ལེའུ་དང་པོའི་རྣམ་པར་བཤད་པ།
རྒྱ་གར་སྐད་དུ། ཌཱ་ཀི་ནཱི་བཛྲ་ཛཱ་ལི་པཉྫ་ཏནྟྲ་རཱ་ཛ་སྱ་ཏཏྟྭ་པཽཥྚཱི་ཀ་པཉྫི་ཀཱ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རླབས་ཚོགས་
གཡོ་བའི་མཚོ་ཡི་ཆུ་ནི་ཆུ་སྐྱེས་དམར་པོའི་སྟེང་གནས་ངང་པ་ཡི། །ཕྲེང་བས་བརྒྱན་ལྟར་གང་གི་ཕྱག་རྣམས་ཐོད་པའི་ཕྲེང་བས་ཤིན་ཏུ་མཛེས་བྱས་ལ། །འཕྲལ་གྱི་ཆར་སྤྲིན་ལྟ་བུར་སྔོ་ཞིང་ལྕུག་མའི་ནགས་བཞིན་བཅུ་དྲུག་ཕྱག་གིས་གནས། མཆེ་བ་དང་བཅས་ཞལ་དང་སྐུ་རུ་ལྡན་པའི་གར་མཛད་དེ་ལ་རབ་འདུད་ཅིང༌། །ཟབ་ཅིང་ཤིན་ཏུ་གཏིང་དཔག་དཀའ་ལ་དོན་དམ་རིན་པོ་ཆེ་ཡི་གནས་སུ་གྱུར་པ་ཡི། །དམ་པའི་ཆོས་ཀྱི་གཞུང་ལུགས་རྟོགས་པར་ནུས་པའི་རྣམ་དག་བློ་དང་ལྡན་པ་གང༌། །བཤེས་གཉེན་དམ་པའི་ཞབས་ཀྱི་པདྨར་གུས་ཕྱག་འཚལ་ཏེ་ཡང་དག་རིམ་པ་ལས། །དེ་ཁོ་ན་ཉིད་དྲན་པར་བྱ་ཕྱིར་དེ་ཉིད་རབ་གསལ་དཀའ་འགྲེལ་བྲི་བར་བྱ། །མཁའ་དང་ཞེས་བྱ་བ་ལ་སོགས་པ་ལ། མཁའ་ཞེས་བྱ་བ་ནི་པདྨའི་རང་བཞིན་ཏེ། རིག་པ་བཞིའི་ཆོས་འབྱུང་བའི་ཕྱག་རྒྱ་ཁ་དོག་དཀར་པོ་གྲུ་གསུམ་པ་སྨད་ཞུམ་ཞིང་སྟོད་ཡངས་པ་སྣ་ཚོགས་རྡོ་རྗེ་དང་པདྨས་ནང་མཚན་པའོ། །བེམས་པོ་ཞེས་བྱ་བ་ནི་སའི་དཀྱིལ་འཁོར་ཏེ། ཁ་དོག་སེར་པོ་གྲུ་བཞི་ལ་གར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལཾ་ལས་བྱུང་བའོ། །དང་བ་ཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་ཏེ་ཁ་དོག་དཀར་ལ་ཟླུམ་པ་བུམ་པས་མཚན་པ་བཾ་ལས་བྱུང་བའོ། །གོ་སྐབས་མེད་ཅེས་བྱ་བ་ནི་ཁྱད་པར་རྒྱུ་ཞིང་སྐབས་མེད་པས་ན་རླུང་གི་དཀྱིལ་འཁོར་ཏེ། ཁ་དོག་དུད་ཀ་གཞུ་ལྟ་བུ་ལ་རྒྱལ་མཚན་གྱིས་མཚན་པ་ཡཾ་ལས་བྱུང་བའོ། །གསལ་བ་ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་འོད་འབར་བའི་ངོ་བོ་ཉིད་ཀྱི་ཕྱིར་མེད་དཀྱིལ་འཁོར་ཏེ། ཁ་དོག་དམར་པོ་གྲུ་གསུམ་འབར་བས་མཚན་པ་རཾ་ལས་བྱུང་བའོ། །སྣ་ཚོགས་ཞེས་བྱ་བ་ནི་དཀྱིལ་འཁོར་བཞིའི་འོག་ན་གནས་པའི་སྣ་ཚོགས་པདྨའོ། །རྡོ་རྗེ་གཞི་ཞེས་བྱ་བ་ནི་རྡོ་རྗེའི་མཆོག་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་སྣ་ཚོགས་རྡོ་རྗེའོ། །གནས་ཁང་ཞེས་བྱ་བ་ནི་ཁང་བུ་བརྩེགས་པ་སྟེ། བྷྲཱུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྦུའི་བུ་ག་ནས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་འབྱུང་བ་ཆེན་པོ་བཞི་ཞུ་བ་ལས་གྱུར་པའོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་དེ་ཉིད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་འཕྲོ་བས་ཡོངས་སུ་གང་བའི་ཕྱིར་རོ། །ཡང་དེ་ཉིད་ནི་ཡིད་དུ་འོང་བ་
ཞེས་ཀྱང་བྱ་སྟེ་ཤིན་ཏུ་བཟང་ཞིང་གསལ་བའི་རིན་པོ་ཆེ་རྣམས་ལས་བསྒྲུབས་པའི་ཕྱིར་རོ། །ཡང་ན་དེ་ཉིད་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་ཡོངས་སུ་གང་བས་ན་ཡིད་འོང་བའོ། །དེ་དག་གིས་ནི་འདི་སྐད་དུ་ཆོས་འབྱུང་བའི་ནང་དུ་སོན་པའི་སྣ་ཚོགས་རྡོ་རྗེ་དང་པདྨ་ལ་གནས་པ་ཁང་བུ་བརྩེགས་པ་བསྒོམ་པར་བསྟན་པའམ། གཞལ་ཡས་ཁང་ལྔའི་ནང་ངོ༌། །ཁ་ཅིག་ནི་འོག་ནས་འབྱུང་བའི་རྒྱུད་ཀྱི་རིམ་པས་བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་བྱེད་དོ་ཞེས་ཟེར་རོ། །མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པའི་བདག་མེད་མའོ། །བེམས་པོ་ཞེས་བྱ་བ་ནི་སའི་ཁམས་ཀྱི་རང་བཞིན་པུཀྐ་སཱིའོ། །དང་བཞེས་བྱ་བ་ནི་ཆུའི་ཁམས་ཀྱི་རང་བཞིན་ས་བ་རཱིའོ། །གོ་སྐབས་མེད་ཅེས་བྱ་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་ཌོམྦི་ནཱིའོ། །གསལ་བ་ཞེས་བྱ་བ་ནི་མེའི་ཁམས་ཀྱི་རང་བཞིན་ཙཎྜ་ལཱིའོ། །སྣ་ཚོགས་ཞེས་བྱ་བ་ནི་ལུས་དང་ལོངས་སྤྱོད་གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། གཟུགས་ཀྱི་རང་བཞིན་རྡོ་རྗེ་མའོ། །རྡོ་རྗེའི་གཞི་ཞེས་བྱ་བ་ནི། རྡོ་རྗེ་རྣམས་ཀྱི་རྟེན་ཏེ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཚོར་བའི་རང་བཞིན་ནང་གི་གཽ་རཱི་མའོ། །གནས་ཁང་ཞེས་བྱ་བ་ནི་གཟུང་བ་གཟུགས་ལ་སོགས་པའི་རང་བཞིན་གྱི་གཉེན་པོ་རྣམ་པར་རྟོག་པ་ཐམས་ཅད་ཐིམ་པར་གྱུར་པའི་སོ་སོར་རྟོག་པའི་ཡེ་ཤེས་དང༌། འདུ་ཤེས་ཀྱི་རང་བཞིན་བ་རཱི་ཌཱ་ཀི་ཅཱིའོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་གདུལ་བྱའི་སེམས་ཅན་གྱི་ཁམས་སྣ་ཚོགས་འདུལ་བར་བྱེད་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། འདུ་བྱེད་ཀྱི་རང་བཞིན་བཛྲ་ཌཱ་ཀི་ནཱིའོ། །ཡིད་འོང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིད་དུ་འོང་ཞིང་འགུགས་པར་བྱེད་པ་སྟེ། དད་པ་དང་གཟུགས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གཽ་རཱི་མའོ། །སེམས་ཅན་ཞེས་བྱ་བ་དེ་དག་འཇུག་པ་སྟེ། བརྩོན་འགྲུས་དང་སྒྲའི་སྐྱེ་མཆེད་ཀྱི་རང་བཞིན་ཙཽ་རཱིའོ། །སྣོད་ཅེས་བྱ་བ་ནི་གནས་སུ་བསྐྱེད་ཅིང་འཆིང་བ་སྟེ། དྲན་པ་དང༌། དྲིའི་སྐྱེ་མཆེད་ཀྱི་རང་བཞིན་བེ་ཏཱ་ལཱིའོ། །འཇིག་རྟེན་ཞེས་བྱ་བ་ནི་དོན་སྣ་
ཚོགས་ལ་ལྟ་ཞིང་མཉེས་པར་བྱེད་པ་སྟེ། ཏིང་ངེ་འཛིན་དང༌། རོའི་སྐྱེ་མཆེད་ཀྱི་རང་བཞིན་གྷསྨ་རཱིའོ། །ས་འོག་ས་སྟེངས་ས་བླ་ཞེས་བྱ་བ་ལ། ས་འོག་ནི་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ས་འོག་ན་རྒྱུ་བའོ། །ས་སྟེངས་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ཏེ། སླར་ཡང་བདག་མེད་མ་ཉིད་དེ་བསྟན་པའོ། །ས་བླ་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་མཁའ་ལ་རྒྱུ་མའོ། །ར་བ་ཞེས་བྱ་བ་ནི་ལོགས་སུ་རྒྱུ་བ་མ་ཡིན་གྱི་སྟེང་དང་འོག་ཏུ་འགྲོ་བ་ཞེས་བྱ་བའི་བར་དུའོ། །དེས་ནི་བདག་མེད་མའི་འཁོར་ལོ་བསྟན་ཏོ། །ཡང་གོང་དུ་ཐལ་བའི་འཕྲོ་བཤད་པར་བྱ་སྟེ། སེམས་ཅན་སྣོད་ཀྱི་འཇིག་རྟེན་དང༌། །ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་འགྱུར་བ་སྟེ། དེ་ལ་སྣོད་ཅེས་བྱ་བ་ནི་གནས་སུ་སྣང་བ་ཡོངས་སུ་གྱུར་པའི་ཁང་བུ་བརྩེགས་པ་སྔར་བཤད་པ་ཉིད་དོ། །སེམས་ཅན་འཇིག་རྟེན་ཞེས་བྱ་བ་ནི་རྟག་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལུས་དང་ལོངས་སྤྱོད་དུ་སྣང་བ་གནས་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ས་འོག་ས་སྟེངས་ས་བླ་དང༌། །ཞེས་བྱ་བ་ནི་སྐམ་པ་མ་སྟེ། ས་འོག་དང་ས་སྟེངས་ས་བླ་ན་གནས་པའི་འདུག་པ་རྣམས་ཀྱི་མགྲིན་པ་འདོན་པའི་ཕྱིར་རོ། །བར་དང་ཞེས་བྱ་བ་ནི་ཞགས་པ་མ་སྟེ། གདུག་པ་རྣམས་བཙལ་ནས་ནང་དུ་འཆིང་བར་བྱེད་པའི་ཕྱིར་རོ། །ཡིད་ཅེས་བྱ་བ་ནི་འཚོད་པ་མ་སྟེ། གདུག་པ་རྣམས་བཙལ་ནས་འཇིག་རྟེན་དག་པའི་ཡིད་ཀྱི་ཡང་དག་པའི་དྲ་བས་བསྡམས་པའི་ཕྱིར་རོ། །ལུས་ཞེས་བྱ་བ་ནི་ལྕགས་ཀྱུ་མ་སྟེ། གདུག་པའི་ལུས་ཕུག་ནས་འགུགས་པའི་ཕྱིར་རོ། །ངག་ཅེས་བྱ་བ་མེ་ཏོག་མ་སྟེ། བྱང་ཆུབ་ཀྱི་ཡན་ལག་ལ་དམ་པའི་མེ་ཏོག་གི་ཟ་མ་ཏོག་འབུལ་བའི་གསུང་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མེ་ཏོག་མའོ། །གཅིག་ཅེས་བྱ་བ་ནི་བདུག་སྤོས་མ་སྟེ། ཆོས་ཐམས་ཅད་ཟག་པ་མེད་པའི་བདུག་པས་གཅིག་ཏུ་སློན་པ་ཕྱིར་རོ། །གཉིས་ཞེས་བྱ་བ་ནི་མར་མེ་མ་སྟེ། སྙིང་རྗེའི་སྣུམ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྒྲོན་མེས་གཉིས་ཀྱི་རབ་རིབ་བཟློག་ནས་སངས་རྒྱས་ཀྱི་ཡོན་ཏན་སྣང་བར་བྱེད་པའི་ཕྱིར་རོ། །མཁའ་བདེ་ཞེས་བྱ་བ་ནི་བྱུག་པ་མ་སྟེ། ནམ་མཁའ་མ་ལུས་པར་རྒྱས་པའི་བླ་ན་མེད་པའི་དབྱིངས་
