Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་པ།

20 occurrences of འབྲས་མི་
[Clear Hits]


  
 expand section
  
  
  
 expand section
  
  
  
  
 expand section
 expand section
  
  
  
 
ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་དཀའ་འགྲེལ།  དངུལ་གྱི་བུམ་པས་མཛད།
  
  
  
 expand section
expand section
 
expand section
  
expand section
  
  
 expand section
  
 
 expand section
  
 
expand section
  
expand section
expand section
  
 
 expand section
  
  
  
expand section
 expand section


20 occurrences of འབྲས་མི་
[Clear Hits]

 
previousཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་དཀའ་འགྲེལ། དངུལ་གྱི་བུམ་པས་མཛད།next

ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་དཀའ་འགྲེལ།
དངུལ་གྱི་བུམ་པས་མཛད།


DTG009_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ན་པཉྫི་ཀཱ། བོད་སྐད་དུ། ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་དཀའ་འགྲེལ། །བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྲིད་མུན་ཉིན་མོར་མཛད་པ་ཡི། །ཀྱེ་ཡི་རྡོ་རྗེར་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་པའི། །དཀའ་འགྲེལ་བདག་གིས་བཤད་པར་བགྱི། །དེ་ལ་སློབ་དཔོན་ཌོམྦི་པའི་ཞབས་ཀྱིས་ཕྱིར་བགེགས་ཉེ་བར་ཞི་བའི་དོན་དུ། ཆོས་དང༌། ལོངས་སྤྱོད་སྔགས་པ་དང༌། སྤྲུལ་པ་སྟེ་སྐུ་གསུམ་གྱི་བདག་ཉིད་ཀྱི་དཔལ་ཧེ་རུ་ཀ་ལ་རབ་ཏུ་བསྔགས་ནས་ཕྱག་མཛད་པ། ཀུན་དུ་རྟོག་པ་ཀུན་སྤངས་ཀྱང༌། །ཐབས་ཆེན་བདག་ཉིད་ཅན་གང་ལས། །དངོས་པོ་ཀུན་གྱི་རང་བཞིན་ཏེ། །ཧེ་རུ་ཀ་དཔལ་མགོན་ལ་འདུད། །ཅེས་བྱ་བ་གསུངས་ཏེ། ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ། དཔལ་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཉིད་ཀྱི་ཕྱིར་ཧེ་རུ་ཀ་དཔལ་ཏེ། འདིར་ལྡན་པའི་སྒྲ་ཕྱིས་པའོ། །ཧེ་ཡིག་གིས་ནི་སྙིང་རྗེ་གསུངས་ལ། །རུ་ཡིག་གིས་ནི་རྣམ་པར་རྟོག་པ་ལ་སོགས་པའི་གནས་སྐབས་ཀྱི་མཚན་ཉིད་ཉམས་པའི་དོན་དུ་སྟོང་པ་ཉིད་དོ། །ཀ་ཡིག་གིས་དེ་དག་གི་དབྱེར་མེད་པའི་གཟུགས་ཏེ། དཔལ་ཧེ་རུ་ཀ་ཞེས་གསུངས་སོ། །ཡང་ན། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པ། །གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཀྱིས་གཉིས་མེད་དོ། །རྒྱུ་དང་རྐྱེན་དང་དེའི་ཡན་ལག་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྐྱེད་བཞིན་དུ་མ་སྐྱེས་པ་ཉིད་ལས་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་དོ། །གཡོ་བ་དང་མི་གཡོ་བ་དང་བྲལ་བ་ཉིད་ཀྱི་ཕྱིར་བཀོད་པ་དང་བྲལ་བ་རྫས་ཀྱི་གཟུགས་མེད་པས་རང་གི་ཡུལ་གྱི་གནས་སྐབས་མེད་པའི་ཕྱིར་ན། རང་བཞིན་མེད་པའི་གཟུགས་ཉིད་ལས། །གང་དུ་ཡང་མི་གནས་པ་ཞེས་པའི་དོན་ཏོ། །མགོན་པོ་ནི། འགྲོ་བ་ཐམས་ཅད་ཀྱི་སྐྱབས་


DTG009_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པའོ། །ཀུན་དུ་རྟོག་པ་ཀུན་སྤངས་ཞེས་པ་ལ། རྟོག་པ་ཡང་དེ་ཡིན་ལ་ཀུན་དུ་རྟོག་པ་ཀུན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་རྟོག་པ་རྣམས་སོ། །དེ་རྣམས་དང་བྲལ་བ་ནི་སྤངས་པའོ། །འདིར་ནི་རང་གི་དོན་གྱི་མཚན་ཉིད་ཆོས་ཀྱི་སྐུ་གསུང་པ་ཡིན་ནོ། །ཀྱང་གི་སྒྲ་ནི་ཡང་གི་དོན་ཏོ། །དངོས་པོ་ཀུན་གྱི་རང་བཞིན་ཏེ། །ཞེས་པ་ནི། བཅོམ་ལྡན་འདས་ཀྱི་སྐུ་འདི་ལྟ་བུ་དེས། གདུལ་བྱ་དང་རྗེས་སུ་མཐུན་པའི་སྔོན་གྱི་སྣོན་ལམ་གྱི་སྟོབས་ལས་སྐུ་རབ་བསྟན་པ་ཡིན་ནོ། །དངོས་པོ་ཡང་དེ་ཡིན་ལ་ཀུན་ཀྱང་ཡིན་པ་ནི་དངོས་པོ་ཀུན་ཏེ། དེ་རྣམས་འདི་ལས་འབྱུང་བའི་མཚན་ཉིད་ཀྱིས་ན་དངོས་པོ་ཀུན་གྱི་རང་བཞིན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་གསུང་པ་ཡིན་ནོ། །ཡང་ན། དངོས་པོ་ཀུན་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་དེ་བཞིན་གཤེགས་པའོ་ཞེས་བྱས་ནས་དེའི་རྣམ་པ་ཉིད་ལས་དངོས་པོ་ཐམས་ཅད་དོ། །འོ་ན་གང་ལས་དངོས་པོའི་རང་བཞིན་ཡིན་ཞེ་ན། ཐབས་ཆེན་བདག་ཉིད་ཅན་གང་ལས། །ཞེས་བྱ་བ་གསུངས་ཏེ། ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་འདི་ཡིན་པས་ཐབས་ཆེན་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མཐའ་ཡས་པའི་སྤྲུལ་པ་སྤྲོས་པ་རྣམས་ཀྱིས་སྣ་ཚོགས་པའི་བསམ་པའི་དབྱེ་བས་ཐ་དད་པའི་སེམས་ཅན་གྱི་ཁམས་འཇུག་པར་ནུས་པ་སྙིང་རྗེའི་རང་བཞིན་ནོ། །དེའི་བདག་ཉིད་ཅན་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པས་ཁྱད་པར་དུ་འཕགས་པའི་སྤྲུལ་པའི་སྐུའོ། དེ་ལ་རྗོད་པར་བྱེད་པ་དང༌། བརྗོད་པར་བྱ་བའི་མཚན་ཉིད་དེ། ཐབས་དང་ཐབས་ལས་བྱུང་བའི་དངོས་པོའི་མཚན་ཉིད་ཀྱི་འབྲེལ་པ་ཡང་སྟེ། ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་ཚིག་གི་ཚོགས་ནི་རྗོད་པར་བྱེད་པའོ། །བདག་མེད་མས་ཕྲག་པར་འཁྱུད་པ། རྣལ་འབྱོར་མ་བརྒྱད་ཀྱི་བདག་ཉིད་དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ནི་བརྗོད་པར་བྱ་སྟེ། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ནི་འབྲེལ་པའོ། །ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དོ། །འདོད་ཆགས་དང་ཞེ་སྡང་སྐྱེ་བ་དང་ལྡན་པའི་སེམས་ཅན་འཇུག་པ་ནི་དགོས་པའོ། །དེའི་འབྲས་བུ་ཐོབ་པའི་མཚན་ཉིད་སངས་རྒྱས་ཉིད་དང་གྲུབ་པ་བརྒྱད་པོ་ཡང་དགོས་པའི་དགོས་པའོ། །ད་ནི་དཀྱུས་མ་ཉིད་བཤད་


DTG009_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། དོན་གྱི་རྣམ་པ་འདི་ལྟ་བུ་གང་དུ་བསྒྲུབ་པར་བྱ་ཞེ་ན། སློབ་དཔོན་གྱིས་གནས་ཀྱི་ཁྱད་པར་གསུངས་པ། རབ་སྦས་ཞེས་པ་ལ་སོགས་པ་སྟེ་འགའ་ཞིག་ཅེས་པ་ནི་དུར་ཁྲོད་ལ་སོགས་པ་རྣམས་སོ། །རབ་སྦས་ནི་སྐྱེ་བོའི་རྒྱུན་ལུགས་སྤངས་པའོ། །ས་འཆིར་ནི། སའི་ཕྱོགས་གཅིག་ཏུའོ། །གླ་རྩི་ལ་སོགས་པས་ཞེས་པ་ནི། རི་དགས་ལྟེ་བ་དང་ག་པུར་དང་སི་ཧླ་དང་བཞི་མཉམ་དང་སཱ་ལུ་སྐྱེས་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ཀྱིས་བསྟར་བའོ། །དེར་རྣལ་འབྱོར་འདི་ལྟར་བསྒོམ་པར་བྱ་ཞེས་སྦྲེལ་ལོ། །ཅི་ཞིག་བྱས་ནས་ཤེ་ན། གསུངས་པ། འཇམ་པའི་སྟན་ལ་ཞེས་པ་ལ་སོགས་པ་སྟེ། འཇམ་པ་ཡང་ཡིན་ལ་སྟན་ཡང་དེ་ཡིན་པས་འཇམ་པའི་སྟན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ་རོའི་སྟན་ཞེས་བྱ་བའི་དོན་ཏོ། །དེའི་སྟེང་ནི་དེའི་སྙིང་གར་ཉེ་བར་འདུག་ནས་སོ། །འདི་ལྟར་ཞེས་པ་ནི་འཆད་པར་འགྱུར་བའི་རྣལ་འབྱོར་ཏེ། གོམས་པར་བྱ་བ་ནི་བསྒོམ་པར་བྱ་བའོ། །དོན་ནི་འདི་ཡིན་ཏེ། དཔལ་ཧེ་རུ་ཀ་སྒྲུབ་པར་བརྩོན་པའི་རྣལ་འབྱོར་པས་སྔ་བར་ལངས་ནས་བདུད་རྩི་ལྔས་འདམ་སྐྱེས་སྦྱར་ཏེ་དུར་ཁྲོད་ལ་སོགས་པ་རྣམས་སུ་རོའི་སྙིང་གར་གནས་པར་བྱས་ནས། །རྣམ་པར་རྟོག་པ་ངན་པའི་དྲ་བ་ཐམས་ཅད་དོར་བར་བྱས་ནས་རྣལ་འབྱོར་འདི་གོམས་པར་བྱའོ། །སྦྱར་བར་བྱ་བས་ན་རྣལ་འབྱོར་ཏེ་ཐ་མལ་པའི་འདུ་བྱེད་སྤངས་པའི་མཚན་ཉིད་འཇིག་རྟེན་ལས་འདས་པའི་འདུ་བྱེད་ཀྱི་ཁྱད་པར་རོ། །དེ་ཡང་རྣམ་པར་ཤེས་པའི་ཡིན་ནོ་ཞེས་བྱས་ནས་དེ་ལ་ཉེ་བར་དམིགས་པའི་གནས་གསུངས་པ། སྙིང་གར་ཞེས་པ་ལ་སོགས་པ་སྟེ། པཾ་ལས་སྐྱེས་པའི་པདྨའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་ཀྱི་དབང་པོ་མི་བསྐྱོད་པའི་ས་བོན་ཕུང་པོ་ལྔ་རྣམ་པར་དག་པ་ལས་ཡེ་ཤེས་ལྔའི་རང་བཞིན་ཆ་ལྔའི་བདག་ཉིད་ཧཱུཾ་ཡིག་གི་འོད་ཟེར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་རྣམས་ཀྱིས། གཅིག་དང་དུ་མ་དང་བྲལ་བས་ལུས་མེད་པ་ན། རྟེན་མེད་པས་ཚོར་བ་དང་སེམས་དང་ཆོས་རྣམས་ཕན་ཚུན་དུ་མ་གྲུབ་པས་ན་རང་བཞིན་མེད་པ་ཉིད་དུ་བསྒོམ་པར་བྱའོ། །ཐ་མལ་པའི་ལུས་འདི་


