། །ས་མ་ཡ་ག་ཏེ་པ་ལ། ག་ཏེ་པ་ལ། ཤར་ཡ་ཤར་ཡ། གཟའ་ཆེན་པོ་བརྒྱད་བསྒྲལ་ལོ། །ཏ་ཀེམ་ཏ་ཀེམ། རོ་པ་ལ་ཤར་ཀྲཾ། ཕྱོགས་སྐྱོང་བཅུ་སྦུབ་བོ། །མུ་ལ་རཾ་མུ་ལ་རཾ་ཏི་ཤ་རྦད་ཡ། ཞེས་པས་རྒྱལ་པོ་བསྒྲལ། རུ་པ་ཤ་ལ་ཡོག །ཧྲི་བ་
ཤ་པྲ་བེ་ཤ་ཧུབ། ལྷ་དང་ཀླུ་དང་བདུད་ལ་སོགས་པ་བསྒྲལ་ཏེ། དུར་ཁྲོད་ཀྱི་གཞལ་ཡས་སུ་བྱས་སོ། །སྒྲོལ་སྔགས་ཀྱིས་དེ་དག་མ་ལུས་པར་བསྒྲལ་ལོ། །ཤར་ཕྱོགས་སུ་ཁྱིའི་བརྟུལ་ཤུགས་ཏེ། ལྷོ་རུ་ཕག་གི་བརྟུལ་ཤུགས་བྱས། ནུབ་ཏུ་རྟའི་བརྟུལ་ཤུགས་ཏེ། བྱང་དུ་བྱའི་བརྟུལ་ཤུགས་བྱས་སོ། །བྲོ་ཁ་ཆེན་པོ་བཞིར་བཅས། བསྒྲལ་བའི་ཕུང་པོ་ལ་བྲོ་དིར་དིར་བརྡུངས་སོ། །ཤོར་བ་གཞོན་ནུའི་ལྕང་ལོ་ལ་གདུལ་བའི་བྲོ་ཞིག་བརྡུངས་སོ། །དྲི་ན་མགྲིན་སྔོན་གྱི་གུད་ཤིང་གི་རྩིབ་ལ་བྲོ་ཞིག་བརྡུངས་སོ། །ནང་ཁྲོལ་རྣམས་ལ་བྲོ་བརྡུངས་སོ། །སྙིང་ལ་བྲོ་ཞིག་བརྡུངས་སོ། །དེ་ནས་དབང་ཆེན་པོ་དེས། རང་གི་གཞལ་ཡས་ལ་བསྟོད་པ། ཧཱུཾ་བདེ་གཤེགས་ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །ཡིད་བཞིན་འབྱོར་ལྡན་རྒྱལ་བ་རྒྱ་མཚོའི་ཚོགས། །ཤེས་རབ་ཟབ་མོ་རྣམ་དག་ཡུམ་གྱི་མཁའ། །བྷ་ག་ཀློང་ཡངས་སྤྲུལ་པའི་གཞལ་ཡས་ཁང་། །སྣ་ཚོགས་ཡོན་ཏན་རྒྱས་པ་གསང་བ་མཛོད་ཀྱི་གཏེར། །ཁྲོ་བོ་འབྱུང་གནས་དཔལ་ཆེན་རྔམ་པའི་ཡུམ། །ཏུག་ཆོམ་འབྲུག་སྒྲ་ཁམས་གསུམ་ཡོངས་སུ་ལྡིར། །ནམ་མཁའ་མཉམ་པ་ཆོས་ཉིད་དག་པའི་སྐུ། །ཕྱོགས་བཅུར་རྒྱ་མ་ཆད་པས་ཚད་མེད་དཔག་ལས་འདས། །ཚད་མེད་ཡོན་ཏན་དཔག་གིས་མི་ལང་སྟེ། །ཚངས་པ་ཕོ་མོ་བསྣོལ་བའི་གདུང་ཕྱམ་ལ། །ཏི་ར་ཕོ་མོ་བསྣོལ་བའི་དྲལ་མ་གྲབ། །ཕྱོགས་སྐྱོང་གཡང་གཞི་བར་སྣང་སྤྲིན་ལྟར་འཁྲིགས། །ཉ་ཆེན་འཕན་དང་སྦྲུལ་ནག་ཟ་ར་ཚགས། །ཆུ་སྲིན་སྒོ་དང་གཟའ་རྒྱུ་བད་དུ་བཅས། །སྒོ་སྐྱོང་དགུ་དང་མེ་རི་སྤྲིན་ལྟར་འཁྲིགས། །རྒྱལ་མཚན་ལྔ་དང་རིན་ཆེན་ཀ་བ་བརྒྱད། །ཐོད་རུས་བར་ཁྱམས་རྡོ་རྗེའི་གཟེར་མགོ་ལ། །ཉི་མ་ཟླ་བ་བར་སྣང་ཡོས་ལྟར་བཀོད། །དབུས་ཀྱི་དཀྱིལ་འཁོར་ལྟེ་བ་ཟླུམ་པོ་ལ། །སྐར་མ་རྒྱལ་གྱི་འོད་ཟེར་གདུགས་སུ་བསྐོར། །སྔོན་ཆད་འདས་པ་རྒྱལ་སྲས་རྣམས་ཀྱི་དབྱིངས། །ཐོད་རུས་བར་ཁྱམས་རྡོ་རྗེ་གསེར་མགོ་ལ། །ད་ལྟར་བཞུགས་པ་ཁྲོ་རྒྱལ་རོལ་པའི་སྐུ། །སླད་ནས་འབྱོན་པའི་རྒྱལ་སྲས་གཤེགས་པའི་ཤུལ། །དུས་གསུམ་
འཁོར་དང་བཅས་པའི་བཞུགས་གནས་ལ། །གར་གྱི་དབང་ཕྱུག་སྐུ་ལ་བསྟོད་པའི་ཕྱིར། །རིག་འཛིན་ལྷ་ཡི་བུ་དང་རྣལ་འབྱོར་རྣམས་ཀྱང་བསྟོད། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ལྷ་རྣམས་ཀྱི་ཡི་གེ་སྤྲོ་བ་དང་། གཞན་གྱི་དོན་སྒྲོལ་སྔགས་ཀྱི་བསྒྲལ་བ་དང་། གཞལ་ཡས་ཁང་ལ་ཉིད་ཀྱིས་བསྟོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་རང་གིས་ཉིད་ལ་འདི་སྐད་ཅེས་བསྟོད་དོ། །ཧཱུཾ་གར་དབང་ལྷ་ཡི་ལྷ་མཆོག་པདྨ་ཧེ་རུ་ཀ །ཆེ་བར་བསྟོད་པའི་དབང་ཕྱུག་ཡང་ཆེ་དཔལ། །སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བ་ང་ཡི་མཐུ། །གསང་བ་དབང་དུ་བསྟན་པའི་དབང་ཕྱུག་ཡང་ཆེ་དཔལ། །གར་མཁན་སྒྱུ་འདྲ་གར་གྱི་སྤྱི་གཙུག་རྒྱན། །བདུད་སྡེ་དཔུང་བཅོམ་གསང་བ་དབང་གི་མཐུ། །མ་ལུས་དབང་སྡུད་ཉིད་ཀྱི་རྒྱན་དུ་བྱས། །དབང་མཛད་དབང་གི་ལྷ་ལ་ཕྱག་འཚལ་བསྟོད། །ཨེ་མ་ཧོ། གཉིས་མེད་ཐུགས་ཀར་སྦས་པ་གཟི་ལྡན་པདྨ་ཅན། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་གཟི་ཆེན་གསལ། །རྒྱལ་བ་ཀུན་གྱིས་བསྔགས་པའི་གཟི་ལྡན་པདྨ་ཅན། །དགྱེས་པ་སྐོང་མཛད་གསང་ཆེན་ཉིད་ལ་བསྟོད། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། དབང་ཆེན་ཉིད་ལ་ཉིད་ཀྱིས་བསྟོད་པའི་ལེའུ་སྟེ་བརྒྱད་པའོ།། །།ཧྲཱྀཿ། དབང་གིས་དབང་གི་ཕྲིན་ལས་མགྱོགས་པའི་མཐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་རྩལ་གྱི་ཕ་རོལ་ཕྱིན། །རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཅར་གནོན། །འཚེར་སྐད་གདངས་སུ་སྙན་པས་གསང་བའི་ཐུགས་དམ་བསྐུལ། །རྔམ་པའི་ཁ་ཚལ་ཆེ་བས་འཁོར་ཚོགས་དབང་དུ་སྡུད། །སྟབས་དྲུག་འགྲོས་སུ་མགྱོགས་པས་རྒྱུད་དྲུག་ཐབས་སུ་འདྲེན། །རོལ་པའི་རྟ་བྲོས་བདུད་བཞི་ཐལ་བར་རློག །འཇིག་རྟེན་སྒྲོལ་ལ་མཁས་པས་མི་སྡུག་ཐབས་ཀྱིས་འདྲེན། །ཧཱུཾ། རིགས་གཉིས་སྐུ་ལ་ཧཱུཾ་གི་སྒྲ་བསྒྲགས་པས། །སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བ་ང་ཡི་ཐུགས། །ཆེ་བཙན་འགྲན་ཟླ་མེད་པ་རྒྱལ་བ་ང་ཡི་མཐུ། །ཞེ་སྡང་མེ་ལྟར་འབར་བའི་ཁྲོ་བོ་ཧཱུཾ་སྒྲ་ཅན། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །
རྟ་མཆོག་རོལ་པའི་ཏན་ཏྲ་ལས། བསྟོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དབང་གི་རྒྱལ་པོ་གར་གྱི་དབང་ཕྱུག་ལ། ལས་ཀྱི་པདྨ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་གསང་བདག་དབང་གི་རྒྱལ། །བདག་ལ་སོགས་པའི་དོན་སླད་དུ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཉོན་ཅིག །དཀྱིལ་འཁོར་དམ་པ་བཤད་པར་བྱའོ། །འདི་ནི་རྒྱན་གྱི་དཀྱིལ་འཁོར་ཏེ། །དབུ་ཡི་སྟེང་དུ་བཞག་པས་དཀྱིལ། །ལེའུ་ཚེ་དགུ་དང་མུ་ཁྱུད་དང་། །གྲུ་ཆད་གྲུ་བཞི་སྒོ་དང་ཁྱམས། །དབུས་སུ་རྡོ་རྗེ་དབང་གི་རྒྱལ། །ཤར་དུ་སྣང་མཛད་ལྷོ་རུ་རིན་ཆེན་འབྱུང་། །ནུབ་ཏུ་མཐའ་ཡས་བྱང་དུ་དོན་ཡོད་གྲུབ། །སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །ཀུན་བཟང་ཡབ་ཡུམ་སྤྲུལ་སྐུ་དྲུག །སྒོ་བཞི་ཡུམ་དང་བཅས་པའོ། །དེ་ལ་སྙིང་པོ་སྔགས་དང་བཅས། །དབུས་སུ་རྟ་མཆོག་ལྔ་རུ་བྱུང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཏེ། །དེ་ལས་བསྒྱུར་བ་ཁྲོ་བོ་སྟེ། །དེ་ལ་བཟླས་པ་གོང་བཞིན་ཏེ། །དེ་ནི་གསང་བའི་རྒྱན་གྱི་དཀྱིལ་འཁོར་རོ། །དབུས་སུ་རྟ་མཆོག་རྒྱལ་པོ་སྟེ། །དབང་གི་རྒྱལ་པོ་བཞད་པའོ། །དབུས་སུ་ཟླ་གམ་ཁ་སྤྲོད་ལ། །ཟླུམ་པོ་གྲུ་ཆད་གྲུ་བཞི་གཉིས། །སྒོ་དང་ཁྱུད་དུ་བཅས་པ་ལ། །ལྷ་མོ་བཞི་ཡིས་བསྐོར་བ་ནི། །རྟ་མགྲིན་དབང་གི་དཀྱིལ་འཁོར་རོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ནི། །དབུས་ཀྱི་ཟླུམ་པོ་གྲུ་བཞི་དང་། །འཁོར་ལོ་རྩིབས་བརྒྱད་སྒོ་དང་སྒོ་ཁྱུད་བཅས། །དེ་ལ་དབང་གི་ལྷ་བཀོད་པ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཡིན། །དབུས་སུ་ཟླ་གམ་སྒོ་གཅིག་པ། །ཟླུམ་པོ་གྲུ་བཞི་སྒོ་དང་སྒོ་ཁྱུད་བཅས། །འབར་བའི་རྒྱན་གྱིས་བརྒྱན་པ་ནི། །དེ་ལ་དབང་གི་ལྷ་བཀོད་པ། །ཁམས་གསུམ་རྒྱལ་བའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྲུ་བཞི་ཐིག་རྗེས་ལ། །འགྲུས་ཐིག་གཉིས་ལ་བསྐྱོན་པ་ལ། །ཕྱོགས་བཞིར་མ་ཏྲང་མགོ་བོ་སྟེ། །དབུས་སུ་རྐང་ལ་བར་དུ་ལག །ཐ་མ་གདུག་པའི་མཚོན་གྱིས་བསྐོར། །དེ་ལ་དབང་གི་ལྷ་བཀོད་པ། །མ་ཏྲང་ཞལ་གྱི་དཀྱིལ་
འཁོར་ཡིན། །དབུས་ཀྱི་གྲུ་གསུམ་ཟླ་གམ་བཅས། །སྒོ་དང་ཟླུམ་པོ་གྲུ་བཞི་གཉིས། །སྒོ་དང་སྒོ་ཁྱུད་རྣམ་པར་ལྡན། །དེ་ལ་དབང་གི་ལྷ་བཀོད་པ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཡིན། །དབུས་ནི་ཟླ་གམ་གསེར་གྱི་འཁོར་ལོ་བརྒྱད། །སྒོ་དང་སྒོ་ཁྱུད་དེ་བཞིན་ཏེ། །དབུས་སུ་དབང་གི་རྒྱལ་པོ་ལ། །ལྷ་མོ་བཞི་ཡིས་བསྐོར་བ་དང་། །ཡི་གེའི་འབྲུ་ཡིས་བསྐོར་བ་ནི། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །ཟླུམ་པོ་དག་ལ་ཨོཾ་ཧཱུཾ་བཀོད། །ཐ་མ་རུ་ལུ་འབྲུ་བརྒྱད་དགོད། །དེ་ལ་དབང་གི་འཕྲོ་འདུ་ནི། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རོ། །ཟླུམ་པོ་ལྔ་ལ་ཡི་གེ་ལྔ། །ཐ་མ་རུ་ལུའི་འབྲུས་བསྐོར་བ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་ནི་རྒྱན་གྱི་དཀྱིལ་འཁོར་རོ། །ལས་ཀྱི་སེམས་དཔའ་ཉོན་ཅིག །འདི་ནི་གྲུབ་པའི་དཀྱིལ་འཁོར་ཏེ། །དབུས་ནི་ཟླ་གམ་སྒོ་གཅིག་པ། །ཕྱི་རོལ་ཟླུམ་པོ་གྲུ་བཞི་དང་། །འཁོར་ལོ་རྩིབས་ནི་བཅུ་དྲུག་བྱ། །ཐ་མ་པདྨ་སུམ་ཅུ་གཉིས། །གྲུ་བཞི་སྒོ་དང་ཁྱུད་དུ་བཅས། །ཐ་མ་རྒྱན་གྱིས་བརྒྱན་པ་ནི། །ཟླ་གམ་དབང་གི་རྒྱལ་པོ་ཡབ་ཡུམ་སྟེ། །གཞན་རྣམས་དབང་གི་ལྷ་ཚོགས་གསལ། །སྒོ་སྲུང་ཁྲོ་བོ་ཁྲོ་མོའོ། །དེ་ནི་སྒྲུབ་པའི་དཀྱིལ་འཁོར་དུ་གསུངས་སོ། །དབུས་ཟླུམ་འཁོར་ལོ་རྩིབས་བརྒྱད་ལ། །དེ་ཡི་ཐ་མ་པདྨ་བརྒྱད་དང་ལྡན། །ཕྱི་མ་སྒོ་ལ་སྒོ་ཁྱུད་ནི། །གསང་བ་དབང་གི་དཀྱིལ་འཁོར་རོ། །ནུབ་ཀྱི་ཟླ་གམ་སྒོ་གཅིག་པ། །ཕྱི་རིམ་ཟླུམ་པོ་དག་གིས་བསྐོར། །དེ་ཡི་ཕྱི་རིམ་ཁྱུད་ཀྱིས་བསྐོར། །ཕྱི་མ་གྲུ་བཞི་སྒོ་དང་བཅས། །དེ་ལ་དབང་གི་ལྷ་བཀོད་པ། །དབང་བསྐུར་ཐབས་ཀྱི་དཀྱིལ་འཁོར་རོ། །དབུས་ནི་གྲུ་བཞི་ལྷམ་པ་ལ། །ཟླུམ་པོས་མཐའ་བསྐོར་བར་ཁྱམས་སྒོ་དང་བཅས། །དབང་གི་ལས་བཞིའི་དཀྱིལ་འཁོར་ཡིན། །ཟླུམ་པོ་གཅིག་ལ་ཚོམ་བུ་ལྔ། །ཡེ་ཤེས་དབང་གི་ལྷ་གསལ་བ། །བསྙེན་པའི་དཀྱིལ་འཁོར་ཆེན་པོར་གསུངས། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། དཀྱིལ་འཁོར་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བྱང་ཆུབ་ལས་ཀྱི་སེམས་དཔས། དབང་གི་
རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་མཆོག་དབང་གི་བདག །གསང་སྔགས་དམ་པ་བཤད་དུ་གསོལ། །ཞེས་གསོལ་པས། དབང་གི་རྒྱལ་པོ་སྔགས་དང་ཕྱག་རྒྱ་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཧཱུཾ་ཧཱུཾ་ཞེས་སྒྲ་བྱུང་སྟེ། ཧཱུཾ་བཛྲ་དྷྲྀཀ །མཱུཾ་དྷཱ་ཏྭཱི་ཤྭ་རི། ཨོཾ་ཛི་ན་ཛིཀ །ལཱཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལིཀ ། བྞུ ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། བུདྡྷཱ་ཡ་ཏ་སོ་ཏ་ཨ་ཧཾ། བཛྲ་ཡ་ཏ་སྟ་ཐ་པྲ་ཏ་ཨ་ཧྃ་རཏྣ་ཡ་ཏ་ཐ་ཏྲ་ཨ་ཧཾ། པདྨ་ཡ་ཏ་སྟ་ཏ་སྭ་ཨ་ཧཾ། ཀརྨ་ཡ་ཏ་སྟ་ཐ་སོ་ཏ་ཨ་ཧཾ། རིགས་ལྔ་ཡབ་ཡུམ་ཛཿཧཱུཾ་བཾ་ཧོཿ། རིགས་རེ་རེ་ལ་ཡང་ལྷ་མོ་བཞི་བཞིས་བསྐོར་བའོ། །གཽ་རཱི་ཧ། ཙཽ་རཱི་ཧ། པྲ་མོ་ཧེ་ཧ།བེ་ཏ་ལཱི་ཧ། པུཀྐ་སཱི་ཧ། གྷསྨ་རཱི་ཧ། སྨ་ཤ་ནཱི་ཧ། ཙཎྜ་ལཱི་ཧ། བཛྲ་སིངྷ་མུ་ཁཱི་ཧེ། བྱཱ་གྷྲྀ་མུ་ཁཱི་ཧེ། སྲྀ་ག་ལ་མུ་ཁཱི་ཧེ། ཤྭ་ན་མུ་ཁཱི་ཧེ། ཀཾ་ཀ་མུ་ཁཱི་ཧེ། ཀཱ་ཀ་མུ་ཁཱི་ཧེ། གྲྀཌྷ་མུ་ཁཱི་ཧེ། ཨུ་ལཱུ་མུ་ཁཱི་ཧེ། གནས་ཡུལ་དུ་སྤྲོས་པའོ། །ཧ་ཡ་གྲཱི་ཝ་དྷི་དྷི་གན་དྷ་ཧོ། དུ་རུ་དུ་རུ་ཚ་མི་བྷྱོ། ཁ་ཡང་ཀུ་ཀུ་ས་མ་ཡ་ཛ། ཀུ་ལ་ས་མ་ཡ་ཛ་དུ། བརྟུལ་ཞུགས་བཞི་ཡིས་རྣམ་པར་སྤྲོས། །བཛྲ་ཤྭ་ན་མུ་ཁ་ཛ་མན་ཡ། ཁྱི་སྤྱང་བརྒྱད་ཀྱིའོ། །ཨོཾ་བཛྲ་ཨ་མོ་ཀ་ཧི་ཏ་ཤ་ཛ། གསང་བའི་ཡུམ་མོ། །ཨ་མོ་ག་ཧཱུཾ་ཛ། གསང་བའི་ཡུམ་ཆེན་མོ་བཞིའོ། །མ་ཏེ་ཤ་ར་རཾ་པ་ནི། དྲ་བ་མོའི་སྔགས་འཐོན་ནོ། །དྷི་དམ་མ་ཨ་ཤ་མ། གློག་འགྱུ་མའི་སྔགས་འཐོན་ནོ། །ཤྭ་ཏི་ཁ་ལ་དུན་ཏྲི་ཛ་ཡ། ལོང་བརྒྱབ་འདྲེལ་གྱི་འཐོན་པའོ། །རཀྴ་ཀྲ་མ་སང་ཏྲེ་ཡཾ། དམུས་ལོང་གི་འཐོན་ནོ། །ཨོཾ་རུ་ལུ་རུ་ལུ་བཾ་ཏ་ས་མ་ཡ་ཏྲིག་ཤཾ་ཁ་ལ་མ་བྷྱོ། ཁམ་བརྒྱ་མ་དྲུག་གི་འཐོན་ཏོ། །གར་ཛ་ཧ་ན་བིན་དྷ་ཙཀྲ་ད་པ་ལ། ཁྲོ་མོ་རྣམས་ཀྱི་འཐོན་ནོ། །དྷྲི་ཤ་ཡ་རྦད། ཡ་ཏོ་ཧཱུཾ་ཕཊ། སྒོའི་ཁྲོ་བོ་རྣམས་ཀྱི་འཐོན་ནོ། །དེ་རྣམས་ཀྱི་སྒོ་སོ་སོར་འཐོན་ནོ། །ཧཱུཾ་རུ་ལུ་རུ་ལུ་ཕཊ་ཨེ་ཨཱ་ར་ལི་ཧྲི་ཛ། ཞེས་པ་འདི་ནི་དྲིལ་བའི་གནས་ཀྱི་སྙིང་པོའོ། །དེ་ནས་ལས་མ་ལུས་པར་གསུངས་སོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། གསང་སྔགས་
རྣམས་སྤྲོས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་ཕྱག་རྒྱ་རྣམ་པར་སྤྲོས་ཏེ། རྣམ་པར་གྲོལ་བས་སྒྲོལ་བ་མཚོན་པའི་ཕྱིར། ཕྱག་རྒྱ་ཆེན་པོ་ནི། དབུ་ལྔ་ཕྱག་ཀྱང་བཅུ་དྲུག་སྟེ། །དབུ་ལ་རྨད་དུ་བྱུང་བ་ནི། །ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །ཤར་དུ་གཟིགས་པའི་དབུ་མཆོག་ནི། །དྲི་ཟའི་རྒྱལ་པོ་གནོན་པའི་དབུ། །ལྷོ་རུ་གཟིགས་པའི་དབུ་མཆོག་ནི། །གཤིན་རྗེའི་རྒྱལ་པོ་འཇོམས་པའི་དབུ། །ནུབ་ཏུ་གཟིགས་པའི་དབུ་མཆོག་ནི། །ཀླུ་དབང་རྒྱལ་པོ་གཟིར་བའི་དབུ། །བྱང་དུ་གཟིགས་པའི་དབུ་མཆོག་ནི། །གནོད་སྦྱིན་མྱ་ངན་སྐྱེད་པའི་དབུ། །དབུས་ནི་བདུད་བཞི་འདུལ་བའི་དབུ། །ལྷང་ལྷང་འཚེར་འཚེར་ཕྱོགས་བཅུར་རྟ་སྐད་འཚེར། །སངས་རྒྱས་འདུས་ཤིང་གར་གྱི་ཕྱག་རྒྱར་གསལ། །གཡས་པ་བརྒྱད་ཀྱིས་ཉོན་མོངས་བརྒྱད་རྣམས་སྒྲོལ་ཞིང་ཡེ་ཤེས་བརྒྱད་དུ་སྟོན། །གཡོན་པས་བསྒྲལ་ནས་ཕ་རོལ་ཕྱིན་བཅུར་སྦྱོར། །རྡོ་རྗེའི་གཤོག་པས་ཁམས་གསུམ་ས་རྣམས་གནོན། །ཞབས་བརྒྱད་བགྲད་པས་དུག་ལྔ་ཚོགས་བརྒྱད་འཇོམས། །དཔལ་ཆེན་དབང་གི་རྒྱལ་པོ་ནི། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །ཡེ་ཤེས་འཕྲུལ་གྱི་དངོས་གྲུབ་སྩོལ། །ཕྱག་རྒྱ་གཡས་བརྐྱང་གཡོན་མནན་ཏེ། །ལན་གསུམ་བསྒྱུར་ཅིང་མཁའ་ལ་དགྲོལ། །ཕྱག་རྒྱའི་མཆོད་པ་ཆེན་པོར་གསུངས། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ཕྱག་རྒྱ་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། པདྨ་གར་གྱི་དབང་ཕྱུག་ལ། ལྷ་རྣམས་རྒྱན་དང་ཆ་ལུགས་བཤད་དུ་གསོལ། ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། དབང་གི་རྒྱལ་པོ་ལས་དང་སྐབས་དབྱེ་ན། །ལས་དང་རྣམ་པ་འདི་ལྟར་གསུངས། །དུར་ཁྲོད་གར་གྱི་བདག་པོ་ནི། །དབུ་ལྔ་རུ་བྱུང་ངོ་། །ཕྱག་རྒྱ་དྲུག་ཏུ་གསལ་ལོ། །ཏྲཾ་དམར་པོ་བརྒྱད་ལ་ཞབས་དམར་པོ་བརྒྱད་དུ་བགྲད་དོ། །སྦྲུལ་རིགས་རྣམས་ཀྱིས་བརྒྱན། སྟག་ལྤགས་ཞིང་གི་པགས་པ་དང་། གླང་གི་ཀོ་བ། བསེ་ཁྲབ་སྨུག་པོ། ཆས་བརྒྱད། དེ་ལྟར་
མཆེ་བ་གཙིགས་པ། རྡོ་རྗེའི་གཤོག་པས་ཀུན་ཏུ་གཏམས་པ། གཟི་ལྡན་པདྨ་ཡབ་དང་མཐུན་པར་གསལ་བའོ། །མ་ལུས་གསང་བའི་ཡུམ་ཆེན་མོ། །སྐུ་ཚོན་རིན་པོ་ཆེ་སྣ་ཚོགས་སུ་འབར་བའོ། །ཕྱག་ན་གསང་བའི་ཐོད་པ་རེ་བསྣམས་པའོ། །ལི་ལས་ལོང་བ་སུམ་ཅུ་རྩ་གཉིས་བྱུང་ངོ་། །ཤར་གྱི་ལོང་བ་བརྒྱད། སྐུ་ནི་རིན་ཆེན་འབར་བ་ལས། །ཕྱག་ན་ཤེལ་གྱི་འཁར་བ་བསྣམས་པ། །ཆིབས་སུ་སྟག་མོ་བརྒྱད་ལ་ཆིབས་པ། །དབུ་ལ་སྤྲུལ་པ་ཆར་དུ་འབེབས། །དུང་གི་ཨ་ལོང་ཁྲ་ལ་ལ། །ལྷོ་ཡི་ཕྱོགས་ནས་ལོང་བ་བརྒྱད། །སྐུ་ནི་རིན་ཆེན་འབར་བ་ལ། །ཕྱག་ན་གསེར་གྱི་འཁར་བ་བསྣམས། །དབུ་ལ་རིན་ཆེན་ཐོག་ཆེན་འབེབས། །ཆིབས་སུ་ཆུ་སྲིན་བརྒྱད་ལ་ཆིབས། །གསེར་གྱི་ཨ་ལོང་ཁྲ་ལ་ལ། །ནུབ་ནས་ལོང་བ་བརྒྱད་བྱུང་སྟེ། །རིན་ཆེན་འབར་བའི་སྐུ་ལུས་ལ། །ཕྱག་ན་བྱུ་རུའི་འཁར་བ་བསྣམས། །བ་གླང་དམར་པོ་བརྒྱད་ལ་ཆིབས། །དབུ་ལ་ཐོག་རྒོད་ཆར་ལྟར་འབེབས། །བྱུ་རུ་དམར་པོའི་ཨ་ལོང་འཁྲོལ། །བྱང་ནས་ལོང་བ་བརྒྱད་བྱུང་སྟེ། །རིན་ཆེན་འབར་བའི་སྐུ་ལུས་ལ། །ཕྱག་ན་གཡུ་ཡི་འཁར་བ་བསྣམས། །ཆིབས་སུ་ཁྱུང་ཆེན་བརྒྱད་ལ་ཆིབས། །རིན་ཆེན་འབར་བའི་ཨ་ལོང་ཅན། །དབུ་ལ་ཐོག་ཆེན་ཆར་ཆེན་འབེབས། །དབང་ཆེན་པདྨའི་བཀའ་ལ་སྡོད། །སྡི་བརྒྱད་ལས་སྤྱང་མོ་བརྒྱད་ལ། །བྱུ་རུ་དམར་པོའི་ཨ་ལོང་རེ་རེ་ཡོད་པ། ཡ་འགལ་གསེར་ལ་མ་འགལ་གཡུ། ཁ་གདངས་ཚིག་ཆད་ཛ་བརྒྱད་ལས་ཁྱི་བརྒྱད་བྱུང་སྟེ། དུང་གི་ཁྱི་གསེར་གྱི་ཁྱི་ཟངས་ཀྱི་ཁྱི། གཡུའི་ཁྱི་བརྒྱད་བྱུང་སྟེ། རལ་པ་མདའ་ཚད་ཤར་རེ་འདུག་པ། གཞུག་མ་སོག་ལེར་འདུག་པ། བྱུ་རུའི་ཨ་ལོང་ལ་ཛ་དམར་པོ་རེ་རེ་ཡོད་པ་བྱུང་ངོ་། །ཛ་སུམ་ཅུ་རྩ་དྲུག་ལས། ཕོ་ཉ་མགོ་བརྙན་མང་པོ་བྱུང་ངོ་། །བྷྱོ་བྷྱོ་བརྒྱ་རྩ་བརྒྱད་ལས། སིང་ཧ་ཛམ་བྷ་ལ་བྷྱོ། ཞེས་བརྒྱ་རྩ་བརྒྱད་བརྗོད་པས། གསེར་གྱི་སེང་གེ་ཉི་བརྒྱ་ཡིན་ནམ་ཤུ་རྩ་བརྒྱད་ལ། སྤྱན་གསུམ་པ། འོད་འཛམ་བུ་ཤར་བ་འདྲ་བ། སྐེ་ན་བྱུ་རུ་དམར་པོ་རེ་ཨ་ལོང་རེ་ཡོད་པ། བྷྱོ་རེ་ལ་ཨ་ལོང་རེ་ལ་ཡི་གེ་བྷྱོ་
དམར་པོ་རེ་ཡོད་པ་དེ་ལྟར་བྱུང་ངོ་། །ཛ་ལས་ཕོ་ཉ་མགོ་བརྙན་མ་དྲུག་ཅུ་རྩ་གཉིས་བྱུང་ངོ་། །འུག་པ་དང་། བཞད་དང་། བྱི་ལའི་མགོ་ཅན་རྣམས་དང་། གཅན་གཟན་གདུག་པའི་མགོ་ཅན་རྣམས་དང་། ཁྱི་སྤྱང་ལ་སོགས་པའི་མགོ་ཅན་མང་པོ་བྱུང་ངོ་། །གཞན་ཡང་གདུག་པའི་མགོ་བོ་ཅན་མང་པོ་ལ་བྱུ་རུའི་ཨ་ལོང་དང་། ལྕགས་ཀྱི་ཨ་ལོང་དང་། དུང་གི་ཨ་ལོང་དང་། ཨ་ལོང་ཅན་མང་པོ་ཡང་དབང་གི་རྒྱལ་པོ་ལ་བལྟས་ཏེ་གནས་སོ། །གོ་ལ་མ་དྲུག་ནི། མཛེས་པའི་ལུས་ལ། ཏི་ར་ཕྲ་མོ་མཛེས་པའི་ཚུལ་ཅན་ནོ། །ཏི་ར་གནས་ཉུལ་མ་ཞེས་བྱ་སྟེ། བུད་མེད་མི་བཟད་གདུག་པའི་ཆ་ལུགས་ཅན། ཞིང་གི་དབྱུག་པ་ལག་ན་ཐོགས་པ། ཏི་ར་ཕྲ་མོ་ཁ་ནས་ཁྱེར་ཏེ་རྒྱུག་པ། ཟ་བྱེད་ཤ་ཁྲག་གི་བདག་མོར་བཞུགས་སོ། །ཨ་ར་ལས་དམུས་ལོང་བརྒྱད་དུང་གི་ཁྱི་མོ་བྱུ་རུའི་ཁོལ་ཐག་ཅན་བརྒྱད་ལ་ཞོན་ནས་རྗེས་ལ་སྣོམ་ཞིང་རྒྱུག་སྟེ། ལོང་བ་ལ་ཟངས་ཀྱི་ཞགས་པ་དང་། ཁྲག་གི་པར་བུ་ཐོགས་ཏེ་དབང་གི་རྒྱལ་པོའི་བཀའ་ཉན་ཅིང་། གསུང་སྡོད་པར་བཞུགས་སོ། །གཞན་ཡང་འཁོར་མང་པོས་བསྐོར་ཏེ་བཞུགས་སོ། །ཤར་གྱི་མགོ་དགུ་བརྩེགས་པ་ནི། ལྕགས་ཀྱུ་བསྣམས་པ། ལྷོའི་མགོ་བདུན་བརྩེགས་པ་ནི་ཟངས་ཀྱི་ཞགས་པ་བསྣམས་པའོ། །ནུབ་ཀྱི་མགོ་ལྔ་བརྩེགས་པ་ནི། ལྕགས་སྒྲོག་ཐོ་བ་བསྣམས་པའོ། །བྱང་གི་མགོ་གསུམ་བརྩེགས་པ་ནི། དྲིལ་བུ་བསྣམས་པའོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས།འཁོར་རྣམས་བསྐྱེད་ཅིང་སྤྲོས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་དེས། གནས་ལྔ་ནས་ཡི་གེ་ལྔ་བཏོན་ཏེ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སྤྱི་བོ་བདེ་བ་ཆེན་པོའི་གཞལ་ཡས་ཁང་ནས། ཨོཾ་དཀར་པོ་ལས་ཧུ་ལུ་ཧུ་ལུ་ཕཊ་ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛཿས་བསྐོར་བའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་གཞལ་ཡས་ནས། ཨཱཾ་ལས་ཡི་གེ་ཧུ་ལུ་ཧུ་ལུ་ཕཊ་ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛཿས་བསྐོར་བའོ། །ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ནས། ཧཱུཾ་མཐིང་ག་ལ་ཧུ་ལུ་ཧུ་ལུ་ཕཊ། ཨེ་
ཨཱ་ར་ལི་ཧཱུཾ་ཧྲཱྀཿཛཿས་བསྐོར་བའོ། །ལྟེ་བ་སྤྲུལ་པའི་གཞལ་ཡས་ནས། སྭཱ་སེར་པོ་ལས་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲིཿཛཿས་བསྐོར་བའོ། །གསང་བའི་གནས་ཀྱི་མེ་རླུང་ལས་ཀྱི་གཞལ་ཡས་ནས། ཧཱ་ལྗང་གུ་ལ་ཡི་གེ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཨེ་ཨཱ་ར་ལི་ཧྲཱྀཿཛཿས་བསྐོར་བའོ། །བདེ་ཆེན་འཁོར་ལོ་འདབ་མ་སུམ་ཅུ་གཉིས། མགྲིན་པ་ལོངས་སྤྱོད་འཁོར་ལོ་འདབ་མ་བཅུ་དྲུག །ཙིཏྟ་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་དྲུག་ཅུ་རྩ་བཞི། མེ་རླུང་འཁོར་ལོ་གཞུ་དང་བ་དན་དབྱིབས། །དངོས་པོའི་གནས་ལུགས་དེ་ལྟར་གསུངས། །དེ་ནས་བསྡུས་པ་འབྲུ་བརྒྱ་སྤྲོས། །དེ་ལས་སྤྲོས་དང་བསྡུས་པའི། ལྷ་རྣམས་རྫོགས་པ་གསང་བའི་སྙིང་པོའི་དོན། དབང་གི་རྒྱལ་པོས་བཀའ་སྩལ་ཏོ། །དང་པོ་ཞི་བའི་བསྙེན་པ་དབུལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལའོ། །བདེ་གཤེགས་ཐུགས་མཉེས་འགྲོ་བའི་སྒྲིབ་པ་སྦྱོང་། །ཨོཾ་ནི་རིགས་ལྔ་ཡབ་ཡུམ་སྙིང་པོའོ། །ཧུ་ལུ་གོང་མ་སེམས་དཔའ་བརྒྱད་དུ་སྟེ། །འོག་མ་སེམས་མ་བརྒྱད་དུའོ། །ཕཊ་ནི་མཆོད་པའི་ལྷ་མོ་སྟེ། །ཨེ་དང་ཨཱ་ར་ལི་ནི་ཐུབ་པ་དྲུག །ཧཱུཾ་ནི་སྒོ་མ་ཆེན་མོ་བཞི། །ཧྲཱྀཿཛཿགཉིས་ནི་ཀུན་བཟང་ཡབ་ཡུམ་སྔགས། །དེ་ལྟར་ཞི་བ་བསྒྲུབ་པར་གསུངས། །དེ་ནས་ཁྲོ་བོར་བསྙེན་པ་ནི། །ཨོཾ་ནི་ཡེ་ཤེས་ལྔ་སྟེ་ཁྲག་འཐུང་ཡབ་ཡུམ་མོ། །ཧུ་ལུ་གོང་མ་གཽ་རཱི་ཁྲོ་མོ་བརྒྱད། །ཧུ་ལུ་འོག་མ་སིང་ཧ་ཕྲ་མེན་བརྒྱད། །ཕཊ་ནི་སྒོ་བ་ཆེན་པོ་བཞི། །ཨེ་ཨཱ་ར་ལི་ནི་དབང་ཕྱུག་ཉི་ཤུ་རྩ་བརྒྱད། ཧཱུཾ་ཧྲཱྀཿནི་ཁྲོ་བོའོ། །ཛཿནི་ཡང་སྤྲུལ་སུམ་སྤྲུལ་དོན། །དེ་ལ་བསྙེན་པ་དབུལ་ཞིང་འགྲོ་བའི་སྒྲིབ་པ་སྦྱོང་། །དེ་ཡིས་བྱང་ཆུབ་འབྲས་བུ་ཐོབ། །དབྱིངས་ཀྱི་ཞི་ཁྲོ་གསང་བའི་སྒྲུབ་པའོ། །ཨོཾ་ནི་ཡེ་ཤེས་ལྔ་ལྡན་པདྨ་ཧེ་རུ་ཀ །ཧུ་ལུ་གོང་མ་དྲབ་མོ་དང་། གློག་འགྱུ་མ། ཧུ་ལུ་འོག་མ་སྡེར་མོ་ཅན་དང་གཤོག་པ་ཅན་ནོ། །ཕཊ་ནི་ཁམ་རྒྱ་མོ་དྲུག །ཨེ་དང་ཨཱ་ནི་ལོང་བ་སྟེ། །ར་དང་ལི་ནི་དམུས་ལོང་ངོ་། །ཧཱུཾ་ནི་མགོ་བརྩེགས་ཁྲོ་བོ་བཞི། །ཧྲཱྀཿནི་སྤྱང་གི་ཟ་བྱེད་བརྒྱད། །ཛཿནི་ཁྱི་བརྒྱད་རྔམ་པའི་ཚོགས། །དེ་ལྟར་
དབང་གི་བསྙེན་པའོ། །དེ་ལྟར་དབང་གི་སྔགས་ཆེན་པོ། །གསུང་མཆོག་འགྲུབ་སྟེ་འབྲས་བུ་སངས་རྒྱས་ཐོབ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ཡི་གེ་འབྲུ་ཡི་ངེས་པ་དང་། སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེ་ལ་བདུད་དང་ཀླུ་དང་ལང་ཀ་ལ་སོགས་པས། གདུག་པའི་མཚོན་ཆའི་ཆར་དབབ་པའི་ཚེ། དབང་གི་རྒྱལ་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། གདུག་པའི་མཚོན་ཆ་རྣམས་མེ་ཏོག་དང་ལྷ་མོར་གྱུར་ཏོ། །གདུག་པ་ཐམས་ཅད་གཏན་བརླག་ཞི་སྟེ། དགྱེས་པས་མི་གཡོ་བ་རྣམ་པ་བཅུ་དྲུག་བྱུང་སྟེ། དབང་ཆེན་གྱི་དབུའི་ཐོག་ཏུ། རིགས་ལྔའི་རྒྱལ་བ་རེ་ལ། ལྷ་མོ་བཞི་བཞིས་བསྐོར་ཏེ། ཚོམ་བུ་ལྔའི་དཀྱིལ་འཁོར་ཤར་བའོ། །ཚོམ་བུ་ལྔའི་དཀྱིལ་འཁོར་གྱིས། སྒྲུབ་པ་མ་ལུས་དོན་ཚང་བའོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། མི་གཡོ་བའི་ངང་ལས་ལྷ་མོ་དང་རིགས་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་དབང་གི་རྒྱལ་པོ་ལ། དབང་ཕྱུག་མ་རྣམས་ཀྱིས། མ་ཆགས་པའི་མཆོད་པས་མཆོད་ནས། དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །བདག་ཅག་རྣམས་ལ་གཞན་གྱིས་མི་མཐོང་བའི་དབང་ཞིག་བསྐུར། གསང་བའི་མིང་ཞིག་གདགས་སུ་གསོལ། ཨེ་མར་ག་ར་སིདྡྷི་ནག་ཙན་ཏྲ་ས་མ་ཡ། ཞེས་འབུལ་ལོ། །དམ་བཅའ་འོ། །ཞེས་ཞུས་པས། པདྨ་གར་གྱི་དབང་ཕྱུག་ཆེན་པོས་བཀའ་སྩལ་པ། རིགས་སོ་འཐད་དོ་ལེགས་སོ། །ཁྱེད་རྣམས་བརྩེ་བ་དང་། མ་བྲལ་བ་ན་མར་བྱའོ། །འདུ་འབྲལ་མེད་ན་བདག་གི་གཟུངས་མར་བྱའོ། །སྙིང་ཉེ་ན་བུ་མོར་བྱའོ། །མ་སྲིང་རྒྱ་མཚོར་བྱ་བའི་ཕྱིར། མི་འགྱུར་བའི་གསང་མཚན་སིང་ཧ་ཛམ་བྷ་ལ། དེས་ཁྱེད་རྣམས་མཚན་མའི་རྣམ་པར་རྟོག་པ་གཞོམ་ཞིང་། ཁྱོ་དང་མིང་པོ་བྲན་ཕོ་དང་། །བྲན་མོ་ལ་སོགས་བསྒྲལ་བའི་ཕྱིར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐུགས་རྗེའི་གཤོལ་ཆེན་འདི་ཐོགས་ལ། །ཞིང་ཆེན་ཞིང་ཆུང་འདི་རློག་ཅིག །ཅེས་བཀའ་སྩལ་ཏེ། པདྨ་དབང་གི་རྒྱལ་པོ་ཡིས། སྔར་དྲེགས་པ་བསྒྲལ་བའི་
ལྷ་ཚོགས་ལ། པཉྩ་ཨ་མྲྀ་ཏ་ཡི་ཚོགས་ཀྱིས་བཏབ། །རྟག་པའི་ཏིང་ངེ་འཛིན་ནི་བསྒྱུར། །དམ་ཚིག་གི་རྗེས་སུ་སློབ་སྟེ། བྷྱོ་ཐང་གསུམ་གྱིས་བསད། བྷྱོ་ཐང་གསུམ་གྱིས་བོས། ཁཱ་ཧི་ཐང་གསུམ་གྱིས་བསྟབ། ལེ་ཐང་གསུམ་གྱིས་སྦྱངས་ནས། རོལ་དུ་བཅུག་པ་ལས། དབང་ཕྱུག་མ་རྣམས་ཀྱིས་གསོལ་པ། གར་གྱི་དབང་ཕྱུག་ངོ་མཚར་ཆེའོ། །དྲི་ཕུན་སུམ་ཚོགས་པ་གདའ་ན་ཡེ་ཤེས་ཀྱི་དྲི་ལགས་སམ། རོ་ཕུན་སུམ་ཚོགས་པ་གདའ་ན། བདུད་རྩིའི་རོ་ལགས་སམ། སྒྲ་ཕུན་སུམ་ཚོགས་པ་གདའ་ན། ཡེ་ཤེས་ཀྱི་སྒྲ་ལགས་སམ། བདག་ཅག་རྣམས་ནི་སྔོན་བས་ཀྱང་མཐུ་སྐྱེས་པ་སྙམ་བགྱིད་དོ། །བདག་ཅག་རྣམས་ནི་སྔོན་བས་ཀྱང་རྫུ་འཕྲུལ་སྐྱེས་པ་སྙམ་བགྱིད་དོ། །རིག་པ་སྐྱེས་པ་སྙམ་བགྱིད་དོ། །ཚོར་བ་སྐྱེས་པ་སྙམ་བགྱིད་དོ། །དུག་སྨན་དུ་གྱུར་པ་ལགས་སམ། ཟས་བདུད་རྩིར་གྱུར་པ་ལགས་སམ། རྫས་དག་པའི་ནུས་མཐུ་ལགས་སམ། ཇི་ལྟར་བསམས་པ་བཞིན་དུ་འགྲུབ་བམ་སྙམ་མོ། །ཞེས་ཞུས་པས་དབང་གི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧོ་མ་དང་སྲིང་མོ་ཁྱེད་རྣམས་ཀྱིས། དགའ་བ་སྙམ་དུ་བླངས་སོ། །བྱང་ཆུབ་དོན་དུ་གཉེར་བ་ཡིས། །ཞིང་བཅུ་བསྒྲལ་བའི་བྱིན་རླབས་ཀྱི་རྟགས་དུག་སྨན་དུ་གྱུར་པར་ངེས་སོ། །ཟས་བདུད་རྩིར་གྱུར་པ་ངེས་སོ། །དེའི་བྱིན་རླབས་ཀྱིས་ངའི་ཞལ་མཐོང་བ་དང་། རྟའི་དབྱངས་ཐོས་པ་ཡིན་ནོ། །ངའི་ཞལ་མཐོང་བ་དང་རྟའི་དབྱངས་ཐོས་པའི་བྱིན་རླབས་ཀྱིས། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས་སྒྲིབ་པ་སྦྱངས་ནས། སྒྱུ་ལུས་ཀྱི་འགྱུར་ཤེས་ཀྱི་ཐོགས་པ་མེད་པའི་དབང་ཐོབ་པོ། །དེ་ནས་སིང་ཧ་ཛམ་བྷ་ལ་བི་ས་མི་ཏེ་ཞེས་བརྗོད་པས། སྐད་ཅིག་གིས་ལུས་རྡོས་པ་ཅན་བོར་ནས།གསེར་གྱི་སེང་གེ་སྤྱན་གསུམ་པ། འོད་ཟེར་འབར་བ། རྡོ་རྗེའི་གཤོག་པས་བརྒྱན་པ། སེང་གེའི་མགུལ་པ་ན་བྱུ་རུའི་ཨ་ལོང་དམར་པོ་རེ་ལ་ཡི་གེ་བྷྱོ་དམར་པོ་རེ་ཁ་ཐག་ཏུ་ཡོད་པ། དེ་ནི་དབང་ཆེན་གྱི་ཞབས་ཀྱི་ཁྲིའི་མཐོངས་བཞིར། དྲུག་དྲུག་བཅུག་སྟེ། ཁ་ཕྱིར་སྟོན། མཇུག་བསྐོར་ནང་དུ་བསྣོལ་ཏེ་བཞག་ནས། བྷྱོ་ཟློག་དང་ལས་
མཁན་དུ་བསྐོས་སོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ལས་ཀྱི་དབང་ཕྱུག་མ་དམ་ལ་བཏགས་ཤིང་གདན་དུ་བཏིང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། ལས་ཀྱི་པདྨ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གར་གྱི་བདག །བསྒུལ་བསྐྱོད་ཕྱག་རྒྱ་དེར་བཤད་དེ། །ཡེ་ཤེས་ལྷ་ཚོགས་འདི་རྣམས་ལ། །དགྱེས་པ་བསྐྱེད་ན་གང་གིས་བསྐྱེད། །གནད་ནས་བསྐུལ་ན་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཉོན་ཅིག །བསྟོད་དང་མཆོད་པའི་ལས་ནི་འདི་ལྟ་སྟེ། །ཟླ་གམ་བསིལ་བའི་དུར་ཁྲོད་ནས། །དབང་གི་རྒྱལ་པོ་གར་གྱི་བདག །རྟོགས་པའི་ཡེ་ཤེས་དབུ་ལྔ་འབར། །དྲི་མེད་ཞལ་གདངས་ཡེ་ཤེས་འོད། །སྐུ་ལུས་དམར་པོ་ཞབས་ནི་སྲིད་གསུམ་སྒྲོལ། །ཡེ་ཤེས་རྒྱུ་ཡི་དོན་དང་ལྡན། །འབར་བ་ཡེ་ཤེས་མཚོན་ཆ་འཛིན། །རྒྱལ་བའི་ཡུམ་ཆེན་ཐུགས་ཀར་སྤྲས། །དྲི་མེད་མ་ཆགས་པདྨའི་སྤྱན། །ན་བཟའ་གསུམ་ནི་བརྗིད་དུ་ཆེ། །ཐུགས་རྗེ་ཡེ་ཤེས་གཤོག་པ་འབར། །ཡེ་ཤེས་མཁའ་འགྲོ་ལས་ལ་འགྱེད། །དབང་གི་རྒྱལ་པོ་ཁྱོད་ལ་བསྟོད། །སྲིད་གསུམ་མ་ལུས་བསྒྲལ་བའི་ཕྱིར། །དཔལ་གྱི་ཁྱི་བརྒྱད་ལས་ལ་ཁྱི། །ཟས་སུ་གཙང་སྨེ་མེད་པར་ཟ། །དེ་ཕྱིར་མཱང་ས་ཤ་ཆེན་ཞིམ། །སྐོམ་དུ་ཁ་མངར་མེད་པར་འཐུང་། །དེ་ཕྱིར་ཁྲག་དང་དྲི་ཆུས་ངོམས། །བང་ནི་ངལ་དུབ་མེད་པར་རྒྱུག །དེ་ཕྱིར་གསང་བའི་དཀྱིལ་འཁོར་སྐྱོང་། །ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི། །དྲི་ཟ་འདུལ་ཕྱིར་འབྲུག་སྒྲ་ལྡིར། །འབྲུག་སྒྲ་ལྡིར་ཞིང་ལྷ་ཆེན་འདུལ། །ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱི། །གློག་དམར་ལྗིབས་ཤིང་གཤིན་རྗེ་གནོན། །གཤིན་རྗེའི་རྒྱལ་མོ་ཤ་ཟ་མ། །ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱི། །རྡོ་རྗེ་ཁྱུང་འབྲུག་ཀླུ་གདོན་འདུལ། །ཀླུ་འབྲུག་སྟོང་གི་སྙིང་འབྱིན་པོ། །བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱི། །གནོད་སྦྱིན་སྒལ་ཚིགས་དྲ་བ་འཇོམས། །གནོད་སྦྱིན་སྟོང་གི་སྙིང་འབྱིན་མོ། །ཤར་ལྷོ་མཚམས་ནས་
རྒྱུག་པའི་ཁྱི། །དྲང་སྲོང་མེ་ལྷ་དཔུང་སྦྲོན་མ། །མེ་ལྷ་སྟོང་གི་སྙིང་འབྱིན་མོ། །ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི། །སྲིན་པོའི་ཐོད་རུས་ཟས་སུ་ཟ། །སྲིན་པོའི་ཁྲག་འཐུང་དབང་མོ་ཆེ། །ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱི། །རླུང་ལྷ་སྔོན་མོའི་བ་དན་གཅོད། །རླུང་ལྷ་སྟོང་གི་སྙིང་འབྱིན་མོ། །བྱང་ཤར་མཚམས་ནས་རྒྱུག་པའི་ཁྱི། །ཉི་ཟླ་གཟའ་སྐར་ཁ་ལང་ཀ །དབང་ལྡན་སྟོང་གི་སྙིང་འབྱིན་པོ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་སྟེ། །ཀུན་ཀྱང་མི་བཟད་ཅི་འདྲ་ན། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །ཕྲ་མེན་ཐོད་རུས་ཁྲ་ལ་ལ། །ཀུ་ཀུ་རཱ་ཙའི་དུས་ལ་བབ། །བྱ་ཡི་བརྟུལ་ཞུགས་ཆེན་པོ་སྟེ། །རྡོ་རྗེའི་གཤོག་པ་གདེངས་པ་ཡིས། །ཁམས་གསུམ་མ་ལུས་ཟིལ་གྱིས་གནོན། །རྡོ་རྗེའི་སྡེར་མོ་བཅུམ་པ་ཡིས། །སྲིད་གསུམ་མ་ལུས་ཟས་སུ་ཟ། །གཟན་གྱི་མཆོག་སྟེ་ཀླུ་རྣམས་ཟ། །དེ་ཕྱིར་ཁྱུང་ཆེན་གཟན་ལ་རོལ། །རྒྱུད་དྲུག་ཅིག་ཅར་ཁྱུར་མིད་བྱེད། །གནམ་དུ་སྟོན་པའི་བྱིན་རླབས་ལས། །དཀར་མོའི་ཚོགས་དང་སེར་མོའི་ཚོགས། །སྔོན་མོའི་ཚོགས་དང་དམར་མོའི་ཚོགས། །ལྗང་གུ་ལ་སོགས་སྣ་ཚོགས་པ། །སེར་སྤྲིན་བཞིན་དུ་འཁྲིགས་པར་བྱེད། །ལ་ལ་འཇོལ་ཞིང་ལ་ལ་ལྡིང་། །ལ་ལ་འབབ་ཅིང་ལ་ལ་རོལ། །ཤ་ཆེན་ཚོགས་ལ་གཤེགས་སུ་གསོལ། །ཀ་ཏག་ཤ་ཀྭ་ཏག་ཤ་ཨ་མུ་ཀ་ཛ། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །གཏི་མུག་འཇོམས་པའི་དབང་ཕྱུག་མ། །བླང་དོར་མེད་པའི་མཉམ་པ་ལ། །ཕྱོགས་བཅུ་སྟོང་ཁམས་ང་ཡི་ཁྲོན། །ཁྲོན་དུ་མ་གྱུར་གང་ཡང་མེད། །སྲིད་པའི་ཁྲོན་བརྐོ་ཐབས་རེ་མཁས། །དེ་མཁས་ཐབས་ཀྱི་རྒྱལ་པོ་སྟེ། །ཚེམས་ནི་འབར་བའི་རང་བཞིན་ལ། །ཞལ་ནི་ཕག་རྒོད་མཆེ་བ་སྤྲུལ། །ཤངས་ནི་ངན་སོང་ཁྲོན་པ་བརྐོ། །སྐད་ནི་གྲུལ་བུམ་ཚོགས་ལ་སྒྲོག །སྐྱེ་ཤི་རྩད་ནས་གཅད་པའི་ཕྱིར། །གདུག་པ་མ་ལུས་གཞོམ་པར་བྱའོ། །ཟས་ནི་སྲ་སྙི་མེད་པར་ཟ། །ཚེམས་ནི་སྲ་སྙི་མེད་པར་འཇོམས། །དཔའ་བར་བྱིན་གྱིས་བརླབ་པའི་ཕྱིར། །སྦས་པའི་ཚོགས་ཀྱང་གཞོམ་པར་བྱའོ། །དམྱལ་ཚོགས་མེ་དཔུང་གསད་པའི་ཕྱིར། །སྣང་སྲིད་མ་ལུས་ཟ་བར་
བྱ། །གཏི་མུག་གནས་སུ་སྦྱང་བའི་ཕྱིར། །ཧཱུཾ་དང་ཕཊ་ཀྱི་སྟང་སྟབས་བྱའོ། །རུ་ལུ་རུ་ལུ། ཚལ་པ་ཚལ་པ། ཁ་ཡ་ཁ་ཡ། རཀྟ་རཀྟ། བྷན་དྷ་བྷན་དྷ་ཆོམ། མ་ཧང་རུག་ཀ་ཡ། ཞེས་གདུག་པའི་ང་རོ་བསྒྲགས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསྟོད་པ་དང་ལས་ལ་བསྐོལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། ལས་ཀྱི་སེམས་དཔས་ཡང་གསོལ་པ། ཀྱེ་མ་དབང་གི་རྒྱལ་པོ་ལས་ཀྱི་བདག །དབང་གི་ལྷ་རྣམས་མ་ལུས་ཀུན། །སྤྱན་དྲངས་པ་ནི་ཇི་ལྟར་ལགས། །གར་གྱི་བདག་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །སྤྱན་དྲངས་པ་ཡི་ལས་དག་ནི། །སེ་གོལ་ཙམ་གྱིས་སྙན་གསན་དབབ། །དབྱིངས་ནས་སྤྱན་དྲངས་འདི་ལྟར་གསུངས། །སྐྱེ་མེད་ཆོས་ཀྱི་ཕོ་བྲང་ནས། །ཆོ་འཕྲུལ་འབར་བའི་སྐུར་བསྟན་པ། །ཟླ་གམ་དམར་པོའི་གཞལ་ཡས་ནས། །བཅོམ་ལྡན་དབང་ཆེན་ཧེ་རུ་གཤེགས་སུ་གསོལ། །གཉིས་མེད་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །གཟི་ལྡན་པདྨ་ཡབ་ཡུམ་གཤེགས་སུ་གསོལ། །ཡེ་ཤེས་དགུ་ཡི་ངང་ལས་སྐུར་བཞེངས་པ། །དཀྱིལ་འཁོར་དགུ་ཡི་ལྷ་ཚོགས་གཤེགས་སུ་གསོལ། །ཚད་མེད་བཞི་ལས་ཁྲོ་མོའི་སྐུར་བསྟན་བཞི། །སྒོ་བ་གཡོག་འཁོར་བཅས་པ་གཤེགས་སུ་གསོལ། །ཚོམ་བུ་ལྔ་དང་ཡེ་ཤེས་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མ་ལུས་གཤེགས་སུ་གསོལ། །ཟླ་གམ་ཞལ་སྤྲོད་དཀྱིལ་འཁོར་ནས། །རྟ་མགྲིན་དབང་གི་དཀྱིལ་འཁོར་མ་ལུས་གཤེགས་སུ་གསོལ། །ཟླ་གམ་དགུ་བརྩེགས་དཀྱིལ་འཁོར་ནས། །ཧཱུཾ་མཛད་ཆེན་པོ་འཁོར་བཅས་གཤེགས་སུ་གསོལ། །པདྨ་འབར་བ་འདབ་བརྒྱད་དཀྱིལ་འཁོར་ནས། །ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གཤེགས་སུ་གསོལ། །གྲུ་བཞི་གདེངས་པའི་དཀྱིལ་འཁོར་ནས། །ངན་སོང་སྦྱོང་བའི་ལྷ་རྣམས་གཤེགས་སུ་གསོལ། །འཁོར་ལོ་རྩིབས་བརྒྱད་འབར་བའི་གཞལ་ཡས་ནས། །འགྲོ་བ་འདུལ་བའི་དཀྱིལ་འཁོར་མ་ལུས་
གཤེགས་སུ་གསོལ། །ཡི་གེ་འཕྲོ་འདུ་འཁྲུགས་པའི་དཀྱིལ་འཁོར་ནས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་འཁོར་བཅས་གཤེགས་སུ་གསོལ། །གཉིས་མེད་རྫོགས་པའི་དཀྱིལ་འཁོར་ནས། །ལྷུན་གྱིས་གྲུབ་པའི་ཚོགས་བཅས་གཤེགས་སུ་གསོལ། །འབར་བའི་ལེའུ་ཚེ་དགུ་ཡི་དཀྱིལ་འཁོར་ནས། །དུར་ཁྲོད་ཆེན་པོའི་ལྷ་ཚོགས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྤྱན་དྲངས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དཀྱིལ་འཁོར་དགུ་ཡི་གཞལ་ཡས་ནས། །ཡི་གེ་དགུ་དང་ཕྱག་རྒྱ་དགུ། །དབྱིངས་ནས་དོན་དུ་སྤྱན་དྲངས་ཏེ། །གདན་ཁྲི་རྣམས་ལ་བཞུགས་སུ་གསོལ། །མཛེས་ཤིང་སྤྲས་པའི་གདན་ཁྲི་ལ། །ཡེ་ཤེས་ལྷ་ཚོགས་བཞུགས་སུ་གསོལ། །ཤ་ཁྲག་རློན་པའི་གདན་ཁྲི་ནི། །མ་དད་བསྒྲལ་བའི་གདན་ཁྲི་ལ། །མཁའ་འགྲོའི་ཚོགས་བཅས་བཞུགས་སུ་གསོལ། །ལྷག་ཐེད་ལྷག་ལྷོག་ག་གོ་ལ། །ལྷག་སྡུད་འཁོར་བཅས་བཞུགས་སུ་གསོལ། །ཨི་ཏ་པ་ཧུ་ལུ་ས་མ་ཡ་ཏིཥྛ་ལྷན། ཞེས་རིམ་པར་བཞུགས་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་བཞུགས་སུ་གསོལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་ལ། པདྨ་ལས་ཀྱི་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །དབང་གི་ལྷ་ཚོགས་འདི་རྣམས་ལ། །ཕྱག་འཚལ་བ་ནི་ཅི་ལྟར་ལགས། །གར་གྱི་དབང་ཕྱུག་ཆེན་པོས་བཤད་དུ་གསོལ། །སྐྱེ་མེད་ཆོས་དབྱིངས་ངང་ལས་སྐུར་བཞེངས་ཏེ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བར། །ཉོན་མོངས་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །ཁམས་གསུམ་བསྒྲལ་ཀྱང་ཉེས་པའི་སྐྱོན་མ་གོས། །འདམ་སྐྱེས་པདྨ་ལྟ་བུར་སྐུ་འཁྲུངས་པས། །སྐྱོན་གྱིས་མ་གོས་པདྨ་རཱ་གའི་མདོག །རྒྱལ་བས་བསྔགས་པའི་ཡུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་རིགས་ཀྱི་དཀྱིལ་འཁོར་ལྷར་བཞུགས་པ། །དབྱིངས་ཀྱི་ལྷ་ཚོགས་ཀུན་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་རྫོགས་འགྲོ་བའི་དོན་མཛད་པ། །ཡེ་ཤེས་མ་གཡོས་ཆོས་མཆོག་ངང་ལ་གནས། །དཀྱིལ་འཁོར་དགུ་ཡི་
ལྷ་ལ་ཕྱག་འཚལ་ལོ། །གདུག་པ་འདུལ་ཕྱིར་སྤྲུལ་པའི་ཚོགས། །ལས་མཛད་ཆེན་པོ་ཀུན་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བར་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་ལ་ཕྱག་འཚལ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ལས་ཀྱི་སེམས་དཔའ་དེས། གར་གྱི་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་གསང་བ་གར་གྱི་བདག །ཨེ་མ་ངོ་མཚར་ཐུགས་རྗེའི་བདག །མཆོད་པ་ཆེན་པོའི་ལས་དག་བཤད་དུ་གསོལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཁྱོད་ཉོན་ཅིག །མཆོད་པ་ཆེན་པོ་བརྒྱད་ཡོད་དེ། །མ་དད་ཆེན་པོ་བསྒྲལ་བ་ནི། །ཕྱག་རྒྱ་ཆེན་པོས་སྒྲོལ་བའོ། །བདེ་བར་གཤེགས་པ་ཐམས་ཅད་ཕྱག་རྒྱས་དགྱེས་པ་བསྐྱེད་པའོ། །དང་པོར་ཕྱི་ནང་ཕྱག་རྒྱ་ཆེན་པོས་མཆོད་དོ། །དེ་ནས་ཆོས་ཐམས་ཅད་མཉམ་པ་ཆེན་པོ་ཡིན་པས། མཉམ་པའི་ངང་ལས་ཀུན་ཏུ་བཟང་པོས་མཆོད། །བདེ་བར་གཤེགས་པ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལས་ཀྱི་སེམས་དཔའ་ཉོན་ཅིག །ཆོས་ཐམས་ཅད་ནི་ཕྱིའི་ཡུལ་དང་ནང་གིས་སེམས་སུ་འདུས་སོ། །ཕྱི་དག་པར་མཆོད་པའོ། །ཨོཾ་པ་ན་པེ་མ་པེ་ནུ་སུ་ར་ཏི་པ་ར་མུ་སརྦ་ཏ་ཐཱ་ག་ཏ་སི་ཏི་ཧུ། ས་མ་ཡོ་ཏ་མུཿ། བཛྲ་དྷཱུ་པེ། བཛྲ་པུཥ྇། བཛྲ་ཨཱ་ལོ་ཀེ། བཛྲ་གན་དྷི། པཱུ་ཛ་ཁཱ་ཧི། ཞེས་པ་ནི་མཆོད་པའོ། །ལས་ཀྱི་སེམས་དཔའ་ཉོན་ཅིག །མ་དད་པ་ཆེན་པོ་བསྒྲལ་བའི་ཕུང་པོ་འདི་དག་བདུད་རྩིར་བྱིན་གྱིས་བརླབས་ཏེ་རོལ་ལོ། །འདི་ཡང་རྩ་བ་བརྒྱད་དོ། །ལོ་མ་སྟོང་། རྩ་བ་སེམས་རྩ་ཆེན་པོ་བརྒྱད་ལ་རྒྱུ་བས་རྩ་བ་བརྒྱད་དོ། །ཡན་ལག་ཕྲ་བའོ། །དབང་པོ་ནི་ར་སཱ་ཡ་ན་ལ་སོགས་པའོ། །དེ་རྣམས་ནི་བདུད་རྩི་ཆེན་པོའོ། །དེས་ནི་ལྷ་རྣམས་ལ་མཆོད་པའོ། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བ་བརྒྱད་དང་ལོ་མ་སྟོང་། །སངས་རྒྱས་ཐམས་ཅད་མཆོད་པའོ། །ཤ་གཏི་མུག །ཞེ་སྡང་རུས། འདོད་ཆགས་
ཁྲག །དུག་གསུམ་མ་སྤངས་དག་པའི་འདོད་ཡོན་གཏོར་མའོ། །རླན་གྱིས་བསྡུས་པའི་ཁྲག་དང་མཱཾ་ས་དང་། མ་དད་པའི་ཁྲག་རྣམས་སྦྱངས་པ་རཀྟར་རོལ་པའོ། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས་ནི་གསང་བར་མཆོད་པའོ། །དེ་དག་ཐམས་ཅད་བསྡུས་ཏེ་ཕུལ་བ་ན་སྒྲ་དང་བཅས་པ་ནི་སྟོང་ཚིག་མཆོད་པའོ། །དེ་དག་ཐམས་ཅད་གཉིས་སུ་མེད་པར་མཆོད་པ་ནི། ལྟ་བའི་མཆོད་པའོ། །དེ་ལྟར་སངས་རྒྱས་མཆོད་ན་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པའི་རིམ་པ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། གར་གྱི་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་གསང་བ་གར་གྱི་བདག །དབང་གི་ལྷ་ཚོགས་ཐམས་ཅད་ལ། །དེ་ལྟར་མཆོད་ཅིང་བསྟོད་པ་ན། །དངོས་གྲུབ་ལས་ནི་ཇི་ལྟར་འཐོབ། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །དེ་ལྟར་མཆོད་ཅིང་བསྟོད་པ་ན། །དངོས་གྲུབ་ཆེན་པོ་དེ་ལྟ་བུ། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་དངོས་གྲུབ་ཐོབ། །གཞན་ཡང་འདོད་པ་ཕུན་སུམ་ཚོགས། །ཐམས་ཅད་བྱང་ཆུབ་ཆེན་པོ་ཡི། །ཡི་གེ་གསུམ་དུ་འདུས་པའོ། །སྦྱངས་ཀྱིན་ཟོས་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ། །འཕྲོས་པས་བཅུད་བསྡུས་སླར་བསྡུས་དབྱིངས་སུ་ཐིམ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིག །གསུང་མཆོག་གསུང་གི་དངོས་གྲུབ་ཐོབ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དངོས་གྲུབ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། པདྨ་གར་གྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་བདེ་གཤེགས་བདུད་རྩི་མཆོག་གི་བདག །དྲེགས་པ་མ་དད་ཉོན་མོངས་ལྔ་ལ་ཞེན་པ་ཟག་དང་བཅས། །ལོངས་སྤྱོད་རྣམ་པ་ལྔ་པོ་ཟག་མེད་བདུད་རྩིར་རོལ་པ་དང་། །ཐུགས་རྗེ་ཡོངས་སུ་མཛད་པ་ཡིས། །སྨན་དང་འབྲུ་རྣམས་ཐམས་ཅད་ཀུན། །རྩ་བ་ཡན་ལག་བཅས་པ་ཀུན། །སངས་རྒྱས་སེམས་ཅན་ཀུན་གྱི་གསོས་སུ་མཛད་པའི་ཚེ། །རྗེས་སུ་འཇུག་པ་ཇི་ལྟར་བགྱི། །བདུད་རྩི་མཆོག་
ལ་བདག་མཉན་འཚལ། །ཞེས་གསོལ་པས། བདུད་རྩི་མཆོག་གིས་བཀའ་སྩལ་པ། །ཨེ་མའོ་ལས་ཀྱི་སེམས་དཔའ་ཆེ། །ཕྱི་རབས་རྣལ་འབྱོར་དོན་གྱི་ཕྱིར། །བདུད་རྩིའི་དོན་ཞུས་ཡ་མཚན་ཆེའོ། །བདུད་རྩིའི་དོན་འདི་ངས་བཤད་ཀྱིས། །ལས་ཀྱི་སེམས་དཔའ་ཡིད་ལ་ཟུང་། །ཉོན་མོངས་པ་ཡི་བདུད་ཉིད་ལ། །ཐུགས་རྗེ་ཆེན་པོའི་རྩི་བཏང་ནས། །ཁྱབ་པའི་ཡེ་ཤེས་ཆེན་པོ་ཡི། །དབྱིངས་སུ་དཀྱིལ་འཁོར་བདུད་རྩིའི་དོན། །ཀུན་རྫོབ་རྟགས་སུ་བསྒྲུབ་བྱ་ན། །ཀུན་རྫོབ་ཀྱིས་ནི་བསྒྲུབ་པ་དེ། །སྲིད་གསུམ་བྷན་དྷ་བཟང་འཁོར་ཡུག །ཡེ་ནས་མ་བཅོས་རང་བཞིན་སྣོད། །དེ་ཡི་ནང་དུ་བླུགས་པའི་སྨན། །བདུད་རྩི་རྩ་བ་ལོ་མ་རྣམས། །དབྱེར་མེད་ངང་དུ་བསོག་པར་བྱ། །དེ་ལ་ངེས་པའི་བསམ་པ་ཡིས། །ངེས་པ་ཉིད་དུ་བསྒྲུབ་པར་བྱའོ། །མི་ཕྱེད་རྒྱུར་ལྡན་སློབ་དཔོན་གྱིས། །ཐམས་ཅད་མ་ལུས་དོན་བྱའི་ཕྱིར། །བདུད་རྩི་དམ་པ་བསྒྲུབ་པར་བྱའོ། །རིན་ཆེན་རི་དང་སྨན་ལྗོངས་ཡུལ། །རྩི་སྨན་འཁྲུངས་པའི་ས་ཕྱོགས་སམ། །ནགས་ཚལ་མེ་ཏོག་རྒྱས་པར་བསྒྲུབ། །འཁོར་དུ་བྱ་བའི་རིམ་པ་ཡང་། །སྐྱོན་དྲུག་རྣམ་པར་སྤངས་པ་ཡི། །ཉི་ཤུའམ་བཅུ་འམ་ཡང་ན་ལྔ། །ཁྲིམས་དང་སྡོམ་པས་བཅིངས་པ་མིན། །དང་པོར་ར་བའི་ཚེས་བརྒྱད་ལ། །དེར་ནི་བརྩམས་པའི་དུས་ཡིན་ནོ། །རྟགས་ཀྱི་དོན་ཉིད་མཐོང་བ་འམ། །དུས་ནི་བཅུ་དྲུག་ཉིད་ལའོ། །ཡོ་བྱད་མ་ལུས་ལྡན་གྱུར་ན། །འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད། །མ་ཚོགས་པ་ནི་འགྲུབ་ཐག་རིང་། །དེ་བས་ཡོ་བྱད་ལྡན་པར་བྱ། །བཀྲ་ཤིས་མཚན་ལྡན་བྷན་དྷ་ལྔ། །དམ་རྫས་ལྔ་དང་ཤ་ལྔ་དང་། །ཕྱི་ནང་གསང་བའི་རྩ་བརྒྱད་སོགས། །དང་པོར་ར་སཱ་ཡ་ན་ཀུན། །སོ་སོའི་རིགས་དང་སྡེ་ཕྱེ་ལ། །སྨན་གྱི་སྲུང་མ་བོས་མཆོད་བསྡིམ། །དམ་རྫས་རྣམས་ཀྱི་རྟོག་པ་གཞོམ། །རིགས་ཀྱི་ཁ་དོག་དར་གྱིས་དགབ། །མཚན་ལྡན་བཀྲ་ཤིས་གཟུངས་ཐག་གདགས། །དེ་ནི་བཀོད་པའི་དཀྱིལ་འཁོར་རོ། །བསྒྲུབ་པའི་ཞག་གྲངས་ཅི་ཙམ་པར། །བར་ཆད་བགེགས་རྣམས་བསལ་བའི་ཕྱིར། །ཕྱི་ནང་གསང་བའི་རྒྱུ་འདྲུལ་བསྡམས། །འབར་བ་མཚམས་ཀྱི་དཀྱིལ་འཁོར་རོ། །ཉོན་མོངས་བག་
ཆགས་སྦྱང་བའི་ཕྱིར། །འབུམ་ལྔའི་བཤགས་པ་བྱ་བ་སྟེ། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །ཁྲོལ་བུ་ལ་ནི་འཁོར་ལོ་སྟེ། །གདུང་བཞི་ཀ་བ་བརྒྱད་བཏང་བའི། །བཞི་བརྒྱད་སྒོ་དང་བཅས་པའོ། །ཕྱེ་མའི་དུས་ན་བརྒྱད་ཆ་བཞི། །ཀ་བ་འཁོར་ལོ་པདྨ་རིན་ཆེན་སྒོ། །གོང་བུའི་དུས་ན་ཟླ་གམ་ཁ་སྤྲོད་སྒོ་བཞིར་བཅས། །གཟུགས་བརྙན་འགྲོ་བ་འདུལ་བའི་དཀྱིལ་འཁོར་རོ། །རིགས་བརྒྱས་སྦྱང་དང་རིགས་ལྔ་འམ། །གསང་ཆེན་རིགས་གཅིག་བསྙེན་པ་ཡིས། །དེ་ནི་ ཁྲོལ་བུ ་སྦྱང་བ་སྟེ། །ཡེ་ཤེས་ལྔ་ཡི་འཕྲོ་འདུས་ཕྱེ་མ་སྦྱང་། །དགུ་པའི་སྔགས་ནི་གོང་བུ་ལའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། འཕྲོ་འདུ་འཇུ་འདུལ་དཀྱིལ་འཁོར་རོ། །གཏན་པ་ལྔ་ལ་མཁའ་ལྔ་དབྱིངས། །རྡུང་བྱེད་ལྔ་ལ་གསང་བའི་མཚན་བྲིས་ལ། །བཙག་པའི་འཚགས་སྣོད་ཡབ་ཡུམ་སྟེ། །སྲིན་མཐེབ་ཐབས་དང་ཤེས་རབ་པོ། །བཏག་བཙག་བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་རོ། །ཟླ་གམ་སྒོ་ཤར་བལྟས་པ་ལ། །པདྨ་འདབ་མ་བརྒྱད་བྲིས་ལ། །རྟ་མགྲིན་དབང་གི་དཀྱིལ་འཁོར་རོ། །ལྟ་བ་བླ་མེད་གདེང་དུ་བལྟ། །སྤྱོད་པ་བླ་མེད་གདེང་དུ་སྤྱད། །དམ་ཚིག་བསྲུང་བ་བླ་མེད་གདེང་། །ཕྲིན་ལས་བླ་མེད་གདེང་དུ་བཤད། །བསྒྲུབ་པ་བླ་མེད་གདེང་ནི་བསྒྲུབ་པའི་གདེང་། །བདུད་རྩི་ཆེན་པོ་བུམ་པ་ཡིས། །ཕྱི་དང་ནང་དང་གསང་བའི་དབང་། །འདོད་པ་དེ་ལ་རབ་སྦྱིན་པ། །དབང་ཆེན་བླ་ན་མེད་པའི་གདེང་། །དངོས་གྲུབ་བླ་ན་མེད་པའི་གདེང་། །བླ་ན་མེད་པའི་གདེང་བརྒྱད་ཀྱིས། །བདུད་རྩི་དམ་པ་མཆོག་བསྒྲུབས་པས། །སངས་རྒྱས་མཆོད་ཅིང་རང་ཟོས་ན། །བདུད་རྩི་དམ་པ་བསྒྲུབ་པ་འགྲུབ། །དངོས་གྲུབ་ཁྱད་པར་ཅན་ཡང་ཐོབ། །དམ་རྫས་སྨན་སྣ་རེ་རེ་ཡང་། །ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་། །བྱིན་བརླབས་མཐུ་བྱིན་དེ་བཞིན་ནོ། །དེ་ཡི་ནུས་མཐུས་དཔག་ལས་འདས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བདུད་རྩི་ཆེན་པོ་བསྒྲུབ་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། པདྨ་གར་གྱི་བདག་པོ་ལ། མ་ཆགས་པའི་མཆོད་པས་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་དབང་གི་མཆོག །མ་དད་ཆེན་པོ་
བསྒྲལ་བའི་ཚེ། །ཐམས་ཅད་ཡི་གེ་ཨ་འཚེར་བསྡུས། །ཚེ་འུབ་ཚེ་གང་མཛད་པའི་ཚེ། །རྗེས་སུ་འཇུག་པས་ཇི་ལྟར་བགྱི། །ཚེ་དཔག་མེད་པ་བདག་ཉན་འཚལ། །ཞེས་གསོལ་ཏོ། །ཚེ་ཡི་བདག་པོས་བཀའ་སྩལ་པ། །ཨེ་མའོ་ལས་ཀྱི་སེམས་དཔའ་ཆེ། །ཕྱི་རབས་རྣལ་འབྱོར་དོན་གྱི་ཕྱིར། །ཚེ་མཆོག་ལས་ཞུས་ཡ་མཚན་ཆེའོ། །ཚེ་ཡི་ལས་འདི་བཤད་ཀྱིས་སེམས་དཔས་ཟུང་། །འགྲོ་དྲུག་ཚེ་དང་ཤེས་པ་ཀུན། །ཉོན་མོངས་བདུད་ཀྱིས་གླགས་བཙལ་ནས། །ཚེ་ཉམས་པ་དང་ཚེ་འཐོར་དང་། །ཚེ་བྲི་བ་དང་ཚེ་ཡར་རྣམས། །ནྲྀ་ཚེ་ལ་སོགས་འཐོར་བ་ན། །དྲུག་གི་གནས་ནས་བཀུག་ནས་སུ། །ཁྲོ་བོ་འཆོལ་པའི་སྤྲུལ་པས་ཀུན་བཀང་སྟེ། །ཚེ་དཔག་མེད་ནི་ཞི་ཚོགས་ལ། །དེ་ལ་བསྙེན་ཅིང་བསྒྲུབ་སླད་ཕྱག་རྒྱའོ། །ཞི་བའི་ལས་ཀྱིས་མ་འགྲུབ་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ལྷ་ཚོགས་མ་ལུས་ཁྲོ་བོར་གསལ། །སྤྲོས་ཞིང་ཁྲོ་བོས་ཀུན་བཀང་སྟེ། །ཐམས་ཅད་མ་ལུས་སྤྲོས་ནས་སུ། །ཁྲོ་བོའི་སྤྲུལ་པ་མ་ལུས་པས། །གཞོམ་དང་གཏུབ་ཅིང་བཅོམ་ནས་སུ། །ཐམས་ཅད་བསྒྲལ་བཅོམ་ཚེ་ཡི་རང་བཞིན་བཀུག །བུམ་པའི་ཚེ་ལ་བསྡིམ་པའོ། །ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །ཡབ་ཀྱི་བྱང་ཆུབ་སེམས་ཀྱི་ཚེ་འདི་དཀར་ལ་དྭངས། །ཡུམ་གྱི་ཚེ་ནི་དམར་ལ་དྭངས། །ཡབ་ཡུམ་གཉིས་སུ་མེད་པའི་ཚེ་ནི་སྣུམ་ལ་འདྲིལ། །སྤྲོ་བསྡུ་འོད་ཀྱི་རང་བཞིན་ལས། །ཐམས་ཅད་ཚེ་བཀུག་དེ་ལ་བསྡིམ། །དེ་ལ་ཡི་གེ་འཕྲོ་འདུར་གསལ། །ཨོཾ་བྷྲཱུཾ་ཧཱུཾ་བྷྲཱུཾ། ཧཱཾ་བྷྲཱུཾ་ཧྲཱྀཿབྷྲཱུཾ་ཡཾ་བྷྲཱུཾ་ཚེ་བྷྲཱུཾ། ཨོཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། རྩ་བའི་ལྷ་རེའི་སྔགས་གཞུག་ཏུ། །གདགས་ཤིང་དེ་ལ་བཟླས་པའོ། །ཨཱ་ཡུར་གཉའ་ན་ཤི་བི་དུ་གཉའ་ན་ཨ་བ་ལོ་ཀི་ཏི་ས་མན་ཏ། སྥ་ར་ཎ་ར་སྨི་བྷ་བ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཛ་ལ་ནི་བྷྲཱུཾ། བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། དུང་དུང་བཛྲ་དུང་ཡ་རཱ་ག་ཧོ། མུག་ཏ་ཧོ། སྐྱེད་པ་དང་ནི་དྲལ་བ་དང་། །གཞོམ་པ་དང་ནི་དགུག་པ་དང་། །བསྡིམ་པ་དང་ནི་སྦ་བའོ། །ཕྱག་རྒྱ་དང་ནི་དབང་བསྐུར་རོ། །མཎྜལ་མཆོད་པ་རྣམ་ལྔ་ཡིས། །ཏིང་འཛིན་གསལ་བའི་ལྷ་མོས་མཆོད། །ཕྱོགས་མཚམས་ཕྱོགས་ཀྱི་རྒྱལ་པོ་བཞི། །བར་མཚམས་མ་ཏང་དེ་བསྒྲལ་ལོ། །གསང་མཚམས་
ཁྲོ་བོ་རིམ་པ་བཞིན། །བརྒྱ་བྱིན་དབང་ལ་ལས་བཅོལ་ལོ། །དེ་ནས་མཎྜལ་རྡོ་རྗེ་དབྱིངས། །ག་དར་བྱི་དོར་ཐིག་རྣམས་བྱ། །ཚོམ་བུ་ལྔ་ལ་བུམ་པ་རེ། །ཡང་ནི་མཛེས་པའི་དར་གྱིས་བརྒྱན། །ཁ་དོག་དམར་དང་སེར་དང་ལྗང་། །མ་ཉམས་རས་ཀྱིས་མགུལ་པ་བཅིང་། །འབྲས་བུ་ལྡན་པའི་རོ་མཆོག་ཤིང་གིས་ཁ་བརྒྱན་ནོ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །འབྲས་བུ་ལྔ་སོགས་ཚུལ་བཞིན་བསགས། །དེར་ནི་ལྷ་རྣམས་བསྐྱེད་བསྡིམ་མཆོད། །གཟུངས་ཐག་ལྔ་དང་ལྡན་པར་བྱ། །ག་འུ་དག་ཏུ་བསགས་པའོ། །དེ་ནས་དབང་གི་དཀྱིལ་འཁོར་ཏེ། །ཟླ་གམ་སྒོ་དང་བཅས་པ་ནི། །བུམ་པ་དག་ནི་དགོད་བཞིན་དང་། །ག་པུར་སྲང་དང་རི་ལུ་དང་། །ཕྱག་རྒྱའི་རྒྱ་དང་འཕེལ་བ་དག །རྒྱ་གྲམ་བསྡམས་པ་འཕེལ་བར་གདགས། །དཀར་དམར་འབྲས་རྒྱས་དེ་བཞིན་ཏེ། །ཚེ་ཡི་ལས་ཀྱི་སྒྲུབ་པ་དེ། །ཐམས་ཅད་ཚེ་ཡི་བསྒྲུབ་པའོ། །བཀྲ་ཤིས་ཚེ་དང་གཟི་བྱིན་ཆེ། །ཚེ་ནི་བཀུག་བསྡིམ་ཕྱག་རྒྱས་བསྡམས། །དེ་ལྟར་བསྒྲུབ་ན་ཚེ་ཆེན་ཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། གཟི་བྱིན་སྒྲུབ་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་པདྨ་ལས་ཀྱི་སེམས་དཔའ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །དབང་མཆོག་འབར་བ་ལྷ་ཡི་ཚོགས། །རྗེས་སུ་འཇུག་པས་ཇི་ལྟར་བསྐང་། །དབང་གི་ལྷ་ལ་བདག་ཉན་ཏོ། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ལེགས་པར་ཉོན་ལ་ཡིད་ལ་ཟུང་། །དབང་གི་ལྷ་རྣམས་བསྐང་བ་ན། །མ་དད་སེམས་ཅན་རཱུ་ཏྲ་དེ། །སྙིང་རྗེ་ཆེན་པོས་བསྒྲལ་ནས་སུ། །ཐམས་ཅད་བདུད་རྩིར་བྱིན་བརླབ་ལྷ་རྣམས་རོལ། །དེ་ཡིས་བདེ་གཤེགས་ཐུགས་དམ་བསྐང་། །མཱཾ་ས་རཀྟ་ཀེང་རུས་གཏོར་མར་འབུལ། །དུག་གསུམ་གཏམས་པས་ཐུགས་དམ་བསྐང་། །དེ་ཕྱིར་རྨད་དུ་བྱུང་བའི་གཏོར་མས་བསྐང་། །རཱ་ག་རཀྟ་ཆགས་པས་བསྐང་། །ཐམས་ཅད་གཟུགས་དང་གཟུགས་མེད་དེ་ཡིས་བསྐང་། །དེ་ལྟར་བསྐངས་པས་དངོས་གྲུབ་འཐོབ། །པཉྩ་བདུད་རྩི་ཆེན་པོས་བསྐང་། །རྨད་དུ་བྱུང་བའི་
གཏོར་མས་བསྐང་། །ཐུགས་རྗེ་ཆགས་པའི་རཀྟས་བསྐང་། །བྱ་དང་ལུག་གི་མདངས་ཀྱིས་བསྐང་། །ཐམས་ཅད་བསྐངས་པས་ཐམས་ཅད་བཟློག །དེ་ཕྱིར་སྐོང་ཟློག་ཆེན་པོའོ། །སེམས་ཅན་ཡིད་དང་ཀུན་གཞི་ཡིས། །དབང་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རྣམ་ཤེས་བརྒྱད་དང་ཡུལ་བརྒྱད་དང་། །ཡིད་ཆོས་མི་དགེ་ལོག་པ་རྣམས། །དབྱིངས་ཀྱི་ལྷ་དང་འགྲོ་བ་འདུལ་བས་བསྐང་། །འབྱུང་བ་ལྔ་དང་སྡེ་བཞི་ཡིས། །དཀྱིལ་འཁོར་དགུ་ཡི་ཐུགས་དམ་བསྐང་། །ནད་དང་སྡེའུ་བཅས་པ་ཡིས། །ཁྱི་སྤྱང་ཚོགས་ཀྱི་ཐུགས་དམ་བསྐང་། །འདི་ཡི་ཚོགས་ལྷག་ཚོགས་རྣམས་ཀྱིས། །ལོང་བ་རྒྱབ་འདྲེལ་ཐུགས་དམ་བསྐང་། །འདི་ཡི་ཡན་ལག་སྡེ་བཞི་ཡིས། །སྒོ་བཞིའི་ཁྲོ་བོའི་ཐུགས་དམ་བསྐང་། །འདི་ཡི་ནང་ཁྲོལ་མ་ལུས་ཀྱིས། །འབུམ་ཕྲག་ཡངས་པའི་ཐུགས་དམ་བསྐང་། །སྒལ་ཚིགས་འདྲ་ཡིན་ནམ་འདིའི་རེ་མིག་ཉི་ཤུ་རྩ་བརྒྱད་ཀྱིས། །གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང་། །མཚན་མ་གསུམ་དང་རྒྱུ་མཆོག་དང་། །མཁའ་ལ་ལྡིང་བའི་རིག་པ་འདིས། །དབང་གི་ལྷ་ཚོགས་ཐུགས་དམ་བསྐང་། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་རྒྱུད་ལས། ལྷ་རྣམས་ཐུགས་དམ་བསྐང་བའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །ཕྱི་རབས་པ་ཡི་དོན་སླད་དུ། །དངོས་གྲུབ་བླང་བ་བདག་མཉན་འཚལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཕྱི་རབས་པ་ཡི་དོན་སླད་དུ། །དངོས་གྲུབ་བླང་བ་འདི་ལྟར་བཤད། །གསང་བའི་ཐབས་དང་ཤེས་རབ་ལ། །ཐབས་ཀྱི་ཡི་གེ་འཕྲོ་འདུ་ལས། །དངོས་གྲུབ་ཐབས་ནི་སྐུ་གསུང་ཐུགས། །དེ་དང་ལྡན་པའི་རྩལ་མཆོག་དེས། །བྱིན་གྱིས་བརླབས་ཤིང་བླང་བར་བྱ། །ཐམས་ཅད་བྱང་ཆུབ་སེམས་སུ་གནས། །སྤྲོས་ཤིང་བསྡུས་ཏེ་དབྱིངས་ལ་ཐིམ། །ཨོཾ་དང་ཨཱཾ་དང་ཧཱུཾ་གསུམ་ནི། །སྐུ་གསུང་ཐུགས་སུ་བསྡུས་ནས་ནི། །དེ་དང་ལྡན་པར་བླང་བྱས་ན། །དངོས་གྲུབ་ཐམས་ཅད་དེས་ཐོབ་གསུངས། །རྟ་མཆོག་རོལ་པའི་ཏནྟྲ་ལས། དངོས་གྲུབ་བླང་བའི་ལེའུ་
སྟེ་ཉེར་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གསང་མཆོག་གསང་བའི་བདག །གསང་བ་དབང་གི་ལྷ་ཚོགས་ལ། །ཕྲིན་ལས་བཅོལ་བ་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །གསང་བ་དབང་གི་ལྷ་རྣམས་ལ། །ཕྲིན་ལས་བཅོལ་བ་འདི་སྐད་གསུངས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །ཐབས་དང་ཤེས་རབ་ལྡན་བྱས་ཏེ། །སྦྱོར་བའི་ཕྲིན་ལས་ལྷ་རྣམས་སྤྲོ། །སྤྲོས་ཤིང་བཀུག་སྟེ་ཐམས་ཅད་དབང་དུ་སྡུད། །དབང་དུ་མ་འདུས་གང་ཡང་མེད། །དབང་གི་རྫས་ཀྱིས་མཆོད་ཅིང་ཕྲིན་ལས་བཅོལ། །མ་དད་པ་ལས་དུར་ཁྲོད་བྱུང་། །དུར་ཁྲོད་ལས་ནི་དབང་གི་དཀྱིལ་འཁོར་བྱས། །དབང་གི་ལྷ་ལ་ཕྱག་འཚལ་ནས། །མཆོད་ཅིང་བསྟོད་ལ་ཕྲིན་ལས་བཅོལ། །དམིགས་པ་མ་ལུས་དབང་དུ་སྡུད། །ཟླུམ་ལ་འཁྱིལ་པའི་དཀྱིལ་འཁོར་དུ། །ཞི་བའི་ལྷ་ནི་ཡབ་ཡུམ་བཅས། །མཆོད་བསྟོད་ཕྲིན་ལས་བཅོལ་ཏེ་ལས་བྱའོ། །གྲུ་བཞི་གདེངས་པའི་དཀྱིལ་འཁོར་ནས། །རྒྱས་པའི་རྫས་དང་ལྷ་རྣམས་བཞུགས། །མཆོད་བསྟོད་ཕྲིན་ལས་བཅོལ་བའོ། །གྲུ་གསུམ་གདེངས་པའི་དཀྱིལ་འཁོར་དུ། །དྲག་པོའི་ལྷ་ལ་དེ་བཞིན་ནོ། །དེ་ཡིས་ཕྲིན་ལས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྲིན་ལས་བཅོལ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། པདྨ་གར་གྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་པདྨ་གར་དབང་ལྷ། །སེམས་ཅན་ལས་ཀྱི་དབང་སོང་ན། །ཕྱི་རབས་པ་ཡི་དོན་ཕྱིར་དུ། །དྲག་པོ་སྒྲོལ་བ་བདག་ཉན་འཚལ། །ཞེས་གསོལ་པ་དང་། དབང་མཆོག་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །གདུག་པ་བསྒྲལ་བའི་ལས་བསྟན་པ། །མ་དད་པ་ལ་རྒྱུ་གཅིག་སྟེ། །མ་དད་པ་དང་ཚུལ་བསྟུན་ཏོ། །ཕྱི་ནི་གྲུ་བཞི་གདེངས་པ་ལ། །ནང་ནི་ཟླ་གམ་འབར་བ་བྲིས། །ཟླ་གམ་ནང་དུ་དམིགས་པ་སྟེ། །ཡན་ལག་གསང་གནས་བཅས་པར་བྲི། །དབང་གི་སྔགས་
ཀྱིས་སྤྱི་ནས་གནན། །ཁྱི་སྤྱང་སྔགས་ནི་ཡན་ལག་ལ། །མཁའ་འཁོར་སྔགས་ནི་གཡས་གཡོན་བསྐོར། །དཔྲལ་བར་རུས་ལ་སྙིང་གར་མིང་། །མཱ་ར་ཡ་ནི་འདོམས་སུ་སྟེ། །སྒོ་བཞིར་ཁྲོ་བོ་བཞིའི་སྔགས་དགོད། །དེ་ལྟར་བཅས་ཤིང་ལས་བྱ་སྟེ། །ཕྱོགས་བཞིར་བརྟུལ་ཞུགས་བཞི་ཡི་སྔགས། །ཕྱི་ནས་ཆེ་བའི་ང་རྒྱལ་བསྐུལ། །ཕྱོགས་བཞིར་བརྟུལ་ཞུགས་ཆེན་པོར་བརྡུང་། །གདུག་པའི་མཚོན་ཆའི་ཆར་ཡང་དབབ། །དྲག་སྔགས་བདུན་ནི་སྙིང་གར་བརྡུང་། །ཕུར་བ་བླ་དང་བཅས་པས་གདབ། །གདུག་པའི་མཚོན་དང་ཐོ་བ་ལྕགས་ཀྱུ་དང་། །གུ་གུལ་དང་ནི་ཉུང་དཀར་དང་། །མ་བདུན་དང་ནི་སྨེ་རྫས་བདུག་པས་བརྡེག །སྒྲོལ་སྔགས་རྣམས་ནི་སྤུངས་ལ་བརྡེག །ཕོ་ཉ་དགུག་བསྡིམ་སྔགས་ཀྱིས་གཏུབ། །དུམ་བུར་བསྒྲལ་ཏེ་ལྷ་ལ་བསྟང་། །ལྷག་མ་ལ་ནི་བྲོ་བརྡུང་ངོ་། །དེ་ཡིས་དྲག་པོའི་ལས་འགྲུབ་པོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དྲག་པོས་སྒྲོལ་བའི་ལས་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་མཆོག་དབང་གི་བདག །འགྲོ་བ་ཕྱི་རབས་དོན་སླད་དུ། །བཟློག་པའི་ལས་ནི་བདག་ཉན་འཚལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ཡེ་ཤེས་ལྷ་དང་འཇིག་རྟེན་ལྷ་རྣམས་ནི། །བཟློག་ཅིང་རྦད་ནས་ལས་བྱས་ན། །ཉེ་བར་འཚེ་བ་བཟློག་པར་འགྱུར། །ཟླ་གམ་གྲུ་གསུམ་མཎྜལ་བྱ། །གོང་བཞིན་མཆོད་པ་བསྟབ་པ་སྟེ། །གདེང་བརྒྱད་མི་ཕྱེད་ལྡན་པ་ཡིས། །ཙ་ར་རོག་པོའི་མཁལ་དཀར་རམ། །དམར་ཁམ་སྤུ་མདོག་ཁུག་པ་ཡིས། །དེ་ལ་དམིགས་པའི་རྟེན་བཅས་ཏེ། །དམིགས་པ་དགུག་གཞུག་དེ་ལ་བྱ། །དང་པོ་དཀྱིལ་འཁོར་རྩར་དྲངས་ལ། །བྱིན་གྱིས་བརླབས་ཤིང་གིང་དབང་བསྐུར། །སེམས་ཅན་ཆེན་པོ་དེ་ལ་ནི། །འབྲུ་ལྔའི་ས་བོན་གསལ་བ་ལ། །ངན་སོང་ནས་འདོན་སོ་སོའི་རྩར། །འབྲུ་ལྔའི་ཡི་གེ་དགོད་པར་བྱ། །སྤྱན་དབྱེ་དཀྱིལ་འཁོར་བསྟན་པར་བྱ། །དེ་ནས་ཕུང་པོ་མ་བཤིག་པར་
ལ་ནི། །ལྷ་རྣམས་བསྐང་ཞིང་དམིགས་རྣམས་བསྐྱེད་པའོ། །ཏི་རའི་ཏིང་ངེ་འཛིན་ཆེན་པོ་ཡིས། །ཕུང་པོ་དེ་ནི་བསླང་བར་བྱ། །དྲག་སྔགས་སྒྲོལ་སྔགས་དེ་ཡི་ནི། །ཕུང་པོ་སྲུང་བྱེད་དེ་དང་ཕྲལ། །ཁྲོ་བོའི་སྟངས་སྟབས་ཆེན་པོ་དང་། །ཕྲ་མེན་འཇོལ་ཚུལ་ཆེན་པོ་དང་། །མ་མོའི་གར་ཐབས་དག་གིས་བླང་། །རོལ་པའི་བརྟུལ་ཞུགས་ཆེན་པོས་གཞོམ། །ལྷ་ཡི་ངོ་བོར་གསལ་བ་དེ། །དེ་ལ་ཕུང་པོ་སྤྲོས་ནས་ནི། །ཟླ་གམ་དབུས་ལ་སྙིང་གཞག་སྟེ། །ཕུང་པོ་ལྔ་ནི་ཚོམ་བུ་ལ། །རྣམ་ཤེས་རྣམས་ནི་བསྐོར་བའོ། །དེ་ནས་ལྷ་བསྟོད་མཆོད་པར་བྱ། །ལྷ་རྣམས་སོ་སོའི་ཐུགས་དམ་བསྐང་། །སྲོག་བརྗེས་ཟིན་པར་ཤ་ཁྲག་དང་། །དུག་དང་རྫས་ཀྱི་མཆོད་པ་བཟློག་པའོ། །དེ་ལྟར་བཟློག་ན་འཆི་བདག་གཤིན་རྗེ་ཉིད་ཀྱང་བཟློག །ཅེས་གསུངས་པ་ལ་ཐེ་ཚོམ་མེད། །སྟབས་དང་སྤར་དང་སྦྱར་བའོ། །དབང་གི་དཀྱིལ་འཁོར་དགུ་ཤེས་བྱ། །དེ་ལྟར་སྐད་ཅིག་དགེ་སྤྱད་སངས་རྒྱས་རྒྱུ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བཟློག་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡང་ལས་ཀྱི་པདྨ་སེམས་དཔའ། པདྨ་གར་གྱི་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །མ་དད་པ་ཡི་སེམས་ཅན་དེ། །ལུས་སྦྱང་བ་དང་སེམས་སྦྱང་བ། །ཕྱི་རབས་དོན་དུ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་བདག་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཆེན་པོ་ཉོན་ཅིག །ཕྱི་རབས་དོན་དུ་གནས་སྦྱང་བ། །མ་དད་པ་ཡི་སེམས་ཅན་ལྟར། །ལུས་སྦྱང་བ་དང་སེམས་སྦྱང་བ། །གཉིས་སུ་མེད་པར་སྤྲད་ཅིང་སྟོན། །ལུས་སྦྱང་བ་ཡི་རིམ་པ་ནི། །རྩ་བདུན་ཞག་གྲངས་ཚུན་ཆད་དུ། །ལས་ཀྱི་དགེ་བའི་སྟོངས་སུ་སྟེ། །གནས་པ་ཟིན་ཏེ་མྱུར་བར་ཐོན། །དེ་ནས་གནས་སྤར་རྒྱས་གདབ་ཅིང་། །དེ་ཡང་ཏིང་འཛིན་རབ་ཀྱིས་ཞུགས། །དེ་ལ་སྦྱངས་ནས་འབྱོངས་པར་གསུངས། །རྒྱས་པའི་རིམ་པ་བསྟན་པ་ཡང་། །འདུས་སྤྱད་པ་ཡི་རིམ་པ་ནི། །དང་པོར་སྔགས་དང་གཙང་མས་
བཀྲུ། །དེ་ནས་དྲི་ཞིམ་གཙང་མས་བྱུག །དབང་བསྐུར་བསྟོད་དང་མཆོད་པ་སྟེ། །ཕུང་པོ་ལྷ་ལ་མཆོད་པར་འབུལ། །གོ་བགོ་གནས་ལ་ལྷ་རྣམས་དགོད། །སྤྱན་དྲང་མཆོད་ཅིང་བསྟོད་དེ་སྦྱང་བར་གསོལ་བ་གདབ། །མི་སྣང་ལྷ་ཡི་ངོ་བོར་ཐིམ། །རུས་པ་སྐུ་གདུང་མཆོད་རྟེན་དེ། །དུས་གསུམ་མཆོད་པའི་རྟེན་དུ་བཞུགས་པའོ། །སྤྱན་དྲང་རབ་བསྐྱེད་མཆོད་པ་དེ་བཞིན་བྱ། །ཕུང་པོ་རྫས་སུ་བྱ་བ་ནི། །དང་པོར་ཁྲུས་བྱང་བལྟ་བ་བྱ། །དེ་ནས་དབང་དང་ལྷ་གཉིས་བསྐྱེད་པའོ། །དེ་ལ་ཧུ་ལུའི་འབྲུ་ཡི་འཕྲོ་འདུས་སྦྱང་། །ཕུང་པོ་ལྷ་ཡི་གཞུག་གནས་ཏེ། །དུར་ཁྲོད་ལྔ་པོས་མཆོད་པར་འབུལ། །སེམས་ནི་གཉིས་མེད་ངང་དུ་སྤར། །དུག་ལྔ་མ་སྤངས་གནས་སུ་སྦྱང་། །སཱ་ཙྪར་ཕྱི་རབས་དོན་དུ་སྦྱང་། །གཉིས་མེད་ངང་དུ་མཆོད་ཅིང་སྦྱང་། །དངོས་གྲུབ་བླངས་ཤིང་དེའི་ཕུང་པོ་འབྱོངས་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལུས་སྦྱོང་བའི་ལེའུ་སྟེ་སུམ་ཅུ་ཐམ་པའོ།། །།དེ་ནས་དབང་གི་རྒྱལ་པོས་གསུངས། ལས་ཀྱི་སེམས་དཔའ་ཉོན་ཅིག །སེམས་སྦྱངས་པ་ཡི་རིམ་པ་ནི། །མ་དད་ཆེན་པོ་སྦྱངས་པ་ལྟར། །ཕྱི་རབས་དོན་དུ་སྦྱང་བ་ནི། །ལྷ་རྣམས་མཆོད་ཅིང་བསྟོད་བསྐུལ་ནས། །དེ་ནས་འཕྲོ་འདུས་སེམས་ཀྱི་ངང་དུ་གསལ། །ཏིང་འཛིན་ཆེན་པོ་ལྡན་པ་དེས། །དྲུག་གི་གནས་ནས་བཀུག་ནས་སུ། །སྔ་མའི་རྟེན་ལ་བསྡིམ་པར་བྱ། །ཕུང་པོ་བདག་པོ་བསྐུལ་ནས་སུ། །སྡིག་པ་སྦྱང་ཞིང་ལྷ་ངོ་བསྟན། །བསྡིམ་དང་དབང་བསྐུར་སྡིག་པ་བཤགས། །འོག་མིན་བླ་མེད་གནས་མཆོག་ན། །ཡབ་ཡུམ་གཉིས་མེད་ཕྱག་རྒྱ་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕངས། །རྡོ་རྗེ་དབྱིངས་ཀྱི་གྲལ་དུ་དགོད། །ཡི་གེ་དཔའ་བོ་འབྲུ་ལྔ་ཡི། །དུག་ལྔའི་ཡི་གེ་མ་སྤངས་བཅོམ། །རྣམ་ཤེས་རྒྱལ་བའི་སྲས་སུ་བྱས། །དབང་བསྐུར་གཞན་དོན་གསོལ་བ་བཏབ། །སྦྱང་དང་བསྟོད་དང་སྔགས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སེམས་སྦྱངས་པའི་ལེའུ་
སྟེ་སོ་གཅིག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབང་མཆོག་གསང་བའི་བདག །སྔོན་འགྲོའི་ལས་ནི་ཇི་ལྟར་ལགས། །དབང་གི་སྔོན་འགྲོ་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་ཆེན་གསང་བས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཉོན་ཅིག །ལས་ཀྱི་སྔོན་འགྲོ་བཤད་པར་བྱ། །ལས་ཀྱི་ལྷ་རུ་གསོལ་བ་དེས། །དང་པོ་ས་ཡི་ལྷ་མོར་སྤྱན། །ཕྱག་རྒྱ་ལྔ་ཡི་ས་སྦྱང་ངོ་། །སྔགས་དང་ཕྱག་རྒྱས་སྦྱང་བ་དང་། །ཏིང་ངེ་འཛིན་གྱིས་སྦྱང་བའོ། །གཡར་བ་དང་ནི་བསླང་བའོ། །སྣང་དང་མི་སྣང་ངོ་བོར་བརྟག །མཆོད་བསྟོད་ས་རིན་གུས་པར་དབུལ། །བརྟག་པ་དེ་རུ་གནས་པར་བྱ། །རོ་ལྔ་བསལ་དང་ཡོན་ཏན་བསྟན། །བརྟག་པ་དང་ནི་ཡོན་ཏན་སྐྱོན། །སྤང་བླང་གཉིས་སུ་ཤེས་པར་བྱ། །དེ་རུ་དཀྱིལ་འཁོར་མངའ་གསོལ་བརྩིག །མཐའ་དབུས་མཉམ་སྟེ་ཚད་ལྡན་བྱ། །ལས་ཀྱི་ཕྱག་རྒྱ་གསལ་བར་བྱ། །ཆག་ཆག་རྣམ་གསུམ་རིམ་པར་གདབ། །བ་བྱུང་ལྔ་ཡིས་བྱུག་པ་ཡིས། །ཕྱི་ཡི་མཆོད་པ་དག་ཏུ་ཤེས། །བདུད་རྩི་ལྔ་ཡི་སྦྱོར་བས་ནི། །ཆག་ཆག་གདབ་ཅིང་ལས་བྱའོ། །དམ་རྫས་བདུད་རྩི་ཡེ་ཤེས་ལྔ། །རཀྟའི་ཆག་ཆག་གདབ་པའི་དགུ། །ཆག་ཆག་རྣམ་གསུམ་གདབ་པར་བྱ། །ཨ་མྲྀ་ལས་ཀྱི་སྦྱོར་བའོ། །དམ་རྫས་ཡེ་ཤེས་ལྔ་ལྡན་པས། །གསང་མཆོག་བསྒྲུབ་ཕྱིར་ཆག་ཆག་གདབ། །ཨ་མྲྀ་ཏ་མཎྜ་ལ། ཡེ་ཤེས་ལྷ་ཡི་བཞུགས་གནས་ཏེ། །གཉིས་མེད་མཉམ་པའི་དབྱིངས་སུ་གདབ་པར་བྱའོ། །ཟླ་གམ་དམར་པོའི་གཞལ་ཡས་སུ། །གཉིས་མེད་སྦྱོར་བའི་ངོ་བོ་ལས། །ཐུགས་རྗེ་ཆེན་པོའི་ཆགས་པའི་ཕུལ་བྱུང་བབས། །དབང་གི་རྒྱལ་པོ་ཡབ་ཡུམ་བཞུགས་པའི་གནས། །རཱ་ག་པཱུ་ཛ་ས་མ་ཡེ། མཁའ་གསང་བྱིན་གྱིས་བརླབས་ཤིང་གདབ་པའོ། །དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་མཁའ་དབྱིངས་ནས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདེབས། །བོ་དྷི་ཙིཏྟ་མཎྜལ། ཚོན་གྱི་རྣམ་པ་ལྔ་པོ་ཡང་། །ཡི་གེ་དཔའ་བོ་
འབྲུ་ལྔ་ཡིས། །རིན་ཆེན་ཕྱེ་མར་བརླབས་ཤིང་རིགས་ཀྱི་ངོ་བོར་གསལ། །དེ་ཡིས་དཀྱིལ་འཁོར་བྲི་བའོ། །དང་པོ་ཕྱི་མཚམས་ཆེན་པོ་སྟེ། །རྒྱལ་པོ་བཞི་ལ་ལས་བཅོལ་མཆོད་བསྟོད་བྱ། །བར་གྱི་དབང་པོ་ལས་བཅོལ་བསྟོད། །མཚམས་སུ་གནས་པའི་ལས་བྱའོ། །དེ་ནས་རྫས་རྣམས་དགྲམ་པ་སྟེ། །ཕྱི་ནང་གསང་བ་གསུམ་དུ་ཤེས་སོ། །དེ་ནས་ལྷ་བཀོད་སྤྱན་དྲངས་བསྡིམ། །བྱིན་བརླབ་བཀོད་ཅིང་སྙན་བསྣུན་གསོལ། །བརྟན་པར་བཞུགས་ཤིང་འདོད་དོན་གསོལ། །དང་པོ་བསྙེན་པ་དང་ནི་ཉེ་བསྙེན་བྱ། །དེ་ནས་བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །དེ་ལྟར་ལས་ཀྱི་རྣམ་པར་བསྟན་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྔོན་དུ་འགྲོ་བའི་རིམ་པ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་པདྨ་ལས་ཀྱིས་སེམས་དཔའ་དེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བསྙེན་པའི་ལས་རྣམས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །བསྙེན་པའི་ལས་རྣམས་བསྟན་པ་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས། ཡི་གེ་ཕྲེང་བ་འཕྲོ་འདུ་སྟེ། །ཡི་གེ་དེ་ཡི་འཕྲོ་འདུ་ལས། །སྔགས་ཀྱི་ཕྲེང་བ་འབྲུ་བརྒྱད་གསལ། །དང་པོ་འཕྲོ་འདུས་ལྷ་རྣམས་བསྐུལ། །གཉིས་པ་མ་མོ་མཁའ་འགྲོ་བསྐུལ། །གསུམ་པ་ལས་ཀྱི་མཁའ་འགྲོ་བསྙེན། །བཞི་པ་གཉིས་མེད་ངང་དུ་བསྙེན། །འཕྲོ་འདུ་འཕྲོ་བས་མ་དད་བཏུལ། །དེ་ལས་ཕར་མཆོད་ཚུར་དངོས་གྲུབ། །ཚ་ཚའི་ཚུལ་དུ་འཕྲོ་འདུ་བྱ། །དེ་ནི་བསྒྲུབ་པ་ཆེན་པོ་ཞེས། །ཕྲིན་ལས་བསྒྲུབ་པ་ཞེས་བྱ་སྟེ། །གནས་པ་གཉེན་པོ་བསྟེན་ནི་བསྙེན་པ་སྟེ། །འཕྲོ་འདུ་བསྒྲུབ་པ་ཆེན་པོར་གསུངས། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསྙེན་བསྒྲུབ་ཀྱི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་མཆོག་ལས་ཀྱི་གཙོ། །གནན་པའི་ལས་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །
དབང་གི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་ལས་ཀྱི་སེམས་དཔའ་ཉོན། །གནན་པའི་ལས་རྣམས་ངས་བཤད་ཀྱིས། །ཁོ་ནར་ངེས་པར་ཡིད་ལ་ཟུང་། །མ་ཏང་ཆེན་པོ་བསྒྲལ་བ་ལ། །ག་ཞོ་ཐ་ཐོད་གནན་པ་ནི། །ལས་མཐར་ཕྱིན་ཕྱིར་གནན་པའོ། །དེ་བཞིན་གནན་པའི་ལས་དག་ནི། །འཁོར་ལོ་རྩིབས་ནི་བརྒྱད་པ་བྲི། །དབུས་སུ་ཡན་ལག་ཉིང་ལག་དང་། །མགོ་དང་བཅས་པའི་གདོང་པ་དེ། །དབང་པོ་ལྔ་དང་ལྡན་པར་བྲི། །ཐ་མར་འཛམ་བུ་གླིང་གི་དབྱིབས། །རྒྱ་གྲམ་རྩེ་ལ་འབར་བའོ། །བཀྲ་མི་ཤིས་པའི་ཐག་པས་བཅིང་། །གདུག་པའི་མཚོན་ཆ་དང་བཅས་པ། །ཤ་ཁྲག་རྫས་དང་བཅས་པ་བཤམ། །མོན་ནམ་རབས་ཆད་ཐོད་པར་གཞུག །ཡང་ན་རི་གསུམ་འོག་ཏུ་གཞུག །རྒྱ་མཚོའི་ངོགས་དང་ཤིང་གཅིག་གི། །དེ་ནི་གནན་པའི་ལས་སུ་ཤིས། །དེ་ལྟར་གནན་ན་ལྡང་མི་འགྱུར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གནན་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །འཁོར་བའི་གདུག་པ་མ་ལུས་དང་། །དྲེགས་ཆེན་མ་ལུས་འདུལ་བའི་ཚེ། །བརྟུལ་ཞུགས་སྤྱོད་པ་ཇི་ལྟར་བགྱི། །ལྟ་བ་ཇི་ལྟར་བལྟ་བར་བགྱི། །དམ་ཚིག་ཇི་ལྟར་བསྲུང་བར་བགྱི། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ལས་ཀྱི་སེམས་དཔའ་ཞུ་བ་ལེགས། །ཐེ་ཚོམ་ཐམས་ཅད་གཅད་པར་བྱའོ། །འཁོར་བ་དག་ནི་གདུལ་བའི་ཚེ། །བརྟུལ་ཞུགས་སྤྱོད་པ་འདི་ལྟར་སྤྱད། །ལྟ་བ་བལྟ་བ་འདི་ལྟར་བལྟ། །བདག་ཉིད་ཡེ་ཤེས་ཁྲོ་བོར་བརྟག །འཁོར་བ་བསྒྲལ་བའི་ཞིང་དུ་བལྟ། །དམ་ཚིག་བསྒྲལ་བར་གསུངས་པ་སྟེ། །དམ་ཚིག་བསྒྲལ་བ་ཆེན་པོའོ། །ཐོགས་རྡུག་མེད་པའི་བརྟུལ་ཞུགས་ཀྱིས། །ཐེ་ཚོམ་མེད་པའི་བསྒྲལ་བ་དེ། །བརྟུལ་ཞུགས་ཆེན་པོ་འདི་ལྟར་སྤྱད། །སྨྱོན་པའི་ཆས་སུ་ཞུགས་པ་ནི། །
ལས་དང་མ་ལུས་བགྲོད་ཀྱང་བགྲོད། །དྲག་པོའི་ལས་ལ་སྨད་མི་བྱ། །ལམ་མི་གཟུར་ལ་ཕྱག་མི་བཙལ། །ཕྲེང་བ་འཁར་བ་དེ་བཞིན་གཟུང་། །ཁྲོས་པའི་ཆ་ལུགས་ཆེན་པོ་ཡིས། །འགྲོ་འདུག་སྟེགས་སུ་བྱས་ནས་ནི། །ཁ་མངར་མེད་པ་ཟས་སུ་བཟའ། །གང་དང་འཕྲད་པ་ཡང་ནི་གནན་ཅིང་བརྡེག་པར་བྱ། །བང་ཡང་ངལ་དུབ་མེད་པར་རྒྱུག །ཁྲོས་པའི་ཚུལ་གྱིས་ལས་རྣམས་བྱ། །བརྟུལ་ཞུགས་བཞི་ཡི་ཆས་སུ་ཞུགས་ནས་ནི། །ཕྱོགས་བཞིར་གདུག་པའི་ང་རོ་གདོན། །རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི། །བརྗིད་པའི་ཚུལ་དུ་བྱས་ནས་ནི། །མངར་གསུམ་མཆོངས་ཤིང་ང་རོ་གདོན། །ལག་པ་མདུན་དང་རྐང་པ་རྒྱབ་ཏུ་གདེངས། །ངལ་དུབ་མེད་པར་འདུག་གམ་འཆག །ཧྲཱྀཿལས་རྟ་མཆོག་འབར་བའི་ཚོགས། །ཁྲོ་བོ་གདུག་པའི་ང་རོ་གདེངས། །རྟ་མགོ་ཅན་གྱིས་ཁམས་གསུམ་བཀང་། །འཕྲོ་འདུས་གདུག་པ་མ་ལུས་འདུལ། །རྟ་མཆོག་ཅན་ཡང་ཆར་དུ་འབེབས། །གདུག་པའི་ཚོགས་ལ་བརྡེག་ཅིང་རྒྱུག །འདི་ནི་རྟ་ཡི་བརྟུལ་ཞུགས་ཡིན། །ཁྱི་ཡི་བརྟུལ་ཞུགས་དྲག་འབར་ཏེ། །བརྗིད་པ་གདུག་པའི་ང་རོ་ཅན། །གཡས་པ་ལག་གི་འདུ་བྱེད་དེ། །གཡས་པ་བརྒྱབ་བརྐྱང་མཆོངས་པའི་ཚུལ། །ཛཿཡིས་ཡེ་ཤེས་འབར་བའི་ཁྱི། །ཁྲོ་བོ་གདུག་པའི་ང་རོ་གདེངས། །ཁྱི་མགོ་ཅན་གྱིས་ཁམས་གསུམ་གང་། །གདུག་པའི་ང་རོ་ཕྱོགས་བཅུར་སྒྲོགས། །ཕྱོགས་སྐྱོང་རྒྱལ་རྣམས་འདར་ཁྲག་སྐྱུགས། །ངལ་དུབ་མེད་པའི་ཏིང་འཛིན་གྱིས། །གདུག་པ་མ་ལུས་འཇོམས་པའོ། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ཡི། །དྲག་པོ་བརྗིད་དུ་ལྡན་པ་ཡིས། །སྲིད་པའི་གདུག་པ་བསྒྲལ་བ་དེ། །ཀུ་དང་ཡེ་ལས་བྱ་མགོའི་ཚོགས། །འབར་བ་འཕྲོས་པས་ཁམས་གསུམ་སྤྲོས་བཀང་སྟེ། །གཡས་གཡོན་ཐབས་དང་ཤེས་རབ་གཤོག་པ་གདེངས། །སྔོན་དུ་རྡོ་རྗེ་སྡེར་མོས་བཅུམ། །ལྡིང་ཞིང་རོལ་པས་རྒྱུད་དྲུག་སྒྲོལ་ལ་མཁས། །གདུག་པ་མ་ལུས་བསྒྲལ་བའོ། །ཕག་གི་བརྟུལ་ཞུགས་ཆེན་པོ་ནི། །གཏི་མུག་འཇོམས་པའི་ཕག་རྒོད་གདུག་པའི་སྡེ། །དུ་རུ་ལས་ནི་ཕག་གི་ཚོགས། །ཁམས་གསུམ་མ་ལུས་བཀང་བྱས་ཏེ། །ཐམས་ཅད་འཇོམས་
ཤིང་ཐམས་ཅད་ཟ། །གདུག་པའི་ང་རོ་ཡོངས་སུ་གདེངས། །སྣ་ལ་རྟ་ཡི་འཕྲོ་འདུ་འཁྲུངས། །ལག་པ་ཕག་གི་ཆང་པར་ལྡན། །ཕཊ་ཀྱིས་ལྕགས་ནི་རབ་ཏུ་འཕྲོ། །ཧཱུཾ་གི་འཕྲོ་འདུ་སྟངས་སྟབས་བྱེད། །དུབ་དང་ངལ་མེད་རྒྱུག་ལ་དགའ། །ཁམས་གསུམ་མ་ལུས་འཇོམས་ལ་དགའ། །མི་བཟད་སྤྲུལ་པའི་ཁྲོ་བོ་སྤྲིན་དཔུང་བཞིན་དུ་སྤྲོས། །དཔའ་བོ་ཏིང་འཛིན་ལྡན་པ་ཡིས། །ཐམས་ཅད་འཇོམས་ཤིང་གདུག་པའི་ཀླུ་ཡི་ཚོགས། །དཔའ་དང་ལྡན་པའི་ཏིང་འཛིན་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བརྟུལ་ཞུགས་བཞི་དཀའ་ཐུབ་སྨྱོན་པའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །མ་དད་པའི་སེམས་ཅན་ཆེན་པོ་དེ་བསྒྲལ་བ་ནི། རྩ་རྣམ་པ་དུ་ཞིག་ཡོད། གར་གྱི་དབང་གིས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །མ་དད་སེམས་ཅན་ཆེན་པོ་ལ། །རྩ་ནི་ཉི་ཁྲི་ཆིག་སྟོང་སྟེ། །དེ་ལས་བསྡུས་པ་སུམ་བརྒྱ་དྲུག་ཅུ་ཡོད། །དེ་ལས་བསྡུས་ན་རྩ་ཆེན་གསུམ། །དེ་ལས་བསྡུ་ན་རྣམ་པ་གཉིས། །གཅིག་ནི་བླ་ཡི་རྩ་རུ་གནས། །གཅིག་ནི་དབུགས་ཀྱི་རྩ་ཡིན་ནོ། །གཅིག་ནི་བླ་དང་འཁྱམས་ཏེ་འགྲོ། །གཅིག་ནི་དབུགས་དང་འགྲོགས་ཏེ་འགྲོ། །རྩ་ཆེན་གསུམ་ནི་སྲོག་ཤིང་སྟེ། །ཕུང་པོ་ལྔ་ནི་འཁོར་ལོ་བརྩེགས་པ་བཞིན། །ས་བོན་ཡི་གེའི་རང་བཞིན་ནོ། །དེ་ལས་ཡན་ལག་བཞི་གྱེས་ཏེ། །སྒོ་བཞི་དྲག་པོའི་འཇུག་པའོ། །ལུག་བཞི་ཁུག་གཉིས་ལྐུགས་པ་སྟེ། །གནས་བཞིར་གཟིར་ཅིང་སྒོ་བཞིར་སྤུང་། །རྒྱུན་ལམ་གསུམ་དུ་གྱེན་ཐུར་བལྟ། །མཐར་ཕྱིན་ལྟ་བུར་བྱང་ཆུབ་སེམས། །དེ་ལ་དུས་དང་སྦྱར་ཞིང་བརྟག །བླ་རྩ་མེད་ན་ཙིཏྟ་འགས། །དབུགས་དེ་དག་དང་འགྲོགས་པ་དེ། །དེ་ལ་དྲག་དལ་ཡོད་པའོ། །རིགས་ནི་རྣམ་པ་བཞི་ཡིན་ཏེ། །རིང་ལ་དལ་ལ་འཇམ་ལ་རིང་། །ཚངས་པ་
ལྷ་ཡི་རིགས་ཡིན་ཏེ། །དྲག་པོ་མྱུར་བ་སྲིན་པོ་ཁྲོ་བོ་སྟེ། །གདུག་པ་འདུལ་བ་དབང་ཕྱུག་ཚངས་པ་སྟེ། །གཉིས་མིན་བརྟག་པར་དཀའ་བ་དྲེགས་པ་ཅན་གྱི་རིགས། །དེ་ལ་དྲེགས་པ་རྣམ་པ་དགུ། །ཞེ་སྡང་རང་བཞིན་བདུད་དུ་སྨིན། །བདུད་ནི་རིང་ལ་སྔོ་བའོ། །ང་རྒྱལ་ལས་ནི་བཙན་དུ་སྨིན། །བཙན་ནི་ཐུང་ལ་རྩུབ་པའོ། །གཏི་མུག་རྒྱལ་པོ་ཆེན་པོ་སྟེ། །དལ་བ་དང་ནི་སྡོད་དུ་བཅས། །འཕར་དང་སྡོད་དུ་ཐུང་བ་དང་། །ཕྲང་ལ་ཕྲ་བ་ཐེ་བྲང་སྟེ། །དེ་ལྟར་བརྟག་ཅིང་རབ་ཏུ་བརྟག །དེ་ནི་མ་དད་སེམས་ཅན་ནོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མ་དད་པའི་གནས་དང་ཕྱི་རབས་དོན་དུ་རྩའི་དམིགས་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་གི་རྒྱལ་པོ་ཆེ། །བཅོམ་ལྡན་གསང་བ་ཐུགས་རྗེའི་བདག །ཕྱི་རབས་རྗེས་སུ་འཇུག་པ་ཡིས། །ལྟ་བ་ཇི་ལྟར་བལྟ་བར་བགྱི། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །ལྟ་བ་དམ་པ་ངས་བཤད་ཀྱིས། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །བྱང་ཆུབ་སེམས་ནི་རྨད་དུ་བྱུང་། །ཐམས་ཅད་མ་ལུས་བྱང་ཆུབ་སེམས། །གང་དུ་ཡང་མ་སྦས་པས་མཐོང་བ་ཉིད་དེ་མཐོང་བ་རྨད་དུ་བྱུང་བའོ། །བརྗོད་དུ་རྡུལ་ཙམ་ཡང་མེད་པས་ཀུན་ཏུ་ཁྱབ་པ་ཉིད་དེ་ཁྱབ་པ་རྨད་དུ་བྱུང་བའོ། །མ་ཤེས་འཁྲུལ་པའི་སེམས་ཅན་ཀུན་ཅི་ཡང་ཤེས་པས་སེམས་ཅན་ཏེ་གཉིས་ཀ་རྨད་དུ་བྱུང་བའོ། །སེམས་ལས་བགྲོད་དུ་མེད་པའི་མཐར་ཐུག་པས་རྨད་དུ་བྱུང་བའོ། །ཆོས་ཐམས་ཅད་བསྒོམ་དུ་མེད་པ་སྟེ་བསྒོམ་པ་རྨད་དུ་བྱུང་བའོ། །བསྒྲུབ་པ་ནི་སེམས་ཀྱི་རྩལ་འབྱོངས་པ་སྟེ་བསྒྲུབ་པ་རྨད་དུ་བྱུང་བའོ། །དམ་ཚིག་སེམས་ཀྱི་གཉའ་གནོན་ཏེ་དམ་ཚིག་རྨད་དུ་བྱུང་བའོ། །ཕྲིན་ལས་སེམས་ཀྱི་བྱེད་ལས་ཏེ་ཕྲིན་ལས་རྨད་དུ་བྱུང་བའོ། །དཀྱིལ་འཁོར་སེམས་ཀྱི་གནས་ཡུལ་ཏེ་དཀྱིལ་འཁོར་རྨད་དུ་བྱུང་བའོ། །ཅི་བྱུང་ཅི་ཡང་བྱང་ཆུབ་སེམས་ཏེ་དཀྱིལ་འཁོར་རྨད་དུ་བྱུང་བའོ། །ཇི་ལྟར་སྣང་བ་དང་ནི་མི་
སྣང་བ་གཉིས་དང་གཉིས་མེད་དུ་བཅས་པ་སེམས་སུ་བལྟ་སྟེ་ལྟ་བ་རྨད་དུ་བྱུང་བའོ། །ཇི་ལྟར་སྤྱད་པ་ཐམས་ཅད་སེམས་ཀྱི་སྤྱོད་པ་སྟེ་སྤྱོད་པ་རྨད་དུ་བྱུང་བའོ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་དབང་སྟེ་རྨད་དུ་བྱུང་བའོ། །བསྲུང་བ་དང་བསྲུང་དུ་མེད་པ་གཉིས་སེམས་ཀྱི་དམ་ཚིག་སྟེ་དམ་ཚིག་བསྲུང་བ་རྨད་དུ་བྱུང་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བླ་མེད་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བཅོམ་ལྡན་དབང་གི་རྒྱལ། །ཕྱི་རབས་པ་ཡི་དོན་སླད་དུ། །བཀའ་གཞུང་སྤྱོད་པ་རྣམས་ལ་ནི། །དམ་ཚིག་བསྲུང་བ་ཅི་ལྟར་བགྱི། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །ཕྱི་རབས་དོན་དུ་དམ་ཚིག་བཤད་པར་བྱའོ། །བལྟ་བའི་དོན་དུ་དམ་ཚིག་བལྟ་བ་ནི། །བསྲུང་དུ་མེད་པའི་དམ་ཚིག་གོ། །དམ་ཚིག་ཉི་ཤུ་རྩ་བརྒྱད་ལས། །སྐུ་ཡི་དམ་ཚིག་ལྔ་རྣམས་དང་། །གསུང་གི་དམ་ཚིག་ལྔ་རྣམས་དང་། །ཐུགས་ཀྱི་དམ་ཚིག་ལྔ་རྣམས་ཏེ། །ཡོན་ཏན་དམ་ཚིག་ལྔ་དང་ཕྲིན་ལས་དམ་ཚིག་ལྔ། །ལྷ་ཡི་དམ་ཚིག་གསུམ་དུ་གསུངས། །སྐུ་ཡི་དམ་ཚིག་ཉམས་པ་ཚ་ཚ་འབུམ་གྱིས་བཤགས། །གསུང་གི་དམ་ཚིག་ཉམས་པ་གསུང་རབ་འབུམ་གྱིས་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་སྲོག་འདོན་འབུམ་གྱིས་བཤགས། །ཡོན་ཏན་དམ་ཚིག་ཉམས་པ་ཚོགས་མཆོད་འབུམ་གྱིས་བཤགས། །ཕྲིན་ལས་དམ་ཚིག་ཉམས་པ་བཤགས་པ་འབུམ་གྱིས་བཤགས། །ལྷག་པའི་དམ་ཚིག་ཉམས་པ་འབུམ་ཕྲག་དགུ་ཡིས་བཤགས། །འབུམ་ལྔའི་བཤགས་པས་སྡིག་པ་མཚམས་མེད་བྱང་བར་འགྱུར། །ལྷ་རྣམས་ཀྱི་དམ་ཚིག་ནི་མཚོན་རྣོན་པོ་ལྟར་བསྲུང་བར་བྱའོ། །སློབ་དཔོན་མིག་གི་སྒྲོན་མ་ལྟ་བུར་བསྲུང་། །མཆོད་པས་བསྲུང་དང་བལྟ་བར་བྱ་ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དབང་གི་
རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གར་གྱི་བདག །བདག་ལ་སོགས་པའི་དོན་སླད་དུ། །དབང་གི་རིམ་པ་ཇི་ལྟ་བུ། །བཅོམ་ལྡན་མགོན་པོ་རྒྱལ་ལ་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཆེ། །དབང་མཆོག་བཤད་ཀྱིས་ལེགས་པར་ཟུང་། །དང་པོ་དྲག་པོའི་གནས་ཆེན་དེར། །ས་ཡི་ཆོ་ག་བྱ་བ་དེ། །གོ་མ་ཡེ་དང་གད་བརྡར་བྱའོ། །སྟ་གོན་ལ་ནི་གནས་པར་བྱའོ། །བུམ་པ་སྟ་གོན་དུ་གནས་པ་དང་། །ལྷ་སྟ་གོན་དུ་གནས་པའོ། །དཀྱིལ་འཁོར་དབུས་སུ་ཟླ་གམ་ལ། །སྒོ་གཅིག་པ་ནི་དགོད་པར་བྱའོ། །ཐ་མ་ཟླ་གམ་བརྒྱད་ཀྱིས་བསྐོར། །སྒོ་དང་སྒོ་ཁྱུད་དེ་བཞིན་བྱ། །དེ་ཡི་དབུས་སུ་བུམ་པ་སྟེ། །བྱུ་རུ་དམར་པོའི་བུམ་པ་ལ། །རིན་ཆེན་སྣ་ལྔ་ཚང་བ་དང་། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །དབང་གི་ལྷ་རྣམས་ཚང་བའོ། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ལ་བྱ། །མགུལ་ཆིངས་རས་དཀར་གཙང་མ་ལ། །གཟུངས་ཐག་གཙང་མའི་གཟུངས་ཀྱིས་གདགས། །དཀྱིལ་འཁོར་དང་ནི་བུམ་པ་སྟ་གོན་ལ་གནས་པའོ། །དེ་ནས་སློབ་མ་སྟ་གོན་ལ་གནས་པར་བྱའོ། །ལུས་གཙང་གོས་བརྒྱན་ཀུ་ཤའི་གདན། །དེར་ནི་སེམས་བསྐྱེད་བཟླས་པ་བྱ། །དང་པོ་དབང་གི་རྫས་རྣམས་བསོག །སློབ་དཔོན་དབང་དང་ལྡན་པ་དེས། །སློབ་མ་ལ་ནི་བསྐུར་བར་བྱའོ། །བསྐྱེད་དང་སྤྱན་དྲངས་བཞུགས་གསོལ་མཆོད། །བསྟོད་དེ་ཞུ་བ་གསོལ་པའོ། །རྫས་ཀྱི་དབང་དང་བལྟ་བའི་དབང་། །གསང་བའི་དབང་དང་བཅས་པར་བསྐུར། །དང་པོ་མིག་ནི་དབྱེ་བར་བྱ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཤེལ་གྱི་གཙག་བུ་ཐོགས་ནས་ནི། །མ་རིག་རབ་རིབ་བསལ་བ་བཞིན། །བུ་ཡི་རབ་རིབ་བསལ་བར་བྱའོ། །ཙཀྵུ་པྲ་བེ་ཤ་ཡ་མ་དྷ་ལ་ཧཱུཾ། ཨེ་མ་རང་བྱུང་བཅོམ་ལྡན་དབང་གི་རྒྱལ་པོའི་སྐུ། །འཁོར་བ་ཡོངས་སུ་སྦྱང་བའི་ཕྱིར། །ཡེ་ཤེས་སེམས་དཔས་དབང་བསྐུར་རོ། །ཛྙཱ་ན་སཏྭ་ཧཱུཾ་ཨཱཿ། སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །ཐམས་ཅད་བྱང་ཆུབ་སེམས་སུ་བསྟན། །ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །
དབུ་ལ་རིགས་ལྔའི་དབང་བསྐུར་བ། །ཨོཾ་ཨཱཾ་ཧཱུཾ་སྭཱ་ཧཱ། ཕ་རོལ་དོན་རྣམས་རྫོགས་པའི་ཕྱིར། །ཕྱག་མཚན་འབར་བས་དབང་བསྐུར་བས། །རྒྱུ་དྲུག་གནས་སུ་སྒྲོལ་བར་ཤོག །མཚན་མ་གསུམ་གྱི་དབང་བསྐུར་བས། །འགྲོ་དོན་མ་ལུས་རྫོགས་མཛད་ནས། །ཡེ་ཤེས་གསུམ་གྱི་དབང་ཐོབ་ཤོག །མ་ཧཱ་ཨ་མྲྀ་ཏ། མ་ཧཱ་རཀྟ། མ་ཧཱ་ཀེང་ནི་རི་ཏི་ཧཱུཾ། གླང་ཆེན་ཀོ་རློན་སྟོབས་དང་ལྡན་པ་དང་། །ཞིང་ཆེན་གཡང་གཞི་ཐབས་ལ་མཁས་པ་དང་། །སྟག་ལྤགས་མི་བཟད་དཔའ་བར་ལྡན་པ་དང་། །ན་བཟའ་གསུམ་དང་རྒྱན་གྱི་དབང་མཆོག་ཐོབ་པར་ཤོག །བསེ་ཁྲབ་སྨུག་པོ་ལ་སོགས་ན་བཟའ་ཆས་རྣམས་ཀྱི། །མ་ལུས་མདའ་བསྙེམས་དཔའ་བ་དང་། །རྩལ་དབང་ཆེ་བའི་དབང་ཐོབ་ཤོག །རྡོ་རྗེའི་གཤོག་པ་རིན་ཆེན་ལས་བྱུང་བ། །གཡས་པ་ཐབས་དང་གཡོན་པ་ཤེས་རབ་སྟེ། །རྡོ་རྗེ་རབ་ཏུ་འབར་བའི་ཚོགས། །འབར་བ་ལྷ་ཡི་དབང་ཐོབ་ཤོག །དཀྱིལ་འཁོར་དགུ་ནི་ཡེ་ཤེས་དག །འབར་བ་ཡེ་ཤེས་དོན་ལྡན་པས། །གཉིས་སུ་མེད་པའི་དོན་ཆེན་པོ། །ཡེ་ཤེས་ལྷ་དགུའི་དབང་བསྐུར་བའོ། །ཐུགས་རྗེ་ཆེན་པོའི་ཅོད་པན་འདི། །ཐབས་དང་ཤེས་རབ་རྟགས་ཡིན་ཏེ། །གཟུང་འཛིན་མཐའ་གཉིས་རྣམ་སྤངས་ནས། །དབྱིངས་དང་ཡེ་ཤེས་དོན་མཚོན་ཤོག །དེ་ནི་མཛད་པའི་ཕྲིན་ལས་དབང་། །དྲག་པོའི་དབང་ནི་སྒྲོལ་དབང་སྟེ། །དབྱིངས་དང་ཡེ་ཤེས་ཕོ་ཉ་དང་། །ཐབས་དང་ཤེས་རབ་རྟགས་ཀྱི་ཕོ་ཉ་མ། །ལས་གཉིས་རྫོགས་མཛད་འཇོམས་བྱེད་བཞི། །བདུད་འདུལ་དབང་གི་ཕྲིན་ལས་ཀྱིས། །བར་ཆད་དགྲ་བགེགས་འདུལ་ཞིང་ཡེ་ཤེས་གཉིས་མེད་དབང་ཐོབ་ཤོག །རྡོ་རྗེ་དབང་གི་ཕུར་པ་འདི་བྱིན་པས། །ཡེ་ཤེས་དབྱིངས་ལ་ཕུར་པ་འདེབས་པར་ཤོག །བཟའ་དང་བཅའ་དང་བཏུང་བ་སོགས། །རོ་མཆོག་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དམ་པ་ཐོབ་པར་ཤོག །དེ་ནས་མངོན་ཤེས་ལྔ་ཡི་དབང་། །མ་ལུས་བུ་ཡིས་ཐོབ་པར་ཤོག །དེ་ནས་གསང་བའི་དབང་ཡང་བསྐུར། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ངས་ནི་ཇི་ལྟར་བསྒོ་བ་བཞིན། །ངེས་པ་ཁོ་ནར་བྱ་དགོས་སོ། །བདག་ལ་སྨད་པར་མ་བྱེད་ཅིག །གལ་ཏེ་སྨད་པར་བྱས་ན་ནི། །
དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །རྡོ་རྗེ་དམྱལ་བར་གྱུར་ཏ་རེ། །སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ཀྱིས་བསྲུང་བར་བྱ་བ་ནི། །ལྷ་དང་བླ་མ་སྤུན་མི་སྤང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །གསང་བ་གཞན་ལ་སྤེལ་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། །རྩ་བ་དམ་ཚིག་ངེས་ཐུབ་ན། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །ཡེ་ཤེས་སེམས་དཔའ་ཉིད་དུ་འགྱུར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་བཅོམ་ལྡན་དབང་གི་བདག །བདག་ལ་སོགས་པའི་འཁོར་རྣམས་ལ། །བཀྲ་ཤིས་བརྗོད་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གིས་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཉོན་ཅིག །བཀྲ་ཤིས་དམ་པ་བཤད་པར་བྱའོ། །བཀྲ་ཤིས་དམ་པ་གསོལ་པ་ནི། །དང་པོ་མཚམས་ཀྱི་སྦྱོར་བ་ནི། །ཕྱི་ནང་གང་ཡང་རུང་བས་བྱ། །དེ་ནས་བཀྲ་ཤིས་པའི་ཆོ་ག་བྱ། །བག་ཆགས་སྐྱོན་བྲལ་དག་པ་ཡི། །པདྨ་ཡོངས་སུ་བསིལ་གནས་སུ། །དབང་གི་ཞིང་ཁམས་དམ་པ་ན། །བཅོམ་ལྡན་འདས་ཀྱིས་བདུད་ཀྱི་སྡེ་བཅོམ་ནས། །པདྨའི་གདན་ལ་མངོན་སངས་རྒྱས། །བཀྲ་ཤིས་དམ་པ་བདེ་རྒྱས་ཤོག །བཀྲ་ཤིས་དེ་ཡིས་ཡོངས་སུ་རྫོགས་པའོ། །གསུང་རྫོགས་དམ་པ་ཆོས་ཀྱི་སྐུ། །རྫས་མཆོག་དམ་པ་ལྷ་ཡི་རྫས། །ཡེ་དག་པ་ནི་པདྨའི་སྐུ། །སྐུ་གསུང་ཐུགས་སུ་བཀྲ་ཤིས་ཤོག །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བཀྲ་ཤིས་མཆོག་གི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་དབང་གི་རྒྱལ་པོ་ལ་གསོལ་པ། བཅོམ་ལྡན་དབང་མཆོག་བདེ་བ་ཆེ། །ཕྱི་རབས་པ་ཡི་དོན་སླད་དུ། །ཐམས་ཅད་སེམས་སུ་འདུས་པར་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་དབང་གི་རྒྱལ་པོས་བཀའ་སྩལ་པ། ཐམས་ཅད་བྱང་ཆུབ་སེམས་སུ་བྱ་བ་དེ། །སེམས་སུ་མ་འདུས་གང་ཡང་མེད། །ཐམས་ཅད་མ་
ལུས་སེམས་ཆེན་པོ། །གཟུགས་སུ་སྣང་བ་བྱང་ཆུབ་སེམས། །གཉིས་ཀར་སྣང་བའང་བྱང་ཆུབ་སེམས། །རྣམ་པ་སོ་སོར་སྣང་ཡང་བྱང་ཆུབ་སེམས། །སྙིང་པོ་མ་ནོར་བྱང་ཆུབ་སེམས། །གཞལ་ཡས་མ་ནོར་བྱང་ཆུབ་སེམས། །ཐམས་ཅད་མ་ལུས་བྱང་ཆུབ་སེམས། །སེམས་ལས་མ་བྱུང་གང་ཡང་མེད། །ཡོད་པ་སེམས་ལ་མེད་པ་སེམས། །གཉིས་ཀ་ཡང་ནི་སེམས་ཉིད་དེ། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །དེ་ནི་བལྟ་བ་བྱང་ཆུབ་སེམས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བལྟ་བ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། པདྨ་གར་གྱི་དབང་ཕྱུག་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བཅོམ་ལྡན་དབང་གི་བདག །ཕྱི་རབས་པ་ཡི་དོན་གྱི་ཕྱིར། །བསྒྲུབ་པའི་རྣམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །སྒོས་ཀྱི་བསྒྲུབ་པ་བསྟན་པར་བྱའོ། །ཟླ་གམ་གཅིག་གི་དཀྱིལ་འཁོར་དུ། །གར་གྱི་དབང་ཕྱུག་ཡབ་ཡུམ་ལ། །གསང་བའི་མ་བཞིས་བསྐོར་ནས་སུ། །སྒོ་ལ་འཁོར་ལོ་རྐང་གཅིག་བཞི། །དེ་རྣམས་སུ་ནི་བཀོད་ནས་སུ། །ལྷ་སྤྲོ་རང་རེའི་སྔགས་ཀྱིས་བྱ། །ཨོཾ་དང་རུ་ལུ་མ་མ་མ་ལས་བསྐྱེད། །ཤ་ཁྲག་དམར་དང་ལྡ་ལྡི་གུར། །རྟེན་པའི་རྫས་དང་མཆོད་པའི་རྫས། །བརྡེག་པའི་རྫས་དང་རྣམ་གསུམ་མོ། །རྟེན་པའི་རྫས་ནི་ཤ་སྣ་ཁྲག་སྣ་དམར་ལ་རྟེན། །མཆོད་པའི་རྫས་ཀྱང་དེ་བཞིན་ནོ། །བསྒྲུབ་པ་འབྲུབ་ཁུང་ལིངྒ་སྟེ། །གདུག་པའི་རྫས་ཀྱིས་བརྡེག་པའོ། །མ་བཞི་ཡན་ཆད་རྫས་བཀྲམ་ནས། །ཐ་མ་གནན་སྲེག་འཕང་བའོ། །དེ་ཡི་ལས་ཀྱིས་ཐེ་ཚོམ་མེད། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་མ་བཞི་སྒྲུབ་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་ལས་ཀྱི་སེམས་དཔས་གསོལ་བ་གསན་ནས་ཀྱང་། བསྒྲུབ་པ་ལས་ཀྱི་རིམ་པ་བཤད། །དང་པོ་སྔོན་དུ་འགྲོ་བ་བྱ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཟླ་གམ་ཟླུམ་པོ་པདྨ་བཞི་ཡིས་བསྐོར། །ཁྱམས་དང་སྒོ་རྣམས་དེ་བཞིན་བྱ། །དེ་ལ་དམ་རྫས་དམར་པོ་བསོག །དང་པོ་ཏིང་འཛིན་རྣམ་གསུམ་
སྟེ། །གཞལ་ཡས་ཁང་དེ་བསྐྱེད་པ་དེ། །འབྱུང་བའི་རིམ་དང་བྷྲཱུཾ་དང་པཾ། །སྐད་ཅིག་སྔགས་བརྗོད་རྫོགས་ཚུལ་བསྐྱེད། །དེ་ལ་བསྐྱེད་ནས་སྤྱན་དྲང་བཞུགས་སུ་གསོལ། །ཕྱག་རྒྱས་སྔགས་ཀྱིས་ཕྱག་བྱའོ། །དེ་ལ་བདུད་རྩི་གཏོར་མ་རཀྟས་མཆོད། །དངོས་གྲུབ་རྣམ་གསུམ་ཚུལ་བཞིན་བླང་། །མཆོད་ཅིང་བསྟོད་པའོ། །དབང་གི་ལྷ་ནི་དབུས་སུ་སྟེ། །པདྨ་དྲུག་ལ་ཁམ་རྒྱ་དགོད། །སྒོ་རུ་སྒོ་མ་དེ་བཞིན་ནོ། །དེ་ནས་དེ་ལ་ལས་ཀྱང་བཅོལ། །སྨོན་ལམ་བཏབ་ཅིང་བསྙེན་བསྒྲུབ་བྱ། །ལྷ་དགོད་པ་ཡང་རིམ་བཞིན་བྱ། །སྡོང་གཅིག་མ་ཡི་ཁྲག་གིས་ནི། །དུར་ཁྲོད་རས་ལ་ལིངྒ་བྲི། །འབྲུབ་ཁུང་ནང་དུ་དེ་བཅུག་ལ། །དེ་ལ་དགུག་གཞུག་བསྡིམ་གདབ་སྟེ། །བསྒྲལ་ནས་ལྷག་མ་བསྟབ་པ་ཡིས། །རྗེས་ཤུལ་དག་ལ་བྲོ་བརྡུང་ངོ་། །གདུག་པའི་རྫས་རྣམས་མ་ལུས་བརྡེག །མཁར་ནག་སྐེ་ནས་གདགས་པར་བྱའོ། །དེ་ཡིས་དབང་དྲག་ལས་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ཁམ་རྒྱ་མ་དྲུག་གིས་བསྐོར་བའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་ཡིས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆེན་པོ་དབང་གི་བདག །ལས་ཀྱི་བསྒྲུབ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ལས་ཀྱི་བསྒྲུབ་པ་བཤད་པ་ནི། །ཟླ་གམ་ཟླུམ་པོ་གྲུ་བཞི་དང་། །ཕྱི་རིམ་འཁོར་ལོ་བརྒྱད་བསྐོར་ཏེ། །སྒོ་དང་སྒོ་ཁྱུད་དེ་བཞིན་བྱེད། །དབུས་སུ་དབང་གི་རྒྱལ་པོ་དེ། །ཟླུམ་པོ་དང་ནི་གོ་ལ་མ། །འཁོར་ལོའི་རྩིབས་ལ་སྤྱང་བརྒྱད་དེ། །རྩིབས་མཆན་ལ་ནི་ཁྱི་བརྒྱད་དང་། །གྲུ་བཞི་ལ་ནི་ལོང་བའི་ཚོགས། །སྒོ་བཞི་དག་ལ་ཁྲོ་བོའོ། །གཞན་ཡང་རྫས་ཀྱི་རིམ་པ་དགོད། །དབུས་སུ་ཁང་བུ་ཁ་སྦྱར་ཏེ། །དེ་རུ་དམ་རྫས་བསགས་པའོ། །ཕྱི་མ་རང་རེའི་རྫས་དགྲམ་སྟེ། །རྟེན་རྫས་བསྒྲུབ་རྫས་བརྡེག་པའི་རྫས། །ཤ་སྣ་ཁྲག་སྣ་འབྲུ་རྣམས་ནི། །རྟེན་པའི་རྫས་སུ་བསྟན་པའོ། །
འབྲུ་བཅུད་སྨན་དང་བཅས་པ་ནི། །དེ་བཞིན་སྙིང་སྣ་དང་བཅས་ཀུན། །དེ་ནི་བསྒྲུབ་པའི་རྫས་སུ་བསྟན། །གུ་གུལ་ཉུང་ནག་རྡོ་ཕྱེ་དུག །དེ་ནི་བརྡེག་པའི་རྫས་ཡིན་ནོ། །གཞན་ཡང་སྐོང་རྫས་ལ་སོགས་བཤམ། །ཏིང་འཛིན་དང་ནི་དབང་མཆོག་རིམ། །གཞན་ཡང་ལྷ་བསྐྱེད་སྤྱན་དྲང་བཞུགས་གསོལ་ཕྱག་འཚལ་མཆོད། །སྨོན་ལམ་གདབ་པ་འདོད་དོན་གསོལ། །དེ་ནས་བསྙེན་བསྒྲུབ་ལས་སུ་བྱ། །དེ་ནས་ལིངྒ་བཅས་ལ་རྫས་དྲག་བསགས། །དེ་ནས་བཏབ་དང་བསྒྲུབ་པ་དང་། །གདབ་དང་དྲག་པོའི་ལས་བྱའོ། །དེ་ཡིས་གང་ལ་དམིགས་པ་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ལ་སྤྱང་བརྒྱད་དང་ཁྱི་བརྒྱད་དང་གོ་ལ་མ་བརྒྱད་དང་ཁྱི་སྤྱང་ལོང་བ་བསྒྲུབ་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་དབང་གི་རྒྱལ་པོ་ཆེ། །སྟོབས་དང་ཏིང་འཛིན་ལྡན་པ་དེས། །ལས་ཀྱི་སྒོམ་སྒྲུབ་བཤད་དུ་གསོལ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །སྟོབས་ལྡན་ཏིང་འཛིན་ཆེན་པོ་དེས། །དང་པོ་ལས་ཀྱི་རིམ་པ་བྱ། །དེ་ནས་གཟུགས་བརྙན་དཀྱིལ་འཁོར་བྲི། །དབུས་ནི་ཟླ་གམ་སྒོ་གཅིག་པ། །རེ་མིག་བརྒྱད་དུ་བྲིས་ནས་སུ། །མཐའ་མ་པདྨ་གྲུ་བཞི་སྒོ་དང་བཅས། །དབུས་སུ་དབང་གི་བདག་པོ་སྟེ། །རེ་མིག་རྣམས་ལ་གཽ་རཱི་བརྒྱད། །པདྨ་དབང་ཕྱུག་སིངྷ་མ། །ཉི་ཤུ་རྩ་བརྒྱད་སེང་གེ་དགོད། །སྒོ་ལ་ཁྲོ་བཞི་དེ་བཞིན་དགོད། །ཏིང་ངེ་འཛིན་ཀྱང་དེ་བཞིན་རིག །གཉིས་སུ་མེད་པས་བསྡིམ་པའོ། །ཏིང་འཛིན་རྣམ་གསུམ་རིམ་བཞིན་ཏེ། །ཧཱུཾ་ལས་གཞལ་ཡས་འབྱུང་བས་ཆགས། །རྫོགས་ཚུལ་བསྐྱེད་དང་དགོད་པའོ། །སྤྱན་དྲང་མཆོད་ཅིང་ཕྱག་འཚལ་མཆོད་ལ་ལས་བཅོལ་ལོ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་ཏེ། །ཡན་ལག་དེ་དང་ལྡན་པར་བྱ། །ཧ་ཧེ་ལས་ནི་བསྐྱེད་པ་སྟེ། །གཽ་རཱི་ཧ། ཙཽ་རཱི་ཧེ། པྲ་མོ་ཧེ་ཧ། བེ་ཏཱ་ལཱི་ཧ། པུཀྐ་སཱི་ཧ། གྷསྨ་རཱི་ཧ། སྨ་ཤ་ནཱི་ཧ། ཙནྡྷ་ལཱི་
ཧ། སིངྷ་མུ་ཁཱི་ཧེ། བྱཱ་གྷྲ་མུ་ཁཱི་ཧེ། ཛེྨ ་ག་ལ་མུ་ཁཱི་ཧེ། ཤྭ་ན་མུ་ཁཱི་ཧེ། གྲྀ་ཌྷ་མུ་ཁཱི་ཧེ། ཀངྈ་མུ་ཁཱི་ཧེ། ཀཱ་ཀ་མུ་ཁཱི་ཧེ། ཨུ་ལཱུ་ཀ་མུ་ཁཱི་ཧེ། མ་ནུ་རཀྵ་སཱི། པྲ་ཧྨ་ཎཱི། རཽ་ཏྲཱི། བིཥྞ་བེ། ཀཽ་མཱ་རཱི། ཨིནྡྲ་ནཱི། བཛྲ་པིང་ག་ལམ། ཨ་མྲྀ་ཏཾ། སཽ་མྱ། དཎྜ་དཾ། རཀྵ་སཱི། བྷཀྵ་སཱི། ར་ཏི་བཛྲ། རུ་དྷི་ར་མཏྟཱ། ཨེ་ཀ་ཙ་རི་ཎཱི། ཨེ་ཀ་ར་ཙ་རཾ། མ་ནོ་ཧ་རཾ། སིདྡྷི་ཀཾ། བཱ་ཡ་བེ། མ་ཧ་མ་ར་ཎ། ཨ། ཝ་ར་ཧཱི། ཙ་མུཎྜཱི། སུ་ཏ་ནཾ། བ་རུ་ཎཱི། བཛྲ་མ་ཧཱ་ཀཱ་ལི། ཙ་ཀ་ལཱི། བཛྲ་ཀུམྦྷ་ཀརྞ། བཛྲ་ལཾ་བོ་ད་ར། དེ་ལྟར་བསྐྱེད་མཆོད་ལས་བྱའོ། །དྲག་པོའི་རྫས་དང་ལིངྒ་བཅའ་བ་རྫོགས་པར་བྱ། །ཐ་མ་གནན་བསྲེག་འཕང་དང་སྦྱར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ལ་གཽ་རི་དང་སིངྷ་གསེར་གྱི་སེང་གེས་བསྐོར་བའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །ཕྱི་རབས་པ་ཡི་དོན་གྱི་ཕྱིར། །དབང་གི་སྐུ་ནི་བསྟན་དུ་གསོལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་པདྨ་སེམས་དཔའ་ཉོན་ཅིག །དབང་མཆོག་ཉིད་ཀྱི་སྐུ་བསྟན་པ། །སྟོང་པའི་ངང་ལས་ཡི་གེ་སྟེ། །ཡི་གེའི་སྤྲིན་ལས་གཞལ་ཡས་བཅས། །ཡི་གེ་ཧཱུཾ་གི་སྒྲ་བརྗོད་པས། །ཆེ་བའི་ཡོན་ཏན་དཔག་ལས་འདས། །དེ་ལས་དབང་གི་སྐུར་གསལ་ཏེ། །དབུ་ནི་ཉི་ཤུ་རྩ་གཅིག་སྟེ། །ཉི་ཤུ་ལས་ནི་ཡེ་ཤེས་ངོ་བོར་གསལ། །ཕྱག་ནི་བརྒྱད་ཅུ་རྩ་གཉིས་བྱུང་། །ཞབས་ནི་དམར་པོ་བཅུ་རུ་ཤར། །ན་བཟའ་གདུག་པའི་པགས་པ་སྣ་ཚོགས་དང་། །བསེ་ཁྲབ་ལ་སོགས་གསོལ་བའོ། །ལོག་ལྟ་གདུལ་ཕྱིར་རྒྱན་དང་ཆས། །མ་ལུས་ཚང་བར་བསྣམས་པའོ། །ཡུམ་ནི་ཐུགས་ཀར་སྦས་པའོ། །སངས་རྒྱས་སྟོང་གི་འབྱུང་གནས་སོ། །མ་ལུས་སྐུ་ལ་བསྣམས་པ་ཡིས། །མ་ལུས་ཆགས་མེད་ངང་དུ་སྒྲོལ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་
ཏནྟྲ་ལས། དབང་གི་རྒྱལ་པོ་ལས་དང་ཡེ་ཤེས་གྲུབ་ཅིང་ཆེ་བ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །ཕྱི་རབས་པ་ཡི་དོན་གྱི་ཕྱིར། །ལྷ་ཚོགས་འདི་རྣམས་བསྒྲུབ་པ་ཡི། །ཐུན་དང་ཟོར་གྱི་རྫས་འདི་གང་། །ལས་ཀྱི་མཐའ་ནི་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ལས་ཀྱི་སེམས་དཔའ་ཆེན་པོ་ཉོན། །དྲག་པོའི་ཐུན་དང་རྫས་བསྟན་པ། །སྲུབས་མེད་བསེ་ཕོར་དམར་པོ་རུ། །སྨན་དང་ཤ་ཁྲག་བཅས་པ་ནི། །དམར་པོའི་དར་གྱིས་གྲིལ་བ་ནི། །དབང་གི་རྒྱལ་པོའི་རྫས་ཡིན་ནོ། །ཐོད་པ་ཚལ་པ་བཅུ་དྲུག་ཏུ། །ཁྲག་ཞག་ཉུང་དུག་བཅས་པས་དགང་། །ཡི་གེ་འབྲུ་བརྒྱད་བཀོད་པ་ནི། །ཀཽ་རཱི་སིངྷའི་རྫས་ཡིན་ནོ། །ནག་པོ་དུམ་མེད་ཐོད་པ་རུ། །སྙིང་སྣ་ཚོགས་དང་ཤ་ཁྲག་དང་། །དུག་དང་ཉུང་མངའ་བཅས་པ་ནི། །ཁྱི་སྤྱང་ཚོགས་ཀྱི་རྫས་ཡིན་ནོ། །རྨུ་ལུག་པ་ཡི་ཐོད་པ་རུ། །གདུག་པའི་སེམས་ཅན་ཁྲག་སྣ་དུག་སྣ་རྫས། །བརྡེག་པའི་རྫས་ཀྱིས་བཀང་ནས་ནི། །མཚོན་དང་དུག་གིས་ཁ་བཅད་པ། །ལོང་བའི་ཚོགས་ཀྱི་རྫས་སུ་དགོད། །མཚན་ངན་སྲུབ་མེད་ནང་དུ་ནི། །གདུག་པའི་ཤ་ཁྲག་བསོག་པ་ནི། །ཁམ་རྒྱ་དང་ནི་གོ་ལའི་རྫས། །ལྕང་ལོར་བཅས་པ་ཤ་ཁྲག་བཀང་། །གཽ་རཱི་དང་ནི་ཙཽ་རཱི་སིངྷའི་ཚོགས། །སེང་གེ་ཉི་ཤུ་བརྒྱད་རྣམས་ཀྱི། །ཐུན་དང་ཟོར་གྱི་རྫས་བསྟན་པའོ། །རྣམ་བཞིའི་ལས་དང་བརྡེག་པར་བྱ། །བསྲེག་དང་གནན་པ་རྩ་བའི་སྔགས་གཞུག་ཤམ་བུ་ཅན། །འཕང་བ་ལ་ནི་བྷྱོ་དང་ཐུན། །སྤྱན་དྲངས་སྔགས་ལ་ཛཿགདགས་སོ། །གཞུག་པ་ལ་ནི་ཨཱ་བེ་ཤ །ཕྱག་ན་ཤྲཱི་ན་མོའོ། །མཆོད་དང་བསྟབས་ལ་ཁཱ་ཧི་སྔགས་གཞུག་ཏུ། །ལས་ཀྱི་རྣམ་པ་དེ་ལྟ་སྟེ། །ལྷ་རེ་བསྐུལ་རེ་སྔགས་བཟླས་ཏིང་འཛིན་གསལ་བས་གདབ། །ཏིང་འཛིན་སྔགས་དང་ཚིག་རྣམས་ལ། །བར་ཆད་མེད་པར་བསྒྲིམས་ཏེ་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས།
ལས་ཀྱི་ཐུན་བསགས་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་བདག་ལ་ཡང་གསོལ་པ། །ཕྱི་རབས་འགྲོ་བའི་དོན་གྱི་ཕྱིར། །མཁའ་འགྲོའི་ཚོགས་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །དབང་གི་རྒྱལ་པོས་བཀའ་སྩལ་པ། །མཁའ་འགྲོ་འབར་བའི་ཚོགས་རྣམས་ནི། །བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །གདུལ་བྱ་མ་དད་བཏུལ་བའི་ཚེ། །འཁོར་བའི་འཁོར་རྣམས་དབང་བསྡུས་ཏེ། །འགྲོ་བའི་དོན་དང་བསྟུན་པའི་ཕྱིར། །ཡེ་ཤེས་དང་ནི་ལས་ཀྱི་མཁའ་འགྲོ་མ། །འཕགས་པའི་ལུས་ལ་གདུག་པའི་དབུ། །འབུམ་ཕྲག་གཡས་དང་གཡོན་དུ་གནས། །ལྷག་མ་སྡུད་ཅིང་ལས་རྣམས་མཐར་འབྱིན་པའོ། །ཡེ་ཤེས་མཁའ་འགྲོ་མཆོད་ཅིང་ལས་ཀྱི་མཁའ་འགྲོ་རྣམས། །དམ་ལ་བཏགས་ཏེ་གཉེར་གཏད་ལས་བཅོལ་ལོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཁའ་འགྲོའི་ཚོགས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། །ཀྱེ་མ་དབང་གི་རྒྱལ་པོ་ཆེ། །འགྲོ་བའི་དོན་དུ་བཀའ་སྩོལ་ཅིག །དྲག་པོ་ཧོམ་ལས་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །དྲག་པོ་ཧོམ་གྱི་ལས་དག་ནི། །ཟླ་གམ་གྲུ་གསུམ་ནང་དུ་ནི། །གདུག་པའི་ཤིང་ལ་མེ་སྦར་ཏེ། །འབྱུང་བ་རླུང་གི་བུ་མོ་བཞི་ནི་བསྐུལ། །བ་དན་རྫི་ལ་འཕྱར་ཞིང་འབྱུང་བའི་མེ་ཡང་འབུད། །གདུག་པ་མ་ལུས་ཚོགས་ནི་སྤོར་ཞིང་བརྣགས་པའི་ལས་བྱེད་དོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཧོམ་གྱི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་ལས་ཀྱི་སེམས་དཔས་ཡང་གསོལ་པ། །དབང་གི་རྒྱལ་པོ་ཨེ་མ་ཧོ། །དགུག་ཅིང་མྱོས་པའི་ལས་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །དབང་གི་རྒྱལ་པོ་ཆེན་པོ་ཡིས། །བཾ་ནི་ལྗགས་ཀྱི་རྩེ་ནས་སྤྲོས། །ཧཱུཾ་དང་ཛཿནི་ཐུགས་ནས་
སྤྲོས། །ཧོཿནི་གསང་བའི་གནས་ནས་སྤྲོས། །དེ་ལས་ཕྱག་རྒྱའི་ཚོགས་བྱུང་སྟེ། །ལྕགས་ཀྱུ་ཅན་དང་ཞགས་པ་ཅན། །ལྕགས་སྒྲོག་ཅན་དང་དྲིལ་བུ་ཅན། །བཞི་ཡིས་ཕྲིན་ལས་རྣམ་བཞི་རྫོགས། །ལས་ནི་ཐམས་ཅད་འགྲུབ་པར་བྱེད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱག་རྒྱ་བཞིའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །དམིགས་པའི་རྟེན་ནི་གང་ལ་བགྱི། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། ལིངྒ་བཅའ་བའི་རྒྱུ་ཉིད་ནི། །མི་ཕུང་ས་དང་མ་རུངས་པ། །གལ་གྱི་དུམ་བུ་ཇུ་ཚེ་ཕུབ། །སྲུབ་ཀའི་ལོ་མ་ཏིག་ཏ་རྣམས། །བོང་བུ་ཡི་ནི་བདུད་རྩིས་སྦྲུ། །དེ་ལ་ལིངྒ་མཚན་ལྡན་བྱ། །མགོ་དང་ཡན་ལག་གསང་གནས་བཅས། །ཉོན་མོངས་ལྔ་དང་ལྡན་པར་བྱས། །ཡན་ལག་ཉིང་ལག་རྫོགས་ལ་དོད་པར་བྱས། །ལྷ་ལྔ་དག་དང་ཕྲལ་ནས་ནི། །མ་ཉེས་གཟུ་དང་དཔང་བཙུག་སྟེ། །ཚོན་སྣ་ལྔ་ཡིས་བྱད་དུ་གཞུག །ཚོན་སྣ་ལྔ་ཡི་བྲུངས་ཀྱིས་གནན། །སྨེ་བ་གསུམ་གྱི་ཁྲག་གིས་བྱུག །སྐེ་ནས་མཁར་ནག་དག་གིས་གདགས། །འབྲུབ་ཁུང་གསང་བའི་གནས་སུ་བཅུག །དེ་ལ་དབང་དྲག་ལས་བྱའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ཡིས། །བཀུག་ཅིང་བཅིངས་ལ་གདབ་པར་བྱ། །གདུག་པ་དུག་གི་རྒྱུ་དག་ལ། །དེ་ལ་ཕུར་པ་སོར་ལྔ་སྟེ། །ལྕགས་སམ་ཟངས་སམ་དངུལ་དང་གསེར་དག་ལ། །དེ་ལ་བྱིན་བརླབ་དབང་བསྐུར་ཏེ། །ཡབ་ཡུམ་གསང་བའི་གནས་ནས་སུ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །ཡི་གེ་ཨོཾ་དང་ཨཱཾ་དང་ཧཱུཾ། །རིམ་པས་བསྐོར་ཏེ་སྐུ་གསུང་ཐུགས་སུ་བརླབ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱིས། །ཕུར་པ་དེ་ཉིད་སྲས་སུ་བྱིན་གྱིས་བརླབ། །མ་ལུས་སྒྲོལ་བའི་དབང་ཡང་བསྐུར། །དེ་ཡིས་གདབ་ཅིང་བསྒྲལ་བྱས་ན། །མི་སྒྲོལ་བ་ནི་གང་ཡང་མེད། །བྱང་ཆུབ་སེམས་ལས་སྤྲོས་པ་ཡི། །ཐུགས་རྗེས་ཁམས་གསུམ་མ་གཡོས་བསྒྲལ། །ཐམས་ཅད་གཉིས་མེད་ངང་དུ་བསྒྲལ། །
ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལིངྒ་བཅའ་བ་དང་ཕུར་བུ་གདབ་པའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །ཚེ་འདས་ཀྱི་དགེ་བའི་ལས་ཀྱི་སྟོངས་བྱ་ན། །ལས་ཀྱི་རྣམ་པ་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཚེ་འདས་དགེ་བའི་ལས་ཀྱི་སྟོངས་བྱ་ན། །དང་པོར་ལུས་སྦྱང་སེམས་སྦྱང་གཉིས། །དེ་ནས་ཕུང་པོ་བསྲེག་སྦྱང་ན། །རུས་པ་སྐུ་གདུང་རིང་བསྲེལ་ཏེ། །སྐུ་གདུང་དུས་གསུམ་མཆོད་པའི་རྟེན་དུ་བཞུགས། །དང་པོར་དད་དང་ལྡན་པའི་རྣལ་འབྱོར་པས། །གཟུགས་བརྙན་མཆོད་རྟེན་མངོན་བཞེངས་ན། །སྔགས་མཁན་རབ་ཀྱིས་བློ་ལྡན་པས། །རྩེ་གཅིག་ཏིང་འཛིན་བྱ་བ་ནི། །འོག་གི་འགྲམ་བཏིང་དགེ་བ་བཅུ། །བམ་རིམ་དང་པོ་དྲན་པ་ཉེར་གཞག་བཞི། །གཉིས་པ་ཡང་དག་སྤོང་བ་བཞི། །གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །བཞི་པ་སྣང་བའི་དབང་པོ་ལྔ། །བུམ་པའི་རྟེན་ནི་སྟོབས་ཆེན་ལྔ། །ཁ་ཁྱེར་འཕགས་པའི་ཡན་ལག་བརྒྱད། །སྲོག་ཤིང་མཁྱེན་པ་བཅུ་ཡིན་ཏེ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་གཞག་གསུམ། །ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །བྱ་རུ་ཐབས་དང་ཤེས་རབ་ལ། །ཏོག་ནི་མི་དམིགས་ཆོས་ཀྱི་སྐུ། །དྲིལ་བུ་ཆོས་ཉིད་སྟོང་པའི་སྒྲ། །དར་དཔྱངས་འཁོར་བའི་མཐའ་ལས་འདས། །རྒྱུ་འབྲས་ཆོས་ལས་གྲུབ་པའི་སྐུ་གདུང་ལ། །སྐུ་ཕྱིས་སྐུ་ཁྲུས་གསོལ་ཏེ་བཞུགས་པར་བསམ། །དེ་ཉིད་མ་ནོར་གཞལ་ཡས་བསམ། །སྐུ་གསུམ་ངོ་བོ་གང་ཡང་རུང་བ་འམ། །འདི་ནི་སྤྲུལ་པའི་སྐུ་ཉིད་དེ། །སྤྱན་དྲངས་བསྡིམས་མཆོད་དོན་གསོལ་གདབ། །ཕྱི་མཐའི་མུ་ཡི་བར་དུ་འམ། །འཁོར་བ་མཐར་བརླག་བར་དུ་ནི། །སྐུ་གདུང་མཆོད་པའི་རྟེན་དུ་བཞུགས། །དེ་ནས་ཡང་ནི་བཤད་བྱ་བ། །སྐུ་གཟུགས་ཚ་ཚ་གདབ་པ་ནི། །ཟངས་ལྕགས་གསེར་དངུལ་ལ་སོགས་པ། །ཞུ་ནས་ལུགས་སུ་བླུགས་ཀྱང་རུང་། །དུར་ཁྲོད་ཚོན་
རྩི་སྣ་ལྔ་ཡིས། །ཁུང་བུ་ལོགས་སམ་ཐང་ཁ་ལ། །ཐབས་ལ་མཁས་པས་བྲིས་པ་འམ། །རྭ་དང་བ་སོ་རྡོ་ཤིང་ས། །ཀུན་ལ་འབུར་དུ་བཏོད་པ་སྟེ། །མཁན་པོ་གང་ཡང་ཤེས་དང་ལྡན་གྱུར་པས། །ལེགས་ཤིང་དོད་དེ་ཚད་དང་ལྡན་པར་བྱ། །རང་འདོད་ལྷ་ཡི་གཟུགས་ཉིད་ལ། །ངེས་པའི་ཏིང་འཛིན་རྩེ་གཅིག་ཏུ། །ཡང་དག་པར་ནི་བསམ་བྱས་ནས། །སྐུ་ཕྱིས་སྐུ་ཁྲུས་གསོལ་པ་དང་། །དབུ་བཤད་སྙན་བསལ་སྤྱན་དབྱེ་ཤངས་སྤུ་འཐོག །ཚེམས་དྲུད་པ་དང་ལྗགས་བཞར་ནས། །རང་བཞིན་གནས་ནས་སྤྱན་དྲང་བསྡིམ། །ཕྱག་བྱ་མཆོད་དེ་བསྒྲུབ་བྱས་ནས། །བཀུར་འོས་ཕྱག་བྱ་མཆོད་པའི་གནས། །འཁོར་བ་མ་སྟོངས་བར་དུ་ནི། །ཞལ་བསྲོ་བཀྲ་ཤིས་མངའ་གསོལ་དབང་བསྐུར་ནས། །སྐུ་གཟུགས་མཆོད་པའི་རྟེན་དུ་བྱའོ། །ཕྲེང་བ་ཡི་གེ་འབྲུ་བརྒྱད་དེ། །ཕྲེང་ཐག་དབུགས་ཀྱི་རྟ་ཉིད་དུ། །ཕར་འཕྲོ་བ་དང་ཚུར་འདུ་བ། །མཐེབ་མཛུབ་གཉིས་ཀྱིས་བགྲང་བྱ་བ། །གསེར་གྱི་བ་ཐག་གཟིངས་བཞིན་ནོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་རྟེན་དང་། ཚ་ཚ་དང་། ཕྲེང་བའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་དྲག་ཆེ། །དབང་གི་རྒྱལ་ལ་བདག་ཉན་འཚལ། །མཆོད་པ་ཆེན་པོ་ཇི་ལྟར་ལགས། །དབང་གི་རྒྱལ་གྱིས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །མཆོད་པ་ཆེན་པོ་ཞེས་བྱ་བ། །མ་དད་སེམས་ཅན་ཆེན་པོ་བསྒྲལ་བའི་ཚེ། །ཕུང་པོ་དུར་ཁྲོད་གྱུར་པའི་ཚེ། །བདེ་གཤེགས་རིགས་ཚོགས་མ་ལུས་ལ། །ཐམས་ཅད་རྫས་ཀྱིས་མཆོད་པ་སྟེ། །ཕྱི་ཡི་དྭངས་མ་ལྔ་ནི་མཆོད་པར་ཕུལ། །ཞི་བ་ཆེན་པོའི་ཚུལ་དུ་ཕུལ་བའོ། །རྣམ་ཤེས་དབང་པོ་ཡུལ་བཅས་པ། །ཞི་བ་རྡོ་རྗེ་དབྱིངས་ལ་ཕུལ། །ཐམས་ཅད་ཞི་བས་སྦྱང་བའོ། །ཕུང་པོ་ཁམས་དང་དབང་པོ་ཡུལ་དུས་ཏེ། །ཕུང་པོ་ལྔ་ནི་ཁྲག་འཐུང་ལྔ་ལ་
ཕུལ། །ཡུལ་ལྔ་ཁྲོ་མོ་ལྔ་ལ་ཕུལ། །རྣམ་ཤེས་བརྒྱད་ནི་གོའུ་རཱི་མ་ལ་ཕུལ། །ཡུལ་ནི་སིང་ཧ་མ་ལའོ། །ཡིད་ཆོས་ཀུན་བཟང་ཡབ་ཡུམ་གཉིས་ལ་ཕུལ། །མི་དགེ་དག་ནི་ཉི་ཤུ་རྩ་བརྒྱད་ནི། །སིང་ཧ་དབང་མོ་རྣམས་ལ་ཕུལ། །མི་དགེ་བརྒྱད་ནི་སྒོ་བ་ཡབ་ཡུམ་ལ། །དེ་ནི་འགྲོ་བ་འདུལ་བར་སྦྱང་བའོ། །གསང་བ་སྤྱི་ཡི་དབང་གི་རྒྱལ་ལ་ཕུལ། །ཡུལ་དང་ཆོས་བཅས་གཟི་ལྡན་ཅན། །ཚོགས་བརྒྱད་ཡུལ་བརྒྱད་ཁྱི་སྤྱང་ཚོགས་ལ་ཕུལ། །དབང་པོ་ལྔ་དང་ཡུལ་ལྔ་ཁམ་རྒྱ་གིར་མ་ལ། །དྭངས་མ་བཞི་ནི་ཡུམ་བཞི་ལ། །རྟོག་ཚོགས་རྣམས་ནི་ལོང་བའི་ཚོགས་ལ་དབུལ། །དུག་ལྔ་དབང་གི་རྒྱལ་དང་བརྟུལ་ཞུགས་བཞི་ལ་སྟེ། །ཡན་ལག་ཁྲོ་བོ་མགོ་བརྩེགས་བཞི་ལ་དབུལ། །ནང་རོལ་ཕོ་ཉ་དང་ནི་མ་ཚོགས་རྣམས་ལ་ཕུལ། །དབང་གི་མ་ཚོགས་གསང་བ་ཡིས། །དུག་ལྔ་དབང་དུ་སྦྱང་བའོ། །རུས་པ་མ་ལུས་མཆོད་པར་ཕུལ། །ཞེ་སྡང་གཏན་ནས་དག་པའོ། །ཤ་ཆེན་མ་ལུས་མཆོད་པར་ཕུལ། །གཏི་མུག་གཏན་ནས་དག་པའོ། །ཆུ་སེར་མ་ལུས་མཆོད་པར་ཕུལ། །ང་རྒྱལ་གཏན་ནས་དག་པའོ། །ཀླད་པ་དག་པའི་མཆོད་པར་དབུལ། །གཉིས་མེད་སེམས་ཀྱི་མཆོད་པ་སྟེ། །ཉོན་མོངས་མ་ལུས་དག་པའོ། །ཐམས་ཅད་བདུད་རྩི་ཆེན་པོར་སྤྲུལ། །གསང་བ་ཡི་ནི་མཆོད་པར་ཕུལ། །གཉིས་སུ་མེད་དང་བླང་དོར་མེད་པ་དག་པའོ། །སྒྲ་ཚོགས་མ་ལུས་མཆོད་པ་སྟེ། །ཉོན་མོངས་གདུངས་པའི་སྒྲ་ནི་ཡེ་ཤེས་གཉིས་མེད་དག་པའོ། །རྡོས་པ་རྣམས་ཀྱང་གཞལ་ཡས་དག་གདན་དུའོ། །ཞེས་གསུངས་པ་ལ་ཐེ་ཚོམ་མེད། །དེ་ལྟར་མ་དད་བསྒྲལ་ཏེ་མཆོད་པ་ཕུལ། །མ་ཆགས་མཆོད་པ་མ་སྤངས་གནས་སུ་དག་པའོ། །ཕྱི་རབས་རྣམས་ཀྱང་དེ་བཞིན་ཏེ། །མཆོད་པ་ཕྱི་ནང་གསང་བར་བྱའོ། །དེ་ཡིས་ལས་གྲུབ་ཐེ་ཚོམ་མེད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པའི་རིམ་པར་ཕྱེ་བའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། ལས་ཀྱི་པདྨ་སེམས་དཔའ་དེས། མ་
ཆགས་པ་ཡི་མཆོད་པ་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །ཕྱི་རབས་པ་ཡི་དོན་གྱི་ཕྱིར། །དྲག་པོའི་ཐོག་སེར་ལས་ནི་བདག་ཉན་འཚལ། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །དྲག་པོའི་ཐོག་སེར་དབབ་པ་ན། །རྟ་ཡི་ཏིང་འཛིན་ལྡན་པ་ཡིས། །དང་པོ་གནས་ནི་བཙལ་བར་བྱའོ། །གནོད་སྦྱིན་མོ་ཡི་སྤར་རྗེས་སམ། །བྲག་དམར་མཆི་རིས་ཡོད་པ་འམ། །གནོད་སྦྱིན་མཚོན་ཆས་བཤལ་རྗེས་སམ། །རྟེན་དང་འདྲེལ་པ་ཅན་དག་གམ། །ཡང་ན་ས་ནི་ཟླ་གམ་འདྲ་བ་འམ། །གྲུ་གསུམ་སར་ནི་རྣམ་པར་བསྒྲུབ། །དེ་རུ་ཡར་གྱི་ཚེས་ལ་འཇུག །དེ་རུ་བཤགས་ཤིང་བསྙེན་པ་བྱ། །དེ་ནས་ཕྱི་མཆོད་ལས་རྣམས་བྱའོ། །སྲུབས་མེད་སྤྱི་བླུགས་ཐོད་པ་རུ། །དབུས་སུ་ཟླ་གམ་གསུམ་དུ་བྱ། །ཐ་མ་འཁོར་བཞི་པད་བཞི་ནང་། །དེ་རུ་ཐོག་བདག་མ་བཞི་དགོད། །ཟླ་གམ་སྒོ་བདུན་གཟའ་མཆོག་དགོད། །ཕྱི་མ་ལས་དང་དབང་མཆོག་ཚོགས། །དེ་ལྟར་བཀོད་ལ་བསྒྲུབ་པ་སྟེ། །དཀྱིལ་དུ་སེང་གེ་ཕུར་བུ་དགོད། །དབང་གི་རྒྱལ་པོར་མངའ་གསོལ་ལོ། །མདུན་དུ་གཟའ་ཡི་རྒྱལ་པོ་སྟེ། །དྲག་པོ་ཐོག་སེར་ཕྲིན་ལས་བཅོལ། །འཁོར་ལོ་པདྨར་ལས་ཀྱི་གདུག་པ་མོ། །བཞི་ནི་བཀོད་དེ་ཆུ་འཁྱགས་འབེབས། །དེ་ལྟར་གསལ་ཞིང་དབབ་པའོ། །དང་པོ་སྤྱན་དྲང་མཆོད་པའོ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་ནོ། །བསྙེན་བསྒྲུབ་བཞི་རུ་ཤེས་པར་བྱ། །དབང་གི་རྒྱལ་པོ་ཡབ་ཡུམ་བར། །མ་ལས་ཐོག་གི་རྒྱལ་མོ་བཞི་རུ་བྱུང་ངོ་། །ཞབས་ཀྱི་གཟའ་ཆེན་པོ་རཱ་ཧུ་ལ། ཡ་མ་ནག་པོ་བཏོན་ཏེ། དེ་ལྟར་བཀོད་དེ་གནས་པ་ལས། །དབུས་སུ་གཙོ་བོ་ཧྲཱྀཿལས་སོ། །དཀྱིལ་འཁོར་དེ་ལ་རིམ་པར་རོ། །ཨོཾ་ཧྲི་རུ་ལུ་ས་མ་ཡ་ཛ། ཡ་མ་སྙིང་ལ་མ་ཁྲག་དུག་སི་ས་མ་ཡ་ཛ། མ་མ་རག་ཤ་ཏྲག་རུ་ཙར་ལི་མ་ཤམ་པ་དེ་ལ་མ་བྷྱོ། རཀྵ་ཁ་ལ་ཏི་ས་མ་ཡ་བྷྱོ། ག་པི་ས་མ་ཡ་རུ་རུ་ཙ་བ་ཙ་བ་དྲག་ཏུ་ཙིར་བྷྱོ། ཆད་པ་ནག་པོའི་ཐོད་པ་རུ། །ལས་ཀྱི་
རིམ་པ་གོང་བཞིན་ཏེ། །གདུག་པའི་ཤ་ཁྲག་མ་ལུས་དང་། །སྙིང་སྣ་དང་ནི་སྨན་གྱིས་མཆོད། །རག་དུ་རོ་ཤ་ཤ་ལ་ཤ་མ་ར་ཕོབ། དྲག་ལིང་བབ་ལིང་། ས་མ་རུ་ཏི་ཡ་བྷྱོ། དུག་དང་མ་རུངས་སྦྱར་བར་བྱའོ། །གནས་གསུམ་དག་ཏུ་གཏང་རུ་གཞུག །གནམ་ལ་སྐྱ་རེངས་གཟེར་ཆེན་ཏེ། །བར་དུ་ལྷ་གཉན་གདུག་སེར་གཏའ། །ས་ལ་གདུག་པའི་ཁྲག་ཟོར་རོ། །དེ་ཡིས་ལས་རྣམས་གྲུབ་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཐོག་འབེབས་པ་དང་སེར་བ་འབེབས་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་ལིངྒ་དྲག་པོ་བཅས་ནས་ནི། །མཚན་དང་ལྡན་པའི་ལིངྒ་ལ། །སེང་ལྡེང་ཕུར་པས་བསྡིགས་ཤིང་གཟིར། །ཁྲག་སྣ་འདུས་པ་སྨེ་བར་བཅས། །ཐོད་པ་དག་ཏུ་བླུགས་ནས་ནི། །དུར་ཁྲོད་རྐང་གི་རྨྱུ་གུ་བྱ། །འོ་མ་སྣ་གསུམ་བསྲེས་ནས་ནི། །གདུག་པའི་ཤིང་ལ་མེ་སྦར་ལ། །དུག་སྔགས་བཟླས་ཤིང་ཐབ་བཅས་ལ། །ཐལ་འཇམ་དུར་ཁྲོད་སོལ་བས་ཕྱོགས་བཞིར་གཏོར། །དེ་ཡིས་ཐོག་སེར་འབེབས་པར་བྱེད། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྡོ་རྗེ་ཐོག་སེར་འབེབས་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་གསང་བ་དབང་གི་བདག །ཕྱི་རབས་དོན་དང་བདག་ལ་ཡང་། །ཟོར་གྱི་ལས་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་དབང་གིས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །དབང་གི་ཟོར་དུ་བསྟན་པ་ནི། །བསྒྲུབ་པ་ཆེན་པོ་རྫོགས་པའི་ཚེ། །དྲག་པོ་ཟོར་དུ་བྱ་བ་ནི། །དབང་གི་རྒྱལ་པོ་སྐྱེས་བུ་ཡིས། །གཤེར་མ་དྲེགས་པའི་བྷན་དྷ་རུ། །ཁྱོ་དགུ་ཤི་བའི་དྲི་མ་ཅན། །དེ་ལྟ་བུ་ཡི་ཐོད་པ་རུ། །དྲག་པོའི་རྫས་རྣམས་མ་ལུས་བསོག །གདུག་པའི་རྫས་ཀྱིས་དེ་བཀང་ལ། །བྱིན་གྱིས་བརླབས་ཤིང་བསྐུལ་བྱས་ཏེ། །གར་དམིགས་གནས་སུ་འཕང་བྱས་ལ། །དེ་ལ་ཟོར་གྱི་གདུག་བདག་བསྐུལ། །ཡི་གེ་བཞི་ཡིས་འཕྲོ་འདུ་བྱ། །ཞེ་སྡང་གདུག་པའི་ཏིང་འཛིན་བསྒོམ། །ཟོར་གྱི་ལས་མཁན་མ་ཚོགས་བསྐུལ། །ཞེ་སྡང་ལྡན་པས་
བརྡེག་པར་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ཟོར་གྱི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། ཀྱེ་མ་དབང་གི་རྒྱལ་པོ་ལགས། །ཕྱི་རབས་རྣམས་ཀྱི་དོན་དུ་ནི། །རྒྱུན་དུ་ཏིང་འཛིན་ཇི་ལྟར་ལགས། །དཔའ་བོ་དབང་གི་རྒྱལ་པོས་བཀའ་སྩལ་པ། །ལས་ཀྱི་སེམས་དཔའ་ཉོན་ཅིག །ཕྱི་རབས་རྣམས་ཀྱི་དོན་དུ་རྒྱུན་གྱི་ཏིང་ངེ་འཛིན་བསྟན་པར་བྱའོ། །མངོན་དུ་བཞག་སྟེ་སེམས་བསྐྱེད་དེ། །ཏིང་འཛིན་གསུམ་དང་ལྡན་པར་བྱ། །སྣོད་ནི་དག་པ་གཞལ་ཡས་ལ། །བཅུད་ནི་དག་པ་ལྷ་ཡི་ཚོགས། །གཉིས་སུ་མེད་པར་ལྷ་མོས་མཆོད། །སྤྱན་དྲང་བཞུགས་གསོལ་ཕྱག་བཙལ་ནས། །མཆོད་པ་འདོད་དོན་གསོལ་བ་གདབ། །དགྱེས་པ་བསྐྱེད་དེ་གཤེགས་སུ་གསོལ། །ཨོཾ་བཛྲ་པ་ལེན་ཏ་བི་ཤ་ཙ་ཏྲ་མ། བྷྲཱུཾ་ཨོཾ་དྷྲི་ཤཾ་ཡ་མ་ཡ་ས་མ་ཡ་ཕཊ། བྱིན་བརླབ་མཆོད་དེ་ལྷ་རྣམས་དགྱེས་པ་བསྐྱེད། །བསྟོད་ཅིང་བསྐུལ་ལ་ཕྲིན་ལས་བཅོལ། །བཟའ་བ་ཐམས་ཅད་མཆོད་པ་དེ། །བཏུང་བ་ཐམས་ཅད་བདུད་རྩིར་མཆོད། །ལྷ་མཆོད་བདག་རོལ་དངོས་གྲུབ་ཡིན། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྒྱུན་གྱི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ང་བདུན་པའོ།། །།པདྨ་ལས་ཀྱི་སེམས་དཔའ་ཉོན། །ཡི་གེ་ཕྲེང་བའི་བཟླས་པ་དང་། །དགོངས་པའི་ཕྲིན་ལས་ཆེན་པོ་ནི། །དང་པོ་ཕྱི་མོ་འཁོར་ལོར་གསལ། །བདེ་བ་ཆེན་པོའི་གཞལ་ཡས་སྤྱི། །འཁོར་ལོ་སུམ་ཅུ་རྩ་གཉིས་སོ། །ཕྱི་མོ་ཡི་གེ་ཨོཾ་དུ་གསལ། །དེ་ལས་འབྲུ་བརྒྱད་ཧུ་ལུའི་ཚོགས། །ཡིག་འབྲུ་རིན་ཆེན་ཕྲེང་བ་སྟེ། །ཡི་གེ་འོད་ཀྱི་ཕྲེང་བར་གནས། །ལོངས་སྤྱོད་འཁོར་ལོ་འདབ་བཅུ་དྲུག །ཕྱི་མོ་ཡི་གེ་ཨཱཾ་དམར་པོ། །དེ་ལ་ཧུ་ལུ་འབྲུ་བརྒྱད་བསྐོར། །ཐིག་ལེ་ལྟ་བུར་བསྐོར་བའོ། །ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། །ཕྱི་མོ་ཡི་གེ་ཧཱུཾ་དུ་གནས། །ཐ་མ་ཧུ་ལུ་འབྲུ་བརྒྱད་བསྐོར། །རིན་ཆེན་རྩར་ལ་བརྒྱུས་པ་བཞིན། །ཏིལ་འབྲུ་བཞིན་དུ་གནས་པའོ། །ལྟེ་བ་རིན་ཆེན་གཞལ་ཡས་ཏེ། །འཁོར་ལོ་དྲུག་ཅུ་གཉིས་དང་ལྡན། །ཕྱི་མོ་ཡི་གེ་སྭཱ་སེར་པོ། །དེ་ལ་ཧུ་ལུ་འབྲུ་
བརྒྱད་བསྐོར། །ཚ་ཚ་ལྟ་བུར་གནས་པའོ། །ལས་ཀྱི་གཞལ་ཡས་འབར་བ་བཞི། །མེ་དང་རླུང་གི་འཁོར་ལོར་གནས། །ཡི་གེ་གཞུ་དང་གྲུ་གསུམ་བ་དན་མཚན། །ཕྱི་མོ་ཡི་གེ་ཧཱ་ལྗང་གུ། །དེ་ལ་ཧུ་ལུ་འབྲུ་བརྒྱད་བསྐོར། །ཚ་ཚ་བཞིན་དུ་གནས་པའོ། །དེ་ལས་འཕྲོ་དང་འདུ་བ་སྟེ། །ཕྲིན་ལས་མ་ལུས་རྫོགས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཡི་གེ་ཕྲེང་བ་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་ཡང་དབང་གི་སེམས་དཔའ་ལ། དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ང་ཡིས་གསུངས་པའི་རྒྱུད་འདི་ལ། །ཡོན་ཏན་དཔག་གིས་མི་ལང་སྟེ། །ཇི་ལྟར་སྣང་བ་ཡང་ང་ཡི་སྤྱོད་ཡུལ་ལོ། །ཆོས་འདི་ཐམས་ཅད་ང་ཉིད་དོ། །སྐུ་ང་ཉིད་དོ་། །གསུང་ང་ཉིད་དོ། །ཐུགས་ང་ཉིད་དོ། །ཡོན་ཏན་ང་ཉིད་དོ། །ཕྲིན་ལས་ང་ཉིད་དོ། །ཞིང་ཁམས་ཐམས་ཅད་ཀྱང་ང་ཉིད་དོ། །རྒྱུད་འདི་ལ་ནི་སྤྱོད་པ་དག །ཟག་མེད་བདེ་ལྡན་དབྱིངས་ཉིད་དོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཆེ་བ་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་ང་དགུ་པའོ།། །།སངས་རྒྱས་སྟོན་པ་ཆེ་ལ་བསྟོད། །ཐམས་ཅད་ཀུན་གྱི་རེ་སྐོང་བ། །ཡིད་བཞིན་ནོར་བུ་ལྟ་བུ་སྟེ། །དགོས་འདོད་སྐོང་བ་ཁྱོད་ལ་བསྟོད། །ལོག་རྟོག་འཁོར་བ་མ་ལུས་པ། །བདུད་རྩི་ལྟ་བུར་མཉམ་སྦྱར་ནས། །མ་ལུས་བདེ་བ་ཆེ་འདོད་པས། །བདུད་རྩི་ཆེན་པོ་ཁྱོད་ལ་བསྟོད། །འཁོར་བ་མུན་པ་ལྟ་བུ་ལ། །གསལ་བ་དྲི་མ་མེད་པ་ཡི། །སྒྲོན་མེ་ལྟ་བུའི་སྐུ་མངའ་བ། །སངས་རྒྱས་སྟོན་པ་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཁོར་གྱིས་བསྟོད་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་དབང་གི་རྒྱལ་པོས་འཁོར་རྣམས་ལ། ཐམས་ཅད་མ་ལུས་དབང་གི་རྒྱལ། །དབང་རྒྱལ་དམ་པ་འདི་བསྟན་ཏེ། །སེམས་ཉིད་སྐྱེ་བ་མེད་པ་ལ། །སྐྱེ་མཆེད་ངང་ལས་ཐམས་ཅད་འབྱུང་། །འབྱུང་བ་ཉིད་ན་དངོས་པོ་མེད། །
དངོས་མེད་ངང་ལ་དེ་བཞིན་གནས། །གནས་པ་ཉིད་ཀྱང་བཅོས་པའོ། །མ་བཅོས་ངང་ལ་རང་བཞིན་གནས། །སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་པདྨ་ལས་ཀྱི་སེམས་དཔའ་ལ་ཚིག་དྲུག་ལྟ་སྒོམ་ངེས་པའི་དོན་བསྟན་པའི་ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་དབང་གི་རྒྱལ་པོས། པདྨ་ལས་ཀྱི་སེམས་དཔའ་ལ་སོགས་པའི། །འཁོར་རྣམས་ལ་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ཀྱིས་ངའི་རྒྱུད་འདི་ཆོངས་ཤིག །ཀློགས་ཤིག །རྒྱལ་མཚན་གྱི་རྩེ་མོ་ལ་ཐོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །དར་ཞིང་རྒྱས་པར་གྱིས་ཤིག །བསྡི་སྟང་གི་གནས་སུ་གྱིས་ཤིག །གཏད་དོ་ཐུབ་པར་གྱིས་ཤིག །ཅེས་བསྒོ་བ་གཏད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྒྱུད་ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་སྟེ་རེ་གཉིས་པའོ།། །།རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་རྫོགས་སོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དཔལ་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །འགྲོ་བ་དག་གི་དོན་སླད་དུ། །དབང་རྒྱལ་ལས་ནི་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཆེ། །འགྲོ་བ་དག་གི་དོན་སླད་དུ། །དབང་གི་ལས་བསྡུས་ཐམས་ཅད་བཤད་པར་བྱའོ། །དབང་ཆེན་ཁྱད་པར་བསྟན་པ་ནི། །དབུ་ཡི་དཀྱིལ་འཁོར་ཆོས་ཀྱིས་བསྒྱིངས་པ་དང་། །ཞབས་ཀྱི་གདན་ཁྲི་གདུལ་བྱ་སྤུངས་པ་ནི། །ཐམས་ཅད་ལུས་པ་མེད་པར་མཉམ་རྫོགས་ཆེན་པོར་སྣང་། །རང་གཞན་ལུས་པ་མེད་པར་མཉམ་ཉིད་ཆེན་པོར་སྣང་། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ །ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། བྷན་དྷ་ཡ། བྷན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། ཧཱུཾ་ཧཱུཾ། ས་མ་ཡ་རཱ་ག་ར་ཏི་ཧཱུཾ་ཧྲཱྀཿཧྲཱྀཿ།སྟོང་ཉིད་མཁའ་ལྟར་དག་པའི་དབྱིངས་རུམ་ནས། །ཏིང་འཛིན་རོལ་པའི་རྫུ་འཕྲུལ་སྣ་ཚོགས་ནི། །སྐུ་གསུང་ཐུགས་ཀྱི་བདག་
ཉིད་ཧཱུཾ་གི་ངང་། །རྒྱལ་བ་རྒྱ་མཚོ་ཀུན་གྱི་དངོས་གྲུབ་ནི། །འཕྲོ་འདུ་ནམ་མཁར་འཁྲུགས་པའི་བྱིན་རླབས་ལས། །དཔལ་གྱི་ཐུགས་གཅིག་ངེས་པར་བྱུང་བ་ནི། །སྒྱུ་མའི་རང་བཞིན་ཡེ་ཤེས་རྒྱ་མཚོ་སྟེ། །དབང་གི་རང་བཞིན་ཐབས་ཀྱི་ཕྱག་རྒྱར་གསལ། །ཁ་དོག་མེ་འབར་བྱུ་རུའི་འོད་འཁྲིགས་པས། །ས་གསུམ་ཟིལ་གྱིས་གནོན་ཅིང་ཁམས་གསུམ་སྦྱིན་སྲེག་མཛད། །རལ་པ་མར་གད་འཇིག་རྟེན་མཐའ་ལས་འདས། །སྲིད་རྩེར་འབར་བས་ཞེ་སྡང་གདུག་པའི་ཚོགས། །ཁྲོ་བོ་དབང་སྡུད་འཇིགས་པའི་ཧཱུཾ་སྒྲ་ཅན། །སྤྱན་མིག་མེ་འབར་སྟོང་གསུམ་ཉི་ཟླ་འཁྲུགས། །སྨིན་མ་གློག་འགྱུ་དུག་གསུམ་རྩད་ནས་གཅོད། །སྙན་གྱི་འོད་འཕྲོ་རྡོ་རྗེའི་ཁོང་གསེང་ནས། །འབྲུག་གི་སྒྲ་སྒྲོགས་ཁྲོ་བོའི་ཧཱུཾ་སྒྲ་ཅན། །ཤངས་ཀྱི་ཀློང་རུམ་ཁྲོ་བོའི་དཀྱིལ་འཁོར་ནས། །མཚོན་གྱི་ཆར་དང་བསྐལ་པའི་བུ་ཡུག་འབེབས། །ཧོམ་ལྔ་འདྲེལ་བའི་མཁའ་དབྱིངས་ཀློང་རུམ་ནས། །རྒྱུད་ལྔ་སྒྲོལ་མཛད་གངས་རི་འབུམ་གྱིས་གཏམས། །ལེ་བརྒན་མེ་འབར་པདྨ་སྟོང་གི་ལྗགས། །ཨུཏྤལ་དམར་པོ་འོད་ཟེར་གློག་ཏུ་འགྱུ། །ཨག་ཚོམ་མེ་འབར་སྨ་ར་དམར་པོས་ནི། །ལོག་རྟོག་བདུད་ཀྱི་འཇིག་རྟེན་ཐལ་བར་རློག །ཕྱག་གི་ཁྱད་པར་ཤིན་ཏུ་མི་བཟད་དེ། །ཡེ་ཤེས་བཅུ་དྲུག་འཁྲུགས་པའི་དཀྱིལ་འཁོར་ནས། །གདུལ་བྱ་ཐབས་ལ་མཁས་པ་ཕྲ་མེན་ཚོགས། །ཕྱག་དང་ཕྱག་རྒྱར་ཐབས་ཀྱིས་འདྲེལ་པ་ནི། །ཞི་གནས་ལྷག་མཐོང་ཟུང་དུ་གསལ་བ་བཞིན། །བྱམས་དང་སྙིང་རྗེ་ཕྱོགས་རིས་མི་མངའ་ཡང་། །དུར་ཁྲོད་འདུལ་བའི་དོན་ལ་ཐོད་རུས་རཀྟས་འགེངས། །སྲིན་པོ་འདུལ་སླད་ལྕགས་ཀྱུ་ཞགས་པར་བཅས། །ཀླུ་ཆེན་འདུལ་བའི་དོན་ལ་སྡིགས་འཛུབ་བསྐལ་མེར་འབར། །བདུད་བཞི་འདུལ་བའི་དོན་ལ་རྡོ་རྗེ་འབར་བས་རྡེག །ཁྲོ་བོ་ཟིལ་གྱིས་གནོན་པའི་དོན་ལ་རྒྱུ་སྙིང་ཆང་པར་བཅུམས། །ཞབས་ཀྱི་ཁྱད་པར་ཤིན་ཏུ་མི་བཟད་དེ། །ཁྲོ་བརྒྱད་གན་སྤུབ་བསྲེ་ཞིང་སྲིད་གསུམ་ཞབས་ཀྱིས་གནོན། །གདུག་མཛད་གདུག་འཇོམས་ལྷ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་
ཟབ་མོ་ནི། །ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ལ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རིག་པའི་འཕྲུལ། །དབུ་ལྔ་རྨད་དུ་བྱུང་བའི་ཡེ་ཤེས་ལྔ་ཡི་ངང་། །ཕྲིན་ལས་རྨད་དུ་བྱུང་བས་ཞབས་ཀྱི་ཆེ་བ་བརྒྱད། །འཁོར་ཚོགས་ལྷུན་གྱིས་གྲུབ་པའི་ཕྱག་མཚན་བཅུ་དྲུག་ཚོགས། །མཁའ་དབྱིངས་ཡོངས་སུ་ཁྱབ་པའི་རིན་ཆེན་གཤོག་པ་ལས། །ཉི་ཟླ་བགྲད་པས་རྒྱལ་བ་སྟོང་ཕྲག་ཚོགས། །རིན་ཆེན་རྒྱན་གྱིས་ཕུལ་དུ་བྱུང་བས་ནི། །སྲིད་གསུམ་འཁོར་བའི་བག་ཆགས་ཐལ་བར་རློག །རྡོ་རྗེ་ཐིལ་ཕྲན་རིག་པའི་འཕྲོ་འདུ་ལས། །སྤྲུལ་པ་རྡུལ་ཕྲན་ཁམས་གསུམ་ཁྱབ་པར་འཁྲུག །གདུ་བུ་དཔུང་རྒྱན་ཀླུ་རྒྱལ་འབུམ་གྱི་ཞབས། །ཁ་རླངས་སྤྲིན་གྱི་གསེབས་ནས་ལྗགས་ཀྱི་གློག་འགྱུ་མ། །རྡོ་རྗེ་དམར་པོ་འོད་ཀྱི་ལྕེ་འབེབས་ཤིང་། །ཧཱུཾ་གི་འབྲུག་སྒྲས་ནམ་མཁའི་མཐའ་ཀླས་པས། །ཞེ་སྡང་གདུག་པའི་རྒྱལ་པོ་དབང་དུ་སྡུད། །ཐོད་པའི་རྒྱན་གྱི་རྔོམ་བརྗིད་མི་ཆུང་སྟེ། །སྒྲ་ཆེན་དམར་པོ་རིམ་པར་སྤེལ་བ་བཞིན། །ལྕང་ལོར་འཁྲིལ་བའི་འོད་ཟེར་གཞའ་ལྟར་འགྱུ། །ན་བཟའ་རྒྱན་གྱི་ཆ་ལུགས་མི་བཟད་དེ། །ཞིང་ལྤགས་འབུམ་གྱིས་བཀླུབས་པའི་སྨད་གཡོགས་ལ། །ཤ་ཁྲག་འཕྲོ་འདུ་རྒྱུ་སྐར་ཚོམ་བུར་འཁྲུགས། །སྐུ་ལུས་དཔལ་གྱིས་བརྒྱན་པའི་ཡེ་ཤེས་གཟི་འབར་བས། །ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པའི་མཆོག །ཟབ་མོ་དབྱིངས་སུ་སྦས་པའི་ཐུགས་ཀ་ནས། །གསང་ཆེན་སྙན་ཁུངས་རྒྱུད་པའི་བཙུན་མོ་ནི། །ཁྲོ་མོ་གཟི་ལྡན་རྒྱལ་བ་ཀུན་གྱི་ཡུམ། །འདས་དང་མ་བྱོན་ཀུན་གྱི་འབྱུང་གནས་མ། །གཟི་བྱིན་ཚེ་མཆོག་གནས་སུ་བསྡིམ་པ་དང་། །རྒྱུ་དྲུག་རྣམ་ཤེས་དབྱིངས་སུ་སྡུད་ལ་མཁས། །ཐུགས་དམ་གསེར་འཕྲེང་ཡབ་ཡུམ་ཡེ་ནས་འདྲེལ། །དགྱེས་པའི་ལོངས་སྤྱོད་དོན་དམ་དབྱིངས་ན་ཆེ། །དགའ་བྱེད་དྲེགས་པས་མྱོས་པའི་ལྷ་ཚོགས་མང་པོ་ཀུན། །དབང་དྲག་འཇོམས་པའི་ཞབས་ཀྱིས་བསྣོལ་མར་བརྫིས། །ཚོགས་ཆེན་མདུན་པར་སྡུད་ཅིང་ཉི་ཟླས་སྐུ་ལ་བརྒྱན། །དུག་གསུམ་རྩད་ནས་གཅོད་པའི་ཧོམ་ལྔ་ཞལ་ནས་འབར། །རྟ་སྐད་གཙུག་ནས་སྒྲོགས་ཤིང་
འོད་ཟེར་ཆར་དུ་འབེབས། །ཚོགས་ཆེན་རྫོགས་པ་ཉིད་ལ་ཕྱག་འཚལ་བསྟོད། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོའི་ལས་དང་ཁྱད་པར་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །དབུ་ཡི་གཞལ་ཡས་ལས་བསྐོར་བ། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །འབར་བ་དབུ་ཡི་ལས་བཤད་ཉོན། །དབུས་ནི་ཉིད་དང་ཉིད་དུ་ལྡན་པ་སྟེ། །ཤར་དུ་གཟིགས་པའི་དབུ་ཡི་གཞལ་ཡས་ན། །མཛད་བདག་སེམས་མ་བརྟན་མ་རིན་ཆེན་འབར། །ཆོས་དང་ལས་དང་སྡུད་མ་སྐྱོད་མའོ། །ལྷོ་རུ་གཟིགས་པའི་དབུ་ཡི་གཞལ་ཡས་ན། །ལྡན་ལྕང་རིན་ཆེན་ཕྲེང་བ་གཟི་བརྗིད་ཐོགས། །རྒྱལ་མཚན་ཞགས་པ་ཐོགས་པ་བདེ་བའོ། །ནུབ་ཏུ་གཟིགས་པའི་དབུ་ཡི་གཞལ་ཡས་ན། །དབྱངས་དཀར་ཆོས་དང་དབྱངས་ལེན་བློན་པོ་མེ། །འཁོར་ལོ་ལྕགས་སྒྲོག་སྨྲ་བ་བདེ་བའོ། །བྱང་དུ་གཟིགས་པའི་དབུ་ཡི་གཞལ་ཡས་ན། །འཁོར་ལོ་ལྕགས་སྒྲོག་སྒྲོལ་མས་གར་བྱེད་སྲུང་བ་དབྱུག །གནོད་སྦྱིན་དྲིལ་འཁོལ་འབེབས་མའོ། །བསྐྱོད་བཟངས་སེམས་པ་སྒེག་མོ་རྒྱལ་པོ་གདུགས། །འདོད་པ་ལྕགས་ཀྱུ་ལེགས་པར་སྒྲོལ་མའོ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བསྒྱུར་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱག་རྒྱ་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །སྲིད་པ་ཀུན་ལ་དབང་བྱེད་མ། །དབང་གི་ལས་བྱེད་སྲིད་པའི་བདག །ཁྲག་གི་མ་མོ་བཅོ་བརྒྱད་ནི། །རིགས་དང་སྡེ་ནི་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །ཁྲག་གི་མ་མོ་བཅོ་བརྒྱད་འདི། །
མར་མེ་མཛད་ཀྱི་བསྟན་པ་ལ། །གདུག་བྱེད་བུ་མོ་བཅོ་བརྒྱད་སྟེ། །གདུག་བྱེད་སྤུན་གྱིས་སྨོན་ལམ་བཏབ། །ཤཱཀྱའི་བསྟན་པ་ཆེན་པོ་ལ། །ངེད་ཀྱིས་བསྟན་པ་བསྲུང་བར་ཤོག །དུས་དེར་སྐྱེས་ལ་ལས་བྱེད་ཤོག །ཅེས་སྨོན་ལམ་བཏབ། ཞེ་སྡང་རང་དགར་སྤྱད་པས་བདུད་མོར་སྨིན། །སྨོན་ལམ་དབང་གིས་དུས་དེར་སྐྱེད། །མ་ཏཾ་བསྒྲལ་བའི་ཁྲག་གི་ཐིགས་པ་བཅོ་བརྒྱད་ལས། །ཁྲག་གི་མ་མོ་བཅོ་བརྒྱད་བྱུང་། །སྲོག་སྙིང་ཕུལ་ཏེ་ལས་མཁན་མ། །རག་ཤ་ཁ་ལང་དུར་ཏི་མ་རྦད། རག་ཤ་ནག་མོ་ཧ་ལ་མྱོགས་ཡ། རག་ཏུ་རྦད་ཤམ། ཁ་ལ་རུ་ཏི་རྦད། ས་མ་ཡ་རུ་ཏི་རྦད། ཀི་རི་རྦད་ཡ། མུ་ཏི་རྦད་ཤ །ཤར་མ་རྦད། རུ་རུ་རག་ཤོ་རྦད། མ་མོ་རོ་ཤན་རམ། པ་ཏྲ་རག་ཤོ་རྦད། ཁ་ལ་མ་ཏིང་ཧེར། སུམ་བ་རེ་རྦད། རུ་རུ་རོལ་ཤམ། མ་ཏིང་ཀར་ཤ་ཡ་རྦད། མ་ཏྲཾ་རུ་ཤམ་བྷྱོ། ཀ་ལ་རུ་ཤར་ཡ། རྩ་ལ་ཧ་ར་ཏིར་རྦད། ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲག་གི་མ་མོ་བཅོ་བརྒྱད་ཀྱི་ཁུངས་དང་སྔགས་ཕུལ་བའི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་ཡང་ལས་ཀྱི་ཁྲག་གི་མ་མོ་བཅོ་བརྒྱད་ཀྱི། བསྒྲུབ་པ་བྱ་བ་བྱེད་པའི་ཚེ། །དམ་རྫས་དང་ནི་ལས་རྣམས་གང་། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཁྲག་གི་མ་མོ་འདི་རྣམས་ཀྱི། །སྒྲུབ་པའི་རྫས་དང་རྟེན་པའི་རྫས། །དཀྱིལ་འཁོར་བྲི་ཞིང་བསྒྲུབ་པ་ནི། །བྲག་དམར་ལོགས་སམ་ནགས་ཀྱི་ཚལ། །ཆུ་ཡི་གླིང་ལ་བསྒྲུབ་པ་སྟེ། །དེ་རུ་དཀྱིལ་འཁོར་ཆེན་པོ་བརྩིག །དྲི་རྩི་ལྔ་ཡིས་བྱུག་པར་བྱ། །དབུས་ནི་ཟླ་གམ་སྒོ་གཅིག་པ། །མཐའ་ལ་ཟླ་གམ་བཅོ་བརྒྱད་བསྐོར། །སྒོ་དང་སྒོ་ཁྱུད་ཁྲོ་བོ་གནས། །དབུས་སུ་གཙོ་དང་གསང་བའི་ཡུམ། །པདྨ་ཟླ་གམ་བཅོ་བརྒྱད་ལ། །ཁྲག་གི་མ་མོ་བཅོ་བརྒྱད་དགོད། །སྒོ་ལ་ཁྲོ་བོ་མགོ་བརྩེགས་བཞི། །དེ་ལྟར་དཀྱིལ་འཁོར་བཅའ་བའོ། །རྫས་ཀྱི་རིམ་པ་བསྟན་པ་ནི། །དབུས་སུ་ལྕང་ལོ་མཚན་དང་ལྡན། །དེ་རུ་བདུད་རྩི་ཤ་ལྔ་
ཁྲག །ཕྱི་ནང་གསང་བའི་མཆོད་པ་གསུམ། །ཟླ་གམ་རེ་ལ་ཐུན་ཕོར་རེ། །ཁྲག་སྣ་དུག་སྣ་སྙིང་སྣ་དང་། །ནུས་མཐུ་ཡོད་པའི་རྫས་རྣམས་བསག །དེ་ལྟར་བསགས་ལ་བསྟེན་ཅིང་བསྒྲུབ། །དེ་ཡིས་ཇི་ལྟར་འདོད་པ་འགྲུབ། །གནན་དང་བསྲེག་དང་འཕང་བར་བྱ། །ཐུན་དང་སྔགས་དང་བསྐུལ་བཅོལ་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲག་གི་མ་མོ་བཅོ་བརྒྱད་བསྒྲུབ་པའི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་པདྨ་གར་གྱི་བདག །འགྲོ་བ་ཕྱི་རབས་དོན་དུ་ནི། །དབང་གི་བསྒྲུབ་པ་དེ་ལྟར་ན། །ལས་ཀྱི་མཐའ་ནི་གང་ལ་བགྱི། །ལས་ཀྱི་གཉེར་ནི་གང་ལ་གཏད། །སྲིད་པའི་ལས་བཅོལ་གང་ལ་བཅོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །དབང་གི་ལས་ནི་གཉེར་གཏད་པ། །བསྟན་པ་ཐམས་ཅད་བསྲུང་བའི་བདག །མ་དད་པ་ལས་བྱུང་བ་སྟེ། །འབྱུང་བ་ཆུ་ཡི་གཏིང་ཤེད་ན། །གསེར་གྱི་ས་གཞིའི་བར་ཤེད་ན། །འབྲི་མིག་གསུམ་ནི་ཡོད་པ་ལ། །གཅིག་ན་གཡུ་ཡི་ཆུ་མིག་ཡོད། །ཆུ་ནི་སྔོ་ལ་དྭངས་པར་འབྱུང་བ་ཡོད། །དབྱིབས་ནི་ལྕགས་ཀྱི་སྒྲོམ་བུར་ཡོད། །ཕྱི་ནི་རིན་ཆེན་མཆོང་གི་གཟེར་བུ་ཡོད། །དེ་ན་གསང་བ་དབང་གི་སྤྲུལ་པའི་ལས་བྱེད་མ། །དབང་གི་མ་མོ་བཅུ་གསུམ་ཡོད། །ནང་གི་གཡུ་ཡི་ཆུ་མིག་ནས། །ཙ་ཁྲོ་མ་མོ་བཅུ་གསུམ་གནས། །ཕྱི་ན་ལས་ཀྱི་བདུད་མོ་བཅུ་གསུམ་སྟེ། །མཆོང་གི་ཟོ་བ་ཟོར་བའི་ནང་ན་གནས། །བར་མ་འབྱུང་བའི་མ་མོ་བཅུ་གསུམ་གནས། །ལྕགས་ཀྱི་སྒྲོམ་བུ་ཞེས་བྱ་སྟེ། །དེ་ན་ཆུ་མིག་གསུམ་བར་ན། །ཕྱི་ནང་གསང་བའི་མ་མོ་བཅུ་གསུམ་གནས། །སྐྱེ་འགྲོ་འདུལ་བའི་གཉེན་པོ་ཡིན། །དེ་ལ་ལས་བཅོལ་གཉེར་གཏད་བསྒྲུབ་པར་བྱ། །དེ་བཅུ་གསུམ་ནི་སྲིད་པ་ན་དབང་ཆེ་བ་ཡིན། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །ཅེས་གསུངས་སོ། །པདྨ་ལས་ཀྱི་སེམས་དཔས་ཡང་གསོལ་
པ། དབང་གི་རྒྱལ་པོ་ཆེན་པོ་དེ་དག་བསྒྲུབ་པར་བྱ་བ་ན། རྟེན་དང་བསྒྲུབ་པ་ཇི་ལྟར་ལགས། དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །བདུད་མོ་ཆེན་མོ་བཅུ་གསུམ་བསྒྲུབ་པ་ན། །དཀྱིལ་འཁོར་དབུས་ཟླུམ་ནང་ནི་ཟླ་གམ་སྒོ་གཅིག་པ། །ཐ་མ་འཁོར་ལོ་རྩིབས་བཅུ་གསུམ། །དེ་ལ་བདུད་མོ་བཅུ་གསུམ་དགོད། །མཚན་ལྡན་ཞལ་བུ་ཕུད་དང་བཅས། །ཐ་མ་འཁོར་ལོ་བཅུ་གསུམ་ལ། །དབང་གི་མཆོག་ཕུར་བཅུ་གསུམ་དགོད། །དབུས་སུ་ཟངས་ཀྱི་ཕུར་པ་དགོད། །ནག་མོ་རྩིད་མགོའི་ཐོད་པ་རུ། །དེ་རུ་སྙིང་སྣ་ཁྲག་སྣ་དང་། །དུག་དང་ཤ་ཁྲག་མཆོད་པར་བྱ། །འཁོར་ལོ་རེ་ལ་ཐུན་ཕོར་རེ། །ད་ལྟར་གསད་པའི་ལས་བྱ་སྟེ། །རྦོད་དང་རྦད་དང་གསད་དང་བསྐུལ། །དེ་ལ་དྲག་པོའི་ལས་རྣམས་བྱ། །དེ་ཡིས་ལས་རྣམས་མ་ལུས་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བདུད་མོ་ཆེན་མོ་བཅུ་གསུམ་སྒྲུབ་པའི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་གསོལ་པ། མ་མོ་བཅུ་གསུམ་བསྒྲུབ་པའི་སྔགས་རྣམས་བཤད་དུ་གསོལ། ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །སྲིད་པའི་དམ་ཅན་བསྒྲུབ་པ་ན། །སྔགས་འདི་ཡིས་བསྒྲུབ་པ་སྟེ། །ཨོཾ་རུ་རུ་རག་ཤན་རྦད་ཡ་མ་ན། ཁ་ལ་རུ་ལ་ཤམ་རྦད། མ་ཏིང་ཤམ་བྷྱོ། མ་མ་ཏིང་ལཾ་ཏིང་ལཾ་རྦད། རུ་རུ་ཤམ་རྦད། སྲོག་ཙ་པ་ལ་རག་ཤོ་ནི་རྦད། མ་མ་རུ་ཏི་ཤཾ་ལང་ཤར་ཡང་། པ་ཏ་ཁ་ལོ་ཡཾ་རྦད། ཀ་མ་མ་དུ་རུཾ་རྦད། བེབ་པན་ཤཾ་རྦད་ཁྲི་མུ་ཤན་རྦད། ཤག་ཏི་རྦད། སྨར་རྦད། རུ་རུ་རོ་ཤན་རྦད་བྷྱོ། དེ་ལྟར་བསྙེན་བསྒྲུབ་མཆོད་དང་ལས་བཅོལ་གཏད། །དེ་ཡིས་གང་འདོད་ལས་རྣམས་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཙ་ཁྲོ་མ་མོ་བཅུ་གསུམ་སྒྲུབ་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་