ཀྱི་དྲི་ལ་དགའ་ཞིང་གྲགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྟག་པའི་དཀྱིལ་འཁོར་པ་རྣམས་སོ། །དྲུག་དང་ལྔ་དང་ཞེས་བྱ་བ་ནི། རྡོ་རྗེ་ཉི་མ་སྟེ། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དྲུག་དང༌། སྒྲིབ་པ་ལྔའི་གཉེན་པོ་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དྲུག་གཉིས་ཞེས་བྱ་བ་ནི་ལག་ན་ཉི་མ་མ་སྟེ། ཉི་མ་བཅུ་གཉིས་བསྡུས་པའི་སྣང་བས་མ་རིག་པའི་མུན་ནག་བཟློག་པའི་ཕྱིར་རོ། །བཞི་ཞེས་བྱ་བ་ནི་མར་མེ་སྟེ་རྣལ་འབྱོར་བཞིའི་ཡེ་ཤེས་ཀྱི་སྣང་བས་རྣམ་པར་རྟོག་པའི་རབ་རིབ་སེལ་བར་བྱེད་པའི་ཕྱིར་རོ། །འགྲོ་བ་རྣམས་ཞེས་བྱ་བ་ནི་རིན་ཆེན་སྒྲོན་མ་སྟེ། འགྲོ་བ་རྣམས་ཀྱི་མུན་པའི་དྲ་བ་འཇོམས་པར་བྱེད་པའི་ཕྱིར་རོ། །ཉི་ཤུར་གཅིག་གིས་མ་ཚང་བ། །ཞེས་བྱ་བ་ནི་ལག་ན་གློག་འཛིན་མ་སྟེ། ཁམས་བཅོ་བརྒྱད་དང་གང་ཟག་ཏུ་འཛིན་པ་སྟེ། རྣམ་པར་རྟོག་པ་བཅུ་དགུའི་ཆུ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བས་སེལ་བར་བྱེད་པའི་ཕྱིར་རོ། །ཁམས་གསུམ་པོ་ནི་མ་ལུས་དང༌། །ཞེས་བྱ་བ་ནི་སྒེག་མོ་སྟེ། ཁམས་གསུམ་མ་ལུས་པ་ཐམས་ཅད་ལ་ཕ་རོལ་པར་སྟོན་པའི་ཕྱིར་རོ། །ཕ་ཞེས་བྱ་བ་ནི་ཕྲེང་བ་མ་སྟེ། ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་བཅིང་བ་ལས་སྒྲོལ་བའི་ཕྱིར་དང༌། དོན་དམ་པའི་རིན་པོ་ཆེ་ལ་རོལ་ཅིང་འཛིན་པའི་ཕྱིར་རོ། །བུ་ག་ཞེས་བྱ་བ་ནི་གླུ་མཁན་མ་སྟེ། ཐར་པའི་གྲོང་ཁྱེར་དུ་འཇུག་པར་མཛད་ཅིང༌། བླ་ན་མེད་པའི་ཆོས་སྟོན་པའི་དབྱངས་ཀྱིས་སྐྱོབ་པའི་ཕྱིར་རོ། །མ་ཞེས་བྱ་བ་ནི་གར་མཁན་མ་སྟེ། གར་གྱི་ཕྱག་རྒྱ་སྐྱོང་བས་བདུད་ཀྱི་རྒྱ་མཚོ་ལས་གྲོལ་བའི་ཕྱིར་རོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་པ་རྣམས་སོ། །ཕྱི་རོལ་དོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་སྟེ། གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པས་བཅིངས་ཤིང་མནན་ནས་དོན་རྣམས་ལ་གཟིགས་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ནང་དང་ཞེས་བྱ་བ་ནི་ལག་ན་པདྨ་སྟེ། སྙིང་རྗེ་ཆེན་པོའི་འདོད་ཆགས་ཆེན་པོས་ནང་ཞེས་བྱ་བ་པདྨའི་བདག་ཉིད་སྟོན་པའི་ཕྱིར་རོ། །བཙུན་མོ་ཀུན་གྱི་ཆོས་དང་ནི། །ཞེས་བྱ་བ་ནི་ལག་ན་ཆོས་འབྱུང་མ་སྟེ། བདེ་བ་ཆེན་པོ་སྤེལ་བར་བྱ་བའི་ཕྱིར་ཆོས་འབྱུང་བ་བསྣམས་པའོ། །ལས་