DTG009_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་རྣམ་པར་དག་པས་རྣལ་འབྱོར་བས་ཅི་ཞིག་བྱ་ཞེ་ན། གསུངས་པ། སྔགས་ཀྱང་དྲན་པར་བྱ་ཞེས་པ་སྟེ། དྲན་པ་ཉེ་བར་གཞག་པ་བསྒོམས་པའི་དེ་མ་ཐག་ཏུ་ཡང་སེམས་ཅན་ལ་ཕན་པའི་སླད་དུ་སྔགས་ནི་ཧཱུཾ་ཡིག་སྟེ། དྲན་པར་བྱ་ནི་མངོན་དུ་ཕྱོགས་པར་བྱ་བའོ། །སྔགས་ཞེས་པའི་དོན་ཅི་ཞེ་ན། ཡིད་ལ་སོ་སོར་རྟོག་པ་ནི། དེ་ཡང་ཁམས་གསུམ་སྐྱོབ་པ་སྟེ། ཡིད་དག་བྱེད་པའི་རང་བཞིན་ལས། །སྔགས་ཞེས་མངོན་པར་བརྗོད་པར་བྱ། །སྔགས་དྲན་ནས་ཅི་ཞིག་བྱ་ཞེ་ན། གསུངས་པ། བ་སྤུའི་བུ་ག་ནས་སྤྲོས་དེའི། །སྣང་བས་མ་ལུས་འགྲོ་བ་ནི། །ཞེས་པ་སོགས་པ་སྟེ། རྣལ་འབྱོར་པའི་བ་སྤུའི་བུ་ག་ལས་སྤྲོས་པའི་ཧཱུཾ་ཡིག་གི་འོད་ཀྱི་སྒྲོན་མ་རྣམས་ཀྱིས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མནན་པའི་འགྲོ་བ་དྲུག་གི་སེམས་ཅན་གྱི་ཁམས་མཐོང་ནས་སྙིང་རྗེ་ཆེན་པོ་ལ་དམིགས་པར་བྱ་སྟེ། གོ་སླ་བས་ན་མ་བཤད་དོ། །དེ་རྣམས་ཀྱི་ནི་སྒྲོལ་བའི་རྒྱུར། །ཞེས་པའོ། །འགྲོ་བ་དྲུག་ཏུ་འཇུག་པའི་སྐྱེ་འགྲོ་དེ་རྣམས་ཀྱིའོ། །འདི་རྣམས་སྒྲོལ་བའི་རྒྱུ་གང་ཡིན་པ་དེའི་དོན་དུ་སྟེ། འདི་རྣམས་སྒྲོལ་བའི་རྒྱུ་གང་ཡིན་པ་དེའི་དོན་ནི་བསོད་ནམས་ཀྱི་ཚོགས་འཕེལ་བའོ། །བསོད་ནམས་འཕེལ་བའི་ཐབས་གསུངས་པ། བླ་མ་ལྷ་ཞེས་པ་ལ་སོགས་པ་སྟེ། བླ་མ་ནི་རྡོ་རྗེ་འཛིན་པའི་སྤྲུལ་པའོ། །ལྷ་ནི་དཔལ་ཧེ་རུ་ཀའི་རྣམ་པའོ། །རྒྱལ་བ་ནི་དེའི་བ་སྤུའི་བུ་ག་ནས་སྤྲོས་པས་འོད་ཟེར་གྱིས་སྤྲུལ་པའོ། །བྱང་ཆུབ་སེམས་དཔའ་ནི། །དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཡང་སྤྲུལ་པ་སྟེ། ཚོགས་ནི་ཡང་དག་པར་འདུས་པའོ། །དེ་རྣམས་དང་བཅས་པ་ནི་ཡང་དག་པར་རྗེས་སུ་སོང་བའོ། །མཐོང་ནས་མཆོད་པ་རབ་ཏུ་བརྟག་སྟེ་ཡིད་ཀྱི་རང་བཞིན་གྱི་མཆོད་པ་བྱའོ་ཞེས་དགོངས་པ་ཡིན་ནོ། །འོ་ན་གང་ལས་ཅི་ལྟར་ཅི་ཞིག་གིས་མཆོད་པར་བྱ་ཞེ་ན། གསུངས་པ། ཐོག་མར་སྔགས་ཏེ་ཞེས་པ་ལ་སོགས་པ་སྟེ། དེ་ནི་བྱ་བའི་ཁྱད་པར་ཡིན་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་སྔགས་སོ། །རང་སྙིང་གི་ས་བོན་ནི། ཡེ་ཤེས་ལྔའི་བདག་ཉིད་ཧཱུཾ་ཡིག་གི་ས་བོན་ལས་མེ་ཏོག་དང་བདུག་སྤོས་ལ་སོགས་པ་སྟེ། མཁའ་


DTG009_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མའི་ཚོགས་སྤྲོས་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ་ཞེས་པ་ཉེ་བར་སྤྱོད་པ་ལྔ་རབ་ཏུ་བསྟན་པ་ཡིན་ནོ། །གདུགས་དང་རྒྱལ་མཚན་བ་དན་སོགས་ནས་བརྩམས་ཏེ། མི་ཡི་བུད་མེད་སོགས་ཀྱི་མཐར་ཐུག་པའི་ཡོ་བྱད་དང་བཅས་པའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱིས་མཆོད་པར་གསུངས་པ་ཡིན་ནོ། །འོ་ན་རྫས་རྣམས་གང་ལས་བྱུང་ཞེས་དོགས་པ་ལ། གསུངས་པ། ཐམས་ཅད་རིན་ཆེན་རིགས་ལས་བྱུང༌། །ཞེས་པ་སྟེ་སྔར་གསུངས་པའི་མཆོད་པའི་རྫས་ཐམས་ཅད་ནི་རིན་པོ་ཆེའི་རིགས་ལས་བྱུང་བ་སྟེ། ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའོ། །གསང་བ་དང་གཞན་དེ་རྣམས་ཐམས་ཅད་ཀྱིས་མཆོད་པར་བྱའོ་ཞེས་ཡང་དག་པར་འབྲེལ་ཏོ། །སྤྱིར་བསྟན་ནས་གསང་བའི་མཆོད་པ་བྱེ་བྲག་ཏུ་བཤད་པར་བྱ་སྟེ། གཽ་རཱི་སོགས། བདུད་རྩི་ལྔ་ཞེས་པ་ལ་སོགས་པ་རྒྱུད་དུ་གསུངས་པའི་རིམ་པས་ཁོང་དུ་ཆུད་པར་བྱའོ། །ནམ་མཁའ་ལ་རྗེ་བཙུན་དཔལ་ཧེ་རུ་ཀ་དང༌། དེ་ནས་བླ་མ་དང༌། དེའི་མདུན་དུ་བདར་བ་གཞན་དང༌། གཞན་ཡང་བལྟས་ནས། སྙིང་གའི་ས་བོན་ལས་འོད་ཟེར་ལས་སྤོས་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལ། དཀར་མོ་རི་དགས་མཚན་མ་འཛིན། །ཆོམ་རྐུན་མ་ནི་ཉི་མའི་སྣོད། །རོ་ལངས་མ་ཡང་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཞིང༌། །པུཀྐ་སཱི་ཡང་རྡོ་རྗེ་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གཏུམ་མོས་ཅང་ཏེའུ་བརྡུང་བར་བྱ། །འདི་རྣམས་ཀྱིས་ནི་ཁྱབ་བདག་མཆོད། །འདོད་ཆགས་ཆེན་པོས་རྗེས་ཆགས་པ། །གཡུང་མོས་མགུལ་ལ་འཁྱུད་པའོ། །མཆོད་པ་བྱས་ནས་ཅི་ཞིག་བྱ་ཞེ་ན། གསུངས་པ། སྡིག་པ་རྣམས་ནི་བཤགས་པར་བྱ། །ཞེས་པ་ལ་སོགས་པ་སྟེ། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བསྔོ་བ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བདག་ཉིད་ཀྱི་དངོས་པོ་དབུལ་བ་རྣམས་བྱའོ། །ཅི་ལྟར་བྱ་ཞེ་ན། ཚིགས་སུ་བཅད་པ་ཐོག་མར་བརྗོད། དེ་དཀོན་མཆོག་གསུམ་ལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཐམས་ཅད་ཡང་དག་པར་བསྡུས་ནས། དེ་ནས་དེ་བཞིན་གཤེགས་པའི་བཀའ། །ཐོབ་ནས་སེམས་


DTG009_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དོན་བྱེད་རྒྱུར་ཞེས་པ། དེ་ནས་དེ་མ་ཐག་ཏུ་སྒྲུབ་པ་པོ་བསོད་ནམས་བྱེད་པའི་ཚེ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་སྣང་བར་མཐོང་ངོ༌། །ཅིའི་དོན་དུ་ཞེ་ན། སེམས་ཅན་གྱི་དོན་བྱེད་པའི་རྒྱུར་ཏེ། སེམས་ཅན་གྱི་དོན་རྫོགས་པར་བྱའོ། །བཀའ་ཐོབ་པ་ནི་ཅི་ཞིག་བྱ་ཞེ་ན། གང་ཞིག་འགྲོ་ཀུན་དབྱེར་མེད་པས། །ཞེས་པ་ལ་སོགས་པ་སྟེ། ཉི་ཚེ་ལས་ཆེ་བས་བྱམས་པ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་སྐྱོབ་པས་ན། འགྲོ་བ་མ་ལུས་པ་བུ་གཅིག་པ་ལྟ་བུར་འཛིན་པའོ། །འདི་ཉིད་འགྲོ་བ་འབྲས་ལ་སོགས་པའི་སྡུག་བསྔལ་བ་ལ་བརྟེན་ནས་སྙིང་རྗེ་བསྐྱེད་དེ། སྙིང་རྗེ་བསྐྱེད་ནས་སྙིང་གའི་འོད་ཀྱིས་སེམས་ཅན་གྱི་ཁམས་སྦྱངས་ནས་སངས་རྒྱས་ཀྱི་གཟུགས་སུ་རྣམ་པར་བསམས་ཏེ། དགའ་བ་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ་ཞེས་དགོངས་སོ། །དེ་ནས་བཏང་སྙོམས་བསྒོམ་པར་བྱ། །ཞེས་པ། དེ་ནས་སེམས་ཅན་གྱི་ཡུལ་ལ་བླང་བ་དང་དོར་བ་དང་བྲལ་བའི་བློས་བཏང་སྙོམས་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་བསྒོམ་པར་བྱ་ཞེས་དགོངས་སོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཏེ། རྣལ་འབྱོར་བས་ཡེ་ཤེས་ཀྱི་ཚོགས་དོན་དམ་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བསྟན་པའི་ཕྱིར་གསུངས་པ། རང་བཞིན་བྲལ་ཕྱིར་སྟོང་པ་སྟེ། །ཞེས་པ་ལ་སོགས་པ་སྟེ། འགྲོ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། གང་གི་ཕྱིར་ན། རང་བཞིན་བྲལ་ཕྱིར་ཏེ། མདོ་སྡེ་པའི་གྲུབ་པའི་མཐའི་འདོད་པས་གཏན་ཚིགས་ནི། གཞན་ལ་ལྟོས་པས་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དང༌། རང་རང་བཞིན་ཉེ་བར་དམིགས་པ་མེད་པས་རང་བཞིན་དང་བྲལ་བ་དེའི་ཕྱིར། དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའི་རང་བཞིན་ནོ། །དེ་ལྟར་ཡང་གསུངས་པ། རབ་འབྱོར་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པ་ཡང་མ་ཡིན་གྱི་རང་བཞིན་གྱིས་ཤེས་པ་སྟེ། འདིར་རྣམ་པར་ཐར་པའི་སྒོ་དང་པོའོ། །དོན་དམ་པ་ལ་འཇུག་པའི་སྒོ་འགྱུར་བར་གསུངས་སོ། །རྒྱུ་མེད་པ་ལས་མཚན་མ་མེད་ཅེས་པ་རྒྱུ་མ་ཡིན་པ་ནི་རྒྱུ་མེད་དེ། དེའི་ཕྱིར་ན་རྒྱུ་མེད་པ་ལས་སོ། །མཚན་མ་མེད་ནི། དོན་དམ་པར་རྣམ་པར་དཔྱད་ན། འགྲོ་བ་རྒྱུ་ཞེས་བྱ་བ་མེད་དོ། །དེ་ལྟར་ཡང་གསུངས་པ། ངེས་པར་ཆོས་རྣམས་ཐམས་


DTG009_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི། །བྱེད་པ་དམིགས་པ་མ་ཡིན་ནོ། །བྱེད་པ་ཡོད་པ་མ་ཡིན་ན། །བྱ་བ་རྣམས་ཀྱང་འབྱུང་མ་ཡིན། །ཞེས་བྱ་བ་དང༌། གཞན་དུ་ཡང༌། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །གང་ཕྱིར་གང་གི་རང་བཞིན་མེད་ཉིད་ན། །དེ་ནི་རང་བཞིན་གཞན་རྐྱེན་ཅི་ལྟར་ཡིན། །རང་བཞིན་མེད་པ་ཅི་ལྟར་གཞན་སྐྱེད་འགྱུར། །བདེ་བར་གཤེགས་པས་གཏན་ཚིགས་འདི་གསུངས་སོ། །ཞེས་སོ། །ལྷག་པར་བསྒོམ་པ་དང་བསྐྱེད་པའི་རྒྱུ་དམིགས་པ་འགའ་ཡང་མེད་པ་ན། གང་གིས་ན་མཚན་མ་དང་བཅས་པར་འགྱུར་ཞེས་པ་མཚན་མ་མེད་པའི་རྣམ་པར་ཐར་པའོ། །རང་གི་རྟོག་པས་མི་བྱེད་པས། །འགྲོ་བ་སྨོན་པ་དང་ཡང་བྲལ། །ཞེས་པ་རྒྱུ་བ་དང་བཅས་པ་དང་རྒྱུད་མེད་པའི་དངོས་པོ་ནི། སྨོན་པ་དང་བྲལ་པ་ཡིན་ཏེ། གང་ལས་ན། རང་གི་རྟོག་པ་ཁོ་ནས་དེ་ལྟར་གཟུང་བ་དང་འཛིན་པར་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། ཤིན་ཏུ་མཁས་པ་ཅི་ལྟར་ཡང༌། །རང་བཞིན་རྣམ་པར་དཀྲུགས་པ་ལས། །གཟུང་འཛིན་དབྱེ་བས་སེམས་གཅིག་ཉིད། །རྣམ་པ་གཉིས་སུ་སྣང་བ་ཡིན། །དེ་ལྟར་བག་ཆགས་ཀྱི་དབང་གིས་གཟུང་བ་དང་འཛིན་པར་ཕྱེ་བ་ལས་དམིགས་པའོ་ཞེས་པས། འགའ་ཞིག་ཏུ་དོན་དམ་པར་སྐྱེ་བ་མེད་པའི་བྱེ་བྲག་གིས་སྨོན་ལམ་དང་བཅས་པ་ཆ་ཤས་མེད་པའི་སྟོང་པ་ཉིད་ནི། སྨོན་པ་མེད་པའི་རྣམ་པར་ཐར་པའོ། །དེ་ནས་ཐམས་ཅད་སྟོང་བལྟས་ནས། །ཞེས་པ་ནི། སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་ཁྱད་པར་ལས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་བསྒོམས་ནས་ཕྱི་དང་ནང་གི་བདག་ཉིད་སྟོང་པར་བལྟའོ། །དང་པོ་ཉིད་དུའོ། །སྔགས་བརྗོད་བྱ་ཞེས་པ་ལ། ཉིད་ནི་བསྡུ་བའི་མཐའ་སྟེ། དེས་དང་པོར་སྟོང་པར་བལྟས་ནས་སྔགས་བརྗོད་པར་བྱའོ། །འོ་ན་མངོན་པར་འདོད་པའི་དོན་ཅི་ཡིན་ཞེ་ན། སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམས་པས་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཀྱིས་སེམས་སྦྱངས་ཤིང་དག་པའི་རྣལ་འབྱོར་པ་དང་རྗེས་སུ་མཐུན་པར་ས་བོན་བསྡུ་བ་དང༌། བྱང་ཆུབ་ཀྱི་སེམས་


DTG009_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཟུགས་རྫོགས་ནས། དེའི་རྗེས་སུ་སྔགས་ཀྱི་རྣམ་པས་ཀྱང་གཞན་རྣམས་རྣམ་པར་སྦྱོང་བར་བྱེད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་པ་ལ། ཨོཾ་ཤཱུ་ནྱ་ཏཱ་ཞེས་པ་ནི་ཟུང་སྟེ་གཟུགས་དང་བདག་པོ་ནི། ཨོཾ་ཡིག་དཀར་པོ་མེ་ལོང་ལྟ་བུའི་རང་བཞིན་ནོ། །ཛྙཱ་ན་བཛྲ་ཞེས་པ་ནི། ཨཱ་ཡིག་ཁ་དོག་དམར་པོ་སོ་སོར་རྟོག་པའི་རང་བཞིན་ནོ། །སྭཱ་བྷཱ་ཝཱཏྨ་ཀོ་ཞེས་པ་ནི། ཧཱུཾ་ཡིག་ཁ་དོག་ནག་པོ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཨ་ཧཾ་ཞེས་པ་ནི་ང་ཡིན་ནོ་ཞེས་པ་སྟེ། ཡེ་ཤེས་གསུམ་པོའི་བདག་ཉིད་ཅན་བར་མ་དོའི་སྲིད་པའོ། །འོ་ན་སྟོང་པ་ཉིད་བསྒོམས་པ་ལས་ཅི་ལྟར་གནས་གྱུར་པ་ཡིན་ཞེ་ན། དེ་ཁོ་ན་ཉིད་ལ་འཇུག་པར་གསུངས་ཏེ། ཤེས་རབ་ཐབས་ཀྱི་རང་བཞིན་ཞི། །འདིར་དེ་མཆོག་གི་དེ་ཉིད་དེ། །གཉིས་མེད་ཡེ་ཤེས་དེ་ཁོ་ན། །འདི་ནི་བྱང་ཆུབ་སེམས་མཆོག་ཡིན། །གནས་ནི་ཡོངས་སུ་གྱུར་པ་སྟེ། །ཀུན་རྟོག་ཐམས་ཅད་སྤངས་པའོ། །འཇིག་རྟེན་འདས་པའི་ཡེ་ཤེས་ཏེ། །ཐུབ་ཆེན་ཆོས་སྐུ་ཉིད་ཀྱང་ཡིན། །ཞེས་པའོ། །སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི་དེ་ཁོ་ན་ཉིད་དུ་འགྱུར་ན། ས་བོན་བསྡུ་བ་དང༌། གཟུགས་རྫོགས་པ་དང༌། ཡི་གེ་དགོད་པ་རྣམས་དངོས་པོའི་རང་བཞིན་ཡིན་ན། ཅི་ལྟར་དེ་ཁོ་ན་ཉིད་ཡིན་ཞེ་ན། དེ་ལ་མངོན་པར་འདོད་པ་ནི་འདི་ཡིན་ཏེ། འོད་གསལ་བའི་རྣམ་པས་རེ་ཕ་དང་ཉི་མ་དང་ཧཱུཾ་དང་རྡོ་རྗེའི་འོད་རྣམས་ཀྱིས་བདག་ཉིད་བསྲུང་བར་བྱས་ནས། བརྟན་པ་དང་གཡོ་བ་གཉིས་སུ་མེད་པའི་རང་བཞིན་དཔལ་ཧེ་རུ་ཀ་ས་བོན་བསྡུ་བ་དང༌། རྣམ་པ་ལྔ་རྣམ་པར་དག་པའི་རང་བཞིན་གཟུགས་རྫོགས་པ་དང༌། ཡི་གེ་དགོད་པའི་རང་བཞིན་ཉིད་ཀྱིས་སྐྱེ་མཆེད་ཐམས་ཅད་རྣམ་པར་དག་པ་འདོད་པའི་ཁམས་ཀྱི་དབང་ཕྱུག་དཔལ་ཧེ་རུ་ཀའི་སྤྲུལ་པས་འགྲོ་བའི་དོན་བྱེད་པ་ལས་ས་བོན་བསྡུ་པ་ལ་སོགས་པ་རྣམས་སྙིང་རྗེ་རང་བཞིན་ཉིད་ཀྱི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཡིན་པ་ལ་སྐྱོན་མེད་པ་ཁོ་ནའོ། །ཕྱག་རྒྱ་རྒྱུ་དང་སྦྱོར་བྲལ་ལས། །རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །འདི་ནི་བྱང་ཆུབ་སེམས་སུ་བརྗོད། །ཅེས་པའོ། །དེ་ནས་


DTG009_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ནས་ཧཱུྃ་ཡིག་གི །སྔགས་ལས་འཐོན་པའི་རྡོ་རྗེའི་གུར། །ཞེས་པ་ནི། དེ་ནས་ཏེ་དེ་མ་ཐག་ཏུ་རེ་ཕ་ཡོངས་སུ་གྱུར་པས་མདུན་དུ་ཉི་མའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དེའི་སྟེང་དུ་ཧཱུྃ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ། དེའི་འོད་ཟེར་རྣམས་ཀྱིས་རྡོ་རྗེའི་ར་བ་དང་གུར་བཅིངས་པ་ལ་སོགས་པ་བྱའོ། །ཡང་ན་ཉི་མ་ལ་གནས་པའི་ཧཱུྃ་ཡིག་དང་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་གཉིས་པའི་སྐུར་སྣང་བ་བགེགས་ཉམས་པར་བྱེད་པ། ཧེ་རུ་ཀ་ཁྲོ་བོའི་གཟུགས་མཆེ་བ་བཅིངས་པ་འཇིགས་པར་བྱེད་པ། གཡོན་རྡོ་རྗེ་ཕུར་བུ་འཛིན་ཞིང་གཡས་ན་རྡོ་རྗེ་ཐོབ་བསྣམས་པ་རྣམ་པར་བསམས་ནས། དེའི་ཡེ་ཤེས་སེམས་དཔའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་ཕུར་བུས་གདབ་པར་བྱའོ་ཞེས་དགོངས་སོ། །གུར་གྱི་ནང་དུ་ཅི་ཞིག་བྱ་ཞེ་ན། གསུངས་པ། ཆོས་ཀྱི་དབྱིངས་གྱུར་བསམ་བྱ་ཞིང༌། །ཁང་བརྩེགས་ཡང་ནི་འབྱུང་ལས་སྐྱེས། །ཞེས་པ་སྟེ། གུར་གྱི་འོག་ཏུ་ཧཱུཾ་ཡིག་གིས་སྤྲུལ་པའི་རྡོ་རྗེའི་ས་གཞི་ལ། ཨེ་ཡིག་གི་རྣམ་པས་རྫོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་གྲུ་གསུམ་པ། བརྟན་པ་དང་གཡོ་བའི་ཚིག་གི་དོན་ཐམས་ཅད་ཀྱི་གཞིར་གྱུར་པའོ། །དེའི་སྟེང་དུ་ཡཾ་ཡིག་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རེ་ཕ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་པཾ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ལཾ་ཡིག་ལས་སྐྱེས་པའི་སའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་བྷཱུཾ་ཡིག་ལས་སྐྱེས་པའི་འཁོར་ལོ་རྩིབས་དྲུག་པའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་འོད་ཟེར་རྣམས་ཀྱིས་སྔར་བཤད་པའི་བར་མ་དོའི་སྲིད་པ་ཧོཿཡིག་གཉིས་མངལ་དུ་བྱས་པར་བཀུག་ནས། ཨཾ་ཡིག་དང་གཅིག་ཏུ་འདྲེས་པར་རྣམ་པར་གྱུར་པར་བསྒོམས་ཏེ། ཨོཾ་བཛྲ་བཱི་ཛ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་བྱ་བར་བྱའོ། །དེ་ནས་ཨོཾ་ཡིག་དང་འཁོར་ལོ་དང་འབྱུང་བའི་འཁོར་ལོ་རྣམས་ཡོངས་སུ་གྱུར་པ་ལས་ཁང་པ་བརྩེགས་པ་བསམ་པར་བྱའོ་ཞེས་པའི་དོན་ཏོ། །གྲུ་བཞི་པ་ལ་སྒོ་བཞི་པ། དོ་ཤལ་


DTG009_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་བུ་སོགས་ཀྱིས་བརྒྱན། །ཞེས་པ་ནི་གོ་སླའོ། །དེར་ནི་དབུས་སུ་པདྨ་དམར། །ཞེས་པ་ལ་སོགས་པ་ནི། དེར་ཁང་པ་བརྩེགས་པའི་དབུས་སུ་ཆོས་འབྱུང་གི་ཕྱག་རྒྱ་དང་རྗེས་སུ་མཐུན་པའི་འདོད་ཆགས་ལ་སོགས་པའི་གཟུགས་པཾ་ཡིག་ཡོངས་སུ་གྱུར་པ་ལས་ཏེ། འདོད་ཆགས་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་འདབ་མ་དམར་པོའོ། །འདབ་མ་བརྒྱད་པ་བསམ་པར་བྱ་སྟེ། དམིགས་པར་བྱའོ་ཞེས་པའི་དོན་ཏོ། །དེར་ནི་ཟེ་འབྲུ་ལ་གནས་པའི། །བདུད་བཞི་པོ་ནི་བསམ་པར་བྱ། །ཞེས་པ་ཕྱི་མའི་དུས་ཀྱི་སྒོམ་པ་པོས་དེར་པདྨའི་ཟེ་འབྲུའི་དབུས་སུ་རྒྱུའི་ཀྱེ་རྡོ་རྗེའི་གདན། དཔལ་ཧེ་རུ་ཀའི་ཞབས་ཀྱི་མཐིལ་དུ་སོན་པ་ཉིད་ལས། འཇིགས་པའི་དབང་གིས་གནས་ཤིང་ལྟུང་བ་ཁེངས་པ་དང་བྲལ་བ་བསམ་པར་བྱ་ཞིང་སེམས་པར་བྱའོ། །དེ་ལ་ཉོན་མོངས་པའི་བདུད་ནི། སྣ་ཚོགས་མདོག་གདོང་གཅིག་པ་ལ་ལག་པ་གཉིས་པ། ལག་པ་གཉིས་ཀྱིས་ཞགས་པ་བཟུང་པའོ། །ལྷའི་བུའི་བདུད་ནི། མདོག་སྔོ་བསངས་རང་གཟུགས་ཉམས་ཀྱིས་ཕྱུག་ཅིང་ལག་པ་གཉིས་ཀྱིས་མེ་ཏོག་གི་མདའ་དང་གཞུ་འཛིན་པའོ། །ཕུང་པོའི་བདུད་ནི། མདོག་ནག་པོ་ལག་པ་གཉིས་ཀྱིས་དགྲ་སྟ་དང་ཞགས་པ་འཛིན་པའོ། །འཆི་བདག་གི་བདུད་མདོག་དམར་པོ། །མཆེ་བ་གཙིགས་པའི་གདོང༌། ལག་པ་གཉིས་ཀྱིས་དབྱུག་པ་འཛིན་པ་སྟེ། འདི་རྣམས་སྟན་དུ་བཏིང་ནས་གནས་པར་བསམ་མོ། །འོ་ན་ཅི་ལྟར་ན་འདི་རྣམས་ཀྱི་གཟུགས་བསྒོམ་པར་གསུངས་ཤེ་ན། བདེན་ཏེ། རང་བཞིན་པ་ནི་མ་ཡིན་གྱི་མིའི་སྐྱེ་བར་ཡིད་ཆེས་པའི་ཡིད་ཆེས་དེ་རྣམ་པར་གཞོམ་པའི་སླད་དུ་འདི་རྣམས་ཀྱི་གཟུགས་བརྟག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གདན་གསུངས་ནས། གཽ་རཱི་ལ་སོགས་པ་རྣམས་ཀྱི། རྒྱས་པར་གསུངས་པ། ཚངས་པ་དབང་པོ་ཉེ་དབང་དྲག །ཅེས་པ་ལ་སོགས་པ་སྟེ། ཚངས་པ་ལ་སོགས་པ་ལྷ་བརྒྱད་པོ་འདི་རྣམས་ཀྱི་གདོང་དང་ལག་པ་དང་དབྱིབས་དང་མཚོན་ཆ་འཛིན་པ་རྣམས་ནི། འཇིག་རྟེན་དུ་ཇི་ལྟར་རབ་ཏུ་གྲགས་པ་དེ་ཁོ་ན་ལྟར་འདབ་མ་བརྒྱད་པོ་རྣམས་སུ་