ཀྱི་སེམས་དཔའ་དེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་གི་རྒྱལ་པོ་ཆེ། །སྲིད་པའི་རྒྱལ་མོ་བསྒྲུབ་པ་ན། །ལས་རྣམས་གྲུབ་པར་བྱེད་པ་ནི། །དེ་ཡི་དོན་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ལས་རྣམས་བསྒྲུབ་པར་བྱེད་པའི་སྲིད་པའི་རྒྱལ་མོ་ཞེས་བྱ་བ། རྒྱལ་མོ་ཛ་དུར་ཞེས་བྱ་སྟེ། །རྒྱལ་མོ་ཞེས་པ་ཀུན་གྱི་རྗེ། །ཛ་ཞེས་བྱ་བ་འགུགས་པ་སྟེ། །ཐམས་ཅད་གསོད་ཅིང་སྡུད་པས་དུར་ཞེས་བྱ། །རྒྱལ་མོ་ཆེན་མོ་བསྒྲུབ་པ་ན། །སྐྱེད་མོས་ཚལ་ལམ་ཆུ་གླིང་ངམ། །ཡང་ན་འབྲུ་ཤིང་འཚམས་པར་བསྒྲུབ། །དེ་རུ་དཀྱིལ་འཁོར་གྲུ་བཞི་སྒོ་དང་བཅས། །དབུས་སུ་ཟླ་གམ་ཕྱི་ནི་པདྨ་བརྒྱད། །དེ་རུ་མཚན་ལྡན་རྗེ་རིགས་ཐོད་པ་རུ། །འབྱུང་བའི་བཅུད་དང་རྩི་ཐོག་འབྲས་རྣམས་དང་། །ཤ་ཁྲག་ལ་སོགས་བསོག་ནས་ནི། །དེ་ལ་བསྒྲུབ་ཅིང་ལས་བཅོལ་བྱ། །ཧ་ཧ་སྲིད་པའི་རྒྱལ་མོ་ཁྱོད་ཀྱིས། །རང་གི་གསང་བའི་སྔགས་རྣམས་སྨྲོས་ཤིག །ཅེས་པ་བསྒོའོ། །རྒྱལ་མོ་ཆེན་མོས་ཡང་སྨྲས་པ། ཧི་ཧི་མངོན་རྫོགས་དབང་གི་རྒྱལ། །སྲོག་རྩ་གསང་བ་འདི་འབུལ་ཞེས། །བྱིན་གྱིས་རློབས་ལ་དབང་བཞི་སྐུར། །དབང་གི་རྒྱལ་པོས་ཇི་སྐད་བསྒོ་བ་བཞིན་དུ་བགྱིའོ། །སྨོད་པའི་གསང་སྔགས་འདི་རྣམས་ལགས། ཨོཾ་ཨེ་ཀ་ཛ་ར་ཛ་དུ་ས་མ་ཡ་རུ་རུ་ཤཾ་བྷྱོ། ས་མ་ཡག་ཤ་ས་མ་ཕྱུང་རྦད། ཁ་ལ་རག་ཤ་རུ་རུམ་མ་ཏི་རི་རྦད། འདི་ཡིས་ལས་རྣམས་ཀྱང་ནི་འགྲུབ། །དབང་གི་རྒྱལ་པོས་བཀའ་སྩལ་པ། སྲིད་པའི་རྒྱལ་མོ་ཁྱོད་ཀྱིས་འདིའི་ལས་རྣམས་འགྲུབ་པར་གྱིས་ཞེས་བསྒོའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྒྱལ་མོ་ཛ་དུར་བསྒྲུབ་པའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་ལ་པདྨ་ལས་ཀྱི་སེམས་དཔས་གསོལ་པ། ཨེ་མ་དབང་གི་རྒྱལ་པོ་ཆེ། །ཁྱི་བརྒྱད་དང་ནི་སྤྱང་བརྒྱད་ཀྱི། །ལས་ཀྱི་བསྒྲུབ་པ་ཇི་ལྟར་ལགས། །སྒོས་སྒྲུབ་དམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་
ལས་ཀྱི་སེམས་དཔའ་ཆེ། །ཁྱི་བརྒྱད་བསྒྲུབ་པ་འདི་ལྟ་སྟེ། །བྲག་རིའི་ངོས་ལ་བསྒྲུབ་པ་སྟེ། །ཟླུམ་པོ་དབུས་སུ་ཟླ་གམ་སྒོ། །མཐའ་ལ་པདྨ་བརྒྱད་བྲིས་ལ། །དེ་ནང་ཟླ་གམ་གྲུ་གསུམ་སྟེ། །དབུས་སུ་གཙོ་དང་ཟླ་གམ་གྲུ་གསུམ་བརྒྱད་རྣམས་ལ། །ཁྱི་བརྒྱད་རིམ་པར་དགོད་པར་བྱ། །གྲུ་གསུམ་རེ་ལ་ཐུན་ཕོར་རེ། །དུག་དང་ཁྲག་དང་རྫས་རྣམས་དང་། །ནུས་མཐུ་ཅན་གྱི་འབྲུ་ཡིས་དགང་། །དེ་ལ་བསྙེན་ཅིང་བསྒྲུབ་པར་བྱ། །ཨོཾ་ཀུ་ཀུ་རཀྴ་ཛ་མནྟ་ཕཊ། ཨོཾ་ཀུ་ཀུ་རཀྴ་ཁ་ལ་དུར་ཤཾ། ཀུ་ཀུ་རཀྴ་ཡ་མ་དུན་རྦད། ཀུ་ཀུ་རཀྴ་རྦད་ཁ་ལ་འུར་ཏྲིན་ན། ཀུ་ཀུ་རཀྴ་ཞུང་ཏྲི་རྦད། ཀུ་ཀུ་རཀྴ་ཁ་ཡན་རྦད། ཀུ་ཀུ་རཀྴ་ཁ་ཡན་རྦད་དུ་ཤ །ཀུ་ཀུ་རཀྴ་སེ་སན་ཡམ་རྦད། དེ་ལྟར་བཟླས་ཤིང་ཐུན་དུ་བརྡེག །རྟགས་ཕྱུང་གདབ་དང་བསྟབ་དང་གནན་བསྲེག་འཕང་། །ཁྱི་ཡི་ཤ་ལ་སྦྱིན་བསྲེག་བྱ། །མིང་རུས་དང་ནི་ཁཱ་ཧི་ཞེས། །བསྐུལ་དང་ལས་རྣམས་དེ་བཞིན་ནོ། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྱི་བརྒྱད་བསྒྲུབ་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། སྤྱང་བརྒྱད་བསྒྲུབ་པའི་ལས་འདི་རྣམས་སྨྲས་སོ། །ཟླ་གམ་གཅིག་པའི་དཀྱིལ་འཁོར་དུ། །མོན་པ་ནག་པོའི་ཐོད་པ་རུ། །འཁོར་ལོ་རྩིབས་བརྒྱད་ཟླ་གམ་སྒོ། །དབུས་སུ་གཙོ་དང་མཐའ་མར་སྤྱང་བརྒྱད་དེ། དེ་ལ་གསང་སྔགས། ཛ་ཡ་རག་ཤ་ཤ་མ་ནི་རྦད། ཛ་དུ་པྲ་བེ་ཤ་ཛ། པ་ཏྲི་ཁལ་ཤད། མུ་ཏྲི་པ་ལ་ཡཾ། རུ་བེ་ཏ་རྦད། ཁ་ལ་དུར་ཤད་རྦད། པུ་ར་རྦད་ཡ། ནི་ར་པུ་ཙི་ཚལ་ཚལ་ཡ། དེ་ལྟར་བཟླས་ཤིང་བསྒྲུབ་པ་སྟེ། །ཤ་ཁྲག་རྫས་ཀྱི་མཆོད་པས་མཆོད། །ཐུན་དང་རྫས་དང་ལན་གསུམ་བྱ། །བསྐུལ་དང་ལས་རྣམས་དེ་བཞིན་ཏེ། །སྙན་གསན་དབབ་དང་སྤྱན་དྲང་དང་། །བཞུགས་གསོལ་ཕྱག་འཚལ་མཆོད་པ་དང་། །སྨོན་ལམ་དང་ནི་ལས་བཅོལ་བསྐུལ། །སྔགས་ཐུན་བརྡེག་ཅིང་དྲག་པོའི་ལས་ལ་སྦྱར། །དམིགས་དང་གཏད་དང་གནན་དང་འཕང་། །བསྲེག་ཅིང་ལས་རྣམས་རྫོགས་པར་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་
ཏནྟྲ་ལས། སྤྱང་བརྒྱད་བསྒྲུབ་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། ལོང་བ་རྒྱབ་འདྲེལ་སུམ་ཅུ་རྩ་གཉིས་བསྒྲུབ་པ་འདི་གསུངས་སོ། །དབེན་པ་དང་ནི་འདུས་པའི་གནས་ཆེན་དུ། །དེ་རུ་བསྒྲུབ་པ་ཆེན་པོ་ནི། །ལོང་བའི་ཚོགས་རྣམས་བསྒྲུབ་པར་བྱ། །གྲུ་གསུམ་ཟླ་གམ་དབུས་སུ་སྟེ། །ཐ་མ་ཟླུམ་པོ་ཐོད་པས་བསྐོར། །དེ་ཡི་ཐ་མ་པདྨ་ཟླ་གམ་བཞི། །དེ་ཡི་མཐའ་མ་པདྨ་ཟླ་གམ་སུམ་ཅུ་གཉིས། །དབུས་སུ་གཙོ་དང་ཟླ་གམ་ཡུམ། །པདྨ་ཟླ་གམ་རེ་ལ་ལོང་བ་རེ། །སྤྱི་བླུགས་ཐོད་པར་ཐུན་རྣམས་ཏེ། །དུར་ཁྲོད་ཤ་ཁྲག་དག་གིས་དགང་མཁའ་འགྲོ་ཡང་། །དེ་ལ་བསྒྲུབ་པའི་ལས་རྣམས་བྱ། །བསྐུལ་རྦད་ལས་རྣམས་རྫོགས་པར་བྱ། །ལས་གསུམ་གཞུང་དུ་བསྙེག་པར་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལོང་བ་བསྒྲུབ་པའི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་དམུས་ལོང་ཁ་འཁྲོས་བསྒྲུབ་པ་ནི། གསང་སྔགས་རྣམ་པ་འདི་རྣམས་ཏེ། །ཨོཾ་ལཾ་དུ་སད་མ་རཾ། ཨ་ཏྲོ་རྦད། ཨི་ཏ་ཀཾ་ས་མུ་ཤཾ། མུ་ཏོ་ཁཾ། དེ་དྲ་རྦད། སུ་ཤོ་མ་འགྲི་རྦད། པཾ་ལཾ་རྦད། མུ་ལ་ཤེ་རྦད། ཀེ་ཏོ་ལམ་རྦད། མུཾ་ས་ལིང་། བ་མ་ཐུམ། ཀུ་ལཾ་མ་བུ་ཤེ་རྦད། དྲུང་རོད་ཡམ། ས་མ་ཏྲཾ་རྦད། ར་ཤོ་ཀཾ། མུ་པུ་ལི་སད། ཀར་ཤེ་རམ། རུ་ཏྲ་རམ། ཤ་མུ་ལོ་རྦད། ཁ་ལ་རུ་ཏྲཾ། པ་ཤོ་པ་ལི་རྦད། པྲ་དུ་ནེ་རྦད། ཀུ་ཀར་རྦད། རོ་སད། མུ་ལི་རྦད། པ་ཏྲེ་ཁཾ་ལཾ། ཁ་ལ་མེ་ཏྲི་རྦད། པཾ་རཾ་ཏྲི་གུཾ། བྷ་རོ་བ་ཏྲི་ལིང་། སུམ་ཅུ་ལས་མ་བྱུང་། དྲེ་ཏོང་ཁ་ལ། དེ་ལྟར་གསང་སྔགས་སྒོས་སུ་ཕུལ། །དྲག་སྔགས་དེ་ཡིས་ཐམས་ཅད་འགྲུབ། །གསད་དང་གསོ་ལ་ཐེ་ཚོམ་མེད། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལོང་བ་སུམ་ཅུ་རྩ་གཉིས་གསང་སྔགས་ཀྱིས་བསྒྲུབ་པའི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། གསང་བའི་ཡུམ་བཞི་བསྒྲུབ་པ་འདི་གསུངས་སོ། །གསང་བའི་གནས་སུམ་དྷ་ལ་བྱ། །དབུས་ནི་ཟླུམ་པོར་བཅས་པ་ལ། །ནང་དུ་ཟླ་གམ་སྒོ་གཉིས་བརྩེག །
དེ་ཡི་ཕྱི་རིམ་པདྨ་ཟླ་གམ་བཞི་རུ་བྱ། །ཁྱམས་དང་སྒོ་དང་སྒོ་ཁྱུད་བཅས། །དབུས་སུ་དབང་གི་རྒྱལ་པོ་སྟེ། །ཟླ་གམ་བཞི་ལ་ཡུམ་བཞི་དགོད། །བྷན་དྷ་མཚན་ཅན་བཞི་ལ་བསྒྲུབ། །སྒོ་བཞི་ཁྲོ་བོ་མགོ་བརྩེགས་བསྲུང་། །དེ་རུ་གསང་ཐུན་ཐོད་པར་བསག །ཤ་ཁྲག་བཅུད་དང་རྩི་བཅུད་དང་། །མཐུན་པའི་རྫས་ལ་མཆོད་ཅིང་བསྒྲུབ། །གསང་བའི་ཐུན་བཞི་ཐོད་པར་འཕང་། །ཨོཾ་མ་མ་ར་དུ་ཤན་ཤན་མ་རྦད། མ་མ་རག་མོ་རོ་ཤ་ན་རྦད། ར་གོ་པ་ལ་ཚལ་དུ་ཡཾ། ས་མ་ཀ་ར་མ་མ་ཏི་རྦད། དེ་ལྟར་མཆོད་བསྐུལ་ལས་ལ་སྦྱར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བའི་ཡུམ་བཞི་རྦད་པའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། གོ་ལ་མ་དང་ཁམ་རྒྱ་མོ་དྲུག་ཅུ་རྩ་གཉིས་བསྒྲུབ་པ་འདི་གསུངས་སོ། །ཟླ་གམ་ཁ་སྤྲོད་མཎྜལ་དུ། །འཁོར་ལོ་རྩིབས་དྲུག་དག་ཏུ་བྱ། །ཕྱི་རིམ་པདྨ་འདབ་མ་དྲུག །སྒོ་དང་སྒོ་ཁྱུད་དེ་བཞིན་བྱ། །དེ་ལ་རྫས་དང་ཕུར་པ་རེ། །ཟངས་ཕུར་དྲུག་དྲུག་དགོད་པའོ། །ཟླ་གམ་ཁ་སྤྲོད་དབང་གི་ཡབ་ཡུམ་སྟེ། །འཁོར་ལོ་དྲུག་ལ་ཁམ་རྒྱ་དྲུག །པདྨ་དྲུག་ལ་གོ་ལ་མ། །སྒོ་ལ་ཁྲོ་བོ་དེ་བཞིན་ནོ། །བྷན་དྷ་ཚལ་བུ་དག་ཏུ་ནི། །དེ་རུ་ཐུན་རྫས་བསགས་ནས་སུ། །དེ་ལ་བསྒྲུབ་པར་བྱ་བའོ། །ཁྲག་དུག་མ་རུངས་ཐུན་རྫས་བསགས། །ཤ་དང་རྐང་དང་གློ་སྙིང་དང་། །དུར་ཁྲོད་རྫས་རྣམས་མ་ལུས་བསགས། །མཆོག་གི་གཞུ་དང་ཉུང་མོའི་མདའ། །ཞིང་གི་ལག་པའི་གཡབ་མོ་དང་། །རྒྱུ་མའི་འཕྲེང་དང་ལྷུ་དུམ་དང་། །ཧ་ཏ་དང་ནི་ཆ་ལང་དང་། །བྷན་དྷ་རྫས་རྣམས་ཚོགས་པར་བསྒྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གོ་ལ་མ་དང་ཁམ་རྒྱ་མོ་སྒྲུབ་པའི་ལེའུ་སྟེ་དོན་ལྔ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་ལ། སྒེག་མོ་རལ་གཅིག་མས་འདི་སྐད་ཅེས་སྨྲས་ཏེ། ཧི་ཧི་མངོན་རྫོགས་དབང་གི་རྒྱལ། །སྲིད་པ་གསུམ་ན་དབང་གི་བདག །སྐྱེ་འགྲོ་རལ་གཅིག་སྲིད་པ་སྒྲོལ། །སངས་རྒྱས་བསྟན་པ་བསྲུང་བའི་བདག །སེམས་ཅན་ཀུན་གྱི་དུར་
འདེབས་བདག །སྲིད་པ་གསུམ་གྱི་བྱན་མོ་བདག །ཧི་ཧི་མངོན་རྫོགས་ལས་རྣམས་བདག་གི་བགྱི། །སངས་རྒྱས་དགྱེས་པའི་ཕྲིན་ལས་གདགས་པར་བགྱིའོ། །བདག་ལ་དབང་གི་རྒྱལ་པོ་ཡིས། །བྱིན་གྱིས་རློབ་ཅིང་དབང་བསྐུར་མཛོད། །ཅེས་གསོལ་ཏོ། །བསེ་ཕོར་དམར་པོ་སྲུབས་མེད་དུ། །བདུད་རྩི་ལྔ་དང་སྨན་གྱི་མཆོག །མི་སྙིང་དང་ནི་གློ་མཆིན་དང་། །དུག་ཁྲག་སྦྱར་བ་བསགས་ནས་སུ། །དེ་ལ་བསྟེན་ཅིང་བསྒྲུབ་པ་སྟེ། །ཟླ་གམ་ཚོམ་བུ་པདྨའི་དཀྱིལ་འཁོར་ལ། །སྒོ་དང་མེ་རི་རྒྱན་སྤྲས་པའོ། །ཨེ་ཀ་ཛ་ཏི་རག་ཤ་ས་མ་ཡ་མ་མ་ཏིང་རཾ་རྦད། དེ་ལྟར་བསྒྲུབ་ཅིང་འཕང་བའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྒེག་མོ་རལ་གཅིག་བསྒྲུབ་པའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་གསོལ་པ། ཀྱེ་མ་བཅོམ་ལྡན་དབང་གི་མཆོག །དབང་མཆོག་དམ་པ་བསྒྲུབ་པ་ལ། །དངོས་གྲུབ་དམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །དབང་མཆོག་བསྒྲུབ་པའི་དངོས་གྲུབ་ནི། །དབང་གི་དངོས་གྲུབ་བདུད་རྩི་སྟེ། །བདུད་རྩི་སྨན་གྱི་དངོས་གྲུབ་ནི། །བདུད་ནི་མེ་ཆུ་ས་རླུང་ནམ་མཁའ་ལྔ། །འབྱུང་བ་ལྔ་ཡི་ཡུམ་དུ་བྱིན་བརླབ་རྩི་ཡིན་ནོ། །བདུད་ནི་ཉོན་མོངས་ལྔ་ཡིན་ཏེ། །ཡེ་ཤེས་ལྔ་རུ་བརླབ་པ་རྩི་ཡིན་ནོ། །ཨ་ནི་མྲྀ་ཏ་འཆི་བ་མེད་པའི་དོན། །བདུད་རྩི་ཨ་མྲྀ་ཏ་ཞེས་བྱ། །དེ་ཉིད་བླངས་ན་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ། །བྱིན་རླབས་མངོན་ཤེས་སྐྱེ་བ་དངོས་གྲུབ་པོ། །ཐམས་ཅད་ལྷ་ཡི་ཕྱག་རྒྱར་གསལ། །དངོས་གྲུབ་རང་ལ་རང་ཆས་ཡོད། །དོན་རྟོགས་དངོས་གྲུབ་དམ་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དངོས་གྲུབ་བསྟན་པའི་ལེའུ་སྟེ་དོན་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། བཅོམ་ལྡན་དབང་དང་ཚེ་ཡི་བདག །ཚེ་དབང་རྒྱལ་པོ་
ཁྱོད་ལ་བདག་ཉན་འཚལ། །ཞེས་གསོལ་ཏོ། །ཚེ་དབང་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་པདྨ་སེམས་དཔའ་ཆེ། །དབང་ཆེན་དམ་པ་བསྐུར་བ་ནི། །སློབ་པ་ཟིན་པ་ཆོས་ཉིད་དབང་། །རྒྱུ་རྐྱེན་རྟེན་འདྲེལ་ནུས་མཐུའི་དབང་། །འབྲས་བུ་ཆེན་པོ་རྒྱུན་གྱི་དབང་། །གྲགས་པ་ཆེན་པོ་མདོ་སྡེའི་དབང་། །གསང་བའི་དབང་ནི་བྱང་ཆུབ་སེམས། །མངོན་ཤེས་དམ་པ་ལྔ་ཡི་དབང་། །ཏིང་འཛིན་གསལ་བ་སངས་རྒྱས་དབང་། །འདུལ་བའི་དོན་དུ་ཁྲོ་བོ་རྣམས་ཀྱི་དབང་། །ཇི་བཞིན་གསང་བ་ཚོགས་འཁོར་དབང་། །སྙིང་པོ་བཀོད་པ་ཡིག་འབྲུའི་དབང་། །ཐུན་མོང་དུ་ནི་རྫས་ཀྱི་དབང་། །གཉིས་མེད་སེམས་ཀྱི་དབང་དུའོ། །དེ་ཡི་གནས་དང་ལས་ཀྱང་དེ་བཞིན་ནོ། །ལྷ་དང་སློབ་དཔོན་མཆེད་དང་གཟུངས་མི་སྤང་། །དང་པོ་སྟ་གོན་ལ་ནི་གནས་པར་བྱ། །དེ་ནས་རྨི་ལམ་ཉམས་རྣམས་བརྟག །དྲི་ཞིམ་སྟན་ལ་ཉལ་བར་བྱ། །དྲི་དང་ཁྲུས་བྱས་གོས་བརྒྱན་པ། །དེ་ནས་ཉེས་པ་བཤགས་དང་སྔོན་འགྲོ་བྱ། །དེ་ནས་བསྙེན་བསྒྲུབ་ཆོ་ག་གཞུང་། །སྐྱ་རེངས་བར་མ་ཡན་ཆད་ལངས་བྱས་ལ། །ཡོལ་བ་དང་ནི་སྤྱན་དབྱེ་སྟེ། །དཀྱིལ་འཁོར་བསྟན་པ་གང་བཞིན་བྱ། །དེ་ནས་དབང་རྣམས་བསྐུར་བྱ་སྟེ། །རྫས་ཀྱི་དབང་རྣམས་གོང་བཞིན་བསྐུར། །དཀྱིལ་འཁོར་ལྷ་ཚོགས་དབང་རྣམས་བསྐུར། །མངོན་པར་ཤེས་པའི་དབང་ལྔ་བསྐུར། །དེ་ལྟར་གསལ་ལ་དབང་བསྐུར་ཏེ། །ཧཱུཾ་ལྷ་ཡི་སྙན་ནི་རྣམ་དག་པས། །དཀྱིལ་འཁོར་དགུ་ཡི་སྒྲ་ཡང་ཐོས། །ས་ལེར་མཁྱེན་ཅིང་གསན་པ་དང་། །ཡེ་ཤེས་སྒྲ་རྣམས་དབང་ཐོབ་ཤོག །ཧཱུཾ་རྫུ་འཕྲུལ་བཞི་ཡི་ཞབས་དང་ལྡན། །ཐོགས་མེད་ཡེ་ཤེས་རྫུ་འཕྲུལ་ལྡན། །རྫུ་འཕྲུལ་ཆེ་བའི་ཞབས་འདི་སྟེ། །གསང་བའི་དཀྱིལ་འཁོར་བགྲོད་པའི་དབང་ཐོབ་ཤོག །ཧཱུཾ་ལྷ་ཡི་སྤྱན་ནི་རྣམ་དག་པས། །ར་རི་ཁ་ཁོལ་དྲི་མ་མེད། །ཐམས་ཅད་གསལ་བ་ཡེ་ཤེས་སྤྱན། །གསང་བའི་དཀྱིལ་འཁོར་མཐོང་བའི་དབང་ཐོབ་ཤོག །ད་ལྟ་སྔོན་གྱི་གནས་དྲན་པས། །ས་ལེར་གསལ་བའི་ཡེ་ཤེས་ཏེ། །གནས་དང་ལྷ་རྣམས་
དྲན་པའི་དབང་ཐོབ་ཤོག །ཧཱུཾ་ཕ་རོལ་སེམས་རྣམས་མངོན་ཤེས་པས། །ལྷ་ཡི་དགོངས་པ་ད་ལྟར་ས་ལེ་མཁྱེན། །མ་ཆགས་སྐྱོན་བྲལ་པདྨའི་དཔེ་དེ་བཞིན། །སྐྱོན་གྱིས་མ་གོས་ས་ལེ་མཁྱེན་པའི་དབང་ཐོབ་ཤོག །ཛྙཱ་ན་མཎྜ་ལ་པྲ་བེ་ཤ་ཧཱུཾ། ཧཱུཾ་ཡི་གེ་འབྲུ་ལྔ་ཡེ་ཤེས་ལྔ། །སངས་རྒྱས་ལྔ་ཡི་ཆེ་བའི་རྒྱན། །འབྲུ་ལྔ་ཡེ་ཤེས་རིགས་ལྔའི་སངས་རྒྱས་ཏེ། །སངས་རྒྱས་ལྔ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། རྟོག་ཚོགས་མ་ལུས་རྣམས་སྦྱངས་ནས། །དབྱིངས་ཀྱི་དཀྱིལ་འཁོར་དམ་པར་གསལ། །སངས་རྒྱས་རྩ་གཉིས་རིགས་སུ་གནས། །རྡོ་རྗེ་དབྱིངས་ཀྱི་དབང་ཐོབ་ཤོག །ཛྙཱ་ན་མཎྜ་ལ་ཧཱུཾ་ཨ། ཧཱུཾ་འགྲོ་བ་མ་ལུས་འདུལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་ལས་བྱུང་བ། །སྦྱང་དང་སྤེལ་བའི་ལས་བྱས་ནས། །ཁྲོ་མཆོག་འགྲོ་བ་འདུལ་བའི་དབང་མཆོག་ཐོབ་པར་ཤོག །བཛྲ་ཀྲོ་ཏ་ཛྙཱ་ན་མཎྜ་ལ་ཧཱུཾ་ཨ། ཐུགས་རྗེ་རྟེན་གྱི་ཡེ་ཤེས་དབང་བརྒྱད་ལ། །དཔལ་བེའུ་འབར་བའི་རིན་ཆེན་ལ། །ཡེ་ཤེས་ལྔ་ཡི་ཐིག་ལེ་འབར། །མ་འདྲེས་ཡོངས་རྫོགས་གསལ་བའི་ཡེ་ཤེས་ཏེ། །ཡེ་ཤེས་སེམས་དཔའི་དབང་ཐོབ་ཤོག །གཉའ་ན་སྭ་ཏ་མ་དྷ་ལ་ཧཱུཾ། དཔལ་བེ་ཡེ་ཤེས་སྒོ་སྲུང་ནི། །ཟླ་གམ་འོད་ཀྱི་ཐིག་ལེ་ཆེ། །འབར་བའི་ཡེ་ཤེས་རྟ་མགོ་ལྔ། །རྟ་མགྲིན་དབང་གི་སྐུ་ཐོབ་ཤོག །ཧ་ཡ་གྲཱི་བ་མ་དྷ་ལ་ཧཱུཾ་ཨ། ཁམས་གསུམ་མ་ལུས་རྣམ་པར་རྒྱལ། །དོན་གྱི་ཡེ་ཤེས་ཐིག་ལེ་ཆེ། །སངས་རྒྱས་སྟོང་གི་དབང་གི་མཆོག །ལས་ལས་རྒྱལ་བའི་དབང་ཐོབ་ཤོག །ཀྲོ་ཏ་མ་དྷ་ལ་ཧཱུཾ། ཧཱུཾ་བདེ་བའི་ཡེ་ཤེས་ལྷུན་གྱིས་གྲུབ། །མ་བཙལ་ལྷུན་རྫོགས་གསང་བའི་ངང་། །འབར་བའི་ཡི་གེ་སྒྲ་དང་ལྡན། །ལྷུན་གྱིས་གྲུབ་པའི་དབང་མཆོག་ཐོབ་པར་ཤོག །ཨ་དྷི་པ་ཏ་མཎྜ་ལ་ཧཱུཾ། ཐམས་ཅད་མ་ལུས་ཧཱུཾ་གི་སྒྲ། །སྒྲ་ཆེན་ལྷ་ནི་གསང་བའི་མཆོག །སངས་རྒྱས་རབ་འབྱམས་ཁྲོས་པའི་དཔལ། །ཧཱུཾ་གིས་ལས་མཛད་དབང་ཐོབ་ཤོག །ཧཱུཾ་ཀྲོ་ཏ་མཎྜ་ལ་ཨ། ཧཱུཾ་ངན་སོང་གནས་རྣམས་འཇོམས་པའི་མགོན། །ཁྲོ་ཚོགས་ཡེ་ཤེས་མེ་ལྟར་འབར། །
འཕྲོ་འདུ་གསལ་བ་ཡེ་ཤེས་ལྷ། །ངན་སོང་གནས་སྟོངས་ཡེ་ཤེས་དབང་ཐོབ་ཤོག །ཀྲོ་ཏ་ག་ཎ་མ་དྷ་ལ་ཧཱུཾ། ཧཱུཾ་དུར་ཁྲོད་ཆེན་པོ་ཧཱུཾ་གི་ཚོགས། །ཡེ་ཤེས་ཁྲོ་བརྒྱད་འབར་བ་ཆེ། །ཐམས་ཅད་མ་ལུས་འཇོམས་པའི་ཚོགས། །དུར་ཁྲོད་ཁྲོ་ཆེན་དབང་ཐོབ་ཤོག །ཀྲོ་ཏ་ཛྙཱ་ན་མཎྜ་ལ་ཧཱུཾ་ཨ། ཕྱོགས་བཞིར་བརྟུལ་ཞུགས་ཆེན་པོ་བཞི། །ཉོན་མོངས་བདུད་ཀྱི་སྡེ་བཅོམ་ནས། །ཡེ་ཤེས་བཞི་ཡི་འོད་ལས་མ་གཡོས་པར། །ལོག་ལྟ་འདུལ་མཛད་བཞི་ཡི་དབང་ཐོབ་ཤོག །གཉའ་ན་མ་དྷ་ལ་ཀྲོ་ཏ་རཾ་ཧཱུཾ་ཨ། ཧཱུཾ་མ་ལུས་དབང་གི་རྒྱལ་པོ་ཉིད་ཀྱི་སྐུ་ལ་རྫོགས། །འབར་བའི་ལྷ་ཚོགས་གསལ་བར་བཀོད། །ཐམས་ཅད་མ་ལུས་དབང་དུ་འདུས་ཏེ་དབང་གི་རྒྱན་དུ་བྱས། །ཐུགས་ཀྱི་པདྨའི་གའུ་ནས། །གསང་བའི་ཡེ་ཤེས་འོད་དུ་འབར། །འོད་ཀྱི་ཐིག་ལེ་ཚོམ་བུའི་ཚོགས། །དམར་ལ་དྭངས་པའི་འོད་ཀྱི་འཕྲོ་འདུར་གསལ། །སངས་རྒྱས་དབང་གི་དབང་མཆོག་ཐོབ་པར་ཤོག །ཧ་ཡ་གྲཱི་བ་བ་དམ་དྷ་ལ་ཧཱུཾ། གཉིས་མེད་གསང་བ་ཐུགས་ཀྱི་ཡུམ། །སངས་རྒྱས་ཀུན་གྱིས་བསྔགས་པའི་གཟི་ལྡན་པདྨ་ཅན། །དཀར་དམར་ཡེ་ཤེས་འོད་ཀྱི་འཕྲོ་འདུ་འཁྲུགས། །ཡུམ་ཆེན་གསང་བའི་དབང་ཐོབ་ཤོག །གཉའ་ན་མ་དྷ་ལ་ཧཱུཾ་ཨ། སྲིད་གསུམ་སྒྲོལ་ཞིང་སངས་རྒྱས་ལས་མཛད་དམ་སྲུང་མ། །གདུལ་བྱ་དྲག་པོས་འདུལ་བའི་དབང་མོ་ཆེ། །གསང་བའི་ལས་མཛད་མ་སྲིང་དབང་ཐོབ་ཤོག །མ་མ་རུ་ཙམ་དྷ་ལ་ཧཱུཾ། གཉིས་མེད་མཁའ་གསང་དག་པ་ལས། །བྱང་ཆུབ་སེམས་ནི་དྲངས་བསྡིམས་ཏེ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སྐྱེ་ཤི་མེད་པའི་དབང་ཐོབ་ཤོག །བོ་དྷི་ཙིཏྟ་མ་དྷ་ལ་ཧཱུཾ། རིམ་པར་བསྐུར་བའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷ་དབང་བསྐུར་བའི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། པདྨ་ལས་ཀྱི་སེམས་དཔས་གསོལ་པ། བཅོམ་ལྡན་པདྨ་གར་གྱི་བདག །ཚེ་ཡི་ལས་རྣམས་མ་ལུས་པ། །ཚེ་དཔག་མེད་ཀྱིས་བཤད་དུ་
གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །ཚེ་ཡི་ལས་རྣམས་ངས་བཤད་ཀྱིས། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །གསང་བའི་ཚེ་ཡི་ལས་བསྟན་པ། །ངེས་པའི་ཚེ་དང་བསྟན་པའི་ཚེ། །དོན་དམ་ངེས་པའི་ཚེ་ལ་ནི། །རིག་པ་ཉིད་ལ་མཆོག་ཉིད་དོ། །འཕེལ་འགྲིབ་བདེན་པའི་ཚེ་ལ་ཡང་། །དོན་དེ་ཉིད་ལ་རིག་པར་བྱ། །དང་པོ་ཚེ་འདི་གནས་པར་བྱ། །རྫས་ལ་བསྟེན་ཏེ་བསྒྲུབ་པའོ། །བྱུ་རུ་དམར་པོའི་བུམ་པ་རུ། །བར་ཆད་བགེགས་རྣམས་བསྐྲད་བྱས་ནས། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཏེ། །ཨོཾ་དང་པཾ་ནི་གདན་དང་བཅས། །སྙིང་པོ་སྔགས་ཀྱིས་གསལ་བ་སྟེ། །ཚེ་དཔག་མེད་ནི་དཀར་པོ་ལ། །ཞལ་གཅིག་ཕྱག་གཉིས་ཕྱག་རྒྱར་གསལ། །པཾ་ལས་མཱུཾ་ཡང་གཙོ་བོ་བཞིན། །བུམ་པའི་མཁའ་ལ་ཟླ་དཀྱིལ་གའུ་ལྟ་བུ་སྟེ། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ལ། །གའུ་ལྟ་བུར་གནས་པ་སྟེ། །མ་དྷལ་གྱེན་དུ་བལྟ་བའོ། །དེ་ཡི་དབུས་སུ་ཨ་དཀར་གནས། །ཨཱ་ཡུ་གཉའ་ན་བིན་དུ་ཞེས་བརྗོད་པས། །བྱང་ཆུབ་སེམས་ཀྱི་གཟུགས་བརྙན་ཏེ། །ཟླ་བའི་མཎྜལ་ཐིག་ལེ་ལྟ་བུ་སྟེ། །དེ་ནི་ཨཱ་ཡུའི་གནས་ཉིད་དོ། །དེ་ཡི་ཕྱོགས་བཞིར་རིགས་རྣམས་དེ་བཞིན་ཏེ། །ལྷ་རྣམས་རྫོགས་པར་གསལ་བར་འབར་བའོ། །ཞི་བའི་ལས་ཀྱིས་སྒྲུབ་དེ་བཞིན། །ཚེ་དཔག་མེད་ནི་ཁྲོ་བོ་སྟེ། །ཧཱུཾ་དམར་གསལ་ལ་འཚེར་བ་ལས། །ཁྲོ་བོ་དམར་པོ་གྲངས་མེད་འཕྲོས། །དྲུག་གི་གནས་བཅོམ་ཚེ་ཡི་རང་བཞིན་འགུགས། །དེ་ཡི་ཕྱག་རྒྱ་བཞིས་བཀུག་ནས། །ལྷ་རྣམས་ཐུགས་ཀར་གསལ་བ་ནི། །དབང་དུ་བྱ་བ་ཞེས་བྱའོ། །དེ་ལས་ཡབ་ཡུམ་སྦྱོར་བ་ཡིས། །འཕྲོ་འདུ་གསལ་བའི་སྦྱོར་བ་ཡིས། །བཅུ་དྲུག་ཟླ་གམ་བརྒྱད་པ་ལྟར། །བསྒྱུར་བ་ཨཱ་ཡུ་སྤེལ་བའོ། །དེ་ལས་རྟེན་རྣམས་དམིགས་བྱ་དེ་ལ་བསྡིམ་པ་ལ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་སྟེ། །དབང་དུ་བསྡུ་བསྡིམ་ཕྱག་རྒྱས་བསྡམ་པ་ནི། །དེ་ནི་ཨཱ་ཡུ་སྦ་བའོ། །ལྷ་མོ་རྣམས་ཀྱིས་ཚེ་བཀུག་
ནས། །མགོན་པོ་ཡབ་ཡུམ་སྦྱོར་བ་ལས། །ཐམས་ཅད་ཚེ་རུ་གྱུར་པ་ལ། །གང་ལ་འདོད་པ་བསྡིམ་པ་ནི། །ཚེ་ཡི་སྒྲུབ་པ་ཞེས་བྱའོ། །ལྷ་རྣམས་བསྡིམ་ཞིང་གོ་བསྐོན་པ། །དབང་བསྐུར་ཆེན་པོ་ཞེས་བྱའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་སྒྲུབ་པའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་གར་གྱི་བདག་པོ་ལ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གར་གྱི་བདག །རྟག་ཏུ་ཏིང་འཛིན་རྩེ་གཅིག་གིས། །རང་དབང་བསྒྲུབ་ན་ཇི་ལྟར་བགྱི། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཆེ། །རྟག་ཏུ་ཏིང་འཛིན་རྩེ་གཅིག་གིས། །རང་དབང་བསྒྲུབ་པ་བཤད་པར་བྱའོ། །དང་པོ་སྟོང་པའི་ངོ་བོ་ལ། །ཁྱབ་པ་སྙིང་རྗེ་ལམ་དུ་ཤར། །དེ་ལས་འབྲས་བུ་ཧཱུཾ་དམར་ཏེ། །དེ་ལས་ཡི་གེ་རིམ་པར་ཆད། །ཨེ་ལས་འབྱུང་བ་ནམ་མཁའ་སྟེ། །ཡཾ་ལས་རླུང་གི་དཀྱིལ་འཁོར་རོ། །ར་ལས་འབྱུང་བ་ཆུ་རུ་ཆགས། །སུཾ་ལས་གསེར་གྱི་ས་གཞིར་འབར། །རཾ་ལས་ཡེ་ཤེས་མེ་རུ་འབར། །ཀེཾ་ལས་རི་རབ་འབར་བ་སྟེ། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །བ་ལས་དུར་ཁྲོད་འབར་བའོ། །ཡཾ་ལས་ཟླ་གམ་འབར་བ་སྟེ། །བཾ་ལས་ཟླུམ་པོ་དེ་བཞིན་དང་། །དེ་ལས་དབང་ཆེན་རིམ་དུ་འབར། །ཧཱུཾ་ལས་འོད་འབར་ཕྱོགས་བཅུར་འཕྲོས། །བྱིན་བསྡུས་གཞལ་ཡས་ཉིད་ལ་ཐིམ། །དེ་ལས་དབང་གི་རྒྱལ་པོར་གསལ། །གཟི་ལྡན་ཡུམ་ནི་སྐུ་ལ་འཁྲིལ། །སྦྱོར་བ་ཡི་ནི་ཡི་གེར་གསལ། །ཡི་གེའི་ངང་ལས་འཁོར་གྱི་སྐུར་གསལ་ལོ། །དེ་ལ་སྤྱན་དྲང་བསྡིམ་མཆོད་སྔགས་ཀྱིས་བྱ། །སྨོན་ལམ་བཏབ་ལ་ལས་འདི་བཅོལ། །དེ་ཡིས་བསྙེན་དང་བསྒྲུབ་པ་དང་། །བསྙེན་ཆེན་དང་ནི་བསྒྲུབ་ཆེན་པོ། །ལས་བཞི་སྔགས་ཀྱི་འཕྲོ་འདུར་གསལ། །དེ་ནས་དབང་དྲག་ལས་ལ་སྦྱར། །གསང་བ་དབང་གི་སྔགས་ཀྱིས་བརྡེབ། །དེ་ཡིས་དབང་གི་ལས་རྣམས་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟག་
ཏུ་རྩེ་གཅིག་དབང་གི་ལྷ་རྣམས་བསྒྲུབ་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་གསོལ་པ། དབང་གི་ལྷ་རྣམས་མཆོད་པ་ན། །དབང་གི་ལྷ་རྣམས་གང་གིས་མཆོད། །དབང་གི་མ་མོ་དམ་ཅན་གང་གིས་བསྟེན། །ལྷག་པའི་ལྷ་རྣམས་གང་གིས་བསྟེན། །རྫས་དང་དམ་རྫས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གིས་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །དབང་གི་ལྷ་རྣམས་མཆོད་པ་ན། །སྲུབས་མེད་བྷན་དྷ་བཟང་འཁོར་ཡུག །ཚེ་དང་རིགས་དང་མཚན་དང་ལྡན། །ལྕང་ལོ་མ་ཉམས་རིན་ཆེན་བརྒྱན། །དམ་རྫས་བདུད་རྩི་ལྔས་བཀང་དང་། །དག་པ་ལྷ་ཡི་ཞལ་ཟས་མཆོག །འདོད་ཡོན་ཚང་བའི་གཏོར་མ་དང་། །མ་འདྲེས་དྭངས་མའི་རཀྟ་གསུམ། །དབང་གི་ལྷ་རྣམས་མཆོད་པའོ། །གཉིས་མེད་མཆོད་པའི་ཕྱག་རྒྱ་དང་། །དག་པ་ཕྱི་ཡི་མཆོད་པ་དང་། །གླུ་བྲོ་གར་གྱིས་མཆོད་པ་ནི། །དབང་གི་ལྷ་ཚོགས་མཆོད་པའོ། །དབང་གི་མ་མོ་དམ་ཅན་བསྟེན་པའི་རྫས། །དཔའ་བོ་ཆེན་པོའི་སྙིང་ཁྲག་དང་། །གློ་བ་ནང་ཁྲོལ་བཅས་པ་དང་། །དབང་པོ་རྣམས་དང་བདུད་རྩི་དང་། །ཤ་སྣ་བརྒྱད་དང་ཁྲག་སྣ་བརྒྱད། །ཚིལ་ཆེན་མར་མེ་བཅས་པ་དང་། །ལྕང་ལོ་བྷན་དར་བཅས་པ་དང་། །ཐོད་རྔ་ལ་སོགས་བརྡུང་བའི་དབྱངས། །མ་མོ་བསྟེན་པའི་དམ་རྫས་སོ། །ལྷག་པའི་ལྷ་གསུམ་མཆོད་པའི་རྫས། །དུག་གསུམ་ཤ་ཁྲག་རུས་ཀྱིས་མཆོད། །དེ་ལྟར་ཚོགས་ན་རྫས་ཡིན་ནོ། །དེ་ཡིས་དབང་གི་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་དམ་རྫས་ཀྱིས་མཆོད་པའི་ལེའུ་སྟེ་གྱ་གཅིག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་ཡང་གསོལ་པ། ཀྱེ་མ་བཅོམ་ལྡན་དབང་གི་བདག །དབང་གི་ལྷ་ཚོགས་འདི་རྣམས་ལ། །ལོང་བ་ཆེན་པོ་ཞེས་བྱ་བ། །གནད་ནས་བསྐུལ་པ་ཇི་ལྟར་ལགས། །དབང་གི་
རྒྱལ་པོས་བཤད་དུ་གསོལ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ལོང་བ་ཆེན་པོ་འདི་རྣམས་ནི། །སྐུལ་བའི་ལས་རྣམས་འདི་ལྟར་རོ། །ཧཱུཾ་དམར་ལ་དྭངས་པ་སྤྲུལ་པའི་སྐུ། །འགྲན་ཟླ་མེད་པ་རྒྱལ་བའི་མཐུ། །ཁྱབ་པ་ཡེ་ཤེས་ཐུགས་རྗེའི་རྩི། །དབང་རྒྱལ་བདུད་རྩི་ཁྱེད་ལ་བསྟོད། །སྤྲུལ་པ་ཡེ་ཤེས་མཁའ་འགྲོ་མ། །གདུག་པ་ལོང་བའི་ཚོགས་སུ་སྤྲུལ། །ལོང་བ་ཆེན་པོ་སུམ་ཅུ་གཉིས། །ཤར་ནས་ལོང་བ་བརྒྱད་བྱུང་སྟེ། །ཤེལ་གྱི་སྐུ་ལུས་ལྡེམ་པ་ལ། །ཤིང་དཀར་དཀར་ནི་ལྡེམ་པ་བརྒྱད། །ཆིབས་སུ་སྟག་དགུ་རེ་རེ་ཆིབས། །གཡས་པ་བརྒྱད་ན་ལྕགས་ཀྱུ་རེ་རེ་བསྣམས། །གཡོན་པ་བརྒྱད་ན་སྟ་རེ་ཐོགས། །ལྕགས་ཀྱུས་བཟུང་ནས་སྟ་རེས་གཤག །དབུ་ལ་གཟའ་རྒོད་ཆར་དུ་འབེབས། །རྡོ་རྗེ་རིགས་ཀྱི་ལས་རྣམས་མཛད། །ལྷོ་ནས་ལོང་བ་བརྒྱད་བྱུང་སྟེ། །རིན་ཆེན་གསེར་གྱི་ལོང་བ་བརྒྱད། །ཆིབས་སུ་གསེར་གྱི་གླང་པོ་ཆིབས། །གཡས་པ་བརྒྱད་ན་གསེར་ཞགས་སེར་པོ་ཐོགས། །གཡོན་པ་བརྒྱད་ན་གསེར་གྱི་ཕུར་པ་འདེབས། །ཡ་མ་གཤིན་རྗེ་ཆར་ལྟར་འབེབས། །རིན་ཆེན་རིགས་ཀྱི་ཕྲིན་ལས་མཛད། །ནུབ་ནས་ལོང་བ་བརྒྱད་བྱུང་སྟེ། །རཱ་ག་དམར་པོའི་སྐུ་ལུས་ལ། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །གཡས་པ་རིན་ཆེན་ལྕགས་སྒྲོག་བརྒྱད། །གཡོན་པ་ཟངས་ཀྱི་ཕུར་པ་བརྒྱད། །དབུ་ལ་ཟངས་སྟག་ཆར་པར་འབེབས། །པདྨ་རིགས་ཀྱི་ལས་མཛད་པ། །བྱང་ནས་ལོང་བ་བརྒྱད་བྱུང་སྟེ། །ཆིབས་སུ་གཡུ་ཡི་བྱ་ཁྲ་ཆིབས། །གཡས་པ་བརྒྱད་ན་གཡུ་ཡི་དྲིལ་བུ་འཁྲོལ། །གཡོན་པ་བརྒྱད་ན་དྲིལ་ཞགས་འཕེན། །ལས་ཀྱི་རིགས་ཀྱི་ལས་མཛད་མ། །ཁྱེད་ཀྱི་ཕྲིན་ལས་རྫོགས་མཛད་དེ། །ཡེ་ཤེས་ལས་མཛད་ཁྱེད་ལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལོང་བ་བསྐུལ་བའི་ལེའུ་སྟེ་གྱ་གཉིས་པའོ།། །།དེ་ནས་ཡང་དྲག་པོའི་ལིངྒ་བཤད་པར་བྱ། ལིངྒ་བཅའ་བའི་མཚན་ཉིད་ནི། །མ་རུངས་རྫས་ལས་གྲུབ་པ་སྟེ། །དེ་ལ་ནུས་མཐུ་ཡོད་པ་སྟེ། །གངས་ཀྱི་དུམ་བུ་ཇུ་ཚེའི་ཕུབ། །སྲུབ་ཁའི་ལོ་
མ་བོང་བུའི་བདུད་རྩི་དང་། །མི་ཕུང་ས་དང་དེ་རྗེས་རྣམས། །དེ་ལ་ལིངྒ་བྱ་བའོ། །གྲོག་མཁར་ས་དང་དྲི་མ་རྗེས། །དེ་ཡང་ལིངྒའི་རྒྱུ་རུ་ཤེས། །དེ་ལྟར་སྦྲུས་ལ་ལིངྒ་བཅའ། །ལིངྒའི་ཡན་ལག་ཉིང་ལག་རྫོགས་པར་བྱའོ། །དེ་ལྟར་བསྐྱེད་དང་དགུག་བསྡིམ་གསལ། །དེ་ལ་དྲག་པོའི་ལས་རྣམས་བྱ། །ཞེས་གསུངས་སོ། །མཚན་དང་ལྡན་པའི་ལིངྒ་ལ། །དེ་ལ་བལ་ཚོན་སྣ་ལྔའི་བྲུངས། །མཁར་ནག་སྐུད་པ་དག་གིས་རྒྱ་གྲམ་བསྡམ། །གཏོར་མ་རྡོ་ཕྱེ་དུག་རྣམས་དང་། །མུངྒ་ར་ཡི་ཆན་དང་སྦྱར། །བསེ་བྱ་དམར་ལ་དེ་བཞིན་བསྐྱོན། །ཟླ་གམ་གྲུ་གསུམ་ནང་དུ་གཞུག །དེ་ལྟར་བྱས་ཏེ་ལས་ལ་སྦྱར། །དེ་ཡིས་དྲག་པོའི་ལས་རྣམས་རྫོགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལིངྒ་དང་དྲག་རྫས་བསྟན་པའི་ལེའུ་སྟེ་གྱ་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་ཡིས། དབང་གི་རྒྱལ་ལ་འདི་སྐད་གསོལ། །ཀྱེ་མ་དབང་མཆོག་ཧེ་རུ་ཀ །ཐམས་ཅད་དབང་གི་ལྷ་ཞེས་བྱ་བ་ཇི་ལྟ་བུ། །དབང་གི་བདག་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་རཱ་ག་དམར་པོའི་གཞལ་ཡས་སུ། །ཟླ་གམ་དམར་དང་འོད་དུ་བཅས། །པདྨ་འབར་བའི་གདན་རེ་སྟེ། །ལྷ་རེ་ལ་ཡང་པདྨའི་གདན། །དབུས་ནི་པདྨ་བརྩེགས་པའོ། །དེ་ལྟར་དབང་གི་ལྷ་ཚོགས་གསལ་བར་བཀོད། །སྐུ་མདོག་ཐམས་ཅད་དམར་པོ་སྟེ། །པདྨ་མེ་ཏོག་ཕུང་པོས་བསྐོར། །གཡས་པ་ཐམས་ཅད་ལྕགས་ཀྱུ་ལེ་བརྒན་ཅོད་པན་ཅན། །གཡོན་པ་ཐམས་ཅད་བུམ་པ་ཚེ་ཡིས་བཀང་བའོ། །ལྷ་རྣམས་དེ་དག་ཐམས་ཅད་ཀྱི། །ཐུགས་ཀར་དཔལ་བེའུ་བར་ཟླ་གམ། །ཟླ་གམ་ཁ་སྤྲོད་རེ་རེ་ལ། །ཟླ་བའི་དཀྱིལ་འཁོར་རེ་རེ་ལ། །ཚེ་ཡི་རང་བཞིན་ཡི་གེ་ཨ་རེ་གནས། །དཀར་དམར་འོད་ཀྱི་ཐིག་ལེ་ལྔ་ལྔས་བསྐོར། །ཚེ་ཡི་རང་བཞིན་འོད་དུ་འཁྱིལ། །བར་ན་རྟ་མགྲིན་སེམས་དཔའ་རེ། །འཁྲིལ་ཞིང་བསྐོར་བས་ཕྱོགས་བཞི་བསྲུང་། །དེ་ལྟར་ལྷ་རྣམས་གསལ་བ་ལ། །ཚེ་བསླང་ཚེ་དགུག་དེ་ལ་བསྡིམ། །
འདོད་པའི་མཆོག་ལ་ཚེ་དབང་སྦྱིན། །འདོད་པའི་མཆོག་ལ་ཡང་དེ་བཞིན་ཏེ། །དཀར་དམར་འོད་ཀྱི་ཐིག་ལེ་དེ། །འདོད་པ་དེ་ལ་རབ་བསྡིམས་པས། །འདོད་པ་དེ་ཡི་གནས་ཆེན་ལ། །དཀར་དམར་ཚེ་ཡི་རང་བཞིན་འཁྱིལ། །ཚེ་ནི་ཆར་ལྟར་དེ་ལ་ཕབ། །འདོད་པ་ཚེ་ལུས་རྒྱས་པ་སྟེ། །སྣུམ་ལ་འཁྲིལ་ལ་མཉེན་ལ་འཁྲིལ། །ཚེ་ཡི་གའུར་གཏམས་པ་ལ། །ཁྲོ་བཞི་ལྷ་མོ་བཞི་ཡིས་བསྲུང་། །ཚེ་ཡི་བླ་གནས་དགུ་ལ་ཐིམ། །ཕྱག་རྒྱ་འབར་བས་རྒྱས་བཏབ་པ། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །དེ་ལ་ཚེ་དབང་ཞེས་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་སྒྲུབ་པའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །ཚེ་ཞེས་བྱ་བ་སྲོག་ཡིན་ཏེ། །སྲོག་ཅེས་བྱ་བ་ཚེ་ཡིན་ནོ། །ཚེ་སྲོག་བར་ན་ཡི་གེ་གསུམ། །ཨ་དཀར་གསུམ་ནི་ཧཱུཾ་ཞབས་སྦྲེལ། །ཐ་མ་འོད་ཀྱི་ཐིག་ལེར་གནས། །དེ་ལྟར་རྟོགས་པས་ཚེ་བསྒྲུབ་པོ། །དེ་ལ་དབང་ནི་རྣམ་གསུམ་སྟེ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་དང་། །ཡི་གེ་ཕྲེང་བའི་དབང་བསྐུར་དང་། །ལྷ་ཡི་ཚོགས་ཀྱིས་བསྐུར་བའོ། །བྱང་ཆུབ་སེམས་ཀྱིས་བསྐུར་བ་ནི། །ལྷ་དང་བླ་མ་མཉེས་པར་བྱ་བའི་ཕྱིར། །གཟུངས་མ་དེ་དང་ལྡན་པས་བྱ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ཏེ། །གཙོ་གཟུངས་སྦྱོར་བའི་བྱང་ཆུབ་སེམས། །བླངས་ལ་དེ་ལ་སྦྱིན་པར་བྱ། །གསང་བ་གཞན་ལ་བསྟན་པ་མིན། །མི་ཕྱེད་དགུ་དང་ལྡན་པ་ལའོ། །ཡི་གེ་ཕྲེང་བའི་དབང་བསྐུར་བ། །འབྲུ་ལྔ་ཡེ་ཤེས་ལྔ་ཡི་དབང་། །འབྲུ་བརྒྱད་ཧུ་ལུ་དབང་གི་ལྷ་རྣམས་ཀྱིའོ། །དེ་ཡི་དབང་བསྐུར་མིག་དང་ལྡན། །ལྷ་ནི་ཚངས་པ་དངོས་སུ་བསྐུར། །གནས་ལྔ་དག་ཏུ་བསྐུར་བའོ། །དེ་ཡིས་འབྲས་བུ་གྲུབ་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་དབང་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། བསྡུས་པའི་དབང་གི་དཀྱིལ་འཁོར་ལ། །ལྷ་རྣམས་དགོད་པ་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །
འདུས་པ་དབང་གི་དཀྱིལ་འཁོར་ལ། །དབང་གི་ལྷ་རྣམས་དགོད་པ་ནི། །དབུས་ཀྱི་ཟླ་གམ་ཆེན་པོ་ལ། །དབང་གི་རྒྱལ་པོ་དགོད་པ་ནི། །གཟི་ལྡན་པདྨ་གཙོ་དང་འཁྲིལ། །འཁོར་ལོ་རྩིབས་ནི་བཅུ་དྲུག་ལ། །གོ་ལ་མ་དྲུག་ཁམ་རྒྱ་དྲུག །གསང་བའི་ཡུམ་བཞི་ལ་སོགས་ཏེ། །བཅུ་དྲུག་རིམ་པར་དགོད་པར་བྱ། །ཕྱི་ཡི་པདྨ་སུམ་ཅུ་རྩ་གཉིས་ལ། །ལོང་བ་སུམ་ཅུ་རྩ་གཉིས་དགོད། །གྲུ་ཆད་བཞི་དང་ཕྱོགས་དག་ལ། །ཁྱི་བརྒྱད་ཚོགས་ནི་དགོད་པར་བྱ། །དེ་ཡི་ཕྱི་རིམ་གྲུ་བཞི་ལ། །སྤྱང་བརྒྱད་དག་ནི་དགོད་པར་བྱ། །ཁྱམས་ལ་མ་མོ་རྣམས་ནི་དགོད། །སྒོ་བཞིར་ཁྲོ་བོ་མགོ་བརྩེགས་དགོད། །གཙོ་བོའི་ཟུར་བརྒྱད་མདུན་རྒྱབ་ཟུར་བཞི་ལ། །བརྟུལ་ཞུགས་ཆེན་པོ་བཞི་ནི་དགོད། །དེ་ལྟར་བཀོད་ལ་བསྒྲུབ་པ་ནི། །རྩ་བའི་དཀྱིལ་འཁོར་གསལ་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྩ་བའི་དཀྱིལ་འཁོར་དགོད་པའི་རིམ་པའི་ལེའུ་སྟེ་གྱ་དྲུག་པའོ།། །།དེ་ནས་ཡང་གསོལ་པ། ཀྱེ་མ་བཅོམ་ལྡན་དབང་གི་བདག །དབང་གི་ལྷ་རྣམས་བསྒྲུབ་པ་ལ། །རྒྱན་གྱི་དཀྱིལ་འཁོར་དགུ་པོ་ལ། །བསྒྲུབ་པ་བྱ་ན་ཇི་ལྟར་བྱ། །རྫས་དང་བསྒྲུབ་པ་ཇི་ལྟར་ལགས། །རྟེན་གྱི་དཀྱིལ་འཁོར་བཅུ་བདུན་ལ། །རྒྱུ་དང་ཚད་ནི་ཇི་ལྟར་ལགས། །དགོད་པའི་རིམ་པ་ཇི་ལྟར་སྦྱར། །ལས་ཀྱི་དཀྱིལ་འཁོར་བརྒྱད་ཅུ་ལ། །བྱ་བའི་ཐབས་ནི་ཇི་ལྟར་ལགས། །ལྷ་དང་དཀྱིལ་འཁོར་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ལས་ཀྱི་སེམས་དཔའ་ཆེན་པོ་ཉོན་ཅིག །རྒྱན་གྱི་དཀྱིལ་འཁོར་དགུ་པོ་ལ། །ལས་ནི་རྣམ་པ་དགུ་རུ་ཡོད། །རྒྱན་གྱི་དཀྱིལ་འཁོར་ལྷ་གྲངས་བཞིན། །སྤར་དང་སྟོད་དང་བསྒྲུབ་པ་སྟེ། །ལས་དེ་བསྒྱུར་ཅིང་བྱ་བའོ། །རྟེན་གྱི་དཀྱིལ་འཁོར་བཅུ་བདུན་ལ། །ཕྱི་ནང་གསང་བ་བསྒྲུབ་པའོ། །ལས་ཀྱི་དཀྱིལ་འཁོར་བརྒྱད་ཅུ་ལ། །ཇི་ལྟར་འདོད་པར་ལས་རྣམས་རྫོགས་པར་སྦྱར། །ལྷ་དང་གདན་ལ་སྔགས་ཚོགས་
ཏེ། །ཡིག་འབྲུའི་ཚུལ་དུ་དགོད་པའོ། །དེ་ལྟར་གསལ་བར་བཀོད་པ་ནི། །དབང་གི་ལྷ་ཚོགས་མ་ལུས་ལ། །དཀྱིལ་འཁོར་བརྒྱ་དང་རྩ་བརྒྱད་ཀྱིས། །ཇི་ལྟར་འདོད་པ་བཞིན་དུ་བསྒྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དཀྱིལ་འཁོར་དབྱེ་བ་བསྟན་པའི་ལེའུ་སྟེ་གྱ་བདུན་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་བཀའ་སྩལ་པ། དབང་གི་ལྷ་རྣམས་བསྒྲུབ་པ་ལ། །མཁའ་འགྲོ་འབར་བའི་བསྒྲུབ་པ་གཅེས། །མཁའ་འགྲོ་འབར་བའི་བསྒྲུབ་པ་ནི། །ཏིང་འཛིན་གསུམ་དང་ལྡན་པ་དེས། །མཁའ་འགྲོ་དབང་མོ་དེ་རྣམས་བསྒྲུབ། །དཀྱིལ་འཁོར་ཐིག་བཞི་ལེའུ་ཚེ་དགུ། །གྲུ་བཞི་སྒོ་དང་བཅས་པའོ། །དབུས་སུ་དབང་གི་རྒྱལ་པོའོ། །ཕྱོགས་བཞི་ལིང་ཚེ་བཞི་ལ་ནི། །གཡས་ཀྱི་མཁའ་འགྲོ་བཅུ་དྲུག་བཀོད། །ཟུར་གྱི་ལིང་ཚེ་བཞི་ལ་ནི། །གཡོན་གྱི་མཁའ་འགྲོ་བཅུ་དྲུག་དགོད། །སྒོ་ལ་དེ་བཞིན་ཁྲོ་བོའོ། །དེ་ལ་སྔགས་དང་ཚིག་བསྐུལ་བས། །ནང་གི་ཚུལ་དུ་བསྒྲུབ་པར་བྱའོ། །བ་སྤུ་ཁབ་ཀྱི་དཀྱིལ་འཁོར་ནས། །མགོ་བརྙན་གདུག་པའི་ཚོགས་རྣམས་འབྱུང་། །ཤ་དང་ཁྲག་ལ་རྔམ་པའོ། །སྟག་དང་སེང་གེ་བྱ་རོག་སྟོབས་ལ་རྨིག་བུ་བརྒྱན། །སྲིན་མོའི་གདོང་ལ་ལྷ་མོའི་ངང་ཚུལ་ཅན། །ལ་ལ་ལོང་བ་མཆེ་བ་གཙིགས། །དེ་ལྟར་མཁའ་འགྲོ་གསལ་བར་བསམ། །གནན་བསྲེག་འཕང་དང་ལན་གསུམ་སྦྱར། །ཞེས་གསུངས་སོ། །སྐུ་ལས་སྤྲུལ་པའི་མཁའ་འགྲོ་དང་། །ལས་དང་ཁྱད་པར་རྫོགས་པར་བྱ། །མཁའ་འགྲོ་རྣམས་ལ་ལས་གཉེར་གཏད། །སྤྲིན་དམར་འཁྲིགས་པའི་དཀྱིལ་ཤེད་ནས། །གདུག་པའི་མགོ་བརྙན་མང་པོ་འཕྲོ། །ལས་བསྒྲུབ་གསང་བའི་དམ་བསྲུང་ཚོགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཁའ་འགྲོ་མ་རྣམས་བསྒྲུབ་པའི་ལེའུ་སྟེ་གྱ་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། ཀྱེ་མ་བཅོམ་ལྡན་དབང་གི་ལྷ། །ལས་ཀྱི་རྣམ་པ་ཅི་ཞིག་བྱ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་
པ། །མི་དགེ་གཞོམ་པར་བྱ་བའི་ཕྱིར། །གཉིས་མེད་གཟི་ལྡན་ལྷ་རྣམས་ཀྱིས། །ངན་སོང་གནས་ཀྱི་བྲོ་མཛད་དེ། །གཟི་ལྡན་དཔལ་གྱི་དཀྱིལ་འཁོར་ནས། །པདྨ་དབང་གི་རྒྱལ་པོ་ལ། །དགྱེས་ཕྱིར་གསང་བའི་མཆོད་པས་མཆོད། །ཕྱི་ཡི་མཆོད་པ་ཚིག་དྲུག་ལ། །བྲོ་གླུ་དྲུག་གི་དབྱངས་ཀྱིས་བྱ། །གླུ་ཡི་ཡོན་ཏན་དཔག་ལས་འདས། །གྲུབ་པའི་གླུས་ནི་ཐུགས་དམ་བསྐུལ། །ཚངས་པའི་གླུས་ནི་ཞིང་ཁམས་སྦྱོང་། །གདུང་བའི་གླུས་ནི་མ་སྲིང་མཉེས། །ལས་ཀྱི་གླུས་ནི་ཕོ་ཉ་འགྱེད། །སྒྱུ་མའི་གླུས་ནི་དགོངས་རྒྱུད་གསལ། །ཧཱུཾ་གི་གླུས་ནི་བདུད་བཞི་འདུལ་ཞིང་འཕྲོ་འདུ་འཁྲུགས། །གླུ་དྲུག་རྫོགས་པ་བལྟ་བར་བཞག །བྲོ་དྲུག་རྫོགས་པའི་སྤྱོད་ལམ་བཞི། །གར་གྱི་བྲོས་ནི་བྱིན་རླབས་ཆེ། །དབང་གི་བྲོས་ནི་དུག་གསུམ་འཇོམས། །པདྨའི་བྲོས་ནི་ཆགས་པ་མེད། །ཁྲོ་བོའི་བྲོས་ནི་དྲེགས་ཆེན་འཇོམས། །སྤྱོད་ལམ་ཆེན་པོ་ཡོངས་སུ་རྫོགས། །དང་པོ་དབང་གི་རྟ་ཡི་བྲོ། །འཁོར་གསུམ་བརྡུང་བས་སྲིན་པོ་གནོན། །འདི་ནི་གསང་བ་ངེས་པའི་བྲོ། །ཐུགས་མཆོག་གསང་བའི་སྙིང་པོ་ཡིན། །རྒྱལ་བ་ཀུན་དང་མཉམ་སྦྱར་བས། །མ་ཡི་ཚོགས་ཀྱི་འདུ་འཕྲོ་བསྒོམ། །རྟ་བྲོ་འཁོར་ཅིག་དང་པོ་ལ། །ཁྲོ་བོ་སྤྲིན་གྱིས་དབང་བསྡུས་ན། །དུས་གསུམ་རྒྱལ་བ་རོལ་པ་མཛད། །རྟ་བྲོ་འཁོར་ནི་གཉིས་པ་ལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རིག་འཛིན་ཡུམ་དང་རོལ་པ་མཛད། །འདི་ནི་སྐུ་གསུང་ཐུགས་ཀྱི་བྲོ། །པདྨ་གར་གྱི་ཐུགས་དམ་བསྐང་། །འདུལ་བའི་བྲོ་བཞི་བྱུང་བ་ལ། །གསང་བའི་གནས་བཞི་དག་ནས་སུ། །སྤྲུལ་པ་ཆེན་པོ་བཞི་བྱུང་ཞིང་། །ཕྱོགས་བཞི་དག་ཏུ་བྲོ་བཞི་བརྡུང་། །ནུབ་ཀྱི་ཕྱོགས་སུ་བྲོ་གཅིག་བརྡུང་། །ཀླུ་རྣམས་འདུལ་བའི་བྲོ་བོ་ཆེ། །བྱང་གི་ཕྱོགས་སུ་བྲོ་གཅིག་བརྡུང་། །གནོད་སྦྱིན་བསྒྲལ་བའི་སྟེང་ནས་བརྡུང་། །ཤར་གྱི་ཕྱོགས་ནས་བྲོ་གཅིག་བརྡུང་། །དྲི་ཟ་འདུལ་བའི་བྲོ་བོ་ཆེ། །བྲོ་གཅིག་ལྷོ་ཡི་ཕྱོགས་སུ་བརྡུང་། །གྲུལ་བུམ་འདུལ་བའི་
བྲོ་བོ་ཆེ། །ཡེ་ཤེས་བྲོ་གར་ཆེན་པོ་འབྱུང་། །མཚམས་ནས་བྲོ་བཞི་མཁའ་ལས་བྱུང་། །ཡི་གེ་བཞི་ལས་སྤྲུལ་པ་བརྒྱད། །རྡོ་རྗེའི་བྲོ་ནི་ཤར་ནས་བརྡུང་། །རྟ་ཡི་བྲོ་ནི་ལྷོ་ནས་བརྡུང་། །ཕུར་པའི་བྲོ་ནི་ནུབ་ནས་བརྡུང་། །སྤྲུལ་པའི་བྲོ་ནི་བྱང་ནས་བརྡུང་། །བྱང་ཤར་མཚམས་ནས་གཟིག་གི་མི་ཆེན་བརྒྱད། །ཤར་ལྷོ་མཚམས་ནས་ལྕགས་ཀྱི་ཁྱི་ཡི་བྲོ། །ལྷོ་ནུབ་མཚམས་ནས་བསེ་ཡི་བྱན་ལག་བྲོ། །ནུབ་བྱང་མཚམས་སུ་མཆེ་གཙིགས་ཕག་གི་བྲོ། །ལ་ལ་ཟ་བྱེད་ཆེན་པོ་འདུལ། །ལ་ལ་གཡོ་འགུལ་མེད་པར་གནོན། །ལ་ལ་རྩལ་གྱིས་དབང་དུ་སྡུད། །ལ་ལ་དུག་གསུམ་བཙོན་རར་སྦྱོར། །ལ་ལ་ཕུར་པས་དབྱིངས་སུ་ཐེབས། །ལ་ལ་སྦྱོར་བའི་ལས་རྣམས་འཇོམས། །ལ་ལ་ང་རྒྱལ་གཤོག་པའི་ཕྱིར། །ལ་ལ་ཐམས་ཅད་བརྟན་པར་བྱེད། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལ། །ཚོམ་བུ་བརྒྱད་ཀྱི་བྲོ་རུ་གཏམས། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཀུན་ཏུ་བཟང་མོ་མཁའ་དབྱིངས་དག་པ་ལ། །རྒྱལ་བ་སྟོང་གི་དཀྱིལ་འཁོར་བཅས། །ཁྲོ་བོ་ཆེན་པོའི་རྟ་བྲོ་སྟེ། །ཚོམ་བུ་བདུན་གྱི་ཕྱོགས་མཚམས་སུ། །ལ་ལ་ཡེ་ཤེས་རོལ་པའི་བྲོ། །ལ་ལ་དཔལ་གྱི་ལོངས་སྤྱོད་བྲོ། །ལ་ལ་དབང་གི་ཡུལ་གྱི་བྲོ། །ལ་ལ་ཐབས་དང་ཤེས་རབ་བྲོ། །གླུ་ནི་བལྟ་བའི་རྒྱལ་པོ་ཡིན། །བྲོ་ནི་ཕྲིན་ལས་ཆེན་པོ་ཡིན། །ཚིག་ནི་འདུ་འབྲལ་མེད་པའི་གཟུངས། །དང་པོ་པདྨ་རོལ་པའི་བྲོ། །ཆགས་པ་མེད་པའི་ཚུལ་གྱིས་བརྡུང་། །ཡུམ་གྱི་མཁའ་དང་སྦྱོར་བའོ། །དེ་ནས་ཤེས་རབ་ཐབས་ཀྱི་བྲོ། །བྷ་གའི་གནས་ནས་རྡོ་རྗེས་བརྡུང་། །དེ་ནས་དབང་པོ་ཡུལ་གྱི་བྲོ། །ལྷ་མོ་བརྒྱད་ལ་ཐབས་ཀྱིས་སྦྱོར། །དེ་ནས་གདུལ་བྱ་དབང་གི་བྲོ། །རྟ་མགྲིན་རྒྱལ་པོས་འཁོར་ལ་བརྡུང་། །དེ་ནས་མོས་པ་བསྐྱེད་པའི་བྲོ། །མ་སྲིང་རྒྱ་མཚོའི་འཁོར་ལ་བརྡུང་། །དེ་ནས་གདུག་བྱེད་ཐབས་ཀྱི་ཕྲིན་ལས་བྲོ། །ཕྱོགས་བཅུ་མ་ལུས་དབང་དུ་སྡུད། །ཐབས་དང་ཤེས་རབ་ལྡན་པའོ། །གླུ་བྲོ་དམ་ཚིག་ཆེན་པོ་ཡིན། །རྟག་པར་བདུད་བཞི་འདུལ་བའི་ཕྱིར། །བྲོ་ནི་བར་ཆད་མེད་པར་བརྡུང་། །ལྟ་བ་ཆེན་པོ་བསྐྱེད་པའི་ཕྱིར། །གླུ་ནི་འདུ་འབྲལ་མེད་པར་བླང་། །དཀྱིལ་
འཁོར་རང་ལ་གསལ་བའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླས། །ཕུང་པོ་གཏན་ནས་གཞོམ་པའི་ཕྱིར། །བདུད་ཀྱི་ཚོགས་ལ་བྲོ་གཅིག་བརྡུང་། །ཉོན་མོངས་གཏན་པ་གཞོམ་པའི་ཕྱིར། །ཉོན་མོངས་བདུད་ལ་བྲོ་གཅིག་བརྡུང་། །ལྷ་ཡི་བདུད་ནི་གཞོམ་པའི་ཕྱིར། །ལྷ་བདུད་ཚོགས་ལ་བྲོ་གཅིག་བརྡུང་། །སྐྱེ་ཤི་མེད་པར་བྱ་བའི་ཕྱིར། །འཆི་བདག་ཚོགས་ལ་བྲོ་གཅིག་བརྡུང་། །བདུད་བཞི་གཏན་ནས་བརླག་ནས་ནི། །བདེ་བ་ཚད་མེད་བཞི་དང་སྦྱར། །དུག་གསུམ་རྩད་ནས་གཅད་པའི་ཕྱིར། །རྟ་བྲོ་འཁོར་གསུམ་བརྡུང་བར་བྱ། །མཉེས་སྐོང་དགྱེས་པ་ཆེན་པོའོ། །ཚོམ་བུ་ལྔ་ཡི་བྲོ་བརྡུང་བས། །ཉོན་མོངས་རྩད་བཅད་ཡེ་ཤེས་ལྔ། །ལུ་གུ་རྒྱུད་དུ་སྦྲེལ་བས་མི་འབྲལ་གཟུངས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གླུ་དང་བྲོ་དང་ལས་ཀྱི་བལྟ་བ་དང་གནས་དང་ངེས་པ་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་རྒྱལ། །དབང་གི་ལས་མཆོག་འདི་དག་ལ། །མ་དད་ཀླུ་རྣམས་བཏུལ་བ་ཇི་ལྟར་ལགས། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཀྱེ་མ་པདྨ་ལས་ཀྱི་སེམས་དཔའ་ཆེ། །དབང་གི་ལྷ་རྣམས་མ་ལུས་ཀྱིས། །མ་དང་ཀླུ་རྣམས་བཏུལ་བ་ནི། །ནུབ་ཕྱོགས་དབང་གི་ཞིང་ཁམས་སུ། །པདྨ་བསིལ་བའི་དུར་ཁྲོད་དུ། །དབང་གི་རྒྱལ་པོ་ཆེན་པོ་དེས། །སྐུ་གསུང་ཐུགས་ལས་སྤྲུལ་པ་གསུམ། །སྐུ་ཡི་སྤྲུལ་པ་ཁྲོ་བོ་རྣམ་རྒྱལ་ཏེ། །གསུང་གི་སྤྲུལ་པ་རྟ་མཆོག་རྒྱལ། །ཐུགས་ཀྱི་སྤྲུལ་པ་གསང་ཆེན་བདག །བསེ་ཁྲབ་སྨུག་པོའི་འོད་ཟེར་ལས། །བསེ་ཡི་བྱན་ལག་སྨུག་པོ་གཅིག །སྤྲུལ་པ་ཆེན་པོ་མཁའ་ལ་ལྡིང་། །ཡེ་ཤེས་སྤྱན་ལ་རིན་ཆེན་མཆུ། །གཤོག་པ་ཉི་ཁྲི་ལྔ་སྟོང་ལ། །བསེ་ཡི་ཁྲོ་མཆོག་ལྔ་སྟོང་གནས། །བྱ་བུ་ལྔ་བརྒྱ་སྤྲུལ་པ་ལྡིང་། །ཡེ་ཤེས་དྲི་མེད་སྤྱན་དང་ལྡན། །ཞེ་སྡང་འཐབ་སྡེར་མེ་འབར་རོ། །དེ་ནི་ལྡིང་ཞིང་འཛུམ་པའི་ཚེ། །རྟ་མཆོག་རྒྱལ་པོས་
གསུང་བའི་དབྱངས་ཐོས་ཚེ། །ཀླུ་རྣམས་མ་ལུས་དམྱལ་ཐག་གཅོད། །དྲེགས་པ་འཁོར་བཅས་དབང་བསྡུས་ནས། །ཐམས་ཅད་དབང་གིས་བསྒྲལ་བའོ། །ཞེས་གསུངས་སོ། །ལས་ཀྱི་སེམས་དཔས་ཡང་གསོལ་པ། བཅོམ་ལྡན་དབང་གི་རྒྱལ་པོ་ཆེ། །ཀླུ་རྣམས་གདུག་པ་དེ་དག་ལ། །རྫུ་འཕྲུལ་བསྟན་པ་ཇི་ལྟར་ལགས། །རྫུ་འཕྲུལ་དབྲོག་པ་ཇི་ལྟར་བགྱི། །ལས་ཀྱི་ཐ་མ་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཀླུ་རྒྱལ་ཆེན་པོ་འདི་དག་གི། །རྒྱལ་པོ་བརྒྱད་ནི་རྒྱན་དུ་བྱ། །ཀླུ་བྲན་གཞལ་ཡས་རྒྱན་དུ་བྱ། །རྫུ་འཕྲུལ་སྔགས་ཀྱི་བདེན་པས་དབྲོག །དྲག་པོ་དབང་གི་ལས་བྱས་ན། །མ་བསྒྲལ་ཀྱང་ནི་ལྡང་མི་ནུས། །རྫུ་འཕྲུལ་མཐུ་རྣམས་སྔགས་ཀྱིས་བསྡུ་བའོ། །ཐམས་ཅད་ཞི་བར་བྱའོ་ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཉིད་ཀྱི་སྐུ་ལས་སྤྲུལ་པ་འཐོན་ཏེ། ཀླུ་ལ་སོགས་པ་བསྒྲལ་བ་དང་། རྫུ་འཕྲུལ་དབྲོག་པའི་ལེའུ་སྟེ་དགུ་བཅུ་པའོ།། །།དེ་ནས་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། བཅོམ་ལྡན་གསང་བ་དབང་གི་བདག །བདག་ལ་སོགས་པའི་དོན་སླད་དུ། །ཆོས་ཐམས་ཅད་དབང་གི་ཞིང་དུ་ཡོངས་དག་གོ། །ཞེས་བགྱི་བ་ཇི་ལྟར་ལགས། དབང་གི་རྒྱལ་པོས་བཤད་དུ་གསོལ། ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །ཆོས་ཐམས་ཅད་དབང་གི་ཞིང་དུ་ཡོངས་སུ་དག་གོ། །ཞེས་པ་ནི་ཐམས་ཅད་རྩ་བ་སེམས་ཉིད་དེ། །ལོ་མ་ཆོས་ནི་འབྲས་བུའོ། །རྩ་བ་བྱང་ཆུབ་གཉིས་སུ་མེད། །གཉིས་མེད་འབྲས་བུ་སེམས་ཅན་འདི། །ཀུན་ལ་དབང་བས་དབང་ཞེས་བྱ། །སྐྱོན་གྱིས་མ་གོས་ཞིང་ཡིན་ཏེ། །ཀུན་ཏུ་རྟོགས་པས་ཡང་དག་གོ། །སྣོད་ནི་སངས་རྒྱས་ཞིང་དུ་དག །བཅུད་ནི་བྱང་ཆུབ་སེམས་སུ་དག །སྣོད་ནི་དུར་ཁྲོད་གཞལ་ཡས་ཁང་། །བཅུད་ནི་ཁྲག་འཐུང་ཕྱག་རྒྱའི་ཚོགས། །སྣོད་བཅུད་ཡེ་ནས་རྣམ་དག་པས། །དེ་ལས་གོལ་ས་གང་ཡང་མེད། །སྣོད་བཅུད་གཉིས་ཀ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་མ་གཏོགས་མེད། །
ཐམས་ཅད་མ་ལུས་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཐམས་ཅད་རྟེན། །ཇི་ལྟར་སྣང་བ་སེམས་ཡིན་ཏེ། །རྩ་བ་ཡང་ནི་སེམས་ཉིད་དོ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །སྔོན་ནས་བསགས་པའི་བག་ཆགས་སེལ། །ཐམས་ཅད་ཆོས་སུ་མྱ་ངན་འདས། །སེམས་ནི་སངས་རྒྱས་མྱ་ངན་འདས། །སངས་རྒྱས་སེམས་སུ་མྱ་ངན་འདས། །དུག་གསུམ་དག་ལ་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱང་སེམས་ཅན་མྱ་ངན་འདས། །སེམས་ཅན་ཐམས་ཅད་མྱ་ངན་འདས། །སངས་རྒྱས་སེམས་ཅན་མྱ་ངན་འདས། །རྒྱུ་འབྲས་སངས་རྒྱས་མྱ་ངན་འདས། །སངས་རྒྱས་བྱང་ཆུབ་སེམས་སུ་འདས། །བྱང་ཆུབ་སེམས་ལས་མ་བྱུང་མེད། །ཀུན་ཀྱང་བྱང་ཆུབ་སེམས་ཉིད་དེ། །སེམས་ལས་མ་གཏོགས་སངས་རྒྱས་མེད། །སངས་རྒྱས་ཉིད་ཀྱང་མེད་པ་སྟེ། །སངས་རྒྱས་མིང་དུ་བཏགས་པས་ནོར། །མ་ནོར་མ་བཅོས་དེ་ཉིད་དང་། །རང་བྱུང་རང་ཞི་བདེ་བ་ལ། །ཇི་ལྟར་སྣང་བ་སེམས་ཉིད་དེ། །སེམས་ཉིད་ལ་ནི་དངོས་པོ་མེད། །དངོས་མེད་དངོས་པོ་དེ་ཉིད་དོན། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་སྣ་ཚོགས་ཅིར་སྣང་ཡང་། །ཆོས་ཀུན་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོ་སྒྲ། །དེ་ཉིད་བྱང་ཆུབ་སེམས་ཆེན་པོ། །བྱང་ཆུབ་སེམས་སུ་འདུས་པའོ། །རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ཅིང་། །གཟུང་འཛིན་སྐྱོན་བྲལ་མཐའ་གཉིས་མ་ཆགས་དབྱིངས། །ཡེ་ནས་མཉམ་ཉིད་རང་བཞིན་ཇི་བཞིན་ངང་། །རྣམ་རྟོག་སྐྱོན་བྲལ་སྨྲ་བསམ་ཡུལ་ལས་འདས་པ་སྟེ། །དེ་ནི་བྱང་ཆུབ་སེམས་ཆེན་པོ། །ཡོད་པ་དང་ནི་མེད་པ་དང་། །རྟག་པ་དང་ནི་ཆད་པ་དང་། །དངོས་པོ་དང་ནི་མཚན་མ་དང་། །གཟུང་བ་དང་ནི་འཛིན་པ་བརྒྱད། །སྤྲོས་པའི་མཐའ་བརྒྱད་སེམས་ཀྱི་སྒོ་མོ་སྟེ། །དེ་ལྟར་གནས་པའང་ནི་སེམས་ཀྱི་ལས། །སེམས་ཀྱི་ཡུལ་ནི་རྣམ་ཤེས་བརྒྱད། །སེམས་ཀྱི་འབྲས་བུ་སངས་རྒྱས་སོ། །སེམས་ཀྱི་རྩལ་སྦྱོང་བསྒྲུབ་པའོ། །སེམས་ཀྱི་གཉའ་གནོན་དམ་ཚིག་གོ། །ལྟ་བ་གདེང་དང་ལྡན་པར་བལྟ། །
བསྒོམ་པ་སེམས་ཀྱི་སྲོག་ཤིང་ཡིན། །ཐམས་ཅད་སྐྱེད་དང་ཐམས་ཅད་སྡུད། །ཐམས་ཅད་གཅིག་པ་སེམས་ཉིད་དོ། །དེ་ལྟར་བྱང་ཆུབ་སེམས་ཆེན་པོ། །ཡོད་པར་སྣང་བ་བྱང་ཆུབ་སེམས། །ཆག་པར་སྣང་བ་བྱང་ཆུབ་སེམས། །གཉིས་ཀ་ཡང་ནི་སེམས་ཉིད་དོ། །གཉིས་མེད་དང་ནི་སེམས་ཉིད་དོ། །སེམས་ཉིད་ལ་ཡང་དངོས་པོ་མེད། །གང་དུ་ཡང་མ་སྦས་པས་མཐོང་བ་ཉིད་དོ། །བརྗོད་དུ་རྡུལ་ཙམ་ཡང་མེད་པས། །ཀུན་ཏུ་ཁྱབ་པ་ཉིད་དོ། །མ་ཤེས་འཁྲུལ་པས་སེམས་ཅན་ནོ། །ཅི་ཡང་མེད་པས་ཤེས་རབ་བོ། །བགྲོད་དུ་མེད་པས་མཐར་ཐུག་གོ། །བྱང་ཆུབ་སེམས་ནི་མེ་ལོང་ལྟར། །མ་ནོར་མ་བཅོས་དེ་བཞིན་ཏེ། །རང་བྱུང་རང་བཞིན་དེ་ཉིད་དོ། །སྐད་ཅིག་ཏིང་འཛིན་བྱང་ཆུབ་སེམས་ཀྱི་དོན། །རིག་པས་མཁའ་ལ་རླུང་གིས་སྤྲིན་ཕྱགས་ལྟར། །སྔོན་ནས་བསགས་པའི་བག་ཆགས་སེལ། །དཔེར་ན་མུན་ཁུང་སྒྲོན་བཏེགས་ལྟར། །མུན་ཉིད་སྣང་བར་གྱུར་པ་བཞིན། །བྱང་ཆུབ་སེམས་ཀྱི་དོན་རིག་པས། །འཛིན་རྟོག་ཀུན་ཀྱང་བྱང་ཆུབ་སེམས་སུ་གསལ། །ཡོད་མཐའ་མེད་མཐའ་དེ་རུ་རྫོགས། །རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། །དེ་ལྟར་གནས་དེ་ལྟ་བ་ཆེ། །སྤྱོད་པ་མ་བཙལ་ཡངས་པ་ཆེ། །བྱང་ཆུབ་སེམས་ཆེན་ཀུན་ཏུ་བཟང་། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །ཐམས་ཅད་མ་ལུས་རྫོགས་པ་ཆེ། །དེ་ལྟར་གནས་པ་ཕུན་སུམ་བདེ། །སེམས་ཀྱི་སངས་རྒྱས་བདེ་བ་ལ། །སྤྲུལ་པ་ཕྱོགས་བཅུའི་སངས་རྒྱས་ཉན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཆོས་ཐམས་ཅད་དབང་གི་ཞིང་དུ་ཡོངས་སུ་དག་པ་དང་སེམས་སུ་བསྟན་པའི་ལེའུ་སྟེ་གོ་གཅིག་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ལས་ཀྱི་སེམས་དཔའ་ཆེན་པོ་ཉོན། །ཐམས་ཅད་དབང་དུ་བསྡུ་བ་ནི། །ཟླ་གམ་གདེངས་པའི་དཀྱིལ་འཁོར་དུ། །དབང་གི་ལྷ་རྣམས་ཚང་བར་དགོད། །དབང་གི་ལས་ཀྱིས་ཐམས་ཅད་འགུགས་ཤིང་སྒྲོལ། །གདུག་པ་ཤིང་གི་ཕུར་པ་དགོད། །ཐོ་བ་ལྕགས་ཀྱུ་དགྲ་སྟྭ་བསྣམས། །གཞན་ཡང་དབང་གི་དལ་དགྲམ་ལ། །དེ་ཡི་ལས་ཀྱིས་ཐམས་ཅད་
དགུག །སྤྱན་དྲང་བཞུགས་དང་ཕྱག་འཚལ་མཆོད། །སྨོན་ལམ་བཏབ་ལ་འདོད་དོན་གསོལ། །ཁུགས་པའི་ལྷ་རྣམས་གསལ་བ་དང་། །བསྟོད་བཅོལ་ལས་ལ་བསྒོ་བའོ། །དབང་སྡུད་ལས་ཀྱི་ཏིང་ངེ་འཛིན་དུ་ཞུགས་པ་ཡིས། །སྲིད་པའི་དབང་ཆེན་རྣམས་ཀྱང་ལས་ལ་བརྩོན། །སུམ་བརྒྱ་དྲུག་ཅུ་བཀའ་ཡི་ལས་ལ་བརྩོན། །ཕྲིན་ལས་མཉན་པས་འཁོར་དུ་གྲགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཁོར་མཁའ་འགྲོ་དབང་དུ་བསྡུ་བའི་ལེའུ་སྟེ་གོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་ལ། པདྨ་ལས་ཀྱི་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་དབང་མཆོག་དབང་གི་རྒྱལ། །མ་རུངས་གདུག་པ་ཀླུ་གཉན་འདི། །གདུག་པ་ཆེ་ཞིང་མ་རུངས་པ། །འབྱུང་པོ་ཕལ་ཆེར་ཀུན་གྱི་རྟེན། །འབྱུང་པོ་ཀུན་གྱི་རྟེན་ཡིན་པས། །འདི་ལ་གདུལ་ཐབས་ཇི་ལྟར་ལགས། །དབང་ཆེན་འདུས་པས་བཀའ་སྩོལ་ཅིག །ཅེས་སྨྲས་སོ། །དེ་ནས་དབང་གི་རྒྱལ་པོ་དེས། གསོལ་བའི་དོན་ཐུགས་སུ་ཆུད་ནས། ཏིང་འཛིན་འབུམ་ཕྲག་གི་ནང་ནས། དབང་སྡུད་ལས་ཀྱི་ཏིང་ངེ་འཛིན་དང་། འཇོམས་བྱེད་འབར་བའི་ཏིང་ངེ་འཛིན་དང་། མི་གཡོ་བའི་ཏིང་ངེ་འཛིན་དང་། གཞན་གྱི་རྫུ་འཕྲུལ་འཕྲོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། གདུག་པ་སྤ་བཀོང་བའི་ཏིང་ངེ་འཛིན་དང་། རོལ་པ་ཁྱབ་པའི་ཏིང་ངེ་འཛིན་དང་། སྤྲུལ་པ་དགྱེ་བའི་ཏིང་ངེ་འཛིན་དང་། རོལ་པ་ཆེན་པོའི་ཏིང་ངེ་འཛིན་དང་། རྩེ་གཅིག་བསམ་པའི་ཏིང་ངེ་འཛིན་དང་། ཁྱབ་བྱེད་སྤྲུལ་པའི་ཏིང་ངེ་འཛིན་དང་། ཆོས་ཉིད་མི་གཡོ་བའི་ཏིང་ངེ་འཛིན་དང་། འཁྲུགས་པ་མེད་པའི་ཏིང་ངེ་འཛིན་དང་། འཇོམས་བྱེད་ཆེན་པོའི་ཏིང་ངེ་འཛིན་དང་། དཀའ་ཐུབ་དྲག་པོའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། མ་ནོར་རྒྱུའི་ཏིང་ངེ་འཛིན་དང་། གདལ་བ་ཆེན་པོའི་ཏིང་ངེ་འཛིན་དང་། ཐུགས་རྗེས་མི་གཏོང་བའི་ཏིང་ངེ་འཛིན་དང་། སྤྲུལ་པ་གསལ་བའི་ཏིང་ངེ་འཛིན་དང་། སྙིང་
རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། དང་བ་འདྲེན་པའི་ཏིང་ངེ་འཛིན་ལ་སོགས་པ་སྟེ། དེའི་ནང་ནས་ཀླུ་རྒྱལ་རྫུ་འཕྲུལ་དབྲོག་པ། གདུག་པ་ཅན་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་ཀླུ་དེ་དག་ཐམས་ཅད་མདངས་ཉམས། རྫུ་འཕྲུལ་ཀླུའི་གདུག་པ་ཐམས་ཅད་ཆད་དེ་གྱ་གྱུ་མེད། རྫུ་འཕྲུལ་ཐམས་ཅད་ཕྲོགས་ཏེ་ཉམས་པར་གྱུར་ཏོ། །དེ་ནས་ཡང་སླར་དྲན་པ་རྙེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གདུག་པ་ཀླུའི་བུ་འདི་ལ། འདི་ལྟ་བུའི་ལས་འདི་བྱུང་བ་ཅི། ཟེར་ནས་ཡང་ལུས་འདི་ཐམས་ཅད་གདུག་པའི་རྫུ་འཕྲུལ་མགོ་སྟོང་ལྔ་བརྒྱ་རང་གིས་སྦྲེང་བའོ། །དེ་ནས་དབང་གི་རྒྱལ་པོ་དེས། ཏིང་ངེ་འཛིན་དེ་ལས་བཞེངས་ནས། དྲག་པོའི་སྒྲོལ་སྔགས་འདི་བརྗོད་དེ། །ཨོཾ་ནཱ་ག་དུཾ་ཕྱུར། ནཱ་ག་དུཾ་ཕྱུར། ཨ་ལོ་ཀ་ཏ་ལ་པྲ་བེ་ཤ་ཕཊ། བྷ་ག་ཝཱན་བ་སུ་བྷན་དྷ་པྲ་བེ་ཤ་ཕཊ། བྷ་ག་བཱན་གྷྲི་བ་རོ་ཤ་པྲ་བེ་ཤ་ཕཊ། ཨོཾ་རུ་རུ་སྤུ་རུ་ཏ་ཤ་མ་རུར་ཀ་ཏི་བི་ཙ་བྲུཾ་ཤི་ལཾ་རུ་རུ་དྲ་ཨེ་ཧྱེ་ཧི་ས་མ་ཡ་མ་ཏང་པྲ་བེ་ཤ་པྲ་ཏང་ཛ་ལེ་ཡཾ་ཧ་ཧ་ཧི་ཧི་ཧཱུཾ་ཕཊ། ཨོཾ་བ་ཧུ་བིན་དྷ་ནཱ་ག་བིན་དུ་ནཱ་ག་ཧིར་ཡ། ནཱ་ག་དུང་དུང་པྲ་བེ་ཤ་ཕཊ། ཧ་ཧེ་ཧཱུཾ་པྲ་བེ་ཤ་ཕཊ། བྷ་ག་ཝཱན། ཧྲཱྀཿ ཿཔྲ་བེ་ཤ་ཕཊ་བྷ་ག་བཱན། རག་ཤ་པྲ་བེ་ཤ་ཕཊ། བྷ་ག་བཱན། ནཱ་ག་ལེ་ནཱ་ག་ལེ། དུམ་པ་ལེ་དུམ་པ་ལེ། ཨ་ཀ་ལེ་ཨ་ཀ་ལེ། སྥོ་ཊ་སྥོ་ཊ་ལེ། ཨ་ཀར་བ་ཨིནྡྲ་པྲ་བེ་ཤ་ཕཊ། དུང་པྲམ་དུང་པྲམ། པྲམ་པྲམ་ཕཊ་ནཱ་ག་ཀར་ཤ་ཏཱིཀྵྞ་ཧུ་ཡ་ས་མེ་རུ་ནི་ཀར་ཤ་ཡ། ནཱ་ག་པྲམ་པྲམ་ཤག །ནཱ་ག་གེ་རམ་སང་པྲ་གེ་མ་ཏ་ནཱ་ག་ཧུར་པྲ་བེ་ཤ་ཡ་ཛ། ཞེས་བརྗོད་པས། ཀླུ་དེ་དག་ཐམས་ཅད་བསྒྲལ་ཏེ། ཕུང་པོ་ཞབས་དམར་པོ་བརྒྱད་ཀྱི་འོག་ཏུ་དར་གཅིག་བཅུག །དེ་ནས་སླར་ཡང་སྟོན་ཏེ། སྦྲུལ་མགོ་ནས་བཟུང་སྟེ་ཀླད་ལ་བསྐོར་ན་དམྱལ་ཐག་བཅད་དོ། །དར་ཙམ་དུ་སླར་སོས་པས། ཉམ་ཐག་པར་གྱུར་ནས་ད་ཅི་བསྒྲལ་བའི་ཀླུའི་གཟུགས་དང་རོ་དེ་གཞལ་ཡས་ཁང་གི་རྒྱན་དུ་བོར་རོ། །དེ་ནས་ཀླུ་དེ་རྣམས་སླར་སོས་པའི་གཟུགས་ཅན་ཀླུ་རྣམས། ཕྱག་བཅུ་དྲུག་གི་གཡས་
པ་བརྒྱད་ཀྱི་དང་པོར་དགའ་བོར་ཟུང་ངོ་། །གཉིས་པར་ཉེ་དགའ་བོ་གཟུང་ངོ་། །གསུམ་པར་ཀླུའི་རྒྱལ་པོ་སྟོབས་ལྡན་གཟུང་ངོ་། །བཞི་པར་ལེགས་ལྡན་གཟུང་ངོ་། །ལྔ་པར་སོགས་མེད་གཟུང་ངོ་། །དྲུག་པར་མཐའ་ཡས་སོ། །བདུན་པར་དུང་སྐྱོང་ངོ་། །བརྒྱད་པར་པདྨའོ། །གཡོན་པ་བརྒྱད་དུ། དང་པོ་མགོ་དགུ་པའོ། །གཉིས་པར་མགོ་ལྔ་པའོ། །གསུམ་པར་ཆུ་ལྷའོ། །བཞི་པར་ཀར་ཀོ་ཊའོ། །ལྔ་པ་བ་རུ་ཎའོ། །དྲུག་པར་ཀླུ་གདོལ་པའོ། །བདུན་པར་ཀླུ་མགོ་གསུམ་པའོ། །བརྒྱད་པར་གདོལ་པ་ནག་པོའོ། །དེ་རྣམས་ཕྱག་མཚན་དུ་བསྣམས་པའོ། །བར་བར་ན་ཡང་ཀླུ་བྲན་ཀྱང་འཇུས་པ་ཡིན་ནོ། །དེ་ནས་ཡང་ཀླུ་རྣམས་དམྱལ་བ་ཐག་བཅད་ཅིང་དབང་དུ་བསྡུས་ཏེ། གཤོག་པ་གཡས་གཡོན་གཉིས་སུ་གདེངས། བར་བར་ཟླ་བ་དང་ཉི་མ་སྟོང་སྟོང་གིས་བརྒྱན་གཤོག་པའི་བར་རེ་རེ་ནས། གནམ་ལྕགས་ཀྱི་མཆུ་དང་། ལྕགས་ཀྱི་སྡེར་མོ་བྱུང་། གཤོག་པ་གཡས་གཡོན་གྱི་རྩེ་མོ་ནས། སྤྲུལ་པའི་བྱ་ཁྱུང་རེ་རེ་གཏིབས་ཏེ་ཡོད་པ། བྱུ་རུའི་རྐང་པ་ལ་ལྕགས་ཀྱི་སྡེར་མོར་ཡོད་པ། མིག་མེ་དང་ཆུར་ཡོད་པ། དེ་ལྟར་སྤྲུལ་ནས། གདུག་པའི་ཀླུ་རྣམས་བཟུང་ཞིང་ཟོས་སོ། །པགས་པས་རྒྱལ་མཚན་བྱས། སྦྲུལ་མགོ་ཐམས་ཅད་དྲེགས་ནས་གཤོག་པ་ལ་བརྒྱན་པ། གཏི་མུག་དག་པར་བྱས་པའོ། །དེ་ནས་ཀླུ་གཉན་ཐམས་ཅད་སྡིགས་པའི་སྔགས་ནི་དབང་གི་རྒྱལ་པོའི་སྐུ་དང་གསུང་ལས་འཐོན་ཏོ། །ཨོཾ་ནཱ་ག་པ་ཤ་ཧེར་ཏེ་ཤག་ཚལ་བུ་རམ་སད། ཅེས་གསུངས་སོ། །དེ་ནས་ཡང་ཀླུ་གཉན་ཐམས་ཅད་བསྒྲལ་བའི་སྔགས་འདི་འཐོན་ཏོ། །ཨོཾ་ནཱ་ག་ཧེ་ས་པར་མ་དུཾ་བ་ལེ་སད། པྲ་མེ་ཤམ་སད། ནཱ་ག་ཧེ་ར་མ་དུ་ན་མུ་ཁ་ལོ་རྦད། མ་ར་ལིང་སད་ན་རྦད་ཡ། དེ་ནི་བསད་པའི་སྔགས་སུ་གསུངས་སོ། །དེ་ནས་ཡང་ཀླུ་གཉན་དེ་རྣམས་གསོ་བའི་སྔགས་འདི་འཐོན་ཏོ། །ནཱ་ག་པ་ཤ་ཡུ་ཏི་པ་ལ་ཨ། ཀླུ་རྣམས་གསོ་བའོ། །དེ་ནས་ཡང་ཀླུ་དང་འབྱུང་པོ་ཚར་གཅད་པའི་སྔགས་འདི་གསུངས་སོ། །ཨོཾ་པ་ཤ་ནཱ་ག་དྲིལ་མ་ཏ་པ་ཤག་གན་ས་མ་ཡ་སྭཱ་ཧཱ། ཨོཾ་
ས་ཏ་པར་ཏི་ཧེ་ར་སད་ཤྠ་ཏྭ་ཧྱ་ཡ། ཐམས་ཅད་ཚར་བཅད་བསྲུང་བའོ། །དེ་ལྟར་དབང་གི་རྒྱལ་པོ་པདྨ་དབང་ཆེན་དེས། གདུག་པའི་ཀླུ་ཚོགས་ཚར་བཅད་དེ་བསྒྲལ་ནས། ལ་ལ་གདན་དུ་བོར། ལ་ལ་ཕྱག་མཚན་དུ་བསྣམས་པའོ། །ལ་ལ་རྒྱལ་མཚན་དུ་བཙུགས་པའོ། །ལ་ལ་ལས་ལ་བཙུད་པའོ། །དེ་ནས་གསོས་ནས་སླར་བཀོད་པའོ། །དེ་ལྟར་བསྲུང་བ་དང་ཚར་བཅད་པ་དང་། །སྤྲུལ་པ་ཡན་ཆད་དབང་དུ་བསྡུས་ཏེ། ཀླུ་རྒྱལ་འབུམ་གྱིས་དབང་གི་སྒོ་བསྲུངས་པའོ། །ཀླུ་དང་གཉན་གྱི་སྡེ་རྣམས་ཀྱང་ཤིན་ཏུ་སྟོན་པས་གསུངས་པ་ལ་རྗེས་སུ་ཡི་རང་ནས། མགུ་བ་དང་རངས་པས་ཀུན་ནས་ཁྱབ་པས་ཀུན་གྱིས་སྟོན་པ་ལ་བལྟས་ཏེ་གནས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཀླུ་གཉན་དབང་དུ་བསྡུས་ཤིང་བསྒྲལ་ནས་ལས་ལ་བསྐོ་བ་དང་ཚར་བཅད་བསྲུང་བའི་སྔགས་གསུངས་པའི་ལེའུ་སྟེ་གོ་གསུམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་ལ། ལས་ཀྱི་རྒྱལ་པོ་དང་། པདྨ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་གསུམ་གྱིས་ཞུས་ཤིང་དོན་གཏན་ལ་དབབ་པ་སྟེ། དེ་ནས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་འདུས་པའི་ཡབ། །སངས་རྒྱས་ཀུན་གྱི་དགོངས་པའི་མཆོག །བཅོམ་ལྡན་ཡབ་ལས་བདག་ཉན་འཚལ། །འདུས་པར་ཆོས་ཀྱི་རྣམ་གྲངས་གསུང་། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་དབང་མཆོག་དེས། །སྐྱེ་མེད་ཆོས་ཀྱི་དབྱིངས་ཆེན་ནས། །འགག་པ་མེད་པའི་སྐུར་མཚོན་ནས། །སྤྲུལ་སྐུས་འགྲོ་དོན་མཛད་པའོ། །དེ་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་ལ་སོགས་ཉོན། །ཆོས་ཀྱི་རྣམ་གྲངས་དབྱེ་བར་བྱ། །ཆོས་ཀྱི་རྣམ་གྲངས་དབྱེ་བ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་དགོངས་པ་བསམ་མི་ཁྱབ། །ཐུགས་ནི་ནམ་མཁའི་དབྱིངས་དང་འདྲ། །ནམ་མཁའི་དབྱིངས་ལ་དཔག་ཏུ་མེད། །དཔག་མེད་བསམ་ལས་འདས་པའོ། །ཐུགས་ནི་དཔག་པར་དཀའ་བ་ཡིན། །སྐུ་དང་གསུང་ཡང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་དགོངས་
པ་ཡང་། །དཔག་པར་དཀའ་བར་གསུངས་པ་སྟེ། །དེ་བཞིན་གསུང་གི་ཆོས་འདི་ལ། །སྐུ་དང་གསུང་དང་ཐུགས་དང་ནི། །དེ་ཡི་རྣམ་པ་བཤད་པ་སྟེ། །དབྱེ་བའི་རྣམ་གྲངས་དཔག་དཀའ་ཡང་། །བསྡུ་ན་གཅིག་ལས་མེད་པར་གསུངས། །བསམ་དུ་མེད་པའི་ཆོས་ཉིད་ལ། །མ་ནོར་རྟོགས་ན་བལྟ་བ་ཡིན། །མ་ནོར་བ་དང་མ་བཅོས་པའི། །ངང་ལ་གནས་ན་བསྒོམ་པར་བསྟན། །ལྟ་བ་མ་ནོར་གདེང་དུ་གཞག །བསྒོམ་པ་མ་བཅོས་མ་ཡེངས་པ། །ཕྲིན་ལས་རོལ་པ་མ་འགགས་པའོ། །ཡོན་ཏན་ཟད་མེད་གཏེར་དང་ལྡན། །གསང་སྔགས་བསྒྲུབ་པར་བསྟན་པ་ནི། །ལྟ་བ་དང་ནི་སྤྱོད་པ་དང་། །དབང་དང་དམ་ཚིག་ཤེས་པ་གཅེས། །སངས་རྒྱས་འདོད་པས་སྟོང་པར་བསྒོམ། །སྟོང་པའི་ངང་ལས་ཡེ་ཤེས་སྐྱེ། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །འགག་པ་མེད་པའི་ཡེ་ཤེས་ཤར། །སྐྱེ་འགག་མེད་པའི་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ཡང་སེམས་ཡིན་ཏེ། །སེམས་ཉིད་ཡེ་ཤེས་ཤར་བའོ། །ནམ་མཁས་གར་ཁྱབ་སེམས་ཉིད་དེ། །སེམས་ཀྱིས་གར་ཁྱབ་ནམ་མཁའ་ཡིན། །ཅི་སྣང་ཅིར་སྲིད་ཅིར་བསྒོམས་ཀྱང་། །སེམས་ལ་མ་རྫོགས་ཡེ་ཤེས་མེད། །ཐམས་ཅད་སེམས་ཉིད་ངང་དུ་ཤར། །ལྟ་བ་ནམ་མཁའ་འདྲ་བ་ལ། །སྤྱོད་པ་ཡངས་དོག་མེད་པར་སྤྱོད། །རྫོགས་ཁྱབ་རང་བྱུང་ཡེ་ཤེས་ཡིན། །གཅིག་དང་དུ་མའི་སྒྲ་ལས་འདས། །སེམས་ཉིད་ཀུན་ཏུ་བཟང་པོ་ལ། །ཇི་ལྟར་བརྗོད་ཀྱང་གཡོ་བ་མེད། །དེ་ལྟར་རྟོགས་ན་རྫོགས་པའོ། །གསང་བ་ཡང་ནི་བརྗོད་པ་ཡིན། །བྱང་ཆུབ་སེམས་ནི་རྨད་དུ་བྱུང་། །རྨད་བྱུང་བྱང་ཆུབ་སེམས་ཆེན་ལ། །རིག་པ་ཡེ་བརྡལ་ཆེན་པོ་ཡིན། །སེམས་ཉིད་རང་བྱུང་ཡེ་ཤེས་ཡིན། །རིག་པའི་ཡེ་ཤེས་ཀློང་བརྡལ་བས། །བརྡལ་བ་ཆེན་པོའི་ཆོས་ཉིད་གང་། །ངང་ལ་མི་གཡོ་བསྒོམ་པ་ཡིན། །དེ་ལས་བསྒོམ་དུ་མེད་པ་སྟེ། །ངང་ལས་མ་ཡེངས་གནས་པར་བྱ། །ཀུན་བཟང་བདེ་ཆེན་ལྷུན་གྲུབ་པ། །རིག་པའི་ཡེ་ཤེས་སེམས་ཉིད་དེ། །མ་བསྒོམས་བཞག་ན་བསྒོམ་པ་
ཡིན། །མ་བཙལ་བ་ཉིད་རྩོལ་ཉིད་ཡིན། །དེ་ལྟར་རྟོགས་ན་སངས་རྒྱས་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གོ་བཞི་པའོ།། །།དེ་ནས་ཡང་ནི་གསོལ་པའི་དོན། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཕྱག་ན་རྡོ་རྗེ་ལས་ཀྱི་རྒྱལ། །པདྨ་སེམས་དཔའ་ལ་སོགས་ཉོན། །ཆོས་ཀྱི་རྣམ་གྲངས་བསྟན་པ་ནི། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གོམས་པར་བྱའོ། །ལམ་གྱི་འབྲས་བུ་འཐོབ་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བཟུང་ཞིག །སྐྱོན་གྱིས་མ་གོས་པ་འཐོབ་པའོ། །མངོན་པར་ཤེས་པ་བསྒོམ་བསྒོམས་ཤིག །དངོས་གྲུབ་ཐོབ་ཅིང་ཉེས་པ་མེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བཟུང་ཞིང་རིག་པར་གྱིས་ཤིག །གོལ་ས་མེད་པ་འཐོབ་པའོ། །གསུང་རབ་ཡན་ལག་བཅུ་གཉིས་རྟོག་ཅིང་སྤྱོད་ལ་རིག་པར་བྱོས་ཤིག །འབྲས་བུ་རེ་དོགས་མེད་པར་འཐོབ་པའོ། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཉེ་བར་སྤྱོད་ཅིག །འགག་པ་མེད་པའི་འབྲས་བུ་འཐོབ་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིག །ཐབས་དང་ཤེས་རབ་ལ་སོགས་པ་བསྒོམས་པས་འབྲས་བུ་མ་སྤངས་གཉིས་མེད་ཕ་རོལ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཆགས་མེད་ཡེ་ཤེས་ཆེན་པོ་འཐོབ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་བདེ་བའི་ངང་གི་ཡེ་ཤེས་འཐོབ། བཟོད་པའི་ཕ་རོལ་ཕྱིན་པས་མི་གཡོ་བའི་ཡེ་ཤེས་འཐོབ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱ་བ་ནན་ཏན་ཡེ་ཤེས་འཐོབ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་གསལ་ལ་རྟོག་མེད་ཡེ་ཤེས་འཐོབ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་འཐོབ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་གསལ་ལ་རྙོག་མེད་ཆོས་ཀྱི་ཡེ་ཤེས་འཐོབ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་འཐོབ། སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པས་གསལ་དག་ཡེ་ཤེས་འཐོབ་པའོ། །ཕ་རོལ་ཕྱིན་པའི་དོན་ཤེས་ན། །སངས་རྒྱས་གཞན་ནས་བཙལ་མི་དགོས། །
ཆོས་ཀྱི་རྣམ་གྲངས་བསྟན་པ་གཅེས། །སྔགས་ཀྱི་མདོ་ལས་ཚིག་གི་སྡེ། །ཡན་ལག་རྣམ་གྲངས་རིག་པ་ཡིས། །གང་ལ་ཐོགས་པ་མེད་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཆོས་ཀྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་གོ་ལྔ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །མ་དང་དྲེགས་པ་བསྒྲལ་བ་ལས། །གདུག་པའི་འཁོར་ཚོགས་མ་རུངས་པ། །བདུད་ཀྱི་སྡེ་ཚོགས་མང་པོ་འདུས། །མགོ་བརྙན་ཚོགས་དང་སྡེ་མང་ཀུན། །སྤྲུལ་ཅིང་མ་རུངས་བྱུང་བ་ལས། །སྒྲོལ་སྔགས་དྲག་པོ་འདི་རྣམས་སྐུ་དང་གསུང་ཐུགས་ལས་འཐོན་ཏོ། །ཨོཾ་ཡ་མ་ཀྲ་མ་ཧེར་ན་འདུན་སད་རཾ་རཾ་རཾ། པ་ཤ་རུ་ཏྲི་ས་མ་པྲ་བེ་ཤ་ཕཊ་ནན་ཡ། ཀ་ལམ་ཨེ་ནེ་སད་རམ། ཁ་ལ་དུར་བསད་རུ་ཏྲི་པྲ་མ་ཡ་ས་མ་ཡ་པ་ཤཾ་ཀ་ར་ཕཊ། ཡ་མ་སྟམ་བྷ་པྲ་པེ་ཤ་ཕཊ། ཀ་ལམ་དུན་དུན་པྲ་མ་ཡ། མ་དུ་གྲ་ལིང་སད་ཧ་ས་དྷྲི་ག་རྦད། བཾ་རིལ་ཧ་ས་ཙི་ཏ་བུན་ཡ། ས་ཏོ་པྲ་མ་ཤ་ལ་མ་འུར་མཱ་ར་ཡ། གམ་པ་རི་ཛ། པྲ་ཤ་ཁམ། ལིང་རྦད་ཡ། བདུད་རིགས་བཅུ་གསུམ་དེ་ཡིས་བསྒྲལ། །དེ་མ་ཐག་ནས་སྔགས་འདི་བརྗོད། །ཨོཾ་ནཱ་ག་བིན་དུ་གྲ་ཧེ་ནན། ཏྭ་ས་བ་སོ་སད་ན་ཡ། གྲྀ་ཧྞ་པ་རོ་ཤ་ཙ་ལིང་། སྡིས་སྟ་བན་དྷ་བན་ཁང་རཾ་སད། ནཱ་ག་རུ་ཡ་པྲ་ཤ་སཾ། ཀེད་དུ་ཀྲམ་ན་ཤམ་ཁྱེར་ཡ། པྲ་ཤ་ལཾ་སད་ལཾ་བྲ་རོ་ལིང་ཡ། ནཱ་ག་ས་ཡ་ཡཾ་དུ་ན་པ་རོ་སད་ལམ་ཡ། དར་མེ་ཀྲ་མ་ནཱ་གསེ་སེ་ས་ན་ཡཾ། དུམ་པ་ལིང་དུམ་པ་ལིང་། པྲད་ད་ཚལ་ཁལ་ཉེ་སད་ལམ། ནཱ་ག་ཤག་ཚལ། ཧི་ར་ཡ་ཧིར་ཡ་ནན། ནཱ་ག་སད་དུ་རམ། པྲཾ་ཡཾ་པྲཾ་ཡཾ། མུར་ཙས་མུར་ཙས་ཏོ་ནཱ་ག་པྲཾ་ཡ། བུ་དི་རི་རམ་དུ། ཀེ་ནཱ་ག་ཨུ་ལུ་རྦད། ནཱ་ག་མུར་ཤ་བ་ལཾ་ཁང་། ནཱ་ག་ས་དུ་རཾ་པ་ལ། ཧེས་བ་རམ་ཡན་མ་དུན་ནིཥྛ་ལྱཾ་ཧྱ་སེ་ཡ། པྲཾ་ཡ་པྲཾ་ཡ། མུ་ར་པྲཾ་ཡ། ཙ་ཏ་ཙ་ཏ་མུར་གྲ་ལིང་ནན། དུན་ནི་དུན་ནཱ་ཤག་ནཱ་ག་སེ་ས་ཧུར་སད། དེ་ཡིས་གདུག་པའི་ཀླུ་གཉན་བསྒྲལ། །དེ་མ་ཐག་ནས་སྔགས་འདི་འཐོན། །ཨ་ཙ་པ་ཙ་ལ་ཤ་མ་ཡ་ལིང་།
ཡཀྵ་ཁ་ཐ་ཁ་ཐ་སྲ་མ་ཡཾ་ཡ་རྦད་ན་ལིང་། ས་མ་ཡ་དུར་ཏྲི་ཧེ་ས་པྲད་ལིང་ཡ། མུར་ཙ་ལ་ཡག་ཤ་རག་ཤ་སྟཾ་བྷ་ནི། ཚལ་པ་ཚལ་པ། རྦད་སུ་རྦད་སུ། ཁ་འདར་ཁ་འདར། མུར་གྲ་ལིང་ཡ། དེ་ཡིས་གནོད་སྦྱིན་མ་རུངས་བསྒྲལ། །དེ་མ་ཐག་ནས་སྔགས་འདི་འཐོན། །ཨོཾ་སད་དུ་པྲ་མ་ལམ་བ། ཤ་ནན་པྲ་སཾ་ཡ་ཀཾ་ལཾ་ཧེར་ཡ། ཙི་ཏ་ཀ་ལཾ་སུ་མ་ཀྲི་ཀཾ་རྦད་ཡ། ཁ་ལ་རུ་ཏྲི་མུར་ཙ་ཁ་ལ་དུན། ཤ་ལཾ་པྲ་ག་ལ་ཡཾ། དི་རི་དི་རི། ར་ཙ་དྲ་ཡ་ཐུམས་ཡ། པྲཀ་ཤ་ལཾ་སད་དེ་ནི་ས་རྦད་ན་ལིང་། དེ་ཡིས་གཟའ་དང་སྐར་མ་བསྒྲལ་བ་ཡིན། །དེ་མ་ཐག་ནས་སྔགས་འདི་འཐོན། །ཨོཾ་ཏྲི་ཤ་ཙ་པ་ལ་གུག་ཙར་ལིང་། ཧམ་པ་ཤ་དུར་ཡང་པྲ་པི་ཤ་ལཾ་པ་ཡ། ཁ་ལཾ་མུར་ཏི་ས་ནི་སད། ཏྲི་ལིང་རྦད། གུར་ལ་རྦུད་ཡ། དུཾ་པ་ཤཾ་རྦད། ཏི་ས་དུ་རྦད་ཡ། ཨི་ལཾ་ཏཾ་རྦད། པྲ་མ་ཏྲི་ཤ་དྷི་རཾ་རྦད་ཡ། དེ་ཡིས་འབྱུང་པོ་ཐམས་ཅད་བསྒྲལ། །དེ་ནས་ཡང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་སྔགས་འདི་རྣམས་འཐོན་ཏོ། །པྲ་ཤ་ཀར་ཤ་ཏྲ་ས་ཛ། མུར་བྲཾ་ལཾ་ས་དུ་ཁ་ལ་དུན་དུན་ཙི་རི་ཙི་རི། ཏྲཱ་ས་ཡ་ཏྲཱ་ས་ཡ། མུར་པ་ཤ་ལཾ་ཡ། ཁ་ཙ་ལམ་པ་རྦད། པ་ཙ་ཨ་ཏི་པ་ལ་རྦད་རྦད། ཨོཾ་སང་ཀར་དུ་ཡ་མ་དུ་རི་ཡ། ཞེས་རྒྱལ་པོའི་རིགས་ཐམས་ཅད་བསྒྲལ་ལོ། །དེ་ནས་ཡང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་སྔགས་འདི་རྣམས་འཐོན་ཏོ། །ཨོཾ་ཙ་ཙ་བ་ལི་གུག་ལིང་། ཙག་ཤ་གུར་པ་ཤ་ཡ། མར་པ་ཤན་མ་བ་ཡ། སེ་ཏེ་པ་ཤ་ལི་ཙར་ལིང་ཡ། ཀ་ཏ་ཀ་ཏེ་མུར་ཙ་ཙག་ཤ་རྦད་ཡ། པྲ་མ་གྲུར་དུ་ལིང་ཡ། སད་དུ་ཙ་ལོ་རོ་པ་ཤ་རྦད་ན་ལིང་ཡ། ཁ་ཡ་དན་དུ་མུར་ཡ། པྲ་ཏ་ཙ་ཀ་ལེ་ཧེ་ས་སད། ཤུ་ལཾ་དུ་ཀ་ལིང་ཡ། ཙ་རོ་པ་ཤ་རྦད་ཡ། མུར་ཏི་ཁ་ཏང་མ་རང་ཁ་ཧི། ས་ཏུ་མེ་ཁ་ཏུ་ཡི་དུ་ཀར་བ་ཡཾ། ས་དུ་ས་མ་ལིང་ཡ། འུར་ཀཾ་བྲ་ཏ་བ་ཙ་ལཾ་ཡ། ཙི་ཏ་པྲ་ཤ་གུགས་ལིང་། ས་ཏོ་རུ་སི་ཏི་ལིང་རྦད་ཡ། ཙ་ཏི་མུར་ཙ་ཁལ་རྦད་ཡ། དེ་ནི་བཙན་གྱི་རིགས་ཐམས་ཅད་བསྒྲལ་བའོ། །སྒྲོལ་སྔགས་དེ་རྣམས་ཀྱིས། དྲེགས་པ་དེ་དག་ཐམས་ཅད་བསྒྲལ་
ནས། གྱ་གྱུ་མེད་པར་བྱས་སོ། །དེ་བྱས་ཀྱང་དེ་བཞིན་དུ་བསྒྲལ་བའོ། །སྒྲོལ་བའི་སྔགས་དེ་ཐོན་པ་ཡིས། །མ་རུངས་གདུག་ཚོགས་ཐམས་ཅད་བསྒྲལ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དྲག་པོ་སྒྲོལ་བའི་སྔགས་རྣམས་ཐོན་པའི་ལེའུ་སྟེ་གོ་དྲུག་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོའི་སྐུ་གསུང་ཐུགས་ལས། འབྱུང་པོ་ཏྲི་ཛ་མཱ་ར་ཡ་ཛ། གམ་བྷ་རི་ཛ། པདྨ་དྷ་ར་ཧྲཱྀཿམ་མོ་ག་ཧྲཱྀཿ། ཧ་ཡ་གྷྲཱི་བ་ཧྲཱྀཿ། སུཾ་བ་ན་ནི་ཧྲཱྀཿ། གཾ་ད་ནི་ལཾ་རྦད། བྷན་དྷ་གྲྀ་ཧྞ་རོ་ཥ་ཎ་པ་ཤཾ་པ་རི་ཛ། ས་མ་ཡ་ཁུག །དུམ་པ་དུམ་པ་ཧར་རེ་ཧོར་རེ། ཙི་ལེ་ཙི་ལེ། གུར་བ་གུར་བ། ཤམ་པ་རི་བ་ག་ཀ་མངལ་ཧུ་ར་ཡ། ཏ་ལེ་ཏུ་ལེ། ཀ་པ་རུ་པི་འགྲིབ་ཧབ། དེ་ནི་དོན་གྱིས་ཐོན་པའོ། །འདི་ནི་ཁྱི་བརྒྱད་ཀྱི་དྲག་སྔགས་འཐོན་པའོ། །ཀུ་ཀུ་རཀྴ་ཧྲི་ཁ་ལ་ཚལ་ཚལ་ཆེམ་རྦད། ཀུ་ཀུ་རཀྴ་ཡ་ཁ་ཡ་དུ་མ་ལིང་རྦད། ཀུ་ཀུ་རཀྴ་མེ་ཏ་མེ་ཏ་བཾ་རིལ་རྦད། ཀུ་ཀུ་རཀྴ་ཧྲཱྀ་དུང་དུང་རིལ་རྦད། ཀུ་ཀུ་རཀྴ་ཧྲི་ཁ་ལོང་ཀ་བཾ་རིལ་རྦད། ཀུ་ཀུ་རཀྴ་ཤཾ་ཀ་ར་བཾ་རིལ་རྦད། ཀུ་ཀུ་རཀྴ་ཧཱུཾ་བྷྱོ་དུམ་པ་ལེ་རིལ་རྦད། ཀུ་ཀུ་རཀྴ་ཁ་ལོང་ཀ་ཀ་མ་ལ་རིལ་རྦད། དེ་ནས་སྤྱང་བརྒྱད་ཀྱི་སྔགས་འཐོན་ཏེ། ཨོཾ་ཛ་ཡ་དུ་ཁུག་ལིང་རྦད། ཤོ་ན་ཀ་ཀ་ལིང་ལིང་དུ་ཁུག་ལིང་རྦད། ཙ་ཀ་ཤག་ཀུ་ཀུ་ཤོན་རྦད། མུ་ཏི་ཀ་མ་ལིང་ཧུར་རྦད། སེ་ཏ་ས་ཏ་དྲེང་རྦད། ཀུར་ཤམ་བཾ་ལིང་རྦད། ཁུ་ཡེ་ཤ་ལཾ་རྦད། མུ་རུ་ཁ་ས་ཙམ་ལིང་རྦད། དེ་ནས་ཡང་ལོང་བ་རྒྱབ་སྦྲེལ་སུམ་ཅུ་རྩ་གཉིས་ཀྱི་དྲག་སྔགས་འཐོན་ཏེ། ཨོཾ་ལི་བཾ་རིལ་རྦད། ཁ་རོ་ལི་རྦད། པི་ཤཾ་ལི་རྦད། སུ་མ་པ་སྨེ་ལི་རྦད། ཀར་བི་ལི་རྦད།གུར་བི་ལི་རྦད། ཙིང་ཧེ་ལི་རྦད། འབུ་ཧེ་ལི་རྦད། ཤར་གྱི་ལོང་བ་བརྒྱད་ཀྱིའོ། །ཨོཾ་རད་ཀཾ་ལ་རྦད། མུ་ཀ་ལི་རྦད། སུམ་པ་ཤ་ལི་རྦད། མུ་ཁ་ལི་རྦད། ཀེ་ཙ་ལི་རྦད། ག་ག་ལི་རྦད། ག་ག་ན་སུ་ག་ལི་རྦད། ཡུར་ཏ་ལི་རྦད། ལྷོའི་ལོང་བ་བརྒྱད་ཀྱིའོ། །པ་ད་དྷི་ལི་རྦད། མུ་ཁ་ལི་རྦད། ཁ་པ་ལི་
རྦད། ས་པ་ལི་རྦད། ཀང་ཀ་ལི་རྦད། ཁ་པ་ལི་རྦད། ས་བ་ཙ་ལི་རྦད། ཀང་ཀི་ལི་རྦད། ནུབ་ཀྱི་ལོང་བ་བརྒྱད་ཀྱིའོ། །ཀརྨ་བར་ལི་རྦད། ཏྲག་ཏུ་ལི་རྦད། སུམ་པ་ལི་རྦད། པ་ཙ་ད་ན་ལི་རྦད། ཧ་ས་པི་ལི་རྦད། ཀརྨ་དུ་ལིང་རྦད། དུ་མི་ལི་རྦད། མུ་ཁ་ཙ་ལི་རྦད། བྱང་གི་ལོང་བ་བརྒྱད་ཀྱིའོ། །དེ་ནས་ཡང་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་དུ་སྤྲུལ་ནས། ལས་ལ་དབང་བའི་དབང་དཔལ་གྱིས་བསྐུར་ཏེ། དྲག་སྔགས་འདི་རྣམས་ཀྱི་སྒྲ་བརྗོད་དོ། །ཨོཾ་སི་ལི་རྦད། རུ་ཏྲི་རྦད། གབ་ལི་རྦད། ཏྲང་ས་ལི་རྦད། མུར་ཙ་རྦད།སུ་ཁ་ཡེ་རྦད། ཧ་ཨེ་རྦད། རེ་ཏྲི་རྦད། ཧ་ས་རྦད། ་རྦད། བཾ་རྦ་ན་རྦད། ཏི་རི་རྦད། ཁ་རོ་རྦད། མ་ཀེ་རྦད། བ་ཏྲི་རྦད། ཁ་ཏ་རྦད། ཧ་ས་ལི་རྦད། ཀ་མ་ལི་རྦད། སི་པ་ལི་རྦད། བ་རོ་རྦད། ད་ལོ་རྦད། ཧྲི་མ་རྦད། ཀར་ཤ་རྦད། ཙཀ་རྦད། མུཀ་རྦད། ར་ཏི་མ་རྦད། ག་རོ་རྦད། ཤ་ལ་མ་ཏི་རྦད། སེང་གེ་ཉི་ཤུ་རྩ་བརྒྱད་ཀྱི་སྔགས་དེ་རྣམས་འཐོན་ཏོ། །དེ་ནས་ཡང་ཁྲོ་བོ་མགོ་དགུ་བརྩེགས་ལ་སོགས་པ་བཞིའི་སྔགས་འདི་རྣམས་འཐོན་ཏོ། །ཀྲོཏ་ཏི་རི་ལིང་རྦད། ཀྲོ་དྷ་ཁུག་ལིང་རྦད། ཀྲོ་ཏ་མཾ་རཾ་ཏི་རྦད། ཀྲོ་དྷ་ཀར་ཤ་མ་བཾ་རིལ་རྦད། སྒོ་བ་མགོ་བརྩེགས་པ་ཁྲོ་བོའི་སྔགས་དེ་རྣམས་འཐོན་ཏོ། །དེ་ལྟར་ཡང་དྲག་སྔགས་འདི་རྣམས་གསུངས་སོ། །དེ་ནས་ཡང་གསང་བ་ཡུམ་གཟི་ལྡན་པདྨ་ཅན་ལ་སོགས་པའི་ཡུམ་རྣམས་ཀྱིས། མ་དད་པ་ཆེན་པོ་དེའི་ཡུམ་དང་། འཁོར་གྱི་རིག་མ་ལ་སོགས་པ་མ་རུངས་པ་གདུག་པའི་མཚོན་ཐོགས་པ་མ་རུངས་པའི་སྒྲ་འབྱིན་པ་དེ་དག་བསྒྲལ་བའི་ཕྱིར། དྲག་པོ་སྒྲོལ་བའི་སྔགས་འདི་རྣམས་འཐོན་ཏོ། །ཨོཾ་ཀརྨ་ནི་ལཾ་མ་མ་ཧ་ས་པྲ་ཤ་ཡ། ཀ་ཏ་ཀེ་ཏ་ཙི་ཏ་མ་ར་ལི། ཧ་སཾ་བ་རོ་ད་རོ་མ་མ་དུམ་པ་ལིང་། ཧས་ས་དུཾ་བ་ཤ་ལིང་ཡ་ཡ། པ་ཙ་ར་གས་མ་ཡ། ས་དུ་པས་ར་མ་ཡཾ་ཁ་ལི་ཧེ་ར་རྦད་ཡ། མ་མ་དུམ་དུམ་ལིང་ཡ་ཡ། ཐུམ་པ་ཐུམ་པ་རྦད། མུ་ལོང་རྔོབས་ཡ། ཀ་ལམ་ས་པ་པྲ་ཀ་ལི་རྦད་ཡ། མུ་ཏི་ཧ་ས་ལཾ་ཙ་ཏ་
ཙ་ཏི་བཾ་པ་རི་མུག་མུག་ཧར་ཡ་རྡུབས་ལོང་ཡ། ས་མ་ཡ་ད་རུ་ནི་རྦད་ཡ། མཱ་ར་ཡ་མཱ་ར་ཡ། མ་ཏི་མཱ་ར་ཡ། ཁ་ལི་ཧེ་ར་རྦད་ཡ། རུག་རུག་ཆེམ་ཆེམ་ཧི་ཧིད་ཁོ་ཁ་རོ་གསུ་ནི་རྦད་མཱ་ར་ཡ་ནན། གསང་བའི་དྲག་སྔགས་དེ་རྣམས་འཐོན་ཏོ། །དེ་ནས་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྔགས་འདི་རྣམས་འཐོན་ཏོ། །ཨོཾ་འབུ་བར་འབུ་བར་འབུ་ག་ནན་ཤ་གཏི་ཐ་བ་རི་་པ་རོ་གུ་་ཁྲི་ཧྲི་སད་ད་དུ་གྲ་གྱ་ནུ་མ་བ་ནི་སྐྱ་སད་ཐ་ཡ། དྲག་པོའི་སྔགས་དེ་རྣམས་འཐོན་ཏོ། །དྲག་པོའི་སྔགས་དེ་ཉིད་རྣམས་ཀྱིས་དགུག་པ་དང་དབབ་པ་དང་། བཅིང་བ་དང་གཞོམ་པ་དང་དབབ་ཅིང་ལས་གང་ཡང་འགྲུབ་པར་བྱེད་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷ་རྣམས་ཀྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་གོ་བདུན་པའོ།། །།དེ་ནས་དབང་གི་རྒྱལ་པོ་ཀུན་འདུས་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་ཆེན་འདུས་པའི་གཙོ། །སངས་རྒྱས་ཀུན་གྱི་ཡབ་ཆེན་པོ། །གསུང་མཆོག་དམ་པའི་ལྷ་སྒྲུབ་པ། །སངས་རྒྱས་ཀུན་འདུས་གཙོ་ལ་བདག་ཉན་འཚལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་ཉོན་ཅིག་གསང་བདག་ཐུགས་ཀྱི་སྲས། །གསུང་མཆོག་དམ་པའི་ལྷ་བསྒྲུབ་པ། །རྟག་ཏུ་བསྒོམ་པར་བྱ་བ་ནི། །ལེགས་པར་བཤད་ཀྱིས་ངེས་པར་ཟུང་། །གསུང་མཆོག་དམ་པ་བསྒྲུབ་པ་ནི། །བྱང་ཆུབ་ལམ་ནི་ཉེ་བར་བསྒྲུབ། །བར་དུ་གཅོད་པ་ཤུགས་ཀྱིས་བསྒྲལ། །སྔགས་དང་ཕྱག་རྒྱས་འགྲུབ་པ་ཡིན། །ཚིག་དང་ཡི་གེས་འགྲུབ་པ་ཡིན། །གླུ་དང་བྲོ་ཡིས་འགྲུབ་པ་ཡིན། །བརྟུལ་ཞུགས་ཆེན་པོས་འགྲུབ་པ་ཡིན། །གསུངས་པའི་སྔགས་ཀྱིས་འགྲུབ་པ་ཡིན། །བྱང་ཆུབ་ཡན་ལག་དག་གིས་འགྲུབ། །འགྲུབ་ཐག་ཉེ་ལ་འབྲས་བུ་ཆེ། །ཉོན་ཅིག་སེམས་དཔའ་གསང་བའི་བདག །དབང་གི་ལྷ་རྣམས་བསྒྲུབ་པ་ལ། །ཕུན་སུམ་ཚོགས་པ་ལྡན་པར་བྱ། །མེ་ཏོག་ཆུ་གླིང་རིན་ཆེན་གླིང་། །འབྲུ་ཤིང་འཚམས་ལ་ཉམས་དགའི་གནས། །གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ། །ས་ནི་པདྨ་འདབ་བརྒྱད་འདྲ། །དེ་ལྟ་
བུ་ཡི་གནས་སུ་བསྒྲུབ། །ཡང་ན་བྲག་དམར་ཟླ་གམ་འདྲ། །མཛེས་པའི་སྟེགས་བུ་དེ་རུ་བརྩིག །རིན་ཆེན་སྣ་ལྔའི་ཕྱེ་མས་བྲིས། །དབུས་ཀྱི་ཟླ་གམ་དམར་པོ་སྒོ་སྤོད་ལ། །ཐ་མ་པདྨ་འདབ་བརྒྱད་སྟེ། །དེ་མཐའ་གྲུ་ཆད་གྲུ་བཞི་གཉིས། །སྒོ་དང་ཁྱུད་དུ་ལྡན་པར་བྱ། །དོད་ལ་མཛེས་ལ་ཕོ་བྲང་གསལ། །དེ་ལ་དབང་གི་ལྷ་དགོད་དེ། །རྟེན་གྱི་གསུང་གི་ཡི་གེ་དགོད། །དང་པོ་མཆོད་པའི་རྫས་ཀྱང་དགྲམ། །བྱིན་བརླབ་པ་ཡང་དེ་བཞིན་བྱ། །དེ་ནས་ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །ཤཱུ་ནྱ་ཏཱ་ཡི་སྒྲ་བརྗོད་པས། །སྟོང་པ་ཉིད་དུ་གསལ་བའོ། །དྷརྨ་དྷཱ་ཏུའི་སྒྲ་བརྗོད་པས། །ཁྱབ་པའི་སྙིང་རྗེ་གསལ་བར་བསྐྱེད། །དེ་ལས་རིག་པ་བྱང་ཆུབ་སེམས། །དམར་ལ་བཀྲ་བའི་ཧཱུཾ་དུ་གསལ། །དེ་ལ་བསྐྱེད་རྫོགས་ཚིག་ཀྱང་བརྗོད། །ཧཱུཾ་ལས་འབྱུང་བའི་ཡི་གེ་ཆད། །དེ་ལས་འབྱུང་བའི་ཆ་ཡང་བསྙམ། །དེ་ལས་བྷྲཱུཾ་དང་མཾ་ཆད་པས། །རིན་ཆེན་འབར་བའི་གཞལ་ཡས་བསྒོམ། །ནང་ནི་དུར་ཁྲོད་ཆེན་པོ་སྟེ། །གདུག་པ་བསྒྲལ་བའི་ཐོད་ལྤགས་མཛེས། །ཀ་བ་ཀ་ཞུ་ཀ་གདན་དང་། །གདུང་དང་ལྕམ་དང་དྲལ་དག་དང་། །རྒྱལ་མཚན་ལ་སོགས་དེ་བཞིན་ཏེ། །དྲེགས་ཆེན་ཀུན་བསྣོལ་གདན་ཚོགས་དང་། །ཉི་ཟླ་པདྨར་བཅས་པའོ། །དེ་ལ་དབང་གི་ལྷ་བསྐྱེད་པ། །དེ་ཡི་སྟེང་དུ་ཧཱུཾ་དམར་རེ། །པདྨ་དྷ་ར་ཧྲི་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཀྲང་ཀྲང་ཀྲང་ཀྲང་ཀྲང་ཀྲང་ཀྲང་ཀྲང་ཞེས་བརྗོད་པས། དབང་ཆེན་པདྨ་ཧེ་རུ་ཀ །སྐུ་བྱུ་རུའི་སྡོང་བུ་འདྲ་བ། ཕྱག་བཅུ་དྲུག་པ་དབུ་ལྔ་པ། ཞབས་དམར་པོ་བརྒྱད་དུ་གཏམས་པ། ཞེ་སྡང་རྡོ་རྗེ་དང་བཅས་པའོ། །འབར་བའི་གཤོག་པ་བཞིས་བརྒྱན་པ། གཤོག་པའི་རྩེ་གཉིས་ལ་བྱ་ཁྱུང་རེ་རེས་མཚན་པ། དེ་ལྟར་གསལ་བའི་དབུ་རྒྱན་གྱི་ཁང་བུ་ལྔ་ལ། རིགས་ལྔའི་སངས་རྒྱས་ལ་སེམས་དཔའ་དང་སེམས་མ་སྒོ་བ་དང་བཅས་པས་བསྐོར་བ། རིགས་ཀྱི་ཚོམ་བུ་ལྔའི་དཀྱིལ་འཁོར་གསལ་བ། ཁང་བུ་ལྔ་ན་རྟ་མགོ་རེ་རེ་ཡོད་པ། རྟ་མགོ་ལྗང་གུ་རྔོག་མ་ལེ་བརྒན་དཔྲལ་བ་དཀར་ཞུར་ཏེ། དཔྲལ་བ་དཀར་ཞུར་གྱི་ནང་ན་ཚེ་དང་བླའི་གའུ་རེ་གཏམས་པ། རྣ་བ་གཉིས་མིག་
གཉིས་དང་བཞིན། ཚེའི་ལྷ་མོ་བཞི་གསུང་སྙན་པ། ཚེ་དང་དབང་ཐང་གི་སྒྲ་འབྱུང་བ། ཟླ་གམ་སྒོ་གཅིག་པའི་ནང་ན་བཞུགས་པ། ལྷ་མོ་བཞི་དང་བཅས་པ་གསལ་བའོ། །དབྱིངས་ཀྱི་ཚོམ་བུ་ལྔའི་དཀྱིལ་འཁོར་ན། །སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་པའོ། །ཐུགས་ཀ་ན་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ། དཔལ་བེའུ་རིན་ཆེན་ཟུར་བརྒྱད་པའི་དཀྱིལ་འཁོར་ན། སྙིང་པོ་སྔགས་ཀྱིས་བསྐོར་བ་ཡུམ་དང་བཅས་པ་སྟེ། དེ་ནི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ནི། །ཕྱག་ནི་གཡས་གཡོན་དབུས་ཀྱི་དཀྱིལ་འཁོར་དུ། །རོལ་པའི་ཁྲག་འཐུང་ལྔ་བཅུ་བརྒྱད། །དབུས་ནི་ཟླུམ་པོ་ཕོ་བྲང་ལ། །དེ་དབུས་ཟླ་གམ་སྒོ་གཅིག་པ། །ཟླུམ་པོའི་འཁོར་ལོ་ཐ་མ་རྩིབས་བརྒྱད་སྟེ། །ཕྱི་རོལ་གྲུ་ཆད་གྲུ་བཞི་སྒོ་དང་བཅས། །དེ་ལ་ཁྲག་འཐུང་ལྷ་ཚོགས་གསལ། །གསལ་ལེ་སིང་ངེ་གསལ་བའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་རོ། །དེ་ནས་གཤོག་པ་གཡས་གཡོན་དབུས་སུ་ནི། །དབུས་ནི་ཟླུམ་པོར་བསྐོར་བ་ལ། །ཐ་མ་ཟླ་གམ་པདྨ་བརྒྱད། །གྲུ་ཆད་བཞི་པོ་སྒོ་དང་བཅས། །ཡུམ་བཞི་ཕྲ་མེན་བསྐོར་བའོ། །རྡོ་རྗེ་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་རོ། །ལྟེ་བ་ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །དབུས་སུ་ཟླུམ་པོས་བསྐོར་བ་ལ། །ཐ་མ་ཟླ་གམ་བཞི་ཡིས་བསྐོར། །དེ་ལ་རྟག་པའི་རྒྱལ་པོ་གཟི་བརྗིད་འབར། །འཁོར་བཞི་གཙོ་དང་བཅས་པ་དགོད། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཏེ། །དབུས་ཀྱི་ཟླུམ་པོས་བསྐོར་བ་ལས། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ཕྱོགས་བཞི་དབུས་དང་ལྔ་ལ་ནི། །ཕོ་བྲང་རེ་རེས་བསྐོར་བའོ། །གྲུ་བཞི་སྒོ་དང་བཅས་པ་སྟེ། །དེ་ལ་ཡི་གེ་དགོད་པ་ནི། །པདྨ་ལ་མ་མོ་བརྒྱད་ཀྱིས་བསྐོར་བའོ། །དེ་ནི་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་རོ། །ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་ནི། །ཞབས་ཀྱི་འོག་ཏུ་གསལ་བ་སྟེ། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ནང་དུ་ཟླ་གམ་རེ་ཡིས་བསྐོར། །
གྲུ་ཆད་གྲུ་བཞི་སྒོ་དང་བཅས། །དེ་ལ་ཁྲོ་བོ་བཅུ་མནན་པ། །ཁྲོ་ཚོགས་འབར་བའི་དཀྱིལ་འཁོར་ཏེ། །ས་ལེ་བར་ནི་གསལ་བའོ། །ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་རོ། །ཞབས་ཀྱི་འོག་ཏུ་གསལ་བ་སྟེ། །དབང་ཆེན་སྐུ་ལ་དལ་བརྒྱད་དོ། །གཅིག་ཏུ་བསྡུས་ནས་གཅིག་ཏུ་གསལ་བ་ནི། །རིགས་བསྡུས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །ཡུམ་གཟི་ལྡན་པདྨ་ཅན་གྱིས་ཐུགས་ཀ་ནས་འདུད་པ་དང་འཁྲིལ་བ་དང་སྦྱོར་བར་གནས་པ་ནི། གསང་བ་ཡབ་ལ་སྦྱོར་བའོ། །དེ་ལྟར་བརྟུལ་ཞུགས་ཆེན་པོ་བཞི་དང་། ཕྲ་མེན་མ་གོ་ལ་མ་ཁམ་རྒྱ་མོ་དྲུག་ཁྱི་སྤྱང་དང་ལོང་བ་དང་ཁྲོ་བོ་མགོ་བརྩེགས་ཀྱིས་བསྐོར་བའོ། །རིན་པོ་ཆེའི་ཁྲི་རྐང་གི་བར་ན་དབང་ཕྱུག་མ་གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་གཞུག་བསྣོལ་དུ་འདེགས་སོ། །དེ་ལྟར་གསལ་བ་ལ། ཐུགས་ཀ་ན་རྟེན་ལ་ཧུ་ལུ་ཡིག་འབྲུ་བཅུ་གསུམ་གྱིས་བསྐོར་ནས་གནས་པའོ། །དེ་ལ་འདི་སྐད་བརྗོད་དོ། །ཧཱུཾ་སྐུ་བཞི་གཅིག་ཏུ་བསྡུས་པས་ཀུན་ཏུ་ཞལ། །ཕྱོགས་བཞི་རིགས་བཞི་འབར་བའི་སྐུར་བསྟན་པས། །སྤྱི་མཐོན་སྣ་ལྔར་སྣང་ཡང་ནམ་མཁའི་རྒྱན་དུ་སྟོན། །རིགས་ཀྱི་དབང་རྣམས་རྫོགས་པས་ཐམས་ཅད་མ་ལུས་སྒྲོལ། །ཧཱུཾ་མཛད་ཁྲོ་བོ་ཆེན་པོ་བརྒྱད་ཀྱི་སྙིང་། །ཆང་པར་བཅུག་ནས་ནང་དུ་བསྲེས་ཏེ་གསོལ། །བྱམས་དང་སྙིང་རྗེ་ལྡན་པའི་ཚུལ་མངའ་བ། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་བསྣམས། །བེ་ཅོན་རྔེའུ་ཆུང་དང་ཤེལ་གྱི་རྔེའུ་ཆུང་འཛིན། །ཐོད་རློན་ཁྲག་དང་ནང་དུ་བསྲེས་ཏེ་གསོལ། །ཕྱོགས་བཞི་རྒྱུན་དུ་ཧཱུཾ་གི་སྒྲ་སྒྲོགས་པས། །རྡོ་རྗེ་བྱིན་ཆེན་འབར་བ་གསོར་ཞིང་བརྡེག །གདུ་བུ་དཔུང་རྒྱན་སྦྲུལ་ནག་མི་སྲུན་པ། །ཧཱུཾ་གི་སྒྲ་སྒྲོགས་བསྐལ་པའི་མེ་ལྕེ་འདྲ། །སྡིགས་མཛུབ་རྩེ་ལས་བསྐལ་པའི་མེ་འབར་བས། །མ་རིག་རྨོངས་པའི་མུན་ནག་འཐིབ་པོ་སེལ། །མི་ལྡོག་ས་ལ་འགྲོ་བ་འདྲེན་པའི་རྟགས། །ཐབས་ཀྱི་ཞགས་པ་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ནི། །ཉི་མ་སྟོང་གིས་བརྒྱན་པའི་ཐེའུ་གཤོག་ཅན། །ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་ཀྱིས། །ཐམས་ཅད་བླ་མེད་བྱང་ཆུབ་གནས་སུ་སྒྲོལ། །དཔའ་བོ་ཏིང་
འཛིན་རྣོན་པོ་སྟག་གི་ཆས། །རྣོ་གདུག་ཟློག་བྱེད་རྒྱ་བྱེ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས། །དབང་གི་བསེ་ཁྲབ་སྨུག་པོ་གཟི་འབར་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས། །དམར་གསལ་དབང་ཕྱུག་ཟ་བྱེད་ཏིང་འཛིན་མཆེ་བའི་ཆས། །མཐིང་ག་ལེ་བརྒན་ཤུ་ཀེན་དར་གྱི་རྒྱན། །གཅན་གཟན་རྒྱལ་པོ་གཏུམ་པ་གཟིག་གི་ཆས། །ཕྱོགས་བཞི་མཚམས་བཞི་བརྒྱད་དུ་ཡང་། །འདུལ་བའི་ཞབས་བརྒྱད་ཕྱོགས་མཚམས་བརྒྱད་དུ་བགྲད། །སྙིང་གར་མཁྲིག་མ་ནུབ་ཅིང་སྒལ་ཚིགས་ཁོང་དུ་འཇོམས། །སྡུག་བསྔལ་ཉམ་ཐག་འབོད་སྒྲོག་སྐད་ཆེན་འབྱིན། །ཨོཾ་ནཱ་ཤ་སྟྭཾ་བྷ་ནི། ཨག་ཤ་སུམ་བྷ་ནི། གར་ནི་ཤ་ཧཱུཾ་ཀཱ་ར་པྲ་བེ་ཤ་ཕཊ། ག་ནད་གན་ཏ་ཧཱུཾ། ཚིནྡྷ་ཙྪིནྡྷ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཧཱུཾ། དེ་ལྟར་ཕྱག་རྒྱ་ཆེན་པོ་གསལ་བར་བསྐྱེད། །ཧཱུཾ་དབང་གི་རྟ་གདོང་ཕྲིན་ལས་མགྱོགས་པའི་མཐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་རྩལ་གྱི་ཕ་རོལ་ཕྱིན། །རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཅར་གནོན། །འཚེར་སྐད་གདངས་སུ་སྙན་པས་གསང་བའི་ཐུགས་དམ་བསྐུལ། །རྔམ་པའི་ཁ་རྩལ་ཚ་བས་འཁོར་ཚོགས་དབང་དུ་སྡུད། །སྟོབས་དྲུག་འགྲོས་སུ་མགྱོགས་པས་རྒྱུད་དྲུག་ཐབས་ཀྱིས་འདྲེན། །རོལ་པའི་རྟ་བྲོ་བརྡུངས་པས་བདུད་བཞི་ཐལ་བར་རློག །འཇིག་རྟེན་སྒྲོལ་ལ་མཁས་པས་མི་མཉམ་ཐབས་ཀྱིས་འདྲེན། །དེ་ནས་ཡུམ་ནི་བསྐྱེད་པར་བྱ། ཨེ་ཧྱེ་ཧི་ས་མ་ཡ་སྟྭཾ་ཨེ་ཧྱེ་ཧི་ས་མ་ཡ་ཧཱུཾ། མ་ཧཱ་ཤྲཱི་ཀ་མ་ལ་ས་མ་ཡ་ཧཱུཾ། མ་ཧཱ་བཛྲ་ཤྲཱི་བཛྲ་ཀ་མ་ལ་ཡ་ས་མ་ཡ་སྟྭཾ། ཨོཾ་ཨ་ཀ་ཏེ་པ་ཏེ་ཏེ་མ་ཧཱ་ཀ་ཏ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་ཡུམ་གཟི་ལྡན་པདྨ་ཅན་གྱི་སྐུར་བསྐྱེད་དོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ཕྲིན་ལས་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྐྱེད་པའི་ལེའུ་སྟེ་གོ་བརྒྱད་པའོ།། །།དེ་ནས་ཡང་ནི་གསུངས་པ་སྟེ། །རང་བཞིན་དཀྱིལ་འཁོར་སྤྱན་དྲང་ངོ་། །སྐྱེ་མེད་ཆོས་དབྱིངས་དག་པ་ནས། །ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་
འདིར། །དབང་ཆེན་ཡབ་ཡུམ་གཤེགས་སུ་གསོལ། །གཉིས་སུ་མེད་པའི་ཚུལ་གྱིས་བཞུགས། །ཆོས་དབྱིངས་དག་པའི་ཕོ་བྲང་ནས། །ཡེ་ཤེས་ཁྱད་པར་གཞལ་ཡས་སུ། །ཡེ་ཤེས་དགུ་བརྩེགས་དཀྱིལ་འཁོར་ཀུན། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་ནས། །མ་ལུས་གཤེགས་ཤིང་བཞུགས་སུ་གསོལ། །ས་མ་ཡ་ཛ། ས་མ་ཡ་སྟྭཾ། པྲ་བེ་ཤ་ཕཊ། ཨཱ་བེ་ཤ་ཨ།འདོད་ཆགས་དག་པས་ཤེས་རབ་ཕ་རོལ་ཕྱིན། །མ་འགགས་རོལ་པའི་ཕྱག་རྒྱ་ཅིར་ཡང་སྣང་། །བདེ་གཤེགས་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ། །ཉོན་མོངས་རྟོག་པའི་དྲ་བ་ཀུན་བཅོམ་ནས། །ཡེ་ཤེས་དགུ་ཡི་དོན་དང་རབ་ལྡན་པ། །དབང་གི་རྒྱལ་པོའི་སྐུ་ལ་བཀོད་གནས་ཚུལ། །རིགས་ཆེན་ལྷ་དགུ་དག་ལ་ཕྱག་འཚལ་ལོ། །གདུག་པ་མ་ལུས་ཀུན་འདུལ་ཞིང་། །ཉོན་མོངས་ཐ་བ་འཇོམས་མཛད་པ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། ཤྲཱི་ན་མཿ། ཀུན་བཟང་མཆོད་པས་མཉེས་པར་བྱ། །ཡང་དག་དོན་གྱི་སྐུ་ཡང་བསིལ། །དྷཱུ་པེ་པུཥ྇་ཨཱ་ལོ་ཀེ། གནྡྷེ་ལ་སོགས་ལྷ་མོ་བཞི། །མཆོད་པ་དག་པའི་ཚུལ་དུ་འབུལ། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །ར་སཱ་ཡ་ན་ལ་སོགས་རྫས། །ལྷ་རྣམས་ཀུན་ལ་དབུལ་བར་བྱ། །དྭངས་མ་མ་འདྲེས་ཁུ་བ་ཁྲག །ཤ་ཆེན་ལ་སོགས་མཆོད་པ་འདི། །དབང་གི་ལྷ་ལ་དབུལ་བར་བྱ། །ཕྱི་ནང་གསང་བའི་མཆོད་པ་འདི། །སོ་སོར་ཇི་ལྟར་འཚམས་པ་བཞིན་དུ་འབུལ། །ཨོཾ་ཨཱཿཧཱུཾ་སྐུ་གསུང་ཐུགས་ཀྱི་བདེ་བ་མཆོག་ཏུ་བསྐྱེད་པར་གྱུར་ཅིག །ས་མ་ཡ་ས་མ་ཡ་དགྱེས་པ་ཆེན་པོ་དམ་ཚིག་མཆོག་ལ་རོལ་ཅིག །མ་ཏྲང་ཁ་མ་ཏྲང་ཁ་གནོད་བྱེད་འབྱུང་། །པོ་ཚོགས་ནི་བསྟབ་པོ་བཞེས་སུ་གསོལ། ཀ་རུག་ཤ་ཀ་རུག་ཤ་བཞད་པའི་གད་རྒྱངས་འབྲུག་སྟོང་མང་པོ་ལྡིར་ཅིག །ཧ་ཧ་ཧེ་ཧ་ཧ་ཧེ་ཐུགས་དམ་བསྐང་བའི་སླད་དུ་ཕྲིན་ལས་གྲུབ་པར་མཛོད་ཅིག །ཨེ་ཧྱེ་ཧི་ཨེ་ཧྱེ་ཧི་སྡང་བའི་དགྲ་བོའི་སྙིང་ནས་དྲོངས་ཤིག་མ་སྲིང་ལས་ཀྱི་བདག །ཤམ་པ་རི་ཤམ་པ་རི་ཁཱ་ཧི་འཇིགས་བྱེད་ཁྲོ་བོའི་ཚོགས་མང་པོར་སྤྲུལ་པར་གྱུར་ཅིག །
དཀྱིལ་འཁོར་སྐྱོང་བའི་བདག །ཧ་རོ་ཡ་ཧ་རོ་ཡ་ཐབས་ཀྱི་མཆོག་ཏུ་དབུལ་ལོ་བཞེས་སུ་གསོལ་ལོ། །ས་མ་ཡ་ཧོ་ས་མ་ཡ་ཧོ་ཐུགས་དམ་ཡུམ་ལ་བསྐུལ་ལོ་ཐུགས་དམ་སྐོངས་ཤིག །ཅེས་བསྐུལ་ལོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ཤིང་བཞུགས་པ་དང་ཕྱག་འཚལ་བ་དང་། མཆོད་པ་འབུལ་སྨོན་ལམ་བཏབ་པའི་ལེའུ་སྟེ་གོ་དགུ་པའོ།། །།དེ་ནས་ཡང་ཕྲིན་ལས་བཅོལ་ཞིང་སྙན་འབུལ་གསོལ་བར་བྱ་བ་སྟེ། དུས་མཐའ་མེ་ལྟར་འབར་བའི་ཀློང་རུམ་ནས། །ཟ་བྱེད་ཁྲག་འཐུང་ལེ་བརྒན་འབར་བའི་སྐུ། །དབང་གི་ཕྲིན་ལས་རྟ་མགོ་ལྗང་གུ་ལས། །འོད་ཀྱི་གཟི་མདངས་ནམ་མཁའི་མདངས་སུ་ཆེ། །སྤྱན་གྱི་གཟི་མདངས་ཕྲིན་ལས་རྣམ་པ་བཞི། །སྡང་མིག་ལོག་པའི་སྤྱན་དམར་ཟློག་པས་ནི། །ང་དང་བདག་ཏུ་ལྟ་བའི་ཁྲོ་བོ་ཀུན། །ཕྱོགས་མེད་ཟིལ་གྱིས་མནན་པ་སྙན་བསྙུན་གསོལ། །ཟུར་མིག་འཕྲེད་ཀྱིས་གཟིགས་ཐབས་བསྟན་པ་ནི། །གསང་བ་ཡུམ་གྱི་ཚོགས་རྣམས་མ་ལུས་ཀུན། །གདུང་བའི་ཚུལ་གྱིས་སྐུ་ལ་འཁྲིལ་བ་དང་། །ཟླ་གམ་འོད་ཀྱི་འཕྲོ་འདུ་འབུལ་བ་དང་། །བྷ་གའི་གནས་སུ་ལིངྒ་གདབ་པའི་ཕྱིར། །ཐོགས་མེད་ཟིལ་གྱིས་མནན་པར་སྙན་བསྙུན་གསོལ། །ངན་སོང་ཡོངས་སུ་སྦྱོང་བའི་གཟིགས་ཐབས་ཀྱིས། །ལོག་འདྲེན་གཏན་སྲིད་འཁྱམས་པའི་ཡི་དྭགས་དང་། །གཏི་མུག་ཡོངས་སུ་རྨོངས་པའི་བྱོལ་སོང་དང་། །སྡུག་བསྔལ་བཟོད་པར་དཀའ་བའི་དམྱལ་ཚོགས་གསུམ། །ཐར་པ་ཡང་དག་གནས་སུ་དྲང་བའི་ཕྱིར། །འཁོར་བའི་གཡུལ་ལས་བཟློག་པར་སྙན་བསྙུན་གསོལ། །དགྱེས་མདངས་ཞི་བའི་གཟིགས་ཐབས་བསྟན་པ་ནི། །སྲིད་གསུམ་རབ་འབྱམས་འཇིག་རྟེན་མ་ལུས་ཀུན། །མཉམ་ཉིད་དབྱིངས་སུ་ཟིལ་གྱིས་གནན་པའི་ཕྱིར། །ཞེ་སྡང་གཏུམ་ཁྲོ་ཞི་བར་སྙན་བསྙུན་གསོལ། །ཁྲོ་རྒྱལ་སྤྱན་གྱིས་བག་ཆགས་མ་ལུས་ཀུན། །ལོག་པར་ལྟ་བའི་ལིང་ཏོག་བསལ་བའི་ཕྱིར། །པདྨའི་སྤྱན་གྱིས་བྱིན་
རླབས་བསྐྱེད་དུ་གསོལ། །ཁྲོ་རྒྱལ་སྙན་གྱི་རྡོ་རྗེ་འཁོར་བྱང་ལས། །གསན་པ་མ་འགགས་ཆོས་ཀྱི་སྒྲ་དབྱངས་ཀྱིས། །ཉོན་མོངས་རྣམ་དག་དབྱིངས་སུ་དབང་བསྒྱུར་ཞིང་། །དམིགས་པ་མ་ཆད་སྣ་ཚོགས་སྒྲ་ལ་སོགས། །སྒྲ་མཐའ་ཇི་བཞིན་བསྒོ་བར་སྙན་བསྙུན་གསོལ། །གཞན་གྱི་སྙན་དང་ཐུན་མོང་མ་ལགས་ཏེ། །ཐུགས་རྗེའི་སྙན་གྱིས་ཉམ་ཐག་སྒྲ་ལ་གསན། །ཡེ་ཤེས་སྙན་གྱིས་བསྐུལ་བའི་དབྱངས་ལགས་ན། །ཕྱི་ནང་གསང་བའི་སྙན་གསུམ་རྫོགས་པ་ཡིས། །ཇི་སྙེད་གདུལ་དཀའ་འདུལ་བར་སྙན་བསྙུན་གསོལ། །ཁྲོ་རྒྱལ་འབར་བ་ཤངས་ཀྱི་ཀློང་རུམ་ནས། །དུག་ལྔ་གསོད་པའི་མཚོན་ཆ་ཡེ་ཤེས་སྐུ། །ཁམས་གསུམ་སྒྲོལ་བའི་ཕྲིན་ལས་བཅོལ་བ་ནི། །འདོད་ཆགས་དབང་བསྒྱུར་དྲི་མ་མེད་པའི་སྐུ། །ཆགས་པའི་སྐྱོན་རྣམས་དག་པར་སྙན་བསྙུན་གསོལ། །ཞེ་སྡང་དབང་བསྒྱུར་སྐྱེ་ཤི་མེད་པའི་སྐུ། །སྡུག་བསྔལ་ཕུང་པོ་གཞོམ་པར་སྙན་བསྙུན་གསོལ། །གཏི་མུག་དབང་བསྒྱུར་ཡེ་ཤེས་འཁོར་ལོའི་སྐུ། །མ་རིག་རྨོངས་པ་གསལ་བར་སྙན་བསྙུན་གསོལ། །ང་རྒྱལ་དབང་བསྒྱུར་ཡིད་བཞིན་རིན་ཆེན་སྐུ། །དྲེགས་པའི་ང་རྒྱལ་གཞོམ་པར་སྙན་བསྙུན་གསོལ། །ཕྲིན་ལས་དབང་བསྒྱུར་ཐུགས་རྗེ་ལས་ཀྱི་སྐུ། །སྐྱེ་ཤི་རྩད་ནས་གཅོད་པར་སྙན་བསྙུན་གསོལ། །ཁྲོ་རྒྱལ་རྔམ་པའི་ཞལ་གྱི་ཀློང་རུམ་ནས། །ཧོམ་ལྔ་འདྲེལ་བའི་སྦྱིན་སྲེག་ཆེན་པོར་མཛོད། །ཟ་བྱེད་ཁྲོ་བོ་དཀྱིལ་འཁོར་མ་ལུས་ཀུན། །དུག་གསུམ་ཟ་བའི་མགྲོན་དུ་སྤྱན་འདྲེན་ན། །རྒྱུད་དྲུག་གཏོར་མར་བཞེས་པར་སྙན་བསྙུན་གསོལ། །པདྨ་ལེ་བརྒན་ཅིར་ཡང་བསྒྱུར་བའི་ལྗགས། །ཟླ་གམ་འཕྲོ་འདུ་ཅིར་ཡང་འགྱུར་བའི་གསུང་། །དྲི་མེད་རྒྱལ་པོ་གསུང་རབ་མང་པོ་དག །ཆུ་བོ་རྒྱུན་ལྟར་འབབ་པར་སྙན་བསྙུན་གསོལ། །ཐུགས་ཀྱི་ཁྲོ་བོ་མང་པོ་ཕྲ་མོ་བསྒོམས་པ་ཡིས། །ཕྲ་མོའི་ཏིང་འཛིན་ཡེ་ཤེས་ཧེ་རུ་ཀ །རྡུལ་གཅིག་སྟེང་ན་རྡུལ་སྙེད་སྐུ་སྤྲུལ་པས། །ཆོས་ཀྱི་དབྱིངས་ཀྱིས་བསྡུས་པའི་འཇིག་རྟེན་ན། །མ་རིག་རྨོངས་པས་མདོངས་པའི་སྐྱེ་འགྲོ་དང་། །རྣལ་འབྱོར་དམ་ལ་གནས་པའི་སྒྲུབ་པ་པོ། །ཐོག་མ་མེད་པའི་དུས་ནས་འཁོར་
བར་འཁོར། །གཟུང་འཛིན་ཆགས་པའི་དབང་གིས་བསགས་པ་ཡིས། །རྒྱུད་དྲུག་བག་ཆགས་མ་ལུས་ཇི་སྙེད་ཀུན། །ཐམས་ཅད་གནས་སུ་དག་པར་སྙན་བསྙུན་གསོལ། །སྐུ་ཡི་ཁྲོ་རྒྱལ་རྔམ་བྱེད་བསྙེན་པའི་ལྷ། །ཐོད་རུས་མེ་ལྟར་འབར་བའི་ཁྲོ་བོ་ཧཱུཾ་སྒྲ་ཅན། །ཞག་ཆེན་ཐིག་ལེ་དམར་ཆེན་ཚོམ་བུས་བརྒྱན། །སྤྲུལ་པའི་རྒྱན་ཚོགས་སྐར་ལྟར་འཁྲུགས་པ་ཡིས། །དུག་ལྔ་སྐྱོན་གྱིས་མྱོས་པའི་སྐྱེ་བོ་རྣམས། །གདུག་པ་མ་ལུས་འདུལ་བར་སྙན་བསྙུན་གསོལ། །ཐུགས་དམ་དབང་གིས་ལོག་འདྲེན་བསྟབ་པའི་ཕྱིར། །དབུ་རྒྱན་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །དབང་རྣམས་རྫོགས་པའི་ཕྲིན་ལས་འགྲུབ་པར་མཛོད། །རྟ་མགྲིན་སོགས་ལ་སྙན་བསྙུན་གསོལ་བ་ནི། །སྲིན་པོ་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡེ་ཤེས་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །མཁྱེན་རབ་རྫོགས་པའི་ཕྲིན་ལས་འགྲུབ་པར་མཛོད། །ཕྱག་མཚན་རྫོགས་པའི་སྙན་བསྙུན་གསོལ་བ་ནི། །འགྲོ་བ་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཤོག་པའི་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །ཀླུ་ཆེན་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཐོད་སྦྲུལ་ཚོགས་ལ་སྙན་གསན་གསོལ་བ་ནི། །གདུག་བྱེད་བཟློག་པའི་ཕྲིན་ལས་འགྲུབ་པར་མཛོད། །ཁྲོ་རྒྱལ་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །ཁྲོ་བོ་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཟི་ལྡན་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །ཡབ་ཡུམ་སྦྱོར་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་ཆེན་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྙན་བསྙུན་གསོལ་བ་དང་བསྟོད་པའི་ལེའུ་སྟེ་བརྒྱ་ཐམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་ལ། བསྙེན་པ་དབུལ་བར་གསུངས་པ་སྟེ། མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོར་གསུང་དག་པ་པདྨ་ལྕེའུ་བཅུ་དྲུག་གིས་མཚན་པ་དེའི་ལྟེ་བ་ལ་གསུང་གི་ཡི་གེ་ཨ་དམར་པོ། དེའི་མཐའ་མར་ཧུ་ལུ་འབྲུ་བཅུ་གསུམ་གྱིས་
བསྐོར་བས་ཡི་གེའི་ཕྲེང་བར་གནས་པའོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་ལ་ལེའུ་ཚེ་སུམ་ཅུ་སོ་གཉིས། དེའི་དབུས་ན་ཐུགས་ཀྱི་ཡི་གེ་ཨོཾ་དཀར་པོ། ཟ་མ་ཧུ་ལུ་ཡིག་འབྲུ་བཅུ་གསུམ་གྱིས་བསྐོར་བའོ། །དར་དཀར་གྱི་ཡོལ་དུ་དྲེས་པ་དབུལ་གྱི་གཟེར་ཆེན་ལུ་གུ་རྒྱུད་དུ་ཡོད་པའོ། །རིན་ཆེན་སྐྱོགས་ནི་གཙང་མ་ལ། །ཟིལ་པ་བཞིན་དུ་ཡི་གེ་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་དཔལ་བེའུ་ཆང་ཟུང་དང་བཅས་པའོ། །ཡི་གེ་ཧཱུཾ་དམར་ལ་བཀྲ་བར་གནས། ཟ་མ་ཧུ་ལུ་ཡིག་འབྲུའི་བསྐོར། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །འདབ་མ་དྲུག་ཅུ་རྩ་བཞི་སྟེ། །དེའི་དབུས་སུ་སྭཱ་སེར་གནས་པ་ལ། །ཡིག་འབྲུ་བཅུ་གསུམ་སྔར་དང་འདྲ། །མེ་རླུང་ལས་ཀྱི་འཁོར་ལོ་ལ། །གཞུ་ཡི་དབྱིབས་འདྲ་བ་དན་མཚན། །དབུས་སུ་ཡི་གེ་ཧཱ་ལྗང་ངོ་། །སྔགས་ཀྱི་འབྲུ་རྣམས་གོང་དང་འདྲ། །དེ་ལྟར་གནས་པ་གསལ་བ་ལ། །ཨོཾ་ཧུ་ལུ་ཧུ་ལུ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛཿ། ཞེས་བརྗོད་པས། དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་དམ་བསྐུལ་བའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཧུ་ལུའི་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོ།། །།དེ་ནས་སྟོན་པ་དབང་གི་རྒྱལ་པོ་ལ། སྤོབས་པ་དང་ལྡན་པའི་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབང་ཆེན་དབང་གི་བདག །དབང་གི་བདག་ལ་བདག་ཉན་འཚལ། །འགྲོ་བ་ཕྱི་རབས་དོན་གྱི་ཕྱིར། །དབང་གི་དོན་རྣམས་བཤད་དུ་གསོལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ། །སངས་རྒྱས་ཐུགས་ནི་སྲས་ཆེན་པོ། །ཁྱོད་ལ་སོགས་པར་དབང་རྣམས་བསྐུར། །ལྷ་དབང་རིམ་པས་བསྐུར་བར་བྱ། །དབང་ཆེན་འདུས་པས་དབང་བསྐུར་བས། །སེམས་བསྐྱེད་བསྲེ་དང་བརྡ་ཡིས་བསྟན། །ལེགས་པ་ཉེས་པའི་དགོངས་པ་བརྗོད། །སྣོད་མིན་པ་ལ་བསྟན་པ་མིན། །གསང་སྔགས་ཉེས་དམིགས་འདི་ལྟ་བས། །ད་རུང་ལེགས་པར་གསོལ་བ་གདབ། །དད་ལྡན་ཤིན་ཏུ་ངང་ཚུལ་བཟང་། །ལས་དང་སྲོག་ལ་མི་ཕངས་པར། །དཀའ་ཐུབ་དཀའ་བ་སྤྱོད་པ་ནི། །སློབ་དཔོན་དམ་པ་དེ་ལ་ནི། །
བ་ལ་བེའུ་བཞིན་དུ་འདྲེང་། །དེ་ལྟ་བུ་ཡི་སློབ་མ་ལ། །དབང་སྟེགས་རིམ་པར་བཅས་ནས་སུ། །སེམས་བསྐྱེད་པ་དང་རྗེས་འཇུག་བྱ། །ཁྲུས་དང་གཙང་སྦྲས་ལུས་བརྒྱན་ལ། །སོ་ཤིང་དང་ནི་གེགས་བསལ་ལོ། །བར་དུ་ལྷ་ཚོན་སྟ་གོན་བྱ། །དབང་གི་དཀྱིལ་འཁོར་བྲི་བ་ནི། །འཁོར་ལོ་རྩིབས་ནི་བརྒྱད་པ་ལ། །དབུས་སུ་ཟླ་གམ་སྒོ་དང་བཅས། །རྩིབས་བརྒྱད་ནང་དུ་ཟླ་གམ་རེ། །གྲུ་བཞི་སྒོ་དང་བཅས་པའོ། །དེ་ལ་དབང་གི་ལྷ་བཀོད་ལ། །རྫས་དང་རྒྱན་རྣམས་ཚང་བར་བསག །དབང་གི་བུམ་པ་དམར་པོ་རུ། །དེ་རུ་གསལ་བར་བསྐྱེད་པའོ། །ལེ་བརྒན་དར་གྱི་གདུགས་སུ་མཚན། །རས་དཀར་མ་ཉམས་ཡོལ་དང་ཆིངས། །བཀྲ་ཤིས་པ་ཡི་རྫས་སུ་བསག །ཞལ་ཟས་མང་པོ་དེ་བཞིན་ནོ། །དང་པོ་བསྙེན་པ་བྱ་བ་དང་། །བར་བར་གྱུར་ནས་མཆོད་པ་དང་། །ནུབ་ནི་ཐ་མར་དབང་བསྐུར་རོ། །མཛེས་པའི་ལུས་རྒྱན་དྲིས་བྱུག་པའི། །སློབ་མ་གདན་བཏིང་ནུབ་ནས་ཤར། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཤེལ་གྱི་གཙག་བུ་ཐོགས་ནས་ནི། །མ་རིག་ལིང་ཏོག་བསལ་བ་ལྟར། །དེ་རིང་བུ་ཡི་རབ་རིབ་བསལ། །མཎྜལ་པྲ་བེ་ཤ་ཕཊ། འདི་ཡིས་ལྷ་རྣམས་མཐོང་བར་འགྱུར། །ཕྱག་འཚལ་གུས་པས་ལུས་བཏུད་ལ། །ཧཱུཾ་དེ་རིང་ཕན་ཆད་བུ་ཁྱོད་ཀྱང་། །རྒྱལ་བ་ཀུན་གྱི་སྲས་ཡིན་པས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ལྷ་དང་སློབ་དཔོན་འདི་དག་ལ། །སྨད་པ་དག་ཏུ་མ་བྱེད་ཅིག །དེ་ནས་དམ་ཆུ་དེ་བླུད་ལ། །ཁྱེད་ཀྱིས་ལེགས་པར་གསང་བར་བྱོས། །གལ་ཏེ་དེ་ལས་ཉམས་གྱུར་ན། །དམ་ཆུ་དེ་ཡིས་སྐྱོན་བྱས་ནས། །མནར་མེད་པ་ཡི་དམྱལ་བར་འགྲོ། །ཁྱོད་ཀྱིས་ལེགས་པར་བསྲུངས་བྱས་ན། །སངས་རྒྱས་ཀུན་གྱི་སྲས་སུ་འགྱུར། །ཞེས་དམ་བསྒྲག་པའོ། །དེ་ནས་ལྷ་རྣམས་རིམ་པར་དབང་བསྐུར་བ་སྟེ། ཨེ་མ་གསང་མཆོག་གསང་བའི་བདག །རིག་པ་བདེ་ཆེན་རྒྱལ་བའི་ཡབ། །སངས་རྒྱས་ཀུན་འདུས་རྒྱལ་པོ་ཡི། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས། །རིགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཀྲོ་
དྷ་དྷི་བ་ཨ་ཨ། ཐུགས་ཀར་སྦས་པ་གསང་བའི་ཡུམ། །རྒྱལ་བས་བསྔགས་པའི་གཟི་ལྡན་པདྨ་ཅན། །གསང་མཛོད་ཡུམ་གྱི་དབང་བསྐུར་བས། །ཤེས་རབ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །པདྨ་རཱ་ག་ཀྲོ་དྷཱི་ཨ་ཨ། ཧཱུཾ་དུག་ལྔ་གནས་སུ་དག་པ་ཡི། །རིགས་མཆོག་སངས་རྒྱས་ཆེན་པོ་ལྔས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཧཱུཾ་བཛྲ་དྷྲྀཀ །ཨོཾ་ཛི་ན་ཛིཀ །སྭཱ་རཏྣ་དྷྲྀཀ །ཨོཾ་ཨཱ་རོ་ལིཀ །ཧཱ་པྲཛྙཱ་དྷྲྀཀ །ཨོཾ་ཧཱུཾ། ཧཱུཾ་བདེ་ཆེན་གསང་བ་ཡུམ་གྱི་མཆོག །སངས་རྒྱས་ཐུགས་དམ་དགྱེས་སྐོང་མ། །གསང་བ་ཡུམ་གྱི་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །མཱུཾ་དྷཱ་ཏྭཱི་ཤྭ་རི། ལཾ་དྭེ་ཥ་ར་ཏི། མཾ་མོ་ཧ་ར་ཏི། བྞུ ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི་ཨ། རྟོག་པའི་ཚོགས་དག་བདེ་ལྡན་བྱང་ཆུབ་སེམས། །དོན་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས། །རིགས་རྣམས་ཀུན་གྱི་དབང་བསྐུར་སྦྱིན། །ཙིཏྟ་པྲ་ཏི་ཨ་ཨ། ཧཱུཾ་ཡུལ་ལས་དག་པ་བྱང་ཆུབ་སེམས་མ་བརྒྱད། །མཛེས་པའི་སྐུ་མཆོག་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་སེམས་མ་བརྒྱད་ཀྱི་དབང་བསྐུར་བས། །མཛེས་མ་བརྒྱད་ཀྱི་དབང་མཆོག་ཐོབ་པར་ཤོག །ཙིཏྟ་མ་ལ་ཡ་ཨ་ཨ། ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་ཀྱང་། །འགྲོ་བའི་དོན་མཛད་ཀུན་བཟང་ཡབ་ཡུམ་སྐུ། །སངས་རྒྱས་འདི་ཡི་དབང་བསྐུར་བས། །བདེ་ཆེན་གསང་བའི་དབང་ཐོབ་ཤོག །དྷརྨ་ཛྙཱ་ན་ཀཱ་ཡ་ཧཱུཾ་ཨ། ཉོན་མོངས་གནས་སུ་དག་པ་ལས། །སྤྲུལ་པའི་བཅོམ་ལྡན་ཐུབ་པ་དྲུག །དེ་རིང་ཁྱོད་ལ་དབང་བསྐུར་བས། །སོ་སོར་འདུལ་མཛད་དབང་ཐོབ་ཤོག །མུ་ནི་ཀྲིཾ་སྭཱ་ཧཱ། མུ་ནི་ཏྲུཾ་སྭཱ་ཧཱ། མུ་ནི་སྲུཾ་སྭཱ་ཧཱ། མུ་ནཾ་པྲཾ་སྭཱ་ཧཱ། མུ་ནི་ཀྵཾ་སྭཱ་ཧཱ། མུ་ནི་ཡེ་སྭཱ་ཧཱ། ཧཱུཾ་ཨ་ཨཱ། ལོག་རྟོག་མཚན་མའི་དངོས་པོ་རྣམ་དག་ནས། །འགྲོ་བའི་དོན་དུ་རིག་པའི་སྒོ་མ་བཞི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཞི་རྒྱས་དབང་དྲག་དབང་རྣམས་ཐོབ་པར་ཤོག །ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཨ། ཧཱུཾ་ཆོས་ཀྱི་དབྱིངས་ལས་རྒྱལ་བའི་སྐུར་
བཞེངས་ནས། །ཡེ་ཤེས་ལྔ་ལས་རྟ་མགོ་ལྔར་བསྟན་ཏེ། །སངས་རྒྱས་ཀུན་གྱིས་བཀུར་བའི་རྒྱལ་པོ་མཆོག །ལོག་རྟོག་བདུད་རྣམས་འདུལ་བའང་བདེ་ཐོབ་ཤོག །ཧ་ལ་གྷྲཱི་ཝ་ཀྲོ་དྷ་ཨོཾ་ཧཱུཾ་ཨ། ཧཱུཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སངས་རྒྱས་ཀུན་གྱི་སྲས་ཆེན་པོ། །ཡེ་ཤེས་སེམས་དཔས་དབང་བསྐུར་བས། །གཉིས་མེད་དེ་ཡི་དབང་ཐོབ་ཤོག །ཛྙཱ་ན་ཙིཏྟ་མཎྜལ་ཧཱུཾ་ཨ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་དུས་ལ་མི་འདའ་བས། །བཅོམ་ལྡན་ཧེ་རུ་ལྔ་ཡི་དབང་བསྐུར་བས། །ལོག་པའི་གདུག་རྩུབ་འཇོམས་པའི་དབང་ཐོབ་ཤོག །ཀྲོ་དྷ་མ་ཧཱ་མཎྜལ་ཧཱུཾ་ཨ། ཁྲོ་མཆོག་ཐུགས་དམ་དགྱེས་སྐོང་མ། །ཀྲོ་ཏཱི་ཤྭ་རཱི་དགྱེས་པའི་ཡུམ། །གསང་བ་ཡུམ་གྱི་དབང་བསྐུར་བས། །ཤེས་རབ་ཡུམ་གྱི་དབང་ཐོབ་ཤོག །ཛྙཱ་ན་ཀོ་ཏཱི་མཎྜལ་ཧཱུཾ་ཨ། ཚོགས་བརྒྱད་གནས་གྱུར་གཽ་རཱི་ཁྲོ་མོ་བརྒྱད། །རིག་པ་རྟགས་ཀྱི་ཕྱག་མཚན་སོ་སོར་འཛིན། །ཁྲོ་མོ་རོལ་པའི་དབང་བསྐུར་བས། །གཉིས་མེད་དོན་གྱི་དབང་ཐོབ་ཤོག །ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧཱུཾ་ཨ། ཡུལ་བརྒྱད་གནས་སུ་དག་པས་ཕྲ་མེན་ཚུལ་དུ་འཛིན། །འགུགས་འདྲེན་ལས་ཀྱིས་དཔལ་གྱི་ཐུགས་དམ་སྐོང་། །ཕྲ་མེན་ཐོགས་མེད་དབང་རྣམས་ཐོབ་པར་ཤོག །ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧཱུཾ་ཨ། རྟག་ཆད་གནས་སུ་དག་པའི་རྟ་གདོང་སྒོ་མ་བཞི། །སོ་སོར་འདུལ་སྐལ་རྣམ་བཞི་རྫོགས་མཛད་པའི། །སྒོ་མ་བཞི་ཡི་དབང་བསྐུར་བས། །ཡེ་ཤེས་བཞི་ཡི་དབང་ཐོབ་ཤོག །བ་མ་ཏ་ཡི་ཧཱུཾ་ཨ། ཁམས་གསུམ་རྒྱལ་པོའི་དཀྱིལ་འཁོར་མ་རུངས་འདུལ། །གཡས་པ་རྡོ་རྗེའི་གཤོག་པ་བརྒྱད་དུ་གདེངས། །གཡོན་པ་རིན་ཆེན་གཤོག་པ་བརྒྱད་དུ་གདེངས། །སྟེང་དང་འོག་དང་བར་བར་ན། །རྡོ་རྗེ་ཐེའུ་གཤོག་རེ་རེས་བརྒྱན། །སྟེང་མ་གཉིས་ནི་རྡོ་རྗེའི་རྒྱུ་ལས་བྱུང་། །གཤོག་པའི་དང་རུ་རྩེ་མཆན་ལ། །དབང་གི་སྤྲུལ་པ་ཆེན་པོ་སྟེ། །བྱ་ཁྱུང་འབར་བའི་སྐུར་བསྟན་པས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །ཀླུ་གཉན་འདུལ་བའི་དབང་ཐོབ་ཤོག །ཙིཏྟ་བཛྲ་ག་རུ་ཌ་ཨ།
འབར་བའི་གཤོག་པ་བཞི་པོ་ལ། །དྲ་བ་མོ་དང་གློག་འགྱུ་མ། །བར་བར་སྐབས་ན་ཉི་མ་སྟོང་གིས་བརྒྱན། །ཁམས་གསུམ་རྒྱལ་དང་མི་གཡོ་མགོན། །ཁྲོ་མཆོག་འབར་བའི་སྐུར་བསྟན་ནས། །ཚོམ་བུ་འབར་བའི་དཀྱིལ་འཁོར་གསལ། །རྫུ་འཕྲུལ་ཀླུ་རྣམས་དབང་དུ་སྡུད། །རྡོ་རྗེ་གཤོག་པའི་དབང་བསྐུར་བས། །ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །ཀྲོ་ཏ་བ་བ་ཧི་ཨ། འོག་མ་གཉིས་ནི་རིན་པོ་ཆེ་ཡི་རྒྱུ་ལས་བྱུང་། །བར་བར་སྐབས་སུ་ཟླ་བ་སྟོང་གིས་བརྒྱན། །ཚོམ་བུ་གསང་བའི་ལྷ་མོའི་ཚོགས། །དབང་མཆོག་དེ་ཡི་དབང་བསྐུར་བས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག །ཁམས་གསུམ་རྒྱལ་པོའི་དཀྱིལ་འཁོར་ལྷ་ཚོགས་མང་པོ་ཀུན། །སྐལ་དང་ལྡན་ལ་དབང་བསྐུར་བས། །ཀུན་ལས་རྒྱལ་བའི་དབང་ཐོབ་ཤོག །ཀྲོ་དྷ་ཧཱུཾ་ཨ། ཧཱུཾ་ངན་སོང་གནས་རྣམས་ཡོངས་སུ་སྦྱོང་མཛད་པ། །གཟི་བརྗིད་རྒྱལ་པོ་ཁྲོ་མཆོག་མང་པོའི་ཚོགས། །བདེར་གཤེགས་གཙོ་མཆོག་དབང་བསྐུར་བས། །དུག་གསུམ་ནད་རྣམས་འཇོམས་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཧཱུཾ་རིག་པ་ཚོམ་བུའི་དཀྱིལ་འཁོར་ནས། །མི་དགེ་བཅུ་རྣམས་གནས་སུ་ཚར་བཅད་ནས། །ཕ་རོལ་ཕྱིན་པའི་དབང་མཆོག་འདི་བསྐུར་བས། །བགྲོད་མེད་ས་ལ་ཕྱིན་པའི་དབང་ཐོབ་ཤོག །ཀྲོ་དྷ་སིདྡྷི་ཨ། ཧཱུཾ་དཔལ་གྱི་སྐུ་མཆོག་གཉིས་མེད་རོལ་པའི་སྟབས། །དུར་ཁྲོད་ཆས་བརྒྱད་གསང་བའི་ངང་དུ་རོལ། །དུར་ཁྲོད་ཆེན་པོའི་དབང་མཆོག་འདི་བསྐུར་བས། །ཏན་གཎ་རོལ་པའི་རྟགས་ཆེན་དབང་ཐོབ་ཤོག །ཧཱུཾ་ཀྲོ་ཏ་ཧུ་ལུ་ཧཱུཾ་ཕཊ། ཧཱུཾ་བདེ་གཤེགས་སྐུ་ལ་དཀྱིལ་འཁོར་དགུ་གསལ་བས། །ཡེ་ཤེས་རིགས་འདུས་གསང་བའི་དབང་དང་ལྡན། །དབང་ཆེན་དབང་མཆོག་དེ་ཡི་དབང་བསྐུར་བས། །སངས་རྒྱས་ཀུན་གྱི་དབང་བསྐུར་ཐོབ་པར་ཤོག །ཛྙཱ་ན་དྷརྨ་མཎྜལ་ཧཱུཾ་ཨ། ཧཱུཾ་འདོད་པས་ཆགས་པས་ཉོན་མོངས་དུག་གསུམ་རྒྱུ། །དེ་དག་འདུལ་ཕྱིར་དཀའ་ཐུབ་རྟ་ཡི་དབུ། །ཆགས་པའི་ནད་སྤངས་སངས་རྒྱས་རིགས་ཀྱི་དབང་། །ཁྱོད་
ལ་བསྐུར་བས་ཐམས་ཅད་འཇོམས་པའི་དབང་ཐོབ་ཤོག །གནྡ་དྷྲྀཀ་ཨ་ཨ། ཉོན་མོངས་གཏི་མུག་གནས་སུ་དག་བྱའི་ཕྱིར། །བརྟུལ་ཞུགས་གདུག་པ་ཕག་གི་དབུ། །བདེ་གཤེགས་ཞིང་ཁམས་བསྐྱང་བ་དང་། །སྲ་སྙི་མེད་པར་འཇོམས་པའི་དབང་ཐོབ་ཤོག །བ་ར་ཧི་བ་ར་ཨ། ཉོན་མོངས་ང་རྒྱལ་ཞེ་སྡང་གནས་སུ་དག་བྱའི་ཕྱིར། །བརྟུལ་ཞུགས་ཁྱི་ཡི་མགོ་ཅན་སྤྲུལ་པའི་མཆོག །རིན་ཆེན་རིགས་ཀྱི་ཞིང་ཁམས་བསྐྱང་བ་དང་། །རྒྱས་པའི་ལས་ཀྱིས་བདུད་དཔུང་འཇོམས་པའི་དབང་ཐོབ་ཤོག །ཀུ་ཀུ་རཀྴ་ཛྙཱ་ན་གརྦྷ་ཧཱུཾ་ཨ། ཉོན་མོངས་ཕྲག་དོག་གནས་སུ་དག་བྱའི་ཕྱིར། །བརྟུལ་ཞུགས་བྱ་ཡི་མགོ་ཅན་སྤྲུལ་པའི་མཆོག །ལས་ཀྱི་རིགས་ཀྱི་ཞིང་ཁམས་བསྐྱང་བ་དང་། །བརྟུལ་ཞུགས་དྲག་པོས་ལོག་འདྲེན་འཇོམས་པའི་དབང་ཐོབ་ཤོག །ཏྲག་རཀྴ་ཛྙཱ་ན་ཀརྨ་ཧཱུཾ་ཨ། མི་མཐུན་གཉེན་པོས་གཞོམ་པའི་ཕྱིར། །བརྟུལ་ཞུགས་བཞི་ཡི་དབང་བསྐུར་བས། །ས་ལེ་དེ་ནི་རྒོད་པ་དང་། །བརྟུལ་ཞུགས་དབང་ནི་ཐོབ་པར་ཤོག །ཚོགས་བརྒྱད་གནས་སུ་དག་ནས་མཐུན་པའི་སྐུ་རུ་སྦྱོར། །ཕྲ་མེན་རོ་ཤ་སྟོབས་ཀྱི་ཕ་རོལ་ཕྱིན། །གདུག་པ་འདུལ་ཕྱིར་སྤྱང་མོའི་ཚོགས་དང་རོལ། །འགུགས་འདྲེན་ཕྲ་མེན་དབང་མཆོག་ཐོབ་པར་ཤོག །ཛ་ཛ་མ་ཧཱུཾ། ཉོན་མོངས་དུག་གསུམ་ནད་ཀྱིས་གདུངས་པ་ཡི། །བདུད་དང་སྲིན་པོ་འདུལ་བ་དང་། །ལས་ཀྱི་མཐའ་རྣམས་གྲུབ་པར་བྱ་བའི་ཕྱིར། །མཁའ་འགྲོ་དམུས་ལོང་ཚོགས་ཀྱི་དབང་བསྐུར་བས། །རྒྱབ་འདྲེལ་སུམ་ཅུ་རྩ་གཉིས་དབང་ཐོབ་ཤོག །ལི་ཙ་ལི་ཛ་ཧཱུཾ་ཨ། མི་འཇིགས་སྐུ་ནི་སྟོབས་དང་ལྡན། །གསུང་དང་ཐུགས་ནི་ཕྲིན་ལས་མཛད། །གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་དབང་བསྐུར་བས། །བདུད་དཔུང་འཇོམས་པའི་དབང་ཐོབ་ཤོག །སིང་ཧ་ཛམ་བྷ་ལ་ཀར་མ་ནེ་ཧཱུཾ་ཧཱུཾ། ཧཱུཾ་ཡེ་ཤེས་དགུ་ཡི་དོན་ལྡན་ཞིང་། །ཐེག་པ་དགུ་ཡི་བྱེ་བྲག་ཚུལ། །མགོ་དགུ་བརྩེགས་པའི་རྐང་གཅིག་པོ། །དབང་མཆོག་དེ་ཡི་དབང་ཐོབ་ཤོག །ཛྙཱ་ན་ས་མ་ཡ་ཨ། ཧཱུཾ་
དེ་བཞིན་གཤེགས་པ་གསང་བའི་ཡུམ། །བཀྲ་ཤིས་དམ་པའི་མཛོད་འཛིན་མ། །གསང་བའི་ཡུམ་བཞིའི་དབང་བསྐུར་བས། །པདྨ་རིགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་ཤོག །མ་མ་ཨ་ཤ་ནི་ཧཱུཾ་སིདྡྷི་སིདྡྷི་ཨ། ཧཱུཾ་དབང་ཆེན་ཐུགས་ཀྱི་དཀྱིལ་ནས་ནི། །ཐུགས་ལས་བཀྱེ་བའི་ཕོ་ཉ་མོ། །འཐོན་ནི་སྤྱན་གྱི་མཐོངས་ནས་འཐོན། །ཕྲིན་ལས་བརྟུལ་ཞུགས་ཐོགས་པ་མེད། །རྩ་ཁྲོ་མ་མོ་བཅུ་གསུམ་ཡིན། །ཁྲོས་ན་རཱུ་ཏྲ་ནག་པོ་སྒྲོལ། །སྒྲུབ་པ་པོ་ལ་དབང་དང་དངོས་གྲུབ་འབེབས། །བདུད་ཀྱི་དཔུང་རྣམས་འཇོམས་པའི་མཐུ་མོ་ཆེ། །མ་མོ་རྩ་ཁྲོ་དེ་ཡི་དབང་བསྐུར་བས། །སྟོང་ཕྲག་བརྒྱད་ཅུ་འདུལ་བའི་དབང་ཐོབ་ཤོག །མ་མ་ཁྲི་མུ་ཀརྨ་ཧཱུཾ་ཨ། ཧཱུཾ་དྲག་པོའི་ལས་རྣམས་བྱེད་པའི་མཆོག །གདན་གྱི་མ་མོ་ཆེན་མོ་སྟེ། །དབང་གི་ཞབས་ཀྱི་བར་ནས་བཏོན། །ཁྲག་གི་མ་མོ་བཅོ་བརྒྱད་བྱུང་། །ལས་རྣམས་ཐོགས་མེད་བྱེད་པའི་མཆོག །དབང་མཆོག་དེ་ཡི་དབང་བསྐུར་བས། །འཇོམས་བྱེད་མ་མོའི་དབང་ཐོབ་ཤོག །མ་མ་ནྲི་མ་ཧེ་ཧཱུཾ་ཛ། ཧཱུཾ་དབུ་ཡི་རལ་པའི་བར་རྩེ་ནས། །འཇོམས་པའི་མ་མོ་ཙ་ཏི་སྟེ། །གདུག་པ་མ་ལུས་ཀུན་འདུལ་བ། །སྤྲུལ་པའི་མ་མོའི་དབང་ཐོབ་ཤོག །ན་མོ་སཾ་ཧཱུཾ་ཨ། ཡེ་ཤེས་དབྱིངས་ལས་གྲུབ་པ་མོ། །རིགས་མཆོག་གསང་བ་འཛིན་པ་སྟེ། །མ་མོ་དེ་ཡི་དབང་བསྐུར་བས། །ཕྲིན་ལས་འགྲོ་དོན་བྱེད་པར་ཤོག །མ་ཏི་ཀ་ལཾ་ཛ། ལས་ཀྱི་སྒོ་མ་ཆེན་མོ་ནི། །དབྱིངས་ནས་གྲུབ་པར་བྱེད་པ་མོ། །དབང་མཆོག་དེ་ཡི་དབང་བསྐུར་བས། །ཕྲིན་ལས་རྒྱ་མཚོ་བྱེད་པར་ཤོག །ཀར་ཤ་ཧཱུཾ་ཨ། སྐུ་ལས་སྤྲུལ་པའི་མཁའ་འགྲོ་མ། །འབུམ་ཕྲག་གཡས་ཀྱི་མཁའ་འགྲོ་མ། །འབུམ་ཕྲག་གཡོན་གྱི་མཁའ་འགྲོ་མ། །མཁའ་འགྲོ་མི་བཟད་དབང་བསྐུར་བས། །རིག་པ་མཐུ་ཡི་དབང་ཐོབ་ཤོག །ཨཱ་ར་ལི་བྷིད་ཏ་བ་ཧཱུཾ་ཨ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷ་དབང་བསྐུར་བའི་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །།དེ་ནས་མངོན་པར་ཤེས་པ་བཞིའི་དབང་
གསུངས་སོ། །མངོན་ཤེས་དག་དང་ལྡན་པ་ཡི། །མིག་ནི་རྣམ་པར་དག་པ་སྟེ། །ར་རི་ཁལ་ཁོལ་མེད་པ་དང་། །རྣམ་དག་ཀུན་ཏུ་མཐོང་བ་ཡི། །མངོན་པར་ཤེས་པའི་དབང་ཐོབ་ཤོག །ཨ་ཨཱ་ཧོ། སྙན་ནི་མངོན་པར་ཤེས་པ་སྟེ། །ཐམས་ཅད་སྒྲ་དང་གང་དེ་ཐོས་པ་དང་། །བདེན་པ་གཞན་མྱོང་ཐོས་པའི་དབང་། །རྣམ་དག་དབང་ནི་ཐོབ་པར་ཤོག །སྐུ་ཡི་མངོན་ཤེས་བསམ་ཡས་ཏེ། །བྱིང་བ་མེད་ཅིང་རྨུག་པ་མེད། །གང་ལ་ཐོགས་པ་མེད་པ་སྟེ། །མངོན་ཤེས་དབང་ནི་ཐོབ་པར་ཤོག །ཨ་ཐུགས་ནི་མངོན་ཤེས་ལྡན་པ་སྟེ། །ཕ་རོལ་གཞན་གྱི་སེམས་ཤེས་དང་། །སངས་རྒྱས་རྣམས་ཀྱི་ཐུགས་ཤེས་པ། །ཐུགས་ཀྱི་མངོན་ཤེས་དབང་ཐོབ་ཤོག །ཙིཏྟ་ཨ། རྫུ་འཕྲུལ་བཞི་ཡི་དབང་བསྐུར་བས། །ཐོགས་རྡུག་མེད་པའི་དབང་ཐོབ་ཤོག །བྱང་ཆུབ་ཡན་ལག་བདུན་གྱི་དབང་བསྐུར་བས། །རྩ་བ་བྱང་ཆུབ་སེམས་ལ་འདུན་པར་ཤོག །ཡན་ལག་བརྒྱད་ཀྱི་དབང་བསྐུར་བས། །འཕགས་ལམ་བརྒྱད་ཀྱི་དབང་ཐོབ་ཤོག །ཕ་རོལ་ཕྱིན་བཅུའི་དབང་བསྐུར་བས། །མ་སྤངས་མྱ་ངན་འདས་པའི་དབང་ཐོབ་ཤོག །གསུང་རབ་ཡན་ལག་བཅུ་གཉིས་དབང་བསྐུར་བས། །གསུང་དབྱངས་དག་པ་སངས་རྒྱས་དབང་ཐོབ་ཤོག །བདེ་གཤེགས་ཞལ་ནས་གསུངས་པ་ཡི། །མ་འདྲེས་སངས་རྒྱས་ཆོས་ནི་བཅོ་བརྒྱད་དབང་། །དེ་རིང་ཁྱོད་ལ་དབང་བསྐུར་བས། །མངོན་པར་སངས་རྒྱས་དབང་ཐོབ་ཤོག །བྱང་ཆུབ་ཕྱོགས་ནི་བདེན་པའི་ཆོས། །སུམ་ཅུ་རྩ་བདུན་དབང་བསྐུར་བས། །བྱང་ཆུབ་ལམ་དེ་མ་གོལ་བར། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག །བྷོ་དྷི་ཙིཏྟ་ས་མ་ཡ་ཨ་ཨ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསུང་འགག་པ་མེད་པའི་དབང་གི་ལེའུ་སྟེ་བརྒྱ་དང་གསུམ་པའོ།། །།དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་། །གསང་བའི་དབང་མཆོག་བསྐུར་བ་སྟེ། །ཐབས་དང་ཤེས་རབ་གཉིས་མེད་པའི། །
ལྷག་པ་བྱང་ཆུབ་སེམས་ཀྱི་དབང་། །མཚན་ལྡན་དེ་དང་དེ་ལ་བླང་། །སངས་རྒྱས་དམ་པ་དེ་ཡིས་ནི། །བརྗོད་པར་བྱ་བ་འདི་དག་གོ། །གསང་བ་ཀུན་གྱི་སྤྱོད་ཡུལ་མིན། །ཐེག་པ་ཆེན་པོའི་རིགས་ཡིན་ནམ། །དཀའ་ཐུབ་དཀའ་སྤྱད་སྤྱོད་ནུས་སམ། །བསྟན་ན་རྟོགས་པ་མི་ཟ་འམ། །བྷ་གར་འོ་བྱེད་མི་རྟོག་གམ། །གསང་བ་གཞན་ལ་མི་སྤེལ་ལམ། །དེས་ན་ད་དུང་བཤོལ་བར་བྱོས། །གལ་ཏེ་ཐེག་པའི་སྣོད་ཡིན་ན། །བུ་ཡི་རྟོག་པ་འདི་རུ་སྨྲོས། །ཞེས་སོ། །དེ་ནས་དེ་རུ་སྨྲས་པ་ནི། །བདག་ནི་ཐེག་པ་ཆེན་པོའི་སྣོད། །དཀའ་ཐུབ་དཀའ་སྤྱོད་སྤྱད་པར་འོས། །བྷ་གར་འོ་བྱེད་མི་རྟོག་དང་། །གསང་བ་གཞན་ལ་བདག་མི་སྤེལ། །དེ་རིང་དམ་པ་བདག་ལ་གསོལ། །ཞེས་སྨྲས་སོ། །དེ་ནས་མཉམ་གཞག་ཏིང་འཛིན་དེས། །ཐབས་དང་ཤེས་རབ་འདྲེལ་བར་བྱེད། །དགའ་བ་ཉི་ཤུ་རྩ་གཅིག་གཟུང་། །གཙང་མའི་སྣོད་ཀྱིས་དབང་བསྐུར་བའོ། །གཟུང་ཐབས་དང་ནི་བསྐུར་ཐབས་སོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལེའུ་སྟེ་བརྒྱ་དང་བཞི་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེས་དཔལ་རྟའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་རྟ་མཆོག་དབང་ཆེན་འདུས། །དཔག་ཏུ་མེད་པའི་ཚེ་ཡི་བདག །ཚེ་ཡི་བདག་ལས་བདག་ཉན་འཚལ། །ཚེ་ཡི་བདག་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། ཚེ་དང་ཡེ་ཤེས་དཔག་ཏུ་མེད། །དེ་ཡི་དོན་ནི་བཤད་པར་བྱ། །ཚེ་ཞེས་བྱ་བ་སྲོག་ལ་བྱ། །སྲོག་ཅེས་བྱ་བ་ཚེ་ལ་བྱ། །དེ་ཡི་དོན་དང་ལྡན་པ་ན། །དབང་དང་དངོས་གྲུབ་དེ་ག་ཡིན། །དབང་ལ་རྣམ་པ་གསུམ་དུ་བཤད། །ཚེ་ལ་རྣམ་པ་གསུམ་དུ་བཤད། །ཕྱི་ནང་གསང་བ་གསུམ་དུ་བཤད། །ཚེ་ལ་རྣམ་པ་གསུམ་ཡོད་དེ། །དང་པོ་རྫས་ལ་བསྙེན་པ་ཡིན། །དེ་ནས་ཕྱེ་མ་བསྒྲུབ་པ་ཡིན། །དེ་ནས་རིལ་བུ་གོང་བུ་ཡིན། །དེ་ལ་ཚེ་བསྒྲུབ་བྱ་བ་སྟེ། །དཀྱིལ་འཁོར་རྣམ་གསུམ་དབྱེ་བར་བྱ། །
དང་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྙེན། །དེ་ནས་འགྲོ་བ་འདུལ་བའི་དལ་དུ་བསྒྲུབ། །དེ་ནས་རིགས་བསྡུས་དཀྱིལ་འཁོར་དུ། །གོང་བུར་བསྒྲུབ་ཅིང་དབང་དང་དངོས་གྲུབ་བླང་། །དེ་ནས་དཔལ་ལྡན་རྟ་ཡི་རྒྱལ་པོ་དགོད། །མཐའ་མ་ཕྱོགས་བཞིར་སངས་རྒྱས་སོ། །མཐའ་མ་ལྷ་མོ་བརྒྱད་དུ་བསྐོར། །སྒོ་བ་དག་དང་བཅས་པའོ། །བུམ་པ་ལྔ་འམ་དྲིལ་བ་གཅིག །མངར་དང་བུ་རམ་སྦྲང་རྩི་དང་། །རྩི་བཅུད་མར་དང་འབྲས་བུ་དང་། །བཀྲ་ཤིས་པ་ཡི་རྫས་རྣམས་དང་། །དཀར་པོ་བུམ་པའི་མགུལ་ཆིངས་ལ། །ལེ་བརྒན་ཁ་བཅད་དྲིལ་བ་ཡིན། །འབྲང་རྒྱས་ལྔ་དང་བཅས་པ་བཤམ། །དང་པོ་སོ་སོར་ ཁྲོལ་བུར་བསྒྲུབ། །གཉིས་པ་ལ་ནི་རིལ་བུ ་ཚོམ་བུར་བགོ། །རིགས་མཐུན་དར་གྱིས་ཁ་བཅད་དོ། །གསུམ་པ་སྲང་བཅལ་ག་འུར་དྲིལ། །དང་པོ་སྲང་དང་ཚད་ལས་བཅད། །བར་ཆད་བགེགས་རྣམས་བཟློག་པར་བྱ། །དེ་ལྟར་ཚེ་དང་འབྲང་རྒྱས་དང་། །སྤྱན་གཟིགས་དངོས་གྲུབ་ཞལ་ཟས་བསྐོར། །ཁྲོལ་བུ་ཕྱེ་མ་གོང་བུ་བཞིན། །དེ་ལ་རྟགས་ཀྱི་ལྟས་ཀྱང་བརྟག །དབྲལ་བ་དང་ནི་གཞོམ་པ་དང་། །དགུག་དང་བསྡིམ་དང་བསྲུང་བར་བྱ། །བསྐྱེད་དང་གནས་དང་བསྡིམ་པ་ཡིན། །དེ་ལྟར་ཚེ་ཡི་ལྷ་རྣམས་བསྒྲུབ། །ཚེ་མཆོག་བདག་པོ་ཡབ་ཡུམ་གསལ། །བསྐྱེད་པའི་ཡི་གེ་དེ་བཞིན་བྱ། །དེ་ནས་ལས་ཀྱི་གཞུང་བཙུག་ལ། །སྔགས་ཀྱི་གཞུག་ལ་ཨཱ་ཡུ་ཧཱུཾ་ཛ་སྟེ། བར་དུ་ཕེབས་དང་ཐ་མར་བླང་། །ཨོཾ་ཨཱ་རོ་ལིག་པྱཾ་རཱ་གར་ཏི་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ། ཧཱུཾ་དབུས་ཕྱོགས་རཱ་ག་དམར་པོའི་གཞལ་ཡས་སུ། །རྨ་བྱ་བསྣོལ་བའི་གདན་སྟེང་དང་། །ཉི་ཟླ་པདྨའི་གདན་སྟེང་དུ། །བཅོམ་ལྡན་ཚེ་མཆོག་སྣང་མཐའ་ཚེ་དཔག་མེད། །སྐུ་མདོག་དམར་པོ་རཱ་གའི་འོད་ཀྱིས་མཛེས། །ཡུམ་ཆེན་ན་བཟའ་དཀར་མོ་གཉིས། །དབང་མཆོག་རོལ་པའི་ཚུལ་དུ་བཞུགས། །བཅོམ་ལྡན་ཡབ་ཀྱི་ཐུགས་ཀ་ནས། །རིན་ཆེན་ཚེ་ཡི་འོད་དུ་འབར། །མུ་ཏིག་དཀར་པོ་ལྟ་བུར་འདྲིལ། །བཅོམ་ལྡན་
ཡུམ་གྱི་མཁའ་དབྱིངས་ནས། །ཡུམ་གྱི་ཚེ་ཡི་རང་བཞིན་ནི། །རཱ་ག་དམར་པོའི་འོད་དུ་འཁྱིལ། །དབང་མཆོག་དབུ་ཡི་གཙུག་རུམ་ན། །རྟ་མཆོག་ཞུར་པོའི་ནང་ཤེད་ན། །རིན་ཆེན་ཚེ་ཡི་ཟ་མ་ཏོག །དར་དཀར་འོད་ཀྱི་ཡོལ་དུ་དྲེས། །གཟེར་ནི་དངུལ་གྱི་གཟེར་དུ་བཏབ། །ནང་ན་ཚེ་ཡི་འོད་དུ་འབར། །བཅོམ་ལྡན་དབང་གི་རྒྱལ་པོ་ཡང་། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་ནི་མཛོད། །རྟག་ཏུ་བསྒྲུབས་པའི་ཚེ་ལགས་ཀྱི། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་བུ་རུ་པུ་རུ་ཧ་ས་དྷི་བ་མ་ཧཱ་པུཎྱེ་པུཎྱ་ཛྙཱ་ན་ཡུ་ཏི་ཛ། ཤར་ཕྱོགས་ཟླ་གམ་གདེངས་པ་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱང་། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ལྷོ་ཕྱོགས་ཟླ་གམ་གདེངས་པ་ནས། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཡང་། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ནུབ་ཕྱོགས་ཟླ་གམ་གདེངས་པ་ནས། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བྱང་ཕྱོགས་ཟླ་གམ་གདེངས་པ་ནས། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡང་། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཛ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བ་ཚེ་བསྒྲུབ་པའི་ལེའུ་སྟེ་བརྒྱ་དང་ལྔ་པའོ།། །།དེ་ནས་བཀྲ་ཤིས་པ་ཚེའི་ལྷ་མོ་བསྐུལ་བར་བྱ་སྟེ། ཧཱུཾ་གཞལ་ཡས་གྲུ་ཡི་མཆན་ལ་ནི། །ཚེ་ཡི་ལྷ་མོ་ཆེན་མོ་སྟེ། །ཤར་ཕྱོགས་གངས་རི་དཀར་པོའི་ཞིང་ཁམས་ནས། །དཀར་མོ་མཛེས་མ་འོད་ཀྱི་སྐེད་ཆིངས་ཅན། །ན་བཟའ་དཀར་མོ་ཤེལ་ལྟར་དག །གཡུ་འོད་སྔོན་པོའི་མཐའ་ཆག་ཅན། །ཕྱག་གཡས་དར་དཀར་གཡབ་ཏུ་དོར། །གཡོན་པ་དུང་གི་བུམ་པ་བསྣམས། །བུམ་པ་ཚེ་དང་ཡེ་ཤེས་གཏམས། །ཤར་ནས་འགུགས་པའི་ལས་མཛོད་ཅིག །ཨོཾ་ལ་སྱེ་ས་མ་ཡ་བྷྲཱུཾ་ཛཿཨཱ་ཡུ་ཥེ་ཧཱུཾ་ཨཿ། ཧཱུཾ་ལྷོ་ཕྱོགས་བཻ་ཌཱུརྱ་སྔོན་པོའི་ཞིང་ཁམས་ནས། །སྔོན་མོ་མཛེས་མ་འོད་ཀྱི་མཐའ་ཆག་ཅན། །ན་བཟའ་སྔོན་མོ་འོད་དུ་འབར། །
མཛེས་པ་གསེར་གྱི་རྒྱན་སྤྲས་པ། །གཡས་པ་དར་གྱི་གཡབ་དོར་མ། །གཡོན་པ་མཐིང་གི་བུམ་པ་བསྣམས། །བུམ་པ་ངེས་པར་ཚེ་ཡིས་གཏམས། །ལྷོ་ནས་འགུགས་པའི་ལས་མཛོད་ཅིག །ཨཱོཾ་མཱ་ལི་ས་མ་ཡ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ། ཧཱུཾ་ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས། །དམར་མོ་འོད་ཀྱི་མཐའ་ཆག་ཅན། །རཱ་ག་འོད་ཀྱི་ན་བཟའ་གསོལ། །མཐའ་མ་གསེར་གཡུའི་འོད་ཀྱིས་མཛེས། །གཡས་པ་ལེ་བརྒན་གཡབ་དོར་མ། །གཡོན་པ་བྱུ་རུའི་བུམ་པ་བསྣམས། །བུམ་པ་ཚེ་དང་ཡེ་ཤེས་གཏམས། །ནུབ་ཀྱི་ཕྱོགས་ནས་འགུགས་པའི་ལས་མཛོད་ཅིག །ཨཱོཾ་གཱི་ར་ཏི་ས་མ་ཡ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ། བྱང་ཕྱོགས་ཨིནྡྲ་ལྗང་གུའི་ཞིང་ཁམས་ནས། །ལྗང་གུ་མཛེས་མ་འོད་ཀྱི་མཐའ་ཆག་ཅན། །ན་བཟའ་ལྗང་གུ་མཛེས་པ་ལ། །བྱུ་རུའི་འོད་ཀྱིས་ཚོམ་བུས་བརྒྱན། །གཡས་པ་ལྗང་གུ་དར་གྱི་གཡབ་དོར་མ། །གཡོན་པ་གཡུ་ཡི་བུམ་པ་བསྣམས། །བུམ་པ་ངེས་པར་ཚེ་ཡིས་གཏམས། །བྱང་གི་ཕྱོགས་ནས་འགུགས་པའི་ལས་མཛོད་ཅིག །ཨོཾ་ནིརྟི་ས་མ་ཡ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ། ཚེ་ཡི་ལྷ་མོ་ཆེན་མོ་བཞི། །བསྐོར་ཅིང་ཚེ་འགུགས་འདི་སྐད་གསུངས། །ཧཱུཾ་ང་ནི་ལཱ་སྱེ་དཀར་མོ་སྟེ། །རྡོ་རྗེ་སེམས་དཔའ་ཐུགས་དམ་སྐོང་། །མ་བསྐངས་བར་དུ་སྐུ་མི་རྒྱ། །ང་ནི་མི་ཡི་ཚེ་གཡང་འགུགས། །སྒྲུབ་པ་པོ་ལ་དངོས་གྲུབ་འབེབས། །སངས་རྒྱས་ཀུན་ལ་དངོས་གྲུབ་བསླང་། །ཚེ་ཉམས་པ་ཡང་སླར་ལ་འགུགས། །ཧཱུཾ་ང་ནི་མཱ་ལེ་སྔོན་མོ་སྟེ། །རིན་ཆེན་འབྱུང་ལྡན་ཐུགས་དམ་སྐོང་། །མ་བསྐངས་བར་དུ་སྐུ་མི་རྒྱ། །བདེ་གཤེགས་རྣམས་ལ་དངོས་གྲུབ་བསླང་། །སྒྲུབ་པ་པོ་ལ་དངོས་གྲུབ་འབེབས། །ཚེ་དང་ཡེ་ཤེས་འབེབས་པར་བྱེད། །ཧཱུཾ་ང་ནི་གཱིརྟི་དམར་མོ་སྟེ། །སྣང་བ་མཐའ་ཡས་ཐུགས་དམ་སྐོང་། །མ་བསྐངས་བར་དུ་སྐུ་མི་རྒྱ། །སངས་རྒྱས་རྣམས་ལ་དངོས་གྲུབ་བསླང་། །སྒྲུབ་པ་པོ་ལ་མི་ཚེ་འགུགས། །ཚེ་དང་ཡེ་ཤེས་ལས་ཀྱང་བྱེད། །ཧཱུཾ་ང་ནི་ནཱིརྟི་ལྗང་
གུ་སྟེ། །དོན་ཡོད་གྲུབ་པའི་ཐུགས་དམ་སྐོང་། །མ་བསྐངས་བར་དུ་སྐུ་མི་རྒྱ། །བདེ་གཤེགས་རྣམས་ལ་དངོས་གྲུབ་བསླང་། །ཚེ་དང་ཡེ་ཤེས་འགུགས་པར་བྱེད། །བུམ་པ་ཚེ་ཡིས་གཏམས་པར་བྱ། །ཡེ་ཤེས་འོད་དུ་བསྐྱིལ་བར་བྱ། །ཧཱུཾ་འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །དཀར་མོ་མཛེས་མ་ཐུགས་རྗེའི་ལྕགས་ཀྱུ་བསྣམས། །དྲི་ཟའི་ལག་ནས་ཚེ་ཁུག་ཅིག །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག །བཛྲ་ཨཾ་ཀུ་ཤ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ་ཛ། ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །ཕྱག་རྒྱའི་ལྷ་མོ་ཞགས་པ་མ། །སྔོན་མོ་མཛེས་མ་ཞགས་པ་འཛིན། །གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བཛྲ་པཱ་ཤ་ཧཱུཾ་བྷྲཱུཾ། བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །ཕྱག་རྒྱའི་ལྷ་མོ་ལྕགས་སྒྲོག་མ། །དམར་མོ་མཛེས་མ་ཆེན་མོ་སྟེ། །ཀླུ་དབང་ལག་ནས་ཚེ་དྲོངས་ཤིག །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བཛྲ་སྥོ་ཊ་བཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། བྱང་གི་ཕྱོགས་ནས་ཚེ་འགུགས་མ། །ལྗང་གུ་མཛེས་མ་དྲིལ་བུ་བསྣམས། །གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བཛྲ་གྷཎྜ་ཧོ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་བདག་ཅག་ཕྱག་རྒྱའི་ལྷ་མོ་བཞི། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ། །འཇུག་པ་རྣམས་ཀྱི་ཉམས་ཆག་སྐོང་། །ཕྲིན་ལས་འགྲོ་དོན་ཆེན་པོ་མཛད། །ཞིང་ཁམས་བདེ་བའི་གནས་ནས་བསྐྱོད། །མྱ་ངན་འདས་པའི་ཆོས་རྣམས་སྒྲོག །ཅེས་པའོ། །ཁྲོལ་བུ་ཕྱེ་མར་བཏག་པ་དང་། །ཕྱེ་མ་རིལ་བུར་དྲིལ་བ་དང་། །གའུའི་ནང་དུ་སྩལ་བ་དང་། །ཚད་དང་སྲང་ལ་གདབ་པ་དང་། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་དང་། །ལེ་བརྒན་དར་གྱིས་གྲིལ་བ་དང་། །བུམ་པ་ལྔ་ཡི་དབུས་གནས་དང་། །གཡབ་པ་དང་ནི་འགུགས་པ་དང་། །བསྐྱེད་པ་དང་ནི་སྤེལ་བ་དང་། །བརྟན་པ་དང་ནི་མི་འཕྲོག་དང་། །གནས་པ་
དང་ནི་གྲངས་རྟེན་དང་། །དྲལ་དང་གཞོམ་དང་འགུགས་པ་ཡིན། །དེ་ལྟར་གསལ་ནས་ཡང་འགུགས་ཤིང་། །ཧཱུཾ་ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །བྱུ་རུ་རཱ་ག་དམར་པོའི་གཞལ་ཡས་ན། །ཟླ་གམ་ཁ་སྤྲོད་གཞལ་ཡས་ན། །བཅོམ་ལྡན་ཚེ་དང་ཡེ་ཤེས་དཔག་ཏུ་མེད། །ལྷ་མོ་ཡུམ་དང་བཅས་པ་སྟེ། །བདེ་གཤེགས་རྒྱལ་བ་ཀུན་གྱིས་བསྐོར། །སངས་རྒྱས་ཞིང་ཁམས་བདེ་བའི་གནས། །ཐབས་དང་ཤེས་རབ་འདྲེལ་བ་སྟེ། །ཕྱག་རྒྱ་ལྔ་དང་ལྡན་པ་རྣམས། །ཀུན་ཀྱང་དབང་གི་ལྷ་རུ་སྟེ། །བྱུ་རུའི་བུམ་པ་རེ་རེ་བསྣམས། །ཚེ་དང་ཡེ་ཤེས་གཏམས་པ་སྟེ། །སངས་རྒྱས་ཚེ་ཡང་གའུར་གསོལ། །བཀྲ་ཤིས་ཚེ་ཡང་བུམ་པར་གསོལ། །བདེ་གཤེགས་ཡེ་ཤེས་བུམ་པ་འདི། །སངས་རྒྱས་ཀུན་གྱིས་བྱིན་བརླབ་མཛོད། །བདེ་བར་གཤེགས་པས་དབང་བསྐུར་མཛོད། །ཚེ་དང་ཡེ་ཤེས་ལྷ་མོ་ནི། །དྷཱུ་པེ་མ་དང་པུཥ྇་མ། །ཨཱ་ལོ་ཀེ་དང་གནྡྷེ་མས། །འབྱུང་བ་ལྔ་ཡི་བཅུད་བསྡུས་ལ། །དེང་འདིར་དངོས་གྲུབ་སྩལ་དུ་གསོལ། །ལྷ་མོ་ཆེན་མོ་འགུགས་པ་མོ། །བདེ་གཤེགས་རྣམས་ལ་མཆོད་འབུལ་མ། །རྒྱལ་བ་རྒྱ་མཚོ་མཉེས་མཛད་མ། །ཐུགས་དམ་གཉེན་པོ་སྐུལ་བྱེད་མ། །སངས་རྒྱས་ཀུན་ལ་མཆོད་འབུལ་མ། །དངོས་གྲུབ་མ་ལུས་འབེབས་པའི་བདག །བདེ་གཤེགས་ཐུགས་དམ་རྒྱུད་བསྐུལ་ནས། །མཉེས་པའི་མཆོད་པ་ཕུལ་ནས་ནི། །མངོན་པར་ཤེས་པའི་དངོས་གྲུབ་སྩོལ། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །བུམ་པ་ཚེ་ཡིས་གཏམས་དུ་གསོལ། །ཚེ་རྣམས་རིལ་བུ་ཐིག་ལེར་དྲིལ། །ཞེས་བསྐུལ་ལོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་སྐུལ་བའི་ལེའུ་སྟེ་བརྒྱ་དང་དྲུག་པའོ།། །།བར་ཆད་བགེགས་རྣམས་ཞི་བྱའི་ཕྱིར། །ཕྱི་ནང་གསང་བའི་མཚམས་ཀྱང་བཅད། །འདས་པའི་མ་མོ་རྣམས་ཀྱང་བསྐུལ། །དགུག་དང་བསྡིམ་པའི་ལས་ཀྱང་བྱ། །ཧཱུཾ་བཅོམ་ལྡན་པདྨ་ཧེ་རུ་ཀ །ཁྲོ་མཆོག་ཐབས་ཀྱི་སྐུ་མངའ་སྟེ། །མཛེས་
པའི་ན་བཟའ་དམར་པོ་གསོལ། །པདྨ་ཀྲོ་དྷཱི་ཤྭ་རཱི་མ། སྙིང་པོ་ཚེ་ཡི་ཡི་གེ་ཨ། །ཡི་གེ་ཨ་དམར་འོད་དུ་འབར། །ཚེ་ཡི་རང་བཞིན་གནས་པའི་རྟེན། །ཨཱ་ཡུ་དམར་པོ་ཚེ་ཡིས་གཏམས། །མཁའ་དང་མཉམ་པའི་སྐུ་ཡང་མངའ། །མཁའ་དང་མཉམ་པའི་གསུང་ཡང་མངའ། །མཁའ་དང་མཉམ་པའི་ཐུགས་ཀྱང་མངའ། །སྐུ་ཚེ་སྩོལ་ཅིག་རི་བཞིན་བརྟན། །གསུང་ཚེ་སྙན་ཞིང་གྲགས་དང་ལྡན། །ཐུགས་ཚེ་གསལ་ཞིང་མི་ལྡོག་མཁྱེན། །སྐུ་གསུང་ཐུགས་ཀྱི་ཚེ་གཡང་སྩོལ། །བཅོམ་ལྡན་རིགས་ཀྱི་ཁྲོ་བོ་བཞི། །ན་བཟའ་ཆས་བརྒྱད་ལྡན་པར་བསྐྱེད། །བུམ་པ་ཚེ་དང་བཅུད་ཀྱིས་གཏམས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རིགས་ཀྱི་ཡུམ་བཞི་གསང་བའི་ཡུམ། །ཨཱ་ཡུ་ཚེ་ཡི་དངོས་གྲུབ་སྩོལ། །ཕྱོགས་བཞི་ལྷ་ཡི་ཞིང་ཁམས་ན། །གཽ་རཱི་ལ་སོགས་ཁྲོ་མོ་བརྒྱད། །སྐུ་མདོག་དམར་པོ་འོད་འཕྲོ་མ། །ཕྱག་གཡས་ལེ་བརྒན་གཡབ་རེ་བསྣམས། །གཡོན་པ་བྱུ་རུའི་བུམ་པ་བསྣམས། །ཐུགས་ཀ་ཟླ་གམ་རེ་རེ་ན། །ཨཱ་ཡུ་ཚེ་ཡི་ས་བོན་རེ། །ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །སངས་རྒྱས་དག་གི་བྱིན་རླབས་ནི། །འདིར་སྩོལ་ཚེ་དང་ཡེ་ཤེས་སྩོལ། །ཕྲ་མེན་ཆེན་མོ་བརྒྱད་རྣམས་ཀྱང་། །གཡས་པ་གཡབ་ལ་གཡོན་པ་བུམ། །སྐུ་མདོག་དམར་པོ་རྒྱན་དང་ལྡན། །ཨཱ་ཡུ་ཚེ་ཡི་དངོས་གྲུབ་སྩོལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱང་། །ཚེ་དང་ཡེ་ཤེས་འདིར་སྩོལ་ཅིག །སྔོ་དང་དཀར་དང་དམར་དང་སེར། །ལྗང་གུ་ལ་སོགས་སྣ་ཚོགས་ཀུན། །ཀུན་ཀྱང་རཱ་གའི་འོད་དུ་འགྱུར། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ཨཱོཾ་ཨཱ་ཡུ་ཛྙཱ་ན་བིན་དུ་བྷྲཱུཾ། ཚེ་བྷྲཱུཾ། ནྲྀ་བྷྲཱུཾ། ཡུ་ཏི་བྷྲཱུཾ། ཨ་བྷྲཱུཾ། དེ་ནས་རིལ་བུ་གོང་བུ་ལ། །དྲིལ་ལ་དབང་གི་རང་བཞིན་དུ། །གཅིག་པ་ལྷ་ཡི་དཀྱིལ་འཁོར་དུ། །རིགས་གཅིག་ཏུ་ནི་དྲིལ་བ་དང་། །དེ་ལ་ཚེ་དང་ཡེ་ཤེས་དྲིལ། །ཧཱུཾ་བཅོམ་ལྡན་དབང་ཆེན་དབང་གི་བདག །ཚེ་ཡི་བདག་ལ་དབང་གི་བདག །ཚེ་དང་ཡེ་ཤེས་བདག་པོ་སྟེ། །གོང་བུ་གཅིག་ལ་ཐུགས་ཀྱི་
དཀྱིལ་འཁོར་དུ། །མི་འགྱུར་མི་ཤིགས་རྡོ་རྗེ་ཚེ། །བསླད་པས་མི་འགྱུར་དག་པའི་ཆོས། །སངས་རྒྱས་ཀུན་གྱིས་ཀྱང་ནི་གཟིགས་པར་དཀའ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་པས། །རྒྱ་དེ་ཀུན་གྱིས་ཤིགས་མི་འགྱུར། །ཚེ་ནི་ཆོས་ཀྱི་དབྱིངས་ལ་གཞག །ཕྱག་རྒྱ་གསལ་བའི་རང་བཞིན་བདུན། །དང་པོ་ཆོས་ཀྱི་ཕྱག་རྒྱ་སྟེ། །གཉིས་པ་ནུས་པ་སྔགས་ཀྱི་རྒྱ། །གསུམ་པ་སྐུ་དང་ཡེ་ཤེས་རྒྱ། །བཞི་པ་ཡེ་ཤེས་བཞི་ཡི་རྒྱ། །ལྔ་པ་རིགས་ལྔའི་ཡེ་ཤེས་རྒྱ། །དྲུག་པ་རྒྱལ་བ་སྤྱི་ཡི་རྒྱ། །བདུན་པ་ཡེ་ཤེས་བྱང་ཆུབ་རྒྱ། །དེ་ལྟར་རྒྱས་བཏབ་བྱས་ནས་ནི། །ཡང་ནི་རྒྱ་དེ་དབྱེ་བར་བྱ། །དེ་ནས་དངོས་གྲུབ་ཐོབ་པར་བླང་། །དེ་ཉིད་དོན་དང་འཕྲད་པའོ། །དེ་ནས་ཡང་ནི་རྒྱ་བདུན་བཏབ། །དེ་ཡིས་ལྷག་མ་དབྱིངས་སུ་བསྡིམ། །དེ་ལྟར་བྱས་ན་ཚེ་འགྲུབ་པའོ། །རྟེན་པའི་ཚེ་དང་མི་འཕྲོག་པ། །དེ་ཡང་གཉིས་སུ་ཤེས་པར་བྱ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རིགས་དང་རྒྱ་དང་བགོ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་བཀའ་སྩལ་པ། གཡས་གཡོན་ཕྱག་ནི་གདེངས་པ་ན། །གནོན་པའི་ཚུལ་དུ་བྱས་པ་ནི། །དབང་ཆེན་ཉིད་ཀྱི་ཕྱག་རྒྱ་ཡིན། །སྲིན་ལག་གཉིས་དང་མཐེ་བོང་བསྣོལ། །མཛུབ་མོ་མཐེའུ་ཆུང་བསྒྲེང་བ་སྟེ། །གུང་མོ་སྦྱར་ལ་དབུས་སུ་བསྒྲེང་། །དེ་ནི་རྟ་མགྲིན་ཕྱག་རྒྱ་ཡིན། །སོར་མོ་བཅུ་པོ་བསྣོལ་བྱས་ནས། །རྩེ་ལྔ་གནས་སུ་བསྒྲེང་བ་ནི། །རིགས་ལྔ་སྤྱི་ཡི་ཕྱག་རྒྱ་ཡིན། །གཡས་གཡོན་ཕྱག་ནི་དབུས་སུ་བསྣོལ། །ལུས་ནི་མི་འགྱུར་དྲང་བཞག་ནས། །མི་གཡོ་བ་ཡི་ཚུལ་བཞག་ན། །ཡེ་ཤེས་སེམས་དཔའི་ཕྱག་རྒྱ་ཡིན། །གཡས་གཡོན་སོར་མོ་གནམ་ལ་བསྒྲེང་། །བརྡེག་པའི་ཚུལ་དུ་བྱས་ན་ནི། །འགྲོ་བ་འདུལ་བའི་ཕྱག་རྒྱ་ཡིན། །སོར་མོ་ལག་པ་གཡས་གཡོན་བསྣོལ་བྱས་ནས། །གཤོག་པའི་ཚུལ་དུ་བྱས་པ་ནི། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིན། །མཛུབ་གཉིས་ཧཱུཾ་གི་རྒྱ་བཅིངས་པ། །ཧཱུཾ་མཛད་ཆེན་པོའི་ཕྱག་རྒྱ་ཡིན། །
བརྐྱང་བསྐུམ་བགྲད་པར་གནས་པ་ལ། །གཡས་པ་ཁུ་ཚུར་བཅངས་པ་དང་། །གཡོན་པ་བརྡེག་པའི་ཚུལ་བཅས་པ། །དུར་ཁྲོད་ཆེན་པོའི་ཕྱག་རྒྱ་ཡིན། །སོར་མོ་བཅུ་པོ་དམ་བསྣོལ་ནས། །རིགས་དྲུག་ལམ་ནི་དགག་པའི་ཚུལ། །ངན་སོང་སྦྱོང་བའི་ཕྱག་རྒྱ་ཡིན། །མཐེབ་མོ་གཉིས་པོ་དམ་བསྣོལ་ནས། །བརྒྱད་པོ་གྱེན་ལ་གདེངས་པ་ནི། །རིགས་འདུས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཡིན། །ཕྱག་རྒྱ་རེ་ལ་ཡི་གེ་རེ། །ཡི་གེ་རེ་ལ་འོད་འཕྲོ་བ། །སྔགས་དང་ཕྱག་རྒྱ་འདེབས་པར་གྲགས། །གཞན་ཡང་འཇོ་ཚུལ་སྟངས་སྟབས་དང་། །གར་བསྒྱུར་བ་དང་གར་བྱེད་པ། །ཕྱག་རྒྱའི་མཆོད་པ་ཡིན་པར་བཤད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྔགས་དང་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། སངས་རྒྱས་ཀུན་འདུས་རྒྱལ་པོ་ཆེ། །རྟ་ཞེས་བྱ་བ་ཇི་ལྟར་ལགས། །མཆོག་ཅེས་བྱ་བ་གང་ལ་བགྱི། །རོལ་པ་ཞེས་པ་གང་ལ་བགྱི། །ཏནྟྲ་ཞེས་བྱ་ཇི་ལྟར་ལགས། །ཀུན་འདུས་རྒྱལ་པོས་བཀའ་སྩོལ་ཅིག །ཀུན་འདུས་མཆོག་ལས་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་ཆེན་འདུས་པས་བཀའ་སྩལ་པ། །སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ཉོན། །རྟ་ཞེས་བྱ་བའི་དོན་བསྟན་པ། །རྟ་ནི་སེམས་ཀྱི་རྟ་ཕོ་ལ། །ཐམས་ཅད་མཁྱེན་པས་མཆོག་ཅེས་བྱ། །འདས་དང་མ་འདས་གཉིས་ཀ་ཡིན། །སེམས་དང་ཕྱི་མོ་གཉིས་མེད་ཡིན། །ཐམས་ཅད་ཁྲོ་བོའི་རང་བཞིན་ཡིན། །ཐམས་ཅད་ཞི་བའི་རང་བཞིན་ཡིན། །ཐམས་ཅད་གཉིས་ཀའི་རང་བཞིན་ཡིན། །ཐམས་ཅད་གཉིས་མེད་རང་བཞིན་ཡིན། །ཀུན་ཀྱང་ཡིན་ལ་གང་ཡང་མིན། །དེ་ཕྱིར་བཤད་པར་དཀའ་བ་ཡིན། །རོལ་པ་ཞེས་པ་བདེ་གཤེགས་ཀྱི། །དགོངས་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །དེ་ཕྱིར་རོལ་པ་ཞེས་སུ་གྲགས། །ཏནྟྲ་ཞེས་པ་རྒྱུད་ལ་སྟེ། །བདེ་གཤེགས་དགོངས་པས་བརྒྱུད་པའོ། །ཞེས་གསུངས་སོ། །དེ་ནས་ཡང་