རྣམས་ཐམས་ཅད་ཅེས་བྱ་བ་ནི་ལག་ན་ལྕགས་སྒྲོག་མ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱམས་པས་འཆིང་བའི་ལས་བྱེད་པའི་ཕྱིར་རོ། །བདག་མེད་མ་ཞེས་བྱ་བ་ནི་ཀུན་དུ་འཁྱུད་མ་སྟེ། བདེ་བ་ཆེན་པོ་ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང༌། སངས་རྒྱས་རྣམས་རྗེས་སུ་ཆགས་པས་འཆིང་བའི་ཕྱིར་བདག་ལ་ཀུན་དུ་འཁྱུད་པར་སྟོན་པའི་ཕྱིར་རོ། །འབྲས་བུ་ཞེས་བྱ་བ་ནི་གླིང་བུ་མ་སྟེ། བུ་ག་དང་ལྡན་པའི་གླིང་བུ་འབུད་པའི་ཕྱག་རྒྱས་ཆོས་རྣམས་སྟོང་པ་ཉིད་དུ་དྲལ་ཏེ། སྟོན་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་པི་ཝང་མ་སྟེ། སྐྱེ་བ་དང་འགག་པ་ལ་སོགས་པའི་སྒྲས་འདོད་ཆགས་ལ་སོགས་པ་བསལ་ཞིང་དོར་བར་བྱ་བ་ཉིད་དུ་སྟོན་པའི་ཕྱིར་རོ། །བྱ་བར་གྲགས་ཞེས་བྱ་བ་ནི་རྫ་རྔ་མ་སྟེ། རྫ་རྔའི་ཁ་ཅིག་ལ་བརྡུང་བའི་ཚུལ་གྱིས་བདག་མེད་པའི་བྱང་ཆུབ་ཏུ་བྱ་བ་སྟོན་པའི་ཕྱིར་རོ། །བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྔ་ཆེན་མ་སྟེ། མགྲིན་པར་བཏགས་ནས་ལག་པ་གཉིས་བརྡུང་བའི་ཚུལ་གྱིས་རྒྱུ་དང་བཅས་པའི་སྐུ་གསུམ་སྟོན་པའི་ཕྱིར་རོ། །པདྨ་གར་གྱི་དབང་ཕྱུག་པའི་དཀྱིལ་འཁོར་པ་རྣམས་སོ། །འདི་ལྟར་ཀུན་གཞི་རྣམ་ཤེས་འགྱུར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་རྟ་མཆོག་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལྟར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་སྐུ་སྣ་ཚོགས་སྤྲུལ་ཞིང་རྣམ་པར་རྟོག་པ་བཅོམ་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་ལྕགས་མ་སྟེ། ཟག་པ་མེད་པའི་དབྱིངས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྲུང་བར་བྱེད་པའི་ཕྱིར་རོ། །མ་བྱུང་དང་ཞེས་བྱ་བ་ནི་ལྡེ་ཀྱོག་འཛིན་མ་སྟེ། ཡེ་ཤེས་བཟུང་ནས་དེའི་སྒོ་བཅད་པས་ཉོན་མོངས་པ་ལ་སོགས་པའི་རྟོག་པ་འཇུག་པར་མི་བྱེད་པའི་ཕྱིར་རོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་གླེགས་མ་སྟེ། སེམས་ཅན་གྱི་ཁམས་ལྟར་ཡེ་ཤེས་སྐྱེས་པ་མི་འདོར་བ་དང་ཉེས་པ་རྣམས་ཀྱི་སྐབས་མི་འབྱེད་པས་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་རྡོ་རྗེ་ཡོལ་བ་མ་སྟེ། རང་གི་འོད་ཀྱི་བཙུན་མོ་རབ་ཏུ་བསྲུང་བའི་ཕྱིར་ནམ་མཁའི་དབྱིངས་སུ་ཁྱབ་པའི་ཡོལ་བ་འཛིན་པའི་ཕྱིར་རོ། །བདག་མེད་ཅེས་བྱ་བ་ནི་སངས་རྒྱས་
སྤྱན་མ་སྟེ། སངས་རྒྱས་ཐམས་ཅད་སེམས་ཅན་གྱི་བདག་ཉིད་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཡིན་པའི་ཕྱིར་རོ། །བདག་ཉིད་ཐ་སྙད་ཅེས་བྱ་བ་ནི་མཱ་མ་ཀཱི་སྟེ། གཉིས་པོ་རྣམ་པར་སྤྱོད་ན། གཉིས་མེད་པ་ནི་ཐ་སྙད་ཡིན་ལ། དེ་འདི་ལ་ཡོད་པས་ན་བདག་གི་ཐ་སྙད་ཅན་ཏེ། དེ་གཉིས་པའི་ཆོས་ཡིན་པའི་ཕྱིར་རོ། །དངོས་དང་བྲལ་བ་ཞེས་བྱ་བ་ནི་གོས་དཀར་མོ་སྟེ། གཉིས་ཀྱི་དངོས་པོ་རྣམས་སྟོང་པ་ཉིད་ཀྱི་རྣམ་པར་དཔྱད་ནས་རྟོག་པ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དངོས་མེད་པ་ཞེས་བྱ་བ་ནི་སྒྲོལ་མ་སྟེ། སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་ཆོས་སྟོན་པ་འགྲོ་ཞིང་སྒྲིབ་པའི་དངོས་པོ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྟ་མཆོག་གི་དཀྱིལ་འཁོར་པ་རྣམས་སོ། །བདེ་བ་ཅན་ཞེས་བྱ་བ་ནི་གཽ་རཱི་སྟེ། བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ལ། དེ་དད་པས་སྲུང་ཞིང་འགུགས་པར་བྱེད་པའི་ཕྱིར་རོ། །གྲུ་གསུམ་ལ་ཞེས་བྱ་བ་ནི་ཙཽ་རཱི་སྟེ། དེ་ལ་ཁ་ཅིག་ན་རེ་ཁམས་གསུམ་ཟིལ་གྱིས་གནོན་པའི་གཟུགས་སྟོན་པར་བྱེད་པ་ཞེས་ཟེར་རོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་གྲུ་ནི་གཉིས་སུ་ངེས་པ་ཡིན་ལ། གྲུ་གཅིག་ཏུ་ངེས་པ་ཡིན་ན་ནི། དེ་ལ་གོམས་པར་འཛིན་པའི་ཕྱིར་རོ། །ཡང་ན་བརྩོན་འགྲུས་ཀྱི་ལུས་ལ་སོགས་པ་ལ་སྐུ་ལ་སོགས་པ་འཛུད་པའི་ཕྱིར་རོ། །རྡུལ་མེད་ཅེས་བྱ་བ་ནི་དྲན་པའི་རང་བཞིན་ནི་རོ་ལངས་མ་སྟེ། རྡུལ་ནི་དམ་ཚིག་དང་ཡེ་ཤེས་ཀྱི་རྟོག་པ་ཡིན་ལ། གཉིས་པོ་སྟོང་པ་ཉིད་ཀྱི་དྲངས་ལྕགས་སྒྲོག་གིས་གཅིག་ཏུ་བྱེད་པའི་ཕྱིར་རོ། །སྐྱོན་བྲལ་ཞེས་བྱ་བ་ནི་གྷསྨ་རཱི་སྟེ། རྡོ་རྗེ་དྲིལ་བུའི་སྒྲས་འབེབས་པར་བྱེད་ཅིང་ཏིང་ངེ་འཛིན་གྱིས་རང་བཞིན་གྱིས་རྣམ་པར་གཡེང་བའི་སྐྱོན་ཐམས་ཅད་བསལ་བའི་ཕྱིར་རོ། །རྡུལ་བྲལ་ཞེས་བྱ་བ་ནི་པུཀྐ་སཱི་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། སྙིང་རྗེས་སེར་སྣ་དང༌། སྡང་བའི་ཉེས་པ་བསལ་བའི་ཕྱིར་ཏེ། ས་དང་པོ་རབ་ཏུ་དགའ་བ་དང༌། སའི་ཁམས་ཀྱི་རང་བཞིན་ནོ། །སྡིག་བཅོམ་ཞེས་བྱ་བ་ནི་ས་བ་རཱི་སྟེ། ཚུལ་ཁྲིམས་དང་བྱམས་པས་ཚུལ་ཁྲིམས་འཆལ་བ་དང༌། མི་བརྩེ་བའི་སྡིག་པ་བཅོམ་པའི་ཕྱིར་ཏེ།
ས་དྲི་མ་མེད་པ་དང༌། ཆུའི་ཁམས་ཀྱི་རང་བཞིན་ནོ། །ཁྲོ་གཉེར་མེད་པ་ཞེས་བྱ་བ་ནི་ཙཎྜ་ལཱི་སྟེ། དགའ་བ་དང༌། བཟོད་པས་རྨོངས་ཤིང་ཞུམ་པ་དང༌། ཁྲོ་བའི་གཉེར་མ་གསལ་བའི་ཕྱིར་ཏེ། ས་འོད་བྱེད་མ་དང༌། མེའི་ཁམས་ཀྱི་རང་བཞིན་ནོ། །མཉམ་གཞག་པ་ཞེས་བྱ་བ་ནི་ཌོམྦི་ནཱི་སྟེ། བཏང་སྙོམས་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྙོམ་ལས་དང་རྣམ་པར་གཡེང་བ་བཅོམ་པའི་ཕྱིར་ཏེ། ས་འོད་འཕྲོ་བ་ཅན་དང་མངོན་པར་འདུ་བྱེད་པ་མེད་པའི་རང་བཞིན་ནོ། །ནང་གི་བདེ་བ་མཆོག་རིག་པ། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་སྟེ། ནང་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་རྣམས་ཡིན་ལ་དེའི་བདེ་བ་ནི་རབ་ཏུ་ཞི་ཞིང་མི་འགྱུར་བར་དབང་དུ་གྱུར་པའོ། །མཆོག་ནི་མཛེས་ཤིང་ཡིད་དུ་འོང་བ་སྟེ། དེ་རིག་པའི་ངང་ཚུལ་འདི་ལ་ཡོད་པས་ན་ནང་གི་བདེ་བ་མཆོག་རིག་པའོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་པ་རྣམས་སོ། །འཁོར་ལོས་སྒྱུར་བ་ལྔ་པོ་དེ་དག་ཉིད་སླར་ཡང་བསྟན་པའི་ཕྱིར་གསང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསང་བ་ཞེས་བྱ་བ་ནི་དབེན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྣ་ཚོགས་འདི་དག་ཉིད་ཀྱི་སྟོང་པ་ལས་བྱུང་བའི་ཕྱིར་གསང་བའམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྟོག་པ་བོར་ཞིང་བཏང་བས་གསང་བ་སྟེ། དེ་ལ་གནས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་དུ་ཧེ་རུ་ཀ་སྟེ། དེའི་གནས་པ་ཡང་དེ་སྐད་ཅེས་བྱའོ། །མཆོག་ཅེས་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཞལ་ཞིང་ཡོངས་སུ་བཅད་ནས་ངེས་པར་བྱས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ནི་པདྨ་གར་གྱི་དབང་ཕྱུག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་མཉམ་ཉིད་དུ་རོལ་ཅིང་རྟོགས་པའི་ཕྱིར་དེ་ཉིད་ནི་རྡོ་རྗེ་ཉི་མ་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་རྟ་མཆོག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །དེ་རྣམས་ཀུན་ཀྱང་བདུན་པའི་དོན་གྱི་མཐའ་