DTG009_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་བྱའོ་ཞེས་པ་ཁང་པ་བརྩེགས་པ་ཡང་རྣམ་པར་བསྒོམ་པར་བྱ་སྟེ། སརྦྦ་ཏ་ཐཱ་ག་ཏ་ནཱི་ལ་ཡ་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་པ་འདིས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་ཡན་ལག་དང་པོ་ཁོང་དུ་ཆུད་པར་བྱའོ། །ད་ནི་གཟུགས་འོད་གསལ་བ་ལ་སོགས་པའི་མཚན་ཉིད་རང་གི་སེམས་ལ་སོ་སོར་བརྟག་པའི་ཕྱིར་གསུངས་པ། ཨཱ་ལི་ཀཱ་ལི་ཟླ་ཉིའི་དབུས། །ཞེས་པ་ལ་སོགས་པ་སྟེ། ཨཱ་ལི་ཡོངས་སུ་གྱུར་པའི་ཟླ་བའི་གཟུགས་ཀྱིས་ཨཱ་ལི་ཟླ་བའོ། །ཀཱ་ལི་ལས་ཉི་མ་ནི་ཀཱ་ལི་ཉིའོ། །དེ་དག་ཡང་དག་པར་སྦྱར་བའི་དབུས་སུ་ཧཱུཾ་ཡིག་དང་ཨཾ་ཡིག་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ས་བོན་གཉིས་བསམ་པར་བྱའོ། །གང་གི་ས་བོན་བསྒོམ་པར་བྱ་ཞེ་ན། གསུངས་པ། དེ་དག་གིས། །ཐོད་པ་དང་གྲི་གུག་སྤྲོ་བར་བྱའོ། །ཅི་ལྟར་གྱུར་པ་ཞེ་ན། རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པ་སྟེ། མཚན་མ་གཉིས་པོ་རང་གི་རྒྱུས་མཚན་པ་ཞེས་པའི་དོན་ཏོ། །གསུངས་པ། འབྲས་བུ་ལ་ནི་རྒྱུས་རྒྱས་བཏབ། །རྒྱུ་ལ་འབྲས་བུས་རྒྱས་བཏབ་པོ། །ཞེས་སོ། །འདིར་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འདིས་ཟླ་བ་དང་ཉི་མའི་ས་བོན་བསྒོམས་པའི་དགོངས་པ་ཅི་ཡིན་ཞེ་ན། དགོས་པ་གསུངས་པ། དེ་ལ་རྣམ་ལྔ་མངོན་བྱང་ཆུབ། །རྣལ་འབྱོར་རིག་པས་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་སྟེ་དེར་ཟླ་བ་དང༌། ཉི་མ་དང༌། ས་བོན་དང༌། མཚན་མ་དང༌། རང་གི་གཟུགས་སུ་སྟེ། རྣམ་པ་ལྔ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་སངས་རྒྱས་ཉིད་དུ་རྣལ་འབྱོར་རིག་པས་བསྒོམ་པར་བྱའོ། །སྦྱོར་བར་བྱེད་པས་ན་རྣལ་འབྱོར་ཏེ། ཐ་མལ་པའི་ཕུང་པོ་ལ་སོགས་པ་རྣམས་འཇིག་རྟེན་ལས་འདས་པའི་འདུ་བྱེད་ཀྱི་ཁྱད་པར་གྱིས་སྤྱོད་པར་འགྱུར་རོ་ཞེས་པ་རྣལ་འབྱོར་རིག་གོ །དེས་མངོན་པར་བྱང་ཆུབ་པ་བསྒོམ་པར་བྱ་ཞེས་དགོངས་སོ། །འོ་ན་ཐ་མལ་པའི་ཕུང་པོ་ལ་སོགས་པ་རྣམས་ཅི་ལྟར་ན་སྦྱངས་ཤིང་སྐྱེས་པ་ཡིན་ཞེ་ན། བཤད་པའི་རྒྱུད་ལས་གསུངས་པ་


DTG009_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། གང་དག་གང་གིས་འཕེལ་བར་འགྱུར་བ་དེ་རྣམས་དེ་ལ་མ་བཀག་པར་གྱུར་པ་ཡིན་ཞེ་ན། བུད་ཤིང་བསྲེགས་པའི་ཚུལ་གྱིས་སོ། །ཞེས་པ་དང༌། ཕུང་པོ་འདི་རྣམས་སངས་རྒྱས་འདི། །ཡེ་ཤེས་རྣམས་ནི་རིགས་འདི་རྣམས། །ཐ་མལ་ལུས་ཅན་འདི་རྣམས་ནི། །མེ་ལོང་ལ་སོགས་རབ་ཏུ་གྲགས། །ཞེས་གསུངས་པ་ལས་སོ། །འོ་ན་འདི་རྣམས་མེ་ལོང་ལ་སོགས་པ་གང་རྣམས་ཀྱིས་མངོན་པར་བྱང་ཆུབ་པ་ཡིན་ཞེ་ན། མེ་ལོང་མཉམ་ཉིད་ཡེ་ཤེས་དག །ཟླ་ཉི་དག་ཏུ་རབ་ཏུ་གྲགས། །ཞེས་བྱ་བ་གསུངས་ཏེ། ཀུན་དུ་མཐོང་བར་བྱེད་ཅིང་ཡིད་ཆེས་པར་བྱེད་པའི་གཟུགས་བརྙན་ལས་གཞན་མ་ཡིན་པའི་རྣམ་པས་དངོས་པོ་རྣམས་འདིར་ཀུན་དུ་མཐོང་ངོ་ཞེས་པས་མེ་ལོང་གི་ཆོས་དང་བཅས་པ་ཉིད་ཀྱི་ཕྱིར་མེ་ལོང་ནི་ཟླ་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུགས་བརྙན་དང་མཐུན་པ་ནི་མེ་ལོང་གི་ཡེ་ཤེས་གཟུགས་ཀྱི་ཕུང་པོའོ། །དེ་རྣམ་པར་དག་པ་ལས་ཨཱ་ལི་ཉིས་འགྱུར་གྱི་རང་བཞིན་ཟླ་བ་སྟེ། འོད་གསལ་བའི་སེམས་སུ་བཤད་པ་མྱ་ངན་ལས་རྣམ་པར་གྲོལ་ཞིང་རྣམ་པར་རྟོག་པའི་རབ་རིབ་སེལ་བ་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པ་ཟླ་བ་ལྟ་བུའི་སེམས་ནི་ཟླ་བའོ། །ཆོས་རྣམས་ཀྱི་གཟུགས་བརྙན་གྱི་རྣམ་པས་མཚུངས་པའི་དངོས་པོ་མཉམ་པ་ཉིད་དེ། མི་འདྲ་བ་མ་ཡིན་པ་རོ་གཅིག་པའི་ཚོར་བའི་ཕུང་པོའོ། །བར་མེད་པར་སེམས་ཅན་གྱི་དོན་མཛད་པ་ལས་ཀ་ལ་སོགས་པའི་གསལ་བྱེད་ཉིས་འགྱུར་གྱིས་བརྒྱན་པ་ཉི་མ་ལྟ་བུའི་སེམས་ནི་ཉི་མ་སྟེ། མི་ཤེས་པའི་མུན་པ་སེལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང༌། སེམས་ཅན་རྗེས་སུ་འཛིན་བྱེད་པའི། །སྙིང་རྗེ་རྒྱུན་དུ་ཡང་དག་འབྱུང༌། །དགེ་ཆོས་རྣམས་ཀྱིས་ཀུན་དུ་གང༌། །ཉོན་མོངས་ཐམས་ཅད་ངེས་གནོན་བྱེད། །ཅེས་སོ། །ལྷ་ཡི་ས་བོན་ཕྱག་མཚན་གྱིས། །ཞེས་པ་ལ། ཐབས་དང་ཤེས་རབ་དག་གཉིས་སུ་མེད་པ་ཉིད་ལས་ས་བོན་ཞེས་པ་གཅིག་ཚིག་གོ །ས་བོན་ནི་ཕྱི་ནས་འཆད་པར་འགྱུར་བའི་ལྷ་རྒྱུའི་ཧེ་རུ་ཀ་དང༌། ལྷ་རྣམས་ཀྱི་མཚན་མ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་མཚན་ཉིད་དུ་བརྗོད་པར་བྱ་སྟེ་བཤད་


DTG009_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དོན་ནི་འདི་ཡིན་ཏེ། རང་གི་ས་བོན་ཡོངས་སུ་གྱུར་པའི་རང་གི་མཚན་མ་ནི། ཀུན་དུ་བཟང་པོའི་སྤྱོད་པ་བླ་ན་མེད་པ་ཀུན་དུ་སངས་རྒྱས་པའི་སའི་མཚན་ཉིད་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་གཟུགས་ཏེ། བསམ་པ་སྣ་ཚོགས་པའི་གདུལ་བྱའི་སེམས་ཅན་གྱི་ཕུང་པོ་ལ་སོ་སོར་རྟོག་པའི་ཕྱིར་སོ་སོར་རྟོག་པ་ཞེས་པའི་དོན་ཏོ། །ཡང་གསུངས་པ། བྱང་ཆུབ་སྤྱོད་དང་དེ་བཞིན་ས། །ཡེ་ཤེས་དག་པ་ཟག་པ་མེད། །དེ་ནི་དཀྱིལ་འཁོར་གཉིས་དབུས་གནས། །དེ་ནི་རང་གི་མཚན་མར་བལྟ། །ཞེས་སོ། །ཐམས་ཅད་གཅིག་ཉིད་ནན་ཏན་ཏེ། །ཞེས་པ་ནི། ཟླ་བ་དང་ཉི་མ་དང་ས་བོན་རྣམས་ཐ་དད་མེད་པའི་གཟུགས་ནི། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་མ་སྐྱེས་ཤིང་མ་བྱས་པ་རྟེན་མེད་པ་ཆོས་ཀྱི་སྐུར་བཤད་དེ། དེ་ལ་སེམས་ཅན་གྱི་ཁམས་རབ་ཏུ་གནས་པའི་ཕྱིར་ན་བྱ་བ་ཡིན་ལ། དེའི་རྗེས་སུ་གནས་པའི་ཕྱིར་ན། བྱ་བ་ནན་ཏན་ཏེ། ཐ་མལ་པའི་འདུ་བྱེད་ལོག་པའོ། །ནན་ཏན་ཞེས་པ་འདིར་ཚིག་སྔ་མ་ཕྱིས་པ་སྟེ། བདེན་འཇིགས་ལ། འཇིགས་པ་ལྟ་བུའོ། །དེས་ན་ནན་ཏན་ཞེས་གསུངས་པས་བྱ་བ་ནན་ཏན་ཞེས་གསུངས་པ་ཡིན་ནོ། །དེ་སྐད་དུ་ཡང་གསུངས་པ། སངས་རྒྱས་རྣམས་ཀྱི་སྐུ་གང་ཞིག །སྣང་བ་མེད་ཅིང་རྟེན་མེད་པ། །མ་སྐྱེས་མ་བྱས་དག་པ་སྟེ། །དངོས་མེད་ལ་སོགས་རྣམ་པར་སྤངས། །མི་ཆོད་དབྱེར་མེད་གཟུང་དུ་མེད། །ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ། །ཞེས་སོ། །རྫོགས་པ་དག་པའི་ཆོས་ཉིད་དོ། །ཞེས་པ་ལ། རྫོགས་པ་ནི། བཞིངས་པ་སྟེ། བཅོམ་ལྡན་འདས་དཔལ་རྒྱུའི་རྡོ་རྗེ་གདུལ་བྱའི་སྐྱེ་བོ་དང་རྗེས་སུ་མཐུན་པ་ལོངས་སྤྱོད་རྫོགས་པའི་སྐུར་བཤད་པའི་རྣམ་པར་རྫོགས་པའོ། །དེ་ཡང་དག་པའི་ཆོས་ཉིད་དོ། །ཞེས་པ་འདིར་སྔ་ཕྱིའི་ཚིག་རྐང་པ་བཞིས་བསྡུས་པས་དག་པའི་ཆོས་ཉིད་དེ། ཤིན་ཏུ་དང༌། རྣམ་པར་ཞེས་པའི་ཚིག་སྔ་མ་གཉིས་ནི་དག་པ་ཞེས་པའི་རུས་པ་ཉིད་ལས་གཟུང་བར་བྱ་ལ། ཉིད་ཅེས་པའི་སྐྱོན་ཡོད་པ་ཙམ་གྱི་དོན་དུ་ཡིད་ཆེས་པས་ན། དབྱིངས་ཀྱི་ཡེ་ཤེས་ཀྱི་སྒྲ་ཡང་གཟུང་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་