གསོལ་པ། ཀྱེ་མ་དབང་ཆེན་ཀུན་འདུས་ཆེ། །པདྨ་ཞེས་པ་ཇི་ལྟར་ལགས། །རིགས་ཞེས་བགྱི་བ་ཇི་ལྟར་ལགས། །ཞིང་ཁམས་བགྱི་བ་གང་ལ་བགྱི། །དེ་ཡིས་དོན་དེ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་ཆེན་འདུས་པས་བཀའ་སྩལ་པ། །པདྨ་ཞེས་སུ་གྲགས་པ་ནི། །སྐྱོན་གྱིས་མ་གོས་པདྨ་སྟེ། །བྱང་ཆུབ་སེམས་ལ་བཤད་པ་ཡིན། །གོས་པ་མེད་པས་པདྨ་སྟེ། །ནམ་མཁའ་དཔེ་ལ་བཞག་པ་ཡིན། །འགྱུར་བ་མེད་པས་པདྨ་སྟེ། །དེ་ཡང་ནམ་མཁའི་དཔེ་ལ་བཞག །བྱས་པས་གོས་པ་མེད་པ་སྟེ། །རིན་ཆེན་གསེར་གྱི་དཔེ་བཞིན་ལ། །མཛེས་པས་པདྨར་བྱུང་བ་སྟེ། །རིན་པོ་ཆེ་ཡི་དཔེ་ལ་བཞག །གསལ་ལ་དངོས་པོ་མེད་པ་སྟེ། །མེ་ལོང་བཞིན་གྱི་དཔེ་ལའོ། །དེ་ཕྱིར་པདྨ་ཞེས་སུ་གྲགས། །རིགས་ཞེས་བྱ་བར་བསྟན་པ་ནི། །དང་པོ་དེ་ལས་བྱུང་བ་དང་། །བར་དུ་དེ་ཡི་བྱ་བ་བྱེད། །ཐ་མ་དེ་ཡི་རྒྱུད་འཛིན་ཕྱིར། །དེས་ན་རིགས་ཞེས་བྱ་བ་ཡིན། །ཞིང་ཁམས་ཞེས་ནི་བྱ་བའི་དོན། །སྣང་བ་མཐའ་ཡས་ཞིང་ཁམས་ཏེ། །སྣང་བ་སེམས་ཀྱི་སྣང་བ་ཡིན། །ཞིང་ནི་མ་རྟོགས་ཆོས་ཉིད་ངང་དུ་བསྒྲལ་བས་ཞིང་། །ཉོན་མོངས་རྩད་བཅད་ཁམས་ལ་བྱ། །པདྨ་ཀུན་འདུས་རྒྱལ་པོ་ལ། །རིགས་བཞིའི་སངས་རྒྱས་ལ་སོགས་ཏེ། །ཀུན་གྱིས་བསྐོར་བས་པདྨ་རིགས་ཀྱི་ཞིང་ཁམས་ཡིན། གསུང་རྣམ་པར་དག་པས་སྣང་བ་མཐའ་ཡས། བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། དེ་ལྟར་གསལ་བར་ཟུང་ཞིག །ཅེས་གསུངས་སོ། །དེ་ནས་ཡང་ནི་བཀའ་སྩལ་པ། །ཐུགས་ལས་རྒྱལ་བ་ཡབ་ལྔ་ཡིན། །འབྱུང་བ་ལྔ་ལས་ཡུམ་ལྔ་བྱུང་། །རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། །དེ་ལས་བྱང་ཆུབ་སེམས་དཔའ་བརྒྱད། །ཡུལ་ལས་སེམས་མ་བརྒྱད་དུ་བྱུང་། །གནས་གྱུར་ཁྲོ་མོ་བརྒྱད་དང་ཕྲ་མེན་བརྒྱད། །རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། །ཡེ་ཤེས་ཀྱི་ནི་ཁྱི་བརྒྱད་བྱུང་། །རྦད་
དང་ཕོ་ཉར་བྱ་བ་དང་། །ཀུན་གྱི་གཉེན་པོར་བྱུང་བ་ཡིན། །ཀུན་གཞི་འོད་ཀྱི་ཐིག་ལེ་ལས། །རྟ་ཡི་བརྟུལ་ཞུགས་བྱུང་བ་ཡིན། །གཏི་མུག་འོད་ཀྱི་ཐིག་ལེ་ལས། །ཕག་གི་བརྟུལ་ཞུགས་བྱུང་བ་ཡིན། །འདོད་ཆགས་ཁྲག་གི་ཐིག་ལེ་ལས། །བྱ་ཡི་བརྟུལ་ཞུགས་བྱུང་བ་ཡིན། །ང་རྒྱལ་དག་གི་ཐིག་ལེ་ལས། །ཁྱི་ཡི་བརྟུལ་ཞུགས་བྱུང་བ་ཡིན། །བརྟུལ་ཞུགས་ཆེན་པོ་བཞི་པོ་འདིས། །ཐམས་ཅད་འཇོམས་ཤིང་དབང་དུ་སྡུད། །སངས་རྒྱས་བདེ་གཤེགས་ཐུགས་དམ་སྐོང་། །ཞིང་ཁམས་ཡོངས་སུ་དག་པའོ། །འདི་ནི་བརྟུལ་ཞུགས་ཆེན་པོ་ཡིན། །དམུས་ལོང་སུམ་ཅུ་རྩ་གཉིས་ནི། །མཁའ་འགྲོ་མ་ཡི་སྤྲུལ་པ་ཡིན། །ད་ནི་ལས་རྣམས་བྱེད་པའི་མཆོག །མ་མོ་རྣམས་ནི་རྩ་དང་ཐིག་ལེའོ། །དེ་ལྟར་གསལ་ན་ལས་རྣམས་ཐམས་ཅད་གསལ་བ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཞུ་ལན་དཔེ་དོན་དང་སྤྲུལ་པ་འཕྲོས་པའི་ལེའུ་སྟེ་བརྒྱ་དང་དགུ་པའོ།། །།དེ་ནས་དབང་ཆེན་འདུས་པ་ཆེན་པོས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ལ་སོགས་ཉོན། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །དབུས་སུ་ཕོ་བྲང་ཟླུམ་པོར་བསྐོར། །མཐའ་མ་འཁོར་ལོ་རྩིབས་བཅུ་པ། །གྲུ་ཆད་གྲུ་བཞི་སྒོ་དང་བཅས། །མཐའ་མ་མེ་རིས་བསྐོར་བ་སྟེ། །དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་རོ། །དབུས་ནི་ཟླ་གམ་སྒོ་གཅིག་པ། །ཐ་མ་པདྨ་འདབ་མ་བརྒྱད། །གྲུ་ཆད་གྲུ་བཞི་སྒོ་བཏོད་པ། །དེ་མཐའ་གྲུ་བཞིར་བྱས་པ་ནི། །དབང་ཆེན་གསུང་གི་དཀྱིལ་འཁོར་རོ། །དབུས་ནི་ཟླུམ་པོ་དང་ལྡན་པ། །མཐའ་མ་རེ་ཆ་དགུར་གསལ་བ། །གྲུ་བཞི་སྒོ་དང་ཁྱུད་ལྡན་པ། །དབང་ཆེན་སྐུ་ཡི་དཀྱིལ་འཁོར་རོ། །གྲུ་བཞི་ལྷམ་པའི་དཀྱིལ་འཁོར་ལ། །མཐའ་མ་རིན་ཆེན་འབུར་དོད་པ། །དེ་མཐའ་གྲུ་བཞི་སྒོ་དང་བཅས། །དབང་ཆེན་ཡོན་ཏན་དཀྱིལ་འཁོར་རོ། །དབུས་ནི་གྲུ་བཞི་ལྷམ་པ་ལ། །གྲྭ་ལ་ཟླ་གམ་རེ་རེ་བཅད། །ཞལ་བཞི་ཕྱི་ལ་བཏོད་པ་ནི། །དབང་ཆེན་འཕྲིན་ལས་དཀྱིལ་འཁོར་
རོ། །དབུས་ནི་ཟླ་གམ་གྲུ་གསུམ་ལ། །ཐ་མ་ཟླ་གམ་བཞིས་བསྐོར་བ། །དབང་ཆེན་བརྟུལ་ཞུགས་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །དབུས་སུ་ཟླ་གམ་སྒོ་སྤྲོད་བྱ། །ཐ་མ་གྲུ་གསུམ་བརྒྱད་ཀྱིས་བསྐོར། །གྲུ་བཞི་སྒོ་དང་བཅས་པ་ནི། །ཁྱི་བརྒྱད་དཀྱིལ་འཁོར་བསྟན་པ་ཡིན། །དབུས་ནི་གྲུ་གསུམ་འབར་བ་ལ། །མཐའ་མ་འཁོར་ལོ་རྩིབས་བརྒྱད་ལ། །རྩིབས་རེའི་ནང་དུ་ཟླ་གམ་རེ། །དབུས་སུ་དབང་ཆེན་འདུས་པ་སྟེ། །ཟླ་གམ་རེ་ལ་སྤྱང་མོ་རེ། །གྲུ་ཆད་གྲུ་བཞི་སྒོ་དང་བཅས། །དེ་ལྟར་གསལ་བའི་དཀྱིལ་འཁོར་ནི། །སྤྱང་བརྒྱད་དཀྱིལ་འཁོར་བསྟན་པ་ཡིན། །དབུས་ནི་ཟླུམ་པོ་ཕོ་བྲང་བཅས། །དེ་ཡི་ཕྱི་རིམ་དག་ལ་ནི། །འཁོར་ལོ་རྩིབས་ནི་ལྡན་པ་ལ། །ཚོམ་བུ་ལྔ་རུ་བཤད་པ་ལ། །དབུས་ནི་དབང་གི་རྒྱལ་པོ་ཡིན། །ཤར་གྱི་ཕོ་བྲང་དག་ལ་ནི། །དེ་ལ་འཁོར་ལོ་བརྒྱད་དུ་བྱ། །ལྷོ་རུ་འཁོར་ལོ་བརྒྱད་དུ་བྱ། །དེ་བཞིན་ནུབ་དང་བྱང་ལ་བརྒྱད་བརྒྱད་བྱ། །ཚོམ་བུ་བཞི་ལ་འཁོར་ལོ་རྩིབས་ནི་སུམ་ཅུ་གཉིས། །དེ་ལ་ལོང་བ་རེ་རེ་དགོད། །སྒོ་བ་ཁྲོ་བོ་བཞི་ཡིས་བྱ། །དམུས་ལོང་གསང་བའི་དཀྱིལ་འཁོར་རོ། །དབུས་སུ་ཟླུམ་པོ་བསྐོར་བ་ལ། །ཐ་མ་རྩིབས་བརྒྱད་ལྡན་པ་དང་། །གྲུ་བཞི་སྒོ་དང་སྒོ་ཁྱུད་ལྡན། །གསང་བ་ཡུམ་བཞི་སྤྲུལ་པ་བརྒྱད། །དེ་ལ་བཀོད་པ་སྒྲུབ་པ་སྟེ། །ཡུམ་བཞི་གསང་བའི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །ཁྲག་གི་ཟླ་གམ་བཅོ་བརྒྱད་བྱ། །ཁྲག་གི་མ་མོའི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་གྲུ་གསུམ་འབར་བ་ལ། །ཐ་མ་པདྨ་ཟླ་གམ་བཅུ་གསུམ་བྱ། །སྒོ་དང་སྒོ་ཁྱུད་བཅས་པ་སྟེ། །དབུས་སུ་དབང་གི་རྒྱལ་པོ་དགོད། །ཟླ་གམ་རེ་ལ་རྩ་ཁྲོ་མ་མོ་རེ། །སྒོ་བ་དང་བཅས་དེ་བཞིན་ནོ། །དེ་ནི་རྩ་ཁྲོ་མ་མོའི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །འཁོར་ལོ་རྩིབས་ནི་དྲུག་པ་བྱ། །དབུས་
སུ་ཟླ་གམ་རེ་རེ་བྱ། །དབུས་སུ་དབང་གི་རྒྱལ་པོ་སྟེ། །ཟླ་གམ་རེ་ལ་ཁམ་རྒྱ་རེ། །སྒོ་བ་དང་བཅས་བཀོད་པ་ནི། །ཁམ་རྒྱ་དྲུག་གི་དཀྱིལ་འཁོར་རོ། །གྲུ་བཞི་ལྷམ་པའི་དཀྱིལ་འཁོར་ལ། །དབུས་སུ་ཟླུམ་པོ་ཚོམ་བུ་དང་། །ཐ་མ་ཟླ་གམ་དྲུག་བསྐོར་བ། །གོ་ལ་དྲུག་གི་དཀྱིལ་འཁོར་ཡིན། །དབུས་སུ་པདྨ་འདབ་བརྒྱད་ལ། །ཐ་མ་རིན་ཆེན་འབར་བ་བརྒྱད། །སྒོ་དང་སྒོ་ཁྱུད་བཅས་པ་ནི། །རྒྱལ་མོ་ཛ་ཏི་དཀྱིལ་འཁོར་ཡིན། །ཐིག་བཞི་བཏབ་པའི་རེ་ཆ་དགུ། །ཐ་མ་འཁོར་ལོ་རྩིབས་བཅུ་གསུམ། །སྒེག་མོ་རལ་གཅིག་དཀྱིལ་འཁོར་ཡིན། །དབུས་སུ་ཟླ་གམ་འབུར་བ་ལ། །ཕྱོགས་བཞི་གྲུ་གསུམ་བཞི་བྱས་པ། །མགོ་བརྩེགས་ཁྲོ་བོའི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་དེ་རྣམས་བསྟན་པ་ནི། །དམིགས་ཀྱི་དཀྱིལ་འཁོར་བཅུ་བདུན་ཡིན། །གོང་གི་དཀྱིལ་འཁོར་དགུ་པོ་ནི། །རྒྱན་གྱི་དཀྱིལ་འཁོར་བསྟན་པ་ཡིན། །བདུད་རྩི་ཆེན་པོའི་དཀྱིལ་འཁོར་དང་། །དབང་དང་ཚེ་ལ་སོགས་པ་ཡི། །རྩལ་གྱི་དཀྱིལ་འཁོར་བརྒྱད་ཅུ་ཡིན། །ཞེས་གསུངས་སོ། །དཀྱིལ་འཁོར་དེ་ཡི་རིམ་པ་ལ། །ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་རིམ་པར་བགྲང་བར་བྱའོ། །དཀྱིལ་འཁོར་ས་གཞི་བརྟག་པ་དང་། །ལས་དང་བྱ་བས་སྦྱང་བ་དང་། །ཏིང་ངེ་འཛིན་གྱིས་སྦྱང་བ་དང་། །རོ་ལྔ་བསལ་དང་བརྟག་པར་བྱ། །ག་དར་དང་ནི་བྱི་དོར་དང་། །ཆག་ཆག་དང་ནི་ཐིག་གདབ་དང་། །ཚོན་རྣམས་བྱིན་བརླབས་བྲི་བ་ཡིན། །དགེ་བའི་རིམ་པ་མ་ནོར་བྱ། །ཕོ་བྲང་ནས་ནི་དམར་པོ་དགྱེ། །དེ་ལྟར་རིམ་པར་ལྡན་པར་བྱ། །སྐུ་འམ་གསུང་དང་ཕྱག་རྒྱ་ཐུགས། །དེ་ལ་བཀོད་ལ་རིམ་པས་དགོད། །དེ་ལ་གཉིས་མེད་བསྡིམ་པར་བྱ། །དེ་ལྟར་ལས་རྣམས་རྫོགས་པར་བྱ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བརྒྱ་དང་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས། མཉམ་པའི་ཏིང་ངེ་འཛིན་ལ་ཞུགས་སོ། །
ཡང་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འདི་སྐད་ཅེས་གསུངས་སོ། །དམན་པ་རྣམས་ནི་དོན་དང་འཕྲད་པའི་ཕྱིར། །རྒྱན་གྱི་དབང་རྣམས་བསྐུར་བར་བྱ། །བདུད་དང་སྲིན་པོ་དྲེགས་པ་ཐམས་ཅད་དང་། །གདུག་པའི་ནད་དང་གཅན་གཟན་ཁྲོ་བོ་དང་། །འབྱུང་པོ་མ་རུངས་གཟའ་དང་བྱད་སྟེམས་དང་། །གདོན་དང་མ་མོ་ཤ་ཟ་མཁའ་འགྲོ་མ། །ཟིལ་གྱིས་མནན་ཅིང་མི་ཚུགས་བྱ་བའི་ཕྱིར། །གདུག་པ་འདུལ་རྟགས་རྟ་མགོ་ལྔས་དབང་བསྐུར། །དབང་གི་རྟ་མགོ་ཕྲིན་ལས་མགྱོགས་པའི་མཐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་ཕ་རོལ་ཕྱིན། །དོན་ལས་མ་ཉམས་གདུག་པ་སོ་སོར་འདུལ། །བདུད་དང་སྲིན་པོ་ཀླུ་གཉན་ཚར་བཅད་ནས། །ཡེ་ཤེས་ཆེན་པོའི་ངང་དུ་སྦྱོར་བྱེད་པ། །རྟ་མགོ་ལྔ་ཡིས་དབང་བསྐུར་བས། །ཐམས་ཅད་དབང་དུ་བསྡུ་བའི་དབང་ཐོབ་ཤོག །ཨོཾ་ཛྙཱ་ན་ཧྲི་བ་ཡ་ཀྲོ་བི་ཤ་ཧ་ནེ་ཧཱུཾ་སུམ་བྷ་ཧཱུཾ་ཨཱ། ཆོས་ལོངས་སྤྲུལ་སྐུའི་དབང་བསྐུར་མཚོན་པའི་ཕྱིར། །ཐོད་པ་ཚར་གསུམ་གྱིས་དབང་བསྐུར་བར་བྱ་སྟེ། ཧཱུཾ་དུང་ཆེན་རང་བཞིན་སྒྱུ་མའི་ཁོང་སེང་ལ། །ཡུལ་དྲུག་དབང་པོ་སྟོང་གི་རྒྱན་དུ་ཆེ། །དཀར་ལ་འཚེར་བས་སངས་རྒྱས་ཀུན་དང་སྦྱོར། །ཆོས་ཀྱི་སྐུ་ལས་མ་གཡོས་དཀར་བ་སྟེ། །སངས་རྒྱས་རྟགས་ཆེན་སྐམ་པོ་ར་རི་ནི། །སྐལ་ལྡན་ཁྱོད་ལ་དེ་རིང་དབང་བསྐུར་བས། །སྐྱེ་མེད་ཆོས་སྐུའི་དབང་ནི་ཐོབ་པར་ཤོག །དྷརྨཱ་དྷཱ་ཏུ་ཨཱ། ར་རི་ལོངས་སྐུ་མཚོན་པའི་རྟགས། །འདས་དང་མ་བྱོན་ད་ལྟར་གྱི། །དེ་བཞིན་སངས་རྒྱས་ལོངས་སྐུར་ལྡན། །རྫོགས་པའི་རྟགས་ཀྱིས་དབང་བསྐུར་བས། །རྫོགས་ནས་འགྲོ་དོན་བྱེད་པར་ཤོག །དྷརྨ་ཏ་ཀ་ན་མ་ཨ་ཧཱུཾ། ཇི་ལྟར་མཐུན་པས་འདུལ་བ་ཡི། །སོ་སོ་རང་རང་ལས་སྐལ་འདུ། །སྤྲུལ་སྐུ་འབར་བས་དབང་བསྐུར་བས། །མི་འཇིགས་པ་ཡི་སྐུ་ཐོབ་ནས། །གདུག་པ་འདུལ་བའི་དབང་ཐོབ་ཤོག །དྷརྨཱ་དྷཱ་ཏུ་མ་ག་ཏ་ཡ་ཨཱ་ཧཱུཾ། ད་ནི་རྒྱན་གྱི་སྦྲུལ་གྱི་དབང་བསྐུར་བར་བྱ་སྟེ། ཧཱུཾ་སྦྲུལ་ཆེན་གདེངས་ཀ་དཔལ་གྱི་རྒྱན་དུ་ཆེ། །སྐུ་ལ་རྒྱན་དུ་མཛེས་
པ་ཡབ་ཡུམ་གཉིས་ཀའི་རྒྱན། །ཀླུ་རྒྱལ་འབུམ་གྱིས་དབང་གི་སྒོ་སྲུང་སྟེ། །བཀྲ་ཤིས་གཡུང་དྲུང་རྒྱལ་ས་མི་སྟོངས་པར། །སྦྲུལ་ཆེན་བརྒྱད་ཀྱི་དབང་བསྐུར་ཐོབ་པར་ཤོག །ན་ཡ་ཧ་ཧཱུཾ་ཨ། ཐབས་ལ་མཁས་པའི་ཏིང་འཛིན་རོལ་པའི་རྟགས། །རྣོ་གདུག་ཞེན་པ་བཟློག་པ་བདུད་ཀྱི་དཔུང་བཞི་འཇོམས། །རྒྱལ་བའི་རྟགས་སུ་ན་བཟའ་ཆེན་པོ་གསོལ། །འཇིགས་པ་མེད་པའི་རྟགས་སུ་རྡོ་རྗེའི་གོ་རུ་གཏམས། །རྡོ་རྗེ་གོ་ཆས་དབང་བསྐུར་བས། །ཅིས་ཀྱང་མི་ཤིགས་དབང་ཐོབ་ཤོག །བཛྲ་ལིང་ཀ་ཡེ་ཧཱུཾ། ད་ནི་གསུང་དག་པ་ཞིང་ལྤགས་ཀྱི་དབང་བསྐུར་ཏེ། གསུང་མཆོག་ཐབས་དང་ལྡན་པའི་རྟགས་མཚོན་པ། །གསུང་རབ་ཡན་ལག་དོན་ལ་མ་ཉམས་བརྡས་མཚོན་ནས། །བརྗིད་ཆེན་ཞིང་ལྤགས་དབང་བསྐུར་བས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བཾ་ཏཱིཀྵྞཱ་མཎྜ་ལ་ཨ། ད་ནི་གླང་ཆེན་པགས་པས་དབང་བསྐུར་ཏེ། །བདེ་བ་ཆེན་པོའི་སྐུ་མཚོན་ཕྱིར། །བརྗིད་ཆེན་དབང་སྡུད་སྟོབས་དང་ལྡན། །སྐུ་ཡི་ཕྲིན་ལས་རྫོགས་པའི་ཕྱིར། །གླང་གི་པགས་པས་དབང་བསྐུར་བས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །ཧ་ཧི་པི་པ་ཤ་ཧཱུཾ་ཕཊ། དེ་ནས་སྟག་གི་པགས་པས་དབང་བསྐུར་ཏེ། །གདུག་ལ་སོ་སོར་མ་ལུས་འདུལ་བ་ཡི། །དཔའ་བར་འགྲོ་བ་ན་བཟའ་རྒྱན་གྱིས་བཀླུབས། །དྲག་པོའི་ལས་ཀྱིས་མ་ལུས་འཇོམས་པ་ཡི། །སྟག་གི་པགས་པས་དབང་བསྐུར་བས། །སྨོན་ལམ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བཾ་ཏི་བྱཱ་གྲི་ཀ་བི་ཧ་ཧཱུཾ་ཕཊ། ད་ནི་བསེ་ཁྲབ་སྨུག་པོས་དབང་བསྐུར་བ། །སྲ་མཁྲེགས་རོལ་པའི་རྫུ་འཕྲུལ་མངའ་བརྙེས་པ། །ན་བཟའ་བརྗིད་འབར་རོལ་པ་སྐུ་ཡི་རྒྱན་དུ་ཆེ། །བསེ་ཁྲབ་སྨུག་པོའི་དབང་ནི་བསྐུར་བྱས་པས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །ཧེ་ད་རེ་པ་ཤ་ཧཱུཾ། རྣོ་གདུག་ཟློག་བྱེད་ལྕགས་ཀྱི་དབང་བསྐུར་བས། །འབུམ་བྱེ་སྔོན་མོ་ལྕགས་ཀྱི་ཁྲབ། །མི་ཤིགས་མཚོན་གྱིས་དེ་ལ་མིན། །འབུམ་བྱེ་
འདི་ཡི་དབང་བསྐུར་བས། །བསམ་གཏན་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །རཏྣ་པུ་ནེ་ཧཱུཾ། དེ་ནས་གཟིག་ལྤགས་ཀྱིས་དབང་བསྐུར་བར་བྱ་སྟེ། དོན་ཕྱིར་ཆགས་དང་ཆགས་གཞན་འཇོམས། །གདུག་པ་མ་ལུས་ཚར་གཅད་ཕྱིར། །གཅན་གཟན་རྒྱལ་པོ་གཏུམ་པ་གཟིག་གི་རྒྱལ། །རྟགས་ཀྱི་ཐིག་ལེ་འདི་ཡི་དབང་བསྐུར་བས། །སྦྱིན་པའི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བ་ར་ནི་ར་ས་ཡ། དེ་ནས་དར་གྱི་རྒྱན་གྱིས་དབང་བསྐུར་བར་བྱ་སྟེ། ཧཱུཾ་མཐིང་ནག་ལེ་བརྒན་ཤུ་ཀན་དར་གྱི་རྒྱན། །ཆོས་སྐུ་འགྱུར་མེད་ཤེས་བྱ་ཐོགས་མེད་པའི། །མཐིང་ནག་ལེ་བརྒན་དར་གྱི་དབང་བསྐུར་བས། །ཤེས་རབ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །པྲཛྙཱ་དྷ་ར་མ་དྷཱ་ཏུ་ཨཱ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྒྱན་དང་ན་བཟས་དབང་བསྐུར་བའི་ལེའུ་སྟེ་བརྒྱ་དང་བཅུ་གཅིག་པའོ།། །།དེ་ནས་ཡང་སྟོན་པས་དབང་བསྐུར་བའི་ལས་འདི་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ཀྱི་ཕ་རོལ་ཕྱིན་པ་བཅུའི་དབང་བསྐུར་བ། མཐར་ཐུག་པ་གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ། སེམས་བསྐྱེད་སྔོན་དུ་འགྲོ་བ་ཕ་རོལ་ཕྱིན་བཅུའི་དབང་བསྐུར་བ་དང་གསུམ་མོ། །མཐར་ཐུག་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། །བྱང་སེམས་ཡབ་ཡུམ་བརྡས་བསྐུལ་བ། །བདེ་བ་སྐྱེ་བའི་བར་ནི་མ་ཆད་པ། །འདྲེན་དང་བསྐུལ་དང་དགའ་བ་ཉི་ཤུ་གཅིག །ས་ཡི་དོན་དང་ལྡན་པའི་དུས། །འཕྲུལ་གྱིས་ཕྱི་མ་བླངས་པའི་ཚེ། །དེ་ལ་སྦྱིན་དང་བསྐྱེད་བྱས་ལ། །སྦྱིན་དཀར་གཉིས་མེད་བགྲོད་དོན་དབང་། །ངེས་པར་ལྡན་པས་གསལ་བྱས་ལ། །གསལ་བའི་བསྐུལ་བ་འདི་བརྗོད་ན། །ངེས་པའི་དོན་དང་ཕྲད་པར་ངེས། །ངེས་པར་ལྡན་པས་གསལ་བྱས་ལ། །དེ་བཞིན་གཤེགས་ཀུན་ངོ་བོར་གྱུར། །རིང་བ་མ་ཡིན་ཉེ་བ་མིན། །དེ་ལ་གསལ་དབང་འདི་ཡིས་བསྐུར། །བྱང་སེམས་ཆོས་ཀྱི་སྦྱིན་པ་གཏོང་། །དེ་ལ་རྫོགས་པས་མཐར་ཐུག་གསལ། །སྦྱིན་
པའི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་ཚུལ་ཁྲིམས་ལྡན། །ཚུལ་དང་ཁྲིམས་ནི་འབྲས་བུ་གནས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་བཟོད་པའི་དབང་། །སེམས་ཀྱི་ངོ་བོར་ཀུན་ཀྱང་བཟོད། །བཟོད་པ་སེམས་ཀྱི་ངང་ལ་གནས། །བཟོད་པའི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་བརྩོན་འགྲུས་ཆེ། །བརྩོན་ལ་འགྲུས་པ་ཡེ་ཤེས་ཆེ། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་བསམ་པ་གཏན། །བསམ་མེད་ངང་ལ་གནས་ཏེ་ཕ་རོལ་ཕྱིན། །བསམ་གཏན་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་ཤེས་རབ་ཆེ། །ཤེས་རབ་ཡེ་ཤེས་གཏིང་དཔག་དོན། །གཉིས་མེད་རོལ་པ་བདེ་བའི་མཆོག །ཤེས་རབ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་སྟོབས་པོ་ཆེ། །མི་འགྱུར་ཆོས་ཉིད་དག་པ་ལ། །རྟོག་མེད་རྟོགས་པ་དེ་ཉིད་སྟོབས་དང་ལྡན། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །ཐབས་དང་ཤེས་རབ་འདྲེལ་བས་ན། །ཤེས་རབ་སྔོན་དུ་ཐབས་སོང་ནས། །བྱང་ཆུབ་སེམས་ནི་ཐབས་ཀྱི་དོན་མཐོང་བ། །ཐབས་ཀྱི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་སྨོན་པའི་ལམ། །སྨོན་ལམ་དག་པ་ཆོས་ཉིད་དོན། །སྨོན་ལམ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་སྙིང་རྗེ་ཆེ། །སྙིང་རྗེའི་ལམ་མཆོག་ཆོས་ཉིད་དོན། །སྙིང་རྗེ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །མ་བགྲོད་ལམ་ལ་ཕ་རོལ་ཕྱིན། །ཅི་ལ་མ་གཡོས་ཐམས་ཅད་སྣང་། །ཕ་རོལ་ཕྱིན་བཅུ་ཡེ་ཤེས་དབང་ཐོབ་ཤོག །བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་ཨ་ཨ་ཧཱུཾ། རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བ་ཤེས་རབ་ཡེ་ཤེས་ཀྱི་བྱང་ཆུབ་སེམས་ཕ་རོལ་ཏུ་ཕྱིན་པ་བཅུའི་དབང་གི་ལེའུ་སྟེ་བརྒྱ་དང་བཅུ་གཉིས་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་ཆེན་ཀུན་འདུས་ཆེ། །དབང་གི་རྒྱལ་
པོ་དབང་རྒྱལ་ཆེ། །དབང་གི་དོན་རྣམས་དེ་ལྟར་ན། །རྫོགས་པའི་དབང་རྣམས་བདག་ཉན་འཚལ། །ཀུན་འདུས་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོ་དེས། གསོལ་བའི་དོན་ཐུགས་སུ་ཆུད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །སྤོབས་པ་ཕྱག་ན་རྡོ་རྗེ་ཉོན། །རྫོགས་པའི་དབང་རྣམས་བཤད་པར་བྱ། །དབང་གི་གྲངས་ནི་དེ་བཞིན་ཏེ། །རྫོགས་པའི་དབང་ཞེས་བྱ་བ་ནི། །ཡེ་ཤེས་ལྔ་ཡི་དབང་ཡིན་ཏེ། །ལྔ་ལ་མ་འདུས་གཅིག་ཀྱང་མེད། །ཡེ་ཤེས་ལྔ་ཡི་དབང་བསྐུར་བ། །སངས་རྒྱས་ལྔ་ཡང་དེ་ཉིད་དོ། །འོག་མིན་གནས་ཀྱང་དེ་ཉིད་དོ། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །བདེ་གཤེགས་ཀུན་བཟང་དེ་ཉིད་དོ། །ཧཱུཾ་བྱང་ཆུབ་སེམས་ལ་གཡོས་པ་མེད། །གསལ་ལ་དག་པ་ཆོས་ཀྱི་སྐུ། །སྣང་ལ་རང་བཞིན་མེད་པ་སྟེ། །མེ་ལོང་ཡེ་ཤེས་དབང་ཐོབ་ཤོག །ཆོས་རྣམས་སྟོང་པའི་ངོ་བོ་ལ། །ངང་ལས་མ་གཡོས་ཡེ་ཤེས་མཐོང་། །སྟོང་པ་གསལ་བ་ཆོས་ཀྱི་སྐུ། །སྟོང་ཉིད་ཡེ་ཤེས་དབང་ཐོབ་ཤོག །སྟོང་དང་གསལ་བར་སྣང་བ་དང་། །གཉིས་མེད་ངང་ལ་གནས་པ་ཀུན། །ཇི་ལྟར་སྣང་ཡང་སེམས་དང་མཉམ། །མཉམ་ཉིད་ཡེ་ཤེས་དབང་ཐོབ་ཤོག །ཆོས་ཉིད་མ་གཡོས་དབུ་མ་སྟེ། །མཁས་རིགས་རྣམས་ནི་སོ་སོར་རྟོག །གསལ་ལ་མ་འདྲེས་བྱང་ཆུབ་སེམས་ཉིད་དང་། །སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག །ཆོས་རྣམས་སོ་སོར་གང་བསྟན་ཀྱང་། །མཉམ་ཉིད་ངང་ལ་གནས་པ་ཡིས། །བྱ་རྩོལ་ཐམས་ཅད་བསམ་མེད་ངང་དུ་འདུས། །བྱ་བ་ནན་ཏན་ཡེ་ཤེས་དབང་། །དེ་ལྟར་ཡེ་ཤེས་རྣམ་ལྔའི་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །དབང་རྣམས་ཐམས་ཅད་དེར་འདུས་ཏེ། །དུས་གསུམ་བདེ་གཤེགས་ཀུན་གྱི་དབང་། །དེས་དབང་ཐམས་ཅད་རྫོགས་པ་ཡིན། །དེ་ལྟར་དབང་བསྐུར་འབྲས་བུ་འཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་
པའི་ཏནྟྲ་ལས། ཡེ་ཤེས་ལྔ་ཡི་དབང་བསྐུར་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ།། །།དེ་ནས་དབང་གི་རྒྱལ་པོ་ཀུན་འདུས་དེས། འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་ཀུན་གྱི་གནས་ཆེན་པོ། །སྤྲུལ་པ་ཕྱག་ན་རྡོ་རྗེ་ཉོན། །ཚེ་དང་དབང་དང་དངོས་གྲུབ་ནི། །བར་ཆོད་བགེགས་ཀྱི་གླགས་མེད་པས། །དེ་མ་ཐག་ཏུ་བླང་བར་བྱའོ། །ཚེ་དང་ཡེ་ཤེས་དངོས་གྲུབ་རྟེན། །ཕུན་སུམ་ཚོགས་པར་བཀྲམ་པ་ལ། །སིདྡྷི་དངོས་གྲུབ་བླང་བར་བྱའོ། །ཧཱུཾ་སངས་རྒྱས་གསུང་དབྱངས་བསྒྲག་པ་ཡི། །གསུང་མཆོག་པདྨ་རིགས་ཀྱི་དངོས་གྲུབ་རྣམས། །ད་ནི་བླང་བའི་དུས་ལ་བབ། །བསྙེན་པའི་གྲངས་ཀྱང་དེང་ཚང་ངོ་། །སྒྲུབ་པའི་དུས་ཀྱང་དེང་ཡོལ་ལོ། །རིགས་མཆོག་གསང་བའི་ལྷ་རྣམས་ཀྱིས། །དངོས་གྲུབ་མཆོག་ནི་སྩལ་རེ་རན། །དངོས་གྲུབ་དམ་པ་འདིར་སྩོལ་ཅིག །བཅོམ་ལྡན་དབང་གི་ཞིང་ཁམས་ན། །ཟླ་གམ་གདེངས་པའི་དཀྱིལ་འཁོར་ནས། །གསུང་དབྱངས་སྙན་པའི་སངས་རྒྱས་དང་། །ཐུགས་རྗེའི་བྱམས་མགོན་སྐྱབས་དག་གིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །སངས་རྒྱས་ཀུན་གྱི་དངོས་གྲུབ་སྩོལ། །འགག་མེད་ཡེ་ཤེས་སྒྲས་མཚན་པས། །གསུང་མཆོག་པདྨ་རིགས་ཀྱི་དངོས་གྲུབ་སྩོལ། །སངས་རྒྱས་སྐུ་ཡི་དངོས་གྲུབ་སྩོལ། །རྣམ་པར་སྣང་མཛད་སྐུ་ཡི་མཆོག །རྣམ་དག་སྐུ་ཡི་དངོས་གྲུབ་སྩོལ། །སངས་རྒྱས་ཐུགས་ཀྱི་དངོས་གྲུབ་སྩོལ། །རྡོ་རྗེ་སེམས་དཔའ་ཐུགས་ཀྱི་མཆོག །ཐུགས་ཀྱི་དངོས་གྲུབ་འདིར་སྩོལ་ཅིག །སངས་རྒྱས་ཡོན་ཏན་དངོས་གྲུབ་སྩོལ། །རིན་ཆེན་འབྱུང་ལྡན་ཡོན་ཏན་མཆོག །ཡོན་ཏན་དངོས་གྲུབ་སྩལ་དུ་གསོལ། །སངས་རྒྱས་ཕྲིན་ལས་དངོས་གྲུབ་སྩོལ། །དོན་ཡོད་གྲུབ་པ་ཕྲིན་ལས་མཆོག །ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །བཅོམ་ལྡན་དབང་ཆེན་རྒྱལ་བའི་མཆོག །རིགས་ཆེན་གསང་བའི་བདག་པོ་ནི། །རིགས་བསྡུས་གསང་ཆེན་འདུས་པ་
ཡིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཆོས་སྐུ་གསལ་ལ་རྟོག་མེད་དངོས་གྲུབ་སྩོལ། །ཧཱུཾ་བདེ་གཤེགས་རྒྱལ་བ་མ་ལུས་ཏེ། །ཆོས་སྐུ་ཞི་བའི་ངང་ལས་སྐྱེ་བ་མེད་པ་ལས། །སྐྱེ་བ་གཟུགས་སྐུ་ཕྱག་རྒྱ་ཆེན་པོར་བཞུགས་པ་ཡི། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཡེ་ཤེས་དབྱིངས་ལས་འབར་བའི་སྐུར་བསྟན་པ། །རྟ་མགྲིན་རྒྱལ་པོ་འཁོར་བཅས་ཀྱང་། །ཚེ་དང་ཡེ་ཤེས་ཚོགས་པའི་དངོས་གྲུབ་སྩོལ། །རིགས་པ་ཐུགས་ཀྱི་གཞལ་ཡས་སུ། །ཉི་ཟླ་འོད་ཀྱི་གདན་སྟེང་ན། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་གནས། །འཕྲོ་འདུ་དགོངས་པ་ཚང་ལགས་ཀྱི། །འབུམ་ཕྲག་ཏིང་འཛིན་སྤྱོད་པའི་དངོས་གྲུབ་སྩོལ། །ཐུགས་མཆོག་ཞི་བའི་ངང་ལས་མ་གཡོས་ཀྱང་། །འབར་བའི་ཆ་ལུགས་བཞུགས་པ་སྟེ། །ཁྲག་འཐུང་རོལ་པའི་ཕྱག་རྒྱ་འབར་བའི་ཚོགས། །འགྲོ་བ་འདུལ་བའི་ལྷ་དང་ལྷ་མོའི་ཚོགས། །ཁམས་གསུམ་དབང་དུ་བསྡུས་ནས་ཞི་བའི་དངོས་གྲུབ་སྩོལ། །ཚེ་དང་ཡེ་ཤེས་བྱང་ཆུབ་མཆོག་གི་དངོས་གྲུབ་སྩོལ། །གདུག་པའི་ཚོགས་རྣམས་མ་ལུས་ཀུན་བཏུལ་ནས། །བདུད་ལས་རྒྱལ་བའི་རྒྱལ་ཐབས་བདུད་རྩི་བསྣམས། །མཐུ་བྱིན་ལོངས་སྤྱོད་དངོས་གྲུབ་སྩལ་དུ་གསོལ། །ངན་སོང་གནས་རྣམས་མ་ལུས་བཏུལ་ནས་ཀྱང་། །བྱང་ཆུབ་བདེ་བའི་གནས་ལ་འགོད་མཛད་པ། །གཉིས་མེད་བདེ་བའི་དངོས་གྲུབ་སྩལ་དུ་གསོལ། །དུར་ཁྲོད་འབར་བའི་ཆས་དང་རབ་ལྡན་པས། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་གདུག་པ་འདུལ། །རིག་པ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་རིག་པའི་གནས། །ཧཱུཾ་མཛད་ཆས་ལྡན་དུར་ཁྲོད་བརྒྱད་དང་ལྡན། །ཁྲག་འཐུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །བཀའ་ཡི་ཕོ་ཉ་ཐོགས་མེད་གདུག་པ་འདུལ་བའི་ཚོགས། །མྱུར་མགྱོགས་ལོངས་སྤྱོད་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་བཞི་ལས་གདུག་པའི་སྐུ་སྤྲུལ་ནས། །ཕྲིན་ལས་རྒྱ་མཚོ་འགྲོ་དོན་མཐའ་རུ་ཕྱིན། །རིག་པའི་བརྟུལ་ཞུགས་ཉོན་མོངས་ཐ་བ་འཇོམས། །རྫུ་
འཕྲུལ་དྲག་པོས་གང་ལ་དེ་ཡི་ཕྲིན་ལས་སྟོན། །དོན་ལས་མི་ཉམས་བྱང་ཆུབ་སྙིང་པོར་གནས། །དེ་རིང་བརྟུལ་ཞུགས་མཐུ་ཡི་དངོས་གྲུབ་སྩོལ། །དབྱིངས་ལས་འབར་བའི་སྐུར་བསྟན་ནས། །མཁའ་འགྲོ་མི་བཟད་ལས་ཀྱི་མཐའ་སྡུད་པ། །ཅི་འདོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་དབྱིངས་ལས་བསྐྱེད་པའི་མ་མོའི་ཚོགས། །ཐུགས་ཀྱི་ཕྲིན་ལས་སྣ་ཚོགས་མི་དམིགས་ཀྱང་། །གདུག་པ་འདུལ་ཕྱིར་མ་མོའི་སྐུ་སྤྲུལ་ནས། །ཕྲིན་ལས་མྱུར་མགྱོགས་ཕོ་ཉ་མང་པོ་འགུགས། །མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ལས་ལས་གྲུབ་དང་མ་མོ་མཁའ་འགྲོ་དང་། །འཇིག་རྟེན་ནོར་དང་ལོངས་སྤྱོད་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །གང་ལ་དེས་འདུལ་ཚེ་ཡི་དངོས་གྲུབ་སྩོལ། །དག་པ་བྱང་ཆུབ་དངོས་གྲུབ་ཐོབ། །དགོས་པ་གང་ལ་གང་འདོད་པ། །ནོར་བུ་རིན་ཆེན་དཔེ་བཞིན་དངོས་གྲུབ་སྩོལ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་ལ་དངོས་གྲུབ་སློང་བའི་ལེའུ་སྟེ་བརྒྱ་དང་བཅུ་བཞི་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་ཀུན་འདུས་ཀྱིས། དབང་གི་ལྷ་རྣམས་ལ། སྐོང་བའི་ལས་ཉམས་ཆག་བཤགས་པ་དང་། བསྐང་བ་འདི་གསུངས་སོ། །འདབ་ཆགས་ཀྱི་བྱ་དམར་སྒྲོ་དང་། ཤེལ་སྨུག་ཚོམ་ཁམ་དང་། དེ་ཡིས་ཐུགས་དམ་བསྐང་བ་སྟེ། །ཉམས་པ་ཆག་པ་བསྐང་བ་དང་། །དངོས་གྲུབ་དམ་པ་འཐོབ་པར་འགྱུར། །རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང་། །རྡོ་རྗེའི་མདའ་མ་ཕོག་པའི་མངལ་ཁྲག་དང་། །ཐིག་ལེ་ཟགས་པའི་ཁྲག་ཆེན་དང་། །ཤ་ཁྲག་སྦྱར་བའི་གཏོར་མ་དང་། །རྒྱུ་མཆོག་དང་ནི་མཁའ་ལྡིང་དང་། །འདི་ཡིས་ཐུགས་དམ་བསྐངས་བྱས་པས། །པདྨ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །འདི་ཡི་ཡིད་དང་ཀུན་གཞི་ཡིས། །དབང་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །འདི་ཡིས་གསང་བའི་སྦུབས་ཁྲག་གིས། །རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་། །འདི་ཡི་རྟོག་ཚོགས་བཞི་བཅུ་གཉིས། །རྡོ་རྗེ་དབྱིངས་ཀྱི་ཐུགས་
དམ་བསྐང་། །འདི་ཡི་གཟུགས་ཀྱི་ཕུང་པོ་ཡིས། །རྣམ་པར་སྣང་མཛད་ཐུགས་དམ་བསྐང་། །འདི་ཡི་ཚོར་བའི་ཕུང་པོ་ཡིས། །རིན་ཆེན་འབྱུང་གནས་ཐུགས་དམ་བསྐང་། །འདི་ཡི་འདུ་ཤེས་ཕུང་པོ་ཡིས། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །འདི་ཡི་འདུ་བྱེད་ཕུང་པོ་ཡིས། །དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་། །འདི་ཡི་རྣམ་ཤེས་ཕུང་པོ་ཡིས། །རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །འདི་ཡི་འབྱུང་བ་ལྔ་རྣམས་ཀྱིས། །སངས་རྒྱས་ཡུམ་ལྔའི་ཐུགས་དམ་བསྐང་། །འདི་ཡི་རྣམ་ཤེས་ཚོགས་བརྒྱད་ཀྱིས། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་རྣམ་ཤེས་ཡུལ་བརྒྱད་ཀྱིས། །སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་ཡིད་དང་ཆོས་རྣམས་ཀྱིས། །ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་། །འདི་ཡི་ཉོན་མོངས་དྲུག་རྣམས་ཀྱིས། །བཅོམ་ལྡན་ཐུབ་དྲུག་ཐུགས་དམ་བསྐང་། །འདི་ཡི་རྟག་ཆད་བཞི་རྣམས་ཀྱིས། །སྒོ་བ་ཡབ་ཡུམ་ཐུགས་དམ་བསྐང་། །འདི་ཡི་འོད་ཕུང་ལྔ་པོ་ཡིས། །ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐང་། །འདི་ཡི་ཕུང་ལྔ་གནས་གྱུར་པས། །ཁྲག་འཐུང་ཧེ་རུ་ལྔ་ཡི་ཐུགས་དམ་བསྐང་། །འདི་ཡི་འབྱུང་ལྔ་གནས་གྱུར་པས། །ཁྲག་འཐུང་ཡུམ་ལྔའི་ཐུགས་དམ་བསྐང་། །འདི་ཡི་རྣམ་ཤེས་ཚོགས་བརྒྱད་གནས་གྱུར་པས། །གཽ་རཱི་ཁྲོ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་ཡུལ་བརྒྱད་གནས་གྱུར་པས། །སིང་ཧ་ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་རྟག་ཆད་བཞི་པོ་གནས་གྱུར་པས། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །འདི་ཡི་གཞུང་བུ་ཉི་ཤུ་རྩ་བརྒྱད་ཀྱིས། །གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང་། །འདི་ཡི་རྩིབ་མ་གཡས་གཡོན་གྱིས། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང་། །འདི་ཡི་གཤོག་པ་གཡས་གཡོན་གྱིས། །ཁམས་གསུམ་རྣམ་རྒྱལ་ཐུགས་དམ་བསྐང་། །འདི་ཡི་མདངས་ཆེན་བཞི་པོ་ཡིས། །གསང་བའི་ཡུམ་བཞིའི་ཐུགས་དམ་བསྐང་། །འདི་ཡི་རྩ་སྒོ་རྔུབས་ཆེན་གྱིས། །དུར་
ཁྲོད་ཧཱུཾ་མཛད་ཆེན་པོའི་ཐུགས་དམ་བསྐང་། །འདི་ཡི་ལྟེ་བ་སྤྲུལ་པ་ཡིས། །ངན་སོང་སྦྱོང་བའི་དཀྱིལ་འཁོར་ཐུགས་དམ་བསྐང་། །འདི་ཡི་ནང་ཁྲོལ་ཤ་ཁྲག་གིས། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཐུགས་དམ་བསྐང་། །འདི་ཡི་བཅུད་ནི་བཞི་པོ་ཡིས། །བརྟུལ་ཞུགས་བཞི་ཡི་ཐུགས་དམ་བསྐང་། །འདི་ཡི་ཁྲག་བཅུད་སྙིང་མཆིན་གྱིས། །རྟ་ཡི་བརྟུལ་ཞུགས་ཐུགས་དམ་བསྐང་། །འདི་ཡི་བཅུད་རུས་རྐང་ཚིལ་གྱིས། །ཁྱི་ཡི་བརྟུལ་ཞུགས་ཐུགས་དམ་བསྐང་། །འདི་ཡི་སེམས་བཅུད་ཀླད་པ་ཡིས། །བྱ་ཡི་བརྟུལ་ཞུགས་ཐུགས་དམ་བསྐང་། །འདི་ཡི་ཤ་བཅུད་ཚིལ་ བུ་ཡིས། །ཕག་གི་བརྟུལ་ཞུགས་ཐུགས་དམ་བསྐང་། །འདི་ཡི་ནང་ཁྲོལ ་སྨད་ལྔ་ཡིས། །སྤྱང་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་མཁར་བུ་བརྩིགས་པ་ཡིས། །ལོང་བ་རྒྱབ་འདྲེལ་སུམ་ཅུ་རྩ་གཉིས་ཐུགས་དམ་བསྐང་། །འདི་ཡི་ཁྲག་མཚོ་དྭངས་མ་ཡིས། །མཁའ་འགྲོ་མ་ཚོགས་ཐུགས་དམ་བསྐང་། །འདི་ཡི་ཡན་ལག་སྡེ་བཞི་ཡིས། །མགོ་བརྩེགས་ཁྲོ་བོའི་ཐུགས་དམ་བསྐང་། །འདི་ཡི་དྭངས་མ་འོད་ཆེན་དང་། །འདི་ཡི་ཙིཏྟ་སྲོག་སྦུག་གིས། །རྩ་ཁྲོ་མ་མོ་བཅུ་གསུམ་ཐུགས་དམ་བསྐང་། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་ཐུགས་དམ་སྐོང་བའི་ལེའུ་སྟེ་བརྒྱ་དང་བཅོ་ལྔ་པའོ།། །།དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། །དེ་ནས་དབང་གི་ཕུར་པ་བཤད་པར་བྱ། །ཡང་དག་སེམས་ཀྱི་ཕུར་པ་དེ། །གཞན་དུ་གདབ་པའི་གནས་མེད་པ། །རང་རིག་བྱང་ཆུབ་སེམས་ལ་གདབ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །སེམས་ཅན་མ་ལུས་དག་ལ་གདབ། །ཐབས་ཀྱི་རྡོ་རྗེ་ཕུར་པ་དེ། །བྷ་ག་ཡངས་པའི་དཀྱིལ་དུ་གདབ། །ཐུགས་ལས་བསྐྱེད་པའི་ཕུར་པ་དེ། །མཚན་མ་རྫས་ལ་བརྟེན་ཏེ་གདབ། །་ཏྲ་ནག་པོའི་སྙིང་ལ་གདབ། །ཕུར་པ་བསྐྱེད་པའི་རིམ་པ་ནི། །རིན་ཆེན་བྱུ་རུའི་ཕུར་པ་དེ། །སྟོད་ནི་ཁྲོ་བོའི་རང་བཞིན་ལ། །དབུ་ལ་རྟ་མགོ་ལྗང་གུ་
འབར། །སྨད་ནི་ཟླ་གམ་དམར་པོ་སྟེ། །དབུ་ལ་རིགས་ལྔ་རྟ་མགོ་ལ། །ཁོང་སྟོད་དབང་ཆེན་དེར་གསལ་དང་། །ཕྱག་ནི་འགྲོ་འདུལ་ལྷ་རུ་གསལ། །གཡས་གཡོན་ཁམས་གསུམ་རྒྱལ་པོར་བསྐྱེད། །ཧཱུཾ་མཛད་དུར་ཁྲོད་སྨད་བརྒྱན་པ། །ཕྱག་ཀྱང་ཟླ་གམ་ཕུར་པ་འདྲིལ། །དུག་གསུམ་གཅད་ཅིང་གསད་པ་དང་། །ཁམས་གསུམ་གདར་ཤ་གཅད་པའི་ཕྱིར། །ཕུར་པ་གཟི་བརྗིད་བསྐྱེད་ཅིང་གདབ། །གསལ་བ་གསུམ་དང་ལྡན་པར་བྱ། །དུག་ལྔའི་རྩ་བ་ཁྲག་ཡིན་པས། །ཁྲག་ནི་འདོད་ཆགས་ཆེན་པོ་སྟེ། །འདོད་ཆགས་རྩད་ནས་གཅད་པའི་ཕྱིར། །དབང་གི་ཕུར་པས་གདབ་པར་བྱ། །ཐུགས་ཀྱི་སྤྲུལ་པ་ཧེ་རུ་བཞི། །གསལ་བར་བསྐྱེད་ཅིང་གདབ་པའོ། །དུག་ལྔ་རྩད་ནས་གཅད་པའི་ཕྱིར། །སྤྲུལ་པ་ཧེ་རུ་བཞིས་ཀྱང་གདབ། །བསྒྲལ་ནས་གདབ་དང་སླར་གསོ་བའོ། །ཨོཾ་པདྨ་ཀཱི་ལ་ཡ། ཨ་མོ་ཀཱི་ལ་ཡ། ཙ་ཙ་མ་མ་ཀཱི་ལི་ཀཱི་ལ་ཡ། ས་མ་ཡ་ཙིཏྟ་ལ་ཕཊ་རྦད་ཡ། དེ་ཡིས་ཐམས་ཅད་སྒྲོལ་བར་འགྱུར། །ལྷ་དང་ཀླུ་ཡང་དེ་དང་འདྲ། །དེ་ཡི་ལས་ཀྱིས་ཐམས་ཅད་དབང་དུ་བསྡུས་ཤིང་བསྒྲལ་བར་བསྟན་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ཕུར་པ་གདབ་ཅིང་ལས་བྱ་བའི་ལེའུ་སྟེ་བརྒྱ་དང་བཅུ་དྲུག་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །སྦྱིན་སྲེག་ལས་རྣམས་བསྟན་པ་སྟེ། །དེ་ནས་ཡང་ནི་བཀའ་སྩལ་པ། །བསོད་ནམས་ཚོགས་ནི་བསགས་པ་དང་། །ཡང་ན་དམིགས་པ་གཏན་བཅོལ་ལས། །དེ་ཡི་ལས་སུ་སྦྱིན་སྲེག་བྱ། །རིགས་བཞི་ཡན་ལག་ཤེས་པ་དེས། །མེ་ཡི་ཐབ་ནི་བརྩིག་པར་བྱ། །མེ་ཐབ་བྱ་བའི་ལས་རིམ་ནི། །ཟླ་གམ་གདེངས་པའི་དཀྱིལ་འཁོར་བྱ། །དེ་མཐའ་ཟླུམ་པོར་བསྐོར་བའོ། །དེ་མཐའ་གྲུ་གསུམ་དག་ཏུ་བྱ། །ཐ་མ་གྲུ་བཞི་ལྷམ་པར་བྱ། །རྒྱ་ཤུག་དཀར་པོ་ཚེར་མ་ཅན། །དེ་ཡི་ནང་ནི་བརྫོངས་པ་ལ། །དེ་རུ་རྫས་སྣ་བཞི་པོ་དང་། །དབང་གི་རྫས་རྣམས་བསོག་པ་སྟེ། །དམིགས་
པ་བརྟན་ཞིང་ལས་བྱ་ན། །དབང་དྲག་རྫས་ནི་ལིངྒར་བསྲེག །བསོད་ནམས་ཚོགས་སུ་བྱ་བ་ན། །འབྲས་དཀར་ཆན་དང་ཙནྡན་དང་། །ཞོ་དང་མར་ཁུ་མར་བཅུད་དང་། །འོ་མ་ཁྲེ་དང་བཅས་པ་ནི། །སྦྱིན་སྲེག་བྱ་བའི་ལྷ་ལ་འདུལ། །བསྟོད་དང་སྨོན་ལམ་གདབ་པར་བྱ། །དེ་ཡི་ལས་རིམ་སྦྱར་བས་ཤིས། །བྱ་ཐབས་དང་ནི་ཚིགས་རྣམས་དང་། །སྔགས་དང་ཕྱག་རྒྱ་སྭཱ་ཧཱ་ཤཱན་ཏིང་ངོ་། །དམིགས་པ་སྒྲོལ་ན་དབང་དང་བམ། །མཱ་ར་ཡ་ཁཱ་ཧི་རཾ་དང་བཅས་པ་ཡིན། །དེ་དང་ལྡན་པར་བསགས་ནས་སུ། །ཏིང་འཛིན་ལྡན་པས་སྦྱིན་སྲེག་བྱ། །ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ། །འདིར་གཤེགས་བསྲེག་བླུག་མཆོད་པ་བཞེས། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། །བཾ་ནི་བ་ཏ་དེ་བ་ཤཱན་ཏིང་ཀུ་རུ་ཤྲཱི་ཛ་ཛ། ལྷ་རྫས་བཟང་པོའི་མཆོད་པ་འདི་དག་ལ། །བྱིན་གྱིས་བརླབས་ཏེ་དབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཕྱི་མཆོད་དག་པ་རྣམ་ལྔ་སྟེ། །གཙང་མར་སྦྱར་ཏེ་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བཞེས་ནས་དེ་རིང་དགྱེས་པར་མཛོད། །དྷཱུ་པེ་པུཥ྇་ཨཱ་ལོ་ཀེ་གན་དྷི། འབྲས་བུ་སྨན་སྦྱར་དག་པའི་རྫས། །དབང་གི་ལྷ་རྣམས་མཉེས་པར་བྱ་བའི་ཕྱིར། །རྫུ་འཕྲུལ་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨ་སུ་དེ་དན་ད་པཱུ་ཙ་ཡ་ཧཱུཾ། དཀར་གསུམ་མངར་དང་དག་པའི་རྫས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །དད་པས་འབུལ་གྱིས་བཞེས་སུ་གསོལ། །བཞེས་ནས་ཕྲིན་ལས་འགྲུབ་པར་མཛོད། །ཨ་འབྲ་བ་ལིང་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཧཱུཾ་ཟླ་གམ་གདེངས་པའི་དཀྱིལ་འཁོར་དུ། །བཅོམ་ལྡན་དབང་ཆེན་ཀུན་འདུས་ལ། །དག་པའི་སྦྱིན་སྲེག་མཆོད་པ་འབུལ། །ཕྲིན་ལས་དམ་པ་འགྲུབ་པར་མཛོད། །ཤྲཱི་པཱ་པཾ་ནི་ས་ག་ན་སྭཱ་ཧཱ། ཧོམ་ལྔ་འདྲེལ་བའི་དཀྱིལ་འཁོར་དུ། །གདུག་པ་མ་ལུས་བསྒྲལ་བ་དང་། །བྱང་ཆུབ་ལམ་
ལ་དགོད་པའི་ཕྱིར། །སྦྱིན་སྲེག་འབར་བའི་མཆོད་པ་འདི། །རྟ་མགྲིན་ཁྲོ་བོའི་སྐུ་ལ་མཆོད་པར་འབུལ། །དམིགས་བྱ་ཆེ་གེ་ཁ་རཾ་ཁཱ་ཧི། །ཧོ། ཚོམ་བུ་ལྔ་ཡི་དཀྱིལ་འཁོར་དུ། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་སྲས་འཁོར་བཅས། །དག་པའི་མཆོད་པ་འདི་འབུལ་གྱི། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཧཱུཾ་ཨོཾ་ཨཾ་སྭཱ་ཧཱ། ཤཱན་ཏིང་ཀུ་རུ་སྭཱ་ཧཱ། མེ་ལྟར་འབར་བའི་ཀློང་རུམ་ནས། །ཧོམ་ལྔ་འདྲེལ་བའི་ཀློང་ཡངས་སུ། །ཁྲག་འཐུང་འགྲོ་བ་འདུལ་བའི་ཚོགས། །དམ་རྫས་འབར་བའི་མཆོད་པ་འདི་འབུལ་གྱི། །དྲག་པོའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཀྲོ་དྷ་ཤྲཱི་ཧེ་རུ་ཀ་མ་ཧཱ་མཱཾ་ས་རཀྟ་པཱུ་ཙ་ཁ་རཾ་ཁཱ་ཧི། ཧཱུཾ་གཡས་གཡོན་ཐབས་ཤེས་འདྲེལ་བའི་ཀློང་དཀྱིལ་དུ། །ཁམས་གསུམ་རྒྱལ་པོའི་དཀྱིལ་འཁོར་མ་ལུས་ལ། །དམ་རྫས་སྦྱིན་སྲེག་འབར་བའི་མཆོད་པ་འབུལ། །དམིགས་པ་བརླག་ཅིང་འཁོར་བ་སྟོངས་པར་མཛོད། །སྟྭཾ་བྷ་གྲྀ་ཧྞ་ཀྲོ་དྷ་མཱ་ར་ཡ་ཁ་རཾ་ཁཱ་ཧི། རིགས་པ་ཧོམ་གྱི་དཀྱིལ་འཁོར་དུ། །ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་མ་ལུས་ལ། །དྲག་པོའི་སྦྱིན་སྲེག་འབར་བའི་མཆོད་པ་འབུལ། །དམིགས་པ་གཏན་ནས་འཕོ་བའི་ལས་མཛོད་ཅིག །བ་ལིཾ་པཱུ་ཛ་རཀྟ་པཉྩ་ཁ་རཾ་ཁཱ་ཧི། དུར་ཁྲོད་འབར་བའི་ཀློང་ཡངས་སུ། །ཁྲོ་བོ་འབར་ཚོགས་མི་བཟད་པས། །རིག་པ་ཡེ་ཤེས་མེ་སྦར་བས། །ཉོན་མོངས་གདུག་པ་གཏན་ནས་བསྲེག །དམ་རྫས་སྦྱིན་སྲེག་མཆོད་འབུལ་བས། །ཕྲིན་ལས་རྒྱ་མཚོ་འགྲུབ་པར་མཛོད། །ཨོཾ་རཀྴ་ཀྲོ་དྷ་མཱ་ར་ཡ་ཁཱ་ཧི། བདེ་ཆེན་རིགས་བསྡུས་དཀྱིལ་འཁོར་དུ། །དབང་གི་ལྷ་ཚོགས་བཅས་པ་ལ། །དམ་རྫས་སྦྱིན་སྲེག་འབར་བའི་མཆོད་པ་འདི་འབུལ་བས། །ལྷ་རྣམས་མཉེས་ཤིང་གདུག་པ་འཇོམས་པར་ཤོག །ཤྲཱི་ཧྲཱཾཿབ་ཤཾ་པ་མ་ཏ་ཧཱུཾ་རཾ་སྭཱ་ཧཱ། དེ་ལྟར་མཆོད་པ་ཕུལ་བ་དང་། །ལྷག་མ་ག་གོ་བསྲེག་པ་དང་། །དྲག་པོའི་སྨོན་ལམ་བཏབ་པ་དང་། །ཕྲིན་ལས་རྣམ་
བཞི་རྫོགས་པ་དང་། །ཐབས་ལ་དབང་བའི་བྲོ་ཡང་བརྡུང་། །དེ་ཡིས་ལས་ཀྱི་མཐའ་ཡང་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་སྦྱིན་སྲེག་བྱ་བའི་ལེའུ་སྟེ་བརྒྱ་དང་བཅུ་བདུན་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །རཱུ་ཏྲ་ནག་པོ་བསྒྲལ་བ་ལྟར། །དེ་ལ་ཕོ་བྲང་བཅའ་བ་དང་། །རཱུ་ཏྲ་བསྒྲལ་བའི་ཤ་ཁྲག་དེ། །བསྟབ་དང་སྦྱིན་སྲེག་བྱ་བའོ། །བསྟབ་པ་འདི་ལྟར་དབང་གི་ལྷ་རྣམས་ལ་བསྟབ་པོ། །མ་དད་ཆེན་པོ་བསྒྲལ་བ་འདི། །ཐུགས་དམ་གཉན་པོ་འདིས་བསྐང་ངོ་། །འདི་ཡི་ཀུན་གཞི་གནས་ཆེན་འདི། །དབང་གི་རྒྱལ་པོ་ཉིད་ལ་བསྟབ། །འདི་ཡི་གཙུག་གི་ཕུད་ཀ་འདི། །རྟ་མགྲིན་རྒྱལ་པོ་ཉིད་ལ་བསྟབ། །འདི་ཡི་བཅུད་དང་འོད་ཚོགས་རྣམས། །རྡོ་རྗེ་དབྱིངས་ཀྱི་ཞལ་དུ་བསྟབ། །འདི་ཡི་འོད་ཆེན་དྭངས་མ་འདི། །ཡེ་ཤེས་སེམས་དཔའ་ཉིད་ལ་བསྟབ། །འདི་ཡི་ཤ་ཁྲག་ཕུང་པོ་འདི། །འགྲོ་བ་འདུལ་བའི་ཞལ་དུ་བསྟབ། །འདི་ཡི་སྤྲུལ་ཆེན་གཞུང་བུ་འདི། །ཁམས་གསུམ་རྒྱལ་པོ་ཉིད་ལ་བསྟབ། །འདི་ཡི་ཞབས་ནི་གཡས་གཡོན་ནི། །ཧཱུཾ་མཛད་ཆེན་པོའི་འཁོར་ལ་བསྟབ། །འདི་ཡི་ཡིད་ནི་ནག་པོ་འདི། །ངན་སོང་སྦྱོང་བའི་ལྷ་ལ་བསྟབ། །འདི་ཡི་དུར་ཁྲོད་ནང་ཁྲོལ་འདི། །དུར་ཁྲོད་ཆེན་པོའི་ལྷ་ལ་བསྟབ། །གསང་བའི་རིགས་ཅན་འདི་དག་ནི། །ལྷུན་གྱིས་གྲུབ་པའི་ལྷ་ལ་བསྟབ། །འདི་ཡི་ཡན་ལག་དཔུང་བཞི་ཡང་། །བརྟུལ་ཞུགས་ཆེན་པོ་བཞི་ལ་བསྟབ། །འདི་ཡི་ནང་ཁྲོལ་སྨད་ལྔ་ནི། །མཁའ་འགྲོ་ཕོ་ཉའི་ཚོགས་ལ་བསྟབ། །ཤ་དང་ཁྲག་དང་རུས་པ་དང་། །དུག་གསུམ་བསྒྲལ་བའི་མཆོད་པ་འདི། །མ་མོ་མཁའ་འགྲོའི་ཚོགས་ལ་བསྟབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསྟབ་པའི་ལས་ཀྱི་རིམ་པའི་ལེའུ་སྟེ་བརྒྱ་དང་བཅོ་བརྒྱད་པའོ།། །།དེ་ནས་ལྷག་མ་ག་གོ་ལ། བྲོ་བརྡུང་བ་འདི་གསུངས་སོ། །སངས་རྒྱས་རྒྱལ་བ་རྣམས་ཀྱི་བཀའ། །གར་གྱི་དབང་ཕྱུག་ཆེན་པོ་སྟེ། །རཀྴ་མ་ལུས་
བསྒྲལ་བ་སྟེ། །ཕུང་པོ་ལྷག་མ་ག་གོ་ལ། །གདུལ་བྱའི་བྲོ་གཅིག་བརྡུང་བ་ནི། །བྲོ་ནི་བརྟུལ་ཞུགས་ཆེན་པོ་སྟེ། །རྣམ་བཞི་རྫོགས་པའི་བྲོ་བརྡུངས་པས། །ལས་རྣམས་ཐམས་ཅད་འགྲུབ་པའི་བྲོ། །རིགས་བཞི་ཁྲག་འཐུང་འཁྲིགས་པའི་བྲོ། །བདེ་གཤེགས་རྒྱལ་བས་དགོངས་པའི་བྲོ། །མ་སྲིང་རྒྱ་མཚོ་གདུང་བའི་བྲོ། །ངན་སོང་འཁོར་བ་འཇོམས་པའི་བྲོ། །དུག་ལྔ་གནས་སུ་དག་པའི་བྲོ། །དུག་གསུམ་དབྱིངས་སུ་བརྡུང་བའི་བྲོ། །སངས་རྒྱས་དགོངས་པ་འགྲུབ་པའི་བྲོ། །ཉོན་མོངས་གདུང་བ་སེལ་བའི་བྲོ། །རྟ་ཡི་བྲོ་ནི་ནུབ་ནས་བརྡུང་། །ཁྱི་ཡི་བྲོ་ནི་ལྷོ་ནས་བརྡུང་། །ཕག་གི་བྲོ་ནི་ཤར་ནས་བརྡུང་། །བྱ་ཡི་བྲོ་ནི་བྱང་ནས་བརྡུང་། །བྲོ་ར་ཆེན་པོ་བཞི་བཅས་ནས། །དང་པོ་བྲོ་ཡི་གདངས་བཏོན་པ། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ། །བར་དུ་བྲོ་ཡི་གདངས་བཏོན་པ། །སྒྲུབ་པོ་དག་ལ་དངོས་གྲུབ་འབེབས། །ཐ་མར་བྲོ་ཡི་གདངས་སྒྲ་ཡིས། །འཁོར་བ་ངན་སོང་གཏན་ནས་གྲོལ། །བརྡུངས་པས་བྱང་ཆུབ་སེམས་སྤྲིན་འཁྲིགས། །སྐྱེ་འགག་མེད་པའི་དབྱིངས་རུམ་དུ། །བླངས་པས་རྒྱལ་བའི་ཐུགས་དམ་བསྐུལ། །འཁོར་བའི་སྐྱབས་ལིང་ཆེན་པོ་ལ། །ཕྱོགས་བཅུའི་སངས་རྒྱས་རབ་མདར་གཉེར། །ཡེ་ཤེས་དཔག་གི་ཕན་ཀ་ཅན། །རུ་དཔོན་ཡེ་ཤེས་ལྔ་ཡིས་མཛོད། །ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ། །ཁམས་གསུམ་ཡང་སྒྲོལ་ཆེན་པོ་མཛོད། །ལྷག་མ་རྗེས་ཤུལ་དག་ལ་ནི། །བརྟུལ་ཞུགས་ཆེན་པོའི་བྲོ་བརྡུངས་པས། །དུག་གསུམ་རྩད་ནས་གཅོད་པའི་བྲོ། །རྟ་ཡི་བརྟུལ་ཞུགས་བྲོ་བརྡུངས་པས། །སྲིད་གསུམ་མ་ལུས་དབང་དུ་སྡུད། །ཁྲོ་བོ་རྡོ་རྗེ་ག་གོན་པས། །རྟ་སྐད་རྔམ་པའི་ངང་ལས་རོལ། །ཤངས་ཀྱི་རླུང་སྒྲོམ་ཆེན་པོ་ནས། །རྡོ་རྗེ་མཚོན་ཆའི་ཆར་ཕབ་པས། །དབང་གི་རྟ་བྲོ་བརྡུངས་པ་ཡིས། །དང་པོ་ག་གོ་གཞོམ་པར་བྱས། །བར་མས་ལྷག་
མ་རོལ་པར་བྱས། །ཐ་མས་གདུག་རྩུབ་བྱང་བར་བྱས། །ལྷག་མ་མེད་པར་རྡུལ་དུ་བརླག །དུག་གསུམ་གནས་སུ་སྟོངས་པར་བྱ། །རྟ་ཡི་དབུ་ཡི་གཙུག་རུམ་ནས། །དེ་ཡི་ཕོ་ཉ་སྐར་ཚོགས་སྤྲོས། །མཚོན་ཆ་སྐར་ལྟར་འཁྲུགས་པའི་བྲོ། །དྲག་པོ་གཏུམ་པོ་ལྷན་ནེར་མཛོད། །ཐུགས་ཀའི་ཡི་གེ་ཧྲཱྀཿའཕྲོས་པས། །སྤྲུལ་སྐུ་དབང་དུ་སྡུད་པའི་བྲོ། །ལྷག་མ་མེད་པར་གདར་ཤ་གཅོད། །ལྷོ་ནས་ཁྱི་ཡི་བྲོ་བརྡུངས་ནས། །བརྟུལ་ཞུགས་ཆེན་པོ་ལས་ཀྱི་བྲོ། །དྲག་པོ་གཏུམ་པོ་དབང་དུ་སྡུད། །ཕྱོགས་བཞི་མཚམས་བཞི་བརྒྱད་དག་ཏུ། །སྤྲུལ་པ་ཁྱི་ཡི་བྲོ་བརྡུངས་པས། །ཐམས་ཅད་ཚར་གཅད་བདེ་ལ་བཀོད། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐང་། །འཁོར་བ་ངན་སོང་ཡོངས་སུ་བཅོམ། །བྱང་ནས་བྱ་ཡི་བྲོ་བརྡུངས་པས། །སྲིད་གསུམ་ཁམས་གསུམ་ཟིལ་གྱིས་མནན། །ཀླུ་ལ་སོགས་པའི་གདུག་པ་ཅན། །ཟས་སུ་ཟ་ཞིང་རྔམ་སྟབས་བྱེད། །རྒྱུ་དྲུག་ལིངས་སུ་འདེབས་པར་བྱེད། །སྤྲུལ་པ་ཡོངས་སུ་ལྡིང་བར་བྱེད། །སྤྲུལ་པ་མི་བཟད་མ་རུངས་པ། །ལ་ལ་ལྡིང་དང་ལ་ལ་འཕུར། །ལ་ལ་གཟན་ལ་སྟོད་པའི་ཚུལ། །ལ་ལ་ལྡིང་ཞིང་ལ་ལ་འཇུམས། །ཁ་དོག་སྣ་ལྔ་འབར་བ་ལ། །མི་མཐུན་གདུག་པ་སོ་སོར་འདུལ། །སྤྲུལ་པ་བྱེ་བ་ལས་ལ་འགྱེད། །གདུག་པ་གཏུམ་པོ་གཏན་ནས་འཇོམས། །དབང་གི་བྲོ་གར་ཡོངས་སུ་ལྡིར། །ལྷག་མ་རྗེས་ཤུལ་མེད་པའི་བྲོ། །རྒྱལ་བ་རྣམས་ཀྱི་ཐུགས་དམ་སྐོང་། །བྲོ་གར་ཡོངས་སུ་གདིང་བར་བགྱི། །ཤར་ནས་ཕག་གི་བརྟུལ་ཞུགས་བྱུང་། །གཏི་མུག་འཇོམས་པའི་ལས་ལ་མཁས། །བླང་དང་དོར་མེད་དྲག་པོ་སྟེ། །སྲ་སྙི་མེད་པར་འཇོམས་པའི་བྲོ། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །ཟས་ནི་གཙང་དམེ་མེད་པར་བཟའ། །བང་ནི་ངལ་དུབ་མེད་པར་རྒྱུག །ཚེམས་ནི་སྲ་སྙི་མེད་པར་འཇོམས། །
ཁྲོན་དུ་མ་གྱུར་གང་ཡང་མེད། །སྲིད་པའི་ཁྲོན་བརྐོ་ང་རེ་མཁས། །ཉོན་མོངས་ཐ་བ་གཏན་ནས་འཇོམས། །འདོད་ཆགས་རྒྱ་མཚོ་གཏིང་ནས་སྐེམ། །ང་རྒྱལ་བྲག་རི་རྩེ་ནས་བསྙིལ། །ཕྲག་དོག་ཟུག་རྔུ་གཏན་ནས་ཆོམས། །གཏི་མུག་མུན་པ་གཏན་ནས་ཆོམས། །ཞེ་སྡང་རྩ་མེ་རུམ་དུ་སོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷག་མའི་རྗེས་ཤུལ་བྲོ་རྡུང་བའི་ལེའུ་སྟེ་བརྒྱ་དང་བཅུ་དགུ་པའོ།། །།དེ་ནས་དབང་གི་རྒྱལ་པོས་ལས་འདི་དག་གསུངས་སོ། །གསང་བའི་དངོས་གྲུབ་བསྒྲུབ་འདོད་ན། །རྟ་མགྲིན་རྟ་ཡི་རྒྱལ་པོ་ལ། །སྤྲུལ་པའི་ཧེ་རུ་བཞིས་བསྐོར་བ། །དེ་ནི་ཡང་དག་བསྒྲུབ་པར་བྱ། །དེ་ཡི་ཡོན་ཏན་རྫོགས་པས་ནི། །འདི་ཡི་མཐུ་དང་དངོས་གྲུབ་ཐོབ། །བྱང་ཆུབ་སྙིང་པོ་འགྲུབ་པར་ཐེ་ཚོམ་མེད། །རིགས་དང་མཐུན་པའི་གནས་དག་ཏུ། །ཕུན་སུམ་ཚོགས་པའི་སྒྲུབ་པོ་དེས། །ལས་ཀྱི་རིམ་པ་གཞུང་བཞིན་བྱ། །དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པ། །ཐ་མ་ཟླ་གམ་བཞིས་བསྐོར་བ། །སྒོ་དང་བཅས་པར་བྱ་བའོ། །ཆག་ཆག་ཐིག་དང་བྲི་བ་དང་། །རྫས་དང་ལྡན་པར་བཤམ་པའོ། །དུག་ཤིང་ཕུར་པ་ལྔ་བསགས་ཏེ། །བྱིན་གྱིས་བརླབ་པ་བྱས་ནས་ནི། །ཟླ་གམ་ལྔ་ལ་དགོད་པར་བྱ། །མཐུན་པའི་ཕྱི་ནང་གསང་བའི་རྫས། །བདུད་རྩི་གཏོར་མ་བཞིན་དུ་སྟེ། །མ་དད་པ་དེ་བསྒྲལ་བ་ལས། །རྔུལ་ལ་སོགས་པའི་ཆུ་གསུམ་གྱིས། །ལྷ་རྣམས་སྐུ་ཡི་ཁྲུས་སུ་གསོལ། །བྱང་ཆུབ་སེམས་དང་དྲི་ཆེན་དང་། །མཱཾ་ས་དང་ནི་རཀྟ་དང་། །དྲི་ཆུ་ར་སཱ་ཡ་ལ་སོགས། །བདུད་རྩི་དམ་པ་སྨན་སྦྱར་ནས། །ལྷ་རྣམས་ཀུན་ལ་དབུལ་བར་བྱ། །མ་དད་པ་དེ་བསྒྲལ་བ་ཡི། །དབུས་ནི་སྙིང་ལ་ཐ་མ་རྩིབ་མ་སྟེ། །ཤ་དང་ཁྲག་གིས་བརྒྱན་པ་དང་། །རྒྱུ་མ་ཀླད་པ་དབང་པོ་དང་། །བཅས་པ་ལྷ་རྣམས་དག་ལ་འབུལ། །རཱུ་ཏྲའི་སྙིང་ཁྲག་དྭངས་མ་སྟེ། །ཁྲག་ཆེན་མཆོད་པ་སྦྲེང་བར་བྱ། །དེ་ལྟར་མཆོད་
པ་བྱ་བའོ། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་སྒྲུབ་པ་རྫས་དང་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་པའོ།། །།དེ་ནས་ལས་ཀྱི་གཞུང་བསྟན་ཏེ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། །ཆོས་རྣམས་སྟོང་པའི་རང་བཞིན་བསྒོམ། །ཀུན་ཏུ་སྣང་གི་ཏིང་འཛིན་ནི། །འབྲས་བུ་ལམ་གྱི་གཞི་རུ་གཞག །ཐུན་མོང་མ་ཡིན་ཁྱབ་པའི་སྙིང་རྗེ་ཡིན། །དེ་ཡི་དྲན་བསྐྱེད་སྙིང་རྗེ་མཆོག །སྙིང་རྗེ་ལམ་དུ་གཞག་པ་ཡིན། །དེ་ལས་རྒྱུ་ཤར་ཏིང་འཛིན་ཧཱུཾ། །སེམས་ཀྱི་འབྲས་བུ་བསྟན་པ་ཡིན། །ཧཱུཾ་ལས་འབྱུང་བ་ཨེ་ཤར་བས། །འབྱུང་བའི་གཞི་མོ་ནམ་མཁའ་ཡིན། །ཧཱུཾ་ལས་ཡི་གེ་ཡཾ་ཤར་བས། །རྟེན་པའི་རླུང་ཞེས་ཤར་བ་ཡིན། །ཧཱུཾ་ལས་ཡི་གེ་བཾ་ཤར་བས། །ཆུ་ཡི་འབྱུང་བ་ས་བོན་བརྟན། །ཧཱུཾ་ལས་ཡི་གེ་སུཾ་ཤར་བས། །སྲ་བ་ས་ཡི་རྟེན་དུ་གྱུར། །ཧཱུཾ་ལས་ཡི་གེ་རཾ་ཤར་བས། །སྨིན་ཅིང་བརྟས་པར་བྱས་པ་ཡིན། །ཧཱུཾ་ལས་ཡི་གེ་ཀེཾ་ཤར་བས། །རི་རབ་ཆེན་པོ་བྱུང་བ་ཡིན། །བྷྲཱུཾ་ལས་རི་རབ་གཞལ་ཡས་ཁང་། །རཱ་ག་པདྨ་དམར་པོ་སྟེ། །ར་ཏི་ཞེས་པ་བརྩེགས་པ་ཡིན། །བྷྲཱུཾ་ནི་གཞལ་ཡས་ཟླ་གམ་དམར། །དེ་དཀྱིལ་དམིགས་པའི་རྟེན་མནན་པ། །བདུད་དང་སྲིན་པོ་ལ་སོགས་པ། །ཉི་ཟླ་པདྨ་བརྩེགས་པའི་ཚུལ། །གསང་བའི་གནས་ནི་དཀྱིལ་དུའོ། །དེའི་སྟེང་ཡི་གེ་ཧཱུཾ་ཤར་བས། །དམར་ལ་བཀྲ་བའི་ཡི་གེ་ཧཱུཾ། །དེ་ལས་ས་བོན་སྔགས་བརྗོད་པས། །རྟ་མགྲིན་རྒྱལ་པོར་གྱུར་པ་ཡིན། །དེ་ལ་རིགས་བཞིའི་སྔགས་བརྗོད་པས། །ཧེ་རུའི་རྒྱལ་པོར་གྱུར་པ་ཡིན། །དེ་ལྟར་རང་བཞིན་གསལ་བར་བསྒོམ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། དེ་བརྗོད་རྟ་མགྲིན་རྒྱལ་པོར་གྱུར། །སྭཱ་ཧཱ་ཧེ་རུ་ཀ་ཀཱི་ལ་ཡ་ཧཱུཾ་ཕཊ། ས་མོ་གྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། རཏྣ་ཨ་མོ་གྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཀརྨ་ཨ་མོ་གྷ་ཧཱུཾ་ཕཊ། དེ་ལྟར་ཏིང་འཛིན་དཀྱིལ་འཁོར་གསལ་བར་བསྒོམ། རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་
ཧེ་རུ་བཞི་དང་བཅས་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་ཉེར་གཅིག་པའོ།། །།ཧཱུཾ་དུར་ཁྲོད་མེ་ལྟར་འབར་བའི་གཞལ་ཡས་ནས། །ཆོས་དབྱིངས་དག་པ་ལྷ་ཡི་གནས་ཆེན་འདིར། །རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ། །གདུག་པ་འདུལ་ཕྱིར་ཀླུ་དབང་གདན་ལ་བཞུགས། །ཆོས་དབྱིངས་དག་པ་ལྷ་ཡི་གནས་ཆེན་ནས། །དུར་ཁྲོད་ཟླ་གམ་གདེངས་པའི་དཀྱིལ་འཁོར་འདིར། །སྤྲུལ་པའི་ཧེ་རུ་ཁྲོ་བོའི་རྒྱལ་པོ་བཞི། །དགྱེས་ཤིང་བརྟན་པར་བཞུགས་ནས་ནི། །དབང་དྲག་ཕྲིན་ལས་རྫོགས་པར་མཛོད། །ཧྲཱྀ་ཨེ་ཨཱ་ར་ལི་ཛཿཧཱུཾ། དབང་དྲག་འཇོམས་མཛད་སྲིན་པོ་འདུལ་བའི་ལྷ། །རྟ་མགྲིན་རྒྱལ་པོ་འཁོར་དང་བཅས་པ་ལ། །བརྐྱང་བསྐུམ་སྲིན་པོ་གུས་པས་ཕྱག་འཚལ་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །འདུལ་ཐབས་དྲག་པོའི་ཕྲིན་ལས་མི་བཟད་རྣམ་བཞི་ཡིས། །དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་འདུལ། །ཕྲིན་ལས་དབང་དྲག་དྲག་པོ་ཡིས། །མི་བཟད་གདུག་པ་འདུལ་མཛད་མཆོག །སྤྲུལ་པ་ཧེ་རུ་བཞི་ལ་ཕྱག་འཚལ་ལོ། །ཧཱུཾ་མཛད་ཧཱུཾ་སྟེ་ཧཱུཾ་གི་རྒྱལ་པོ་མཆོག །ལྕང་ལོར་བཅས་པའི་པདྨ་བྷན་དྷ་ལ། །ཚེ་འཛིན་མཆོག་དང་དམར་ཆེན་དམ་པས་བཀང་། །སྦྱོར་དང་སྒྲོལ་གྱིས་ཐུགས་དམ་བསྐང་ལགས་ཀྱིས། །རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་བར་མཛོད། །ཤ་ཆེན་མཁའ་ལྡིང་ཤེལ་སྒོང་གཟུགས་དང་བཅས། །སྨན་ཆེན་ལྔ་དང་ཚེ་འཛིན་བྱི་ན་སེ། །རྡོ་རྗེ་ལས་ཀྱི་ཆུ་དང་པཉྩ་ཨ་མྲྀ་ཏ། །སྦྱོར་དང་སྒྲོལ་བའི་ཐུགས་དམ་མཆོག་ལགས་ཀྱིས། །ཧེ་རུ་བཞི་ཡི་ཐུགས་དམ་བསྐང་བར་མཛོད། །པདྨ་ཟིལ་ཏིག་དྲི་དང་རཀྟ་དང་། །རྡོ་རྗེ་ལས་ཀྱི་ཆུ་དང་པཉྩ་ཨ་མྲྀ་ཏ། །སྦྱོར་དང་སྒྲོལ་གྱིས་ཐུགས་དམ་བསྐང་ལགས་ཀྱིས། །མཁའ་འགྲོ་མ་ཚོགས་ཐུགས་དམ་བསྐང་བར་མཛོད། །པདྨ་བྷན་དྷ་ལྕང་ལོར་བཅས་བདུད་རྩི། །དབང་གི་རྒྱལ་པོ་ཁྲོ་བོ་རྟ་མཆོག་ལ། །བླ་མེད་དམ་རྫས་བདུད་རྩིའི་མཆོད་པ་མཆོག །གཉིས་
སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན། །ཐུགས་རྗེས་བཞེས་ནས་དབང་གི་དངོས་གྲུབ་སྩོལ། །འབར་བའི་སྤྲུལ་པ་མངོན་པར་ཤར་བ་ནི། །རིགས་ཀྱི་སྤྲུལ་པ་ཁྲོ་བོ་བཞི་རྣམས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཞེས་སྨན་མཆོད་དམ་པའོ། །ཡི་གེ་འབྲུ་གསུམ་སྐུ་གསུང་ཐུགས། །བྱིན་རླབས་དམ་པ་མཛད་ནས་སུ། །སྐུ་གསུང་ཐུགས་སུ་མཛད་དུ་གསོལ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཾ། ཙིཏྟ་སིདྡྷི་ཧཱུཾ། ཧཱུཾ་སྲིད་པའི་གཅོང་སྙིང་ཟད་པར་བྱ་བའི་ཕྱིར། །བདུད་རྩི་ཆེན་པོ་པཉྩ་ཨ་མྲྀ་ཏ། །བླ་མེད་སྨན་གྱི་མཆོད་པ་འབུལ་ལགས་ན། །འཁོར་བའི་སྡུག་བསྔལ་བཟློག་ཕྱིར་བཞེས་སུ་གསོལ། །བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡི་རབ་བརྒྱན་ནས། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །ཞེས་མཆོད་པ་དབུལ་ལོ། །དེ་ནས་འདོད་དོན་སྨོན་ལམ་བཏབ། །དངོས་གྲུབ་བླང་དང་ཕྲིན་ལས་བཅོལ། །ཉེ་བར་བསྐུལ་དང་བསྙེན་པ་བསྐྱལ། །དེ་ནས་ལས་ཀྱི་བྱ་བ་བྱ། །ཚོགས་ཀྱི་མཆོད་པ་བྱ་བ་དང་། །བསྐང་བ་དང་ནི་བཤགས་པ་དང་། །ལས་བཅོལ་བ་དང་གདབ་པར་བྱ། །ཨོཾ་ཧྲཱྀཿབ་ཤ་ཀཱི་ལ་ཡ་ཧཱུཾ་ཕཊ། དེས་ནི་དབང་གི་ཕུར་པས་གདབ། །སྭཱ་ཧཱ་ཀཱི་ལ་ཡ་རྦད། ཨ་མོ་ཀཱི་ལ་ཡ་རྦད། རད་ཀ་ཏ་ན་ཀཱི་ལ་ཡ་རྦད། ཀར་ཤ་ཨ་མོ་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་ལྟར་གསལ་བས་གདབ་པའོ། །དེ་ནས་བྲོ་དེ་འཁོར་གསུམ་བརྡུང་། །དེ་ནས་མཆོད་པ་དབུལ་བར་བྱ། །བསྟོད་པ་དང་ནི་ལས་བྱའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་ཧེ་རུ་བཞི་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་བརྒྱ་དང་ཉེར་གཉིས་པའོ།། །།དེ་ནས་ཡང་བསྟོད་པ་འདི་གསུངས་སོ། །ཧཱུཾ་དམར་ནག་ཟླ་གམ་གདེངས་པའི་དཀྱིལ་འཁོར་ནས། །དབང་གི་རྒྱལ་པོ་པདྨ་རྟ་མགྲིན་རྒྱལ། །རྟ་མགྲིན་རྒྱལ་པོ་དྲེགས་པ་འདུལ་བའི་ལྷ། །སྐུ་མདོག་དམར་པོ་མེ་དཔུང་འབར་བ་འདྲ། །འབར་བའི་ཕྱག་གིས་གདུག་པའི་ཕྱག་མཚན་འཛིན། །
རལ་གྲི་སྦྲུལ་ཞགས་ཐོད་པ་གྲི་གུག་འཛིན། །གདུག་པའི་ཞབས་ཀྱིས་ཀླུ་ཚོགས་གདན་དུ་བཏིང་། །ན་བཟའ་འབར་བ་སྐུ་ཡི་རྒྱན་དུ་སྟོན། །གླང་ཆེན་ཀོ་རློན་བརྗིད་ཆེན་སྐུ་ཡི་རྒྱན། །ཞིང་ལྤགས་གཡང་གཞི་དག་པ་གསུང་གི་ཆས། །སྟག་གི་པགས་པ་དཔའ་བར་འགྲོ་བ་ཐུགས་ཀྱི་ཆས། །གདུ་བུ་དཔུང་རྒྱན་སྦྲུལ་ནག་ཟིལ་གནོན་ཆས། །རྡོ་རྗེའི་གཤོག་པ་གཡས་གཡོན་གདེངས་པ་ཡིས། །ཐབས་དང་ཤེས་རབ་ལྡན་དེ་གདུག་པ་ཟིལ་གྱིས་གནོན། །རྡོ་རྗེ་རྩེ་མོ་བྱ་ཁྱུང་འབར་བས་ཀླུ་གཉན་སྒུམ་བུར་འཐུ། །མཆེ་གཙིགས་རྐན་སྒྲ་དྲག་པོས་བདུད་དཔུང་ཟིལ་གྱིས་གནོན། །སྤྲུལ་པ་མང་པོ་སྐར་ཚོགས་བཀྱེ་བས་ཕོ་ཉ་མང་པོ་འགུགས། །དབུ་ཡི་གཙུག་ན་རྟ་མགོ་འབར་བས་ངན་སོང་འདུལ་བའི་ཐབས་ལ་མཁས། །ལྷང་ལྷང་ཙེར་ཙེར་ལན་གསུམ་སྒྲ་བསྒྲགས་པས། །མྱ་ངན་འདས་པའི་མཚམས་ན་ཙེ་རེ་རེ། །ངན་སོང་གནས་རྣམས་སྟོངས་ཤིང་ཡེ་ཤེས་དོན་ལ་བསྐུལ། །གསུང་རབ་མཉེས་པ་སྒྲ་སྒྲོགས་ཤིང་། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ། །འཁོར་བ་གཏན་ནས་འཇོམས་ཤིང་བྱང་ཆུབ་དོན་ལ་འགོད། །སྙན་པའི་སྒྲ་རྣམས་བསྒྲགས་པས་ལྷ་མོ་དབྱིངས་སུ་དགྱེས། །རལ་པ་དམར་པོ་བསིགས་པས་བདུད་དཔུང་ཟིལ་གྱིས་གནོན། །བདུད་བཞི་བཅོམ་ནས་ཡེ་ཤེས་བཞི་ཡི་ངང་ལ་འཇོག །ངན་སོང་གནས་རྣམས་སྟོངས་ཏེ་བྱང་ཆུབ་ལམ་ལ་འགོད། །དབང་གི་རྒྱལ་པོ་རྟ་སྐད་འཚེར་བ་ཁྱོད་ལ་བསྟོད། །སྤྲུལ་པའི་ཧེ་རུ་ཁྲོ་བོའི་རྒྱལ་པོ་བཞི། །རིགས་བཞིའི་སྤྲུལ་པ་ཁྲོ་བོ་བཞིར་སྤྲུལ་པ། །ཕྱོགས་བཞི་དག་ན་གནས་པ་སྟེ། །གདུག་པ་འདུལ་ཕྱིར་སྐུ་སྤྲུལ་པ། །སྨུག་ནག་རལ་པ་འབར་བའི་ཐོད་ཕྲེང་ཅན། །ན་བཟའ་འབར་བ་གསུམ་མནབས་པ། །ཕྱག་ན་གདུག་པའི་མཚོན་ཆ་བསྣམས། །གཡས་པ་དང་པོ་དགྲ་སྟྭ་ལྕགས་ཀྱུ་དང་། །ཐ་མ་གདུག་པའི་ཕུར་པ་འདྲིལ། །གཡོན་པ་མེ་དཔུང་བ་དན་ནོ། །གདུག་པ་འདུལ་ཕྱིར་དྲག་པོའི་ལས་ལ་བརྩོན། །སྤྲུལ་པ་
མང་པོ་ཡང་དག་ལས་ལ་བརྩོན། །མི་བཟད་རྔམ་པའི་སྒྲ་སྒྲོགས་ཤིང་། །བདུད་དཔུང་འཇོམས་པའི་རྐན་ཡང་བརྡེབ། །སྲིད་པ་ཡོངས་ལ་ཕན་པའི་བྱ་ར་མཛད། །སྐུ་ནི་འཇིགས་སྟབས་འབར་བའི་སྐུ། །གསུང་ནི་གདུག་པའི་ང་རོ་སྒྲོགས། །ཐུགས་ནི་དབང་གིས་བརྣག་པའི་ཕྲིན་ལས་མཛད། །གཤོག་པའི་བར་བར་ལྕགས་ཀྱུ་འབར་བས་གཏམས། །སྤྲུལ་པ་ཁྲོ་ཆུང་འབར་བས་བ་སྤུའི་བུ་ག་གཏམས། །ཡེ་ཤེས་མཁའ་འགྲོ་མང་པོ་ལས་ལ་འགྱེད། །སྲིད་པའི་རི་རབ་ཡང་ནི་འགྲམ་ནས་བསྙིལ། །རྒྱ་མཚོ་ཆེན་པོའི་གཞུང་ཡང་སྐེམས་པར་བྱེད། །མེ་རི་མེ་དཔུང་འབར་བའི་ཀློང་ན་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་རྒྱན་དུ་བྱས། །མཆེ་བ་རྣོན་པོས་སྐྱེ་ཤི་རྩད་ནས་གཅོད། །སྤྱན་མིག་བཟློག་པ་ཙམ་གྱིས་ཁམས་གསུམ་བྲན་དུ་འཁོལ། །ཐུགས་རྗེ་དབྱིངས་སུ་འདྲེན་ཅིང་འཁོར་བ་བླ་མེད་ས་ལ་འཁོད། །རྔམ་ཆེན་ཧེ་རུ་བཞི་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་དང་འཁོར་ཧེ་རུ་བཞི་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཉེར་གསུམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། འདི་སྐད་ཅེས་བཀའ་སྩལ་ཏོ། །ལོང་བ་རྒྱབ་འདྲེལ་བ་སུམ་ཅུ་རྩ་གཉིས་དང་། དམུས་ལོང་ལས་ཀྱི་འཁོར་བརྒྱད་བྱ་བ་ཡོད་དེ། ལོང་བ་རྒྱབ་འདྲེལ་བ་སུམ་ཅུ་རྩ་གཉིས་ནི། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ཀྱི་སྤྲུལ་པ་ཡིན། དམུས་ལོང་ལས་ཀྱི་འཁོར་བ་བརྒྱད་བྱ་བ་ནི། དབང་གི་རྒྱལ་པོའི་ཐུགས་ཀྱི་སྒོ་སྲུང་བརྒྱད་ཡིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་ལས་བསྒལ་ནས། རྩེ་གཅིག་ཏིང་འཛིན་དཀའ་ཐུབ་སྨྱོན་པའི་ཏིང་ངེ་འཛིན་ལ་གནས་སོ། །ཁྲོ་བོ་བརྒྱད་ཡོད་པ་ལྟ་བུ་མ་ཡིན་ཏེ། ཐུབ་པ་དམུས་ལོང་ལས། རྣམ་པར་ཤེས་པའི་གཟུགས་གང་ཡང་མེད་དོ། །ལུས་གོལ་བག་ཆགས་པ་ལས། ཕྱག་བཞི་གདུག་པའི་མཚོན་ཆ་ཐོགས་པའོ། །མིག་མེད་པ་ལ་གར་ཡང་རྒྱུ་བ་དེར་ཐོགས་པ་མེད་པའོ། །སྣ་མེད་པ་ལས་དྲི་ཐམས་ཅད་
ལུས་ཀྱིས་ཚོར་བའོ། །ལྕེ་མེད་པ་ལས་དྲག་པོའི་སྒྲ་ཁོང་ནས་སྨྲ་བའོ། །རྣ་བ་མེད་པ་ལས་སྒྲ་ཐམས་ཅད་ཁོང་ནས་ཐོས་པའོ། །དམུས་ལོང་དེ་ལྟ་བུ་དེས་ལས་གང་ལ་ཡང་ཐོགས་པ་མེད་པར་བྱེད་པའོ། །དེ་ལྟ་བུ་དེ་བསྒྲུབ་པར་བྱ་བ་ནི། དབུས་སུ་རྟ་མཆོག་རྒྱལ་པོ་དེ། །ལེའུ་ཚེ་བརྒྱད་ལ་དམུས་ལོང་བརྒྱད། །ལྷ་དགུ་ས་རུ་བསྒྲུབ་པར་བྱའོ། །དཀྱིལ་འཁོར་ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ཚོན་ནི་རིགས་དང་མཐུན་པར་བྱ། །སྒོ་གཅིག་པ་ནི་ཤར་དུའོ། །དེ་ལ་བསྙེན་སྒྲུབ་སྤྱི་ལྟར་བྱ། །དང་པོ་སྔོན་དུ་འགྲོ་བའི་ལས། །རིམ་པ་རྒྱས་པར་ལྡན་པར་བྱ། །དེ་ནས་གཞུང་ལ་འཇུག་པ་སྟེ། །ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །དེ་ནས་རིག་པའི་ཧཱུཾ་དེ་ལས། །འབྱུང་བ་ལྔ་པོ་བསྐྱེད་པར་བྱ། །དེ་ལས་རི་རབ་བརྟན་པར་བྱ། །དེ་ལས་ཕྱི་རིན་ཆེན་གཞལ་ཡས་ཁང་། །ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །དབུས་ནི་ཟླ་གམ་གདེངས་པ་འོད་དང་བཅས། །ཐ་མ་མེ་དཔུང་མེ་རི་འབར་བའོ། །དེ་ལ་རཱུ་ཏྲ་གདན་དུ་བསམ། །ཉི་ཟླ་པདྨ་སུམ་བརྩེགས་སོ། །དེ་ལ་ཡི་གེ་གསལ་བ་ནི། །དམར་ལ་བཀྲ་བའི་ཧཱུཾ་ཞིག་བསམ། །ཆོ་ག་གསུམ་གྱི་སྦྱོར་བ་ཡིས། །སྔགས་ཀྱང་བརྗོད་པས་གསལ་བ་སྟེ། །དབང་ཆེན་འདུས་པའི་སྐུ་རུ་གསལ། །དེ་ལས་སྤྲུལ་པའི་བཀྱེ་ཚུལ་བསྐྱེད། །ལི་གཾ་ག་ཏ་ཧཱུཾ་ཕཊ། ལི་ཙ་སཾ་བ་ཧཱུཾ། ལི་ཧཱུཾ་བ་ཏི་ཧཱུཾ། ལི་ཛ་ཨ་ས་མེ་ཧཱུཾ། ལི་བུ་ཤ་ཧཱུཾ། ལི་ཁ་དུ་ཧཱུཾ། ལི་པྲ་མ་ཤ་ར་ཧཱུཾ།ལི་ཁ་མ་ལེ་ཧཱུཾ། སྔགས་དེ་རེ་རེ་བརྗོད་པ་ཡི། །དམུས་ལོང་འཁོར་བ་རེ་རེ་བསྐྱེད། །ལིང་ཚེ་བརྒྱད་ལ་བཀོད་པའོ། །བཅོམ་ལྡན་དབང་ཆེན་ཧེ་རུ་ཀ །ཁྲོ་བོའི་རྒྱལ་པོ་ཧཱུཾ་སྒྲ་ཅན། །ཆེ་བས་བསྟོད་པས་དབང་ཕྱུག་ཡང་ཆེའི་དཔལ། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །གདུག་པ་འདུལ་ཕྱིར་བསྐྱེད་པའི་དམུས་ལོང་བརྒྱད། །སྲིད་པ་དབང་དུ་སྡུད་པ་རྔམས་པའི་ཁྲོ་བོ་ཆེ། །གདུག་པ་མ་ལུས་འདུལ་བས་
དམུས་ལོང་གྱ་ནོམ་པ། །དབང་གི་ཞིང་ཁམས་ཆེན་པོ་བསྐྱང་བ་དང་། །བདུད་དང་སྲིན་པོ་ཀླུ་རྣམས་ཚར་གཅད་དང་། །དངོས་གྲུབ་དམ་པ་བསྒྲུབ་པའི་ཕྱིར། །དབང་ཆེན་ཀུན་འདུལ་བཀའ་འཁོར་བསྐྱང་བ་དང་། །དབང་དྲག་ལས་ཀྱི་ཕྲིན་ལས་བསྒྲུབ་མཛད་པ། །དམུས་ལོང་ལས་ཀྱི་འཁོར་ལ་ཕྱག་འཚལ་ལོ། །དེ་ནི་བསྐྱེད་དང་བསྟོད་པའོ། །དེ་ནས་སྤྱན་ནི་དྲང་བྱ་སྟེ། །མི་དམིགས་ཆོས་དབྱིངས་དག་པ་ལས། །པདྨ་དབང་ཆེན་གཤེགས་སུ་གསོལ། །གདུག་པ་མ་ལུས་འདུལ་བ་དང་། །དངོས་གྲུབ་མཆོག་རྣམས་སྩལ་བའི་ཕྱིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཡུལ་དྲུག་རྟེན་དག་གནས་བརྒྱད་ནས། །གདུག་པ་འདུལ་ཕྱིར་ལོང་བའི་ཚོགས་སྤྲུལ་ནས། །དབང་དྲག་ཕྲིན་ལས་འགྲུབ་པར་མཛད་པའི་མཆོག །ཚོམ་བུ་འོད་ཀྱི་གནས་སུ་གཤེགས་སུ་གསོལ། །འབར་བའི་ཞིང་གི་འོད་ལྡན་བཤམས་པ་ལ། །དགྱེས་ཤིང་རོལ་ཏེ་བཞུགས་སུ་གསོལ། །ས་མ་ཡ་ཨེ་ཧྱེ་ཧི་ཛ། རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ལ་དམུས་ལོང་ལས་ཀྱི་འཁོར་ཚོགས་སྤྱན་དྲང་བ་དང་། བསྐྱེད་པའི་ལེའུ་སྟེ་བརྒྱ་དང་ཉེར་བཞི་པའོ།། །།དེ་ནས་ཕྱག་ནི་བཙལ་བར་བྱ། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་རྒྱལ་པོ་པདྨ་ཧེ་རུ་ཀ །དབང་མཆོག་གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བ། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཁམས་གསུམ་འཁོར་བ་རུ་ལས་བཟློག་པའི་ཕྱིར། །གདུག་པའི་ཚོགས་ཆེན་སྐུ་སྤྲུལ་པ། །ལས་ཀྱི་དམུས་ལོང་བརྒྱད་པོའི་ཚུལ། །འབར་བ་ཚོགས་ཆེན་བདག་ལ་ཕྱག་འཚལ་ལོ། །སྲིད་པའི་གདུལ་དཀའ་མ་ལུས་འདུལ་བ་དང་། །བཀའ་ཡི་ཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར། །གསང་བ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། འབྱུང་བ་དག་པའི་མཆོད་པ་དང་། །རོལ་མོ་སྒྲ་ཡི་
མཆོད་པ་དང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །དངོས་གྲུབ་བླང་ལ་ལྷག་མ་སྦྲེང་། །སྨོན་ལམ་གདབ་དང་ཕྲིན་ལས་བཅོལ། །ཆག་ཉམས་བཤགས་ལ་རིག་པའི་མེ་ཏོག་དོར། །ཧུ་ལུ་འཛབ་ཀྱི་དགོངས་པ་བྱ། །གྲངས་ཚད་བསྟོད་པས་འཕྲིན་ལས་བཅོལ། །འབྱོར་པ་ཚོགས་ཀྱིས་མཆོད་པ་བྱ། །དམིགས་པས་དགུག་སྟེ་བསྟབ་པར་བྱ། །ལྷག་མ་བཏང་སྟེ་མཁའ་འགྲོ་མཆོད། །འབུམ་ལྔའི་བཤགས་པ་བརྒྱ་པ་འདོན། །ད་ལྟར་བྱས་ལ་སྒྲུབ་པ་པོས། །གནན་པ་དང་ནི་འཕང་བ་དང་། །སྲེག་པའི་ལས་ནི་ཡང་དག་བྱ། །མཐའ་བསྡུ་བ་ཡི་ལས་སུ་གསུངས། །བསྐང་དང་བཟློག་པ་བྱ་བ་ནི། །ལས་གཞུང་བསྲང་བར་བྱ་བའོ། །དྲག་པོའི་བསྐང་དང་བཟློག་པ་བྱ་བ་ནི། །དྲག་པོའི་ལས་གསུམ་བསྟུད་ལ་བྱ་བ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ལ་དམུས་ལོང་དང་བཅས་པའི་ལས་ཀྱི་རིམ་པའི་ལེའུ་སྟེ་བརྒྱ་དང་ཉེར་ལྔ་པའོ།། །།དེ་ནས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀས་གསུངས་པ། བཅོམ་ལྡན་དབང་ཆེན་ཞབས་བརྒྱད་ཀྱི། །འོག་ན་ཁྲོ་བཅུ་ཡོད་པ་སྟེ། །ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་བརྒྱད། །བསྣོལ་ནས་གན་རྐྱལ་ལ་སོགས་པའོ། །སྟོབས་པོ་ཆེ་དང་ཧཱུཾ་ཀཱ་ར། །དབུས་སུ་གན་རྐྱལ་ཁ་སྦུབ་བོ། །ཞབས་བརྒྱད་ལོང་བུ་མན་ཆད་དེ། །ཁོང་དུ་ནུབ་ནས་མནན་པའོ། །དེ་ནས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀས། །ཁྲོ་བརྒྱད་འབར་བ་མི་བཟད་སྐུར་བསྟན་པ། །འོག་མིན་དུར་ཁྲོད་འབར་བའི་གདན། །སྟེང་དུ་རྡོ་རྗེ་འབར་བའི་གུར། །བར་དུ་རིན་ཆེན་འབར་བའི་གཞལ་ཡས་ཁང་། །དཀྱིལ་འཁོར་ཐོད་པ་འབར་བའི་གཞལ་ཡས་ན། །ཁྲོ་བོ་ཆེན་པོ་བརྒྱད་ནི་གནས་པ་སྟེ། །དེ་ཡང་བསྒྲུབ་པར་བྱ་བ་སྟེ། །དབང་གི་རྒྱལ་པོ་ཀུན་འདུས་ཏེ། །ཁྲོ་བོ་བཅུ་ཡིས་བསྐོར་བ་བསྒྲུབ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །དབུས་