ཅན་བསྒྱུར་བར་བྱས་ལ། དང་པོའི་མཐའ་ཅན་དུ་རྟོགས་པར་བྱའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་སྐུ་གསུམ་གྱིས་མི་གཡོ་བར་བཞུགས་པ་སྟེ། ཆོས་ཀྱི་སྐུའི་རང་བཞིན་གྱིས་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉམས་པ་མེད་པར་བཞུགས་པས་རྟག་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པས་རྟག་པའོ། །སངས་རྒྱས་དངོས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དང་གནས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རྟག་པ་སྟེ་དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། ཤེས་བྱའི་རང་བཞིན་གྱིས་སོ། །འདི་ནི་ཞེས་བྱ་བ་ནི་འདི་ལ་སྟེ། རྟག་ཏུ་ད་ལྟར་བྱུང་བས་སོ། །རང་བྱུང་ཞེས་བྱ་བ་ནི་དོན་དམ་པར་རྒྱུ་ལ་སོགས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་བྷ་ག་ནི། དབང་ཕྱུག་ལ་སོགས་པ་དྲུག་སྟེ། དེ་འདི་ལ་ཡོད་པས་ན་བཅོམ་ལྡན་འདས་སོ། །དེ་སྐད་དུ་ཡང༌། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་འདི་དག་བཅོམ་པར་བཤད། །ཅེས་སོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་མེད་པ་སྟེ། ཆོས་ཀྱི་སྐུའི་ཚུལ་གྱིས་སོ། །ལྷག་པའི་ལྷ་ཞེས་བྱ་བ་ནི་ལྷག་པར་གྱུར་པའི་ལྷ་སྟེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ཚུལ་གྱིས་སོ། །འབུམ་ཕྲག་ལྔ་པོ་ཧེ་བཛྲ་ཞེས་བྱ་བ་ནི་སྔར་བཤད་པའི་རྒྱུད་རྒྱས་པའོ། །དཀྱིལ་འཁོར་ལྔ་པ་ཞེས་བྱ་བ་ནི་འབུམ་ཕྲག་ལྔ་མདོར་བསྡུས་པའི་རྒྱུད་ཀྱི་དཀྱིལ་འཁོར་ལྔ་པོ་གཙོ་བོར་གྱུར་པས་མཁའ་འགྲོ་མ་རྡོ་རྗེ་དྲ་བ་ཞེས་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ལ་རྒྱུད་འདིར་མ་སྨོས་ཏེ། རྒྱུད་རྒྱས་པ་ལ་ལྟོས་པའི་ཕྱིར་རོ། །སྙིང་གར་གཡོན་བཅངས་སྡིགས་མཛུབ་སྟེ། །སྣ་ཚོགས་ཁ་དེག་ཆེར་འབར་མའོ། །ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་སྟེ། ཁ་དོག་དེ་དག་ཀྱང་བསྡུས་པའི་དཀྱིལ་འཁོར་ལས་སྟོན་པར་འགྱུར་རོ། །ཤིན་ཏུ་གཏི་མུག་ཆེ་ཞེས་བྱ་བ་ལ་གཏི་མུག་ནི་བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ལ།
དེ་ཤིན་ཏུ་གནོན་པས་ཤིན་ཏུ་སྟེ། སེམས་ཙམ་གྱི་མཚན་ཉིད་ཟག་པ་མེད་པའི་དབྱིངས་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཉིད་ཀྱི་གཏི་མུག་དེ་གནོན་པའི་ཕྱིར་ཆེན་པོ་ཡིན་ནོ། །ཤིན་ཏུ་གཟི་བརྗིད་ཆེ་ཞེས་བྱ་བ་ལ། གཟི་བརྗིད་ནི་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དྲུག་གོ །དེ་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གནོན་པས་ན་ཤིན་ཏུ་གཟི་བརྗིད་དེ་དེ་ཉིད་ཀྱི་ཕྱིར་གཟི་བརྗིད་ཆེན་པོའོ། །ཤིན་ཏུ་འདོད་ཆགས་འདོད་ཆགས་ཆེ། །ཞེས་བྱ་བ་ལ། འདོད་ཆགས་ནི་ཡུལ་རྣམས་ལ་ཞེན་པ་སྟེ། དེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གནོན་པས་ན་ཤིན་ཏུ་སྟེ། དེ་ཉིད་ཀྱི་ཕྱིར་འདོད་ཆགས་ཆེན་པོ་ཡང་ཡིན་ནོ། །ཕྲག་དོག་ཆེན་པོ་སྒྲིབ་པ་ཞེས་བྱ་བ་ལ་རང་གི་ངོ་བོ་ཉིད་རྟོགས་པའི་ཕྱིར་དང༌། སྐུ་གསུང་ཐུགས་ཀྱི་སྤྲུལ་པས་འཁོར་བ་ཇི་སྲིད་པར་བཞུགས་ཤིང་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པས་ན། ཕྲག་དོག་ཆེན་པོ་སྒྲིབ་པ་ཆེ། །ཞེས་བྱ་བ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཅེས་བྱ་བ་ནི་བདག་ཏུ་ལྟ་བའི་རབ་རིབ་བོ། །ཐེག་པ་གཞན་ནི་རྣམ་པར་སྤངས། །ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་བཟློག་པའི་ཕྱིར་རོ། །མི་བསྐྱོད་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་ལ། ཉོན་མོངས་པའི་རྟོག་པས་མི་གཡོ་བས་ན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མི་བསྐྱོད་ཡེ་ཤེས་སོ། །འབྱུང་བ་ནི་དེ་ལས་སྐྱེས་པའོ། །སྐྱེ་འགྲོ་མི་ཟད་དོན་གཉེར་ཕྱིར། །ཞེས་བྱ་བ་ལ་འགྲོ་བ་ནི་སངས་རྒྱས་རྣམས་ཏེ་མི་ཟད་པ་ནི་འབྲི་བ་མེད་པའོ། །དེ་རྣམས་ཀྱི་ཅི་ཞིག་ཅེ་ན། མགྲོན་དུ་གཉེར་བ་དེ་བསྟེན་ཞིང་རི་མོར་བྱ་བས་ན་མགྲོན་ནི་མཐར་ཕྱིན་པའི་ཤེས་རབ་ཡིན་ལ་དེ་བསྲུངས་པས་ན་གཉེར་བ་ནི་ཤེས་རབ་དང་སྙིང་རྗེ་ཆེན་པོའོ། དེ་ཉིད་ནི་དོན་ཏེ་དགོས་པ་ཞེས་བྱ་བའི་བར་དུའོ། །སྒྲིབ་པ་ལྔ་ནི་འཇོམས་པའོ། །ཞེས་བྱ་བ་ནི་དོན་དང་སེམས་ཅན་དང༌། བདག་དང་རྣམ་པར་རྟོག་པ་དང༌། འདུ་བྱེད་དང་འཇུག་པའི་རྣམ་པར་ཤེས་པ་ལྔ་པོ་འཇོམས་པ་སྟེ། དེ་ལ་དོན་དང་སེམས་ཅན་གྱི་དོན་རྣམ་པར་རྟོག་པ་འཇོམས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །བདག་ཏུ་ལྟ་
བ་འཇོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འཇོམས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །འདུ་བྱེད་ནི་སེམས་ཅན་རྣམ་པར་གཡེང་བ་ཉིད་དེ། དེ་འཇོམས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །འཇུག་པའི་རྣམ་པར་ཤེས་པ་རྣམ་པ་ལྔ་འཇོམས་པ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། འཇོམས་པ་ནི་བཅོམ་པ་ལས་གྱུར་པའོ། །དབང་པོ་གང་དང་གང་ལམ་ནས། ཞེས་བྱ་བ་ནི། དབང་པོ་རྣམས་ཀྱི་ཡུལ་གང་དང་གང་རྙེད་པ་སྟེ་མངོན་སུམ་དུ་བྱ་བ་ཞེས་བྱ་བའི་དོན་ཏོ། །མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ། མཆོག་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་ཤེས་པའི་རང་བཞིན་གྱིས་སོ། །ཕན་པ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་སོ། །ཅི་སྟེ་གཟུང་བ་དང་འཛིན་པས་སྣང་བས་འཁྲུལ་པའི་རང་བཞིན་འབའ་ཞིག་ཡིན་ནོ་སྙམ་དུ་དོགས་པ་ལ། སངས་རྒྱས་ཀུན་གྱི་རང་བཞིན་འཇུག །ཅེས་བྱ་བ་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཉིས་ཀྱིས་སྟོང་པ་ཉིད་ཀྱིས་གང་དང་གང་ཉམས་སུ་མྱོང་བ་དེ་དང་དེ། བརྫུན་པ་ཉིད་དུ་ཡོངས་སུ་སྤྱོད་པས་འཁྲུལ་པ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་གང་དང་གང་གིས་ནི། །ཞེས་བྱ་བ་ནི་རིགས་གང་དང་གང་གིས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་རིགས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་གི་རིགས་ལྔའི་བྱེ་བྲག་གིས་སོ། །དེས་ན་དེ་ཡི་རང་བཞིན་འགྲོ། །ཞེས་བྱ་བ་ནི་དེས་བྱང་ཆུབ་ཀྱི་རིགས་ལྔར་འགྱུར་བའོ། །སྣ་ཚོགས་གཟུགས་ཅན་ནོར་བུ་ཞེས་བྱ་བ་ནི་ནོར་བུ་ཤེལ་སྒོང་སྟེ། མཛའ་བའི་མེ་ཏོག་ལ་སོགས་པའི་ཁ་དོག་ཉེ་བར་བསྒྱུར་དུ་རུང་བའི་ཕྱིར་རོ། །ཐུགས་ཀྱི་རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ལས་སྐྱེས་པའི་ཕྱིར་རོ། །རང་གི་རྣམ་རྟོག་ཅེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པའི་ལྟ་བ་སྟེ་གཉིས་བརྟགས་པའི་ཕྱིར་རོ། །རྣམ་དག་ཅེས་བྱ་བ་ནི་གློ་བུར་གྱི་དྲི་མ་རྣམས་དང་བྲལ་བའོ། །སེམས་དག་པ་ནི་བདེ་བ་ཡིན། །ཞེས་བྱ་བ་ནི།
དྲི་མ་གསུམ་སྤངས་པ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོར་འགྱུར་བའི་ཕྱིར་རོ། །ཅི་སྟེ་མདོག་དང་མཚན་མ་ལ་སོགས་པའི་སྤྲོས་པས་གྲོལ་བའི་ཐབས་སུ་ཇི་ལྟར་འགྱུར་སྙམ་དུ་དགོངས་ནས། གལ་ཏེ་སྟོང་པ་ཐབས་ཡིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐབས་དང་བྲལ་བའི་སྟོང་པ་འབའ་ཞིག་ལམ་དུ་འདོད་ན་དེའི་ཚེ་བསྐལ་པ་བྱེ་བས་ཀྱང་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ཞི་བའི་ འབྲས་བུ་ཉིད་ཀྱིས་མི ་ཁོམ་པ་ཐོབ་པར་འགྱུར་རོ། །འདི་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལས་ཀྱང་འདོད་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔའི་ཐབས་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། །ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཅི་སྟེ་སྟོང་པ་དེ་ཉིད་ལམ་གྱི་གནས་སྐབས་ན་ནི་ཐབས་ཡིན་ལ། སྨིན་པའི་གནས་སྐབས་ན་ནི་འབྲས་བུ་ཡིན་ནོ་སྙམ་དུ་སེམས་ན། རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ལམ་དང་སྨིན་པ་གཉིས་ཀྱི་སྟོང་པ་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་འབྲས་བུ་འདོད་པ་བཞིན་དུ་སྟོང་པ་ཉིད་ཐབས་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ནི་སྤྲོས་པའི་ངོ་བོ་ཉིད་དེ་དམིགས་པ་དང་བཅས་པའི་ཕྱིར་རོ། །འབྲས་བུ་ནི་སྤྲོས་པ་མེད་པའི་ངོ་བོ་ཉིད་དེ་དམིགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་ཐ་དད་པར་གྲུབ་པོ། །དེའི་ཕྱིར་ཐབས་ནི་སྟོང་པ་ཉིད་འབའ་ཞིག་མ་ཡིན་པར་གྲུབ་པའོ། །འོ་ན་ཅིའི་ཕྱིར་སྟོང་པ་ཉིད་གསུངས་སྙམ་དུ་སེམས་ན། ཕྱིན་ཅི་ལོག་བཟློག་པས་ཐབས་ཀྱི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར། ལྟ་བ་ལས་ནི་ལོག་པ་རྣམས། །ཞེས་བྱ་བ་ཆོས་ལ་བདག་མེད་པ་ལ་སོགས་པ་ལྟ་བ་ལོག་ཅིང་མི་མཐུན་པའོ། །བདག་ཏུ་ལྟ་བ་ཚོལ་བ་རྣམས་ཀྱིས་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ཚོལ་བ་སྟེ། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྟེ། དེ་རྣམས་ཀྱི་བདག་ཏུ་འཛིན་པའི་ལྟ་བ་བཟློག་པའི་ཕྱིར་སྟོང་པ་ཉིད་རྒྱལ་བས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྐལ་པ་གྲངས་མེད་པ་གསུམ་དུ་སྤྱོད་ཅིང་
མགོ་སྦྱིན་པར་བཏང་བ་ལ་སོགས་པ་དཀར་བའི་སྤྱོད་པ་སྣ་ཚོགས་ཀྱིས་བྱང་ཆུབ་འགྲུབ་པར་བསྟན་པ་ཡིན་ན་དཀྱིལ་འཁོར་འཁོར་ལོ་ལ་སོགས་པའི་ཐབས་ཀྱིས་ཅི་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་འཁོར་ལོ་ཞེས། ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་འཁོར་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་དེ་དག་ཉིད་ལྷའི་དཀྱིལ་འཁོར་གྱི་འཁོར་ལོར་བསྡུས་པ་ཐབས་ཡིན་ཏེ། བདེ་བའི་ཐབས་ཞེས་བྱ་བ་ནི་དཀའ་བའི་སྤྱོད་པ་མ་ཡིན་པའོ། །སྡོམ་པ་ཞེས་བྱ་བ་ནི། བདེ་བ་ཉིད་དུ་བསྟན་པ་ཏེ། འདོད་པའི་ཉེ་བར་སྤྱོད་པ་ཐམས་ཅད་སྤྱོད་ཅིང་དབང་པོ་གཉིས་ཀྱི་བདེ་བ་ཉམས་སུ་མྱོང་བ་དང་ལྡན་པའོ། །སངས་རྒྱས་ང་རྒྱལ་ཞེས་བྱ་བ་ནི་ཐ་མལ་པའི་ང་རྒྱལ་དང་བྲལ་བའོ། །མྱུར་དུ་ཞེས་བྱ་བ་ནི་ཚེ་འདི་ཉིད་ལའོ། །ཅི་སྟེ་སངས་རྒྱས་ཀྱི་སྐུ་ཆོས་ཀྱི་སྐུ་རྣམས་མེད་པའི་ཚུལ་གྱིས་བསྒོམ་པར་བྱ་བའམ་ཞེ་ན། སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབས་ནི་སྐུ་གསུམ་གྱི་གཟུགས་ཅན་གྱི་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་གྱིས་གནས་པར་བསྟན་ཏོ། །རྣམ་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་ནི་དམ་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྒྱ་ཆེ་བ་ནི་ཐབས་ཆེ་བའི་རང་བཞིན་ནོ། །དེས་སེམས་ཅན་རྣམས་འཁོར་ལོས་སྒྱུར་བ་ལྔ་ལ་འཇུག་པས་ན་སེམས་ཅན་འཇུག་པའོ། །དེ་གསལ་བར་བྱེད་པ་ན་ལེའུ་དང་པོའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་གསལ་བ་ལས། ལེའུ་དང་པོའི་རྣམ་པར་བཤད་པའོ།། །།