DTG009_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡེ་ཤེས་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུ་ཞེས་པའི་དོན་ཏོ། །ཡང་གསུངས་པ། བཅོམ་ལྡན་འདས་ཀྱི་སྒྲུབ་པ་པོ། །གཟུགས་བརྙན་བསྒོམ་བྱར་སྨྲ་བ་ཅི། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ཞེས་སོ། །འདི་རྣམས་ཀྱིས་ནི། རྣམ་པ་ལྔ་རྣམས་ཀྱིས་རྫོགས་པ་ཉེ་བར་བསྔགས་པ་ཡིན་ནོ། །ཡང་གསུངས་པ། སྐུ་དང་དེ་བཞིན་གསུང་གི་ཡང༌། །གསང་བ་སྤྱོད་ཡུལ་དེ་ཉིད་རྟོགས། །རྣམ་ལྔ་མངོན་པར་བྱང་ཆུབ་པ། །རྣམ་པ་ཐམས་ཅད་མཆོག་ཏུ་མཛེས། །ཞེས་སོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ནི་ཇི་ལྟར་འགྱུར་ཞེ་ན། སྤྲོ་དང་བསྡུ་བ་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞུ་བའི་གཟུགས། ཐོག་མ་དང་ཐ་མ་མེད་པ་རང་བཞིན་གྱིས་འོད་གསལ་བའི་གཟུགས་ལས། འོད་ཟེར་གྱི་ཕྲེང་བ་རྣམས་ཀྱིས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམ་པར་བྱ་ཞིང་འོད་ཟེར་སྤྲོས་པས་སེམས་ཅན་གྱི་ཁམས་མ་ལུས་པ་སྦྱངས་ནས་དེ་ཉིད་དུ་བསྡུ་བར་བྱའོ་ཞེས་པའི་དོན་ཏོ། །གདོང་མ་ནས་མ་སྐྱེས་པ་ཉིད་ཀྱིས་མི་ཕྱེད་པ་ནི་རྡོ་རྗེའོ། །སེམས་དཔའི་རྒྱུ་ཉིད་ཀྱི་ཕྱིར་སེམས་དཔའ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ནི་རྡོ་རྗེ་སེམས་དཔའོ། །རང་ཉིད་འགྱུར་ཞེས་པ་ནི། དེའི་གཟུགས་སུ་འགྱུར་བ་སྟེ། རྣལ་འབྱོར་པའི་ཁྱད་པར་རོ། །དེས་ན་རྣལ་འབྱོར་པ་དེ་འདྲ་བར་འགྱུར་རོ་ཞེས་གསུངས་སོ། །ཅིའི་རྣམ་པར་འགྱུར་ཞེ་ན། ཕྱག་མཚན་ཞལ་སོགས་སྲས་བཞིན་ཏེ། །ཞེས་བྱ་བ་ལ། རིགས་རྒྱས་པར་བྱེད་པས་སྲས་ཏེ། འབྲས་བུ་ཀྱེ་རྡོ་རྗེ་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ཡང་ཐབས་སྣ་ཚོགས་པ་རྣམས་ཀྱིས་སྣ་ཚོགས་པའི་སེམས་ཅན་གྱི་རྒྱུན་རྒྱས་པར་བྱེད་པས་ན། སྲས་ཀྱི་བྱ་བ་བྱེད་པའི་ཕྱིར་རོ། །སྲས་ཏེ་དེ་དང་འདྲ་བའི་ཕྱག་མཚན་དང༌། །ཞལ་ལ་སོགས་པ་རྣམས་ཀྱིས་ཉེ་བར་མཚོན་པར་བྱའོ། །ཁྱད་པར་ནི། ཟླ་བ་ཆུ་ཤེལ་ནོར་བུའི་འོད།།


DTG009_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་སྟེ་སྐུ་མདོག་དཀར་པོའོ། །དེ་སྐད་དུ་ཡང་གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྡོ་རྗེ་སེམས་དཔར་བསམ་པར་བྱ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་སོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཀྱིས་སྣ་ཚོགས་པ་བསྐྱེད་པའི་སླད་དུ་ཐབས་དང་ཤེས་རབ་གཉིས་འདོད་ཆགས་ཆེན་པོས་སྙོམས་པར་འཇུག་པ་བསྟན་པའི་ཕྱིར། དགའ་བས་གཉིས་གཉིས་སྙོམས་འཇུག་པས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཞེས་པ་གསུངས་ཏེ། དགའ་བ་ནི་འདོད་ཆགས་ཆེན་པོའོ། །དེའི་མཚན་མ་ནི། ཟླས་དབྱེ་བ་སྟེ། དབང་པོ་གཉིས་སྦྱོར་བའོ། །དེ་ལྟ་སྙོམས་པར་ཞུགས་པ་ནི་རྗེས་སུ་ཞུགས་པའོ། །དེ་ཡང་སངས་རྒྱས་ནི། །འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་བསྡུ་བར་བྱ་ཞེས་པ་ནི། ཤེས་རབ་དང་ཐབས་རྣམ་པར་དག་པས་ཉེ་བར་དམིགས་བཞིན་པ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ། དོན་དམ་པའི་བདེ་བ་ཆེན་པོ་རྗེས་སུ་ཞུགས་པ་ཡོད་ན་རོ་གཅིག་པའི་གཟུགས་སུ་བྱེད་དོ་ཞེས་པའི་དོན་ཏོ། །རྒྱུད་དུ་ཡང་གསུངས་པ། བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི་བག་ཆགས་ཀྱིས། །སྲ་བ་གཏི་མུག་ཆོས་བདག་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་འདོད། །བྱང་སེམས་ཞུ་བ་གང་གིས་ན། །ཞུ་བ་ཆུ་ཡི་ཁམས་སུ་འདོད། །ཅེས་པ་ལ་སོགས་པ་ནི་གསང་ཆེན་ཉིད་ཀྱི་ཕྱིར་བདག་གིས་ནི་མ་བཤད་དོ། །ཡང་ན། དགའ་བས་གཉིས་གཉིས་སྙོམས་འཇུག་པས། །ཞེས་པ་ནི་གདུལ་བྱའི་སེམས་ཅན་འདོད་ཆགས་ཅན་གྱི་དོན་དུ་གསུངས་པ་མ་ཡིན་ཏེ། འདི་ཉིད་དུ། སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཞེས་པས་སོ། །འདོད་ཆགས་ཆེན་པོའི་སྒྲས་སངས་རྒྱས་རྣམས་བཀུག་སྟེ་ཞལ་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་ཕྱུང་སྟེ་ལྷ་མོའི་པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཞུ་བའི་གཟུགས་ཉིད་ཀྱིས་བསྡུ་བར་བྱ་ཞིང་གཅིག་ཏུ་འདྲེས་པར་འགྱུར་བར་བྱའོ་ཞེས་བྱའི་དོན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་བཛྲ།


DTG009_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝཱཏྨ་ཀོ྅ཧཾ། ཞེས་པ་ནི་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཏེ། ཡན་ལག་གཉིས་པའོ། །འོ་ན་སངས་རྒྱས་རྣམས་འདུས་ཤིང་བསྡུ་བར་བྱ་བ་ཁོ་ན་ཡིན་གྱི་སྤྲོ་བ་ནི་མ་ཡིན་པས། འཆད་པར་འགྱུར་བའི་ལྷ་མོ་རྣམས་བསྐྱེད་པར་མ་གྲུབ་པོ་ཞེ་ན། བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་བཅོམ་ལྡན་འདས་བདག་མེད་མའི་རྣམ་པ་མཱ་མ་ཀཱི་ནི་བསྒྲུབ་པར་བྱ་བ་ཡིན་ལ། ཐབས་བཅོམ་ལྡན་འདས་ཧེ་རུ་ཀའི་རྣམ་པ་རྡོ་རྗེ་འཆང་ནི་སྒྲུབ་པར་བྱེད་པའོ། །དེ་དག་གི་སྦྱོར་བ་ནི། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཉེན་པོར་གྱུར་པའི་ལྷ་ཉིད་ཀྱི་རྣམ་པའོ། །འབྱོར་བས་ན་སྦྱོར་བ་སྟེ། དེས་ན་སྲུབ་བྱེད་སྦྱོར་བ་ཡིས་ནི་ཉིད་པར་བྱ་བ་དང་ཉེད་པར་བྱེད་པའི་དངོས་པོས་ལྷར་རྫོགས་པ་གསུངས་པ་ཡིན་ནོ། །འོ་ན་ཅི་དོན་དམ་པ་ལས་འཕོ་བ་ལྷ་མོའི་འཁོར་ལོ་སྤྲོ་བ་ཡིན་ནམ་ཞེ་ན། བདེ་ཆེན་གོ་འཕང་ལ་བཞུགས་སོ། །ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོའི་རྒྱུ་ཉིད་ཀྱི་ཕྱིར། །བདེ་བ་ཆེན་པོ་སྟེ་ཀུན་རྫོབ་བོ། །པདྨར་བྱང་སེམས་རྣམ་པ་ལས། །ཞེས་པ་ལ་སོགས་པ་ལ། པདྨར་ནི། ཆོས་ཀྱི་དབྱིངས་སུའམ། གསང་བའི་པདྨའི་ཟེ་འབྲུའི་ནང་དུའོ། །བྱང་སེམས་རྣམ་པ་ནི། སངས་རྒྱས་ཐམས་ཅད་དང་པོར་ཞུགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞུ་བའི་གཟུགས་ཉིད་དུ་གྱུར་པའོ། །གཽ་རཱི་ལ་སོགས་རྣམ་པ་འཛིན། །ཞེས་པ་འདིས་ནི་འདོད་ཆགས་དང་ཞེ་སྡང་སྐྱེ་བ་དང་ལྡན་པའི་སེམས་ཅན་འདུལ་བར་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང་གསུངས་པ། བུད་མེད་རྣམ་པས་འཇིག་རྟེན་དབང༌། །ཁྲོ་བོའི་རྣམ་པས་སྐྲག་པར་བྱེད། །ཅེས་སོ། །འདི་ཉིད་ནི། ཁྱབ་འཇུག་གི་འཇུག་པ་ལ་ཞུགས་པ་རྣམས་ཁྲོས་པས་དགུག་པ་དང༌། སྡིག་པ་ཅན་གྱི་སྐྱེ་བོ་དགུག་པར་བསྟན་པ་ཡིན་ནོ། །དེ་ནས་གཽ་རཱི་སྐུ་མདོག་གནག །གྲི་གུག་དང་ནི་ཉ་འཛིན་པ། །ཞེས་བྱ་བ་ནས་བརྩམས་ཏེ། །གཡོན་པས་རྡོ་རྗེ་དང་བཅས་པའི། །སྡིགས་མཛུབ་མཛད་པ་བསམ་པར་བྱ། །ཞེས་པའི་བར་དུ་གོ་སླའོ། །གཾ་ཙཾ་བཾ་ཞེས་པ་ལ་སོགས་ནི། གཾ་ཙཾ་ལ་སོགས་


DTG009_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་བོན་བརྒྱད་པོ་འདི་རྣམས་ཀྱིས་དབྱུང་བར་བྱ་ཞེས་པ་དབང་པོ་དམན་པ་ལ་ལྟོས་ནས་གསུངས་པ་ཡིན་ཏེ། སེམས་ཀྱི་ཐིག་ལེའི་འོད་དང་ཁ་དོག་རྣམས་ཀྱང་བསམ་པའི་དབྱེ་བས་སྤྲོས་པའི་ཕྱིར་རོ། །གང་ལས་དབྱུང་བར་བྱ་ཞེ་ན། གནས་ཀྱི་ཁྱད་པར་གསུངས་པ། ཀཀྐོ་ལ་ལས་རིམ་ཇི་བཞིན། །ཞེས་པ་ལ་སོགས་པ་སྟེ། ཀཀྐོ་ལ་ལས་ནི་གསང་བའི་པདྨ་ལས་སོ། །རིམ་ཇི་བཞིན་ནི། །ཤར་ལ་སོགས་པའི་ཕྱོགས་ཀྱི་རིམ་པས་སོ། །གར་གྱིས་ནི། འགྲོ་བའི་དོན་བྱེད་པའི་སླད་དུ་རྡོ་རྗེ་འཆང་གི་བཀའ་ཐོབ་ན། དགའ་བ་ཡང་དག་པར་སྐྱེས་པ་ཞེས་པའི་དོན་ཏོ། །རོ་ཡི་སྟེང་དུའོ་ཞེས་པ། ཚངས་པ་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་སྟེང་དུ་སྤྲོ་བར་བྱའོ་ཞེས་འབྲེལ་ཏོ། །འོ་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྣམས་ཅི་ལྟར་གཾ་ཙཾ་ལ་སོགས་པ་ལས་སྤྲོ་བར་བྱ་ཞེས་དོགས་ན། ལན་ནི་བཤད་པའི་རྒྱུད་ལས་གསུངས་པ་སྨྲས་པ། དང་པོར་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །རྡོ་རྗེས་རྗེས་ཆགས་བྱ་ཞིང་ཞུ། །དེ་ཡང་འཛག་བྱ་རྒྱལ་བར་འགྱུར། །ས་བོན་བརྒྱད་པོ་དེ་རྣམས་ནི། །དེ་བཞིན་གཤེགས་པའི་ཐིག་ལེ་རྣམས། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ། ཌཾ་ས་བོན་གྱིས་ལྷ་མོ་དབྱུང༌། །དབང་དཀར་གཤིན་རྗེར་ཆོམ་རྐུན་མ། །དེ་བཞིན་ཚུར་ནི་རོ་ལོངས་མ། །ལུས་དེ་ན་ལྷ་མོ་གྷ་སྨ་རཱི། །དེ་བཞིན་དབང་ལྡན་པུཀྐ་སཱི། །བྱིན་ཟའི་མཚམས་སུ་རི་ཁྲོད་མ། །བདེན་བྲལ་དུ་ནི་གཏུམ་མོ་གཟུགས། །གཡུང་མོ་ཡང་ནི་རླུང་དུ་སྟེ། །རིམ་པས་ལྷ་མོའི་འཁོར་ལོ་སྤྲོ། །ཞེས་སོ། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ། །ཞེས་པ་ནས། སྨིན་མ་སེར་སྐྱའོ་ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །འཁོར་ལོ་འདི་ལྟར་རྣམ་བསམས་ནས། །ཞེས་པ་ལ། འཁོར་ལོ་ནི་ལྷ་མོའི་འཁོར་ལོའོ། །འདི་ལྟར་རྣམ་བསམས་ནི་སྤྱན་གསུམ་ལ་སོགས་པའི་ཁྱད་པར་དུ་འཕགས་པ་བསམས་ནས་སོ། །སྤྲོས་ནས་གཙོ་བོ་དང་བཅས་པ་ཞུ་བ་ཞེས་སྦྲེལ་བར་བྱའོ། །དོན་ནི་འདི་ཡིན་ཏེ། དེ་ནས་མྱ་ངན་ལས་འདས་པ་འདོད་པས། རང་གི་སྙིང་གའི་འོད་


DTG009_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རྣམས་ཀྱིས་ནམ་མཁའ་ལ་གནས་པའི་ཧོཿཡིག་དམར་པོ་གཉིས་ཀྱི་ནང་དུ་ཆུད་པའི་དྲི་ཟའི་སེམས་ཅན་ཞལ་གྱི་ལམ་ནས་རིག་མའི་ནང་དུ་རབ་ཏུ་ཞུགས་པ་བསྒོམ་པར་བྱའོ། །ཡང་གསུང་པ། ལྷ་མོའི་པདྨར་བསམ་པར་བྱའོ། །འདི་ནི་དྲི་ཟའི་སེམས་ཅན་བཤད། །དྲི་ཟ་ཤིན་ཏུ་ཞུགས་པ་ན། །ཞུ་བར་སྟོང་པ་རྗེས་དྲན་བྱ། །ཞེས་སོ། །གཙོ་བོ་རིག་མར་བཅས་པ་དག །ཞུ་བས་འདོད་ཆགས་ཆེན་པོ་ལས། །ཞེས་པ་ལ། དེ་ནས་གཙོ་བོ་དང་བཅས་པ་སྟེ། ཁམས་གསུམ་གྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོའོ། །རིག་མ་ནི་དངོས་པོ་ཐམས་ཅད་རྣམ་པར་འབྱེད་པའི་མཚན་ཉིད་དོ། །བཅས་པ་སྟེ་གཉིས་སུ་མེད་པ་ཉིད་ཀྱིས་ཞུ་བ་ནི་འདམ་ཉིད་ཐོབ་པའོ། །གང་ལས་ཤེ་ན། འདོད་ཆགས་ཆེན་པོ་ལས་ཏེ། བདེ་བ་ཆེན་པོ་ལས་སོ། །རང་རིག་པའི་ཡེ་ཤེས་རྗེས་སུ་ཞུགས་པ་ལས་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན། འདོད་ཆགས་ཆེན་པོ་ནི། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱི་སྙིང་པོ་ཧོཿ་ཡིག་དམར་པོ་གཉིས་ཀྱི་བདག་ཉིད་དྲི་ཟའི་སེམས་ཅན་ནོ། །ཡང་གསུངས་པ། ཧོཿ་ཡིག་དམར་པོ་ལྟ་བུའི་ཡིག །སྙིང་པོར་སྐུ་གསུང་ཐུགས་གནས་པ། འདོད་ཆགས་མེ་ཡིས་ཞུ་གྱུར་པ། །སྐྱེས་བུ་བུད་མེད་ཞུ་བར་བརྗོད། །ཅེས་སོ། །སླར་ཡང་གསུངས་པ། བསྡུས་ནས་རྒྱལ་བའི་འཁོར་ལོ་སྤྲོ། །སྔགས་ཀྱི་ཡི་གེས་ཡང་དག་དབྱུང༌། །དྲི་ཟ་ཡང་དག་ཞུགས་པ་ན། །ཞུ་བ་ལྟུང་བ་རྗེས་དྲན་བྱ། །ཞེས་སོ། །བག་ཆགས་ཀྱི་དྲི་ཟའི་ཞེས་པ་དྲི་ཟ་སྟེ་བར་དོའི་སེམས་ཅན་ནོ། །དེ་རྗེས་སུ་ཞུགས་པས་ཞུ་བ་ཞེས་པའི་དོན་ཏོ། །འོ་ན་ཅི། ཁ་བ་ལྟ་བུའི་ལས་ཀྱང་དེ་ཡང་ཞུ་བ་ཡིན་ནམ་ཞེ་ན། ཞུ་བ་མར་གྱི་བུམ་པ་བཞིན། །ཞེས་བྱ་བ་གསུངས་ཏེ། ཞུ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་དང་བཅས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་སྤངས་པ་དོན་དམ་པའི་ཆོས་ཀྱི་སྐུར་བཤད་པའི་གོ་འཕང་ལ་རབ་ཏུ་ཞུགས་པ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་བའི་རླན་དེ་ཉིད་ལས་གཡོ་བ་མེད་པ་ཉིད་ཀྱིས་མར་གྱི་བུམ་པ་བཞིན་དུ་མཐོང་བའོ། །ཞུ་བར་གྱུར་ནས་ཡང་ཅི་ལྟར་སད་པར་


DTG009_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། དེ་མཐོང་པུཀྐ་སཱི་ལ་སོགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་པ་ནི། བཅོམ་ལྡན་འདས་རིག་མ་དང་བཅས་པ་ཞུ་བའོ། །མཐོང་ནས་སྤོས་མོ་སྔོན་ནི་སྤོས་མོ་ལ་སོགས་པ་གྲྭ་བཞིའི་ལྷ་མོ་ཚངས་པའི་གནས་པ་བཞིའི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སེམས་ལས་བྱུང་བའི་དགེ་བའི་ཆོས་ཀྱི་གཟུགས་རྣམས་སོ། །སྙན་པ་སྟེ་དང་བའི་གླུ་རྣམས་ཀྱིས་སེམས་ཅན་གྱི་དོན་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་བསྒྲིབས་པའི་སྐྱེ་བོ་སྒྲོལ་བའི་དོན་ཏེ་རྒྱུར་རབ་ཏུ་སད་པར་བྱེད་དོ། །སྐུལ་བར་བྱེད་པ་ནི་འདི་ལྟ་སྟེ། ཁྱོད་བཞིངས་རྗེ་བཙུན་སྙིང་རྗེའི་ཡིད། །ཅེས་བྱ་བ་ལ་སོགས་པ་སྟེ། བྱམས་པའི་རང་བཞིན་ཅན་པུཀྐ་སཱིས་བསྐུལ་བའོ། །སྙིང་རྗེའི་རང་བཞིན་ཤ་བ་རཱིས་བསྐུལ་བ་ནི། ཁྱོད་མེད་ན་ནི་བདག་འགུམ་པས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགའི་བའི་རང་བཞིན་ཙཎྜ་ལཱིས་བསྐུལ་བ་ནི། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཏང་སྙོམས་རང་བཞིན་ཌོམྦི་ནཱིས་བསྐུལ་བ་ནི། །བདག་གིས་ཐུགས་རྗེ་མིག་འཕྲུལ་ཤེས། །ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །ཨོཾ་ཧཱུྃ་དག་གིས་གྲི་གུག་དང༌། །ཞེས་པ་ལ་སོགས་པ་ལ། འདི་ལྟར་བསྐུལ་བ་ན། བཅོམ་ལྡན་འདས་ཞེས་པ་སྔོན་གྱི་སྨོན་ལས་རྗེས་སུ་དྲན་ཏེ། སྙིང་རྗེ་ལ་ཞུགས་པ། ཐུགས་ཀར་ཨཾ་ཡིག་དང་ཧཱུྃ་ཡིག་གིས་གྲི་གུག་དང་ཐོད་པའི་རྣམ་པའི་ཐབས་དང་ཤེས་རབ་ཀྱི་མཚན་མ་གཉིས་པོ་རྣམ་པར་བསམས་ནས། དེའི་འོད་ཟེར་གྱིས་མ་ལུས་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱངས་ཏེ། སངས་རྒྱས་ཉིད་དུ་རབ་ཏུ་བཞག་ནས་བཀུག་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་མཚན་མ་དེ་ཉིད་དུ་བཞུད་ཅིང་སྤྲོས་ཏེ། གྲི་གུག་དང་ཀཱ་པ་ལའི་རྣམ་པ་ལས་རང་གི་ལྷའི་རྣམ་པ་དང་ཁྲོ་བོའི་གདན་དང༌། ཕྱག་རྒྱ་དང༌། བདུད་ལ་བཞོན་པ་རྣམས་ནི། ཞུ་བའི་གཟུགས་ལས་སོ་ཞེས་པའི་དོན་ཏོ། །དབུས་སུ་རྐང་མཐིལ་བརླ་དང་ལྡན། །གཡོན་པའི་རྐང་རྩེ་སྣ་ཚོགས་ས། །མ་


DTG009_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་ཤིང་ནི་མ་ལོག་པས། །ཕྱག་རྒྱ་ཁྲོ་བོའི་གདན་དུ་བརྗོད། །ཅེས་གསུངས་པ་ལས་སོ། །བཅོམ་ལྡན་འདས་འབྲས་བུ་ཀྱེའི་རྡོ་རྗེ་འདི་ཅི་ལྟ་བུ་ཞེ་ན། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཞལ་བརྒྱད་དོ། །བསྡུ་བའི་ཞབས་ཀྱིས་འགྲོ་བའི་ཕྱིར་ཞབས་བཞིའོ། །བཅུ་དྲུག་ཕྱག་གིས་བརྒྱན་པ་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །ཉི་ཤུ་རྩ་བཞིའི་སྤྱན་གྱིས་ཕྱུག་པ་ནི། །ཡེ་ཤེས་གསུམ་གྱི་རང་བཞིན་གྱི་སྤྱན་གསུམ་གྱིས་སོ་སོ་ལ་མཛེས་པ་ཉིད་ཀྱི་ཕྱིར་རོ། །གཟུགས་དང་གཟུགས་མེད་པར་རྟོགས་པ་ཉོན་མོངས་པ་ཟ་བའི་ཕྱིར་སྟིང་གི་ཞལ་རྣམ་པར་གཙིགས་པ་ཞེས་པའི་དོན་ཏོ། །གཡས་སུ་ཡང་ནི་དཀར་བའི་ཞལ་ནི། །གཡས་པ་ཐབས་ཀྱི་ཆ་སྟེ། །སྐུ་རྡོ་རྗེ་ཉིད་ཀྱི་ཕྱིར་དཀར་པོའོ། །གཡོན་པ་ཤེས་རབ་ཀྱི་ཆ་གསུང་རྡོ་རྗེ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དམར་པོ་སྟེ། དེ་བསྒོམ་པར་བྱ་ཞེས་འབྲེལ་ཏོ། །སྤྱི་བོར་ཞེས་པ་ལ་སོགས་པ་ལ། སྣ་ཚོགས་རྡོ་རྗེ་ནི་བྱ་བ་ནན་ཏན་ཡེ་ཤེས་ཏེ། སྤྱི་བོར་ཐོགས་པ་ཞེས་པའི་དོན་ཏོ། །མགོ་བོའི་མེ་ཏོག་ཅེས་པ་ལ་སོགས་པ་ནི། འདུ་བྱེད་ལྔ་བཅུ་རྩ་གཅིག་གི་མགོ་བོ་བཅད་ནས་ཁྱད་པར་འཕགས་པའི་འདུ་བྱེད་ཉེ་བར་མཚོན་པའི་མགོ་བོའི་མེ་ཏོག་གི་ཕྲེང་བས་བརྒྱན་པ་སྟེ་སྤྲས་པ་ཞེས་པའི་དོན་ཏོ། །ལྷ་ཡི་ཞེས་པ་ལ་སོགས་པ་ནི། ལྷ་ནི་དཔལ་ཧེ་རུ་ཀ་སྟེ། དེ་བཞིན་གཤེགས་པ་ལྔ་རྣམས་འཆད་པར་འགྱུར་བའི་ཕྱག་རྒྱའི་རྣམ་པས་འཛིན་པར་བྱེད་དོ་ཞེས་པའི་དོན་ཏོ། །སྤྱི་བོར་ཐོད་པ་བྱས་པའོ། །ཞེས་པ་ཀཾ་ནི་བདེ་བ་ཆེན་པོ་སྟེ། དེ་སྐྱོང་བར་བྱེད་དོ་ཞེས་པ་ཀ་པཱ་ལ་སྟེ་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམ་པར་དག་པ་ལས། །ཐོད་པའི་དུམ་བུ་སྟེ་སོར་མོ་ལྔ་རྣམས་ཀྱིས་སྤྱི་བོར་རྣམ་པར་བཀྲ་བའི་ཅོད་པན་བྱས་པའོ། །སྒེག་པ་ལ་སོགས་རོ་དང་ལྡན། །ཞེས་པ་ལ་སོགས་པ་ལ། སྒེག་པ་ལ་སོགས་པ་རྣམས་ཀྱིས་སྙིང་སྟོབས་ཅན་གྱི་དངོས་པོས་སྒེག་པ་ལ་སོགས་པ་སྐྱེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀུན་འདུལ་བར་བསྟན་པ་ཡིན་ནོ། །སྐུ་མདོག་གནག་ཅིང་ཞེས་པ་ལ་