སུ་ཟླུམ་པོ་ཟླ་གམ་བཅས། །མཐའ་མ་འཁོར་ལོ་རྩིབས་བཅུ་པར། །གྲུ་བཞི་འབུར་དང་སྒོ་བཅས་བྲི། །ལས་ཀྱི་རིམ་པ་དེ་བཞིན་བྱ། །སྐུ་འམ་གསུང་སྟེ་ཕྱག་རྒྱ་ཐུགས། །འཁོར་ལོ་བཅུ་ལ་དགོད་པར་བྱ། །དེ་ལ་རྫས་ནི་དེ་བཞིན་གཞག །རྣམ་གསུམ་རིམ་གྱི་ཏིང་འཛིན་བསྒོམ། །འབྲས་བུ་ལམ་དང་རྒྱུ་རུ་བཤད། །འབྱུང་བ་རིམ་བཞིན་བསྐྱེད་པའོ། །དེ་ལས་གཞལ་ཡས་གསལ་བར་བསྒོམ། །མེ་འབར་ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འབར་བའི་འཁོར་ལོ་རྩིབས་བཅུ་ལ། །གྲུ་ཆད་བར་ཁྱམས་གྲུ་བཞི་ལྡན། །དེ་ལྟར་གསལ་བའི་ཏིང་འཛིན་བསྒོམ། །དེ་ཡི་དཀྱིལ་དུ་ལྷ་རྣམས་སོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ། བཛྲ་ཀྲོ་དྷ་ནཱི་ལ་དཎྜ། བཛྲ་ཀྲོ་ཏ་ཡ་མཱན་ཏ་ཀ །བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལེ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ། བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ། བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི། བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ། བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། འཁོར་ལོ་བཅུ་ལ་ཧཱུཾ་དགོད་དེ། །རིམ་པ་ལྟར་དུ་ཤེས་པར་བྱ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། དབུས་སུ་ཧཱུཾ་དམར་ལ་བཀྲ་བ་ཡིན་པར་གསུངས། ཧཱུཾ་ལས་སྔགས་དེ་བརྗོད་པ་ཡིས། །འབར་བའི་ཁྲོ་བོར་གྱུར་པའོ། །དེ་ལྟར་གཞལ་ཡས་ཁང་གི་ནང་ན་ནི། རང་ངོ་བཞུགས་པའི་གཟུགས་དག་པ་བསྐྱེད་པ་དང་། ལྷའི་ཏིང་འཛིན་གྱི་དཀྱིལ་འཁོར་ལོ་ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཏིང་ངེ་འཛིན་དང་གཟུགས་བརྙན་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉེར་དྲུག་པའོ།། །།དེ་ནས་ལྷ་རྣམས་སྤྱན་དྲང་བ། རྣམ་པར་མི་རྟོག་ཆོས་དབྱིངས་དག་པ་ནས། །དབང་ཆེན་རྒྱལ་པོ་ཀུན་འདུས་གཤེགས་སུ་གསོལ། །གཉིས་མེད་རིག་པ་ཐུགས་ཀྱི་གནས་ཆེན་ནས། །ཧཱུཾ་མཛད་ཁྲོ་བོ་འཁོར་བཅས་གཤེགས་སུ་གསོལ། །གཉིས་མེད་རོལ་པ་ཆུབ་པའི་དཀྱིལ་འཁོར་ནས། །སྒོ་བ་མགོ་བརྩེགས་དག་ཀྱང་གཤེགས་སུ་
གསོལ། །ཀྲོ་དྷ་ས་མ་ཡ་གྲི་ཛ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་ཡབ་ཆེན་པོ། །དབང་མཆོག་ཀུན་འདུལ་བཟང་པོ་ཆེ་བའི་ལྷ། །ཆེ་བས་ཆེ་བར་བསྟོད་པའི་དབང་ཕྱུག་ཡང་ཆེ་དཔལ། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །སྲིད་གསུམ་གདུག་པ་མ་ལུས་ཀུན་འཇོམས་པ། །གདུག་པ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །སྟོབས་ཀྱི་རིམ་པའི་ཁྲོ་བོ་ཧཱུཾ་སྒྲ་ཅན། །ཧཱུཾ་མཛད་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །ཐེག་པ་དགུ་ལ་གནས་ཤིང་ས་དགུ་རིམ་གྱིས་སྦྱོར། །ཕ་རོལ་ཕྱིན་བཅུ་རྫོགས་ཤིང་མཐའ་གཉིས་མི་སྤང་ངང་ལ་གནས། །སྒོ་བ་མགོ་བརྩེགས་བཞི་ལ་ཕྱག་འཚལ་ལོ། །དེ་ནས་མཆོད་པ་རིམ་པས་འབུལ། །སྨོན་ལམ་གདབ་དང་འདོད་གསོལ་བྱ། །ལྷ་ཡི་བསྙེན་པ་གྲངས་སུ་བསྐྱལ། །གང་འདོད་དབང་དྲག་ལས་དང་སྦྱར། །དེ་ནས་ལྷ་རྣམས་དག་ལ་བསྟོད། །ཧཱུཾ་ཁྲག་འཐུང་འབར་བའི་སྐུར་བསྟན་པ། །དབུ་ལྔ་ཕྱག་ནི་བཅུ་དྲུག་སྟེ། །འབར་བའི་ཞབས་ནི་བརྒྱད་དུ་གཏམས། །གཤོག་པ་གཡས་གཡོན་གཉིས་སུ་གདེངས། །གཤོག་རྩེ་བྱ་ཁྱུང་འབར་བའོ། །ཉི་མ་ཟླ་བས་འབར་བར་བརྒྱན། །དཔལ་གྱི་ཆས་བརྒྱད་སྐུ་ལ་བརྒྱན། །འབར་བའི་ཕྱག་མཚན་མང་པོ་རྣམས། །དབུ་སྟེང་སངས་རྒྱས་ལྔ་ཡིས་བརྒྱན། །དབུ་ལྔ་རྟ་མགོ་འབར་བ་ལྔ། །ཚོན་གང་འོད་ཀྱི་འབྲུ་དང་བཅས། །དབང་གི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཁྲོ་བོ་ཆེན་པོ་ཧཱུཾ་ཆེན་འབར། །བརྗིད་པའི་སྟབས་དང་འདེགས་པའི་སྟོབས། །མི་བཟད་གདུག་པ་འདུལ་མཛད་པ། །ཁྲོ་ཆེན་ཧཱུཾ་ཀཱ་ར་ལ་བསྟོད། །ཧཱུཾ་ཉོན་མོངས་ཀུན་ལས་རྣམ་པར་རྒྱལ། །རྒྱལ་བ་རྒྱལ་བའི་རྟགས་བརྙེས་པ། །ཆོས་དབྱིངས་དག་དང་མཉམ་པར་སྦྱོར། །བདུད་འདུལ་རྣམ་པར་རྒྱལ་ལ་བསྟོད། །རྫུ་འཕྲུལ་ངང་ལ་མངའ་བརྙེས་ཤིང་། །རྟགས་ཀྱི་ཆོས་དབྱིངས་དབྱུག་པ་ཡིས། །
ཉོན་མོངས་དྲ་བ་འཇོམས་མཛད་པ། །འབར་བ་དབྱུག་སྔོན་ཅན་ལ་བསྟོད། །ཆོས་དབྱིངས་དག་པའི་ངང་ཉིད་ལས། །ལྷག་པའི་ཡེ་ཤེས་སྐུར་བསྟན་པས། །ལོག་པར་ལྟ་བའི་གཤིན་རྗེ་སྒྲོལ། །དེ་གཤེད་གཤིན་རྗེའི་གཤེད་ལ་བསྟོད། །ཆོས་ཉིད་མཉམ་པའི་ངང་ཉིད་ལས། །གཡོ་བ་མེད་པ་མི་གཡོ་མགོན། །དེ་སྤྲུལ་བདུད་དང་སྲིན་པོ་ཚར་གཅོད་པ། །ཁྲོ་མཆོག་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །འདོད་ཆགས་གནས་སུ་དག་བྱེད་པ། །ཐེག་པའི་རྟ་ལ་རབ་བརྒྱུད་ནས། །མཆོག་ཏུ་ཀླུ་དང་གཉེན་པོ་འདུལ། །རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །དག་པའི་དོན་མཆོག་མཚོན་པ་ཡིས། །མཉམ་ཉིད་ངང་གིས་ཐམས་ཅད་འཇོམས། །དེ་ཕྱིར་གཞན་གྱིས་མི་ཐུབ་སྟེ། །གཞན་གྱིས་མི་ཐུབ་པ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་དག་པའི་བདུད་རྩི་ཡིས། །ཉོན་མོངས་མ་ལུས་གནས་སུ་བཅོམ། །འཁོར་བའི་བདུད་ལ་ཡེ་ཤེས་རྩི་གཏོང་བ། །བདུད་རྩི་འཁྱིལ་པ་དེ་ལ་བསྟོད། །ཁམས་གསུམ་ཉོན་མོངས་ཀུན་ལས་རྣམ་པར་རྒྱལ། །དེ་དོན་མ་ནོར་དབྱིངས་སུ་སྡུད་བྱེད་པ། །དེ་ཡི་དོན་གྱིས་དུག་གསུམ་གནས་སུ་སྟོངས་པར་བྱེད། །ཁྲོ་ཆེན་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་སྟོབས་དང་ལྡན་པ་ཡིས། །ཉོན་མོངས་དྲ་བ་གཅོད་བྱེད་པ། །དེ་ལས་མ་གཡོས་སྟོབས་པོ་ཆེ། །འཇོམས་བྱེད་སྟོབས་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷ་ལ་བསྟོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉེར་བདུན་པའོ།། །།དེ་ནས་དྲག་པོ་གསང་བའི་སྔགས་བསྟན་པ། ཨོཾ་ཧྲཱྀཿཤྟྲཱིཿཧཱུཾ་ཡ་རྦད་ཕཊ། གརྫ་གརྫ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། བྷིན་ད་བྷིན་ད་ཧཱུཾ་ཕཊ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཅེས་པས་རིམ་པར་གདབ་པར་བྱ། སྤྱི་དྲིལ་ལ་གདབ་པ་ནི། ཨོཾ་བཛྲ་ཀྲོ་དྷ་པ་ར་བི་དྷྭནྶ་ག་གན་ས་མ་ཡ་ཕཊ་རྦད། སྤྱིར་དྲིལ་བས་གདབ་པའོ། །གདབ་ནས་ལྷག་མ་བསྟབ་པར་བྱ། །དེ་ཡི་ལྷག་མའི་རྗེས་ཤུལ་ལ། །ཡི་གེ་ཉི་ཤུའི་
འཕྲོ་འདུ་ལས། །ཁྲོ་བཅུ་རྣམས་སྤྲོས་བྲོ་བརྡུངས་པས། །ཡང་སྤྲུལ་ཁྲོ་ཆུང་ཚོན་གང་གིས། །དྲག་པོའི་ལས་བྱེད་བྲོ་བརྡུང་ངོ་། །དེ་ནས་མནན་གཟིར་བྱ་བ་ཡིས། །ཡི་གེ་སྔགས་ཀྱི་འཁོར་ལོ་དགོད། །དེ་ལྟར་བསམ་པའི་ལས་རྣམས་རྫོགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྔགས་ཀྱི་གདབ་པ་དང་བྲོས་མནན་པའི་ལེའུ་སྟེ་བརྒྱ་དང་ཉེར་བརྒྱད་པའོ།། །།དེ་ནས་དཔལ་གྱིས་བཀའ་སྩལ་པ། །དེ་ནས་རིགས་འདུས་གསང་བ་ཡིས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱིས། །ཐམས་ཅད་རྒྱས་པའི་དཀྱིལ་འཁོར་ཏེ། །སྒྲུབ་པ་ཆེན་པོ་བྱེད་པ་དང་། །དྲག་བརྡལ་དྲག་པོ་བྱེད་པ་ན། །རིགས་འདུས་གསང་བའི་དཀྱིལ་འཁོར་གསུངས། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །དབུས་སུ་ཕོ་བྲང་ཟླུམ་པོ་བསྐོར། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ལིང་ཚེ་དགུ་ལ་ཕོ་བྲང་དགུ། །དབུས་སུ་པདྨ་ཟླ་གམ་བརྒྱད། །ཤར་གྱི་ལིང་ཚེ་དག་ལ་ནི། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཏེ། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་རོ། །ལྷོ་ཡི་ལེའུ་ཚེ་དག་ལ་འགྲོ་བ་འདུལ་བ་སྟེ། །དབུས་སུ་ཟླ་གམ་མཐའ་མ་འཁོར་ལོ་བརྒྱད། །ནུབ་ཏུ་རྟ་མགྲིན་དབང་གི་སྟེ། །ཟླ་གམ་ཁ་སྤྲོད་དག་དང་ལྡན། །བྱང་དུ་ཁམས་གསུམ་རྣམ་རྒྱལ་ཏེ། །ཟླུམ་པོ་པདྨ་འདབ་བརྒྱད་དོ། །ཤར་ལྷོའི་ལིང་ཚེ་དག་ལ་ནི། །ངན་སོང་སྦྱོང་བའི་དལ་བ་སྟེ། །གྲུ་གསུམ་ཟླ་གམ་བཞིས་བསྐོར་བའོ། །ལྷོ་ནུབ་ལིང་ཚེ་དག་ལ་ནི། །ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་ཏེ། །ལེ་ཚེ་དགུ་དང་ལྡན་པའོ། །ནུབ་བྱང་ལེ་ཚེ་དག་ལ་ནི། །དུར་ཁྲོད་ཆེན་པོའི་དལ་བ་སྟེ། །གྲུ་གསུམ་མཐའ་མ་ཟླུམ་པོ་བཞི། །བྱང་ཤར་ཟླ་གམ་སྒོ་གཅིག་པ། །ཡེ་ཤེས་སེམས་དཔའི་དལ་བ་སྟེ། །ཐ་མ་གྲུ་བཞི་སྒོ་ཡིས་བསྐོར། །ལེ་ཚེ་རེ་ཡི་མཐའ་མ་ཡང་། །གྲུ་བཞི་སྒོ་དང་བཅས་པའོ། །གྲུ་ཆད་ཀུན་ལ་ཁྱུང་ནི་འཇུག །དེ་ལ་ལྷ་རྣམས་གསལ་བ་སྟེ། །དེ་ལྟར་གསལ་བར་བྲིས་བསྒོམ་ནས། །དབང་གི་བྱིན་རླབས་ཆེན་པོ་འབྱུང་། །དབང་བསྐུར་དངོས་གྲུབ་བླང་བ་ཡང་། །དེ་ལྟར་བྱས་ན་དངོས་གྲུབ་
ཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རིགས་ཐམས་ཅད་འདུས་པའི་དལ་གྱི་ལེའུ་སྟེ་བརྒྱ་དང་ཉེར་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། སེམས་དཔའ་ལ་སོགས་ཁྱོད་རྣམས་ཉོན། །བྱང་ཆུབ་འབྲས་བུ་ཐོབ་འདོད་པས། །དགེ་བའི་ལས་སུ་བསྟན་པ་ནི། །རྟག་ཏུ་མཆོད་པ་བྱེད་པའི་རྟེན། །མཆོད་པ་དད་ཅིང་གུས་བྱས་ནས། །ཡིད་འོང་མཛེས་པའི་ས་གཞི་ལ། །བ་ཡི་རྣམ་ལྔའི་གོ་མ་ཡེ། །སྤོས་ཀྱི་ཆུ་ཡིས་ཆག་ཆག་བཏབ། །མཆོད་རྟེན་པདྨ་བརྩེགས་པ་ཡི། །རིན་ཆེན་སྣ་ཚོགས་གྲུབ་པའི་གཞལ་ཡས་ཁང་། །དེ་ལ་པདྨ་རིགས་ཀྱི་ལྷ་རྣམས་བསྐྱེད། །དུས་རྣམས་རྟག་པར་བཞུགས་པར་བསྒོམ་པའོ། །སྤྱན་དྲངས་པས་ཡང་དེ་ལ་བསྡིམ། །མཆོད་པ་རྣམ་པ་ལྔ་པོ་དང་། །རྨད་དུ་བྱུང་བ་གསུམ་མཆོད་ནས། །དེ་ནས་སྙན་པའི་སྒྲ་བསྒྲགས་ཤིང་། །འགྲོ་བ་རྒྱུད་ལྔའི་འཁོར་ལོས་འཁོར་བ་རུ། །སྡུག་བསྔལ་འཁྲུལ་འཁོར་གཟིར་བའི་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་མ་ལུས་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །ཆོས་ཉིད་དེ་བཞིན་ཉིད་ལ་བཞུགས་གྱུར་ནས། །ཆགས་པས་མ་གོས་པདྨ་ལྟར་དག་པའི། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་བསྟོད། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཞག་ནས། །ཞི་བ་རིན་ཆེན་རྒྱ་མཚོའི་གླིང་བསྐྱོད་པ། །ཀུན་གྱི་དེད་དཔོན་ཆེན་པོ་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པས། །མ་རིག་མུན་འཐིབས་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མ་ཁྱོད་ལ་ཕྱག་འཚལ་བསྟོད། །སེམས་ཅན་ལས་ཀྱི་ཆུ་བོས་བདས་པ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་འགོད་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །མཆོད་རྟེན་དེ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་
པའི་ཐུགས་རྗེ་ཡེ་ཤེས་ཀྱི་རང་བཞིན་དུ་བསམས་ལ། དེའི་བུམ་པའི་ནང་དུ་གནས་པའི་སྙིང་པོ་དང་། མཆོད་རྟེན་ཆེན་པོ་དེ་ལས་འོད་ཟེར་དུ་མ་གྲངས་མེད་ཅིང་བགྲང་དུ་མེད་པས། འཁྲུལ་པའི་སེམས་ཅན་ཐམས་ཅད་ཀྱིས། །ལས་དང་ཉོན་མོངས་སྒྲིབ་པ་ཡིས། །ཚོགས་རྣམས་ཐམས་ཅད་བྱང་བྱས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཐུགས། །ཡེ་ཤེས་འོད་ཟེར་ཚུལ་གྱིས་བསྡུས་བྱས་ནས། །མཆོད་རྟེན་དེ་ལ་ཐིམ་པ་ཡིས། །མཆོད་རྟེན་ཆེན་པོ་དེ་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །ངོ་བོ་ཉིད་དུ་བསྒོམ་བྱས་ལ། །དེ་ལ་མཆོད་པ་ཀུན་མཆོད་ལ། །རྟེན་དང་འདྲེལ་བའི་སྙིང་པོ་བཟླས། །རིགས་ཀྱི་བསྟོད་པ་ཀུན་བྱས་ལ། །དེ་མ་ཐག་ནས་ཚིག་འདི་བརྗོད། །བཅོམ་ལྡན་འདས་ཏེ་དེ་བཞིན་གཤེགས། །དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས། །རིག་པ་ཞབས་ལྡན་བདེ་བར་གཤེགས། །སྐྱེས་བུ་འདུལ་དང་ཁ་ལོ་སྒྱུར། །ལྷ་དང་མི་ཡི་སྟོན་པའི་མཆོག །ངོ་མཚར་ཆོ་འཕྲུལ་ཟུང་ལྡན་པའི། །སངས་རྒྱས་སྐུ་གསུང་ལྷུན་གྲུབ་པ། །དེང་འདིར་བདག་ལ་དགོངས་སུ་གསོལ། །བདག་གི་སེམས་ཅན་ཐམས་ཅད་དབུགས་དབྱུང་ཕྱིར། །བདུད་དང་མུ་སྟེགས་ལ་སོགས་ཕམ་པར་བགྱི་བ་དང་། །སེམས་ཅན་ལས་དང་ཉོན་མོངས་རྟོག་པ་བསལ་བར་བགྱི། །དེ་ལས་བདག་ཅག་རྣམས་ལ་ནི། །བསྐྱབ་ཅིང་སྣང་བ་མཛད་དུ་གསོལ། །དེ་བརྗོད་ལ་ནི་སྨོན་ལམ་བཏབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པའི་རྟེན་གྱི་ལེའུ་སྟེ་བརྒྱ་དང་སུམ་ཅུ་པའོ།། །།དེ་ནས་རབ་ཏུ་གནས་པར་བྱ། །ཐུགས་རྗེ་ལྡན་པའི་སྟོན་པ་ཡིས། །འགྲོ་བ་བདེ་ལ་དགོད་པའི་ཕྱིར། །སྐུ་གདུང་དང་ནི་རིང་བསྲེལ་དང་། །མཆོད་པའི་རྟེན་ནི་བཞེངས་པར་གསུངས། །ས་དང་ཕ་རོལ་ཕྱིན་པ་དང་། །སྨིན་པ་དང་ནི་གྲོལ་བའི་ཕྱིར། །མཆོད་རྟེན་ཆེན་པོ་བཞི་ཡང་བཞེང་། །ལྷག་པ་དང་ནི་ཟུང་འཇུག་དང་། །སྐུ་དང་ཡེ་ཤེས་ཐོབ་པའི་ཕྱིར། །མཆོད་རྟེན་བཞི་ཡང་བཞེངས་པར་བྱ། །སྒྲིབ་གཉིས་བྱང་
ནས་ཚོགས་གཉིས་རྫོགས། །དེ་ཡི་ཕྱིར་ཡང་བཞེངས་པར་བྱ། །ལས་དང་ཉོན་མོངས་སྒྲིབ་བྱང་ནས། །འབྲས་བུ་བྱང་ཆུབ་ཐོབ་པའི་ཕྱིར། །དེ་ཡང་གཟུགས་སྐུ་བཞེངས་པར་བྱ། །བདུད་ཀྱི་བྱ་ར་བ་དང་གནོད་སྦྱིན་མདུན་ས་དང་། །གདུག་པ་ཀླུ་གཉན་འབྱུང་པོའི་རྒྱུན་ལམ་དེ། །ཐུགས་རྗེ་ཞི་བའི་ཕྱིར་ཡང་དགོད་པར་བྱ། །ཐུགས་རྗེས་དེ་ལ་མཆོད་རྟེན་བཞེངས་པ་ནི། །རྒྱུ་ཡི་མཆོད་རྟེན་འབྲས་བུའི་མཆོད་རྟེན་ནོ། །རྒྱུ་དང་འབྲས་བུ་འདྲེལ་བར་སྣང་བས་མཆོད་རྟེན་རང་བཞིན་ཡིན། །ཤར་དུ་ཞི་བའི་རྡོ་རྗེ་རིགས་ཀྱི་མཆོད་རྟེན་བཞེངས་པར་བྱ། །མཆོད་རྟེན་ཟླུམ་པོ་རྡོ་རྗེ་བརྩེགས་པའི་ཀ་བ་ཅན། །འཁོར་ལོ་དང་ལྡན་རིན་ཆེན་ལྔས་སྤྲས་ནས། །འཁོར་ལོ་དང་ནི་གདུག་ཅན་དང་། །བྱུ་རུ་དང་ནི་སྐྱབས་མཛད་པ། །དར་དཔྱངས་དང་ནི་རིན་ཆེན་འཕྲེང་། །མི་འགྱུར་ལྕགས་ཐག་བཞི་ལའོ། །རིན་ཆེན་རིགས་ཀྱི་ཞིང་ཁམས་སུ། །རིན་ཆེན་མཆོད་རྟེན་སྔོན་པོ་ལ། །གྲུ་བཞི་པ་ལ་རིན་ཆེན་བརྩེགས། །ཀ་བ་རིན་པོ་ཆེ་དང་ལྡན། །སྒོ་ནི་རིན་ཆེན་ནོར་བུའི་དབྱིབས། །ནུབ་ཕྱོགས་པདྨ་བརྩེགས་པའི་མཆོད་རྟེན་ལ། །པདྨ་སྟོང་དང་ལྡན་པར་བྱ། །ཞབས་ནི་ཟླ་གམ་ཚུལ་དུ་གནས། །རྡོ་རྗེ་ཀ་བ་རིན་ཆེན་སྒོ། །དམར་པོ་རྒྱན་དང་ལྡན་པའོ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཆོད་རྟེན་ཏེ། །ལྗང་གུ་གྲུ་གསུམ་འབུར་དང་བཅས། །རྒྱ་གྲམ་བརྩེགས་པའི་ཚུལ་དུ་གནས། །རིན་ཆེན་སྣ་ལྔའི་རྒྱན་དང་ཀ་བས་མཚན། །དབུས་སུ་གསེར་གྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་ལ། །འཁོར་ལོ་འབར་བ་རྡོ་རྗེས་སྤྲས། །སྙན་པའི་སྒྲ་སྒྲོགས་དྲིལ་བུ་དང་། །བྱུ་རུ་དང་ནི་ཡེ་ཤེས་དང་། །འཁོར་ལོ་ཐུགས་དམ་མཆོད་རྟེན་ཏེ། །འཁོར་ལོ་མི་འགྱུར་ཆོས་སྒྲ་བསྐོར། །དར་དཔྱངས་གཡས་དང་གཡོན་དུ་སྟེ། །གཡས་པ་ཆོས་སྐུ་འགྱུར་བ་མེད། །གཡོན་པ་ཤེས་བྱ་ཐོགས་པ་མེད། །དེ་ལྟར་མཆོད་པའི་རྟེན་བཞེངས་པ། །དེ་ལ་མཆོད་པ་རྣམས་ཀྱིས་ནི། །ཤར་ཕྱོགས་བྱམས་པ་བརྩེགས་པའི་མཆོད་རྟེན་དང་། །སྙིང་རྗེ་རིན་ཆེན་བརྩེགས་པའི་མཆོད་རྟེན་དང་། །དགའ་བ་པདྨ་བརྩེགས་པའི་མཆོད་རྟེན་དང་། །བཏང་སྙོམས་དོན་ཀུན་འགྲུབ་
པའི་མཆོད་རྟེན་ནི། །ཕྱི་ཡི་ཚད་མེད་མཆོད་རྟེན་ཡིན། །མཆོད་རྟེན་རྒྱུ་ནི་ཆོས་ཀྱི་དབྱིངས་ཉིད་དེ། །བྱིན་གྱིས་བརླབས་དང་ལྡན་པར་བྱ། །ས་གཞི་ཆོས་ཀྱི་དབྱིངས་སུ་བརླབ། །ཁྲི་འཕང་དགེ་བ་བཅུ་དང་ལྡན་པར་བྱིན་གྱིས་བརླབ། །བང་རིམ་བཞི་ནི་དྲན་པ་ཉེར་གཞག་བཞི། །རྫུ་འཕྲུལ་གྱི་རྐང་པ་བཞི། ཡང་དག་པར་སྤོང་བ་བཞི། དབང་པོ་ལྔ། བུམ་གདན་སྟོབས་ལྔ་དང་། བུམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། དྲེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང་། དེ་ལ་སོགས་པ་བསྐྱེད་པའོ། །ཡིད་ཀྱི་མཆོད་རྟེན་ཏིང་འཛིན་སྐུ། །ནམ་མཁའི་དབྱིངས་དང་རྒྱ་མཚོ་འཇིང་དག་ན། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་བྲིས། །དེ་ལ་ཏིང་འཛིན་ཡིད་ཀྱི་མཆོད་པས་མཆོད། །ཡང་ན་མཆོད་པའི་རྟེན་བཤད་པ། །ཁྲི་འཕང་ཡེ་ཤེས་བཞི་རུ་སྟེ། །གྱེན་དུ་ཁྲི་འཕང་རྣམ་ཐར་གསུམ། །ཆགས་མེད་པདྨའི་གདན་སྟེང་དུ། །བུམ་པ་ཟླུམ་པོ་ཆོས་ཀྱི་རྩེ། །གསེར་གྱི་དྲེ་ཕུལ་འོད་ཟེར་འཕྲོ། །སྲོག་ཤིང་དྲང་སྲོང་བླ་ན་མེད། །དག་པ་རྣམ་ལྔའི་མཆོད་པས་མཆོད། །རང་བྱུང་གྲུབ་པའི་མཆོད་རྟེན་བརྒྱད་ལ། །བྱམས་ལྡན་གཏེར་གྱི་མཆོད་རྟེན་དང་། །ཐར་ལེགས་ཡོངས་རྫོགས་མཆོད་རྟེན་དང་། །སྤྲུལ་པའི་མཆོད་རྟེན་དམ་པ་དང་། །ཡིད་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་དང་། །དཔེ་མེད་བསམ་ལས་འདས་པའི་མཆོད་རྟེན་དང་། །ཡོན་ཏན་བརྩེགས་པའི་མཆོད་རྟེན་དང་། །རྨད་གྲགས་ཆོས་ཉིད་མཆོད་རྟེན་དང་། །ཁམས་གསུམ་བདེ་རྒྱས་སྒྲོན་མའི་མཆོད་རྟེན་ནོ། །དེ་ནི་རང་བྱུང་མཆོད་རྟེན་བརྒྱད། །སྤྲུལ་པའི་མཆོད་རྟེན་ཡང་ན་བཤད། །གྲངས་དང་དཔག་ལས་འདས་པའོ། །རྣམ་པར་ཐར་པའི་ཞིང་ཁམས་ན། །སྐུ་ཡི་མཆོད་རྟེན་བསམ་ལས་འདས། །ཏིང་འཛིན་བརྟན་པའི་མཆོད་པས་མཆོད། །རྣམ་པར་དག་པའི་ཞིང་ཁམས་ནས། །ཤེས་རབ་སྤྱན་དང་རྫུ་འཕྲུལ་སྙན། །སྐུ་ཡི་སངས་རྒྱས་ཀུན་གྱིས་བསྐོར། །རྣམ་པར་དག་པའི་ཞིང་ཁམས་ན། །གསུང་གི་མཆོད་རྟེན་བསམ་ལས་འདས། །གསུང་གི་མཆོད་རྟེན་ཐམས་ཅད་ཀྱང་། །ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས། །
འགྲོ་བ་དྲུག་ལ་གསལ་མཛད་པ། །སྒྲ་དང་དབྱངས་དང་སྡེ་ཡིས་མཆོད། །རྣམ་པར་དག་པའི་ཞིང་ཁམས་ན། །ཐུགས་ཀྱི་མཆོད་རྟེན་བསམ་ལས་འདས། །མཁྱེན་པའི་ཡེ་ཤེས་གསལ་བ་ཡིས། །མ་རིག་མུན་པ་སེལ་བར་མཛད། །དམིགས་པ་མེད་པའི་མཆོད་པས་མཆོད། །དེ་ལྟར་དབྱེ་དང་བྱ་བ་སྟེ། །བསྐྱེད་དང་སྤྱན་དྲང་བསྡིམ་པ་དང་། །ཕྱག་འཚལ་བ་དང་མཆོད་པ་འབུལ། །བསྟོད་དེ་འདོད་ཡོན་གསོལ་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་རྟེན་གྱི་དབྱེ་བ་བསྟན་པ་དང་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་གཅིག་པའོ།། །།དེ་ནས་ཡང་ནི་ལས་གསུངས་པ། །མཆོད་རྟེན་གཞལ་ཡས་བསྐྱེད་པ་དང་། །ལྷ་རྣམས་བསྐྱེད་པ་བསྟན་པ་ཡིན། །རྡོ་རྗེ་རིགས་ཀྱི་མཆོད་རྟེན་དུ། །ཁོག་པར་གཞལ་ཡས་བསྒོམ་པར་བྱ། །ཚོམ་བུ་ལྔ་ཡི་གཞལ་ཡས་ལ། །རིན་ཆེན་དྲ་བས་བརྒྱན་པ་དང་། །རྡོ་རྗེ་ཀ་བས་མཚན་པའོ། །ཀ་བ་གདུང་དང་དྲེ་ཕུལ་རེ་མིག་བརྒྱན། །འཁོར་ལོ་རིན་ཆེན་འོད་འབར་བའོ། །དབུས་སུ་རྡོ་རྗེ་སེམས་དཔའ་ཡིན། །ཐ་མ་རིགས་བཞིའི་སངས་རྒྱས་ཡིན། །དེ་ལ་རང་རང་སེམས་དཔར་ལྡན། །དེ་ལ་མཆོད་དང་ལས་བྱའོ། །རིགས་དང་མཐུན་པའི་མཆོད་པའོ། །རིན་ཆེན་རིགས་ཀྱི་མཆོད་རྟེན་དུ། །ཀ་གདུང་དྲེ་ཕུལ་རེ་མིག་བཞི། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ལ། །དབུས་སུ་རིན་ཆེན་འབྱུང་ལྡན་ལ། །རིགས་བཞི་སངས་རྒྱས་དག་གིས་བསྐོར། །སེམས་དཔའ་སེམས་མ་འཁོར་དང་བཅས། །དེ་ལ་རིགས་མཐུན་མཆོད་པས་མཆོད། །པདྨ་བརྩེགས་པའི་མཆོད་རྟེན་ལ། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ཡིན། །དབུས་སུ་སྣང་བ་མཐའ་ཡས་ལ། །ཕྱོགས་བཞི་རིགས་བཞི་སངས་རྒྱས་ཡིན། །རང་རང་སེམས་དཔས་བསྐོར་བའོ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཆོད་རྟེན་དུ། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ལ། །དབུས་སུ་དོན་ཡོད་གྲུབ་པ་ཡིན། །ཐ་མ་རིགས་བཞི་སངས་རྒྱས་ཏེ། །རང་རང་སེམས་དཔའ་དག་དང་ལྡན། །དེ་ལྟར་རིགས་ཀྱི་མཆོད་པས་མཆོད། །སྔགས་དང་ཕྱག་རྒྱ་གོང་བཞིན་ནོ། །
སྐུ་ཡི་མཆོད་རྟེན་ཆེན་པོ་ནི། །དབུས་སུ་རྣམ་པར་སྣང་མཛད་ལ། །སེམས་དཔའ་སེམས་མས་བསྐོར་བའོ། །གསུང་གི་མཆོད་རྟེན་ཆེན་པོ་ནི། །དབུས་སུ་སྣང་བ་མཐའ་ཡས་ལ། །སེམས་དཔའ་སེམས་མས་བསྐོར་བའོ། །ཐུགས་ཀྱི་མཆོད་རྟེན་ཆེན་པོ་ནི། །དབུས་སུ་རྡོ་རྗེ་སེམས་དཔའ་ལ། །སེམས་དཔའ་སེམས་མས་བསྐོར་བའོ། །དེ་ལ་མཆོད་དང་འདོད་དོན་གསོལ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་རྟེན་ལྷ་བསྐྱེད་པའི་ལེའུ་སྟེ་བརྒྱ་དང་སོ་གཉིས་པའོ།། །།དེ་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གཉིས་མེད་དག་པའི་ཞིང་ཁམས་ནས། །རང་བྱུང་མཆོད་རྟེན་ཆེན་པོ་བརྒྱད། །འགྲོ་བའི་དོན་དུ་སྤྱན་དྲངས་ཏེ། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་བརླབས་ཤིང་གཤེགས་སུ་གསོལ། །གསལ་ལ་དག་པའི་གནས་མཆོག་ནས། །སྤྲུལ་པའི་མཆོད་རྟེན་བརྒྱད་པོ་ཡང་། །འགྲོ་བའི་དོན་དུ་སྤྱན་དྲངས་ཏེ། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་བརླབས་ཤིང་གཤེགས་སུ་གསོལ། །རྣམ་པར་དག་པའི་ཞིང་ཁམས་ནས། །སྐུའི་མཆོད་རྟེན་བསམ་ལས་འདས། །ཤེས་རབ་རྩལ་དང་རྫུ་འཕྲུལ་ལྡན། །སྐུ་ཡི་སངས་རྒྱས་ཀུན་གྱིས་བསྐོར། །འགྲོ་བའི་དོན་དུ་སྤྱན་དྲངས་ཏེ། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་བརླབས་ཤིང་གཤེགས་སུ་གསོལ། །རྣམ་པར་དག་པའི་ཞིང་ཁམས་ནས། །གསུང་གི་མཆོད་རྟེན་བསམ་ལས་འདས། །སྒྲ་དང་དབྱངས་དང་སྡེ་ཡི་སྡེ། །མཁྱེན་པའི་ཡེ་ཤེས་གསལ་བ་ཡིས། །མ་རིག་མུན་པ་ཀུན་སེལ་བ། །དམིགས་པ་མེད་པའི་ཏིང་འཛིན་བསྒོམ། །འགྲོ་བའི་དོན་དུ་སྤྱན་དྲངས་ཏེ། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་བརླབས་ཤིང་གཤེགས་སུ་གསོལ། །རྣམ་པར་དག་པའི་ཞིང་ཁམས་ནས། །ཐུགས་ཀྱི་མཆོད་རྟེན་བསམ་ལས་འདས། །མཁྱེན་པའི་ཡེ་ཤེས་གསལ་བ་ཡིས། །མ་རིག་མུན་པ་སེལ་མཛད་པ། །དམིགས་པ་མེད་པའི་ཏིང་འཛིན་བསྒོམ། །འགྲོ་བའི་
དོན་དུ་སྤྱན་དྲངས་ནས། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །ཡིད་ཀྱི་མཆོད་རྟེན་ཏིང་འཛིན་སྐུ། །ནམ་མཁའི་དབྱིངས་དང་རྒྱ་མཚོའི་འཇིང་། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་བྲི། །མ་ལུས་བཞུགས་པ་ཐམས་ཅད་ཀྱང་། །ཏིང་འཛིན་གསལ་བའི་བྱིན་རླབས་ཀྱིས། །འགྲོ་བའི་དོན་ལ་གཤེགས་ནས་ཀྱང་། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །རིགས་ཀྱི་མཆོད་རྟེན་ཆེན་པོ་ལྔ། །རང་བྱུང་རྟེན་པའི་གནས་ཡིན་ཏེ། །འགྲོ་བའི་དོན་དུ་སྤྱན་དྲངས་ནས། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བི་ཏ་ར་སུ་ཙི་ཏེག་གན་ས་མ་ཡེ་སྭཱ་ཧཱ། དྷཱུ་པེ་པུཥ྇་ཨཱ་ལོ་ཀེ། གན་དྷི། དེ་ལྟར་མཆོད་དང་བསྟོད་པ་བྱ། །སྔགས་ཀྱི་རིམ་པ་བཟླ་བར་བྱ། །ཕྱག་རྒྱ་ཡང་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པའི་རྟེན་སྤྱན་དྲངས་པའི་ལེའུ་སྟེ་བརྒྱ་དང་སོ་གསུམ་པའོ།། །།དེ་ནས་གཟུངས་སྔགས་འཐོན་པ་སྟེ། ན་མཿས་མནྟ། བུད་དྷཱ་ནཱ་ན། གརྦྷེ་དྷར་མ་དྷཱ་ཏུ་སྭཱ་ཧཱ། ས་གཞི་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་པའི་སྔགས་སོ། །ལག་པ་ཐལ་མོ་ཁོང་སྟོང་སྦྱར། །སྔགས་པའི་ཕྱག་རྒྱ་དེ་ཡིས་ནི། །བྱིན་གྱིས་བརླབ་པར་བྱ་བའོ། །ལག་པ་ཐལ་མོ་ཁོང་སྟོང་སྦྱར། །སོར་མོ་རྣམས་ནི་ཕྱིར་བཀྱེད་དེ། །པདྨའི་ཕྱག་རྒྱ་འདྲ་བར་བྱ། །ན་མཿས་མནྟ་ཤུ་ནྱཱ་ཏ་ཛྙཱ་ན་སྭཱ་ཧཱ། རྨད་ཁྲི་བྱིན་གྱིས་བརླབ་པའོ། །ལག་པ་ཐལ་མོ་སྦྱར་བ་ཕྱིར་བཀྱེད་དེ། །མཐེའུ་ཆུང་གཉིས་ནི་ནང་དུ་བཀུག །མཐེ་བོང་གཉིས་ཀྱི་རྩེ་མོ་རུ། །མཛུབ་མོ་གཉིས་ནི་བཀུག་ལ་སྦྱར། །ན་མཿས་མནྟ་བུདྡྷཱ་ནཱན་ཏ་ཐཱ་ག་ཏ་སྨི་ཏི་སྭཱ་ཧཱ། ཧྲི་བ་ཨ་བུད་ག་ག་ནས་མ་ཡ་སྭཱ་ཧཱ། དྲན་པ་ཉེ་
བར་གཞག་པའི་ཕྱག་རྒྱ་ཡིན། །ལག་པ་ཁོང་སྟོང་ཐལ་མོ་སྦྱར། །མཛུབ་མོ་གཉིས་བསྒྲེང་ཚོགས་ནི་གསུམ་པ་དགུག །ན་མཿས་མནྟ་བུདྡྷཱ་ནཱན། ཨ་ཏི་སུ་ག་ཏ་ས་མནྟ་པྲ་ཏི་བི་ཤུ ཉླྀ ་སྭཱ་ཧཱ། དེ་བཞིན་གཤེགས་པ་སོ་སོ་ཡང་དག་པ་རིག་པའི་སྔགས་དང་ཕྱག་རྒྱ་སྟེ། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔའི་རང་བཞིན་ནོ། །བུམ་རྟེན་སྟོབས་ལྔ་དང་། བུམ་པ་བྱང་ཆུབ་ཡན་ལག་བདུན་དང་། འཁོར་ལོ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་ཐུན་མོང་མ་ཡིན་པའི་དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་ལ་སོགས་པ་འབྲས་བུའི་ཆོས་ཉིད་དབྱིངས་སུ་བྱིན་གྱིས་བརླབ་པའི་སྔགས་དང་ཕྱག་རྒྱ་ནི། སྟོབས་བཅུའི་སྔགས་དང་ཕྱག་རྒྱར་འདུས་ཏེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། མཐེ་བོང་གཉིས་དང་མཐེ་ཆུང་གཉིས་ནང་དུ་བཅུག་ལ། གཅིག་དང་སྤྲད་ལ་འདི་ནི་སྟོབས་བཅུའི་ཕྱག་རྒྱ་སྟེ། ན་མཿས་མནྟ་བུདྡྷཱ་ནཱན་ད་ཤ་པ་ལ་ཀ་ཏ་ར་ས་ཧཱུཾ་ས་ཛ་སྭཱ་ཧཱ། ཏོག་དཀར་བྱིན་གྱིས་བརླབ་པ་ནི། །ལག་གཉིས་ཁུ་ཚུར་བཅངས་པ་ལ། །གུང་མོ་གཉིས་བསྒྲེངས་ཏེ། ཚིགས་དབུས་མར་དགུག །མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་སོ་སོར་བསྒྲེངས་ཏེ། རྡོ་རྗེ་རྩེ་ལྔ་པར་བྱས་ལ། ན་མཿས་མནྟ་བུདྡྷཱ་ནཱན་དྷརྨ་ཀ་ཡ་སྭཱ་ཧཱ། དར་དཔྱངས་མཉམ་པ་ཉིད་དུ་བྱིན་གྱིས་བརླབ་པ་ནི། ལག་གཉིས་ཐལ་མོ་ཁོང་སྟོང་སྦྱར། མཛུབ་མོ་གཉིས་དགུག་མཐེ་བོང་ནང་དུ་བཟུང་། སྲིན་ལག་གཉིས་ཀྱང་མཐེ་བོང་བར་དུ་མཛུབ་མོ་བཏེགས་པའི་བར་དུ་བཟུང་། ན་མཿས་མནྟ་བུདྡྷཱ་ནཱན། སརྦ་དྷརྨ་ས་མནྟ་པྲ་བ་ཏ་ཐཱ་ག་ཏ་མ་ནུ་ག་ཏ་སྭཱ་ཧཱ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའི་སྔགས་དང་ཕྱག་རྒྱའོ། །དེ་ལྟར་གསལ་བར་བྱས་པ་དང་། །དབང་བསྐུར་སྤྱན་དྲང་ཞལ་སྲོ་དང་། །ལྷ་ཡི་སྤྱན་ནི་དབྱེ་བྱའོ། །བསྐོར་བ་བྱ་དང་སྒྲ་སྙན་བསྒྲག །དར་གྱི་ལྡ་ལྡི་ཕྱང་འཕྲུལ་གདགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྔགས་དང་ཕྱག་རྒྱའི་ལེའུ་སྟེ་བརྒྱ་དང་སོ་བཞི་
པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ཏེ། དབང་ཆེན་འདུས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཚེ་ཡི་དུས་བྱས་ནས། །ངན་སོང་གནས་སུ་འཁྱམ་པ་ལ། །དེ་ལ་དྲང་ཐབས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། དབང་ཆེན་ཀུན་འདུས་བཀའ་སྩལ་པ། །སེམས་ཅན་ལས་ཀྱི་འཁྱམས་པ་དེ། །འཁོར་བ་ངན་སོང་གནས་ནས་དྲང་བ་ནི། །ཐབས་དང་ཤེས་རབ་ལྡན་པས་དྲངས། །ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ། །སེམས་ཅན་ཚེ་ཡི་དུས་བྱས་ཏེ། །ངན་སོང་འཁོར་བའི་གཏིང་ན་ནི། །རྟོག་པའི་དྲ་བས་བཅིངས་ནས་འཁོར་བའི་རྙི་ཡིས་བཟུང་། །ཚུལ་བཞིན་ཆོས་ཉིད་ངང་དུ་བསྒྲལ་དགོས་པས། །དེ་ནས་སེམས་ཅན་བྱིན་བརླབ་སྟེ། །གཉེན་པོ་རང་ལས་བྱུང་བ་ཡིན། །མིག་ལ་ཡི་གེ་རཾ་དགོད་པས། །ཡེ་ཤེས་མེ་ཡི་དཀྱིལ་འཁོར་གྱུར། །ཡེ་ཤེས་མེ་དང་བྱང་ཆུབ་སེམས་ཀྱི་མེས། །སེམས་ཅན་མཚན་མའི་བག་ཆགས་བསྲེག་པར་མཛད། །སྣ་ལས་རླུང་གི་དཀྱིལ་འཁོར་གྱུར། །བདག་གི་ཏིང་འཛིན་ཡེ་ཤེས་རླུང་། །སྐྱེ་མཆེད་ཆོས་ཀྱི་རླུང་གིས་ནི། །འགག་མེད་དེ་དག་སྟོང་པར་བསྒོམ། །ལྕེ་སྟེངས་ཁ་ནས་ཆུའི་དལ་བྱུང་། །ཏིང་འཛིན་ཡེ་ཤེས་ཆུ་བོ་དང་། །བྱང་ཆུབ་སེམས་ཀྱི་ཆུ་བོ་ཡིས། །བག་ཆགས་དེ་དག་བཀྲུས་པར་བསྒོམ། །དེ་ནས་བྷྲཱུཾ་ཞེས་རབ་བརྗོད་པས། །སེམས་ཅན་ཕུང་པོ་རིན་པོ་ཆེའི། །གཞལ་ཡས་ཁང་དུ་གྱུར་པའོ། །གཞལ་ཡས་ཁང་ནི་དེ་ནང་དུ། །ཏིང་ཧཱུཾ་ཞེས་ནི་བརྗོད་པ་ཡིས། །སེམས་ཅན་ཏི་ཡིག་དུད་ཀར་འདུག །ཐུགས་རྗེ་ཏི་ཡིག་དུད་ཀས་སྦྱངས། །དུད་ཀའི་ཏི་ཉིད་ཡི་གེ་ཧཱུཾ་དུ་གྱུར། །དེ་ལས་དཔའ་བོ་འབྲུ་ལྔ་བྱུང་། །སྤྱི་བོའི་གཙུག་ཏུ་ཨོཾ་ཡིན་ཏེ། །ལྕེ་ལ་ཡི་གེ་ཨཾ་གིས་མཚན། །སྙིང་གར་ཧཱུཾ་ནི་དགོད་པ་སྟེ། །ལྟེ་བར་ཡི་གེ་སྭཱ་ཡིན་ནོ། །རྐང་པའི་མཐིལ་དུ་ཧ་ལྗང་བསྒོམ། །སྭཱ་ཧཱས་བསྡུས་པ་ཡིན་པའོ། །སྭཱ་ཧཱུཾ་ཧཱུཾ་ཧཱུཾ་ཨོཾ་ཨཾ། ཚིག་བཤད་འདི་ཡིས་བག་ཆགས་སྦྱང་། །
ཨོཾ་ལས་ཡེ་ཤེས་ནམ་མཁར་གྱུར། །ཁྱོད་ཀྱི་བག་ཆགས་དེས་སྦྱང་ངོ་། །ཨོཾ་ལས་ཡེ་ཤེས་ཆུ་སྦྱར་བས། །ཁྱོད་ཀྱི་བག་ཆགས་དེས་བཀྲུའོ། །ཧཱུཾ་ལས་ཡེ་ཤེས་ས་བྱུང་བས། །ཁྱོད་ཀྱིས་ལྔ་ཕུང་དེས་བརྟན་ནོ། །སྭཱ་ལས་ཡེ་ཤེས་མེ་བྱུང་བས། །ཁྱོད་ཀྱི་བག་ཆགས་དེས་བསྲེག་གོ། །ཧ་ལས་ཡེ་ཤེས་རླུང་བྱུང་བས། །ཁྱོད་ཀྱི་སྒྲིབ་པ་དེས་བསལ་ལོ། །རྐང་མཐིང་ཡི་གེ་ཧ་བསྒོམ་པས། །དོན་ཡོད་གྲུབ་པ་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །ཕྲག་དོག་རིགས་ཀྱི་སྒོ་བཅད་དོ། །མི་རྣམས་ཀུན་གྱི་གནས་སྟོངས་སོ། །ལས་ཀྱི་རིགས་ཀྱི་ཐུགས་དམ་སྐོང་། །དོན་ཡོད་གནས་སུ་སྥ་ར་ན་ཕཊ། །ལྟེ་བར་ཡི་གེ་སྭཱ་བསྒོམ་པས། །རིན་ཆེན་འབྱུང་གནས་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་བརླབས་ཀྱིས། །ང་རྒྱལ་རིགས་ཀྱི་སྒོ་བཅད་པས། །ལྷ་མ་ཡིན་གྱི་གནས་ཀྱང་སྟོངས། །རིན་ཆེན་རིགས་ཀྱི་ཐུགས་དམ་སྐོང་། །འབྱུང་ལྡན་གནས་སུ་སྭ་སྥ་ར་ན་ཕཊ། །སྙིང་གར་ཡི་གེ་ཧཱུཾ་བསྒོམ་པས། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །ཞེ་སྡང་རིགས་ཀྱི་སྒོ་བཅད་ནས། །དམྱལ་བ་རྣམས་ཀྱི་གནས་སྟོངས་སོ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་སྐོང་། །སེམས་དཔའི་གནས་སུ་སྥ་ར་ན་ཕཊ། །ལྕེ་སྟེང་ཡི་གེ་ཨོཾ་བསྒོམ་པས། །སྣང་བ་མཐའ་ཡས་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །འདོད་ཆགས་རིགས་ཀྱི་སྒོ་བཅད་པས། །ཡི་དྭགས་རྣམས་ཀྱི་གནས་སྟོངས་སོ། །པདྨ་རིགས་ཀྱི་ཐུགས་དམ་སྐོང་། །མཐའ་ཡས་གནས་སུ་སྥར་ན་ཕཊ། །སྤྱི་བོར་ཡི་གེ་ཨོཾ་བསྒོམ་པས། །རྣམ་པར་སྣང་མཛད་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །གཏི་མུག་རིགས་ཀྱི་སྒོ་བཅད་པས། །བྱོལ་སོང་
རྣམས་ཀྱི་གནས་སྟོངས་སོ། །དེ་བཞིན་གཤེགས་པའི་ཐུགས་དམ་སྐོང་། །སྣང་མཛད་གནས་སུ་སྥ་ར་ན་ཕཊ། །དེ་སྐད་བརྗོད་པའི་སྒོ་ནས་ནི། །ཚོན་གྱི་གྲུ་གུ་བསྒོངས་པ་བཞིན། །ཆོས་ཀྱི་སྐུ་རུ་གྱུར་པའོ། །དེ་ནས་ཕུང་པོ་སྦྱང་བ་དང་། །རྣམ་ཤེས་ཚོགས་བརྒྱད་སྦྱང་བ་ཡི། །དོན་གྱི་འདི་རྣམས་བརྗོད་པར་གསུངས། །ཧཱུཾ་སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་ལྔ་ཕུང་ཡན་ལག་ནི། །གཟུགས་ཀྱི་ཕུང་པོ་སྣང་མཛད་དོ། །ཚོར་བ་རིན་ཆེན་འབྱུང་ལྡན་ཏེ། །འདུ་ཤེས་སྣང་བ་མཐའ་ཡས་ཡིན། །འདུ་བྱེད་དོན་ཡོད་གྲུབ་པ་ལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་ཡིན། །ཕུང་པོ་ལྔ་ཡང་མངོན་སངས་རྒྱས། །སྙིགས་མ་ལྔ་ཡང་བདེ་ལྡན་གནས། །ཤི་བ་བྱ་བ་མིང་ཡང་མེད། །མི་འགྱུར་བརྟན་ནས་གསེར་བཞིན་ནོ། །སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་གཟུགས་ཀྱི་ཡན་ལག་ལ། །འབྱུང་བ་ཆེན་པོ་ལྔ་གནས་ཏེ། །ཁྱོད་ཀྱི་ཤ་ནི་ས་ཡིན་ཏེ། །ས་ནི་ཡུམ་ཆེན་སངས་རྒྱས་སྤྱན། །ཁྱོད་ཀྱི་དྲོད་ནི་མེ་ཡིན་ཏེ། །མེ་ནི་ཡུམ་ཆེན་གོས་དཀར་མོ། །ཁྱོད་ཀྱི་ཁྲག་ནི་ཆུ་ཡིན་ཏེ། །ཆུ་ནི་ཡུམ་ཆེན་མཱ་མ་ཀི། །ཁྱོད་ཀྱི་དབུགས་ནི་རླུང་ཡིན་ཏེ། །རླུང་ནི་ཡུམ་ཆེན་དམ་ཚིག་སྒྲོལ། །ཁྱོད་ཀྱི་སེམས་ནི་ནམ་མཁའ་ཡིན། །ནམ་མཁའ་ཀུན་ཏུ་བཟང་མོ་ཡིན། །འབྱུང་བ་ལྔ་ཡང་མངོན་སངས་རྒྱས། །སྙིགས་མ་ལྔ་ཡང་བདེ་ལྡན་གནས། །ཤི་བ་བྱ་བའི་མིང་ཡང་མེད། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་རྣམ་ཤེས་ཚོགས་བརྒྱད་ལ། །བྱང་ཆུབ་སེམས་དཔའ་བརྒྱད་དགོད་དོ། །རྣ་བ་ཕྱག་ན་རྡོ་རྗེ་ལ། །མིག་ནི་ས་ཡི་སྙིང་པོ་ཡིན། །སྣ་ནི་ནམ་མཁའི་སྙིང་པོ་ཡིན། །ལྕེ་ནི་སྤྱན་རས་གཟིགས་དབང་སྟེ། །མགྲིན་པ་འཇམ་དཔལ་གཞོན་ནུ་ཡིན། །ཉོན་མོངས་ཡིད་ནི་སྒྲིབ་སེལ་ཡིན། །རྣམ་ཤེས་ཡིད་ནི་བྱམས་པ་ཡིན། །ཀུན་གཞི་ཀུན་ཏུ་བཟང་པོ་ཡིན། །དེ་ཡི་ཡུལ་བརྒྱད་ལྷ་མོ་བརྒྱད། །རྣམ་ཤེས་བརྒྱད་ཀྱང་མངོན་སངས་རྒྱས། །ཤི་བ་བྱ་བ་མིང་ཡང་མེད། །མི་འགྱུར་བརྟན་པས་
གསེར་བཞིན་ནོ། །སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་ཡན་ལག་སྒོ་བཞི་ནི། །ཁྲོ་བོ་ཆེན་པོ་བཞི་ཡིན་ཏེ། །ལག་པ་གཡས་པ་སྟོབས་པོ་ཆེ། །ལག་པ་གཡོན་པ་གཤིན་རྗེ་གཤེད། །རྐང་པ་གཡས་པ་རྟ་མཆོག་དཔལ། །རྐང་པ་གཡོན་པ་བདུད་རྩི་འཁྱིལ། །དེ་ཡི་ཡུམ་བཞི་ཁྲོ་མོ་བཞི། །མི་ཕམ་མ་དང་ཁྲོ་གཉེར་མ། །རལ་གཅིག་མ་དང་རོ་ལངས་མ། །ཡན་ལག་བཞི་ཡང་མངོན་སངས་རྒྱས། །ཤི་བ་བྱ་བ་མིང་ཡང་མེད། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །དེ་ནས་སྤྱོད་པའི་སྐྱེ་འགག་དང་། །ཆོས་ཉིད་རྣམ་དག་དོན་གྱི་ཕྱིར། །སེམས་ཅན་ཐམས་ཅད་བསད་པའི་རྒྱུ། །མ་སྐྱེས་ཕྱིར་ཡང་བསད་པའོ། །སེམས་ཅན་ཐམས་ཅད་ཟ་བའི་རྒྱུ། །གདོད་ནས་སྙིང་པོ་བྱང་ཆུབ་ལུང་། །སེམས་ཅན་ཐམས་ཅད་གཏུབ་པའི་རྒྱུ། །སྐྱེ་མེད་བྱང་ཆུབ་སེམས་སུ་བསྡུ། །སེམས་ཅན་ཐམས་ཅད་བཟའ་བའི་རྒྱུ། །གཉིས་མེད་བྱང་ཆུབ་སེམས་སུ་བསྡིམ། །ཙིཏྟ་སྦུབས་ནས་རཀྟ་གཞིབས། །བྱང་ཆུབ་སེམས་ཀྱི་དོན་དང་ལྡན། །རཱ་ག་ཆགས་པའི་རྒྱུ་ནི་ཁྲག་ཡིན་ཏེ། །ཉོན་མོངས་འཁོར་བའི་བག་ཆགས་སྦྱང་བའོ། །ཧ་ཧ་ཞེས་ནི་ཙིཏྟའི་རཀྟ་གཞིབས། །རཾ་ནི་མེ་སྟེ་ཆགས་པའི་རྒྱུ་ནི་ཁྲག་ཡིན་ཏེ། །འཁོར་བའི་ར་བ་མ་ལུས་བསྲེག་པར་བྱའོ། །རཀྟ་ཆགས་པའི་རྒྱུ་ནི་ཁྲག་ཡིན་ཏེ། །སྡུག་བསྔལ་རྒྱ་མཚོ་མ་ལུས་སྐེམ་པར་བྱའོ། །ཙིཏྟ་མཐོར་ཏོ་ཁ་ཕྱེ་སྟེ། །སྣང་གསལ་སྡོང་བུ་གཅིག་བསམ་མོ། །ཨ་དཀར་ལྟ་བུའི་བྱང་ཆུབ་སེམས། །ལུས་ཀྱི་སྡོང་བུར་སེམས་གནས་ཏེ། །ཛཿཧཱུཾ་བཾ་ཧོཿཐུགས་ཀར་ཐིམ། །རྩེ་མོ་བྱུང་རྒྱལ་བདེ་ཆེན་པོ། །ལྗོན་ཤིང་དམར་པོ་ཐུགས་ཀར་གནས། །ཉི་མ་སྟོང་ཞེས་ཆེ་སྙམ་སྟེ། །དེ་ནས་གཟི་མདངས་འདུས་པའི་ཐིག་ལེ་ཆེ། །རྟག་པ་ཆེན་པོ་དག་ལ་གང་གནས་པ། །རྟག་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །ཐིག་ལེ་ཆེན་པོ་ཀུན་ནས་ཐམས་ཅད་གནས། །མཁས་པས་བཙལ་ཀྱང་རྙེད་པར་ག་ལ་གྱུར། །མི་འགྱུར་ཡུམ་གྱི་གཞལ་ཡས་སུ། །སྐལ་བ་ལྡན་
པ་ཁྱོད་ཉིད་ནི། །རྒྱལ་བའི་སྲས་སུ་བསྐྱེད་པར་བྱའོ། །ཕ་རོལ་ཕྱིན་པ་བཅུ་རྫོགས་ཤེས་རབ་དབྱིངས་ཀྱི་བཞུ། །དམ་ཚིག་སྙིང་རྗེར་འདྲེལ་བའི་ཤུལ་ཕོར་ཞིང་། །དམ་ཚིག་རྒྱན་གྱི་མཆོག་ལ་རིན་ཆེན་གསེར། །ཀ་ལ་པིང་ཀ་ལ་ཡི་རྒྱུད་ཕྲེང་ལ། །མཐའ་གཉིས་བྲལ་བའི་ཡེ་ཤེས་རྨྱུག་མ་ལ། །ཐབས་དང་ཤེས་རབ་འདྲེལ་བའི་མེ་ལ་སྲོས། །ཉོན་མོངས་དུག་གསུམ་འཇོམས་པའི་ཆུ་ཕྱུང་ལ། །ཡེ་ཤེས་མཁའ་འགྲོའི་སྒྲོ་བཞི་དེ་ལ་བསྐྱོན། །རྣོ་དབལ་ཏིང་འཛིན་མདེའུ་ཡིན། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡར་གསུམ་གྱིས། །ང་དང་བདག་ཏུ་འཛིན་པའི་རྟོག་པ་བཅོམ། །སྐུ་ལས་བསྐྱེད་པའི་རྒྱལ་བའི་སྲས་སུ་བསྒོམ། །མི་འགྱུར་ཡུམ་གྱི་མཁའ་དབྱིངས་རྣམ་དག་པས། །རྒྱལ་བའི་སྲས་སུ་མ་ལུས་བསྐྱེད་པར་བྱའོ། །རྒྱལ་བ་དགོངས་པ་ཀུན་འདུས་པ། །དབང་ཡང་དེ་ཉིད་ཉིད་དུ་རྫོགས། །འགྲོ་དོན་ཐབས་ཀྱི་བསྐུལ་བའི་མཆོག །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །ཡང་བཞུ་ཡང་བཏུལ་གསེར་དཔེ་བཞིན། །བཞུ་བཏུལ་ཏིང་འཛིན་རྩལ་ཡང་སྦྱང་། །དེ་ལ་ཉེས་པས་གོས་མི་འགྱུར། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཉོན་མོངས་འཁོར་བའི་གནས་ནས་དྲང་ཞིང་དོན་ལ་དགོད་པའི་ལེའུ་སྟེ་བརྒྱ་དང་སོ་ལྔ་པའོ།། །།བཅོམ་ལྡན་དབང་ཆེན་ཀུན་འདུས་ལ། །ཕྱག་ན་རྡོ་རྗེས་ཡང་གསོལ་པ། །ཨེ་མ་ཧོ་དབང་ཆེན་ཀུན་འདུས་གཙོ། །བདག་ལ་ལོག་པར་བདག་ཏུ་འཛིན་ཅིང་བལྟ། །དེ་དག་མནན་ནམ་དད་གཞུག་ན། །ལས་ཀྱི་རིམ་པ་ཇི་ལྟར་ལགས། །ཀུན་འདུས་མཆོག་གིས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོ་དེས་གསོལ་བའི་དོན་ཐུགས་སུ་ཆུད་ནས། པདྨའི་རྒྱལ་པོ་ཧེ་རུ་ཀས། །གཟིགས་ཐབས་ཆེན་པོ་ནུབ་ཏུ་མཛད། །ཡེ་ཤེས་རྒྱུ་ཉིད་དག་པ་ལ། །ང་དང་བདག་ཏུ་རྟོག་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱུ་རུ་འགྱུར། །ཁམས་གསུམ་འདི་དག་བསྒྲལ་བའི་ཞིང་། །དབང་དུ་བསྡུ་བའི་
ལས་མཛད་དོ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབས། །ཁམས་གསུམ་མ་ལུས་བསྒྲལ་བའི་ཞིང་། །ཏ་ན་ཆེན་པོ་བྱ་བའི་ཕྱིར། །བདེ་གཤེགས་མང་པོ་ཀུན་འདུས་ཤིང་། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ཉོན་མོངས་འཁོར་བའི་རྒྱ་དྲལ་ཏེ། །བདུད་དང་གཤིན་རྗེ་འཁོར་བཅས་ཀུན། །གཉིས་མེད་རོལ་པའི་ཕྱག་རྒྱ་ཡིས། །དུས་ལ་བབ་པོ་ས་མ་ཡ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་སྟེ། །རྩེ་རྒྱལ་བརྟེན་པའི་གནས་ཆེན་དེར། །བོ་དེ་ཙིཏྟའི་དབྱིངས་ཉིད་དུ། །ཁམས་གསུམ་འཁོར་བ་ཀུན་བསྡུ་བའོ། །ཨོཾ་མ་ཧཱ་དེ་བ་མ་ཏྲཾ་ཀ་རུ་དྲ། ཨངྐུ་ཤ་ཛ། དེ་ལྟར་བཀུག་པས་མ་དད་སྟེ། །དམ་བདར་ལེགས་པ་ཉེས་པ་བརྗོད། །ཐར་པའི་ལམ་འབྱེད་དཀྱིལ་འཁོར་འདིར། །བྲོད་པ་ཅན་རྣམས་འོང་བ་ལྟར། །སྐལ་དང་ལྡན་པ་རིགས་ཀྱི་བུ། །དེང་འདིར་འོངས་པ་ལེགས་ཏེ་འོང་། །ཨོཾ་བཛྲ་གྷུ་ཧྱེ་ཏྲི་ཤྱ་ས་མ་ཡ་སྟྭཾ། དེ་ཡིས་ཕྱག་རྒྱ་བརྡའ་ཡང་བསྟན། །ཤར་ཕྱོགས་ལམ་སྒོའི་འཇིག་རྟེན་ན། །ཡང་དག་ཐར་ལམ་སྤྱོད་པ་ཡི། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །ཁྱོད་ནི་སྒྲུབ་པ་ཀུན་ལ་སྒྲིབ། །ཡང་དག་ཤེས་རབ་ཡེ་ཤེས་ཀྱི། །རྩ་ཁུངས་རྟག་ཆད་བདག་ལས་བྱུང་། །བདག་འཛིན་བདག་ཏུ་རྟོག་པ་ནི། །བདག་མེད་སྟོང་པའི་ཐོ་བས་གཞོམ། །བདག་པོ་ཐབས་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །དེ་ཉིད་བདག་རྟོགས་ཡིན་པས་ན། །བདག་མེད་སྟོང་པའི་སྟོབས་ཀྱིས་གཞོམ། །ཨཱད་མ་ན་ཏི་མ་ཧཱ་ནྱ་ཏ་བཛྲ་མུ་ཀ་ར་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། སརྦ་པཱ་ས་ག་ར་ཧེ་དུག་པྲ་བེ་ཤ་མ་ཏྲ་ད་ཀ་རུ་དྲ་ཧཱུཾ་ཕཊ། ཨ་ཀཪྴ་རུ་དྲ་ཧཱུཾ་ཕཊ། ཁ་ཏྲཾ་ཁ་རུ་དྲ་ཧཱུཾ་ཕཊ། ཨོཾ་ཏྲ་ས་ཏྲི་མུ་ཙལ། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། སརྦ་སུ་ཀ་སརྦ་ཀརྨ་སརྦ་ཀླེ་ཤ་ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། སརྦ་པ་ཏི་ཙི་ཏྲན། ཁངྒ་ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། དྲེགས་པ་ཅན་ཐམས་ཅད་དུས་གཅིག་ཏུ་སྒྲ་དེའི་འདུས་པའོ། །དེ་ཡིས་མ་ཏྲཾ་བསྒྲལ་བའོ། །ཆོས་ཅན་གྱི་ནི་གོ་གོས་ཏེ། །དབང་ཆེན་སྟོབས་ཀྱང་ཆེ་བའོ། །བདག་སྟོང་མཚོན་ཆ་རྣོན་པོ་ཡིས། །གདབ་པ་དག་ཀྱང་དེ་ཡིས་ཐེབས། །ཆོས་ཀུན་དག་ཏུ་རང་
གི་ངོ་བོས་སྟོང་། །རྒྱལ་བའི་སྲས་རྣམས་དངོས་ཀུན་རྣམ་པར་འཇིག །སྲིད་པ་ཇི་བཞིན་ཡེ་ནས་སྟོངས་པ་ཡིན། །འཕགས་པ་ཐམས་ཅད་བདག་ལ་གསོན། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི། །ཤེས་རབ་དང་ནི་སྙིང་རྗེ་དང་། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་སྦྱང་བར་མཛད། །འཚོ་བའི་བདག་པོ་ཚེ་དང་སྲོག །གསོན་པ་དག་ཀྱང་བར་གཅོད་པའི། །བདུད་དང་གཤིན་རྗེ་འཁོར་བཅས་ལ། །གཞོམས་ཤིང་བསད་པའི་གཉེན་པོ་ནི། །འཇམ་དཔལ་སྤྲུལ་པ་ཁྲོས་པའི་མཆོག །སྲིད་གསུམ་མཐར་བྱེད་རྔམ་པ་དེས། །ཁ་ཊྭཱཾ་ཐོད་དབྱུག་མི་བཟད་པ། །གཤིན་རྗེ་བཅོམ་ནས་གསད་པར་བྱ། །རོ་ཡང་འཛམ་བུའི་གླིང་དུ་བོར། །ས་གཞི་དུར་ཁྲོད་བརྒྱད་པོ་ཡིས། །བདག་པོ་དྲེགས་པ་བསྣོལ་བ་ཡི། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་ཐུག་པ་མེད། །དེ་ཡང་མཁྲིག་གཉིས་བསྣོལ་བའོ། །སྤྱང་ཀི་དང་ནི་ཀང་ཀ་བྱ། །ལག་པ་གཡོན་པའི་མཁྲིག་མ་ལ། །ཁྱི་གཉིས་དང་ནི་བྱ་རྒོད་དེ། །ཐལ་བའི་མདོག་ལ་ལུས་བསྒྲེང་བའོ། །ཨོཾ་ཤྲཱི་པདྨ་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་ཏྲ་པ་བྷན་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་། །མཚོན་པའི་བར་དུ་ཚེ་དང་སྲོག །བདེ་བར་གཤེགས་པས་བསྐྱབ་ཏུ་གསོལ། །འཆི་བའི་སྡུག་བསྔལ་འདིར་འབྱུང་ངོ་། །མ་ཏྲཾ་ཆེན་པོ་དེ་དྲེད་ནས། །ཤི་བས་ཐོན་པའི་ཚིག་ཏུ་བསྟན། །པདྨའི་རྒྱལ་པོ་ཧེ་རུ་ཀས། །འདི་སྐད་ཐུགས་ལས་ཐོན་པའོ། །སྐྱེ་བའི་རྐྱེན་གྱིས་འཆི་བ་ཡིན། །སྡིག་པའི་རྐྱེན་གྱིས་བཅོམ་པས་འཆི། །བདག་དང་དངོས་པོའི་བལྟ་བས་འཇིགས། །ང་ཡི་བསྟན་པ་འདི་ལ་གཟུང་། །འོན་ཀྱང་འཆི་བའི་སྡུག་བསྔལ་བྲལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིག །ས་མ་ཡ་ཀེ་ཤ་ཙིཏྟ་ཛྭ་ལ་ཧཱུཾ་ཕཊ། དེ་ཡིས་ཟིལ་གྱིས་གནན་པར་བྱ། །དེ་ནས་ཡང་ནི་འདི་སྐད་དོ། །གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུགས་འཛིན་རྐང་
ལག་བསྣོལ་བ་ཡིས། །ཡུལ་ལས་འདས་པའི་སྒོ་ཕྱེ་ཞིག །ཧཱུཾ་ཧཱུཾ་ཕཊ་ཕཊ། མ་ཏྲཾ་ཀ་རུ་ཏྲ་སརྦ་ཏེ་ཙོ་སྤྱན་དྲང་། དེ་ཡི་ཁོག་པ་དྲལ་བར་བྱ། །དྲེགས་པ་མ་རུངས་ལྷ་ཆེན་ཁྱོད། །སེམས་ཀྱི་སྒོ་ཀུན་དེང་དབྱེའོ། །རྡོ་རྗེ་འབར་བའི་སྤུ་གྲི་ཡིས། །གནས་ནི་སྒོ་ཀུན་དེས་ཕྱེ་ནས། །སེམས་ཀྱི་བདག་པོ་བཞུགས་པར་བྱ། །པྲ་བེ་ཤ་ཕཊ། ཁོ་ཡི་ཤེས་པ་ཡི་གེས་ཏེ། །དེ་ལ་ཐབས་ཀྱིས་དྲང་བ་ཡིན། །ཁམས་གསུམ་ནས་བྱུང་སེམས་ཅན་རྣམས། །རྡོ་རྗེ་སྐུ་ཡི་ཁྱད་པར་གྱིས། །འོད་ཟེར་ཚུལ་དུ་བསྡུས་ནས་ནི། །དེ་དག་བདག་གི་གཟུགས་ལ་བཟུང་། །ཡི་གེ་དེ་ནི་ཚུར་འདུས་ཐིམ། །ཨོཾ་པྲཛྙཱ་ཀེ་ཤ་ཙིཏྟ་ཛྭ་ལ་ཧཱུཾ་ཕཊ། ཤེས་པ་གཉིས་མེད་གྱུར་པ་ཡིས། །ཡང་དག་བསྒྲལ་ལ་མེད་པར་བསྟན། །ཆོས་ཉིད་སྐྱེ་འགག་མེད་པ་ལ། །བདེ་བར་གཤེགས་པ་འཕྲོ་བ་ཞེས། །དབྱིངས་སུ་བཅུག་པས་གཉིས་སུ་མེད། །ཀུན་ཀྱང་མཉམ་ཉིད་ངོ་བོ་ཉིད། །ཐམས་ཅད་སྙིང་པོ་བྱང་ཆུབ་པས། །མ་སྐྱེས་པས་ཀྱང་འགག་པར་འཇིག །བདག་ཉིད་ཡེ་ནས་མཉམ་པའི་སྐུ། །ཐུགས་རྗེ་ཆེན་པོར་ཅིར་མ་མཛད། །དབང་ཕྱུག་ཆེན་པོ་ཧེ་རུ་ཀས། །དུར་ཁྲོད་བརྒྱད་ཀྱི་མ་མོ་བསྡུས། །གནས་བསྲུང་བ་དང་ལས་བཅོལ་བྱ། །དྲེགས་པ་ཆེན་པོའི་གཞལ་ཡས་སུ། །སྒྲུབ་པ་ཆེན་པོ་གང་བསྒྲུབ་པ། །དུར་ཁྲོད་བརྒྱད་ཀྱི་མ་མོ་ཀུན། །ཁྲག་འཐུང་དམ་ཚིག་ཇི་བཞིན་དུ། །བྱིན་དང་དངོས་གྲུབ་འབེབས་པར་བྱེད། །དེ་ལྟར་ལས་རིམ་བསྟན་པ་ཡིས། །མ་དད་པ་ཡང་དད་ལ་བཙུད། །ལྷག་མ་མེད་པར་དེ་བཀོད་དོ། །དེ་ལྟར་གནས་རྣམས་བསྟན་པའོ། །རྟ་མཆོག་རོལ་པའི་རྒྱུད་ལས། མ་ཏྲཾ་ཆེན་པོ་མནན་པ་དང་གནས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་དྲུག་པའོ།། །།དེ་ནས་ཡང་སྟོན་པ་དབང་ཆེན་ཀུན་འདུལ་གྱིས། ཕྱག་ན་རྡོ་རྗེ་ལ་སོགས་པའི། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐམས་ཅད་ཀུན་ཏུ་བཟང་པོའི་རང་བཞིན་ཏེ། །ཀུན་ནི་ཀུན་གྱི་མཆོག་ཡིན་ནོ། །ཀུན་ནི་ཀུན་གྱི་ངོ་བོ་ཡིན། །ཀུན་ཞེས་མ་ལ་འདྲེལ་བ་ཡིན། །
ཀུན་ཞེས་ཉུང་ལ་འདུས་པ་ཡིན། །ཏུ་ནི་ཡོངས་སུ་མ་ཆད་པ། །བཟང་པོ་བཅོས་མེད་རང་ལ་བྱ། །བྱང་ཆུབ་སེམས་ནི་ཀློང་བརྡལ་བས། །ཀུན་ཏུ་བཟང་པོའི་རང་བཞིན་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །འཁོར་བ་མེད་ཅིང་མྱ་ངན་མེད། །མཐོ་རིས་མེད་ཅིང་ངན་སོང་མེད། །རྫོགས་ཁྱབ་རང་བྱུང་ཡེ་ཤེས་ལ། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །འདི་ལ་གཟུང་ཞིང་གཅད་དུ་མེད། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་དུ་མེད་ཅིང་འཇའ་ཚོན་འདྲ། །གསང་བའི་དཀྱིལ་འཁོར་ཞེས་བྱ་བ། །རྫོགས་པ་ཆེན་པོའི་མན་ངག་གིས། །བྱང་ཆུབ་སེམས་ལས་མ་ཡེངས་ན། །དཀྱིལ་འཁོར་ཐམས་ཅད་འདི་ལ་རྫོགས། །དཀྱིལ་འཁོར་ངེས་དོན་འདི་བསྒོམས་པས། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཐམས་ཅད་བྱང་ཆུབ་སེམས་སུ་འདུས། །ནམ་མཁའ་གར་ཁྱབ་ཆོས་ཀྱིས་ཁྱབ། །ཆོས་ཀྱི་གར་ཁྱབ་སེམས་ཡིན་པས། །ཕྱི་ནང་གཉིས་ཀ་སེམས་སུ་བསྒྲལ། །སེམས་ནི་ཡེ་ནས་མྱ་ངན་འདས། །སྐྱེ་ཤི་གཉིས་ཀྱི་རྒྱུ་ལས་བསྒྲལ། །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །ཇི་ལྟར་སྣང་ཡང་གཟུང་དུ་མེད། །མེད་པ་མ་ཡིན་སྙིང་པོའི་དོན། །འདི་ཞེས་བྱ་བ་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །བློ་ལྡན་རབ་ཏུ་སྐལ་ལྡན་པས། །འདི་ནི་བསྒྲལ་བའི་ལུང་ཞེས་བྱ། །འདི་ཞེས་བྱ་བ་རྒྱལ་བའི་སྲས། །འཁོར་བ་ངན་སོང་བལྟ་བས་གསལ། །རྣམ་པར་རྟོག་པ་དགོངས་པས་བཅོམ། །རང་རིག་ཡེ་ཤེས་ལུང་གིས་བསྟན། །རྣམ་པར་མི་རྟོག་ཆོས་ཉིད་གནས། །དེ་ལྟར་དོན་དེ་རྟོགས་པ་ཡིས། །མ་སྤངས་གནས་སུ་དག་པ་ཡིན། །མ་བགྲོད་གནས་སུ་ཕྱིན་པ་ཡིན། །ཕྱི་ཡི་གནས་དང་འཕྲད་པ་ཡིན། །འབྲས་བུ་སངས་རྒྱས་ཐོབ་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བལྟ་བ་གནས་ཆེན་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་བདུན་པའོ།། །།དེ་ནས་ཀུན་འདུས་མཆོག་གི་བཀའ་སྩལ་པ། ཡི་གེ་རྣམ་པར་སྤྲོས་པ་སྟེ། །སྒྲ་དང་དབྱངས་ཀྱི་ཡི་གེ་བསྟན། །ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་
དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ།ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། དབྱངས་ཀྱི་ཡི་གེ་བཅུ་དྲུག་ནི། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། དེ་ལྟར་ཡི་གེ་རྣམ་པར་སྤྲོས། །ཕྱི་མོའི་ཡི་གེ་བསྟན་པ་དང་། །སྒྲ་ཡི་ཡི་གེ་བསྟན་པ་དང་། །དབྱངས་ཀྱི་ཡི་གེ་བསྟན་པ་དང་། །མ་ནིང་ཡི་གེ་ལ་སོགས་པའོ། །ཡི་གེ་དབྱེ་བ་བསྟན་པ་ཡིན། །སྡེ་དང་ཚན་དུ་དབྱེ་བ་ཡིན། །དེ་ལ་སྡེ་ཚན་ལྔར་དབྱེ་ཡིན། །སྡེ་དང་གྲངས་ནི་བསྟན་པ་དང་། །སྔགས་རྣམས་རབ་ཏུ་བསྡུ་བ་ཡིན། །སྔགས་ཀྱི་རིམ་པ་བསྟན་པ་ནི། །ཕྱི་ནང་གསང་བ་གསུམ་དུ་ཡིན། །རིག་སྔགས་གསང་སྔགས་གཟུངས་སྔགས་དང་། །སྙིང་པོ་ཕྱག་རྒྱ་ལ་སོགས་གསུངས། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབྱངས་དང་སྒྲ་ཡིག་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་མཆོད་པའི་རིམ་པ་འདི་གསུངས་སོ། །ཕྱི་ནང་གསང་བའི་མཆོད་པ་དང་། །ཏིང་ངེ་འཛིན་གྱི་མཆོད་པ་དང་། །རོལ་མོ་ཆ་བྱད་སྒྲ་ཡི་མཆོད་པ་དང་། །ནང་གི་ལྷ་མོ་བཞི་ཡི་མཆོད་པ་དང་། །ཕྱི་ཡི་ལྷ་མོའི་མཆོད་པ་དང་། །འདོད་པའི་ཡོན་ཏན་ལྔ་ཡི་མཆོད་པ་དང་། །རང་རིག་མཐའ་དབུས་མེད་པ་ཡིས། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་ཆེན་དཀྱིལ་འཁོར་གཤེགས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི། །རིགས་བཞི་ལྷ་དང་ལྷ་མོ་དང་། །འཁོར་གྱི་ཁྲོ་བོ་ཁྲོ་མོ་དང་། །སྒོ་མ་ལ་སོགས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་པའོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བསོད་ནམས་ཅན་དུ་དེང་བདག་གྱུར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །མཆོད་པ་དམ་པ་བཞེས་སུ་གསོལ། །ཤྲཱི་བཛྲ་ཨཾ་གུ་ཤ་ཛཿ། ཤྲཱི་བཛྲ་པཱ་ཤ་ཧཱུཾ། ཤྲཱི་བཛྲ་སྥོ་ཊ་བཾ། ཤྲཱི་བཛྲ་གཎྜ་ཧོ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་རྗེའི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་གྱི། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་
གནས་བསྐྱོད་ལ། །བདེར་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ཤྲཱི་བཛྲ་ལཱ་སྱེ་ཧཱུཾ། ཤྲཱི་བཛྲ་མཱ་ལེ་ཏྲཾ། ཤྲཱི་བཛྲ་གཱིར་ཏི་ཧྲཱྀ། ཤྲཱི་བཛྲ་ནཱིརྟི་ཨ། དུང་མདོག་སྒེག་མོ་རྡོ་རྗེའི་སྤྱན། །སེམས་དཔའ་སྔོན་མོ་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །བཛྲ་ལཱ་སྱེ་མཆོད་པ་རོལ། །ཡིད་བཞིན་རིན་ཆེན་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ། །བཛྲ་མཱ་ལེ་མཆོད་པ་རོལ། །པདྨའི་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་ལ། །བཛྲ་གཱིརྟི་མཆོད་པ་རོལ། །གར་མཁན་འགྱིང་མ་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས་ལ། །བཛྲ་ནིརྟི་མཆོད་པ་རོལ། །ནང་གི་མཆོད་པ་དམ་པ་ནི། །ཡེ་ཤེས་བཞི་དང་མཉམ་པར་སྦྱོར། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཤྲཱི་བཛྲ་དྷུ་པེ་དྷུ། ཤྲཱི་བཛྲ་པུཥ྇་པུ། ཤྲཱི་བཛྲ་ཨཱ་ལོ་ཀེ་ཧྲཱྀ། ཤྲཱི་བཛྲ་གྷནྡྷེ་གན། སྤྲོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་བདུག་པས་འགེངས། །བྱམས་པའི་ཐབས་དང་ཤེས་རབ་ལ། །བཛྲ་དྷུ་པེ་མཆོད་པ་རོལ། །ཨུཏྤལ་མཐིང་ཀ་མེ་ཏོག་འཐོར། །ཟླ་གམ་རིན་ཆེན་འཕྲོ་འདུར་གསལ། །སྙིང་རྗེ་ཐབས་དང་ཤེས་རབ་ལ། །བཛྲ་པུཥ྇་མཆོད་པ་རོལ། །དབང་གི་ཕྱག་ན་སྒྲོན་མེ་བསྣམས། །ཆོས་ཀྱི་རྒྱལ་མཚན་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལ། །བཛྲ་ཨཱ་ལོ་ཀེ་ཡི་མཆོད་པ་རོལ། །ཙནྡན་བདུད་རྩི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལ། །བཛྲ་གནྡྷེ་མཆོད་པ་རོལ། །ཕྱི་ཡི་མཆོད་པ་དམ་པ་འདི། །ཚད་མེད་བཞི་དང་མཉམ་པར་སྦྱོར། །ཨ་ལ་ལ་སྟེ་མཆོད་པ་འབུལ། །ཐབས་དང་ཤེས་རབ་ལྡན་གྱུར་ཅིག །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཚིམ་གྱུར་ནས། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་ལྡན། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །སྣ་ཚོགས་ངོ་བོ་ཉིད་ཀྱི་གཞི། །ཆོས་དབྱིངས་དག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་གཟུགས་
མཛེས་མ། །འདོད་ཡོན་ཕྱག་ན་བསྣམས་པ་སྟེ། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཐམས་ཅད་མ་ལུས་སྒྲ་རྣམས་ནི། །གྲག་སྟོང་ངོ་བོ་ཉིད་ཀྱི་གཞི། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་འཇམ་མའི་སྒྲ། །འདོད་ཡོན་ཕྱག་ན་བསྣམས་པ་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །བདེ་བ་ཚིམས་བྱེད་བསོད་ནམས་མཆོག །ཚིམ་སྟོང་ངོ་བོ་ཉིད་ཀྱི་གཞི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་དྲི་མཆོག་མ། །འདོད་ཡོན་ཕྱག་ན་བསྣམས་པ་སྟེ། །རྐང་པ་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །བདེ་བ་རོ་ཡིས་ཚིམས་བྱེད་མ། །ཚིམས་སྟོང་ངོ་བོ་ཉིད་ཀྱི་གཞི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་བདེ་བ་མོ། །འདོད་ཡོན་ཕྱག་ན་བསྣམས་པ་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་དུ་མས་བསྟོད། །དཀྱིལ་འཁོར་ལྷ་ལ་མཆོད་པར་དབུལ། །བདེ་མཆོག་དཀྱིལ་འཁོར་ཡང་བྱེད་མ། །རྡོ་རྗེ་ལྷ་མོ་རེག་བྱ་སྟེ། །འདོད་ཡོན་ཕྱག་ན་བསྣམས་པ་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྡོ་རྗེ་དབྱིངས་དང་ལྷ་རྣམས་ལ་བྱང་ཆུབ་རྡོ་རྗེ་ལྕམ་དྲལ་ལྷ་མོ་བཅུ་གཉིས་ཀྱི་མཆོད་པ་འབུལ་བའི་ལེའུ་སྟེ་བརྒྱ་དང་སོ་དགུ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། འགྲོ་བ་འདུལ་བའི་ཁྲོ་བོའི་དཀྱིལ་འཁོར་ལ་མཆོད་པ་འབུལ་བ་འདི་གསུངས་སོ། །དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོ་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་རྣལ་འབྱོར་པས། །ཐུགས་དང་འཐད་པའི་གནས་ཆེན་འདིར། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །དམ་ཚིག་བཞིན་ལ་ཅི་
བདེར་གཤེགས་སུ་གསོལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཆོས་ལ་སོགས་པ་ཡི། །འདོད་ཡོན་ལྔ་ཡི་མཆོད་པ་འདི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །བསྟོད་པ་དང་ནི་གཤེགས་པ་དང་། །འགུགས་དང་འདྲེན་དང་བསྒྲལ་དང་གཏུབ། །བཻ་ཌཱུར་སྔོན་པོའི་རི་རབ་རིན་ཆེན་ལ། །ཉི་མ་སྟོང་གི་འོད་ཟེར་བརྡལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་དང་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །འོད་ཕུང་སྡུག་པོ་སྤྲིན་ལྟར་གཏིབས་པ་ཡི། །འཇིགས་བྱེད་རྔམ་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བས་བརྒྱན་པའི་ཞལ་གདངས་ཤིང་། །ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་ནས་མཆོད་པ་དབུལ་བ་ནི། །ལྷ་རྣམས་མཉེས་པར་བྱ་བ་ཡིན། །དེ་ནས་དབང་གི་ལྷ་རྣམས་ལ། །ཚོགས་ཀྱི་མཆོད་པ་དབུལ་བ་ནི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །སྐུ་ཡི་བསོད་ནམས་ཚོགས་ཀྱིས་བརྒྱན། །གསུང་ནི་སྤྲུལ་པ་ཚོགས་ཀྱིས་བརྒྱན། །ཐུགས་ནི་ཡེ་ཤེས་ཚོགས་ཀྱིས་བརྒྱན། །དབུ་ནི་རལ་པའི་ཚོགས་ཀྱིས་བརྒྱན། །སྤྱན་ནི་ཉི་ཟླ་ཚོགས་ཀྱིས་བརྒྱན། །ཞལ་ནི་ཧོམ་ལྔའི་རོ་ཡིས་བརྒྱན། །ཚེམས་ནི་རྔོམ་བརྗིད་ཚོགས་ཀྱིས་བརྒྱན། །ཕྱག་ནི་ཕྲ་མེན་ཚོགས་ཀྱིས་བརྒྱན། །ཞབས་ནི་ཁྲོ་བོའི་ཚོགས་ཀྱིས་བརྒྱན། །ཚོགས་ཆེན་སྤྲིན་གྱི་དཀྱིལ་འཁོར་དུ། །སྣ་ཚོགས་ལྷག་ལ་རོལ་ཅིང་གཤེགས་སུ་གསོལ། །སྣ་ཚོགས་རོལ་ཅིང་གཤེགས་ནས་ཀྱང་། །དབུ་ནི་རལ་པའི་ཚོགས་ལ་རོལ། །སྙན་ནི་དུང་ཆེན་སྒྲ་ལ་རོལ། །སྤྱན་ནི་ཉི་ཟླ་ཚོགས་ལ་རོལ། །ཤངས་ནི་རླུང་སྒྲོམ་དྲི་ལ་རོལ། །ལྗགས་ནི་ཧོམ་ལྔའི་རོ་ལ་རོལ། །ཚེམས་ནི་བདུད་བཞིའི་སྙིང་ལ་རོལ། །
ཞབས་ནི་ཁྲོ་བོའི་ཚོགས་ལ་རོལ། །གསུང་ནི་མ་སྲིང་ཚོགས་ལ་རོལ། །ཚོགས་ཆེན་ཚོགས་པའི་དཀྱིལ་འཁོར་དུ། །ལྷ་ཚོགས་མདུན་མར་སྡུད་ཅིང་གཤེགས། །ཐུགས་རྗེའི་ལྕགས་ཀྱུས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་གནས་ནས་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་དགྱེས་པ་བསྐྱེད་ཅིང་བཞུགས་སུ་གསོལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཆོས་ལ་སོགས་པ་ཡི། །འདོད་ཡོན་ལྔ་ཡི་མཆོད་པ་འདི། །བདེ་བར་གཤེགས་ལ་དབུལ་ལགས་ན། །དགྱེས་པའི་དོན་ལ་གཤེགས་སུ་གསོལ། །དེ་ནས་བསྟོད་པ་བྱ་བ་སྟེ། །ཧཱུཾ། དབང་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་པོ་ཟ་བྱེད་ཧཱུཾ་སྒྲ་ཅན། །དབུ་ལྔ་ཕྱག་ཀྱང་བཅུ་དྲུག་སྟེ། །འབར་བའི་གཤོག་པ་བཞི་ཡིས་བརྒྱན། །ཞབས་ཀྱང་རྣམ་པ་བརྒྱད་དུ་བགྲད། །དཔལ་གྱི་ཆས་བརྒྱད་སྐུ་ལ་རབ་ཏུ་རྫོགས། །གདུག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །རྟ་སྐད་རྔམ་པའི་ཧཱུཾ་སྒྲ་ཙེ་རེ་རེ། །གདུག་པའི་འཁོར་རྣམས་མང་པོ་ལས་ལ་འགྱེད། །དབང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚོགས་ཀྱི་མཆོད་པའི་ལེའུ་སྟེ་བརྒྱ་དང་བཞི་བཅུ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །རོལ་མོ་སྒྲ་ཡི་མཆོད་པ་གསུངས། །དེ་ནས་ཡང་ནི་ལས་གསུངས་པ། །གསང་བའི་མཆོད་པའི་ལས་བྱའོ། །དཀར་དམར་སེམས་ཀྱི་འཕྲོ་འདུ་ལས། །བྱང་ཆུབ་སེམས་སུ་བྱིན་བརླབས་ནས། །ལྷ་ལ་མཆོད་ཅིང་ལས་རྣམས་བཅོལ། །གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་མཆོད་པ་སྟེ། །གཉིས་སུ་མེད་པའི་མཆོད་པ་སྟེ། །རྒྱུ་ཉིད་དག་པའི་ངོ་བོ་བསྟན། །དག་པའི་དོན་གྱིས་དེ་ཉིད་དོན། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །སྤྲུལ་པ་ཆོས་ཉིད་ངང་དུ་རོལ། །དུས་གསུམ་དག་
པའི་རང་བཞིན་ལ། །སྐུ་གསུང་ཐུགས་ཀྱི་ངོ་བོར་སྣང་། །ཆོས་དབྱིངས་དག་པའི་ངོ་བོ་ནི། །དུག་གསུམ་དག་པའི་འབྲས་བུ་ལ། །མཉམ་པ་ཉིད་དུ་གསལ་བའོ། །མཉམ་ཉིད་བདེ་བའི་མཆོད་པ་ནི། །ཆོས་ཀྱི་དབྱིངས་སུ་རོ་གཅིག་པའོ། །ཕྱི་ནང་གསང་བའི་མཆོད་པ་ཡིས། །ལྷ་རྣམས་མཉེས་ཤིང་དངོས་གྲུབ་འབེབས། །གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། །དག་པའི་འབྲས་བུ་དེ་ཉིད་དོ། །དབྱིངས་ལ་ཡེ་ཤེས་ཤར་བ་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །སླར་ཡང་མི་གནས་མྱ་ངན་འདས། །སྟོང་པའི་ངང་ལས་བདེ་མཉམ་པ། །རྟོག་མེད་འགག་མེད་མཉམ་པའི་དབྱིངས། །དེ་ལྟར་རྟོགས་མཆོད་དག་པ་ནི། །དེ་ཉིད་མངོན་སངས་རྒྱས་པའོ། །སངས་རྒྱས་པས་ཀྱང་སངས་རྒྱས་མིང་ཡང་མེད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བའི་མཆོད་པའི་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་ཞེ་གཅིག་པའོ།། །།དེ་ནས་བསྟོད་པའི་ལས་གསུངས་ཏེ། ཨེ་མ་ཧོ་སངས་རྒྱས་སྟོན་པས་གསུངས། །ཆེ་བའི་སྒོ་ནས་ཉིད་ལ་བསྟོད། །ཧཱུཾ། ཟླ་གམ་དབང་གི་གཞལ་ཡས་ནས། །བཅོམ་ལྡན་དབང་མཆོག་པདྨ་ཧེ་རུ་ཀས། །དབུ་ལྔ་ཡེ་ཤེས་རྫོགས་པའི་སངས་རྒྱས་གསུངས། །འབར་བའི་ཕྱག་གི་ཕྲ་མེན་དབྱིངས་སུ་སྡུད། །གདུག་པའི་ཞབས་བརྒྱད་བདུད་དང་ཀླུ་སྲིན་འདུལ། །འབར་བའི་གཤོག་པས་ཀླུ་ཆེན་ཟིལ་གྱིས་གནོན། །བྱ་ཁྱུང་གཤོག་སྡེར་འབར་བས་ཀླུ་གཉན་སྒུམ་བུར་འཐུ། །གསང་བའི་ཡུམ་བཞི་ཚད་མེད་བཞི་དང་སྦྱོར། །རྟ་མགོ་ལྔ་ཡི་ངན་སོང་གནས་ནས་སྦྱོང་། །ན་བཟའ་བརྒྱད་ཀྱི་གདུག་པའི་ཚོགས། །བཅོམ་ལྡན་དཔལ་གྱིས་རྒྱན་དུ་སྟོན། །གླང་ཆེན་ཀོ་རློན་སྐུ་ཡི་རྒྱན་དུ་ཆེ། །ཞིང་ཆེན་གཡང་གཞི་གསུང་གི་གདངས་སུ་ལྡན། །སྟག་གི་པགས་པ་ཐུགས་ཀྱི་དཔལ་བར་འགྲོ། །སྦྲུལ་ནག་རྒྱན་གྱིས་དགྱེས་མཉམ་གདུག་པ་སྐོང་། །ཀླུ་རྒྱལ་འབུམ་གྱིས་དབང་གི་སྒོ་བསྲུངས་མཛད། །སྡིགས་མཛུབ་མེ་ཡི་མ་རིག་རྨོངས་པ་བསྲེག །ཚམ་རྔམས་དྲག་པོ་ཧཱུཾ་གི་སྒྲ་ཡང་སྒྲོགས། །ཐུགས་རྗེ་ཁམས་གསུམ་ཧཱུཾ་གིས་སྒྲ་བསྒྲགས་པས། །དུག་
གསུམ་མ་ལུས་གཏན་ནས་བརླག་ནས་ནི། །སངས་རྒྱས་ས་གསུམ་དག་ལ་དགོད་པར་མཛད། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཐུགས་ཀར་སྦས་པ་གསང་བའི་ཡུམ་ཆེན་སྦྱོར་བ་མོ། །སངས་རྒྱས་ཀུན་གྱིས་བསྔགས་པའི་གཟི་ལྡན་པདྨ་ཅན། །བདེ་ཆེན་དབྱིངས་སུ་སྦྱོར་ཞིང་ཆགས་མེད་པདྨ་རཱ་གའི་མདོག །གཉིས་སུ་མེད་པར་སྦྱོར་བ་རྟགས་ཀྱི་ཕྱག་རྒྱ་འཛིན། །སྲས་ཀྱི་སངས་རྒྱས་ཀུན་ལ་སྤྲུལ། །རྒྱལ་བའི་ཡུམ་ཆེན་མ་ལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས།) དབང་གི་རྒྱལ་པོ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་གཉིས་པའོ།། །།ཧཱུཾ། ཨེ་མ་སངས་རྒྱས་ཞི་བའི་ཚོགས། །སྐུ་ཡི་ཞི་བའི་རྟགས་བསྟན་པ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་འཇམ་པའི་མདངས་དང་ལྡན། །གསུང་གི་ཞི་བའི་རྟགས་བསྟན་པ། །སྙན་པའི་དབྱངས་དང་འཇམ་པའི་ཚིག་ཏུ་ལྡན། །ཐུགས་ཀྱི་ཞི་བའི་རྟགས་བསྟན་པ། །ཀུན་ལ་བྱམས་དང་ལྡན་ཞིང་རྟག་ཏུ་བརྩེ། །ཞི་བ་འདུས་པ་ལྷ་ཡི་ཚོགས། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །འགྲོ་དོན་ཡིད་བཞིན་ཐུགས་ལས་མཛད་སླད་དུ། །སངས་རྒྱས་མཛེས་པའི་སྐུ་ཡིས་འགྲོ་བའི་དོན་ཡང་མཛད། །མཚན་དང་དཔེ་བྱད་ལྡན་ཞིང་རབ་ཏུ་ཞི་བའི་འཕྲིན་ལས་མཛད། །སངས་རྒྱས་ས་ལ་ཡེ་ཤེས་ལྔ་ཡི་སྐུར་བསྟན་པ། །ཉོན་མོངས་ལྔ་རྣམས་ཐུགས་རྗེའི་ཐབས་ཀྱིས་བསྒྲལ་ནས་སངས་རྒྱས་ས་ལ་འགོད། །སྐྱོན་གྱིས་མ་གོས་ཡེ་ཤེས་རང་རྟགས་འཛིན། །ཐུགས་རྗེ་སྐྱབས་ཆེན་མཛད་པས་སངས་རྒྱས་གཙོ། །བདེ་གཤེགས་རྒྱལ་བ་ལྔ་ལ་ཕྱག་འཚལ་བསྟོད། །ཉོན་མོངས་གནས་སུ་འདྲེན་མཛད་སངས་རྒྱས་སྲས་ཡབ་ཡུམ། །ཐུགས་རྗེ་བྱམས་པའི་སེམས་པ་སེམས་མ་ཁྱོད་ལ་བསྟོད། །དབྱིངས་དང་ཡེ་ཤེས་དོན་མཚོན་ནས། །བྱེད་པ་པོ་དང་བྱ་བ་མོ། །སངས་རྒྱས་དགྱེས་མཆོག་ཡབ་ཡུམ་གཉིས་ལ་བསྟོད། །ཆོས་སྐུ་མཉམ་པའི་ངང་ཉིད་ལས། །སྤྲུལ་སྐུ་དེ་ལ་དེས་འདུལ་སྟོན། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཞི་བའི་ངང་ཉིད་ལས། །
གདུག་པ་འདུལ་ཕྱིར་ཁྲོ་བོ་བཞི། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་བྱེད་པ། །ཁྲོ་བོ་སྒོ་བ་བཞི་ལ་བསྟོད། །ཚད་མེད་བཞི་ལ་མངའ་བརྙེས་སྒོ་མ་བཞི། །བྱང་ཆུབ་ཐུགས་རྗེས་འགྲོ་བའི་དོན་བྱེད་པ། །ཡེ་ཤེས་སྒོ་མ་བཞི་ལ་བསྟོད། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་གསུམ་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་དེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་ཆེན་འདུས་པའི་གཙོ། །བདེ་གཤེགས་རིགས་ལྔ་ལས་དང་བཅས་པ་འདི། །དབང་ཆེན་འདུས་པས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས། གསོལ་བའི་དོན་ཐུགས་སུ་ཆུད་ནས། ཡང་བཀའ་སྩལ་པ། སྡུད་པ་ཕྱག་ན་རྡོ་རྗེ་ཆེ། །སྤོབས་པ་ལྡན་པ་ང་ཉོན་ཅིག །རིགས་ལྔ་འཁོར་དང་བཅས་པའི་དོན། །དབུ་དེ་གཞལ་ཡས་བསྐྱེད་གསལ་ལོ། །ཆོས་དབྱིངས་ཡོན་ཏན་ཀུན་འབྱུང་གཞལ་ཡས་ཁང་། །རྒྱལ་བ་འཁོར་བཅས་རིགས་ལྔའི་ཅོད་པན་འཛིན། །ཕྱོགས་བཞི་དབུས་སུ་རིགས་ལྔའི་སྐུར་བསྟན་པས། །སྤྱི་ཚན་ལྔ་ལྔར་སྟོན་པས་ནམ་མཁའི་རྒྱན་དུ་ཆེ། །ཉོན་ཅིག་སངས་རྒྱས་འདུས་པའི་ཐུགས། །ཙཀྲ་ཨོཾ་དང་བྷྲཱུཾ་བརྗོད་པས། །དབུས་སུ་དབུ་ཡི་ཐོག་ཏུ་ནི། །འཁོར་ལོ་འབར་བའི་གཞལ་ཡས་གསལ། །ཙཀྲ་ཧཱུཾ་དང་བྷྲཱུཾ་བརྗོད་པས། །ཤར་གྱི་དབུ་ཐོག་གཞལ་ཡས་སུ། །རྡོ་རྗེ་འབར་བའི་གཞལ་ཡས་ཁང་། །ཙཀྲ་ཏྲཾ་དང་བྷྲཱུཾ་བརྗོད་པས། །ལྷོ་ཕྱོགས་དབུ་ཡི་ཐོག་ཏུ་ནི། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །ཙཀྲ་ཧྲི་དང་བྷྲཱུཾ་བརྗོད་པས། །ནུབ་ཕྱོགས་དབུ་ཡི་ཐོག་ཏུ་ནི། །པདྨ་འབར་བའི་གཞལ་ཡས་བསྒོམ། །ཙཀྲ་ཧ་དང་བྷྲཱུཾ་བརྗོད་པས། །བྱང་གི་ཕྱོགས་ཀྱི་དབུ་ཐོག་ཏུ། །རལ་གྲི་འབར་བའི་གཞལ་ཡས་ཁང་། །དབུས་ཀྱི་གཞལ་ཡས་དེ་ཉིད་དུ། །བུཌྜྷ་སཏྭ་སྭཱ་ཧཱ་ཨ་ཧང་བརྗོད་པ་ཡིས། །རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་ཡུམ། །རིགས་ཀྱི་ཡུམ་བཞིས་བསྐོར་བར་བསྒོམ། །ཤར་གྱི་གཞལ་ཡས་ཁང་ནང་དུ། །བཛྲ་
ཧ་སྟ་ཐ་ཨ་ཧཾ་བརྗོད་པ་ཡིས། །རྡོ་རྗེ་སེམས་དཔའ་ས་གནོན་ཕྱག་རྒྱ་ཅན་དེ་ལ། གསང་བའི་ཡུམ་བཞིས་བསྐོར་བར་བསྒོམ། །ལྷོ་ཡི་དབུ་ཡི་གཞལ་ཡས་སུ། །རཏྣ་ཡ་ཧ་སྟ་ཏ་ཐ་ཨ་ཧཾ། ཞེས་བརྗོད་པས། རིན་ཆེན་འབྱུང་ལྡན་མཆོད་སྦྱིན་ཕྱག་རྒྱ་ཅན། །ལཱ་སྱེ་མཱ་ལེ་གཱིར་ཏི་ནཱིར་ཏི་བཞི། །མཛེས་པའི་ལྷ་མོས་བསྐོར་བར་བསྒོམ། །ནུབ་ཀྱི་དབུ་ཐོག་གཞལ་ཡས་ཁང་ནང་དུ། །པདྨ་ཡ་སྟ་ཏ་ཐ་ཨ་ཧཾ་ཞེས་བརྗོད་པས། །སྣང་བ་མཐའ་ཡས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ལ། །དྷཱུ་པེ་པུཥ྇་ཨཱ་ལོ་ཀེ་གནྡྷེ་ལ་སོགས་བཞིས་བསྐོར་བསྒོམ། །བྱང་ཕྱོགས་དབུ་ཡི་རལ་གྲིའི་གཞལ་ཡས་སུ། །ཀརྨ་ཡ་ཐ་ས་ཏོ་ཨ་ཧཾ་ཞེས་བརྗོད་པས། །བྱང་གི་དབུ་ཡི་གཞལ་ཡས་སུ། །དོན་ཡོད་གྲུབ་པ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེ་ལྟར་གསལ་བར་བསྐྱེད་པ་ལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་དང་བཞིས། །རིམ་པ་བཞིན་དུ་བསྐོར་བར་བསྒོམ། །དེ་ལྟར་གསལ་བར་བསྐྱེད་པ་དང་། །དབུ་ལ་ཚོམ་བུ་རིགས་ལྔའི་དཀྱིལ་འཁོར་བསྒོམ་པའོ། །དེ་ལ་རང་རང་ལས་ཀྱི་ཚོམ་བུའི་རྒྱན། །རིགས་ཀྱི་གཙོ་བོ་ལྔ་ལ་ལྷ་མོ་ཉི་ཤུས་བསྐོར་བའོ། །དེ་ལྟར་གསལ་བའི་ལས་བྱས་པས། །བྱིན་རླབས་འབྲས་བུར་ལྡན་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབུ་སྟོང་ཚོམ་བུའི་ལེའུ་སྟེ་བརྒྱ་དང་ཞེ་བཞི་པའོ།། །།རིག་པ་དབུ་ཡི་གཞལ་ཡས་ནས། །རྟ་མགོ་ལྗང་གུ་དབུ་ཡི་རྒྱན་དུ་སྟོན། །རྟ་མགྲིན་རྟ་སྐད་འཚེར་ཏེ་ཁྲོ་བོའི་རྒྱལ་པོ་ཡིན། །རྟ་མགོ་ལྗང་གུ་རྔོག་མ་ལེ་བརྒན་ཏེ། །སྤྱན་མིག་ཟུར་གསུམ་སྐར་ལྟར་འཁྲུགས། །རྣ་བ་ཤོ་བྲག་འདས་དང་མ་འདས་སྒྲ་ལ་གསན། །སྤྱན་མིག་ཟུར་གསུམ་དབང་དྲག་ཕྲིན་ལས་མཛད། །རྟ་མགོ་ལྗང་གུ་ཡེ་ཤེས་མྱུར་མགྱོགས་པ། །རྔོག་མ་ལེ་བརྒན་དབང་གི་རང་བཞིན་གསལ། །དཔྲལ་བ་དཀར་ཞུར་རིན་ཆེན་ཟ་མ་ཏོག །ཟ་མ་ཏོག་ནི་ཚེ་ཡི་རང་བཞིན་བལྟམས། །དཔྲལ་བའི་ཞུར་པོ་ཚེ་ཡི་གའུ་དེ། །ཟླ་གམ་ཁ་སྤྲོད་ཚེ་བལྟམས་པས། །ཨཱ་ཡུ་ཚེ་ཡིས་བལྟམས་ནས་ནི། །ཡབ་དང་ཡུམ་གྱི་ཚུལ་ཡིན་ཏེ། །
ཐབས་དང་ཤེས་རབ་འདྲེལ་བའི་ཚེ། །ཨ་ཡུ་དཀར་པོ་འོད་འབར་བ། །དབྱིངས་དང་ཡེ་ཤེས་འདྲེལ་བའི་ཚེ། །དཀར་པོ་མི་འགྱུར་དག་པའི་ཚེ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཚེ། །ཨཱ་ཡུ་དམར་པོ་འོད་འབར་བ། །ཤེས་རབ་དབྱིངས་མ་ཡུམ་གྱི་ཚེ། །དཀར་ལ་གསལ་འཁྱིལ་ཡབ་ཀྱི་ཚེ། །སྣུམ་འདྲིལ་ཡབ་ཡུམ་གཉིས་མེད་ཚེ། །ཚེ་ཡི་གའུ་བལྟམས་པ་སྟེ། །ཚེ་དང་ཡེ་ཤེས་བདག་ལ་བསྟོད། །སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར། །གདུག་པའི་མཚོན་ཆ་སྐར་ལྟར་འཁྲུགས། །དམར་ནག་ཁྲོ་ཆུང་སྤྲིན་ལྟར་གཏིབས། །རྔམ་པའི་ཚུལ་གྱིས་བདུད་དང་སྲིན་པོ་འཇོམས། །ལྷང་ལྷང་ཚེར་ཚེར་སྒྲ་བསྒྲགས་པས། །དུས་གསུམ་སངས་རྒྱས་ཐུགས་དམ་བསྐུལ། །ངན་སོང་གསུམ་པོ་གཏན་ནས་འཇོམས། །དབུ་ཡི་རལ་པ་གདུག་རྩུབ་འཁྱིལ། །དབང་དྲག་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །ཧཱུཾ་གི་སྒྲ་བསྒྲགས་གདུག་པ་ཟིལ་གྱིས་གནོན། །ཚམ་རྔམས་སྟངས་སྟབས་བདུད་དང་སྲིན་པོ་གཉན་རྣམས་འཇོམས། །དབང་གི་རྒྱལ་པོ་ཡང་ཆེ་དཔལ་ལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་དབང་གི་རྒྱལ་པོ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་ལྔ་པའོ།། །།ཧཱུཾ། འགྲོ་བ་མ་ལུས་ཐར་ལམ་འདྲེན་པའི་གཙོ། །སངས་རྒྱས་སྲས་ཆེན་དམ་པའི་གནས། །གསང་བའི་གནས་ཆེན་ལྷ་ཡི་ཕོ་བྲང་ནས། །དུས་གསུམ་རྒྱལ་བའི་འབྱུང་གནས་ཡུམ། །རྒྱལ་བ་ཀུན་གྱི་ཐུགས་ལ་གནས་པ་སྟེ། །ཚོན་གང་འོད་དུ་ཤར་བས་ཕོ་བྲང་ལྷ་ཡི་གནས། །ཡེ་ཤེས་སེམས་དཔའ་གཙོ་ཆེན་མ་ལུས་པ། །གསལ་འཚེར་ལྷུན་སྡུག་འོད་འབར་བདེ་བའི་གནས། །རྒྱལ་བའི་ཡུམ་ཆེན་ཀུན་ལ་བྱམས་བརྩེ་བ། །ཐུགས་ལ་གནས་པའི་ཡེ་ཤེས་སེམས་དཔའ་ཆེ། །ཚོན་གང་འོད་འབར་དེ་ལ་ཡེ་ཤེས་ཀུན་གྱིས་བསྐོར། །སངས་རྒྱས་མང་པོ་འདུས་པའི་ལྷ་ཚོགས་ཀྱང་། །རྒྱལ་བ་ཀུན་གྱི་གནས་ཆེན་བསྐོར་བའི་གཞི། །གསལ་བའི་ཡི་གེ་འབྲུས་བསྐོར་བས། །དམ་ཚིག་དབང་དང་དངོས་གྲུབ་འབེབས་པར་བྱེད། །གསལ་བ་
འོད་འབར་ཚོན་གང་སྐུ། །འཕྲོ་འདུ་ཏིང་འཛིན་དགོངས་པ་གསལ་བར་བྱེད། །གསང་བའི་འོད་ཀྱི་འཕྲོ་འདུ་ཀུན་ཏུ་རྒྱས། །བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་བསྐུལ། །མ་དག་སྒྲིབ་པ་འོད་ཀྱིས་སྦྱོང་བར་བྱེད། །ཚེ་དང་ཡེ་ཤེས་དབང་དང་དངོས་གྲུབ་འདྲེན། །བདེ་གཤེགས་དགོངས་པ་མ་ལུས་ཀུན་གསལ་ནས། །ཐམས་ཅད་བླ་མེད་བྱང་ཆུབ་ས་ལ་དགོད། །འཕྲོ་འདུ་མུ་ཏིག་དཀར་པོ་ཁུ་འཕང་འདྲིལ། །ཐུགས་རྗེ་བྱིན་རླབས་འགྲོ་ལ་གནས། །དེ་དོན་མཆོད་ཅིང་ཡང་དག་དངོས་གྲུབ་འབེབས། །འཕྲོ་འདུ་འཕྲིན་ལས་སྒྲིབ་སྦྱང་ཚོགས་བསྐྱེད་པ། །རྒྱལ་བ་སེམས་དཔའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་རྒྱུད་ལས། ཡེ་ཤེས་སེམས་དཔའི་སྐུ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་དྲུག་པའོ།། །།ཧཱུཾ། མ་ཏྲཾ་ཆེན་པོ་བསྒྲལ་བའི་དུས། །ཞི་བས་ཕན་པར་མ་གྱུར་ན། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོ་ཁྲག་འཐུང་རོལ་པའི་ཚོགས། །འཇིགས་བྱེད་འབར་བའི་དྲག་ཤུལ་ཅན། །ཡེ་ཤེས་ཁྲོ་བོ་མི་བཟད་པ། །མཐིང་ནག་འབར་བའི་སྐུ་ལུས་ལ། །རལ་པ་མཐིང་ནག་གྱེན་དུ་འཁྱིལ། །ཕྱག་ན་གདུག་པའི་མཚོན་ཆ་དང་། །རྡོ་རྗེ་དུང་ཆེན་རང་རྟགས་འཛིན། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྒྱན་དུ་གསོལ། །ཁྲོ་མོ་འབར་བའི་ཚོགས་དང་འཁྲིལ། །ཚམ་རྔམས་དྲག་པོའི་སྒྲ་སྒྲོགས་ཤིང་། །གདུག་པ་མ་ལུས་ཀུན་འདུལ་བ། །ཁྲོ་མཆོག་འབར་བ་ཁྱོད་ལ་བསྟོད། །སྨུག་ནག་གདེངས་པའི་དཀྱིལ་འཁོར་ནས། །ཁྲོ་བོ་སྨུག་ནག་རལ་པ་འཛིངས། །དཔལ་གྱི་ཆས་བརྒྱད་རབ་ཏུ་བརྒྱན། །འབར་བའི་ཕྱག་མཚན་མང་པོ་འཛིན། །ཁྲོ་མོ་ཡུམ་མཆོག་མ་དང་གཉིས་སུ་མེད། །སྨུག་ནག་འཇིགས་པའི་ལྷ་ལ་ཕྱག་འཚལ་བསྟོད། །སེར་ནག་གདེངས་པའི་དཀྱིལ་འཁོར་ནས། །སྐུ་མདོག་སེར་ནག་མེ་དཔུང་འབར། །ཕྱག་མཚན་མང་པོ་རབ་ཏུ་བསྣམས། །ཁྲོ་མོ་ཡུམ་དང་བཅས་ལ་བསྟོད། །དམར་ནག་འབར་བའི་དཀྱིལ་འཁོར་ནས། །ཁྲོ་མོ་དམར་ནག་རལ་པ་བསྒྱིངས། །
དཔལ་གྱི་ཆས་བརྒྱད་རྒྱན་དུ་བྱས། །ཕྱག་མཚན་མང་པོ་རབ་ཏུ་བསྣམས། །ཁྲོ་མོ་རྔམ་པས་རབ་འཇིགས་པ། །པདྨའི་རྒྱལ་པོ་ཡུམ་དང་བཅས་པ་ཁྱོད་ལ་བསྟོད། །ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །ཁྲོ་མཆོག་ཀརྨ་ཧེ་རུ་ཀ །ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །མི་བཟད་ཁྲོ་བོའི་ཆས་དང་ལྡན། །གདུག་པའི་ཕྱག་མཚན་མང་པོ་བསྣམས། །ཕྲིན་ལས་ཐམས་ཅད་སྒྲུབ་བྱེད་པ། །ཁྲོ་མོ་ཡུམ་དང་བཅས་ལ་བསྟོད། །ཧཱུཾ། ཁྲོ་བོ་ཁྲོ་མོའི་ཚུལ་དུ་བགྲད། །ཁྲོ་མོ་ཆེན་མོ་ཉིད་དུ་གསལ། །དུར་ཁྲོད་རྫས་ལ་ལོངས་སྤྱོད་ཅིང་། །ཁྲག་འཐུང་མི་བཟད་རལ་པ་ཅན། །དཔལ་གྱི་དགྱེས་པ་རབ་བསྐང་མ། །སྲིད་གསུམ་འཇོམས་བྱེད་དབྱུག་ཐོགས་གཽ་རཱི་མ། །དམ་ཚིག་མདའ་འགེངས་མཛེས་ལྡན་ཙཽ་རཱི་མ། །སྟོང་གསུམ་མངའ་མཛད་རྒྱལ་བྱེད་པྲ་མོ་ཧ། །མ་ལུས་ཐལ་བྱེད་རྡོར་ཐོགས་བེ་ཏཱ་ལི། །བཀུག་ནས་ཞལ་དུ་གསོལ་བྱེད་གྷསྨ་རི། །མ་ལུས་འཇོམས་བྱེད་པུཀྐ་མ། །ཉོན་མོངས་གནས་ནས་འདྲེན་བྱེད་སྨ་ཤ་ནི། །འབར་བས་སྟོང་གསུམ་སྲེག་མཛད་ཙཎྜ་ལི། །ཁྲོ་མོ་ཆེན་མོ་བརྒྱད་ལ་བསྟོད། །སིང་ཧ་ལ་སོགས་ཕྲ་མེན་བརྒྱད། །འགྲོ་བའི་སྡུག་བསྔལ་རྒྱུན་གཅོད་སིང་ཧ་མ། །འཆི་བདག་བདུད་ཀྱི་སྡེ་འཇོམས་བྱཱ་གྲི་མ། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་སྲི་ལ་མ། །རྡོ་རྗེ་དོན་གྲུབ་ཟ་བྱེད་ཤྭ་ན་མ། །མགྱོགས་པས་སྙེགས་བྱེད་ཁྲག་འཐུང་ཀྲི་ཏ་མ། །སྡུག་བསྔལ་ཐར་བྱེད་ཀང་ཀ་མ། །བདག་ཉིད་ཡིད་བཞིན་དུར་ཁྲོད་ཁ་ཁ་མ། །སྟོང་གསུམ་མངའ་མཛད་ཨུ་ལུ་ཀ །སིང་ཧ་ཕྲ་མེན་བརྒྱད་ལ་བསྟོད། །སྒོ་སྐྱོང་དབང་ཕྱུག་ལ་སོགས་པ། །སྟག་གདོང་སེང་གདོང་ཕག་གདོང་དང་། །སྦྲུལ་གདོང་ལ་སོགས་བཞི་པོ་དང་། །སྒོ་བ་ཡབ་ཡུམ་དེ་ལ་བསྟོད། །དབང་མོ་ལ་སོགས་ཉི་ཤུ་བརྒྱད། །ཁྲོ་མོ་མི་བཟད་དཔལ་གྱི་ལས་མཛད་མ། །སྲིད་པའི་ལས་བྱེད་སངས་རྒྱས་ཐམས་ཅད་ཐུགས་དམ་སྐོངས། །མ་ལུས་དཔལ་གྱི་ཆས་མཛེས་མ། །རང་རང་ལས་ཀུན་འདུལ་མཛད་མ། །ཡེ་ཤེས་ལས་ལ་གྲུབ་པ་མོ། །ཕྲིན་ལས་བསྒྲུབ་
མཛད་དེ་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འགྲོ་བ་འདུལ་བའི་ལྷ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་བདུན་པའོ།། །།ཧཱུཾ་དཔལ་ཆེན་དབང་གི་རྒྱལ་པོ་སྟེ། །རྡོ་རྗེ་གཤོག་པ་གཡས་གཡོན་ལས། །འབར་བའི་དཀྱིལ་འཁོར་འོད་འབར་ཕོ་བྲང་མཆོག །ཁམས་གསུམ་རྒྱལ་པོ་ཁྲོ་མཆོག་མི་བཟད་གཙོ། །མ་ལུས་གནས་སུ་སྒྲོལ་ཅིང་དཔལ་གྱི་ས་ལ་སྦྱོར། །ཁམས་གསུམ་རྒྱལ་དང་མི་གཡོ་མགོན། །དྲ་བ་མོ་དང་གློག་འགྱུ་མ། །སྡེར་མོ་ཅན་དང་ཐེའུ་གཤོག་ཅན། །རྩེ་ལ་བྱ་ཡི་ཁྱུང་ལྡིང་འཇུམས། །བར་བར་ཉི་མ་ཟླ་བ་སྟོང་གིས་བརྒྱན། །མི་བཟད་འབར་བའི་གཞལ་ཡས་ན། །ལྷ་ཚོགས་སྤྲིན་ལྟར་འདུས་མཛད་པ། །སྦྲུལ་ནག་སྤུངས་པའི་གདན་སྟེང་ན། །ཁྲོ་བོ་ཁྲོ་མོ་སྒྲོལ་བྱེད་སོགས། །དབྱིངས་དང་ཡེ་ཤེས་རོལ་པ་ལས། །ཐབས་དང་ཤེས་རབ་ཁྲོ་བོ་ཁྲོ་མོའི་ཚོགས། །ཀུན་ཀྱང་དུར་ཁྲོད་མཛེས་པའི་ཆས། །མཚོན་ཆ་འབར་བ་བསྣམས་པ་སྟེ། །དཔལ་མཆོག་དྲག་པོའི་ལས་མཛད་པ། །ཁམས་གསུམ་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁམས་གསུམ་རྒྱལ་པོ་གཙོ་འཁོར་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་བརྒྱད་པའོ།། །།ཧཱུཾ་ངན་སོང་ཐམས་ཅད་ཀུན་སྦྱོང་བ། །སྤྲུལ་པའི་ཁྲོ་བོ་གདུགས་དཀར་ཅན། །གཡས་པ་ཐུགས་རྗེ་ལྕགས་ཀྱུ་བསྣམས། །གཡོན་པ་ཤེས་རབ་རལ་གྲི་བསྣམས། །ཡི་གེའི་འཕྲོ་འདུ་ཁྲོ་ཆུང་གིས། །ངན་སོང་གནས་རྣམས་མ་སྤངས་བཅོམ་ནས་ནི། །དབང་གི་ཞིང་ལ་བཀོད་མཛད་པ། །ཁྲོ་རྒྱལ་གདུགས་དཀར་ཁྱོད་ལ་བསྟོད། །ཉོན་མོངས་དྲ་བ་གཅོད་མཛད་པ། །ཡོངས་སུ་སྦྱོང་བ་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ངན་སོང་སྦྱོང་བའི་ཚོགས་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་དགུ་པའོ།། །།དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །དཔལ་གྱི་ཕོ་ཉ་འབར་བའི་ཚོགས། །རོལ་པ་ཆུབ་པའི་ཕྲིན་ལས་མཆོག །ཡེ་ཤེས་རོལ་པའི་ཚོགས་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་
རོལ་པའི་ཏནྟྲ་ལས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ལྔ་བཅུ་པའོ།། །།ཧཱུཾ། འབར་ཀློང་བརྡལ་བའི་དཀྱིལ་འཁོར་ནས། །ཁམས་གསུམ་གདུག་པ་འདུལ་བའི་མཆོག །ཧཱུཾ་མཛད་ཁྲོ་བོའི་ཚོགས་མང་པོ། །སྔོ་ནག་ཚངས་པའི་བདག་པོ་སྟེ། །ཧཱུཾ་ཆེན་ཀཱ་ར་ཁྱོད་ལ་བསྟོད། །འཆལ་པའི་འདོད་པ་གནོན་མཛད་པ། །རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད། །དབྱེན་གྱི་ལས་སྤོང་བྱེད་པ་ཡིས། །དབྱུག་པ་སྔོན་པོ་དེ་ལ་བསྟོད། །སྲོག་གཅོད་མི་དགེ་སེལ་མཛད་པ། །གཤིན་རྗེའི་གཤེད་པོ་དེ་ལ་བསྟོད། །ཚིག་གི་མི་དགེ་སེལ་མཛད་པ། །མི་གཡོ་མགོན་པོ་ཁྱོད་ལ་བསྟོད། །འཐིབས་པོའི་ནད་རྣམས་སེལ་བྱེད་པ། །རྟ་མཆོག་ཁྲོ་བོ་ཁྱོད་ལ་བསྟོད། །ཚིག་འཁྱལ་གནས་སུ་སྦྱོང་བྱེད་པ། །གཞན་གྱིས་མི་ཐུབ་པ་ལ་བསྟོད། །ཤ་ཟའི་ལྡོག་པ་སེལ་བྱེད་པ། །བདུད་རྩི་འཁྱིལ་པ་དེ་ལ་བསྟོད། །ཀུན་ཏུ་བར་གཅོད་སེལ་བྱེད་པ། །ཁམས་གསུམ་རྒྱལ་པོ་ཁྱོད་ལ་བསྟོད། །གཏུམ་པོ་མ་ལུས་འཇོམས་བྱེད་པ། །སྟོབས་ཀྱི་རྒྱལ་པོ་ཆེ་ལ་བསྟོད། །ལོག་པར་ལྟ་བ་གནས་སུ་དག །བདེ་བའི་བྱང་ཆུབ་གནས་སུ་འགོད་མཛད་པ། །ཁྲོ་ཚོགས་མང་པོའི་སྐུ་ལ་ཕྱག་འཚལ་བསྟོད། །མི་དགེ་གནས་སུ་དག་ནས་ཕ་རོལ་ཕྱིན་བཅུ་རྫོགས། །དེ་དོན་བྱང་ཆུབ་ངང་དུ་སྟོན་མཛད་མ། །ཁྲོ་མོ་འབར་བའི་ཚོགས་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཧཱུཾ་མཛད་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ང་གཅིག་པའོ།། །།དེ་ནས་དབང་གི་རྒྱལ་པོ་ལ། ཕྱག་ན་རྡོ་རྗེ་དང་དབང་ལས་རྒྱལ་དེས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབང་ཆེན་འདུས་པའི་གཙོ། །རིགས་ཀྱི་ངེས་པར་འདི་ལྟར་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས། །བསྡུས་པའི་རིགས་གཅིག་འདུས་པ་གང་། །ཁྲོ་བོ་འགྲོ་བ་འདུལ་བ་ལ། །བསྡུས་པའི་དཀྱིལ་འཁོར་ཇི་ལྟར་ལགས། །པདྨའི་རྒྱལ་པོ་ཧེ་རུ་ཀ །ཁྲོ་མོས་བསྐོར་བ་ཇི་ལྟར་བསྒྲུབ། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་
ཆེན་འདུས་པས་བཀའ་སྩལ་པ། །ཞི་བ་པདྨ་རིགས་ཀྱི་བསྒྲུབ་པ་ལ། །དབུ་ཡི་ཚོམ་བུ་འབར་བ་ལ། །དེ་ལས་ཁང་བུ་གཞལ་ཡས་ལྔ་རུ་གྱུར། །དེ་ཡི་པདྨ་སྣང་མཐའ་ཡས། །དེ་ལ་ཞི་བའི་ལྷས་བསྐོར་བ། །པདྨ་རིགས་ཀྱི་སྒྲུབ་པ་ཡིན། །ཁྲོ་བོ་འབར་བའི་ལས་གསུངས་པ། །ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དབང་ཆེན་ཧེ་རུ་ཀ །འབར་བ་ཆེན་པོ་གར་དགུ་ཡི། །འཇིགས་པ་ཡིས་ནི་དུས་ལྟར་དྲག །པདྨ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། པདྨ་ཀྲོ་ཏི་ཤྭ་རི་ཧཱུཾ་སརྦ་དུཥྚན་ཧཱུཾ་ཕཊ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི། །ཁྲོ་མོ་དབྱིངས་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་ནས། །གཉིས་མེད་དགྱེས་པའི་གར་གྱིས་བསྡིམ། །བྷི་ཤྭ་ཕཊ་ཀྱི་སྒྲ་བརྗོད་པས། །ཁྲོ་བོའི་སྤྲུལ་པས་ཡོངས་སུ་གང་། །ཐུགས་དམ་གཉན་པོ་རྗེས་སུ་བསྐུལ། །ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལས། །གསུང་གི་བྱིན་རླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེ་ལམ་བྱུང་ཡུམ་གྱི་མཁའ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཚིག་གི་སྒྲ་དེ་བརྗོད་པ་ཡིས། །སྙིང་པོ་ཆོས་སྐུར་ཤར་བའོ། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨོཾ། མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སརྦ་དུཥྚན་ཧཱུཾ་ཕཊ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་སུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བི་ཏ་མ་ཧཱུཾ་ཕཊ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་
ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲི་ཤྭ་ཏ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུཾ་ཕཊ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྟྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་ཏི་བི་ཤྭ་ཧཱུཾ་ཕཊ། ཞི་བ་རྡོ་རྗེ་དབྱིངས་ལས་ཁྲོ་བོ་རྡོ་རྗེ་དབྱིངས་སུ་རོང་གིས་གྱུར་པའོ། །དེ་ལྟར་གསལ་ཞིང་འཕྲོ་བསྒོམ་པས། །འགྲོ་བའི་དོན་རྣམས་བྱེད་པར་འགྱུར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲོ་བོ་རྡོ་རྗེ་དབྱིངས་སུ་བསྒྱུར་བའི་ལེའུ་སྟེ་བརྒྱ་དང་ང་གཉིས་པའོ།། །།བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་ཀྲོ་ཏི་ཤྭ་རི་མ་དང་གཉིས་སུ་མེད་པའི་བྱིན་རླབས་ལ། ཡི་གེ་འདི་རྣམས་སྤྲོས་སོ། །ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། དེ་རྣམས་སྤྲོས་པ་ལས། བཛྲ་གཽ་རི་ཧ། བཛྲ་ཙཽ་རི་ཧ། བཛྲ་པྲ་མོ་ཧ། བེ་ཏ་ལི་ཧ། པུཀྐ་སི་ཧ། གྷསྨ་རི་ཧ། སྨ་ཤ་ནི་ཧ། ཙཎྜ་ལི་ཧ། བཛྲ་སིངྷ་མུ་ཁ་ཧེ། བྱཱ་གྷྲི་མུ་ཁ་ཧེ། སྲིལ་མུ་ཁ་ཧེ། ཀྲི་ཏ་མུ་ཁ་ཧེ། ཤྭ་ན་མུ་ཁ་ཧེ། ཀང་ཀ་མུ་ཁ་ཧེ། ཁ་ཁ་མུ་ཁ་ཧེ། ཧུ་ལུ་མུ་ཁ་ཧེ། ཞེས་པ་དེ་ཡི་སྒྲ་བརྗོད་པས། །ཟླ་གམ་བཅོ་བརྒྱད་དག་ལ་ནི། །ཁྲོ་མོ་བརྒྱད་དང་ཕྲ་མེན་བརྒྱད། །འབར་བ་རྒྱན་ལྡན་བཅུ་དྲུག་གིས། །ཡབ་ཡུམ་གཉིས་ལ་བསྐོར་བའོ། །ཁྲོ་ཚུལ་འགྱིང་བག་དུར་ཁྲོད་ཆས་དང་ལྡན། །གཽ་རི་མ་ནི་སྔོན་མོ་ལ། །ཞིང་གི་པགས་པ་ཡ་བས་བསྐོར། །གཡས་པ་བྱིས་པའི་དབྱུག་ཏོ་ཐོགས། །གཡོན་པ་ཐོད་པ་སྟངས་སྟབས་འཛིན། །བགྲད་པའི་སྟབས་སུ་གནས་པའོ། །ཙཽ་རི་ཁྲོ་མོ་སེར་མོ་ལ། །ཐོད་འཕྲེང་ཞིང་ལྤགས་མཛེས་པ་སྟེ། །ཐབས་དང་ཤེས་རབ་མདའ་གཞུ་འགེངས། །ཐུགས་ཀར་གཟིར་ཞིང་ཉོན་མོངས་དབྱིངས་ནས་འབྱིན། །སྤྱན་གཟིགས་ཐབས་དང་ལྡན་པའོ། །པྲ་མོ་དམར་མོ་བརྗིད་པ་ལ། །དུར་ཁྲོད་ཆས་དང་ལྡན་པ་ཡི། །གཡས་པ་ཆུ་སྲིན་རྒྱལ་མཚན་འཕྱར། །གཡོན་པ་འཛིན་སྟབས་བགྲད་པའོ། །བེ་ཏ་ཁྲོ་མོ་ནག་མོ་ལ། །དུར་ཁྲོད་ཆས་དང་ལྡན་པ་སྟེ། །གཡས་པ་བགྲད་པས་རྡོ་རྗེ་གདེངས། །གཡོན་པ་བྱིས་པའི་མགོ་ནས་
ཟ། །བརྗིད་པའི་སྟོབས་དང་ལྡན་པའོ། །པུཀྐ་ཁྲོ་མོ་དམར་སེར་ལ། །ཞིང་ཆེན་པགས་པ་ཡ་བ་བསྐོར། །གཡས་པ་བྱིས་རྒྱུ་ཞལ་དུ་འདྲེན། །སྒེག་པའི་ཚུལ་གྱིས་གནས་པའོ། །གྷསྨ་རི་ནི་ལྗང་གུ་ལ། །མཛེས་པའི་ཆས་དང་ལྡན་པའོ། །གཡོན་པ་བྷནྡྷ་རཀྟས་བཀང་། །གཡས་པ་རྡོ་རྗེས་དཀྲུག་ཅིང་གསོར། །བགྲད་པའི་སྟབས་སུ་བཞུགས་པའོ། །སྨ་ཤ་ཁྲོ་མོ་མཐིང་ནག་མ། །བྱིས་པའི་སྙིང་ལ་ཟ་བའོ། །ཙཎྜ་ཁྲོ་མོ་སེར་སྐྱ་ལ། །གཡས་གཡོན་བྱིས་པའི་མཆོག་ལུས་འབྲལ། །བགྲད་པའི་སྟབས་དང་ལྡན་པའོ། །སིངྷ་ཁ་རོ་གདུག་པ་མོ། །བྱཱ་གྲི་བསྣོལ་མ་གནས་དང་སྟག །སྲི་ལ་ནག་མོ་བྱི་ལྡག་ཝ། །ཤྭ་ན་འདྲལ་ལྟ་མཐིང་ག་སྤྱང་། །ཀྲི་ཏ་གྲི་དམར་རྒྱུ་འདྲེན་རྒོད། །ཀང་ཀ་སྣར་མོ་ཞིང་ཕྲག་ཁུར། །ཀཱ་ཀ་ཁ་རོ་བན་གྲིའོ། །ཨུ་ལཱུ་མཐིང་ནག་ལྕགས་ཀྱུའོ། །དེ་ལྟར་འབར་བའི་ཚོགས་ཀྱིས་བསྐོར། །དེ་ལ་བསྙེན་དང་བསྒྲུབ་པ་དང་། །དེ་ལ་ལས་རྣམས་བྱས་གྱུར་ནས། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་ཡབ་ཡུམ་ལ་གནས་ཡུལ་གྱི་ལྷ་མོས་བསྐོར་བའི་ལེའུ་སྟེ་བརྒྱ་དང་ང་གསུམ་པའོ།། །།ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྞ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཱག་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། །དེ་ལྟར་ཡེ་ཤེས་ལྔ་ཡི་དབང་བསྐུར་ནས། །སྐུ་གསུང་ཐུགས་སུ་རྟགས་གྱུར་པའོ། །དེ་ཡི་དོན་རྣམས་བཤད་པ་ཡི། །ཕྱི་ནང་གསང་བ་གསུམ་དུ་བཤད། །ཕྱི་ལྟར་མངོན་པར་བྱང་ཆུབ་ལྔ། །ནང་ལྟར་ཡེ་ཤེས་ཆེན་པོ་ལྔ། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། །
མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །སོ་སོར་རྟོག་པའི་ཡེ་ཤེས་དང་། །བྱ་བ་གྲུབ་པའི་ཡེ་ཤེས་དང་། །གསང་བ་ཆོས་སྐུ་བདེ་ཆེན་ལྔ། །དེ་ལྟར་དབང་བསྐུར་འབྲས་བུ་དེ། །དེ་ལྟར་གཞན་ཞིག་ག་ལ་ཡོད། །རྒྱལ་བས་བཙལ་ཡང་མི་རྙེད་དོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲོ་བོ་རྡོ་རྗེ་དབྱིངས་ཀྱི་དབང་བསྐུར་བའི་ལེའུ་སྟེ་བརྒྱ་དང་ང་བཞི་པའོ།། །།ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ནི། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པ་དམ་ཚིག་མཆོག །ཛཿཧཱུཾ་བཾ་ཧོཿ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ། དེ་ཡིས་གཤེགས་དང་འདོད་དོན་གསོལ། །ལས་ལ་རབ་ཏུ་བཀོད་པ་ཡིན། །འབྲས་བུ་ཆེན་པོ་ཉེ་བར་བླང་། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བརྟན་པའི་འདོད་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་ང་ལྔ་པའོ།། །།དེ་ནས་བཅོམ་ལྡན་དབང་གི་རྒྱལ་པོ་དེས། ཐམས་ཅད་ཡེ་ཤེས་ཆེན་པོ་གསལ་བའི་གཞལ་ཡས་ནི། དབུའི་སྟེང་དུ་བསྐྱེད། རིག་པའི་ཁྲོ་མོ་ནི། དོན་གྱི་གསལ། དབུའི་གཞལ་ཡས་ཁང་གི་ནང་ན། ཕྱི་རིན་པོ་ཆེའི་ཕོ་བྲང་འབར་བ། ནང་རཱ་ག་དམར་པོ་གསལ་བའི་གཞལ་ཡས་ལ། བྱི་རུའི་ཟླ་གམ་སྒོ་གཅིག་པ་རེ་རེ་ཡོད་པ། མཐའ་མ་གསེར་གྱི་པདྨ་རྩིབས་བཞི་པ་རེས་བསྐོར་བ། དེའི་ནང་ན་གདན་གསེར་གྱི་སེང་གེ་རེ་ཡོད་པ། དེའི་སྟེང་ན་རིགས་བཞིའི་སངས་རྒྱས་རྒྱན་དང་ཆ་ལུགས་སུ་ལྡན་པར་བཞུགས་སོ། །དབུས་གསེར་གྱི་སེང་གེ་ལ་རྣམ་པར་སྣང་མཛད། དེ་ལྟར་རིགས་ལྔའི་ཡེ་ཤེས་ལྷར་
གསལ་བ་ལས། དེ་ལ་མེ་ཏོག་གི་ཚོམ་བུའི་དཀྱིལ་འཁོར་བྱས་ལ། རྟག་ཏུ་དེ་ལ་ཕྱག་འཚལ་ཞིང་། མཆོད་པ་དང་བསྟོད་པ་དང་། སྨོན་ལམ་བཏབ་པ་ལ་སོགས་པ་བྱས་ན། འབྲས་བུ་ཉེ་བར་འཐོབ་པར་གསུངས་སོ། །དེ་ལ་འཕྲོ་འདུ་རང་གི་དབུ་སྟེང་ན་གསལ་བར་བྱའོ། །ཕོ་བྲང་བདེ་ཆེན་གཞས་ཡས་ན། །སྟོན་པ་རིགས་ལྔའི་སངས་རྒྱས་བཞུགས། །ཐུགས་ཀ་དཔལ་བེའུ་འཁྱིལ་པའི་གནས། །སྐུ་ནི་ཆོས་སྐུ་མཛེས་ལྡན་པ། །མ་འདྲེས་རང་སར་སོ་སོར་གསལ། །གསུང་ནི་འཛབ་དབྱངས་ཕུན་སུམ་ཚོགས། །ཡུམ་ནི་གཉིས་མེད་ངང་དུ་འཁྲིལ། །བདེ་གཤེགས་ལྔ་ཡི་ཐུགས་ཀ་ན། །མུ་ཏིག་དཀར་པོ་ཁུ་འཕང་འདྲིལ། །བྱང་ཆུབ་སེམས་ཀྱི་གནས་ཆེན་པོ། །བདེ་གཤེགས་ཡུམ་ལྔའི་མཁའ་དབྱིངས་ལ། །པདྨ་རཱ་ག་འོད་དུ་འཁྱིལ། །དཀར་དམར་འཁྱིལ་པའི་བྱིན་རླབས་ལས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་འཕྲོས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཞེས་པས་བསྐུལ་ཞིང་འཕྲོ་འདུ་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབུའི་གཞལ་ཡས་བདེ་གཤེགས་རིགས་ལྔ་ལ་ནར་མར་མཆོད་པའི་ལེའུ་སྟེ་བརྒྱ་དང་ང་དྲུག་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །སྐུ་དང་གསུང་དང་ཐུགས་ལས། སྔགས་འདི་རྣམས་འཐོན་ཏོ། །ལི་ལི་ལི་ལི་ལི་ལི་ལི་ལི། ལི་ལི་ལི་ལི་ལི་ལི་ལི་ལི། ལི་ལི་ལི་ལི་ལི་ལི་ལི་ལི། ལི་ལི་ལི་ལི་ལི་ལི་ལི་ལི། སྒྲ་འཐོན་ཏེ་བརྗོད་པ་ཙམ་གྱིས། ལོང་བ་རྒྱབ་འདྲེལ་སུམ་ཅུ་རྩ་གཉིས། ཟླ་གམ་གསང་བའི་དཀྱིལ་འཁོར་ལ་འཁོད་དོ། །དེ་ནས་ལོང་བ་དེ་དག་བདེ་ཆེན་འཁོར་ལོ་སུམ་ཅུ་རྩ་གཉིས་ལ། དམུས་ལོང་གི་ཚུལ་དུ་ཐིག་ལེར་གནས་པའོ། །དེ་ལ་མཁའ་འགྲོ་མའི་སྐུར་གནས་པའོ། །དེ་རྣམས་དྲག་པོ་དབང་དྲག་ལས། ལས་ལ་མྱུར་ཞིང་ཐམས་ཅད་འགྲུབ་པར་བྱེད་པ་སྟེ། ལི་ཛ་ལི་ཛ་ཞེས་བརྗོད་པས་ལས་ལ་བསྐུལ་བའོ། །ས་མ་ཡ་ལི་ཛ། ས་མ་ཡ་ལི་ཛ། ཞེས་བརྗོད་པས་རབ་ཏུ་ལས་བསྐུལ་བའོ། །ལི་ཏྲཾ་ག་ལམ་པི་པག་ག་ནི་ས་ཛ་ཛ། ཞེས་པ་དེ་བརྗོད་པས་འདི་སྐད་མཚོན། ཧཱུཾ། དམུས་
ལོང་བརྒྱད་པོ་མ་རུངས་པ། །སུམ་ཅུ་རྩ་གཉིས་རྒྱུད་འཛིན་ཅིང་། །རིགས་ཀྱི་སངས་རྒྱས་ཀུན་ལ་བསྐོར། །ཞིང་ཁམས་ཆེན་པོ་ཡོངས་སུ་སྐྱོང་། །འབར་བའི་ལས་ཀུན་འགྲུབ་པར་བྱེད། །དཔལ་གྱི་དགྱེས་པ་རབ་ཏུ་སྐོང་། །མི་བཟད་འབར་བའི་སྐུ་ལུས་ལ། །ར་རིའི་གདོང་ལ་ཀེང་ཐོད་འཛིན། །སྤྲུལ་པ་ཡོངས་སུ་གཏོང་བར་བྱེད། །སངས་རྒྱས་རྣམས་ཀྱི་ཕྲིན་ལས་བསྒྲུབ། །བདེ་གཤེགས་ལྔ་ཡི་ཐུགས་དམ་བསྐུལ། །རིག་པ་ཆོས་ཉིད་ངང་དུ་ཤར། །འཕྲོ་འདུའི་དགོངས་པས་འགྲོ་དོན་མཛད། །ཤར་དུ་ལོང་བ་བརྒྱད་དུ་བྱུང་། །དཀར་པོ་ར་རི་ཀེང་ཐོད་འཛིན། །ཐོད་པ་ཁྲག་བཀང་མ་མོའི་སྐུ་ལ་སྟོབ། །གར་སྟབས་བྱེད་ཅིང་གདུག་རྩུབ་འཇོམས། །སྨྲ་མེད་ཁོང་ནས་འབྲུག་སྟོང་ལྡིར། །སྙན་མེད་ཡེ་ཤེས་ཁོང་ནས་གསལ། །མིག་མེད་ཡེ་ཤེས་ཁོང་ནས་བལྟ། །ལྕེ་མེད་བྱང་ཆུབ་དོན་དུ་གཉེར། །སྣ་མེད་དྲི་ཡང་ཁོང་ནས་མྱོང་། །ཁ་མེད་རོ་ནི་བདེ་བར་ལྡན། །རྣ་མེད་སྒྲ་ནི་ཁོང་ནས་གསལ། །ཐོད་སྐྱའི་མགོ་ལ་གྱད་ཀྱི་ལུས། །ཆིབས་སུ་སྟག་གུ་རི་བཀྲ་ཆིབས། །གང་ལྟར་མངགས་པའི་ས་ཕྱོགས་དེར། །གཟའ་རྒོད་མིག་དམར་ཆར་དུ་འབེབས། །རྡོ་རྗེ་རིགས་ཀྱི་ཞིང་ཁམས་སྐྱོང་། །ལྷོ་ནས་ལོང་བ་བརྒྱད་དུ་བྱུང་། །ར་རི་གདོང་ལ་ཀེང་ཐོད་འཛིན། །སྐར་མདའ་དམར་པོ་ཆར་དུ་འབེབས། །ཆིབས་སུ་གཟིག་མོ་ཐིག་ལེ་ཆིབས། །སྤྲུལ་པ་ཡོངས་སུ་གང་བ་སྟེ། །རིན་ཆེན་རིགས་ཀྱི་ཞིང་ཁམས་སྐྱོང་། །ནུབ་ནས་ལོང་བ་བརྒྱད་དུ་བྱུང་། །ར་རི་གདོང་ལ་ཀེང་ཐོད་འཛིན། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །ཐོག་ཆེན་བར་སྣང་ཐིག་ཏུ་འདྲེན། །པདྨ་རིགས་ཀྱི་ཞིང་ཁམས་སྐྱོང་། །སངས་རྒྱས་ཀུན་གྱི་དགྱེས་སྐོང་མཛད། །བྱང་ནས་ལོང་བ་བརྒྱད་དུ་བྱུང་། །ར་རི་གདོང་ལ་ཀེང་ཐོད་འཛིན། །ཆིབས་སུ་ཁྱུང་ཆེན་བརྒྱད་ལ་ཆིབས། །གང་དུ་རྒྱུག་པའི་ས་ཕྱོགས་དེར། །ལྕགས་ཀྱི་ཚ་ཚ་སྐར་ལྟར་འཁྲུགས། །སངས་རྒྱས་ཀུན་གྱི་ཐུགས་དམ་སྐོང་། །ལས་ཀྱི་རིགས་ཀྱི་ཞིང་ཁམས་སྐྱོང་། །དམུས་ལོང་འཁོར་བའི་དུས་ལ་བབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་
ཏནྟྲ་ལས། དམུས་ལོང་སྤྲོ་ཞིང་ལས་ལ་བཏང་བའི་ལེའུ་སྟེ་བརྒྱ་དང་ང་བདུན་པའོ།། །།ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་ལས། ཡེ་ཤེས་ཀྱི་ཕོ་ཉ་རྣམ་པར་ཤེས་པའི་ཟེར་བརྒྱད་ལ་རྒྱུ་བས། ཡེ་ཤེས་ཁྱི་བརྒྱད་བཀྱེ་སྟེ། ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ། དེ་ལ་ཡེ་ཤེས་ཀྱི་ཁྱི་བརྒྱད་ནི། སྤུ་ལྕགས་ཀྱུ་གཏམས་པ། བ་སྤུ་རྩང་ཕུར་དུ་གཏམས་པ། གཞུག་མ་ལྕགས་ཀྱུ། སྡེར་མོ་ལྕགས་ཤར་དུ་འདུག་པ། བྱུ་རུའི་ཨ་ལོང་རེ་རེ་བཏགས་པ་ལ་ཛ་རེས་མཚན་པ། དེ་ལྟར་མཆེ་བ་གཏམས་པ། མཆེ་བ་བཞི་བསྣོལ་མར་གཙིགས་པ། དེ་ལྟར་གསལ་བ་ལ་སྒྲ་འདི་སྐད་བསྐུལ་ཞིང་རྦད་པར་བྱ། དཔལ་གྱི་ཕོ་ཉ་ཆེན་མོ་ནི། །ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི། །དུང་གི་ཁྱི་ལ་གཡུ་རལ་ཅན། །ཟངས་མིག་བྱི་རུའི་ཨ་ལོང་ཅན། །རྐང་ལག་རྩེ་གསུམ་འབར་བའོ། །ཁ་ནས་ཁྲོ་ཆུའི་སྐྱུག་པ་སྐྱུགས། །མིག་ནས་མེ་ཡི་ཚ་ཚ་འཕྲོ། །གང་ལ་བྱ་བའི་ལས་ཀུན་བྱེད། །ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱི། །གསེར་གྱི་ཁྱི་སྟེ་རྐང་གསུམ་མ། །དུང་གི་རལ་པ་ཤ་ར་ར། །དུང་གི་མིག་ལ་གཡུ་ཡི་ཨ་ལོང་ཅན། །ཁ་ནས་མེ་ཡི་སྐྱུག་པ་སྐྱུགས། །མིག་ནས་ཁྲག་གི་བུ་ཡུག་འབེབས། །སྙན་ནས་ཐོག་ཆེན་ཐིག་ཏུ་འབེབས། །གང་ལ་བབ་པའི་ལས་གྱིས་ཤིག །ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱི། །ཟངས་ཀྱི་ཁྱི་སྟེ་རྐང་རྩེ་གསུམ། །དུང་གི་རལ་པ་ཤ་ར་ར། །གཡུ་མིག་སྔོན་མོ་ཆི་ལི་ལི། །བྱི་རུའི་ཨ་ལོང་ཁྲ་ལ་ལ། །མིག་ནས་མེ་ཡི་བུ་ཡུག་འབེབས། །ཤངས་ནས་རླུང་འཚུབས་ཧ་ལི་ལི། །ཁ་ནས་སྐྱུག་པ་ཚ་ཚ་འཕྲོ། །གང་ལ་བཅོལ་བའི་ལས་གྱིས་ཤིག །བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱི། །ལྕགས་ཀྱི་ཁྱི་སྟེ་ཟངས་མིག་མ། །དུང་གི་ཨ་ལོང་ཁྲ་ལ་ལ། །རྐང་ལག་རྩེ་གསུམ་མཆོངས་སྟབས་ཅན། །བསེ་ཡི་རལ་པ་སི་ལི་ལི། །མིག་ནས་ཁྲག་འཛག་ཐུ་ལུ་ལུ། །སྣ་ནས་གློག་དམར་ལྗིབས་སེ་ལྗིབ། །ཁ་ནས་མེ་ཡི་སྐྱུག་པ་སྣགས། །གང་ལ་བཅོལ་བའི་ལས་གྱིས་
ཤིག །ཤར་ལྷོ་མཚམས་ནས་རྒྱུག་པ་ཡི། །གཡུ་ཡི་ཁྱི་སྟེ་དུང་རལ་ཅན། །གཟི་ཡི་མིག་ལ་བྱི་རུའི་ཨ་ལོང་ཅན། །མིག་ནས་འོད་འབར་ལམ་མེ་ལམ། །ཁ་ནས་ངན་སྐྱུག་དུག་འབེབས་མ། །གང་ལ་བབ་པའི་ལས་གྱིས་ཤིག །ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི། །མཐིང་གི་ཁྱི་ལ་བསེ་རལ་ཅན། །གསེར་མིག་སེར་པོ་ཆི་ལི་ལི། །མིག་ནས་མེ་འབར་སྣ་ནས་རླུང་མཚུབས་མ། །སྙན་ནས་འབྲུག་སྟོང་དི་རི་རི། །ཁ་ནས་དུག་མདའ་ཁོལ་མའི་སྐྱུག་པ་སྐྱུགས། །གང་ལ་བབ་པའི་ལས་གྱིས་ཤིག །ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱི། །བྱི་རུའི་ཁྱི་སྟེ་གཡུ་རལ་ཅན། །དུང་མིག་དཀར་པོ་ཏ་ལ་ལ། །དུང་གི་ཨ་ལོང་ཁྲ་ལ་ལ། །མིག་ནས་ཁྲག་འཛག་སྣ་ནས་དུད་པ་འཐུལ། །ཁ་ནས་བསེ་ཐོག་སྐྱུག་པ་སྐྱུགས། །གང་ལ་བབ་པའི་ལས་གྱིས་ཤིག །བྱང་ཤར་མཚམས་ནས་རྒྱུག་པའི་ཁྱི། །ར་གན་ཁྱི་སྟེ་རྐང་གསུམ་མ། །དུང་གི་རལ་པ་ཤ་ར་ར། །གཡུ་མིག་སྔོན་པོ་ཆི་ལི་ལི། །བྱི་རུ་དམར་པོའི་ཨ་ལོང་ཅན། །མིག་ནས་མེ་འབར་སྣ་ནས་རླུང་འཚུབས་མ། །ཁ་ནས་ལྕགས་ཀྱི་ཚ་ཚ་སྐྱུགས་པར་འདོན། །གང་ལ་བྱ་བའི་ལས་གྱིས་ཤིག །ཧཱུཾ་ཡེ་ཤེས་ཆེན་པོ་སྤྲུལ་པའི་ཁྱི། །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །སྤྱན་ནི་ཉི་ཟླ་ཤར་བ་འདྲ། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུའི། །གདུག་པའི་ལོག་འདྲེན་རྡུལ་དུ་རློག །ཛྙཱ་ན་ཀུ་ཀུ་རཀྴ་ཡཀྴ་ས་མ་ཡ་ཁཱ་ཧི་རྦད་ལིང་ཛ་ཛ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྱི་བརྒྱད་ཡེ་ཤེས་ཀྱི་སྤྲུལ་པའི་ལེའུ་སྟེ་བརྒྱ་དང་ང་བརྒྱད་པའོ།། །།འདབ་བརྒྱད་འབར་བའི་རྩིབས་མཆན་ལ། ཡེ་ཤེས་ཕོ་ཉ་མོ་རྣམ་པར་ཤེས་པའི་ཡུལ་བརྒྱད་ལ་རྒྱུ་བ། ཡེ་ཤེས་ཀྱི་སྤྱང་མོ་བརྒྱད་དེ། ཁུ་ཁུ་ཁུ་ཁུ་ཁུ་ཁུ་ཁུ་ཁུ་ཛཿཛཿ། དེ་ལྟར་ཡེ་ཤེས་ཀྱི་སྤྱང་མོ་བརྒྱད་སྤྲུལ་པ་དང་ལྡན་པ། རལ་པ་སྤྲུག་པ་སྟབས་དྲག་པོ་དང་ལྡན་པར་བསྐུལ་བའོ། །ཡེ་ཤེས་རྟགས་ཀྱི་ཕོ་ཉ་མོ། །འབར་བ་ཐུགས་བརྩེའི་དཀྱིལ་འཁོར་ནས། །སྤྱང་མོ་ལས་མཁན་ཕོ་ཉ་བརྒྱད། །སྤྱང་མོ་མི་བཟད་རྔམ་སྟབས་ཅན། །སྐུ་ནི་སྤྱང་མོ་འབར་བ་ལ། །རལ་པ་སྔོན་པོ་སི་ལི་ལི། །
བ་སྤུ་རྩང་ཕུར་སི་ལི་ལི། །མཇུག་མ་ལྕགས་ཀྱི་སོག་ལེ་འདྲ། །མཆི་མ་ཁྲག་གི་ཐིགས་པ་ལས། །སྤྱང་མོ་རྔམ་པ་བརྒྱད་བྱུང་སྟེ། །དྲག་པོའི་གདངས་སྒྲ་ལན་གསུམ་བསྒྲགས་པ་ཡིས། །སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐུལ། །འགྲོ་བ་ཀུན་ལ་སྙན་པར་སྒྲོགས། །ངན་སོང་གནས་རྣམས་འཇོམས་པར་བྱེད། །སྲིད་པའི་རོལ་རྣམས་ཡེ་ཤེས་གཤོལ་པས་བཤལ། །བྱང་ཆུབ་བླ་མེད་གནས་ལ་དགོད་པར་མཛད། །དཔལ་གྱི་ཞིང་ཁམས་ཆེན་པོ་སྐྱོང་། །སངས་རྒྱས་རྣམས་ཀྱི་ཐུགས་དམ་སྐོང་། །ཏ་ན་ག་ཎའི་ཕྲིན་ལས་བྱེད། །སྐྱེ་ཤི་མེད་པའི་ལས་ལ་སྦྱོར། །འཆིང་གྲོལ་མེད་པའི་འབྲས་བུ་འགྲུབ། །ཤར་གྱི་ཕྱོགས་སུ་རྒྱུག་པའི་ཚེ། །དྲི་ཟའི་གྲོང་ཁྱེར་གཏན་ནས་འཇོམས། །ལྷོ་ཡི་ཕྱོགས་སུ་རྒྱུག་པའི་ཚེ། །གཤིན་རྗེའི་སྲོག་གཅོད་སྒྲོལ་བར་ནུས། །ནུབ་ཀྱི་ཕྱོགས་སུ་རྒྱུག་པའི་ཚེ། །ཀླུ་དབང་གདོན་རྣམས་གཏན་ནས་འཇོམས། །བྱང་གི་ཕྱོགས་སུ་རྒྱུག་པའི་ཚེ། །གནོད་སྦྱིན་མ་རུངས་གདུག་རྩུབ་འཇོམས། །ཤར་ལྷོ་མཚམས་ནས་རྒྱུག་པའི་ཚེ། །དྲང་སྲོང་མེ་ལྷ་གནས་སུ་སྒྲོལ། །ལྷོ་ནུབ་མཚམས་སུ་རྒྱུག་པའི་ཚེ། །སྲིན་པོའི་གདོན་རྣམས་ཚར་གཅོད་ཅིང་། །ནུབ་བྱང་མཚམས་ནས་རྒྱུག་པའི་ཚེ། །རླུང་ལྷའི་གདོན་རྣམས་ཚར་གཅོད་པའོ། །བྱང་ཤར་མཚམས་ནས་རྒྱུག་པའི་ཚེ། །དབང་ལྡན་འབྱུང་པོ་ཚུལ་བཞིན་སྒྲོལ། །ཡེ་ཤེས་སྤྱང་བརྒྱད་དུས་ལ་བབས། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཡེ་ཤེས་སྤྱང་བརྒྱད་ཀྱི་ལེའུ་སྟེ་བརྒྱ་དང་ང་དགུ་པའོ།། །།དེ་ནས་ཡང་གསང་བ་བདེ་བ་ཆེན་པོའི་སྒོ་བཞི་ནས། ཡེ་ཤེས་ཀྱི་ཁྲོ་བོ་མགོ་དགུ་བརྩེགས་པའི་རྐང་གཅིག་དང་། མགོ་བདུན་བརྩེགས་པའི་རྐང་གཅིག་དང་། མགོ་ལྔ་བརྩེགས་པའི་རྐང་གཅིག་དང་། མགོ་གསུམ་བརྩེགས་པའི་རྐང་གཅིག་དང་བཞི་འཐོན་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿ། ཛཿཧཱུཾ་བཾ་ཧོཿ། དྲག་པོའི་སྔགས་དེ་བརྗོད་པ་ཡིས། །ཡེ་ཤེས་མགོ་བརྩེགས་ཁྲོ་བོ་ཤར། །རིགས་
བཞི་འབར་བའི་སྐུ་མདོག་ལ། །གདུག་པའི་ཕྱག་མཚན་བསྣམས་པ་ཡིས། །ལོག་པའི་ཚོགས་རྣམས་བཅོམ་ནས་ཡེ་ཤེས་བཞི་ལ་སྦྱོར། །ཧཱུཾ། ཡེ་ཤེས་སྒོ་བཞིར་འབར་བའི་ཚོགས། །གཞལ་ཡས་དབང་གི་ཤར་སྒོ་ན། །པདྨ་ཞིང་ཆུང་གདན་སྟེང་ནས། །ཁྲོ་བོ་ཆེན་པོ་སྒོ་སྲུང་བ། །ཞི་བའི་ལས་མཛད་ཡེ་ཤེས་དགུ་ལ་སྦྱོར། །ཕྲིན་ལས་ཆེན་པོ་བསྒྲུབ་པར་མཛད། །ལྕགས་ཀྱུ་དགྲ་སྟྭ་རབ་ཏུ་བསྣམས། །ཤར་ནས་ཞི་བའི་ལས་མཛོད་ཅིག །གཞལ་ཡས་དབང་གི་ལྷོ་སྒོ་ན། །པདྨ་ཞིང་ཆུང་གདན་སྟེང་ནས། །ཁྲོ་བོ་མགོ་བདུན་བརྩེགས་པའི་རྐང་གཅིག་པ། །གཡས་པ་ཞགས་པ་གཡོན་པ་མདའ། །རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད། །གཞལ་ཡས་དབང་གི་ནུབ་སྒོ་ན། །པདྨ་ཞིང་ཆུང་གདན་སྟེང་ནས། །ཁྲོ་བོ་མགོ་ལྔ་བརྩེགས་པའི་རྐང་གཅིག་པ། །གཡས་པ་ལྕགས་སྒྲོག་གཡོན་པ་རྟགས། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། །གཞལ་ཡས་དབང་གི་བྱང་སྒོ་ན། །ཞིང་ཆུང་པདྨའི་གདན་སྟེང་ནས། །ཁྲོ་བོ་མགོ་གསུམ་བརྩེགས་པའི་རྐང་གཅིག་པ། །) གཡས་པ་དྲིལ་བུ་གཡོན་པ་ཤེས་རབ་སྟབས། །དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྒོ་བཞི་ཁྲོ་བོའི་ལེའུ་སྟེ་བརྒྱ་དང་དྲུག་ཅུ་པའོ།། །།དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། ཚངས་སོགས་ཞིང་ཁམས་སྦྱང་བའི་ཕྱིར། །དབྱངས་དྲུག་རྟོགས་པའི་བལྟ་བར་བཞག །བྲོ་དྲུག་རྫོགས་པའི་སྤྱོད་ལམ་ཡིན། །དབྱངས་དྲུག་གདེང་དུ་བླང་བ་ནི། །གྲུབ་པའི་དབྱངས་ཀྱིས་ཐུགས་དམ་བསྐང་། །ཚངས་པའི་དབྱངས་ཀྱིས་ཞིང་ཁམས་སྦྱངས། །གདུང་བའི་དབྱངས་ཀྱིས་མ་སྲིང་མཉེས། །ལས་ཀྱི་དབྱངས་ཀྱིས་ཕོ་ཉ་འགྱེད། །སྒྱུ་མའི་དབྱངས་ཀྱིས་དགོངས་རྒྱུད་གསལ། །འབར་བའི་དབྱངས་ཀྱིས་བདུད་བཞི་འདུལ། །ཧཱུཾ་གི་དབྱངས་ཀྱིས་འཕྲོ་འདུ་འཁྲུགས། །གར་གྱི་བྲོ་བརྡུང་བྱིན་རླབས་ཆེ། །དབང་གི་བྲོ་བརྡུང་དུག་གསུམ་འཇོམས། །པདྨའི་བྲོ་བརྡུང་ཆགས་པ་མེད། །
ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས། །ཕྲ་མེན་བྲོ་ནི་འགུགས་སྦྱོང་བྱེད། །རྫོགས་པའི་བྲོ་ནི་ལས་རྣམས་འགྲུབ། །གདངས་ཀྱི་དབྱངས་ཀྱང་བླང་བར་བྱ། །དྲག་པོའི་བྲོ་ཡང་བརྡུང་བར་བྱ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབྱངས་དང་བྲོའི་ལེའུ་སྟེ་བརྒྱ་དང་རེ་གཅིག་པའོ།། །།དེ་ནས་ཡང་ནི་བྲོ་བརྡུང་བ། །རྟ་བྲོ་འཁོར་གསུམ་སྲིན་པོ་གནོན། །འདི་ནི་གསང་ཚིག་ངེས་པའི་བྲོ། །ཐུགས་མཆོག་གསང་བའི་སྙིང་པོ་ཡིན། །རྒྱལ་བ་ཀུན་དང་མཉམ་སྦྱོར་བས། །དགོངས་རྒྱུད་དག་ཅིང་གསལ་བར་བསྒོམ། །རྟ་བྲོ་འཁོར་གསུམ་དང་པོ་ལ། །ཁྲོ་བོའི་སྤྲིན་གྱིས་དབང་བསྡུས་ནས། །དུས་གསུམ་རྒྱལ་བས་རོལ་པ་མཛད། །རྟ་བྲོ་འཁོར་གཉིས་བར་པ་ལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རིགས་ཀྱི་ཡུམ་དང་རོལ་པར་མཛད། །རྟ་བྲོ་འཁོར་གསུམ་ཐ་མ་ལ། །མ་སྲིང་རྒྱ་མཚོའི་འཁོར་བསྡུས་ནས། །ཕྲ་མེན་བདུན་དང་རོལ་པ་མཛད། །འདི་ནི་སྐུ་གསུང་ཐུགས་ཀྱི་བྲོ། །པདྨ་གསང་བའི་ཐུགས་དམ་བསྐང་། །དེ་ཡང་རྟ་བྲོ་གསང་བའི་བྲོ། །བྲོ་ལ་ཡོན་ཏན་བསམ་མི་ཁྱབ། །བྲོ་ཡི་ཡོན་ཏན་བསྟན་པ་ནི། །ངན་སོང་གནས་འཇོམས་བྲོ་བརྡུངས་པས། །འཁོར་བ་རུ་ནས་བཟློག་པའི་བྲོ། །ངན་སོང་གནས་ནས་འཇོམས་པར་མཛད། །བདེ་གཤེགས་རྒྱལ་བའི་ཐུགས་དམ་བསྐང་། །མི་འགྱུར་ཆོས་ཉིད་ངང་ལ་དགོད། །སྤྱོད་པ་ཆོས་ཉིད་ངང་ལ་སྤྱོད། །བལྟ་བ་ཆོས་ཉིད་ངང་ལ་མཉམ། །མཉམ་པ་ཉིད་དུ་ཀློང་བརྡལ་བ། །མ་སྤངས་གནས་སུ་མངོན་སངས་རྒྱས། །བྲོ་ཡི་ཡོན་ཏན་བསྟན་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བའི་རྟ་བྲོ་འཁོར་གསུམ་གྱི་ལེའུ་སྟེ་བརྒྱ་དང་རེ་གཉིས་པའོ།། །།དེ་ནས་རིགས་བཞི་མཉེས་པའི་ཕྱིར། །གདུལ་བྱའི་བྲོ་བཞི་བྱུང་བ་ནི། །ནུབ་ཀྱི་ཕྱོགས་སུ་བྲོ་གཅིག་བྱུང་། །ཀླུ་འབྲུག་འདུལ་བའི་བྲོ་བོ་ཆེ། །ཁ་ཡང་ནུབ་ཏུ་བལྟས་བྱས་ཏེ། །གྲུ་མོ་གདེངས་ནས་རྐང་པས་བརྡུང་། །ཁ་ནས་སྔགས་ཚིག་འདི་སྐད་བཟླ། །གྲུ་ན་ལེ་
ཤ་ཏྲུཾ་མཱ་ར་ཡ། ཀླུ་འབྲུག་དོན་སྙིང་རྩད་ནས་ཕྱུང་། །ཀླུ་རྣམས་ཀུན་ཀྱང་ཞབས་ཀྱིས་བཙིར། །དེ་ཡང་གསང་ཚིག་ངེས་པའི་བྲོ། །གདུལ་བྱའི་བྲོ་གཅིག་བྱང་ནས་བྱུང་། །གནོད་སྦྱིན་འདུལ་བའི་བྲོ་བོ་ཆེ། །ལག་པ་གཡས་གཡོན་མགོ་ལ་ཁྱེར། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །བག་ཏུ་མ་བཾ་རི་ལ་ཡ། །གནོད་སྦྱིན་དཔྲལ་བའི་སྟེང་ནས་བརྡུང་། །གདུལ་བྱའི་བྲོ་གཅིག་ཤར་ནས་བྱུང་། །དྲི་ཟའི་རྒྱལ་པོ་འདུལ་བའི་བྲོ། །ལག་པ་གར་སྟབས་བསྐྱོད་བྱས་ཏེ། །ལྷ་ཚོགས་མང་པོ་དབང་དུ་བསྡུས། །བག་ཏི་ཤ་བཾ་ནི་ཡཾ། གདུལ་བྱའི་བྲོ་གཅིག་ལྷོ་ནས་བྱུང་། །གྲུལ་བུམ་འདུལ་བའི་བྲོ་བོ་ཆེ། །མ་ར་ཏི་ཤ་ཡཾ། ལ་ལ་རླུང་ལྷ་འདུལ་བའི་བྲོ། །ལ་ལ་བགེགས་ཆེན་འདུལ་བའི་བྲོ། །རྟ་ཡི་བྲོ་ནི་ཤར་ནས་བརྡུང་། །ཁྱི་ཡི་བྲོ་ནི་ལྷོ་ནས་བརྡུང་། །བྱ་ཡི་བྲོ་ནི་ནུབ་ནས་བརྡུང་། །ཕག་གི་བྲོ་ནི་བྱང་ནས་བརྡུང་། །མཚམས་བཞིའི་བྲོ་བཞི་བྱུང་བ་ནི། །བྱང་ཤར་མཚམས་ནས་གཟི་ཡི་བྲོ། །ཤར་ལྷོ་མཚམས་ནས་ལྕགས་ཀྱི་བྲོ། །ལྷོ་ནུབ་མཚམས་ནས་བསེ་ཡི་བྲོ། །ནུབ་བྱང་མཚམས་ནས་མཆེ་བའི་བྲོ། །ལ་ལ་ཟ་བྱེད་ཆེན་པོ་འདུལ། །ལ་ལ་གཡོ་འགུལ་མེད་པར་གནོན། །ལ་ལ་རྩལ་གྱིས་དབང་དུ་བསྡུས། །ལ་ལ་དུག་གསུམ་བཙོན་ར་སྦྱོང་། །ལ་ལ་དབང་ཆེན་དབྱིངས་སུ་འདེབས། །ལ་ལ་སྦྱོར་བའི་ངན་སྔགས་གཅོད། །ལ་ལ་ང་རྒྱལ་གཤོག་པའི་བྲོ། །ལ་ལ་ཐམས་ཅད་བརྟན་པར་བྱེད། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལ། །ཚོམ་བུ་བརྒྱད་ཀྱི་བྲོ་བརྡུངས་པས། །ཁྲོ་མོ་ཀུན་དང་མཉམ་པར་སྦྱོར། །ཤེས་རབ་ཕ་རོལ་ཕྱིན་པའི་བྲོ། །འདི་ནི་དཔལ་གྱི་ཐུགས་དམ་ཡིན། །འདི་ནི་མ་སྲིང་དངོས་གྲུབ་ཡིན། །འདི་ནི་ཕོ་ཉའི་ལོངས་སྤྱོད་ཡིན། །དེ་ཕྱིར་གླུ་བྲོ་རྒྱུན་མི་འཆད། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལ། །རྒྱལ་བ་སྟོང་གི་དཀྱིལ་འཁོར་གནས། །རྒྱལ་བ་སྟོང་གི་དཀྱིལ་འཁོར་དུ། །ཁྲོ་བོ་ཅན་གྱི་རྟ་བྲོ་སྟེ། །ཚོམ་བུ་བདུན་གྱི་ཕྱོགས་ཕྱོགས་སུ། །ལ་ལ་ཡེ་ཤེས་རོལ་པའི་བྲོ། །ལ་ལ་ལོངས་སྤྱོད་དཔལ་གྱི་བྲོ། །ལ་ལ་དབང་པོ་ཡུལ་གྱི་བྲོ། །ལ་ལ་རྡོ་རྗེ་པདྨའི་
བྲོ། །ལ་ལ་འཇིག་རྟེན་དབང་སྡུད་བྲོ། །ལ་ལ་དྲག་པོ་ཤུགས་ཀྱི་བྲོ། །ལ་ལ་མོས་པ་རྒྱན་གྱི་བྲོ། །ལ་ལ་ལོངས་སྤྱོད་དཔལ་གྱི་བྲོ། །ལ་ལ་སྤོར་བ་གནས་ཀྱི་བྲོ། །བྲོ་ལ་རྣམ་གྲངས་བསམ་མི་ཁྱབ། །གླུ་ལ་ཡོན་ཏན་དཔག་མི་ལང་། །ཚིག་ལ་མན་ངག་སྣ་ཚོགས་ཏེ། །བྲོ་ཡི་མིང་ནི་གྷཎྜ་ཧོ། །གླུ་ཡི་མིང་ནི་པཱ་ཤ་ཧཱུཾ། །ཚིག་གི་མིང་ནི་ཨངྐུ་ཤ །འདི་ཡང་སྐུ་གསུང་ཐུགས་ཀྱི་ལུང་། །ཐབས་ཀྱི་རྒྱལ་པོ་རྟོགས་པའི་དབང་། །ཆེ་བ་ལུང་གི་ཁྱད་པར་ལ། །བྲོ་ནི་ཕྲིན་ལས་ཆེན་པོར་སྦྱོར། །གླུ་ནི་བལྟ་བའི་རྒྱལ་པོར་བཞག །ཚིག་ནི་འབྲལ་བ་མེད་པའི་དོན། །རྒྱལ་བ་ཀུན་དང་མཉམ་སྦྱོར་བས། །སྔགས་ཀྱི་ཐ་ཚིག་ཆེན་པོ་ཡིན། །སྣ་ལ་པདྨ་རོལ་པའི་བྲོ། །འགག་པ་མེད་པའི་ཚུལ་གྱིས་བརྡུང་། །ཡུམ་གྱི་མཁའ་དང་སྦྱོར་བའོ། །དེ་ནས་ཤེས་རབ་ཐབས་ཀྱི་བྲོ། །བྷ་གའི་གནས་སུ་ལིངྒས་བརྡུང་། །དེ་ནས་དབང་པོ་ཡུལ་གྱི་བྲོ། །ལྷ་མོ་བརྒྱད་ལ་ཐབས་ཀྱིས་རོལ། །དེ་ནས་གདུལ་བྱ་དབང་གི་བྲོ། །རྟ་མགྲིན་རྒྱལ་པོའི་འཁོར་ལ་བརྡུང་། །དེ་ནས་མོས་པ་རྒྱན་གྱི་བྲོ། །མ་སྲིང་རྒྱ་མཚོའི་འཁོར་ལ་བརྡུང་། །དེ་ནས་སྡུད་བྱེད་ཐབས་ཀྱི་བྲོ། །ཕྱོགས་བཅུའི་རྣལ་འབྱོར་མ་ལུས་བརྡུང་། །ཐབས་དང་ཤེས་རབ་ལྡན་སྦྱོར་ན། །གླུ་བྲོ་དམ་ཚིག་རྒྱལ་པོ་ཡིན། །རྟག་པར་བདུད་བཞི་འདུལ་བའི་ཕྱིར། །བྲོ་ནི་བར་ཆད་མེད་པར་བརྡུང་། །བལྟ་བ་དྲང་པོར་བྱ་བའི་ཕྱིར། །གླུ་ནི་འདུ་འབྲལ་མེད་པར་བླང་། །དཀྱིལ་འཁོར་རང་ལ་གསལ་བའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླ། །ཕུང་པོ་གཏན་ནས་གཞོམ་པའི་ཕྱིར། །ཚིག་ཆད། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གླུ་བྲོ་གསང་བའི་ལེའུ་སྟེ་བརྒྱ་དང་རེ་གསུམ་པའོ།། །།འཇིག་རྟེན་རིམ་གྱིས་སྦྱང་བའི་ཕྱིར། །ད་ནི་ལྷ་ལ་བྲོ་བརྡུང་སྟེ། །བྲོ་ཡི་མིང་ནི་ཨཱ་ཀར་ཤ །གླུ་ཡི་མིང་ནི་ཨཱ་ཡུ་ར། །ཚིག་གི་མིང་ནི་ཨ་མན་ཙེ། །དྲེགས་པ་ལྷ་ཆེན་སྙིང་གར་བརྡུང་། །འཁོར་ཚོགས་མ་ལུས་ཐབས་ཀྱིས་འདྲེན། །ལོངས་སྤྱོད་བཞི་ལ་ཆགས་པའོ། །བསོད་ནམས་ཆེན་པོ་དབང་དུ་སྡུད། །ན་མཿ
ས་མནྟ་བཛྲཱ་ཎཱཾ། ད་ནི་བདུད་ལ་བྲོ་བརྡུང་སྟེ། །བྲོ་ཡི་མིང་ནི་མ་ར་དུ། །གླུ་ཡི་མིང་ནི་མ་ཤ་ཁ། །ཚིག་གི་མིང་ནི་མ་ནུ་ཀ །བདུད་ཀྱི་སྙིང་ལ་བྲོ་བརྡུངས་པས། །ཞེ་སྡང་རྒྱལ་པོ་ཐལ་བར་རློག །འཁོར་ནི་ངག་སྙན་ཚིག་གི་རྟེན། །བདུད་ཀྱི་ལོངས་སྤྱོད་དབྲོག་པར་བྱ། །ན་མཿས་མནྟ་བཛྲཱ་ཎཱཾ། ད་ནི་ཀླུ་ལ་བྲོ་བརྡུང་སྟེ། །བྲོ་ཡི་མིང་ནི་པ་ལ་ཏ། །གླུ་ཡི་མིང་ནི་ནཱ་ག་ཡུ། །ཚིག་གི་མིང་ནི། །ཀླུ་འབྲུག་སྙིང་གར་བྲོ་བརྡུངས་པས། །གཏི་མུག་རྒྱལ་པོ་ཐལ་བར་རློག །འཁོར་ནི་སྒྲ་སྙན་ཚིག་གི་རྟེན། །ཀླུ་ཡི་དངོས་གྲུབ་དབྲོག་པར་བྱ། །ན་མཿས་མནྟ་བཛྲཱ་ཎཱཾ། ནཱ་ག་དུང་དུང་། ད་ནི་ལྷ་མིན་འཇོམས་པའི་བྲོ། །བྲོ་ཡི་མིང་ནི་ཨ་ཀྲི་ཤ །གླུ་ཡི་མིང་ནི་ཐ་རམ་རྒྱུ། །ཚིག་གི་མིང་ནི་ཨཱ་ཀར་ཤ །བྲོ་བརྡུང་ལྷ་མིན་སྙིང་གར་བརྡུང་། །ང་རྒྱལ་ཆེན་པོ་རྡུལ་དུ་རློག །ལྷ་མིན་དངོས་གྲུབ་དབྲོག་པར་བྱེད། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་ཤ་ན་ཡ་ནན། ད་ནི་བྲོ་བརྡུང་བགེགས་ཆེན་འཇོམས། །བྲོ་ཡི་མིང་ནི་བི་ནཱ་ཀ །གླུ་ཡི་མིང་ནི་བྱི་རུ་ཀ །ཚིག་གི་མིང་ནི་ཙི་མུན་ཤ །བགེགས་ཀྱི་སྙིང་ལ་བྲོ་བརྡུངས་པས། །ཕྲག་དོག་རྒྱལ་པོ་རྡུལ་དུ་རློག །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཇིག་རྟེན་གྱི་བྲོའི་ལེའུ་སྟེ་བརྒྱ་དང་རེ་བཞི་པའོ།། །།དེ་ནས་ངག་གི་དབང་ཕྱུག་གིས། བཅོམ་ལྡན་འདས་དབང་ཆེན་འདུས་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་ཆེན་འདུས་པའི་གཙོ། །སེམས་ཅན་ཚེ་ཡི་དུས་བྱས་ནས། །ངན་སོང་གནས་སུ་འགྲོ་བ་ལ། །དེ་ལས་བཟློག་ཐབས་སྟོན་པས་གསུངས། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་ཆེན་འདུས་པས་བཀའ་སྩལ་པ། །ཉོན་ཅིག་ངག་གི་དབང་ཕྱུག་ཆེ། །སེམས་ཅན་དེ་དག་བཟློག་པ་ནི། །སེམས་ཅན་དབུགས་དང་བྲལ་མ་ཐག །དེ་ལ་ལས་ནི་གཉིས་ཡོད་དེ། །དགེ་བ་ཅན་དང་སྡིག་པ་ཅན། །ལས་ཀྱི་ཤུགས་ཀྱིས་འཕེན་པ་ཡིན། །དེ་ཚེ་དུས་ལ་བབ་པའི་ཚེ། །ཤི་ནས་བར་མ་དོ་རུ་དེ། །བཞི་བཅུ་རྩ་དགུའི་བར་དུ་གནས། །དེ་ལ་ལས་རྣམས་ཅི་བྱས་
དྲན། །དེ་ལ་སྐྱེ་བ་རྣམ་བཞི་སྟེ། །དེ་ལས་རིས་དྲུག་ལམ་དུ་འགྲོ། །དེ་ཡི་སྡུག་བསྔལ་མྱོང་བར་འགྱུར། །བཅོ་བརྒྱད་པོ་ཡང་ཁ་བརྒྱུད་པའོ། །དེ་ལ་ལམ་དེར་མི་གཏང་ཞིང་། །དེ་ལས་བཟློག་པར་བྱ་བ་ན། །དེ་ནི་དབུགས་དང་བྲལ་མ་ཐག །ལྷར་བསྒོམ་བཟླས་པའི་སྔགས་ཆུ་ཡིས། །ཁྲུས་བྱས་མཛེས་པས་དཀྲིས་ནས་གཞག །གྲུ་བཞི་དཀྱིལ་འཁོར་གསལ་བ་ལ། །གཡས་ནས་ཁྲོ་བོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དགབ། །དེ་ཡི་སྟེང་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གཞག །དེ་སྟེང་མཐིང་ནག་དར་ཏེ་འོག་མིན་གནས། །དཀྱིལ་འཁོར་ཁ་སྦྱོར་བར་དུ་ནི། །མདུན་དུ་མཆོད་པའི་རྣམ་པ་བསག །དེ་ནས་གསང་བ་མེ་ཁྲག་མཚམས། །དེ་ནས་བུམ་པ་གཞལ་ཡས་བཞེང་བར་བྱ། །དེ་ནས་ཉམས་པ་བཤགས་པར་བྱའོ། །བྱིན་གྱིས་བརླབ་པ་བྱས་ནས་སུ། །ལས་ཀྱི་དཀྱིལ་འཁོར་བསྐྱེད་པར་བྱ། །ཨེ་དང་ཡཾ་གྱི་འཕྲོ་འདུ་ཡིས། །གྲུ་གསུམ་མཐིང་ནག་འབར་བ་ལ། །ནང་དུ་ཁྲོ་བོའི་གཞལ་ཡས་བསྐྱེད། །དེ་ནས་ལྷ་རྣམས་བསྐྱེད་པར་བྱ། །མཆོད་པ་རིམ་པར་བྱ་བ་སྟེ། །འཛབ་དང་བསྙེན་པ་དེ་བཞིན་ཏེ། །དེ་ནས་བསྙེན་པའི་དཀྱིལ་འཁོར་ལ། །ཁྲོ་བོའི་དཀྱིལ་འཁོར་གསལ་བ་ལ། །དྲུག་ཅུ་རྩ་བརྒྱད་ཁྲོ་བོ་བསྐྱེད། །བཛྲ་ཧེ་རུ་ཀ་ཡི་དབུ་སྟེང་ཁྲོ་མོ་སྟེ། །དེ་ཡི་སྟེང་དུ་ཆེ་མཆོག་བསྐྱེད། །སྤྱན་དྲང་བསྡིམ་པ་ལ་སོགས་བྱ། །འཕྲོ་འདུའི་འོད་ཀྱིས་དཀྱིལ་འཁོར་མཉེས། །དེ་ཡི་འཕྲོ་འདུས་སེམས་ཅན་དོན་བྱས་ནས། །ཐམས་ཅད་སྒྲིབ་པ་བྲལ་བའོ། །ཞི་བའི་དཀྱིལ་འཁོར་ལ་ཡང་དེ་བཞིན་བྱ། །ཁྲོ་བོ་གསང་བའི་དཀྱིལ་འཁོར་གྱིས། །འདས་པ་དེ་ལ་བྱིན་གྱིས་རློབས། །ཚེ་ལས་འདས་པའི་ཤེས་པ་དེ། །བཀུག་ལ་ཕུང་པོ་དེ་ལ་བསྡིམ། །དེ་ནས་སྙིང་པོས་སྦྱངས་བྱས་ལ། །དྲུག་གི་ལམ་བཀག་རྒྱལ་བའི་སྲས། །བསྒྲུབ་བྱ་ལྷ་རུ་བསྐྱེད་པ་སྟེ། །ཧེ་རུ་ཀ་ཡི་མཁར་གཞག་པའོ། །ལྷ་རྣམས་སྦྱོར་བ་མཛད་པ་ལས། །བྱང་སེམས་འོད་ཀྱི་འཕྲོ་འདུ་དེས། །མ་རིག་པ་ཡི་མུན་གསལ་ནས། །
རིས་དྲུག་ལམ་བཀག་བདེ་ལ་བཀོད། །དེ་ནས་རིགས་ལྔ་ཆེ་མཆོག་དང་། །དྲུག་སྦྱོར་བ་ཡི་བྱང་ཆུབ་སེམས། །དེ་ཉིད་སེམས་དཔའ་ཕྲུ་གུ་སྙིང་དཀྱིལ་ན། །རྩ་ལ་རིགས་དྲུག་གི་ས་བོན་དྲུག་ཡོད་པ་དེ་སྦྱངས་ནས། ཆོས་ཉིད་རྩ་ལ་ལྷ་དང་མི། །དུད་འགྲོར་སྐྱེ་བའི་འོད་སེར་པོར་གྱུར། །སྙིང་པོ་སུ་དང་ཏྲི་ཡིན་ནོ། །ཡེ་ཤེས་རྩ་ལ་ལྷ་དང་མིར་སྐྱེ་བའི་ས་བོན་འོད་མཐིང་ག་སྟེ། སྙིང་པོ་ཨ་དང་ནྲྀ་ཡིན་ནོ། །རང་རྒྱུད་ཀྱི་རྩ་ལ་དམྱལ་བ་དང་ཡི་དྭགས་སུ་སྐྱེ་བའི་སྙིང་པོ་འོད་དམར་པོར་གྱུར། སྙིང་པོ་དུ་དང་པྲེ་ཡིན་ནོ། །དེ་ལས་འོད་ཀྱི་གོང་བུར་གྱུར་པ་དེ་ནི། རྣམ་པར་ཐར་པའི་ངོ་བོ་ཡིན་ཏེ། ཨོཾ་དཀར་ལ་སོགས་པའི་ཡི་གེ་གསུམ་བསྒོམས། རྡོ་རྗེ་སེམས་དཔའ་བྱམས་པ་དག་པ་དང་། སྤྱན་རས་གཟིགས་དབང་གསུམ་དུ་བསྐྱེད། དེ་ལྟར་ཁམས་གསུམ་ཡི་གེར་གྱུར་ནས་སུ། ཡབ་ཡུམ་དྲུག་ཏུ་གསལ་ཙམ་ན། པདྨ་ཅན་གྱི་ས་ལའོ། །དེ་ནས་སེམས་དཔའ་ཕྲུ་གུ་དེས། ཧེ་རུ་ཀ་གསང་བའི་སྦུབས་ཞུགས་ནས། ཉིད་ཀྱི་དབུ་ཡི་སྟེང་དུ་ནི། ཆེ་མཆོག་མཁའི་ནང་དུ་ཕྱིན་པའོ། །དེ་ལ་ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས། ལྷ་གསུམ་ཧེ་རུ་གསུམ་འགྱུར་ཏེ། དེ་གསུམ་ཡབ་ཡུམ་ལྡན་པ་ལ། དབང་མཆོག་ཡབ་ཡུམ་རོལ་པའི་སྟོབས་ཀྱིས་བཞུ་ནས། ཆེ་མཆོག་མཁའ་ལ་བསྡུའོ། །ཤེས་རབ་ཡེ་ཤེས་དབང་དང་ལྡན། །ལུས་ལ་སྟོང་ཕྲག་རྩ་ཡོད་དེ། །བདེ་བ་རྒྱས་ནས་ཆོས་ཉིད་མི་རྟོག་པའི། །ཡེ་ཤེས་ཆེན་པོ་གསལ་ཙ་ན། །ཕྱོགས་བཅུའི་སངས་རྒྱས་དཀྱིལ་འཁོར་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན། །ཐམས་ཅད་རིགས་ནི་ལྷུན་གྱིས་གྲུབ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེའི་དུས་བྱས་པ་ལ་དོན་བྱ་བའི་ལེའུ་སྟེ་བརྒྱ་དང་རེ་ལྔ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་བཀའ་སྩལ་པ། ངག་གི་དབང་ཕྱུག་ད་ཉོན་ཅིག །སྦྱིན་པའི་ཕ་རོལ་ཕྱིན་པ་ནི། །སྟོང་ཉིད་སྟོང་ཉིད་འགག་མེད་དང་། །སྙིང་རྗེ་ཆེན་པོའི་སྙིང་པོ་ཅན། །སྦྱིན་པ་ལ་སོགས་བསོད་ནམས་ཡིན། །ཡེ་ཤེས་ཚོགས་ནི་མཐའ་དག་བསྒྲུབ། །དེ་ལ་མངོན་
པར་བརྩོན་པར་བྱ། །རྒྱུ་ཡི་ཚོགས་དང་འབྲས་བུའི་ཚོགས། །ཚོགས་ལ་ཡོན་ཏན་བསམ་མི་ཁྱབ། །འདུས་བྱས་དགེ་བ་འདི་བྱས་པས། །ལྷ་དང་མི་ཙམ་ཐོབ་པ་དེ། །སྐྱེ་ཤི་མེད་པའི་ས་ལ་སངས་མི་རྒྱ། །སྦྱིན་པ་བསྲུང་བ་དེ་ཉིད་ཀྱིས། །བསོད་ནམས་ཚོགས་ནི་ཆོས་ལ་བསྒོམ་པའོ། །དེ་ལྟར་མཉམ་པར་བཞག་ནས་སངས་རྒྱས་འབྲས་བུ་ཐོབ། །མཚན་ཅན་བསྒོམ་པས་མཚན་མེད་ཐོབ། །སྣང་བ་དེ་ཉིད་སྟོང་པ་ཡིན། །དེ་ཡི་ངང་ལས་གནས་པར་བྱ། །དེ་ལྟར་བསྒོམ་པས་སངས་རྒྱས་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་རེ་དྲུག་པའོ།། །།ངག་གི་དབང་ཕྱུག་ལེགས་པར་ཉོན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ནི། །བསྒོམ་པའི་གསལ་དམིགས་བསྟན་པ་ནི། །ཚུལ་ཁྲིམས་བསྲུང་བའི་ཡོན་ཏན་གྱིས། །གཟུགས་དང་མཐུན་པ་འཐོབ་པ་སྟེ། །ཐམས་ཅད་ཟིན་དང་མ་ཟིན་པ། །ཐམས་ཅད་མཁྱེན་པའི་རྒྱ་མཚོར་ཞུགས་པ་ནི། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་མཐའ་དག་ཉེར་འཚོ་བའི། །ཡོན་ཏན་ཕུང་པོ་དག་དང་ལྡན། །དོན་དམ་པར་སེམས་ནི་ནང་དུ་ཡང་མི་གནས། ཕྱི་རོལ་དུ་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པའི་སེམས་ཀྱང་མི་དམིགས། སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མ་འོངས། འགག་པའི་ཚེ་གང་དུ་ཡང་མི་འགྲོ་སྟེ། བྱང་ཆུབ་སེམས་མ་བཅོས་པའི་ཚུལ་ལ་གནས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་རེ་བདུན་པའོ།། །།ངག་གི་དབང་ཕྱུག་ད་ཉོན་ཅིག །བཟོད་པའི་ཕ་རོལ་ཕྱིན་པ་ནི། །བཟོད་པའི་ངང་ལ་གནས་པར་བྱས་ཏེ། །འཁོར་བ་འདི་དག་ཐམས་ཅད་མི་རྟག་སྟེ། །འཁོར་བའི་ཆོས་འདི་ཐམས་ཅད་ནི། །ཐམས་ཅད་མི་རྟོག་རང་བཞིན་ཏེ། །དོན་དམ་པར་བརྟགས་དབེན་པའོ། །བསྒོམ་པ་ཞི་གནས་ལྷག་མཐོང་
གཉིས། །བྱིང་རྒོད་འཕྲོ་དང་གཡོ་དང་བཞི། །དེ་བཞིའི་དོན་ནི་ཤེས་པའོ། །ཞི་བ་མཉམ་པར་གནས་པ་དང་། །ལྷག་པ་ཡེ་ཤེས་མཐོང་བ་དང་། །དེ་ལྟར་ངང་ལ་བསྒོམ་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་རེ་བརྒྱད་པའོ།། །།དེ་ནས་ཡང་ངག་གི་དབང་ཕྱུག་ཉོན་ཅིག །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཡི་འབྲས་བུ་བསྟན་པ་ལ། །བརྩོན་འགྲུས་དྲག་པོ་སྤྱད་བསྒོམ་པས། །འཁོར་བའི་མཐའ་ལས་ཡང་དག་ཐར། །བྱིང་རྒོད་གཉིས་ཀྱི་དགྲ་སྤངས་ནས། །མཉམ་པ་ཉིད་ལ་རབ་ཞུགས་ཏེ། །དེ་ལྟར་བསྒོམས་པས་འབྲས་བུ་ཆོས་ཉིད་ངང་། །མ་བཙལ་ཉིད་ལ་ཤར་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བརྩོན་འགྲུས་བསྒོམ་པའི་ལེའུ་སྟེ་བརྒྱ་དང་རེ་དགུ་པའོ།། །།དེ་ནས་ཡང་ངག་གི་དབང་ཕྱུག་ཉོན་ཅིག །བསམ་གཏན་ཕ་རོལ་ཕྱིན་པ་ནི། །བསྒོམ་པའི་བྱེ་བྲག་བསྟན་པ་ནི། །སྟོང་པ་ཉིད་དུ་བསྒོམ་པ་ལ། །ཕ་རོལ་ཡང་ནི་མ་ཡིན་ཏེ། །ཚུ་རོལ་ཡང་ནི་མ་ཡིན་ནོ། །དེ་ཡི་བར་ཡང་མ་ཡིན་ཏེ། །དེ་ལ་ཡང་ནི་མི་གནས་པ། །བདེན་པ་རྣམ་པ་གཉིས་ལས་ནི། །ཀུན་རྫོབ་མེད་ན་རྒྱུ་འབྲས་ཆོས་དང་འགལ། །འདྲེལ་བ་མེད་པའི་སྐྱོན་དུ་འགྱུར། །སྤྲོས་པ་བཅད་པས་སེམས་བཀུག་པ། །ཡན་པར་མི་གཏང་གཏོང་བ་མིན། །སྟོང་པ་དོན་དམ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་བདུན་ཅུ་པའོ།། །།ངག་གི་དབང་ཕྱུག་ཉོན་ཅིག །ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཤེས་རབ་བསྒོམ་པ་བསྒོམ་པ་ལས། །ལྷག་མཐོང་ཤས་ཆེར་གྱུར་པའི་ཚེ། །ཞི་གནས་ཆུང་བས་མར་མེ་རླུང་གིས་བསྐྱོད་པ་བཞིན། །སེམས་ནི་རབ་ཏུ་གཡོ་བར་འགྱུར། །ཕ་རོལ་དོན་དེ་དེ་ལྟར་བསྒོམ། །རྟོགས་ན་ཉོན་མོངས་འཁོར་བ་བཟློག །དེ་ཉིད་ངང་ལ་གནས་ན་དོན་དང་ལྡན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཤེས་རབ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་དོན་གཅིག་པའོ།། །།
དེ་ནས་ཡང་བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། སེམས་ཅན་ཚེ་ཡི་དུས་བྱས་ནས། །འཁོར་བ་ངན་སོང་དག་ཏུ་ལྷུང་བ་ལས། །དགེ་བའི་སྟོངས་ནི་འདི་ལྟར་བྱ། །དེ་ནི་ཚེ་ཡི་དུས་བྱས་ནས། །བར་མ་དོ་རུ་གནས་པ་ལ། །རིགས་དྲུག་ལམ་དུ་བགྲོད་པ་འམ། །དམྱལ་བའི་གནས་སུ་སོང་བ་ལ། །ཐུགས་རྗེས་དྲང་བ་འདི་ལྟར་བཤད། །ཀུན་ཏུ་བཟང་པོའི་ཐུགས་ལས་ནི། །ཐུགས་རྗེའི་བྱིན་རླབས་འོད་ཟེར་ལྔ་བཀྱེ་ནས། །མར་སོང་རིགས་དྲུག་གནས་སུ་སྦྱངས་ནས་སུ། །འོད་ཟེར་ཡི་གེ་ལྔ་ཡི་འཕྲོ་འདུ་ཡིས། །བཞུ་ཞིང་བཏུལ་ནས་གོང་བུར་གྱུར། །གོང་བུ་དེ་དག་གསལ་བ་ལས། །ཡེ་ཤེས་ཆེན་པོའི་ངོ་བོ་སྟེ། །ཀུན་ལ་གནས་ཏེ་ངོ་མ་ཤེས། །མ་སྤངས་གནས་སུ་དག་པ་སྟེ། །སྟོན་པ་སངས་རྒྱས་དེ་ཉིད་དེ། །ཡེ་ཤེས་ཆེན་པོ་གསལ་བ་ཡིན། །དེ་ལས་བྱང་ཆུབ་ཡེ་ཤེས་དེ། །འཁོར་བ་ཡང་ནི་དེ་ཉིད་ལ། །རྟོགས་པ་ཡང་ནི་དེ་ཉིད་ལས། །བགྲོད་པར་བྱེད་པའང་དེ་ཉིད་ལ། །གནས་པར་བྱེད་པའང་དེ་ཉིད་ཡིན། །མཐར་ཐུག་པ་ཡང་དེ་ཉིད་དོ། །དེ་ལྟར་རྟོགས་པའི་དུས་ཉིད་ན། །སངས་རྒྱས་སེམས་ཅན་དབྱེར་མེད་དོན། །དེ་དོན་རྟོགས་ན་མ་བགྲོད་མངོན་སངས་རྒྱས། །དེ་ལ་ཚིག་ཏུ་འདི་སྐད་བརྗོད། །ཀུན་ཏུ་བཟང་པོའི་རང་ཉིད་ལས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མཐོ་རིས་མེད་ཅིང་ངན་སོང་མེད། །འཁོར་བ་མེད་ཅིང་མྱང་འདས་མེད། །རྫོགས་ཁྱབ་རང་བྱུང་ཡེ་ཤེས་ལ། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །འདི་ལ་གཟུང་མེད་བགྲོད་དུ་མེད། །ཅེས་གསུངས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་གི་རྒྱལ་པོ་ཆེ། །སྲོག་བསྡུས་སེམས་ཅན་ཐམས་ཅད་ཀུན། །དེ་ལྟར་གདོད་ནས་སངས་རྒྱས་ན། །བགྲོད་མེད་ཕྱི་མོ་དེ་ཡིན་ནོ། །ཉམ་ཐག་སྡུག་བསྔལ་མྱོང་བ་དང་། །འཁོར་བ་འཁོར་ཞིང་སྐྱེ་བའི་ཁ་བརྒྱུད་ནས། །ཤིན་ཏུ་སྡུག་བསྔལ་ཉམ་ཐག་པ། །དེ་ཡི་རྒྱུ་ནི་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོས་བཀའ་
སྩལ་པ། །འདི་དག་སྡུག་བསྔལ་མྱོང་བ་ནི། །ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ། །ཡེ་ཤེས་ཆེན་པོ་དེ་ཡིན་ཏེ། །དུག་གསུམ་འཁོར་བ་རང་ལས་བྱུང་། །རྟོག་པའི་དབང་གིས་འཁོར་བ་ལས། །གཞན་ནས་བྱུང་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་གསོལ་པ། རྟོགས་པའི་ཐབས་ནི་ཇི་ལྟར་བགྱི། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོ་དེས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །ཐམས་ཅད་བྱང་ཆུབ་སེམས་ཡིན་པས། །ཇི་ལྟར་སྤྱད་པ་སེམས་ཉིད་ཡིན། །ཇི་ལྟར་གནས་པའང་སེམས་ཉིད་གནས། །ཇི་ལྟར་རྟོགས་ན་སེམས་ཉིད་རྟོགས། །ཅི་སྤྱད་ཅི་བསྒོམས་ཅི་བསྒྲུབས་ཀྱང་། །སེམས་ལས་མ་གཏོགས་ཡེ་ཤེས་མེད། །ཐམས་ཅད་སེམས་ཀྱི་ངང་དུ་མཉམ་པར་གནས། །སེམས་ཉིད་མཉམ་པའི་ངང་དུ་བཞག་ནས་ནི། །ལྟེམ་མེ་མེར་རེར་གནས་པ་ནི། །གནས་ཀྱི་དམ་པ་དེ་ཡིན་ནོ། །སངས་རྒྱས་ཆོས་སྐུ་དེ་ཡིན་ནོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྟ་བ་ལ་གནས་པའི་ལེའུ་སྟེ་བརྒྱ་དང་དོན་གཉིས་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །ཕྱག་ན་རྡོ་རྗེ་ལས་ཀྱི་རྒྱལ། །དོན་ནི་བསྟན་པའི་རབ་ཏུ་བཟུང་། །ཐམས་ཅད་ཆོས་ཉིད་དབྱིངས་ཀྱི་དོན། །དབྱིངས་ལས་ཡེ་ཤེས་གསལ་བ་སྟེ། །ཡེ་ཤེས་རྣམ་པ་དགུ་རུ་གསལ། །ཡེ་ཤེས་ཆེན་པོ་དགུ་ཡི་རྟགས། །དཀྱིལ་འཁོར་དགུ་རུ་ཤར་བ་ཡིན། །དཀྱིལ་འཁོར་ཚོམ་བུ་དགུ་ལ་ནི། །དེ་ལས་སྐུ་ནི་དགུ་རུ་གསལ། །དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ། །དེ་ལས་སྤྲུལ་སྐུ་གསལ་བ་སྟེ། །དེ་ཡིས་དོན་རྣམས་གསལ་བར་བྱེད། །འགྲོ་བ་ཀུན་གྱི་གནས་སུ་ཡང་། །མཐུན་པའི་སྐུ་ཡིས་འདུལ་ཞིང་འཆང་། །དེ་ལྟར་རྟོགས་པའི་སྐུ་དེ་ཡིས། །འགྲོ་བའི་སྡུག་བསྔལ་རིམ་གྱིས་སྦྱོང་། །སྤྲུལ་པའི་སྐུ་ཡིས་སྤྲུལ་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་ཞིང་འགྲོ་དོན་བྱེད། །དེ་ཡིས་ལས་རྣམས་འགྲུབ་པ་ཡིན། །ལས་ཀྱི་རྒྱལ་པོས་ཡང་གསོལ་པ། །ཡེ་ཤེས་དཀྱིལ་འཁོར་དགུ་
པོ་དེ། །ངོ་བོ་གཅིག་ཏུ་འདུས་པ་ཡིན། །ཐམས་ཅད་ལས་ནི་གྲུབ་བྱེད་ན། །ཡེ་ཤེས་ཆེན་པོ་ལྷ་དགུ་སྟེ། །ཡེ་ཤེས་དགུ་བརྩེགས་ལྷང་ངེ་བ། །གསལ་ལ་མ་ཡེངས་བསྒོམ་པ་དེར། །འགྲོ་འམ་ཉལ་ལམ་འདུག་ཀྱང་རུང་། །དེ་ཡི་ངང་ལས་མ་ཡེངས་བསྒོམ། །སལ་ལེ་གསལ་དང་ཏིང་འཛིན་མཆོད་པས་མཆོད། །དེ་ཡི་ངང་ལ་གནས་པ་ན། །མ་བགྲོད་སངས་ནི་རྒྱས་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཡེ་ཤེས་ལྷའི་ལེའུ་སྟེ་བརྒྱ་དང་དོན་གསུམ་པའོ།། །།དེ་ནས་སྲས་ཀྱི་དམ་པ་ཕྱག་ན་རྡོ་རྗེས་ཡང་གསོལ་པ། ཀྱེ་མའོ་དབང་མཆོག་གསང་བའི་བདག །སྲིད་པ་ཀུན་ལ་རབ་ཏུ་གནོད། །མ་རུངས་པ་ཡི་རུ་དྲ་ནི། །ལོག་པར་བལྟ་བའི་སེམས་ཅན་དེ། །འདི་ལ་ལས་ནི་ཇི་ལྟར་བགྱི། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། མ་རུངས་ལོག་པར་བལྟ་བ་ཡི། །ཞེ་སྡང་མེ་ལྟར་འབར་བ་དང་། །གཏི་མུག་མུན་ལྟར་གཏིབས་པ་དང་། །ང་རྒྱལ་བསེ་ལྟར་ཁེངས་པ་དང་། །འདོད་ཆགས་མཚོ་ལྟར་འཁྱིལ་པ་དང་། །ཕྲག་དོག་རླུང་ལྟར་འཚུབས་པ་དང་། །ཆོས་ལ་ཕྱོགས་ཆར་འཛིན་པ་དང་། །བལྟ་བ་སྒོས་ཁུར་བྱེད་པ་དང་། །ཀུན་ལ་འཚེ་བར་བྱེད་པ་ནི། །འདི་ནི་བསྒྲལ་བའི་དམིགས་ཡིན་ནོ། །ཕ་དང་ཁུ་བོ་མེས་པོ་ཡང་། །ཞེ་སྡང་སེམས་ཀྱིས་བསད་བྱས་ན། །རྡོ་རྗེ་རིགས་ཀྱི་ཞིང་དུ་འཁྲུངས། །མ་དང་བུ་མོ་འདོད་པ་མོ། །མཆོད་པའི་སེམས་ཀྱིས་བདག་བྱས་ན། །པདྨའི་རིགས་སུ་སྐྱེ་བར་ངེས། །ཉམས་པ་བསྒྲལ་ན་བདེ་ཆེན་འཐོབ། །དེ་ལ་བསྒྲལ་བའི་ཐབས་བསྟན་པ། །བདག་ཉིད་དབང་ཆེན་ཉིད་ཡིན་ཏེ། །གཞལ་ཡས་འབར་བ་རབ་བསམ་ལ། །བི་ཤྭ་ཕཊ་ཀྱི་སྒྲ་བརྗོད་པས། །དམར་ནག་ཁྲོ་བོས་ཁམས་བཀང་ནས། །དམིགས་པར་བྱ་བ་དེ་དག་ནི། །ལྕགས་ཀྱུས་བཟུང་ཞིང་ཞགས་པས་བསྡམས། །ལྕགས་སྒྲོག་བསྡམས་དང་དྲིལ་བུས་མྱོས། །ཐོ་བས་བསྙལ་ཞིང་ཕབ་པའོ། །དེ་ལྟར་གནས་
དེར་བཀུག་པ་དེས། །གཟུགས་ལ་ཕབ་པར་བྱ་བ་དང་། །ཉུང་མོ་མདའ་ཡིས་ཐལ་དུ་དབྱུང་། །མྱོས་སེ་བླ་མེད་པར་བྱས་ནས། །བདག་ཉིད་དབང་ཆེན་གསལ་བ་དེས། །རང་གི་ཐུགས་ལས་འཕྲོ་བའི་མཚོན། །དམར་པོ་གཅེར་བུ་སྨད་ཀྱི་ཟླ་གམ་དབལ། །རྒྱ་མདུད་ཟླ་གམ་དག་ཏུ་ནི། །སྨད་ནི་དབང་དྲག་ཟུར་གསུམ་ཡིན། །ལྷ་དགུས་དབང་བསྐུར་བྱིན་བརླབས་པས། །དམིགས་པའི་མ་དད་དེ་ལ་གདབ། །སེམས་ཀྱི་རྩད་བཅད་སྙིང་ལ་གདབ། །རྩ་རྣམས་བསྡུས་ཤིང་རྣམ་ཤེས་ཕྲོག །དྭངས་མ་ལྔ་པོ་འོད་ལ་བསྡུ། །འོད་ཀྱང་ཡི་གེ་རྟེན་ལ་བསྡུ། །དཀར་དང་ནག་པའི་རྩད་ཀྱང་བཅད། །སེམས་ཀྱི་དཔྱིས་ཕྱུང་ཀུན་གཞི་རྩད་ཀྱང་བཅད། །ཚེ་ཡང་ཕྲོགས་ཏེ་བདག་ལ་བསྡུ། །སྐྱེ་དང་སྡུད་པ་གཉིས་ཀ་ནི། །ཡི་གེ་ཨ་དེ་བདག་ལ་བསྡུ། །ཚེ་ཡི་མཐུད་མ་ལྟ་བུར་བྱས། །ཕུང་པོ་ག་ག་ཐད་ཐེད་དང་། །གྱ་གྱུ་བྲང་དྲེང་ལྷག་མ་ལ། །དུག་གསུམ་རྩད་ནས་གཅོད་པའི་ཕྱིར། །རྟ་བྲོ་འཁོར་གསུམ་བརྡུང་བར་བྱ། །འཁོར་བ་ཡོངས་སུ་སྦྱང་བའི་ཕྱིར། །རིགས་དྲུག་གནས་ཀྱི་བྲོ་ཡང་བརྡུང་། །སྲིད་པ་རིམ་གྱིས་སྦྱང་བར་བྱ། །ཟ་བྱེད་ཁྱི་སྤྱང་འགུགས་བྱེད་དེ། །སྤྲུལ་པ་དྲུག་གིས་གནས་སུ་བསྟབ། །དགྱེས་པའི་གད་རྒྱངས་བཏབ་པ་ཡིས། །བསྟབ་པ་ཆོས་ཀྱི་དབྱིངས་སུ་བསྟབ། །འཁོར་བ་རྒྱུན་བཅད་མྱ་ངན་འདས། །གདབ་པའི་ཕུར་པ་དགུ་ཡིན་ཏེ། །དབྱིངས་ཀྱི་ཕུར་པ་ཞི་བས་གདབ། །རྟ་མགྲིན་དབང་དྲག་ཕུར་པས་གདབ། །ཡེ་ཤེས་སེམས་དཔའ་གསང་བའི་ཕུར་པས་གདབ། །འགྲོ་བ་འདུལ་བ་བརྗིད་པའི་ཕུར་པས་གདབ། །ཁམས་གསུམ་རྒྱལ་པོ་རྒྱས་པའི་ཕུར་པས་གདབ། །ངན་སོང་སྦྱོང་བ་སྙིང་པོའི་ཕུར་པས་གདབ། །ཧཱུཾ་མཛད་ཆེན་པོ་དྲག་པོའི་ཕུར་པས་གདབ། །དུར་ཁྲོད་ཆེན་པོ་མགྱོགས་པའི་ཕུར་པས་གདབ། །ལྷུན་གྱིས་གྲུབ་པ་བསྙེན་པའི་ཕུར་པས་གདབ། །གསོ་བའི་ལས་སུ་བསྟན་པ་ནི། །ཡེ་ཤེས་དབྱིངས་ཀྱི་ངང་དུ་གསོ། །འཁོར་བ་མྱང་འདས་ངང་དུ་གསོ། །ཀུན་རྫོབ་དོན་དམ་ངང་དུ་གསོ། །ཐམས་ཅད་གཉིས་མེད་ངང་དུ་གསོ། །བསྟབ་པའི་
ལས་སུ་བསྟན་པ་ནི། །ཤ་ཁྲག་ལྷ་ཚོགས་ཞལ་དུ་བསྟབ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟབ། །ག་གོ་ཡེ་ཤེས་ཐབ་ཏུ་བསྟབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསྒྲལ་བའི་ཞིང་བསྟན་པ་དང་ཕུར་པས་གདབ་ཅིང་གསོ་བ་དང་བསྟབ་པའི་ལེའུ་སྟེ་བརྒྱ་དང་དོན་བཞི་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་མ་དབང་གི་རྒྱལ་པོ་ཆེ། །ཉམས་པ་མ་ལུས་བསྒྲལ་བ་ལ། །དགུག་ཅིང་དྲང་བའི་ཕོ་ཉ་གང་། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉམས་པ་དེ་དག་བསྒྲལ་བའི་ཕྱིར། །བླ་འགུགས་ཕོ་ཉ་གཏང་བ་ནི། །དེ་ནི་ལས་ལ་གཏང་བའོ། །ཧཱུཾ་དམར་ནག་ཟླ་གམ་དཀྱིལ་འཁོར་ནས། །མཁའ་འགྲོ་མི་བཟད་བླ་འགུགས་མ། །སྐུ་ནི་ལེ་བརྒན་འབར་བ་ལ། །བྱེ་རུ་དམར་པོའི་མདངས་རལ་ཅན། །མཁའ་འགྲོའི་གདོང་ལ་རྔམ་བག་ཅན། །རྒྱུག་པའི་སྟབས་ནི་སྤྱང་མོ་འདྲ། །ཁ་ནས་ཁྲག་མདའ་ཏ་ལ་ལ། །མིག་ནས་མེ་འབར་ལམས་སེ་ལམ། །སྣ་ནས་དུད་འཐུལ་ཕྱུ་རུ་རུ། །རྣ་བའི་གཙུག་ཏོག་གཡས་གཡོན་ལས། །ལྕགས་ཀྱི་བྱ་ཁྱུང་རེ་རེ་ཡོད། །རྟ་མགྲིན་དབང་གི་སྒྲ་ཐོས་པས། །དཔག་ཚད་དག་ཏུ་རྒྱུག་པའི་ཚེ། །གདུག་པའི་སྒྲ་སྐད་ཙེ་རེ་རེ། །ཚངས་རིས་ལྷ་ཡང་མདུན་མར་སྡུད། །རྒྱ་མཚོའི་གཏིང་དུ་རྒྱུག་པའི་ཚེ། །ཀླུ་རྣམས་ཀུན་ལ་རྦད་ཁཾ་གཏོང་། །ཉམས་པའི་བླ་ཚེ་འགུགས་ཤིང་སྒྲོལ། །ཉམས་པའི་སྲོག་རྩ་གཡས་གཡོན་ནས། །ལྕགས་ཀྱུས་བཟུང་ཞིང་ཁྲིད་ནས་འོང་། །དཔལ་ཆེན་འབར་བའི་ཕོ་ཉ་སྟེ། །དབང་གི་ཞིང་ཁམས་ཆེན་པོ་སྦྱོང་། །དྲག་ཏུ་རྒྱུག་ལ་ཁུག་ལ་ཤོག །བཀུག་ཅིང་བསྡམས་ཏེ་བསྒྲལ་བར་བྱའོ། །ཨོཾ་ཙ་ཙ་པ་ལ་ཤ་མ་ནི་ཀུ་རཾ་རྦད་ཁཾ། ཞེས་བྱའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཉམས་པ་བསྒྲལ་བ་དང་བླ་འགུགས་པའི་ཕོ་ཉའི་ལེའུ་སྟེ་བརྒྱ་དང་དོན་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོའི་གཙུག་གི་གཞལ་ཡས་ནས། འབར་བའི་འོད་ཟེར་
སྣ་ལྔ་བཀྱེ་སྟེ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། ཐུགས་ཀ་ནས་རྟ་མགྲིན་རྒྱལ་པོ་འཐོན་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གི་བདག་པོར་དབང་བསྐུར་ཏེ། དབང་གི་རྒྱལ་པོ་དེས། རྟ་མགོ་ལྔ་ཕྱུང་སྟེ། རྟ་མགོ་ལྔས་སྒྲོལ་བའི་སྔགས་རེ་རེ་ཞལ་ནས་གསུངས་སོ། །རྟ་མགོ་ལྗང་གུའི་ཞལ་ནས། སྲིན་པོ་དང་བདུད་སྒྲོལ་བའི་སྔགས་འདི་གསུངས་སོ། །ཨ་ཁ་ལེ་ཨ་ཁ་ལེ་བི་ཛ་རཾ་བི་ཤག་རི་རྦད། ཅེས་གསུངས་སོ། །དེ་ནས་ཤར་གྱི་རྟ་མགོའི་ཞལ་ནས། དྲི་ཟ་འདུལ་བ་དང་དབང་དུ་བསྡུ་བའི་སྒྲོལ་སྔགས་འདི་གསུངས་སོ། །རག་ཏོ་པ་ལ་སི་མུ་པ་ལ་ཡ་དྲག་པ་ཡ་སྟམ་བྷ་ཀ་ར་རྦད་ཡ། ཞེས་གསུངས་སོ། །ལྷོའི་རྟ་མགོའི་ཞལ་ནས། གཤིན་རྗེ་སྒྲོལ་བའི་དྲག་སྔགས་འདི་རྣམས་འཐོན་ཏོ། །ཧྲི་པ་ཏ་ཡ་ཁ་ལ་ཡ་མ་དན་ཏིང་མ་ར་ཁཱ་ཧི་མ་ར་ཁཱ་ཧི་མ་ར་ཁཱ་ཧི་ཧ་རི་ཡ། ཞེས་གསུངས་སོ། །ནུབ་ཏུ་གཟིགས་པའི་རྟ་མགོའི་ཞལ་ནས། ཀླུ་དབང་སྒྲོལ་བའི་སྔགས་འདི་རྣམས་འཐོན་ཏོ། །ཙག་ཤཱ་ནཱ་ག་པ་ར་ཧྲི་ཤམ་བག་མ་ར་ཁཾ་ཡ་ཡ། ཞེས་གསུངས་སོ། །བྱང་དུ་གཟིགས་པའི་རྟ་མགོའི་ཞལ་ནས། གནོད་སྦྱིན་གདོན་ཚོགས་བསྒྲལ་བའི་སྒྲོལ་སྔགས་འདི་རྣམས་འཐོན་ཏོ། །ཨོཾ་ཁ་ཙ་བ་ལ་ཧེ་ས་དམ་མ་དུ་ཙ་ར་ཡེ་རྦད་ཡ། ཞེས་གསུངས་སོ། །སྒྲོལ་སྔགས་དེ་རྣམས་ཀྱིས་རིགས་བཞི་དབུས་དང་ལྔའི་གདོན་རྣམས་སྒྲོལ་བའོ། །དེ་ནས་ཉིད་ཀྱིས་ཉིད་ལ་བསྟོད་པ་སྟེ། །ཧྲཱྀཿདབང་ཆེན་རྟ་གདོང་ཕྲིན་ལས་མགྱོགས་པའི་སྐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་ཕ་རོལ་ཕྱིན། །མཁའ་ལ་འགྲོ་བས་མཁའ་འགྲོ་ཟིལ་གྱིས་གནོན། །རྩིས་ལས་འདས་པའི་སྤྲུལ་སྐུ་ཆར་དུ་འབེབས། །རིགས་ཀྱི་དབང་རྣམས་རྫོགས་པས་མ་ལུས་སྒྲོལ། །བྱོལ་སོང་འབྲས་བུ་སྨིན་པའི་ངན་སོང་འདུལ་བའི་ཐབས་ལ་མཁས། །འགྲོས་དྲུག་སྟབས་སུ་མགྱོགས་པས་རྒྱུད་དྲུག་ཐབས་སུ་འདྲེན། །རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཅར་གནོན། །རོལ་པའི་རྟ་བྲོས་བདུད་བཞི་ཐལ་བར་རློག །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །རྟ་
མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་སྒྲོལ་སྔགས་དང་རང་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་དོན་དྲུག་པའོ།། །།དེ་ནས་དབང་གི་ལྷ་ཚོགས་དེ་རྣམས་ཀྱིས། མ་དད་པ་ཐམས་ཅད་ནི་དབྱིངས་སུ་བསྒྲལ། བྲོ་ཀ་ཆེན་པོ་བཞི་ནི་བཅས། དགྱེས་པ་གདུང་བའི་དབྱངས་སྙན་པོ་སྣ་ཚོགས་ཡོངས་སུ་ལྡིར་རོ། །གླུ་བྲོ་གར་གྱི་མཆོད་པ་མང་པོ་ནི་མཛད། གདུང་བའི་དབྱངས་སྙན་མང་པོ་ནི་དཔལ་གྱི་མགུར་ནས་བཞེངས། ཆེ་བའི་སྟོབས་ཀྱི་ཡོན་ཏན་མང་པོ་ནི་བརྗོད། འཁོར་ཚོགས་མང་པོ་ནི་བདེ་བའི་གནས་ལ་བཀོད། དབང་གི་ཡང་དག་ཞིང་མཆོག་དམ་པར་བསྟོད། །དགྱེས་པའི་སྒྲ་ནི་ཡོངས་སུ་ལྡིར། །མདངས་དགའི་སྤྲིན་ཕུང་མང་པོ་གཏིབས། །དབྱངས་དག་པ་ཚངས་པའི་སྒྲ་ནི་བཏོན། །ཐམས་ཅད་དབང་གི་ཞིང་ཡོངས་སུ་དག་པ་ལ་གནས་ཏེ། བསྒྲལ་བའི་དུར་ཁྲོད་ལ། ལྷག་པར་རོལ་པའི་བྲོ་མང་པོ་བརྡུངས་སོ། །འདུལ་བའི་བྲོ་བཞི་བྱུང་བ་ལ། ཤར་ནས་ཞི་བའི་བྲོ་བརྡུངས་པས། །གདུག་རྩུབ་ཐམས་ཅད་གཏན་ནས་ཞི། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྷོ་ནས་རྒྱས་པའི་བྲོ་བརྡུངས་པས། །སྒྲུབ་པའི་ཚེ་དང་དབང་ཐང་རྒྱས། །པུཥྚིཾ་ཀུ་རུ་སྭཱ་ཧཱ། ནུབ་ནས་དབང་གི་བྲོ་བརྡུངས་པས། །དགྲ་བགེགས་ཐམས་ཅད་དབང་དུ་བསྡུས། །པ་ཤཾ་ཀུ་རུ་སྭཱ་ཧཱ། བྱང་ནས་དྲག་པོའི་བྲོ་བརྡུངས་པས། །ཐམས་ཅད་དྲག་པོས་བསྒྲལ་བར་བྱ། །མཱ་ར་ཡ་སྭཱ་ཧཱ། རྟ་མཆོག་རོལ་པའི་ཏནྟྲ་ལས། མ་དད་པ་བསྒྲལ་ནས། ཐམས་ཅད་དགྱེས་པ་དང་། གདུལ་བའི་བྲོ་བཞིའི་ལེའུ་སྟེ་བརྒྱ་དང་དོན་བདུན་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །དབང་གི་ཕྲིན་ལས་བཤད་པར་བྱ། །དང་པོ་ཏིང་འཛིན་རྣམ་གསུམ་སྟེ། །ཆོས་ཉིད་གཏན་ལ་དབབ་པ་དང་། །ཁྱབ་པ་སྙིང་རྗེ་ཆེན་པོ་ཡིས། །གཞི་རྣམས་བཟུང་ཞིང་ས་བོན་བཙལ། །ས་བོན་སེམས་ཀྱི་འབྲས་བུ་སྟེ། །ཡི་གེ་ཧཱུཾ་དེ་འབར་བ་ཡིན། །དམར་ལ་བཀྲ་བར་བསྟན་པ་ནི། །ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ། །འབྲས་བུ་ཡང་ནི་དེ་ཉིད་ཡིན། །ས་བོན་ཡང་ནི་དེ་
ཉིད་ཡིན། །དེ་ལྟར་དབྱེར་མེད་རྟོགས་པ་དེ། །རྟོག་མེད་ཀྱང་ནི་སེམས་ཉིད་ཡིན། །ཡུལ་དུ་སྣང་ཡང་སེམས་ཀྱི་ཡུལ། །དེ་ནི་བྱང་ཆུབ་སེམས་ཆེན་ཏེ། །སྟོན་པ་ཡང་ནི་སེམས་ཉིད་ཡིན། །འབྲས་བུ་ཡང་ནི་སེམས་ཉིད་ཡིན། །རྒྱུ་ཡང་སེམས་ཉིད་དེ་ཉིད་ཡིན། །མངོན་དུ་རྟོགས་པ་བྱང་ཆུབ་སེམས། །གཟུགས་མེད་པ་ཡང་བྱང་ཆུབ་སེམས། །གཟུགས་སུ་རྟོགས་པ་བྱང་ཆུབ་སེམས། །བདེ་ལྡན་པ་ཡང་བྱང་ཆུབ་སེམས། །གཉིས་མེད་པ་ཡང་བྱང་ཆུབ་སེམས། །རྟོག་པར་སྣང་བ་བྱང་ཆུབ་སེམས། །ཐམས་ཅད་བྱང་ཆུབ་སེམས་ཡིན་པས། །སེམས་ཀྱིས་ཇི་ལྟར་བརྟག་པ་ཡང་། །ཡེ་ཤེས་ཆེན་པོ་དེ་ཉིད་ཡིན། །ཀུན་ཏུ་བཟང་པོ་དེ་ཉིད་ཡིན། །ཐམས་ཅད་སེམས་སུ་རྟོགས་པར་གཅིག །མཐོ་རིས་ངན་སོང་རྟོག་པའི་གནས། །དོན་ལ་གཅིག་ལས་མེད་པར་བཤད། །ཀུན་ཀྱང་བྱང་ཆུབ་བདེ་ཆེན་པོ། །ཐམས་ཅད་ཐམས་ཅད་སེམས་ལ་འདུ། །སེམས་ལས་མ་གཏོགས་གང་ཡང་མེད། །རྟོག་པ་མེད་པ་བྱང་ཆུབ་སེམས། །གཉིས་ཀ་ཡང་ནི་བྱང་ཆུབ་སེམས། །དེ་ལྟར་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ། །དཀར་དམར་ལྗང་དང་ནག་པ་དང་། །སེར་པོ་ལ་སོགས་ལྔ་ག་ཚང་། །ཧཱུཾ་ལ་ཁ་དོག་སྣ་ལྔའོ། །དམར་ལ་དྭངས་ལ་བཀྲ་བའོ། །ཁ་དོག་སྣ་ལྔ་འོད་འབར་བ། །དམར་ལ་བཀྲ་བ་ཞེས་སུ་གྲགས། །ཧཱུཾ་ཆེན་དམར་ལ་བཀྲ་བ་སྟེ། །བྱང་ཆུབ་སེམས་སྲོག་བདེ་ཆེན་པོ། །དེ་ཡིས་ཐམས་ཅད་བསྐྱེད་པ་ཡིན། །དེ་ཡིས་ཐམས་ཅད་གནས་པ་ཡིན། །ཡི་གེ་ཐམས་ཅད་དེ་ལས་བསྐྱེད། །འབྱུང་བ་ལྔ་ཡང་དེ་ལས་ཆད། །སྤྲུལ་པའི་སྐུ་དེ་ཐམས་ཅད་མཐུན། །ཞི་བའི་སྐུ་དེ་བྱང་ཆུབ་སེམས། །ཀུན་ཏུ་ལོངས་པས་ལོངས་སྤྱོད་རྫོགས། །དེ་ལྟར་ཨ་ཧཱུཾ་དེ་བསྒོམ་ཡིན། །དེ་ཉིད་རྟོགས་པ་ཆོས་ཀྱི་སྐུ། །ཞེས་གསུངསསོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཧཱུཾ་དམར་ལ་བཀྲ་བ་རྒྱུའི་ས་བོན་བཤད་པའི་ལེའུ་སྟེ་བརྒྱ་དང་དོན་བརྒྱད་པའོ།། །།དེ་མ་ཐག་ནས་བཀའ་སྩལ་པ། །གཞལ་ཡས་
ཆེན་པོ་བསྒོམ་པ་ནི། །འབྱུང་བ་ལྔ་ཡིས་བསྐྱེད་པ་ཡིན། །ཐམས་ཅད་འབྱུང་བ་ལྔ་ལ་ཚང་། །འབྱུང་བ་ལྔ་ནི་ཆོས་ཀྱི་གནས། །ཕྱི་ཡི་འབྱུང་བ་བཤད་པ་ནི། །ནམ་མཁའ་ཁྱབ་པར་གནས་པ་ལ། །ནམ་མཁའི་ཁམས་རྣམས་ཐམས་ཅད་གསལ། །ནམ་མཁའ་སྣང་སྟོང་གཉིས་ཡིན་ཏེ། །ཆོས་ཉིད་ཆེན་པོའི་དཔེ་རུ་བཤད། །ནམ་མཁའ་དེ་ཉིད་གསལ་བ་ལས། །འབྱུང་བ་ཐམས་ཅད་བསྐྱེད་པའི་གཞི། །མ་ནོར་བཞི་རུ་བཤད་པ་ཡིན། །དེ་ལས་འབྱུང་བ་རླུང་ཡིན་ཏེ། །ཐམས་ཅད་འདེགས་དང་ཡང་ཞིང་གཡོ། །གསལ་ལ་མ་འདྲེས་ཁ་དོག་གསལ། །བསྐྱེད་དང་གཡོ་དང་སྟོང་པ་གསུམ། །ས་བོན་ཚུལ་དུ་བརྟེན་པ་གསུམ། །ས་བོན་ཚུལ་དུ་བསྟན་པ་ཡིན། །དེ་ལས་འབར་བ་གཟུགས་ཚད་བཤད། །ཐམས་ཅད་རིག་འཛིན་གསལ་བྱེད་མེ། །མེ་ཡི་རང་བཞིན་སྲེག་པ་ཡིན། །དེ་བཞིན་རང་བཞིན་བརྟན་པ་ཡིན། །མེ་ཡི་རང་བཞིན་སྨིན་ཅིང་བརྟས། །དེ་ཡི་གཡོ་བའི་མཚན་ཉིད་བཤད། །དེ་ཡིས་ཐམས་ཅད་བསྐྱེད་པར་བཤད། །དེ་ལས་མཚན་མའི་ཆུ་ཡིན་ཏེ། །ཆུ་ཡིས་ཐམས་ཅད་འདེགས་པ་དང་། །ཆུ་ཡིས་ཐམས་ཅད་བསྐྱེད་པ་དང་། །རླན་དང་ས་དང་བདུད་རྩིར་འཛིན། །རོ་དང་བཅུད་དུ་ལྡན་པ་སྟེ། །གཤེར་ཞིང་རླན་པའི་མཚན་ཉིད་ཡིན། །དེ་ལས་འབྱུང་བ་བཞི་རུ་བཤད། །དེ་ལས་འབྱུང་བ་ས་ཡིན་ཏེ། །ས་ནི་ཐམས་ཅད་རྟེན་གནས་པ། །སྲ་ཞིང་ཐམས་ཅད་འཛིན་པར་བྱེད། །ལས་དང་བྱ་བ་ཀུན་ལ་སོགས། །ཐམས་ཅད་གནས་པའི་གཞི་རུ་བཤད། །ས་ཡིས་ཐམས་ཅད་བསྐྱེད་པ་དང་། །ས་ལས་གཞལ་ཡས་སྤྲིས་བརྟེན་པས། །དེ་ལས་འབྱུང་བའི་གནས་སུ་བཤད། །འབྱུང་བ་ལྔ་པོ་དེ་བརྟན་པས། །བརྟན་པའི་གཞལ་ཡས་རི་རབ་ཡིན། །དེ་ལས་གཞལ་ཡས་དཀྱིལ་འཁོར་གསལ། །དཀྱིལ་འཁོར་ལྷ་ཡི་བཞུགས་གནས་ཡིན། །དེ་ནི་ཕྱི་ཡི་འབྱུང་བ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འབྱུང་བ་ཕྱིའི་ཚུལ་རིམ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་
དགུ་པའོ།། །།ནང་གི་འབྱུང་བ་བསྟན་པ་ནི། །འབྱུང་བ་ཆེན་པོ་ལྔ་ཡིན་ཏེ། །སྣང་བ་གསལ་བ་ནམ་མཁའ་ཡིན། །ཐམས་ཅད་ཀུན་གྱི་གཞི་མ་ལ། །དེ་ལས་འབྱུང་བ་བསྐྱེད་པ་སྟེ། །ནམ་མཁའ་སེམས་ཀྱི་ཡུལ་དུ་བཤད། །འབྱུང་བ་དེ་ལྟར་གནས་པ་ལ། །ཡང་ན་གཡོ་བ་དབུགས་སུ་བཤད། །འབྱུང་བ་ཁྲག་ལས་འདེགས་ཤིང་གཡོ། །འབྱུང་བ་ཤ་ནི་སྲ་བརྟན་ལ། །འབྱུང་བ་དྲོད་ནི་འབེབས་འཛིན་པ། །འབྱུང་བ་དབུགས་ནི་ཡང་གཡོ་བ། །དེ་ལྟར་གསལ་ཞིང་གཡོ་བ་ཡིན། །གཉིས་མེད་གསལ་ལྡན་འབྱུང་བ་ལྔ། །རུས་པ་ཙེག་པུ་རི་རབ་ལ། །དེ་ལ་ཐམས་ཅད་བརྟེན་པའི་ཚུལ། །པདྨ་འདབ་བརྒྱད་གཞལ་ཡས་ལ། །གཟེར་དུ་རྩ་བརྒྱད་གྱེས་པ་ཡིན། །སྒོ་ནི་དེ་དང་ལྡན་པ་དེ། །ཕུང་པོ་འབྱུང་བ་ལྔ་ཡིན་ཏེ། །དེ་ལས་ལྷ་ཡི་དཀྱིལ་འཁོར་གསལ་བ་ཡིན། །དེ་ལྟར་གསལ་བ་དེ་དག་ནི། །འབྱུང་བ་ནང་གི་གཞལ་ཡས་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ནང་གི་འབྱུང་བ་ལྔ་བཤད་པའི་ལེའུ་སྟེ་བརྒྱ་དང་བརྒྱད་ཅུ་པའོ།། །།དེ་ནས་འབྱུང་བ་གསང་བ་བཤད། །འབྱུང་བ་ཆེན་པོ་ལྔ་ལ་ནི། །དེ་ནི་གསང་བའི་འབྱུང་བ་སྟེ། །ཐམས་ཅད་སྙིང་པོ་བྱང་ཆུབ་དོན། །འབྱུང་བ་ཚང་བར་བཤད་པ་ཡིན། །མ་བྱུང་བ་ནི་འབྱུང་བ་ནམ་མཁའ་སྟེ། །མ་འགགས་པ་ནི་རླུང་དུ་བཤད། །མ་སྐྱེས་པ་ནི་འབྱུང་བ་ཆུ། །མི་གནས་པ་ནི་འབྱུང་བ་ས་ཡིན་ཏེ། །མི་གཡོ་བ་ནི་འབྱུང་བ་མེ། །དེ་ལྟར་གནས་པ་རི་རབ་སྟེ། །གསལ་བ་མི་རྟོག་དཀྱིལ་འཁོར་ཡིན། །དེ་ལས་སེམས་བྱུང་འབྱུང་བ་ཡིན། །ལྔ་ནི་ཡེ་ཤེས་གསལ་བའི་དོན། །དེ་ལྟར་རྟོགས་པས་གསལ་བསྒོམས་པས། །རྟོགས་པའི་འབྱུང་བ་ཆེན་པོར་བཤད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས།) འབྱུང་བ་གསང་བའི་ལེའུ་སྟེ་བརྒྱ་དང་གྱ་གཅིག་པའོ།། །།དེ་ལྟར་ལས་རིམ་ཀུན་བཤད་ནས། །ད་ནི་དཀྱིལ་འཁོར་གསལ་བར་བཤད། །གཟུགས་བརྙན་རིས་སུ་བྲིས་པ་ནི། །རྟེན་པ་ལྷ་ཡི་དཀྱིལ་འཁོར་ཡིན། །སྐུ་དང་
གསུང་དང་ཐུགས་བཀོད་པ། །འཁོར་ལོའི་ཚུལ་དུ་གནས་པ་ནི། །དེ་ནི་ནང་གི་དཀྱིལ་འཁོར་ཆེན་པོར་བཤད། །གསལ་ལ་མ་འདྲེས་དཀྱིལ་འཁོར་ཏེ། །བྱང་ཆུབ་སེམས་ལ་གསལ་བ་ལ། །གསང་བའི་དཀྱིལ་འཁོར་ཆེན་པོར་བཤད། །ར་རེ་ཁལ་ཁོལ་མེད་པ་དང་། །ཡི་གེ་ཕྲེང་བར་གནས་པ་ནི། །བཟླས་བརྗོད་བསྙེན་པའི་དཀྱིལ་འཁོར་ཡིན། །དེ་ལྟར་ལྷ་གསལ་མ་ནོར་བར། །དཀྱིལ་འཁོར་རྣམ་གསུམ་གསལ་གྱུར་ན། །སྤྲུལ་པའི་སྐུ་དང་ཆོས་ཀྱི་སྐུ། །ལོངས་སྐུ་ལ་སོགས་གསལ་བ་ཡིན། །འབྲས་བུ་ཆོས་སྐུར་ཤར་བ་ཡིན། །འགྲོ་དོན་སྤྲུལ་སྐུར་ཤར་བའོ། །དེ་ལྟར་གསལ་བར་རྟོགས་པ་དང་། །དཀྱིལ་འཁོར་ཡང་དག་ལྡན་པ་ཡིན། །སྤྲུལ་སྐུའི་འགྲོ་དོན་མཛད་པ་ཡིན། །དེ་ཡི་བྱིན་རླབས་ཆེན་པོ་ཡིས། །མ་བགྲོད་འབྲས་བུ་ཐོབ་པ་ཡིན། །གཞན་ནས་མ་བཙལ་དེ་ཉིད་དོན། །རང་ལ་རང་བྱུང་ཀུན་ལ་ཁྱབ། །དེས་ན་རྩ་བར་གནས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱི་ནང་གསང་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་གཉིས་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ལྷ་རྣམས་རིམ་པ་བསྟན་པ་ནི། །ལྷ་ལ་བསྐྱེད་པ་རྣམ་པ་གསུམ། །ཕྱི་ནང་གསང་བ་གསུམ་དུ་བསྟན། །ཕྱི་ལྟར་ལྷ་རྣམས་བསྐྱེད་པ་ནི། །ཕྱི་ཡི་འབྱུང་བ་ལྔ་བསྟན་པ། །ཡི་གེ་རིམ་གྱིས་སྤྲོས་པ་ལས། །དང་པོ་རྩ་བའི་ཡི་གེ་ཧཱུཾ། །ཨོཾ་དང་ཧཱུཾ་དང་ལི་དང་ཛ། །མ་ལ་སོགས་པའི་ཡི་གེ་རྣམས། །འབྱུང་བ་ཡང་ནི་དེ་བཞིན་བསྐྱེད། །དེ་ལས་ཡི་གེ་སྤྲོ་བ་ན། །སྐུ་གསུང་ཐུགས་ཀྱི་གནས་ནས་བཏོན་པ་ལས། །དེ་ལས་རྟགས་ཀྱི་ཙཀྲ་སྤྲོས། །དེ་ལས་སྤྲོས་དང་བསྡུས་པ་ཡིས། །གསུང་གི་ཡི་གེ་འབྲས་བུར་གྱུར་པའོ། །དེ་ལས་ཐུགས་ཀྱི་ཕྱག་མཚན་གྱུར། །དེ་ལས་སྤྲོས་ཤིང་བསྡུས་པ་ཡིས། །ཕྱག་མཚན་གསལ་དང་ལྡན་པའོ། །དེ་ལས་སྤྲོས་དང་བསྡུས་པ་དང་། །ཡི་གེ་དེ་ཡི་སྤྲོ་བསྡུ་ཡིས། །ཕྱག་མཚན་རྟགས་ཀྱི་གསལ་བ་ལས། །རང་རང་སྔགས་ནི་བརྗོད་བྱས་པས། །ལྷ་རུ་རང་
གིས་གསལ་བ་ལས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་། །དེ་སྩོགས་པ་ནི་གསལ་བ་དང་། །དབང་བསྐུར་བྱིན་བརླབ་ལ་སོགས་བྱ། །འགྲོ་དོན་བྱེད་པར་བསྐུལ་བ་ནི། །ཕྱི་ཡི་ཚུལ་དུ་ལྷ་རྣམས་བསྐྱེད་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་ཕྱིའི་ཚུལ་དུ་བསྐྱེད་པའི་ལེའུ་སྟེ་བརྒྱ་དང་གྱ་གསུམ་པའོ།། །།དེ་ནས་ནང་ལྟར་བསྐྱེད་པ་གསུངས། །ནང་གི་ཚུལ་དུ་བསྐྱེད་པ་ནི། །གཙོ་བོ་ལྷ་ཡི་ངོ་བོ་ལས། །ཐུགས་ཀའི་ཡི་གེ་ཛས་བཏོན་ནས། །ཡི་གེ་རྣམས་ནི་རྣམ་པར་སྤྲོས། །རང་རང་བཞུགས་གནས་དེར་བཀོད་དོ། །སྙིང་པོ་སྔགས་ཀྱིས་བསྐུལ་བྱས་ཏེ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་པས། །དེ་ལས་བྱིན་རླབས་ངེས་པའི་མཐུ། །དབང་བསྐུར་བྱིན་བརླབ་ཚུལ་བཞིན་བྱ། །གསང་བའི་སྔགས་དང་བཅས་པས་བསྐྱེད། །རྒྱན་དང་ཆ་ལུགས་ལྡན་པ་དེ། །ཆོ་ག་གསུམ་གྱིས་བསྐྱེད་པ་དེས། །གསང་བའི་སྔགས་ཀྱིས་བྱིན་གྱིས་བརླབ། །ལྷ་རྣམས་རིམ་པར་གསལ་བྱས་ནས། །འབར་བའི་གནས་ལ་བཀོད་ནས་ནི། །གདེང་དང་ལྡན་པར་གསལ་བ་ནི། །ཕྱི་ཡི་སྒོ་ཡང་ཁྲོ་ཆུང་གིས་མཚན་ཏེ། །རྟགས་དང་རང་རང་རིགས་ཀྱིས་བརྒྱན། །དེ་ལྟར་ལྷ་རྣམས་གསལ་བ་སྟེ། །ནང་གི་ཚུལ་དུ་བསྐྱེད་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་ནང་གི་ཚུལ་དུ་བསྐྱེད་པའི་ལེའུ་སྟེ་བརྒྱ་དང་གྱ་བཞི་པའོ།། །།དེ་ནས་ལས་རིམ་རྫོགས་པར་བཤད། །གསང་བའི་ཚུལ་དུ་ལྷ་རྣམས་བསྐྱེད་པ་སྟེ། །བསྐྱེད་པའི་རིམ་པ་བསྟན་པ་ནི། །ཐབས་དང་ཤེས་རབ་གཉིས་མེད་ལས། །གཙོ་བོ་ཡབ་ཡུམ་གསལ་བ་སྟེ། །བདེ་བའི་གནས་དང་ལྡན་པ་ལ། །ཐབས་ལྡན་བརྡའ་ཡིས་བསྐུལ་བ་ཡིས། །ཐམས་ཅད་བྱང་ཆུབ་སེམས་སུ་གཡོས། །དེ་ལས་འཕྲོ་དང་འདུ་བ་ཡིས། །སྦྱོར་བ་མཛད་པའི་བྱིན་རླབས་ལས། །ཆོས་སྐུ་འབྲས་བུ་སྨིན་པའི་ལྷ། །རང་རང་སྔགས་རྣམས་བརྗོད་པ་ཡིས། །དབང་གི་ལྷ་
རེ་གསལ་བ་སྟེ། །བརྗོད་པས་ལྷ་རེ་ཀྲོང་ཀྲོང་བསྐྱེད། །ཕྱོགས་དུས་ཀུན་གྱི་བྱིན་བརླབས་ལས། །ལྷ་རྣམས་གཟི་བརྗིད་ལྡན་པར་བསྐྱེད། །དེ་ཡི་བྱིན་རླབས་ཆེན་པོ་ཡིས། །ཐམས་ཅད་བྱིན་བརླབ་དེ་ཉིད་ཡིན། །རང་རང་འབར་བའི་གནས་བཀོད་པས། །ཕྲིན་ལས་རྒྱ་མཚོས་འགྲོ་དོན་མཛད། །མཆོད་དང་ལས་བཅོལ་བྱ་བ་དང་། །བསྙེན་པ་གྲངས་སུ་བསྐྱལ་བ་དང་། །ལས་རྣམས་རྫོགས་པར་བྱས་གྱུར་ན། །འབྲས་བུ་དེ་ཉིད་ཡིན་པར་བཤད། །བསྐྱེད་པའི་རིམ་པ་དེ་བཞིན་གྱིས། །གསང་བ་རྫོགས་པའི་ལྷ་རྣམས་ཡིན། །དབང་གི་རྒྱལ་པོ་དེ་ཉིད་ལ། །དཀྱིལ་འཁོར་གསང་བའི་ལས་ལ་བཀོད། །འབྲས་བུ་སྐུ་གསུང་ཐུགས་སུ་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་གསང་བའི་ཚུལ་དུ་བསྐྱེད་པའི་རིམ་པ་སྟེ་ལེའུ་སྟེ་བརྒྱ་དང་གྱ་ལྔ་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །མཆོད་པའི་རིམ་པ་བསྟན་པ་ནི། །ཕྱི་ནང་གསང་བ་གསུམ་ཡིན་ཏེ། །ཕྱི་མཆོད་དག་པ་རྣམ་པ་ལྔ། །དང་པོ་སྐུ་ཁྲུས་རྣམ་གསུམ་ཡིན། །ཕྱག་དང་སྐུ་དང་ཞབས་གཉིས་བསིལ་བའོ། །མཆོད་པ་རྣམ་པ་ལྔ་པོ་སྟེ། །ལྷ་མོ་རྣམ་ལྔ་མཆོད་པ་ཡིན། །དྷཱུ་པེ་དཀར་མོ་སྤོས་འབུལ་ཏེ། །པུཥ྇་སེར་མོ་མེ་ཏོག་འཐོར། །ཨཱ་ལོ་ཀེ་ནི་མར་མེའོ། །གྷནྡྷེ་ལྗང་གུ་དྲི་ཆབ་ཡིན། །དག་པ་བཤོས་ནི་སྤྱི་རུའོ། །ནང་གི་མཆོད་པ་རྣམ་པ་གསུམ། །རཀྟ་བ་ལིཾ་ཨ་མྲྀ་ཏ། །གསང་བ་བྱང་ཆུབ་སེམས་དཀར་དམར། །དེ་ལྟར་བྱིན་བརླབ་ལྡན་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བ་སྟེ། །དེ་ལ་ཡང་ནི་རྣམ་པ་གསུམ། །གསུམ་གསུམ་དགུ་རུ་དབྱེ་བའོ། །དེ་ལྟར་མཆོད་པ་བསྟན་པ་ནི། །རྨད་དུ་བྱུང་བ་དེ་ཡིན་ཏེ། །ཐམས་ཅད་མཉེས་པ་ཨ་མྲྀ་ཏ། །དེ་ལས་ཐམས་ཅད་མཆོད་བྱས་པས། །བདེ་གཤེགས་རྒྱལ་བའི་དགོངས་པ་བསྒྲུབས། །གསང་བའི་དངོས་གྲུབ་འཐོབ་པར་བྱེད། །ལས་དང་བྱ་བ་ཀུན་ཀྱང་འགྲུབ། །བདེ་གཤེགས་མ་ལུས་ཀུན་འདུས་པ། །མཆོད་པ་དག་གིས་མཉེས་བྱས་
པས། །དངོས་གྲུབ་དམ་པ་གསལ་བར་རིག །དངོས་གྲུབ་དམ་པ་འཐོབ་པར་འགྱུར། །མཆོད་པའི་ཏིང་འཛིན་མཆོད་པ་དང་། །མཆོད་རྫས་མཆོད་དེ་དེ་ཉིད་དང་། །ཡོངས་སུ་དགེ་བར་བྱ་མཆོད་དང་། །དེ་ལྟར་མཆོད་པ་བྱ་བ་ཡིན། །མཆོད་པ་ཆེན་པོས་ཐམས་ཅད་མཉེས། །རྒྱུ་དང་ལམ་དང་འབྲས་བུ་དང་། །བྱ་བ་རྣམ་གསུམ་གཞུང་བཞིན་བྱ། །དེ་ལྟར་ཁྱབ་པས་མཆོད་པ་ཆེ། །བྱིན་རླབས་ཆེན་པོ་ཤུགས་ལས་འབྱུང་། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱི་ནང་གསང་བ་དབང་གི་མཆོད་པའི་ལེའུ་སྟེ་བརྒྱ་དང་གྱ་དྲུག་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །སྔགས་དང་ཏིང་འཛིན་ཤེས་པར་བྱ། །དེ་ལ་བསྟོད་པར་གསུངས་པ་ནི། །ཕྱི་ནང་གསང་བར་བསྟོད་པ་ཡིན། །ཕྱི་ལྟར་ཚིག་གིས་བསྟོད་པ་དང་། །ནང་ལྟར་སྔགས་ཀྱིས་བསྟོད་པ་དང་། །གསང་བ་བརྡ་ཡིས་བསྟོད་པའོ། །ཕྱི་ལྟར་ཚིག་གིས་བསྟོད་པ་ནི། །རྟགས་ཀྱི་སྒོ་ནས་བསྟོད་པ་དང་། །དོན་གྱི་སྒོ་ནས་བསྟོད་པ་དང་། །ཆེ་བའི་སྒོ་ནས་བསྟོད་པའོ། །སྔགས་ཀྱི་སྒོ་ནས་བསྟོད་པ་ནི། །བསྙེན་པ་རུ་ལུའི་སྒྲ་ཡིས་བསྟོད་པ་དང་། །སྒྲུབ་པ་རྩ་བའི་རྒྱུད་ཀྱིས་བསྟོད་པ་དང་། །དྲག་པོ་བསད་པའི་སྒོ་ནས་བསྟོད་པ་ཡིན། །གསང་བ་བརྡ་ཡི་སྒོ་ནས་བསྟོད་པ་ནི། །ཕྱི་བརྡ་སྤྱུགས་པས་བསྟོད་པ་དང་། །ནང་བརྡ་ཕྱག་རྒྱས་བསྟོད་པ་དང་། །གསང་བརྡ་རྡོ་རྗེ་པདྨས་བསྟོད་པའོ། །དེ་ལྟར་བསྟོད་ནས་ལས་བཅོལ་ན། །ཐུགས་རྗེའི་བྱིན་རླབས་དེ་ལས་འབྱུང་། །གང་ལ་བསམ་པའི་ཕྲིན་ལས་འགྲུབ། །རྒྱལ་བ་རྣམས་ཀྱིས་དངོས་གྲུབ་འབེབས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱི་ནང་གསང་བས་བསྟོད་པའི་ལེའུ་སྟེ་བརྒྱ་དང་གྱ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀས། གདུལ་ཐབས་རྣམ་པ་བརྒྱད་དུ་བཀའ་སྩལ་ཏོ། །བདུད་དང་སྲིན་པོ་མ་རུངས་པ། །དྲག་པོ་ཤུགས་ཀྱིས་འདུལ་བ་དང་། །ལྷ་ཆེན་སྟོབས་ཀྱིས་འདུལ་བ་དང་། །རྒྱལ་ཆེན་བདེན་པས་འདུལ་བ་དང་། །ཀླུ་གཉན་རྫུ་འཕྲུལ་
བརྗིད་པས་འདུལ་བ་དང་། །བཙན་རྣམས་ངག་གིས་འདུལ་བ་དང་། །ཐེའུ་ཚོགས་ཤུགས་ཀྱིས་འདུལ་བ་ཡིན། །མ་མོ་མ་ཡམས་སྟོབས་ཀྱིས་འདུལ་བ་དང་། །སྲིད་པའི་ལྷ་སྲིན་དཀའ་ཐུབ་ཀྱིས་འདུལ་བའོ། །འདུལ་ཐབས་བརྒྱད་དུ་འདུལ་བའོ། །དྲག་པོ་བརྒྱད་དུ་བྱ་བ་དང་། །གླུ་བྲོ་གར་དུ་དགྱེས་པ་དང་། །བསྒྲལ་དང་སྟོབ་དང་མནན་པ་དང་། །སྲེག་དང་འཕང་དག་བྱ་བ་ཡིན། །དེ་ལྟར་ལས་རྣམས་བྱས་གྱུར་པས། །དྲག་པོ་གཏུམ་པོ་མ་རུངས་ཚར་བཅད་ནས། །གནས་ལུགས་བར་དུ་བདེ་བ་དང་། །བྱང་ཆུབ་ལམ་ལ་འགོད་པར་མཛད། །དེ་ལྟར་འཁོར་བའི་རཱུ་ཏྲ་མ་ལུས་ཚར་བཅད་ནས། །ཐམས་ཅད་བྱང་ཆུབ་བདེ་ལ་གནས། །དེ་ཡི་གནས་རབ་ཐོབ་པར་གསུངས། །རྟ་མཆོག་རོལ་པའི་ཏནྟྲ་ལས། མ་དད་པ་འདུལ་ཐབས་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་བརྒྱད་པའོ།། །།དེ་ནས་ལས་ཀྱི་རྒྱལ་ཐེབས་ཕྱག་ན་རྡོ་རྗེས། དབང་གི་རྒྱལ་པོ་དབང་ཆེན་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་དབང་ཆེན་འདུས་པའི་མཆོག །ཐམས་ཅད་དབང་གི་རང་བཞིན་ལ། །ཐམས་ཅད་དབང་གི་ཞིང་ཁམས་ན། །ཐམས་ཅད་དབང་དྲག་ཕྲིན་ལས་ནས། །རྒྱལ་བའི་ཞིང་ཁམས་ལྔ་པོ་དེ། །འདི་ཡང་དབང་གི་རང་བཞིན་ནམ། །འདི་ཡི་འབྲས་བུ་ཇི་ལྟར་ལགས། །དབང་ཆེན་འདུས་པས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས། གསོལ་བའི་དོན་ཐུགས་སུ་ཆུད་ནས། ཏིང་ངེ་འཛིན་ལས་བཞེངས་ནས་འདི་སྐད་ཅེས་གསུངས་སོ། །ཕྱག་ན་རྡོ་རྗེ་ལས་ཀྱི་རྒྱལ། །སྤོབས་པ་ལྡན་པ་རྒྱལ་བའི་སྲས། །འདི་བཤད་ལེགས་པར་ཡིད་ལ་ཟུང་། །ཐམས་ཅད་དབང་གི་རང་བཞིན་ལ། །དབང་གིས་མ་གྱུར་མེད་པ་སྟེ། །རྒྱལ་བ་རིགས་ལྔས་ངེས་གསུངས་པ། །ཐམས་ཅད་བདེ་གཤེགས་གཅིག་གི་ངང་། །ཇི་ལྟར་བཤད་པ་དེ་ལྟར་སྣང་། །འཁྲུལ་པའི་ངོ་ལ་རྟོག་པ་ལས། །དོན་དམ་ངང་ལ་གཅིག་ལས་མེད། །གཅིག་ལས་མི་གནས་ཐ་དད་བྱུང་། །དེ་ཡི་རང་
བཞིན་དེ་བསྟན་པ། །བདེ་གཤེགས་རིགས་ལྔ་ཡེ་ཤེས་ལྔ། །བདེ་བའི་ངང་དུ་ཐམས་ཅད་གཅིག །དབང་མཆོག་དབང་གི་རྒྱལ་པོ་དེ། །རྒྱལ་བ་ཀུན་འདུས་ཐུགས་ཆེན་པོ། །རིགས་ལྔ་ལྔ་རུ་སྣང་བ་ཡང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དེ། །དེ་ལྔ་ཕྲིན་ལས་ཆེན་པོ་ཡིན། །དེ་ལྔ་སངས་རྒྱས་བདེ་བ་ཡིན། །དེ་ལྔ་ཐམས་ཅད་ངོ་བོ་ཡིན། །དེ་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ཡིན། །ཡེ་ཤེས་ལྔ་ཡང་ཀུན་ཏུ་བཟང་པོ་ཡིན། །ཀུན་ཏུ་བཟང་པོ་ཐིག་ལེ་ཆེན་པོ་ཡིན། །ཐིག་ལེ་མི་དམིགས་ཆོས་ཀྱི་དབྱིངས། །ཆོས་སྐུ་བདེ་ཆེན་ངང་དུ་གནས། །བདེ་བའི་ངང་ལ་མ་གཡོས་ས་ལེར་གསལ། །དེ་ནི་ཐམས་ཅད་ཡོངས་ལ་དབང་། །དབང་གི་ཞིང་ཞེས་གྲགས་པ་ཡིན། །སྐྱོན་གྱིས་མ་གོས་པདྨའི་རིགས། །དེ་ལྔར་རྟོགས་པ་བདེ་གནས་པ། །ཕྲིན་ལས་དབང་དྲག་བཤད་པ་ནི། །གསུང་མཆོག་པདྨའི་རིགས་སུ་བཤད། །གསུང་མཆོག་རྡོ་རྗེའི་རིགས་སུ་བཤད། །གསུང་མཆོག་རིན་ཆེན་རིགས་སུ་བཤད། །གསུང་མཆོག་ལས་ཀྱི་རིགས་སུ་བཤད། །གསུང་མཆོག་དག་པ་གྲུབ་པར་བཤད། །གསུང་མཆོག་བྱང་ཆུབ་སེམས་སུ་བཤད། །གསུང་མཆོག་ཕ་རོལ་ཕྱིན་པར་བཤད། །གསུང་མཆོག་འཇམ་དཔལ་གཞོན་ནུར་བཤད། །གསུང་མཆོག་གསུང་བའི་རབ་ཏུ་བཤད། །གསུང་མཆོག་བྱང་ཆུབ་སེམས་སུ་བཤད། །གསུང་མཆོག་འཕགས་པའི་ཐུགས་རྗེར་བཤད། །གསུང་མཆོག་དྲག་པོ་ཕུར་པར་བཤད། །གསུང་མཆོག་བསྟན་པའི་ཆོས་སུ་བཤད། །ཐམས་ཅད་ཐམས་ཅད་གསུང་ལ་འདུ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཐམས་ཅད་པདྨའི་རིགས་སུ་གསུངས་པའི་ལེའུ་སྟེ་བརྒྱ་དང་གྱ་དགུ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། དབང་གི་ལྷ་ཚོགས་རྣམས་ལ་དགྱེས་པ་ནར་མར་དབུལ་བ་ཚོགས་ཀྱི་མཆོད་པ་འདི་གསུངས་སོ། །བདེ་གཤེགས་པདྨ་རིགས་ཀྱི་ལྷ་རྣམས་ལ། །ཚོགས་ཀྱི་མཆོད་པ་ཚོགས་ཀྱི་དམ་པ་བཤད་པའོ། །བདེ་བ་རིན་ཆེན་གཞོང་དག་དུ། །ཡང་ན་གང་མཛེས་སྣོད་ཆེན་དུ། །ཤ་དང་ཤ་ཆེན་གཞན་སྩོགས་དང་། །ཁྲག་
དང་ཤ་ཆེན་ལ་སོགས་དང་། །འཚོ་བའི་ཡོ་བྱད་མང་པོ་དང་། །བཟའ་བའི་བྱེ་བྲག་སྤུང་བར་བྱ། །བདུད་རྩི་དང་ནི་རོ་ལྡན་རྫས། །དེ་ལྟར་བཀང་བ་དེ་དག་ལ། །རཾ་ཡཾ་ཁཾ་གིས་བསྲེག་སྦྱང་བཀྲུས། །སེམས་བསྐྱེད་གཞལ་ཡས་གསལ་བར་བྱ། །དེ་ལྟར་མདུན་དུ་ལྷ་བསྐྱེད་ལ། །དབང་གི་ལྷ་རྣམས་གསལ་བར་བསྐྱེད། །དབང་མཆོག་དམ་པའི་ལྷ་གསལ་ལ། །སྔགས་བརྗོད་ཡན་ལག་རྫོགས་པར་གསལ། །དེ་ལ་དཀྱིལ་འཁོར་ལྷ་རྣམས་ནི། །བདེ་གཤེགས་ཡེ་ཤེས་དགུ་བརྩེགས་ལྷ། །ཡན་ལག་ཚང་བར་གསལ་བར་བསྐྱེད། །དེ་ནས་གཏོར་མ་བྱིན་བརླབས་ཏེ། །ལན་གསུམ་རིམ་པར་བྱས་ནས་ནི། །འདོད་ཡོན་དྲུག་གི་ལྷ་མོ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་པ་དག་གིས་བརྒྱན་པའོ། །བདུད་རྩི་ཏ་ན་སྐྱེ་ཤི་མེད། །ག་ཎ་འཆིང་གྲོལ་མེད་པ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །མུ་ཏིག་དྲི་མ་མེད་པ་ལྟར། །རཀྟ་ཆགས་པ་ལྡན་པའོ། །དེ་ལྟར་གསལ་བར་བྱིན་བརླབས་ལ། །ལྷ་རྣམས་སྤྱན་དྲངས་དེ་ལ་བསྡིམ། །ཛཿཧཱུཾ་བཾ་ཧོཿཔདྨ་ཧཱ་རཱ་གར་ཏི་བྲུཾ། ཨོཾ་རུ་ལུ་རུ་ལུ་ཕཊ། ཨེ་ཨ་ར་ལི་ཧཱུཾ་ཧྲཱྀ་ཛཿ། དེ་ལྟར་གསལ་བར་བསྐྱེད་པ་ལ། །སྤྱན་དྲངས་པ་ཡང་བསྡིམ་པར་བྱ། །དེ་ནི་བརྟན་པར་གྱུར་པ་སྟེ། །པདྨ་དྷ་ར་ཏིཥྛ་བཛྲ་སྟྭམ། དེ་ལ་མོས་པས་ཕྱག་འཚལ་ལ། །ཧཱུཾ་སྲིད་གསུམ་འཇོམས་མཛད་ཐར་ལམ་འདྲེན་པའི་གཙོ། །ཡེ་ཤེས་དགུ་བརྩེགས་ལྷ་རྣམས་ལྷུན་གྱིས་གྲུབ། །དབང་དྲག་ལས་བཞིའི་ཕྲིན་ལས་འགྲུབ་མཛད་པ། །དབང་གི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་ལ་ཕྱག་འཚལ་ནས། །མཆོད་པ་དེ་བཞིན་བྱས་ནས་ནི། །མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི། དེ་ལྟར་མཆོད་པ་ཕུལ་ནས་ནི། །བསྟོད་དང་སྨོན་ལམ་བཏབ་པ་ཡིན། །ཧཱུཾ་དབང་གི་ལྷ་ཚོགས་མ་ལུས་ལ། །ཕྱི་ནང་དག་པའི་མཆོད་ཕུལ་བས། །མཉེས་པ་མཆོག་གིས་ཕོག་ནས་ནི། །བདེ་གཤེགས་ཐུགས་དམ་སྐོང་གྱུར་ཅིག །ཧཱུཾ་དབང་དྲག་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །བདེ་གཤེགས་པདྨ་རིགས་ཀྱི་གཙོ། །
ཆེ་བས་ཆེ་བར་བསྟོད་པ་དབང་ཕྱུག་ཡང་ཆེའི་དཔལ། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་ཁྲོ་བོས་འགྲོ་བའི་དོན་མཛད་པ། །ཁྲོ་མཆོག་རོལ་པའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་དང་སྨོན་ལམ་སྟེ། །དེ་ནས་བསྔོ་བའི་རིམ་པ་གསུངས། །དགྱེས་མཉམ་མཆོག་གི་མཆོད་པ་ཆེན་པོ་འདི། །འདོད་པའི་ཡོན་ཏན་ལྷ་མོར་བྱིན་བརླབས་ནས། །པདྨ་རཀྟ་པཉྩ་ཨ་མྲྀ་ཏ། དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཧ་ཧེ་པྲ་ཝེ་ཤ་ཡག་ཤ་རག་ཤ་ས་མ་ཡ་ཨ་ར་ལི་ཁཱ་ཧི། དེ་ལྟར་བསམ་སྟེ་དབུལ་བ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚོགས་ཀྱི་གཏོར་མ་བཏང་བའི་ལེའུ་སྟེ་བརྒྱ་དང་དགུ་བཅུ་པའོ།། །།ཡང་ནི་བར་མ་ཆད་པ་ནས། །དམ་ཚིག་དམ་པ་འདི་གསུངས་སོ། །མི་གཡོ་གསལ་བྱ་མཉམ་པ་ལ། །ས་མ་ཡ་ནི་དམ་ཚིག་སྟེ། །བདེ་བའི་དོན་དང་ལྡན་པའི་ཕྱིར། །གཉིས་སུ་མེད་པའི་དོན་འགྲུབ་ཕྱིར། །རྩ་བ་སྲོག་བདག་དམ་ཚིག་བསྲུང་། །བྱང་ཆུབ་མྱུ་གུ་གཏན་མི་སྤང་། །རྩ་བ་ཡན་ལག་བསྐམ་མི་བྱ། །བསྲུང་བ་སྤང་བར་མི་བྱའོ། །བྱང་ཆུབ་མྱུ་གུ་བསྐམ་པ་མིན། །རྒྱལ་མཚན་ཆེན་པོ་བསྣུབ་པ་མིན། །རཱ་ག་སྐྱེ་ཤི་གཅད་པ་མིན། །སྲིད་པའི་ཐག་པ་གཅད་པ་མིན། །ལས་ཀྱི་ཕྲིན་ལས་ཆེན་པོ་སྟེ། །ཏིང་འཛིན་འཕྲོ་བ་གཅད་པ་མིན། །རྡོ་རྗེ་ཆུ་བོའི་འོལ་ག་ནི། །བསྒྱུར་བར་བྱ་བ་མ་ཡིན་ནོ། །བྱ་རྒྱལ་ཁྱུང་གི་གཤོག་བརྒྱངས་ནི། །བཅག་པར་བྱ་བ་མ་ཡིན་ནོ། །གཅིག་པུ་སེང་གེ་གནས་པ་ནི། །གཙེ་བར་བྱ་བ་མ་ཡིན་ནོ། །རྡོ་རྗེ་གནས་པ་ལུ་གུ་རྒྱུད། །དྲལ་བར་བྱ་བ་མ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་འབྲས་བུ་ལ། །སྤང་བླང་བྱ་བ་མ་ཡིན་ནོ། །རིག་པའི་ཐུགས་རྗེ་ལྕགས་ཀྱུ་ལ། །སྨད་པར་བྱ་བ་མ་ཡིན་ནོ། །དབྱིངས་ཀྱི་པདྨ་འབུར་བ་ལ། །སྨད་པར་བྱ་བ་མ་ཡིན་ནོ། །མི་ནུབ་པ་ཡི་རྒྱལ་མཚན་ལ། །དེ་ལ་རྟོག་པར་བྱ་བ་མིན། །གསང་བའི་ཐབས་དང་ཤེས་རབ་ལ། །དེ་ལ་གནས་པ་སྨད་པ་མིན། །ཐུགས་རྗེ་འདྲེན་པའི་ལུ་གུ་རྒྱུད། །གཏང་བར་བྱ་བ་མ་ཡིན་ནོ། །
དེ་ལྟར་གཉིས་མེད་དོན་རྟོགས་ཤིང་། །དམ་ཚིག་གདེང་དང་ལྡན་པ་ལ། །བྱང་ཆུབ་དེ་ལ་ལྟུང་གནས་མེད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གཅིག་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །རྩ་བ་བྱང་ཆུབ་སེམས་ཉིད་ལ། །ལྟ་བ་མ་གོལ་སྤྱོད་པ་མ་གོལ་བ། །དམ་པ་མཆོག་གིས་འདི་གསུངས་སོ། །ཐམས་ཅད་བྱང་ཆུབ་སེམས་ཡིན་པས། །སེམས་ནི་རང་བཞིན་བལྟ་བ་ཡིན། །ལྟ་བ་མ་ནོར་གདེང་ལྡན་ན། །དེ་ཡི་ངང་ལ་གནས་པ་སྟེ། །དེ་ཡི་ངང་ལ་གནས་པ་ནི། །སྒོམ་པ་ཆེན་པོར་བསྟན་པ་ཡིན། །མ་བཅོས་པ་ནི་གཉིས་མེད་དོན། །གསལ་ལ་མ་འདྲེས་སོ་སོ་དག །གཅིག་དང་ཐ་དད་ཀུན་གྱི་ངོ་བོ་སྟེ། །དེ་ཡང་ལྟ་བའི་རྒྱལ་པོ་ཡིན། །བྱང་ཆུབ་སེམས་ནི་སངས་རྒྱས་ཏེ། །སངས་རྒྱས་བྱང་ཆུབ་སེམས་ཉིད་ཡིན། །སེམས་ནི་ཀུན་གྱི་ངོ་བོར་སྣང་། །སྣང་བ་ཉིད་ལ་དངོས་པོ་མེད། །མེད་པ་མ་ཡིན་ཀུན་ཡང་བྱུང་། །རྟག་པ་མ་ཡིན་ངོ་བོ་མེད། །ཆད་པ་མ་ཡིན་ཀུན་ཏུ་སྣང་། །གཉིས་ལ་མི་གནས་དེ་ཡི་ངང་། །ལྟ་བ་ཕྱོགས་རིས་མེད་པ་དང་། །ཡངས་དོག་མེད་པར་བལྟ་བ་ཡིན། །བྱེད་པ་མེད་པས་བྱ་བ་མེད། །ཀུན་ནས་མ་བཅོས་གསལ་བ་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་སྟེ། །ཡེ་ནས་མ་བཅོས་རང་བཞིན་ངང་གིས་གནས། །དེ་ལ་ས་དང་རིམ་པ་མེད། །རྫོགས་ཁྱབ་རང་བྱུང་ཡེ་ཤེས་ཡིན། །ཐམས་ཅད་བྱང་ཆུབ་སེམས་ལ་འདུས། །སེམས་ལས་མ་གཏོགས་ཡེ་ཤེས་མེད། །མེད་པ་མ་ཡིན་དྲན་ཞིང་ཚོར། །འདི་ནི་གསང་བ་རྟོག་གེ་ལ། །ནམས་ཀྱང་ཞེས་སུ་གསུང་བར་ཟད། །རྟོག་པ་ཐམས་ཅད་ཆོས་ཉིད་ལྟ། །སྤྱོད་པ་ཐམས་ཅད་མ་འགགས་པ། །ཅི་སྤྱད་ཅི་སྤྱོད་ཅི་བསྒྲུབས་ཀྱང་། །སེམས་ལས་མ་གཏོགས་ཡེ་ཤེས་མེད། །ཐམས་ཅད་བྱང་ཆུབ་སེམས་སུ་ལྟ། །ལྟ་བའི་གདེང་དང་ལྡན་གྱུར་པས། །གོལ་ས་མེད་དེ་འབྲས་བུ་འཐོབ། །སྤང་བསྒྲུབ་མ་ཡིན་དོན་རིག་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས།
ལྟ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གཉིས་པའོ།། །།བར་མ་ཆད་པ་བཀའ་སྩལ་པ། །ཅི་སྤྱད་པ་ཡི་ལས་རྣམས་ནི། །ཆོས་ཀྱི་དབྱིངས་སུ་སྤྱད་པའོ། །རྩ་བ་དམ་རྫས་ལྔ་པོ་ལ། །གཙང་དམེ་མེད་པར་བལྟ་བས་སྤྱད། །དམ་ཚིག་སྤང་བླང་མེད་པ་ལ། །གོལ་ས་མེད་པར་སྤྱོད་པར་བྱ། །སྤྱད་པ་མེད་པའི་སྤྱོད་པ་ཡིན། །སྤྱོད་པའི་རྒྱལ་པོ་སྤྱད་པ་ཡིན། །སྤྱོད་པ་ཐམས་ཅད་བྱ་བ་ནི། །ཆོས་ཀྱི་དབྱིངས་སུ་སྤྱད་པ་ཡིན། །རོལ་པ་ཆེན་པོ་མ་འགགས་པ། །སྤྱོད་པ་ཆེན་པོ་དབྱིངས་སུ་སྤྱད། །སྤྱོད་པ་གདེང་དང་ལྡན་པ་ཡིས། །མ་ནོར་ལམ་དུ་བསྟན་པ་ཡིན། །གསང་བའི་དམ་ཚིག་གསུངས་པ་དང་། །གསང་བའི་སྤྱོད་པ་སྤྱད་པ་ཡིན། །སྤྱོད་པ་ལ་དོར་ཆོས་ཀྱི་དབྱིངས། །གཙང་དམེ་མེད་པར་སྤྱོད་པ་དང་། །སྤང་ལེན་མེད་པའི་སྤྱོད་པ་དང་། །བླང་དོར་མེད་པའི་སྤྱོད་པ་དང་། །མཉམ་པ་ཉིད་ཀྱི་སྤྱོད་པའོ། །གར་དང་གླུ་ཡི་རོལ་མོ་ཡང་། །མ་འགགས་པ་ཡི་སྤྱོད་པ་ཡིན། །སྤྱོད་པ་སྤྱད་པ་དམ་པ་ཡིན། །ཆོས་ཀྱི་དབྱིངས་ཀྱི་སྤྱོད་པ་ཡིན། །མི་འགྱུར་དག་པའི་དབྱིངས་སུ་སྤྱད། །དག་པ་ལྷ་ཡི་སྤྱོད་པ་ཡིན། །ཅི་སྤྱོད་ཆོས་ཀྱི་དབྱིངས་སུ་སྤྱད། །དོར་བ་མེད་པའི་དབྱིངས་སུ་སྤྱད། །སྤྱོད་པ་མ་ནོར་སྤྱད་པ་ཡིན། །འབྲས་བུ་བྱང་ཆུབ་ངང་དུ་གནས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྤྱོད་པ་མ་ནོར་གདེང་དང་ལྡན་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀའི་སྐུ་ལས། སྐུའི་བ་སྤུའི་བུ་ག་རེ་རེ་ནས། འོད་ཟེར་བསམ་གྱིས་མི་ཁྱབ་པ་བཀྱེ་སྟེ། ཐམས་ཅད་བདེ་བའི་སྤྲུལ་པ་འོད་ཟེར་དཀར་པོ་དང་། དམར་པོ་དང་སེར་པོ་དང་། མཐིང་ག་དང་ལྗང་གུ་ལ་སོགས་པ་འཕྲོས་པ་ལས། དེ་ལས་དེ་བཞིན་གཤེགས་པའི་ཁམས་ཐམས་ཅད་ཁྱབ་པའི་སྤྲུལ་པ་འཕྲོས། མཁའ་འགྲོ་མང་པོ་འོད་ཟེར་ལས་སྤྲུལ་ནས། སྐུའི་གནས་བཅུ་ནས། སྐུ་ལས་སྤྲུལ་པའི་མཁའ་འགྲོ་མ། གཟུགས་ནི་ཇི་སྙེད་པར་སྟོན་པ། ལ་ལ་འོད་དུ་རྒྱུ་བ། ལ་ལ་སེམས་ཅན་གདུག་པའི་གཟུགས་ཅན། ལ་ལ་ཐག་པ་
གཟིངས་པ་ལྟ་བུ་དང་། དེ་ལ་སོགས་པ་མང་པོ་འཐོན་ནས། དབང་གི་ཞིང་ཡོངས་སུ་སྦྱོང་བའོ། །དེ་ནས་མཁའ་འགྲོ་མ་དེ་རྣམས་ཤ་ལ་རྔམ་པ་དང་། ཁྲག་ལ་རྔུབ་པའི་ཚུལ། ཀེང་རུས་འཆའ་བའི་ཚུལ་འཛིན་པ་སྟེ། དེ་ལས་སྙིང་པོ་འདི་འཐོན་ཏོ། །ཨེ་ཨེ་ཨེ་ཨེ་ཨེ་ཨེ། ཨ་ཨ་ར་ལི་ཡག་ཤ་སྟཾ་ཧེ་ཤ་ཧུ་ལུ་ཀ་ཏ་མ་ཧེ་བྷྱོ། དེ་ལྟ་བུའི་སྙིང་པོ་ཐོན་ཏེ་གནས་ལ་འཁོད་དོ། །དེ་ནས་གཡས་ཀྱི་བ་སྤུ་འབུམ་ཕྲག་ལས་འབུམ་ཕྲག་གཡས་ཀྱི་མཁའ་འགྲོ་མ་དང་གཡོན་གྱི་བ་སྤུ་འབུམ་ཕྲག་ལས། འབུམ་ཕྲག་གཡོན་གྱི་མཁའ་འགྲོ་མ་འཐོན་ནོ། །དེ་རྣམས་ཁྭ་དང་འུག་པ་དང་བཞད་དང་། ཀང་ཀ་དང་ཅེ་སྤྱང་གི་འབུ་སྲིན་གྲོལ་མ་དང་མེ་འབྲུག་དང་། ཆུ་གླང་དང་། བ་གླང་དང་། རྔ་མོ་བོང་བུའི་གཟུགས་ཀྱི་ཆ་ཚུལ་མཐུན་པར་འཛིན་ཏེ། ཤ་ལ་རྔམ་པ་དང་། ཁྲག་ལ་རྔུབ་པ་དང་། རུས་པ་འཆའ་བ་ལ་སོགས་པའི་ཚུལ་འཛིན་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མའོ། །ལྷག་མ་བདུན་གྱི་ཕུད་ཉུལ་བ་ནི། དབང་མོ་ལ་སོགས་པ་རྣམས་དུར་ཁྲོད་བསིལ་བའི་ཚལ་དུ་དབང་གི་སྐུ་ལས་འཐོན་ཏེ། སེམས་ཅན་མི་མཐུན་པའི་གཟུགས་སྣ་ཚོགས་པར་ཚུལ་དང་མཐུན་པར་འཐོན་ཏེ། དེ་ལྟར་འཐོན་ནས་ཐམས་ཅད་ལས་བྱེད་པའོ། །དེ་རྣམས་ནི་སྐུའི་མཁའ་འགྲོ་མ་འབུམ་ཕྲག་གཡས་གཡོན་གྱི་མཁའ་འགྲོ་མ་དང་དབང་མོ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོའོ། །མ་དད་པའི་བུ་མོ་དང་སྲིང་མོ་ལ་སོགས་པ། དེ་རྣམས་ནི་ལས་ཀྱི་མཁའ་འགྲོ་མའོ། །ཡེ་ཤེས་ཀྱི་མཁའ་འགྲོ་མས། ལས་ཀྱི་མཁའ་འགྲོ་མ་ལས་ལ་འགྱེད་པའོ། །འདས་དང་མ་འདས་མཁའ་འགྲོ་མ་གཉིས་སོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཁའ་འགྲོ་མའི་ལས་ཀྱི་ལེའུ་སྟེ་བརྒྱ་དང་གོ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་དེས། ཕྱག་ན་རྡོ་རྗེ་དང་། པདྨ་ལས་ཀྱི་སེམས་དཔའ་དང་། ལས་ཀྱི་རྒྱལ་པོ་གསུམ་ལ་སོགས་པ་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་འདུས་པའི་འཁོར་ཚོགས་རྣམས། །ཐམས་ཅད་དབང་གི་ཞིང་དུ་དག་གོ། །ཐམས་
ཅད་བདེན་པས་རབ་ཏུ་གྲོལ་ལོ། །ཐམས་ཅད་མྱ་ངན་ལས་འདས་སོ། །ཐམས་ཅད་ཕ་རོལ་ཏུ་ཕྱིན་ཏོ། །ཐམས་ཅད་བདེ་བ་ལ་བཀོད་དོ། །འཁོར་བ་དོན་དམ་མྱ་ངན་འདས། །སེམས་ནི་སངས་རྒྱས་མྱ་ངན་འདས། །ཡུལ་ནི་ཆོས་སུ་མྱ་ངན་འདས། །སེམས་ཅན་སངས་རྒྱས་མྱ་ངན་འདས། །ཀུན་རྫོབ་དོན་དམ་མྱ་ངན་འདས། །ཕུང་པོ་རིགས་སུ་མྱ་ངན་འདས། །ཁམས་ནི་དབྱིངས་སུ་མྱ་ངན་འདས། །སྐྱེ་མེད་དོན་དམ་མྱ་ངན་འདས། །འབྱུང་བ་དབྱིངས་སུ་མྱ་ངན་འདས། །རྣམ་ཤེས་ཡེ་ཤེས་མྱ་ངན་འདས། །ཉོན་མོངས་མཉམ་དུ་མྱ་ངན་འདས། །རྟག་ཆད་མ་ནོར་ཐིག་ལེར་གནས། །ཐིག་ལེ་ཆོས་སྐུ་མྱ་ངན་འདས། །མྱ་ངན་ཐམས་ཅད་མྱ་ངན་འདས། །རྣམ་རྟོག་ཡེ་ཤེས་མྱ་ངན་འདས། །སྡུག་བསྔལ་ཆོས་ཉིད་མྱ་ངན་འདས། །མྱ་ངན་ཐམས་ཅད་དབྱིངས་སུ་འདས། །ཐམས་ཅད་ཀུན་བཟང་ངང་དུ་གནས། །མྱ་ངན་འདས་པའི་དོན་རྟོགས་ནས། །སྐྱེ་ཤི་གཉིས་ཀྱི་རྒྱུད་ལས་བརྒལ། །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །ཐམས་ཅད་ཆོས་དབྱིངས་མཉམ་གནས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཐམས་ཅད་མྱ་ངན་འདས་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་ལྔ་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །ཐམས་ཅད་དབང་གི་རྒྱལ་པོའི་ལུང་། །ཐམས་ཅད་དབང་གི་རྒྱལ་པོའི་དབང་། །ཐམས་ཅད་དབང་གི་རྒྱལ་པོའི་ཚེ། །ཐམས་ཅད་དབང་གི་ཕྲིན་ལས་ཡིན། །ཇི་ལྟར་སྣང་བ་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་སུ་འདུས་པའོ། །རྟོགས་པ་མངོན་གྱུར་བལྟ་བའི་ལུང་། །དབྱིངས་སུ་སྤྱད་པ་སྤྱོད་པའི་ལུང་། །ཐམས་ཅད་བསྡུས་པ་དབང་གི་དབང་། །མི་འགྱུར་བརྟན་པ་ཚེ་ཡི་ལུང་། །གདེང་གྱུར་བསྲུང་བ་དམ་ཚིག་ལུང་། །དྲག་པོ་བསྒྲལ་བ་ཕྲིན་ལས་ལུང་། །གཞལ་ཡས་གསལ་བ་དཀྱིལ་འཁོར་ལུང་། །བཀོད་པ་གསལ་བ་ལྷ་ཡི་ལུང་། །གོལ་ས་མེད་པ་དོན་དམ་ལུང་། །བདེན་པ་ཐོབ་པ་རྩོལ་བའི་ལུང་། །གཉིས་སུ་མེད་པ་རྟོགས་པའི་ལུང་། །ཐམས་ཅད་གཅིག་པས་སེམས་ཀྱི་ལུང་། །
ལུང་ཆེན་ཟབ་མོར་སྣང་བའོ། །ཇི་ལྟར་བདེན་པ་ཐོབ་པས་དབང་མཆོག་དམ་པ་ཡིན། །ཐམས་ཅད་བྱང་ཆུབ་སེམས་ལ་གནས། །སེམས་ཀྱི་དོན་རྟོགས་རྡོ་རྗེ་ཆེ། །རྟོགས་པས་མངོན་དུ་བསྒྲལ་གྱུར་ཕྲིན་ལས་ཡིན། །ཏིང་འཛིན་འཕྲོ་འདུ་གསལ་བས་དོན་བྱེད་པ། །ཏིང་འཛིན་འཕྲོ་འདུ་ཕྲིན་ལས་མཆོག །མ་དད་བདུད་ཀྱི་སྡེ་བཏུལ་བ། །ལོག་པ་འཇོམས་པའི་ཕྲིན་ལས་ཡིན། །ཐམས་ཅད་ཐུགས་རྗེས་བསྒྲལ་བ་རྣམས། །ཐུགས་རྗེས་གཞན་སྒྲོལ་ཕྲིན་ལས་ཡིན། །དོན་རྟོགས་འབྲས་བུ་ཐོབ་པ་ནི། །རྟོགས་པ་བདག་བསྒྲལ་ཕྲིན་ལས་ཡིན། །ཐམས་ཅད་དབང་བསྡུས་བསྒྲལ་བ་ནི། །དབང་སྡུད་ལས་ཀྱི་ཕྲིན་ལས་ཡིན། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ཚེ། །ཐམས་ཅད་བདེན་པའི་ཕྲིན་ལས་ཡིན། །དེ་ལྟར་ཕྲིན་ལས་རྒྱ་མཚོ་ཡིས། །འགྲོ་དོན་མཐའ་རུ་ཕྱིན་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ཆོས་ཐམས་ཅད་ལུང་དང་། སེམས་དང་ཚེ་དང་། ཕྲིན་ལས་སུ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་དྲུག་པའོ།། །།དེ་ནས་དབང་ཆེན་འདུས་པས། ཆོས་ཐམས་ཅད་སེམས་ཡིན་པས། སེམས་ལས་རྟོགས་པའི་དོན་རང་གྲོལ་བསྒོམ་པ་བདེ་བར་བསྟན་པའོ། །གསལ་ལ་རྟོག་མེད་ཡེ་ཤེས་བསྒོམ། །སྣང་སྟོང་གཉིས་ཀྱི་གོལ་ས་བཅད། །མི་གཡོ་བ་ཡི་ཏིང་འཛིན་བསྒོམ། །རྣམ་པར་འཕྲོ་བའི་གོལ་ས་བཅད། །ཤེས་བྱ་རིགས་བཅད་བསྒོམ་པ་བསྒོམ། །མ་བདལ་གོལ་ས་བཅད་པར་བྱ། །ལྟ་བ་མ་ནོར་བསྒོམ་པ་བསྒོམ། །བསྒོམ་དུ་མེད་པའི་གོམས་པ་ལ། །ཡེངས་སུ་མེད་པའི་ཏིང་འཛིན་བྱ། །དེ་ཡི་ངང་ལ་བསྒོམ་པ་ལ། །དམིགས་པ་ཕྲ་མོའི་གོལ་ས་བཅད། །སྒོམ་པ་མ་ནོར་གདེང་ལ་མནོས། །བསམ་གཏན་པ་ཡི་སྒོམ་པ་ནི། །མར་མེ་རླུང་གིས་མ་བསྐྱོད་བཞིན། །ལྟེམ་མེ་མེར་རེ་གནས་པར་བྱའོ། །རྣམ་པར་འཕྲོ་བ་བཅད་པ་ཡིན། །བྱང་ཆུབ་སེམས་ནི་རྩ་བས་ཏེ། །གཞི་ནི་གཅིག་ཏུ་མ་ངེས་པས། །ཐམས་ཅད་ཕྱོགས་ཀྱི་བདག་ཉིད་ཡིན། །རྟོགས་
པར་གྱུར་པ་ལྟ་བ་ཡིན། །དེ་ཡི་ངང་ལ་གནས་པ་བསྒོམ་པ་ཡིན། །དེ་ལྟར་གྱུར་པ་སྒོམ་པ་སྟེ། །ཀུན་གྱི་ངོ་བོ་བྱང་ཆུབ་སེམས། །རིག་པ་རང་སྣང་གསལ་བའོ། །དེ་ལྟར་བསྒོམས་པས་བསྒོམ་པར་བྱ། །སྒོམ་པ་ཅིར་བསྒོམ་ཧད་པོ་ཆེ། །དེ་ལ་གནས་ཤིང་མི་ཡེངས་པ། །གསེབ་ལམ་གསང་བའི་བསྒོམ་པ་ཡིན། །སྒོམ་པ་དེ་ཡི་དོན་རྟོགས་པས། །ཐམས་ཅད་སེམས་ནི་གཅིག་གི་ངང་། །གཅིག་ལས་མ་གཡོས་ཐ་དད་སྣང་། །སྣང་བ་ཉིད་ལ་དངོས་པོ་མེད། །དངོས་མེད་ངང་ལ་དེ་གནས་པའོ། །དེ་ལྟར་བསྒོམ་པའི་བྱིན་རླབས་ཀྱིས། །དེ་མ་ཐག་ཏུ་སངས་རྒྱས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྒོམ་པའི་རིམ་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་བདུན་པའོ།། །།དེ་ནས་དབང་ཆེན་ཀུན་འདུས་ཀྱིས། ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ལ། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་འདུས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་བ་འདི་གསུངས་སོ། །པདྨ་བརྒྱད་དང་ལྡན་པ་ལ། །དབུས་སུ་ཡི་གེ་ཧཱུཾ་དམར་ལ་བཀྲ་བ་ལ། ཐ་མ་ཨོཾ་དང་སྭཱ་དང་ཧཱུཾ་དང་ཨཾ་དང་ཧས་བསྐོར་བའོ། །དབང་བསྐུར་བ་སྟེ། ཧཱུཾ། གསུང་དབྱངས་སྙན་པས་འཁོར་བའི་གནས་ནས་སྒྲོལ། །སྐྱོན་གྱིས་མ་གོས་ཆགས་མེད་པདྨ་སྟེ། །གསུང་གི་ཡི་གེ་ཧཱུཾ་དམར་ལ་སོགས་འདི་ཡི་དབང་བསྐུར་བས། །འདོད་ཆགས་དག་པས་སོ་སོ་མངོན་པར་བྱང་ཆུབ་དབང་ཐོབ་ཤོག །པདྨ་མཎྜ་ལ་ཨོཾ་ཧཱུཾ་ཨ། གསེར་གྱི་འཁོར་ལོ་དེ་ཐོགས་ནས། །ཧཱུཾ། ཆོས་སྐུ་སྤྲོས་མེད་བདེ་ཆེན་ཐིག་ལེ་ཆེ། །འགྲོ་བའི་དོན་མཛད་ལོངས་སྐུ་སྤྲུལ་སྐུ་འཛིན། །གཏི་མུག་རྣམ་དག་སྐུ་མཆོག་ཀུན་ལ་ཁྱབ། །ཉོན་མོངས་རྩད་གཅོད་སྟོང་ཉིད་མངོན་པར་བྱང་ཆུབ་དབང་ཐོབ་ཤོག །ཙཀྲ་ཀཱ་ཡ་མཎྜ་ལ་ཨཾ་ཨ། ཐུགས་ཀྱི་མཚན་མ་རྡོ་རྗེ་དེ་ཐོགས་ལ། །ཧཱུཾ། རྟགས་ཀྱི་རྡོ་རྗེ་དབྱིངས་སུ་ཆེར་འབར་བ། །ཐུགས་མཆོག་འབར་བ་རྡོ་རྗེ་རྟགས་ཀྱི་ཧཱུཾ། །རྒྱལ་བ་རྣམས་ཀྱི་སྐུ་རྣམས་མཚོན་བྱེད་པ། །ཞེ་སྡང་རྩད་བཅད་མེ་ལོང་ཡེ་ཤེས་ཏེ། །མངོན་པར་བྱང་ཆུབ་དབང་ཐོབ་ཤོག །ཙིཏྟ་
མཎྜ་ལ་ཧཱུཾ། རིན་ཆེན་འབར་བ་ཐོགས་ལ། ཧཱུཾ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་མཛད་པ། །ཡིད་བཞིན་ནོར་བུ་རིན་ཆེན་མཛོད། །ཕོངས་པ་རྣམས་ཀྱི་རེ་བ་སྐོང་མཛད་དེ། །ང་རྒྱལ་གནས་དག་མཉམ་ཉིད་ཡེ་ཤེས་ཏེ། །མངོན་པར་བྱང་ཆུབ་དབང་ཐོབ་ཤོག །རཏྣ་མཎྜ་ལ་སྭཱ་ཧཱུཾ་ཨ། དེ་ནས་རྒྱ་གྲམ་ཐོགས་ལ། ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་དེ། །ཐམས་ཅད་བྱང་ཆུབ་གནས་སུ་སྒྲོལ་ཞིང་བདེ་ཆེན་དབྱིངས་ལ་འགོད། །ལས་ཀྱི་རིགས་མཆོག་དེ་བཞིན་གཤེགས་པའི་ཡུམ། །ཕྲག་དོག་རང་གྲོལ་བྱ་བ་གྲུབ་པའི་ཡེ་ཤེས་དེ། །མངོན་པར་བྱང་ཆུབ་དབང་ཐོབ་ཤོག །ཨོཾ་ཀརྨ་མཎྜ་ལ་ཧཱ་ཧཱུཾ་ཨ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་ཐོབ་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་བསྐུར་བའི་ལེའུ་སྟེ་བརྒྱ་དང་གོ་བརྒྱད་པའོ།། །།དེ་ནས་མྱུར་མགྱོགས་དབང་གི་མཐུས། །ཚེ་ཡི་སྒྲུབ་པ་ཡིད་ཀྱིས་བསྒྲུབ། །དང་པོ་ཚེ་ཡི་རྟེན་གནས་ལ། །སྤྲུལ་པ་བཀྱེ་ཞིང་དྲལ་ཞིང་བཅོམ། །ཚེ་བཀུག་རྟེན་ཆེན་དེ་ལ་བསྡིམ། །གཞལ་ཡས་བསྐྱེད་དང་ཚེ་དཔག་མེད། །ཡུམ་དང་ལྷ་མོ་བཞིས་བསྐོར་བསྒྲུབ། །དགུག་ཅིང་བསྡིམ་ལ་ཚེ་དེ་ཡང་། །གང་གནས་དེ་ལ་བསྐུར་ཞིང་བསྡིམ། །ཨཾ་ཨཱ་རོ་ལིག །་རཱ་ག་ར་ཏི། ཛཿཧཱུཾ་བཾ་ཧོཿ། བྷྲཱུཾ་བཛྲ་ཨངྐུ་ཤ་ཛཿཧཱུཾ་ཨ། པཱ་ཤ་ཧཱུཾ་སྥོ་ཊ་བཾ། གྷཎྜ་ཧོཿ། ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་བིནྡུ་བྷྲཱུཾ།ཚེ་བྷྲཱུཾ་ཡུ་བྷྲཱུཾ་ཎི་བྷྲཱུཾ་ཨ་བྷྲཱུཾ། ཧཱུཾ་པདྨ་རཱ་གའི་གཞལ་ཡས་ནས། །བཅོམ་ལྡན་སྣང་བ་མཐའ་ཡས་དང་། །ཡུམ་ཆེན་གོས་དཀར་མོ་དང་གཉིས། །གཉིས་མེད་རོལ་པའི་ཚེ་ཡི་གནས། །ཡབ་ཀྱི་ཚེ་ནི་དཀར་ལ་དྭངས། །ཡུམ་གྱི་ཚེ་ནི་དམར་ལ་དྭངས། །ཡབ་ཡུམ་གཉིས་སུ་མེད་པའི་ཚེ་ནི་སྣུམ་ལ་འདྲིལ། །ཚེ་དང་ཡེ་ཤེས་དབང་གི་གནས། །རྩེ་གཅིག་བསྒྲུབ་པའི་ཚེ་ལགས་ཀྱི། །ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །
ཕྱག་རྒྱའི་ལྷ་མོ་ཆེན་མོ་བཞི། །འགུགས་དང་འདྲེན་དང་འབེབས་དང་སྩོལ་བའི་ལས་མཛད་མ། །བཅོམ་ལྡན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཤར་ཕྱོགས་དུང་གི་གཞལ་ཡས་ནས། །དཀར་མོ་ཞི་བ་མགྱོགས་པའི་ལས་མཛད་མ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ས་མ་ཡ་དེ་བཱི་ཨངྐུ་ཤ་ཛ། ལྷོ་ཕྱོགས་རིན་ཆེན་གཞལ་ཡས་ནས། །སྔོན་མོ་རྒྱས་པའི་ལས་མཛད་མ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ས་མ་ཡ་དེ་བཱི་པཱ་ཤ་ཧཱུཾ། ནུབ་ཕྱོགས་རཱ་གའི་གཞལ་ཡས་ནས། །དམར་མོ་དབང་གི་ལས་མཛད་མ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །དེ་བཱི་ཛ་སྥོ་ཊ་བཾ། བྱང་ཕྱོགས་ཨིནྡྲ་ནཱི་ལའི་ཞིང་ཁམས་ནས། །ལྗང་གུ་དྲག་པོའི་ལས་མཛད་མ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ས་མ་ཡ་དེ་བཱི་ཛ་གྷཎྜ་ཧོཿ། ཚེ་འགུགས་ཤིང་གང་ལ་གནས་པ་དེ་ལ་བསྡིམ་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེའི་ལེའུ་སྟེ་བརྒྱ་དང་གོ་དགུ་པའོ།། །།དེ་ནས་དབང་ཆེན་ཀུན་འདུས་དེས། །ནར་མར་མཆོད་པ་བྱ་བའི་རྟེན། །རིན་ཆེན་རྒྱུའམ་ས་གཞི་ལ། །པདྨ་བརྩེགས་པའི་མཆོད་རྟེན་ལ། །ཁྲུ་གང་རབ་ཏུ་བརྩིགས་པར་བྱ། །དེ་ལ་དབང་གི་ལྷ་བཀོད་དེ། །བསྙེན་ནས་མཆོད་པ་བྱས་ནས་སུ། །རྟག་ཏུ་བསྐོར་བ་བྱ་ཞིང་ཕྱག་འཚལ་ན། །འཁོར་བ་ངན་སོང་ལས་བརྒལ་ནས། །པདྨ་རིགས་ཀྱི་དངོས་གྲུབ་འཐོབ། །ས་ལ་སོགས་པར་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། །སྐུའམ་འབུར་དུ་བརྐོས་པའོ། །དེ་ལ་བསྙེན་བཀུར་མཆོད་བྱས་ན། །ཐེ་ཚོམ་མེད་པར་རྒྱལ་བའི་སྐུ་ཡང་འཐོབ། །གཞན་ཡང་མཆོད་པའི་རིམ་པ་ནི། །རྟག་ཏུ་དབང་གི་ལྷ་བསྒོམ་ཞིང་། །སྤྱན་དྲངས་མཆོད་དང་བསྟོད་པ་དང་། །དེ་ལ་གུས་པ་ཕུལ་བྱས་ན། །འབྲས་བུ་ངེས་པར་ཐོབ་པར་འགྱུར། །བཟའ་བ་དང་ནི་བཏུང་བ་དང་། །མྱང་བ་དང་ནི་བགོ་བ་ཡིས། །དབང་གི་ལྷ་ལ་དེ་བཞིན་བྱ། །དེ་ལྟར་ཏིང་འཛིན་དེ་ལྡན་ན། །འབྲས་བུ་དབང་དང་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །
རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པ་དང་ཏིང་འཛིན་གྱི་རིམ་པ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་ཐམ་པའོ།། །།དེ་ནས་སྒོ་བ་ཁྲོ་བོ་མ་རུངས་པའི། །ལས་ཀྱི་རྣམ་པ་འདི་རྣམས་བཤད། །གསང་བའི་ལས་སུ་བསྟན་པ་ལས། །ཐབས་དང་ཤེས་རབ་འདྲེལ་བ་ལ། །སྒོ་བ་ཡབ་ཡུམ་དེ་བཤད་དོ། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས། །ཕྱོགས་བཞི་དག་ཏུ་སྤྲོས་པ་ལས། །ཁྲོ་བོ་ལུས་གཅིག་འབར་བ་ལ། །མགོ་དགུ་བརྩེགས་པའི་ཆ་བྱད་བྱུང་། །གཅིག་ནི་སྣང་ལ་རང་བཞིན་མེད། །བརྒྱད་ནི་ཡེ་ཤེས་འོད་དང་ལྡན། །དེ་ཡི་སྟེང་དུ་དབུ་རེ་བྱུང་། །དབུ་ནི་ཁྲོ་བོ་འབར་བ་སྟེ། །ཀུན་ཀྱང་དཀར་ལ་གཙིགས་པར་བྱུང་། །ཕྱག་མཚན་ཀུན་ཀྱང་ལྕགས་ཀྱུ་བསྣམས། །པགས་པ་གསུམ་གྱི་ཆས་ལྡན་པ། །ཤར་གྱི་སྒོ་ལ་གནས་པའོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །ཁྲོ་བོའི་ལུས་ལ་མགོ་བདུན་བརྩེགས། །སེར་ལ་ཨག་ཚོམ་འབར་བ་སྟེ། །ཕྱག་མཚན་ཞགས་པ་རེ་རེ་བསྣམས། །པགས་པ་དུར་ཁྲོད་ཆས་དང་ལྡན། །སྤྲུལ་པས་བ་སྤུ་བལྟམས་པ་སྟེ། །ཞིང་ཆུང་གདན་ལ་བགྲད་པའོ། །གཞལ་ཡས་ལྷོ་སྒོའི་ཕྱོགས་ན་གནས། །བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པས། །ཁྲོ་བོའི་ལུས་ལ་ཞལ་བགྲད་པ། །དམར་པོ་རལ་པ་འགྱེང་བ་སྟེ། །མགོ་ལྔ་བརྩེགས་པ་དུར་ཁྲོད་ཆས། །ལྕགས་སྒྲོག་རེ་རེ་བསྣམས་པ་སྟེ། །ཞིང་གི་གདན་ལ་ཡང་དག་གནས། །གཞལ་ཡས་ནུབ་ཕྱོགས་སྒོ་ལ་གནས། །བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པས། །ཁྲོ་བོའི་ལུས་ལ་མགོ་གསུམ་བརྩེགས། །ལྗང་གུའི་མདོག་ལ་མཆེ་བ་ཅན། །དུར་ཁྲོད་ཆས་དང་ལྡན་པའོ། །ཞིང་ཆུང་གདན་ལ་བཞུགས་པ་སྟེ། །གཞལ་ཡས་བྱང་སྒོ་ཕྱོགས་ལ་གནས། །དེ་ལྟར་སྒོ་བ་བཞི་རུ་གནས། །རྣམ་བཞིའི་ལས་ཀུན་རྫོགས་པར་བྱེད། །སྥོ་ཊ་བཾ་པཱ་ཤ་ཤ་ཛ་མིང་ཤ་ཡ། དེ་ལྟར་སྔགས་བརྗོད་པས་ལས་ལ་བསྐུལ་བའོ། །ཞེས་གསུངས་སོ། །རྟ་མཆོག་
རོལ་པའི་ཏནྟྲ་ལས། སྒོ་བ་མགོ་བརྩེགས་དོན་གྱི་ལེའུ་སྟེ་ཉིས་བརྒྱ་གཅིག་པའོ།། །།དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་གནས་པ་ལ། དེའི་དོན་གསལ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་འདི་གསུངས་སོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨ་ར་ལི་ཧཱུཾ་ཧྲཱྀཿཛ་ཨོཾ་ཨཱཿཧཱུཾ། ཞེས་པ་དེ་དག་གསུངས་པ་དེ། །དེ་ཡི་ལས་རྣམས་བཤད་པ་ནི། །ཨོཾ་ནི་ཡེ་ཤེས་ཀུན་གྱི་སྙིང་། །ཕྱི་མོ་ཡི་གེ་ཕྲེང་བ་སྟེ། །གསལ་བའི་ཕྲེང་བས་གསུངས་པ་སྟེ། །རིག་སྔགས་དང་ནི་གསང་སྔགས་དང་། །སྙིང་པོ་དང་ནི་གཟུངས་སྔགས་སོ། །ཡབ་ཀྱི་གསང་སྔགས་དམ་པར་གསུངས། །ཡུམ་གྱི་རིག་སྔགས་དམ་པར་རོ། །གཉིས་མེད་དྲིལ་བའི་སྙིང་པོ་ནི། །མི་འགྱུར་བ་ཡི་གཟུངས་སྔགས་སོ། །ཀུན་ལ་སྤྲོས་དང་ཕྱག་བྱའོ། །དེ་ལྟར་ཡི་གེ་དེ་རྟོགས་ན། །སྔགས་རྣམས་ཐམས་ཅད་གྲངས་ཆ་འགྲོ། །བདེ་གཤེགས་ཀུན་གྱི་སྙིང་པོ་སྟེ། །ཐམས་ཅད་དེ་ལ་གནས་པའོ། །དེ་ཡིས་ལས་རྣམས་བྱས་པ་ན། །བྱིན་རླབས་ཆེན་པོ་དེ་ལས་འབྱུང་། །བྱིན་རླབས་སྔགས་དང་ཕྱག་རྒྱ་ཡིན། །རྒྱལ་བ་གཅིག་འགྲུབ་ཀུན་ཀྱང་འགྲུབ། །སངས་རྒྱས་རྣམས་ཀྱི་དགོངས་པ་སྟེ། །ཐམས་ཅད་གཅིག་པར་ཀུན་གྱིས་མཁྱེན། །དེས་ན་དགོངས་པ་གཅིག་པའོ། །དེ་ལྟར་སྙིང་པོ་དེ་བརྗོད་པས། །སྔགས་ལས་འོད་ཟེར་འཕྲོས་པ་ཡིས། །དེ་བཞིན་གཤེགས་ཀུན་ཐུགས་བསྐུལ་ནས། །བདེ་གཤེགས་རྒྱལ་བ་ཀུན་འདུས་ཏེ། །གསང་བའི་དངོས་གྲུབ་དེ་ལ་འབེབས། །ཡེ་ཤེས་ཆེན་པོ་རབ་ཏུ་གསང་། །བྱང་ཆུབ་ཆེན་པོ་རབ་ཏུ་གསང་། །སངས་རྒྱས་དངོས་གྲུབ་རབ་ཏུ་གསང་། །མ་རྟོགས་པ་དང་ལོག་པར་རྟོག །དེ་དག་ལ་ནི་རབ་ཏུ་གསང་། །སྔགས་ཀྱི་དངོས་གྲུབ་དམ་པ་འབེབས། །དངོས་གྲུབ་དམ་པ་འདིར་སྩལ་བས། །གང་འདོད་བསམ་པ་འགྲུབ་པར་འགྱུར། །གསང་སྔགས་གསང་བར་སྒྲུབ་པ་སྟེ། །གསང་བའི་མཆོག་སྟེ་སྙིང་པོའི་དོན། །སྙིང་པོ་དམ་པ་གཟུངས་དང་ལྡན། །དེ་དོན་རྒྱལ་བའི་སྙིང་པོ་ཡིན། །
དེ་ལྟར་བྱིན་རླབས་དེ་འབྱུང་བས། །སྔགས་དང་སྙིང་པོའི་དོན་ལ་རབ་ཏུ་འབད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྙིང་པོ་སྔགས་དང་རིག་སྔགས་གཟུངས་སྔགས་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་ཆེན་ཀུན་འདུས་དེས། དེ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཐོན་ནས། ལས་ཀྱི་མཁའ་འགྲོ་མ་ལས་ལ་གཏང་བ་འདི་གསུངས་སོ། །མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ནས། གསང་བའི་དམ་ཕོག་སྟེ། ལས་བཅོལ་བའོ། །དབང་མོ་དང་། སྲིན་མོ་དང་། ཤ་ཟ་མ་དང་། མོན་གྲུ་མ་དང་། སྐེམ་བྱེད་མ་དང་། གཏོར་ལེན་མ་དང་། བྱ་རོག་གདོང་དང་། འུག་པ་གདོང་དང་། ཁྱི་གདོང་དང་། སྤྱང་མོ་གདོང་དང་། གཅན་གཟན་གདུག་པའི་གཟུགས་འཛིན་མ་དང་། རོ་ལངས་མ་དང་། འབར་མ་དང་། བླ་རྐུན་མ་དང་། མི་བཟད་མ་རྣམས་དབང་དུ་བསྡུས་ཏེ། ཨོཾ་ར་ཏྲི་ཁ་ལ་ཧེ་ཏྲི་ཤ་ཡ་ཤ་མ་གྃ་གྃ་ཧེ་ཕཊ། ཅེས་བརྗོད་ཅིང་ལས་ཀུན་བྱེད་པར་དབང་བསྐུར་ཏེ། དབང་གི་ལས་ཐམས་ཅད་བྱེད་པར་དམ་བཅས་སོ། །དེ་ནས་ཡང་གཏོར་མ་སྦྱིན་པའི་སྔགས་འདི་དག་གསུངས་སོ། །ཨོཾ་རག་ཤྣ་ཀྣི་ནི་མ་མེ་ཤ་ལིཾ་པཱུ་ཛ་ཧོ། དེ་ཡིས་གཏོར་མ་སྦྱིན་པའོ། །ཨོཾ་ཀརྨ་ད་ཤ་ས་མ་ཡ་ནི་བྷྱོ། དེས་ནི་མཁའ་འགྲོ་རྣམས་ལ་ལས་བཅོལ་བའོ། །ཡ་ཏྲ་པ་ནི་ཨིན་ཤྣ་ལྱ་བྷྱེ་ཧ་བྷྱོ། ཨི་དན་སྱཾ་མཾ་བྱ། དམ་སྦྱིན་པའོ། །དེ་ནས་མཁའ་འགྲོ་མ་དེ་དག་སོ་སོ་རང་རང་གི་ལས་དང་འདུལ་སྐལ་ལ་བཀོད་དོ། །དེ་ནས་ཨེ་ཀ་མ་དང་། རལ་པ་མ་དང་། ཁྲག་མདོག་མ་དང་། དེ་རྣམས་ཀྱང་གོང་དུ་བསྟན་པ་དེ་བཞིན་ལས་རྣམས་ཐམས་ཅད་འགྲུབ་པར་བྱེད་པའོ། །དེ་ལྟར་ཇི་ལྟར་བསྒོ་ཞིང་ཀུན་ཀྱང་བྱེད། མཁའ་འགྲོ་མ་རྣམས་ཀྱིས་དབང་གིས་ལས་ཐམས་ཅད་འགྲུབ་པར་བྱེད་པའོ། །གཞན་ཡང་ཕོ་ཉ་དང་། མགོ་བརྙན་དང་། སྤྲུལ་པ་དང་། ཡང་སྤྲུལ་དང་། སུམ་སྤྲུལ་དུ་བྱེད་པས་ལས་བྱེད་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལས་ཀྱི་མཁའ་འགྲོ་མ་ལས་ལ་བསྒོ་བའི་ལེའུ་སྟེ་
ཉིས་བརྒྱ་གསུམ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དབང་ཆེན་ཀུན་འདུས་དེས། མ་རུངས་པའི་དྲེགས་པ་བདུད་དང་སྲིན་པོ་དང་། རཱུ་ཏྲ་མ་རུངས་པ་མ་ཏྲཾ་ཀ །མ་ཏྲང་རཱུ་ཏྲ། ཨ་ཀར་རཱུ་ཏྲ། དྲི་ཟ་དང་། མེ་ལྷ་དང་། གཤིན་རྗེ་དང་། ལངྈ་དང་། གདུག་པ་མ་རུངས་པ་དང་། བསྟན་པ་ལ་གནོད་པ་འཁོར་བའི་རཱུ་ཏྲ་དེ་དག་ཐམས་ཅད་བསྒྲལ། ཕུང་པོ་དུར་ཁྲོད་གཞལ་ཡས་སུ་བྱས་པ། ག་གོ་གདན་དུ་བོར། མ་རུངས་པའི་གནས་བཅོམ། ཤ་ཟོས་ཁྲག་འཐུང་རུས་པ་འཆོས། འཁོར་བའི་འདམ་དུ་བྱིང་བ་དེ་རྣམས་བསྒྲལ་ཀྱང་། ད་དུང་གྱ་གྱུ་དང་། ལྷག་མ་ལ་ཞེན་པ་དེ་དག །ངན་སོང་འཁོར་བའི་གཞི་འཛིན་པ། ལྟ་བ་ལོག་པ་དེ་དག །གནས་ཡང་དག་པར་མཛད་པའི་ཕྱིར། སྦྱང་བ་ཕྲིན་ལས་ཀྱི་གནས་འདི་གསུངས་སོ། །སེམས་ཅན་དེ་དག་ཀུན་གྱི། དུག་གསུམ་སྦྱང་བའི་སླད་དུ། །མ་དད་ཆེན་པོ་ཁྱོད་ལུས་ལ། །དུག་གསུམ་ཞེ་སྡང་མེ་ལྟར་འབར། །མེ་ཡི་སྙིང་པོ་རཾ་ཡིན་ཏེ། །ཡེ་ཤེས་ཆེན་པོའི་མེ་བྱུང་བས། །དྲོད་ཀྱི་ཀུན་རྟོག་དུག་གསུམ་བསྲེག་རཾ། །མ་དད་ཆེན་པོ་ཁྱོད་ལུས་ལ། །དུག་གསུང་ང་རྒྱལ་རླུང་དུ་འཚུབ། །ཡེ་ཤེས་ཆེན་པོའི་རླུང་བྱུང་བས། །དུག་གསུམ་ང་རྒྱལ་འབུད་པར་བྱའོ་ཡཾ། །མ་དད་ཆེན་པོ་ཁྱོད་ལུས་ལ། །དུག་གསུམ་འདོད་ཆགས་ཆུ་ལྟར་འབྲུབ། །ཡེ་ཤེས་ཆེན་པོའི་ཆུ་བྱུང་བས། །དུག་གསུམ་འདོད་ཆགས་བཀྲུ་བར་བྱའོ་ཁཾ། །ངན་སོང་ཕུང་པོ་གསུམ་པོ་ལ། །དཔའ་བོ་འབྲུ་ལྔའི་གནས་བཀོད་པས། །རྒྱུད་ལྔ་འཁོར་བའི་རྒྱུན་ལམ་བཅད། །དེ་དག་རྒྱལ་བའི་སྲས་སུ་བསྐྱེད། །ཀུན་ཏུ་བཟང་པོའི་ངང་ཉིད་ལ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །གཉིས་མེད་དོན་གྱི་ལུས་ལ་དགོད། །སེམས་ནི་མི་ལྡོག་དབྱིངས་སུ་བསྒྲལ། །ཕུང་པོ་རང་གྲོལ་སངས་རྒྱས་རྣམས། །འབྱུང་བའི་ཡུལ་ནི་དེ་བཞིན་ནོ། །ཙིཏྟ་རྒྱལ་བའི་གནས་སུ་སྟེ། །འོག་མིན་བླ་མེད་གནས་མཆོག་ན། །ཡབ་ཡུམ་ཕྱག་རྒྱ་དབྱིངས་རྒྱ་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྡོ་རྗེ་དབྱིངས་ཀྱི་གྲལ་དུ་དགོད། །ཨ་ཨ་ཡཾ་སྥ་ར་ཎ་ཕཊ། བཏབ་པས། ཡབ་ཡུམ་གནས་སུ་རྡོ་རྗེ་སེམས་དཔར་བསྐྱེད། །སེམས་
དཔའ་འཕྲུལ་དགུ་གསལ་བ་ལ། །རྣམ་གསུམ་དབང་ཡང་བསྐུར་བར་བྱ། །དང་པོ་ཆོས་ཀྱི་གཟུགས་བརྙན་ཡིན། །གཉིས་པ་ལྷག་པར་བྱང་ཆུབ་དབང་། །གསུམ་པ་བདུད་རྩི་ཆེན་པོ་ཡིན། །དེ་ལྟར་དབང་བསྐུར་དོན་དུ་བྱ། །གཞན་ཡང་མོས་པ་ཚིག་གིས་བསྟོད། །སྤར་བ་བླ་མེད་པ་ལ་སྟེ། །བསྟོད་པ་འོག་མིན་པ་ལ་བསྟོད། །སྨོན་ལམ་རྫོགས་པ་ཆེན་པོར་གདབ། །ཧཱུཾ། ཕོ་བྲང་པདྨའི་གདན་སྟེང་ན། །དེ་བཞིན་གཤེགས་པའི་ལྷ་རྣམས་ཀྱིས། །སྤར་དང་བསྟོད་པའི་ལས་མཛད་ལ། །ཉོན་མོངས་འཁོར་བ་ཞི་བར་མཛོད། །ཅེས་བསྟོད་དོ། །དེ་ནས་རྒྱུད་དང་ལུང་དག་དང་། །མན་ངག་ལ་སོགས་སྨོན་ལམ་བཏབ། །དེ་ལྟར་དེ་ཡི་བྱིན་རླབས་ཀྱིས། །འབྲས་བུ་མཐོ་རིས་འཐོབ་པའོ། །གསང་བའི་རྫོགས་པའི་ས་ལ་དགོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མ་དད་པ་འཁོར་དང་བཅས་པ་བསྒྲལ་བ་དེ་གནས་བདེ་བ་ལ་དགོད་པ་གསང་བའི་ལེའུ་སྟེ་ཉིས་བརྒྱ་བཞི་པའོ།། །།དེ་ནས་གསང་བའི་ལས་སྦས་པའི་ཐིག་ལེ་ཕ་རོལ་ཕྱིན་པའི་གནས་དམ་པ་ཐོབ་པ། སྤྱོད་པ་བཅུ་གནས་སུ་དག་ནས། གནས་མཆོག་མ་བགྲོད་བདེ་བ་ཐོབ་པའི། ལས་ཀྱི་རྣམ་པ་འདི་རྣམས་གསུངས་སོ། །ལས་ཀྱི་རྒྱལ་དང་ཕྱག་ན་རྡོ་རྗེ་དང་། །པདྨ་སེམས་དཔའ་ཁྱེད་རྣམས་ཉོན། །བྱང་ཆུབ་ལམ་ལ་དགོད་པའི་ཕྱིར། །ཆོས་ཀྱི་སྤྱོད་པ་བཅུ་ཡང་སྤྱོད། །རྣམ་དཀར་དགེ་བ་ལ་འདུན་ཕྱིར། །སྦྱིན་པ་རྣམ་གཉིས་རྟག་ཏུ་ཐོང་། །བརྗོད་དུ་མེད་པའི་དོན་རྟོགས་ཀྱང་། །སྒྲིབ་པ་ས་ལམ་རིམ་པར་སྦྱོང་། །སེམས་ལས་མ་གཏོགས་སངས་རྒྱས་གཞན་མེད་ཀྱང་། །རྟག་ཏུ་སངས་རྒྱས་རྣམས་ལ་མཆོད། །ཀུན་གཞི་ཆོས་ཀྱི་མཛོད་ཡིན་ཡང་། །ཆོས་ཀྱི་སྒོ་དང་རྣམ་གྲངས་ལ། །རིམ་པ་དེ་ལ་སྤྱོད་པར་གྱིས། །གཙང་དང་དམེ་བ་གཉིས་མེད་ཀྱང་། །བྱང་ཆུབ་ཆུ་རྒྱུན་ཁྲུས་རྣམས་ཀྱིས། །སྐྱེ་བ་མེད་པའི་དོན་རྟོགས་ཀྱང་། །སྦྱིན་པ་རྣམ་བཞི་རྟག་ཏུ་ཐོང་། །སངས་རྒྱས་སེམས་ཅན་གཉིས་མེད་ཀྱང་། །རྩོལ་བ་དྲག་པོས་བརྩོན་འགྲུས་སྐྱེད། །ཅེས་གསུངས་སོ། །དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་
ལ་སོགས་ཁྱོད་རྣམས་ཉོན། །ཐེག་པའི་རིམ་པ་བསམ་ཡས་ཀྱང་། །རྟོགས་པའི་དོན་ལ་གཅིག་ལས་མེད། །ཆོས་ཀྱི་འབྲས་བུ་བསམ་ཡས་ཀྱང་། །རྟོགས་ན་བྱང་ཆུབ་སེམས་ལས་མེད། །གནས་ཀྱི་བྱེ་བྲག་བསམ་ཡས་ཀྱང་། །རྟོགས་ན་བགྲོད་མེད་གནས་ལས་མེད། །ཆོས་ཀྱི་སྒོ་མོ་བསམ་ཡས་ཀྱང་། །རྟོགས་ན་འཇུག་སྒོ་གཅིག་ལས་མེད། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །དེ་ལ་རྟག་ཏུ་སྒོམ་པར་གྱིས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཇུག་སྒོ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་ལྔ་པའོ།། །།དེ་ནས་དབང་ཆེན་འདུས་པ་དེས། །པདྨ་སེམས་དཔའ་ལ་སོགས་ཉོན། །ཐམས་ཅད་སེམས་ཉིད་ཡིན་པ་ལ། །བྱང་ཆུབ་སེམས་ཞེས་བཤད་པ་ཡང་། །ཆོས་ཀྱི་སྒོ་མོ་དེ་གསུངས་ཀྱང་། །གཉེན་པོ་ཉིད་དུ་གསུངས་པ་ཡིན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང་། །རྩ་བ་ཉོན་མོངས་ལྔ་རུ་འདུས། །དེ་ལས་རྩ་བ་གསུམ་དུ་འདུས། །ཉོན་མོངས་རྩ་བ་འདོད་ཆགས་ཡིན། །དེ་ཉིད་འདུལ་བའི་གཉེན་པོ་ནི། །འདུལ་བ་ཉི་ཁྲི་ཆིག་སྟོང་ཡིན། །དག་བྱེད་གཉེན་པོ་གཅིག་ལས་མེད། །ཉོན་མོངས་དུག་སྡོང་ཆེན་པོ་ཞེ་སྡང་ཡིན། །དེ་ཡི་འདུལ་བའི་གཉེན་པོ་ནི། །མདོ་སྡེ་ཉི་ཁྲི་ཆིག་སྟོང་ཡིན། །ཅིག་ཅར་གཉེན་པོ་གཅིག་ལས་མེད། །ཉོན་མོངས་དུག་སྡོང་གཏི་མུག་ཡིན། །དེ་ཡི་འདུལ་བའི་གཉེན་པོ་ནི། །མངོན་པ་ཉི་ཁྲི་ཆིག་སྟོང་གསུངས། །སྤྱོད་བྱེད་གཉེན་པོ་གཅིག་ལས་མེད། །དེ་ལྟར་རྟོགས་པས་དེ་དག་ནི། །སྡུག་བསྔལ་ཆོས་ཉིད་ཉིད་དུའོ། །ཉོན་མོངས་ལྔ་ཡང་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་ཡང་དེ་ཉིད་དོན། །ཐམས་ཅད་གཉིས་མེད་དོན་དུ་བཤད། །ཐབས་དང་ཤེས་རབ་གཉིས་མེད་པའོ། །སྐུ་དང་ཐིག་ལེ་གཉིས་མེད་པའོ། །དབྱིངས་དང་ཡེ་ཤེས་གཉིས་མེད་པའོ། །སངས་རྒྱས་སེམས་ཅན་གཉིས་མེད་པའོ། །འདི་དང་ཕ་རོལ་གཉིས་མེད་པའི། །སྐྱེ་དང་འགག་པ་གཉིས་མེད་པའོ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཁོར་རྣམས་ལ་ཆོས་གཉེན་པོ་དང་གཉིས་སུ་མེད་པའི་དོན་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དྲུག་པའོ།། །།དེ་ནས་པདྨ་
ལས་ཀྱི་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། ལས་ཀྱི་རྒྱལ་པོ་རྣམས་ཀྱིས། དབང་གི་རྒྱལ་པོ་ལ་མགྲིན་གཅིག་ཏུ་བསྟོད་དོ། །ཨེ་མ་ཧོ་དབང་གི་རྒྱལ་པོ་ཆེ། །སངས་རྒྱས་ཀུན་གྱི་ཡབ་ཆེན་པོ། །ཐམས་ཅད་ཀུན་བཟང་ཡངས་པའི་གནས། །སངས་རྒྱས་གཙོ་མཆོག་ཁྱོད་ལ་བསྟོད། །ཨེ་མ་ཧོ། བདེ་བར་གཤེགས་པ་མང་པོའི་སྲས། །སངས་རྒྱས་ཀུན་འདུས་ཀུན་མཁྱེན་དཔལ། །ཐམས་ཅད་ཀུན་གྱི་མཛོད་འཛིན་པ། །སྟོན་པའི་སྒྲོན་མ་ཁྱོད་ལ་བསྟོད། །ཨེ་མ་ཧོ་བདེ་གཤེགས་ཐུགས་རྗེ་ཆེ། །ཆོས་ཀྱི་ཆར་ཆེན་འབེབས་མཛད་པ། །ཐམས་ཅད་གནས་སུ་འདྲེན་མཛད་པའི། །སངས་རྒྱས་ཐུགས་རྗེ་གཙོ་ལ་བསྟོད། །ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། །སེམས་ཅན་ཀུན་གྱི་སྐྱབས་མཛད་ཅིང་། །ཕོངས་པ་རྣམས་ཀྱི་རེ་བ་སྐོང་། །ཐུགས་རྗེ་མགོན་སྐྱབས་ཁྱོད་ལ་བསྟོད། །ཨེ་མ་ཧོ་པདྨ་མཛོད་འཛིན་ཅིང་། །ལོངས་སྤྱོད་དོན་དམ་གཏེར་འཛིན་ཅིང་། །དགོས་འདོད་ཐམས་ཅད་སྐོང་མཛད་པ། །ནོར་བུ་རིན་ཆེན་ཁྱོད་ལ་བསྟོད། །ཨེ་མ་ཧོ་ཐུགས་རྗེ་ཆེ་ལྡན་ཅིང་། །མ་རིག་རྨོངས་པའི་མུན་པ་སེལ། །ཐམས་ཅད་ཐུགས་རྗེ་འོད་ཀྱིས་འདྲེན་མཛད་པ། །སྟོན་པའི་སྒྲོན་མ་ཁྱོད་ལ་བསྟོད། །ཨེ་མ་ཧོ་ཐུགས་རྗེ་མགོན་སྐྱབས་ལྡན། །ཐམས་ཅད་ཉེ་བའི་མགོན་སྐྱབས་མཛད། །སྐྱབས་ཆེན་དམ་པ་གདུགས་ཀྱི་མཆོག །ཐུགས་རྗེའི་མགོན་སྐྱབས་ཁྱོད་ལ་བསྟོད། །ཨེ་མ་ཧོ་འདོད་ཆགས་ཆགས་པ་ཆེ། །ཆགས་པས་ཆགས་པའི་ནད་རྣམས་སེལ། །ཆགས་པ་དག་པ་ཡེ་ཤེས་མཆོག །དག་པའི་གཙོ་མཆོག་ཁྱོད་ལ་བསྟོད། །ཨེ་མ་ཧོ་སངས་རྒྱས་སྟོན་པའི་མཆོག །མ་རིག་ནད་ཀྱིས་ཟིན་པ་ལ། །དམ་ཆོས་བདུད་རྩིས་འཚོ་བྱེད་པ། །སྨན་གྱི་རྒྱལ་པོ་ཁྱོད་ལ་བསྟོད། །སངས་རྒྱས་སྟོན་པ་ཐུགས་རྗེའི་བདག །བྱམས་མགོན་ཐུགས་རྗེ་ལྡན་པའི་མཆོག །ཐམས་ཅད་ལམ་གནས་བདེར་འགོད་པ། །བྱམས་མགོན་ཐུགས་རྗེའི་བདག་
ལ་བསྟོད། །ཅེས་མགྲིན་གཅིག་ཏུ་བསྟོད་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཁོར་རྣམས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་གསུངས་པ་ལ་ཡི་རངས་ནས་བསྟོད་པའི་ལེའུ་སྟེ་ཉིས་བརྒྱ་བདུན་པའོ།། །།དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་དང་། ལས་ཀྱི་རྒྱལ་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་ཁྱེད་རྣམས་ཀྱིས། ངའི་རྒྱུད་འདི་ཟུང་ཞིག །འཆོངས་ཤིག །ལྷོགས་ཤིག །ཁ་ཏོན་དུ་གྱིས་ཤིག །ཐུབ་པར་གྱིས་ཤིག །དར་ཞིང་རྒྱས་པར་གྱིས་ཤིག །ཡོངས་སུ་སྒྲོགས་ཤིག །ཤོད་ཅིག །སྟོན་ཅིག །རྒྱུད་འདི་བདུད་རྩི་དམ་པ་ཡིན་ནོ། །འདི་ནི་དངོས་གྲུབ་དམ་པ་ཡིན་ནོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རྒྱུད་ནི་ཐབས་དང་ཤེས་རབ་དང་། དབྱིངས་དང་ཡེ་ཤེས་ཕ་རོལ་ཕྱིན་པའི་གདེང་འདི་བཟུང་བས་མཆོག་ཏུ་གྱུར་པས་རྟ་མཆོག་རོལ་པའི་རྒྱུད་ཅེས་བྱ་བར་ཟུང་ཞིག །འདི་ལས་དགོས་པ་ཐམས་ཅད་འབྱུང་བས། ནོར་བུ་རིན་པོ་ཆེའི་རྒྱུད་ཅེས་བྱ་བར་ཟུང་ཞིག །རྟོག་པ་ཐམས་ཅད་སེལ་བར་བྱེད་པས། རྟོག་པ་སེལ་བའི་རྒྱུད་ཅེས་བྱ་བར་ཟུང་ཞིག །ཐམས་ཅད་སྒྲོལ་བར་བྱེད་པས། སྒྲོལ་བྱེད་ཆེན་པོའི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །ཅེས་གདམས་སོ། །དེ་ནས་པདྨ་ལས་ཀྱི་སེམས་དཔའ་དང་། ལས་ཀྱི་རྒྱལ་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་པར་གྱུར་ནས། མིག་མི་འཛུམ་པར་བལྟས་ཏེ་གནས་པའོ། །དེ་ནས་འཁོར་དེ་རྣམས་རང་རང་གི་ས་ལ་འཁོད་དོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། རྒྱུད་ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་སྟེ་ཉིས་བརྒྱ་བརྒྱད་པའོ།། །།རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་རྫོགས་སོ།། །།རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་བའི་ལོཙྪ་བ་ནི། རཀྵྀ་སིདྡྷི་དང་། ལྕེ་ཀུ་ཀུ་རཱ་ཛས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།