DTG009_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི། ཁ་དོག་ཐམས་ཅད་དང་བྲལ་བ་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་སྐུ་མདོག་ནག་པོའོ། །འདི་ཉིད་ནི་ཤིན་ཏུ་འཇིགས་ཏེ། བྱིན་པའི་སྐྱེ་བོ་སྐུག་པར་བྱེད་པའོ། །འཁོར་ལོ་རྣ་ཆ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་རྒྱན་འདོད་པའི་སྐྱེ་བོ་དགའ་བ་སྐྱེད་པར་བྱེད་པའི་རྒྱན་དང་ལྡན་པས་མི་དགེ་བའི་ཆོས་མི་འཇུག་པར་བསྟན་པ་ཡིན་ནོ། །རྒྱུད་དུ་ཡང་གསུངས་པ། བླ་མ་སློབ་དཔོན་འདོད་ལྷ་ལ། །གུས་པའི་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་ལ་ཡང༌། །རྣ་བར་རྣ་ཆ་རླུང་དག་གི །སྔགས་བཟླས་མགྲིན་པའི་རྒྱན་ཡིན་ནོ། །གདུ་བུ་སྲོག་ཆགས་གསོད་པ་སྤངས། །ཕྱག་རྒྱ་བསྟེན་ཕྱིར་སྐ་རགས་སོ། །འཁོར་ལོའི་རྣམ་པས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲིང་བ་རིན་ཆེན་དབང༌། །ལག་གདུབ་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། །ཞེས་སོ། །དེ་ལྟར་བརྒྱན་པའི་བཅོམ་ལྡན་འདས་སྔར་བཤད་པའི་དུས་ཀྱི་རྒྱབ་ཏུ་ཞུགས་ནས་ལྷ་དང་ལྷ་མིན་སྡིགས་པར་མཛད་དེ། །གདུག་པ་འདུལ་བར་བྱེད་པ་ཉིད་ངེས་པར་གསུངས་པ་ཡིན་ནོ། །སྐྱིལ་ཀྲུང་ཕྱེད་པའི་ཞེས་པ་ལ་སོགས་པ་ལ། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ལ་གནས་པར་བྱེད་པའི་བྱེ་བྲག་གིས་དང༌། གར་གྱིས་བཞུགས་པ་ནི། སངས་རྒྱས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་གར་རོ། །ཕྲག་པར་འཁྱུད་པའི་བདག་མེད་མ། །ཞེས་བྱ་བ་ལ་སོགས་པ་ལ། །བདག་མེད་མའི་དངོས་པོ་ནི་བདག་མེད་མ་སྟེ། དེ་ཉིད་ཤེས་རབ་ཀྱི་མཚན་ཉིད་ཀྱི་ཕྱིར་བུད་མེད་ཉིད་དོ། །དེས་ཕྲག་པར་འཁྱུད་པ་སྟེ་མགྲིན་པ་ལའོ། །དེ་དེ་ལྟ་བུར་བརྗོད། ཇི་སྐད་དུ་བརྗོད་པར་འགྱུར་ཞེ་ན། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དོན་དམ་པའི་ཡེ་ཤེས་ཁྱབ་པའི་སྐུ་སྟེ་དོན་དམ་པའོ། །སླར་ཡང་ཀུན་རྫོབ་ཀྱི་རྣམ་པས་བདག་མེད་མར་ཅི་ལྟར་འགྱུར་ཞེ་ན། གཡོན་ན་ཐོད་པ་ཁ་ཊྭཱཾ་ག །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་མེད་ཅིང་སྤྲོས་པ་མེད་པའི་རང་བཞིན་དུ་ཡོད་པ་ནི་གདུལ་བྱ་དང་རྗེས་སུ་མཐུན་པ་ལས་དབང་པོའི་མཚོན་ཆ་གཞན་དུ་རྣམ་པ་དང་བཅས་པའོ།།


DTG009_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་དང་ཁ་ཊྭཱཾ་ག་དང་གྲི་གུག་འཛིན་པ་ནི་གཡོན་དང་གཡས་ཀྱི་ཕྱག་མཛེས་པའོ། །ཐོད་པ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་ནི་རྒྱུད་དུ་གསུངས་པ་ལས་ཤེས་པར་བྱའོ། །བདག་མེད་མ་ནི་ཨོཾ་ཡིག་རྣམ་པར་དག་པ་ཉིད་ཀྱིས་སྐུ་མདོག་ནག་མོ་སྟེ། གདུག་པ་འདུལ་བའི་ཕྱིར། རབ་ཏུ་འཇིགས་པའོ། །རང་རིག་པའི་ཐར་པའི་སྒོར་བརྩན་པའི་རྒྱུ་ཉིད་ཀྱི་ཕྱིར་ལྷ་མོར་གྱུར་ཞེས་པ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་དགོངས་པ་ཡིན་ནོ། །རྗེ་བཞིན་རྒྱན་དང་ལྡན་པའོ། །ཞེས་པ་འདིས་ནི། དེའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དང་དབྱེར་མེད་པའི་གཟུགས་ཉིད་དུ་བསྟན་པ་ཡིན་ནོ། །རྗེའི་མཚོན་ཆའི་ཁྱད་པར་རྟོགས་པར་བྱ་བའི་ཕྱིར། གླང་པོ་རྟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ནི་ནད་ཉེ་བར་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར། །གསོལ་བར་བྱེད་ཅིང༌། །ཐོད་པ་བརྒྱད་པོ་ཤ་མེད་ཅིང་ཁྲག་མེད་པ་ཉིད་ལས་དམིགས་པ་མེད་པའི་ཡན་ལག་ཏུ་གྱུར་པ་རྣམས་སུ་བཞག་ནས་སོ། །སྐྲག་པ་ནི་དཔའ་བོ་མ་ཡིན་པ་སྟེ། འཆང་བ་ནི་འཛིན་པར་མཛད་པ་ཞེས་པའི་དོན་ཏོ། །གཡས་ཞེས་པ་ཕྱག་རྣམས་ཀྱིས་ཏེ། འཇིག་རྟེན་པའི་ཐ་སྙད་ལས་གྲུབ་པ་སྟེ། འཇིག་རྟེན་ཇི་བཞིན་བསྟན་བཅོས་སོ། །ཞེས་གསུངས་པའི་ཕྱིར་རོ། །ས་དང་ཆུ་ཞེས་པ་ལ་སོགས་པ་ནི། ས་ལ་སོགས་པ་ནས་གནོད་སྦྱིན་གྱི་མཐར་ཐུག་པ་རྣམས་ནི། དབང་ཕྱུག་བརྒྱད་ཀྱི་རང་བཞིན་རྣམས་ཏེ། དེ་རྣམས་སེམས་ཅན་གྱི་བསམ་པ་ཡོངས་སུ་སྦྱིན་པ་ལས་ནི་སྦྱིན་པར་བྱེད་པ་ཡིན་གྱི་འབྲས་བུ་ནི་མེད་དོ་ཞེས་བྱ་བའི་མུ་སྟེགས་པའི་འདོད་པ་ཡོངས་སུ་དོར་ནས་འབྲས་བུ་ལ་ལྟོས་པ་མེད་པས་སམ། གྲུབ་པའི་གཏོང་བ་དང་སྦྱིན་པ་པོའི་མཚན་ཉིད་རབ་ཏུ་བསྟན་པའོ་ཞེས་པའི་དོན་ཏོ། །གླང་པོ་ལ་སོགས་པ་དང༌། ས་ལ་སོགས་པའི་ཡང་རྣམ་པར་དག་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲང་བར་བྱ་སྟེ། དེ་སྐད་དུ་ཡང་གསུངས་པ། གླང་སོགས་སེམས་ཅན་རྣམས་ཀྱིས་ནི། །རླུང་ནད་ཉེ་བར་ཞི་ཕྱིར་ཏེ། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཟད་བྱེད་མཛེ་དང་རྐང་འབམ་དང༌། །མཆེར་བ་མཆིན་པའི་རང་བཞིན་གྱིས། །གླང་པོ་ལ་སོགས་རབ་ཏུ་གྲགས། །ས་ལ་སོགས་པ་བརྒྱད་ཉིད་


DTG009_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། །དབང་ཕྱུག་བརྒྱད་དུ་རབ་ཏུ་གྲགས། །ཞེས་པ་ལ་སོགས་པ་གསུངས་པ་ལས་སོ། །སྤྱན་དམར་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་དང་ཆགས་པ་དང་དགའ་བའི་དེ་ཉིད་ལས་སྤྱན་དམར་པོའོ། །སེར་སྐྱ་ནི། ཤིན་ཏུ་འོད་གསལ་བ་ཉིད་ཀྱི་སྨིན་མ་གང་གི་ཡིན་པ་སྟེ། འདིར་ཅན་ཡིག་ནི་བསྡུ་བའི་མཐའོ། །མགོ་སྐྱེས་གྱེན་དུ་འབར་བའོ་ནི་གང་གི་མགོ་སྐྱེས་གྱེན་དུ་འབར་བ་དེ་ལྟ་བུར་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། ཐུགས་ཀྱི་རྡོ་རྗེའི་སྟེང་དུ་ཡེ་ཤེས་སེམས་དཔའི་འོད་ཀྱི་ཤུགས་ཀྱིས་སྤྲོས་ཤིང་བཏེག་པའི་སྣང་བའོ་ཞེས་པའི་དོན་ཏོ། །དེ་ནས་རྣལ་འབྱོར་རང་ཉིད་འགྱུར། །ཞེས་པ་ལ་སོགས་པ་ལ་རྣལ་འབྱོར་པ་ནི་བསྒོམ་པ་རྒྱས་པ་སྟེ། འདི་ལྟར་རྣམ་པར་བསམས་པས་རྣམ་པར་རྟོག་པ་ཐམས་ཅད་དང་ཐ་མལ་བའི་བག་ཆགས་ཟད་པའི་ཕྱིར་རོ། །གདུག་པ་ཐམས་ཅད་དེས་གནོད་བྱེད་པ་ནི། བདུད་ཐམས་ཅད་རབ་ཏུ་ཉེད་པར་བྱེད་པ་སྟེ། སྐྱེ་བ་འདི་ཉིད་དུ་དཔལ་ཧེ་རུ་ཀ་ཉིད་དུ་གཞན་དང་ཉིད་ལ་མངོན་སུམ་དུ་འགྱུར་ཞིང་ཀུན་ནས་ཐོབ་པར་རོ་ཞེས་པ་ནི་བསམ་གཏན་གྱི་ཕན་ཡོན་ནོ། །ཡེ་ཤེས་འཁོར་ལོ་ཡང་དག་པར། །ཞེས་བྱ་བ་ལ་སོགས་པ་ནི། དེ་ནས་དམ་ཚིག་སེམས་དཔའི་ཐུགས་ཀར་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ཡིག་རྡོ་རྗེ་ལས་སྟེང་དུ་ཧཱུྃ་ཡིག་ཡེ་ཤེས་སེམས་དཔའ་ལས་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཐོག་མ་མེད་པ་ནས་གྲུབ་པའི་དཔལ་ཧེ་རུ་ཀ་ཡེ་ཤེས་སེམས་དཔའ་ཡང་དག་པར་བསྐུལ་ནས། བདུད་རྩི་ལྔ་དང་མཆོད་ཡོན་གྱིས་མཆོད་པ་བྱས་ཏེ། ཛཿཧཱུྃ་བྃ་ཧོཿ་ཞེས་པའི་སྔགས་བརྗོད་པ་སྟེ་འདོན་པས། གཽ་རཱི་ལ་སོགས་པའི་རྣམ་པ་དང༌། ལྕགས་ཀྱུ་དང༌། ཞགས་པ་དང༌། ལྕགས་སྒྲོག་དང༌། དྲིལ་བུའི་ཕྱག་རྒྱ་རྣམས་ཀྱིས་སོ། །རང་གི་འཁོར་ལོ་ནི་དམ་ཚིག་གི་འཁོར་ལོ་སྟེ། གཅིག་ཉིད་ནི་གཉིས་སུ་མེད་པ་ཉིད་དོ། །བྱ་ནི་ཐོབ་པ་སྟེ། སངས་རྒྱས་ཉིད་ཐོབ་པ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་བཤད་པའི་རྒྱུད་དུ་གསུངས་པ། ཡེ་ཤེས་འཁོར་ལོ་ཆེར་འབར་བ། །དམ་ཚིག་འཁོར་ལོར་མྱུར་བར་གཞུག།


DTG009_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞན་སངས་རྒྱས་ཉིད་དང་ནི། །བྱང་ཆུབ་སེམས་དཔའ་ཉིད་མི་འགྲུབ། །ཡང་ན་ཛཿཧཱུྃ་བྃ་ཧོཿས་དགུག །གཽ་རཱི་སོགས་བཞིས་དགུག་པ་དང༌། །གཞུག་པར་བྱ་བ་ཉིད་ཀྱང་སྟེ། །བཅིང་བྱ་རྗེས་སུ་མཉེས་པར་བྱ། །གཽ་རཱིས་བཀུག་བྱས་ཆོམ་རྐུན་མས། །ཞགས་པས་བཅིང་ཞིང་རོ་ལངས་མས། །ལྕགས་སྒྲོག་གིས་བཅིང་གྷསྨ་རིས། །དྲིལ་བུ་ཡིས་ནི་དབང་དུ་བྱ། །ཞེས་སོ། །ལྷ་མོ་བཞི་པོ་འདི་རྣམས་ཉིད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བླ་མ་རྣམས་ལ་དྲི་བར་བྱ་བ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ནས། དེའི་དཔྲལ་བར་གནས་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་ས་སྤྱོད་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་སྟེ། ཕྱག་ན་གྲི་གུག་དང་ཀ་པཱ་ལ། སྐྱིལ་ཀྲུང་ཕྱེད་པས་གནས་པ་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་བ་བསྒོམ་པར་བྱའོ། །དེ་ལྟར་མགྲིན་པར་ཨཱཿ་ཡིག་ཡོངས་སུ་གྱུར་པ་ལས་མཁའ་སྤྱོད་མ་དམར་མོ་སྟེ། དེ་བཞིན་དུ་ཐུགས་ཀར་ཧཱུྃ་ཡིག་ལས་སྐྱེས་པའི་ས་འོག་ན་གནས་མ་ནག་མོ་བསྒོམ་པར་བྱའོ། །འདི་རྣམས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ལ་གནས་པའི་རྣམ་པ་ཅན་གྱི་ལྷ་མོ་རྣམས་བཀུག་ནས། སྐུ་དང་གསུང་དང་ཐུགས་ལ་གཞུག་པར་བྱའོ། །ཨོཾ་ཡོ་ག་ཤུདྡྷ་སརྦྦ་དྷརྨྨ་ཡོ་ག་ཤུདྡྷོ྅ཧཾ། ཨོཾ་སརྦྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་སྐད་ཡང་གསུངས་པ། ཨོཾ་ཨཱཿཧཱུྃ་གི་སྔགས་ལས་ནི། སྐུ་གསུང་དེ་བཞིན་ཐུགས་ལ་ནི། །ས་སྤྱོད་མཁའ་སྤྱོད་མ་ཉིད་ཀྱང༌། །ས་འོག་གནས་མ་བསམ་པར་བྱ། །ཞེས་སོ། །ད་ནི་དབང་པོ་ཡུལ་དང་ཕུང་པོ་དང་འབྱུང་བ་རྣམས་ཀྱི་རྣམ་པར་སྦྱང་བ་གསུངས་སོ། །འོ་ན་གལ་ཏེ་རྣམ་པར་མ་དག་པའི་དངོས་པོ་འདི་རྣམས་དེས་ཅི་ལྟར་སྦྱོང་བར་བྱེད་དེ། །མ་དག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདི་རྣམ་པར་དག་པ་ཡིན་ན་ཡང་སྤྱོད་དོ་ཞེས་པ་འདིས་ཅི་བྱ་སྟེ། ནུས་པ་མེད་ཅིང་དོན་མེད་པའི་ཕྱིར་ན་ཉེ་བར་ཐོབ་པ་མེད་པ་འོ་ཞེ་ན། བརྗོད་པར་བྱ་སྟེ། དེ་ནི་ཡང་


DTG009_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་མ་ཡིན་ཏེ། གང་གི་ཕྱིར་ན། རང་བཞིན་གྱིས་ཡོངས་སུ་དག་པ་ཁོ་ནའི་དངོས་པོ་རྣམས་ཀྱི་གཟུང་བ་དང་འཛིན་པའི་དྲི་མ་ལྷག་པོ་རྣམས་ཀྱིས་དྲི་མར་བྱས་པ་ལས་སྤྱོད་པར་བྱེད་པ་ཡིན་ཏེ། གསེར་ལ་སོགས་པ་བཞིན་ནོ། །གང་དྲི་མ་གློ་བུར་བ་སྤྱོད་པར་མཐོང་ཞིང་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །དེ་ལྟར་ཡང་གསུངས་པ། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་སོ། །མིག་ལ་གཏི་མུག་རྡོ་རྗེར་གྱུར། །ཞེས་བྱ་བ་ལ་སོགས་པ་ལ། མིག་དག་ལ་སྟེ། རྣམ་པར་ཤེས་པའི་རྟེན། གཟུགས་རབ་ཏུ་གསལ་བའི་མིག་གི་དབང་པོའོ། །དེར་གཏི་མུག་རྡོ་རྗེ་མ་ནི་གཏི་མུག་གི་གཉེན་པོ་ཉིད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་བ་གསལ་ཞིང་དྲི་མ་མེད་པའི་དེ་བཞིན་ཉིད་དུ་གྱུར་པ་སྟེ་སོང་བའོ་ཞེས་པའི་དོན་ཏོ། །དེ་ལྟར་རྣ་བའི་རྣམ་པར་ཤེས་པའི་རྟེན་སྒྲ་རབ་ཏུ་གསལ་བའི་རྣ་བའི་དབང་པོ་དང༌། དེ་བཞིན་དུ་སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང༌། ཡིད་ཀྱི་དབང་པོའོ། །འདི་རྣམས་གཏི་མུག་དང༌། ཞེ་སྡང་དང༌། སེར་སྣ་དང༌། འདོད་ཆགས་དང༌། ཕྲག་དོག་གི་གཉེན་པོར་གྱུར་པའི་གཏི་མུག་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་དེའི་བདག་ཉིད་ཀྱིས་སྦྱང་བར་བྱའོ། །དབང་པོ་རྣམས་སྦྱངས་ནས། ཡུལ་སྦྱོང་བ་གསུངས་པ། །གཟུགས་ལ་གཽ་རཱི་སྒྲར་ཆོམ་རྐུན། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་ནི་མིག་གི་དབང་པོའི་སྤྱོད་ཡུལ་ཏེ། ཁ་དོག་དང་དབྱིབས་ཀྱི་དབྱིབས་དངོས་པོ་ཉི་ཤུ་རྩ་ལྔ་ཉེ་བར་བླངས་ནས་རིག་པར་བྱའོ། །སྒྲ་ནི་ཞེས་པ་སྒྲ་སྟེ་རྣ་བའི་གཟུང་བྱའོ། །དེ་ཡང་སྙན་པ་དང༌། མི་སྙན་པ་དང༌། གཉིས་ཀ་མ་ཡིན་པ་ཡང་སྟེ་རྣམ་པ་གསུམ་མོ། །ཡང་རྣམ་པ་ལྔ་སྟེ། འཇིག་རྟེན་གྱི་གྲགས་པ་དང༌། གྲུབ་པ་པས་བསྟན་པ་དང༌། ཀུན་བརྟགས་པ་དང༌། འཕགས་པས་ཐ་སྙད་བཏགས་པ་དང༌། འཕགས་པ་མ་ཡིན་པས་ཐ་སྙད་བཏགས་པ་ཡང་ངོ༌། །དྲི་ནི་སྣའི་དབང་པོས་གཟུང་བར་བྱ་བ་སྟེ། དྲི་ཞིམ་པ་དང༌། དྲི་མི་ཞིམ་པ་དང༌། གཉིས་ཀ་མ་ཡིན་པ་ཡང་ཞེས་པ་རྣམ་པ་གསུམ་མོ། །ལྷན་ཅིག་སྐྱེས་པ་དང༌།


DTG009_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་སྦྱར་བ་ཅན་དང༌། ཡོངས་སུ་གྱུར་པ་ཅན་ཏེ་སླར་ཡང་རྣམ་པ་གསུམ་མོ། །ལྕེའི་དབང་པོས་གཟུང་བར་བྱ་བ་ནི་རོ་སྟེ་ཁ་བ་དང༌། སྐྱུར་བ་དང༌། ཚ་བ་དང༌། བསྐ་བ་དང༌། མངར་བ་དང༌། ལན་ཚྭ་ཞེས་པ་དྲུག་གོ །རེག་བྱ་ནི་ལུས་ཀྱི་དབང་པོའི་སྤྱོད་ཡུལ་ཏེ། འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་དང༌། ལྷོད་པ་དང༌། གྲང་བ་དང༌། དྲོ་བ་དང༌། བཀྲེས་པ་དང༌། སྐོམ་པ་ལ་སོགས་པ་རྣམ་པ་ཉི་ཤུ་རྩ་ལྔའོ། །ཡིད་ཀྱིས་གཟུང་བར་བྱ་བའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གཅིག་པུ་རྣམ་པ་ལྔ་སྟེ། བསྡུས་པ་ལས་གྱུར་པ་དང༌། མངོན་པར་སྐབས་ཡོད་པ་དང༌། ཡང་དག་པར་བླང་པ་ལས་བྱུང་བ་དང༌། ཀུན་བརྟགས་པ་དང༌། དབང་འབྱོར་པ་ཞེས་པ་རྣམས་སོ། །དེ་ལྟར་སྐྱེ་མཆེད་དྲུག་པོ་རྣམས་ལ་གཽ་རཱི་དང༌། ཆོམ་རྐུན་མ་དང༌། རོ་ལངས་མ་དང༌། གྷསྨ་རཱི་དང༌། ས་སྤྱོད་མ་དང༌། མཁའ་སྤྱོད་མ་རྣམས་གོ་རིམས་བཞིན་དུ་བཀོད་པས་སྦྱང་བར་བྱའོ། །འོ་ན་ཅི་ལྟར་སྐྱེ་མཆེད་སྦྱོང་ཞེ་ན། བརྗོད་པར་བྱ་སྟེ། ཡུལ་དང་ཡུལ་ཅན་འདི་རྣམས་ཁོ་ནའི་གཟུགས་ཉིད་ཀྱིས་རིང་དུ་རྒྱས་པར་བྱེད་པ་དེའི་ཕྱིར་སྐྱེ་མཆེད་སྦྱོང་བར་ཡང་བརྗོད་དོ། །ཕུང་པོ་རྣམ་པར་དག་པ་གསུངས་པ། །གཟུགས་ཕུང་རྡོ་རྗེ་མ་རུ་འགྱུར། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་སུ་རུང་བའི་མཚན་ཉིད་ནི་གཟུགས་སོ། །གཟུགས་སུ་རུང་བ་དེ་ནི་རྣམ་པ་གཉིས་ཏེ། རེག་པས་གཟུགས་སུ་རུང་བ་དང༌། ཡུལ་དཔྱད་པས་གཟུགས་སུ་རུང་བའོ། །གང་དང་གང་དུ་ལག་པ་དང་རྐང་པ་དང་དབྱུག་པ་ལ་སོགས་པ་རྣམས་ཀྱིས་རེག་ན་འཇམ་པ་དང་སྲ་བ་ལ་སོགས་པར་དཔྱད་པར་བྱ་བ་རེག་པས་གཟུགས་སུ་རུང་བའོ། །མངོན་དུ་ཕྱོགས་པའི་ཡུལ་སོ་སོར་སྔོན་པོ་དང་སེར་པོ་ལ་སོགས་པར་དཔྱད་པར་བྱ་བ་གང་ཡིན་པ་དེ་ནི་ཡུལ་དཔྱད་པས་གཟུགས་སུ་རུང་བའོ། །དེ་ལ་ཚོར་བ་ནི་མྱོང་བའི་མཚན་ཉིད་དེ། དགེ་བ་དང་ མི་དགེ་བ་དང༌། གཉིས་མ་ཡིན་པའི་ལས་ཀྱི་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའི་འབྲས next hit་བུའི་དངོས་པོ་རྣམ་པ་གསུམ་སྟེ། བདེ་བ་དང༌། སྡུག་བསྔལ་དང༌། གཉིས་ཀ་མ་ཡིན་པའོ། །འདུ་ཤེས་ནི་འདུ་ཤེས་པར་བྱེད་པའི་མཚན་ཉིད་དེ།།


DTG009_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་འདུ་ཤེས་དང༌། ཐོས་པའི་འདུ་ཤེས་དང༌། རྣམ་པར་ཤེས་པའི་འདུ་ཤེས་སོ། །མཐོང་བའི་འདུ་ཤེས་ནི། མིག་དང་གཟུགས་དང༌། ཐོས་པའི་འདུ་ཤེས་ནི་རྣ་བ་ལ་བརྟེན་ནས་འདོད་དེ། རང་ཉིད་ཀྱིས་རྟོགས་པར་བྱས་པའོ། །རྣམ་པར་ཤེས་པ་ནི་སོ་སོར་མྱོང་བའོ། །འདུ་བྱེད་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་དེ། དགེ་བ་འམ། མི་དགེ་བ་ཡང་རུང་སྟེ། བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་རྣམས་སུ་སེམས་འཇུག་པར་བྱེད་པ་རྣམས་སོ། །རྣམ་པར་ཤེས་པ་ནི། རྣམ་པར་ཤེས་པའི་མཚན་ཉིད་དེ། གང་དང་གང་གིས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམ་པར་ཤེས་པར་བྱེད་པ་དེ་ནི། རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཕུང་པོའོ། །འདི་རྣམས་ལ་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ལས་གཞན་མ་ཡིན་པའི་གཟུགས་ཀྱི་དགོད་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་རྣལ་འབྱོར་མའི་གཟུགས་རྣམས་སུ་འགྱུར་རོ། །དེ་རྣམས་རྣམ་པ་དང་བཅས་པའི་ཕྱིར་ན། ཅི་ལྟར་ཕུང་པོ་ལ་སོགས་པ་རྣམས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། འདིར་དེ་བཞིན་གཤེགས་པའི་སྒྲ་ནི། ཌིཏྠ་དང༌། ཌི་བིཏྠ་ལ་སོགས་པར་སྨྲ་བར་བྱ་བ་མ་ཡིན་གྱི། དཔལ་ལྡན་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་ཁོ་ནར་འོངས་པ་ཡང༌། །ཤེས་རབ་ལྡན་པ་འདི་ཡིས་ནི། །དེ་བཞིན་གཤེགས་ཞེས་མངོན་བརྗོད་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་ངེས་པའི་ཚིག་གིས་བསྒྲུབས་པ་ཡིན་ནོ། །དེའི་ཕྱིར། དེ་བཞིན་ཉིད་དུ་འོངས་པ་ལས་སམ། འོངས་པ་ལས་དེ་བཞིན་བུ་གཤེགས་པ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་རིགས་དང་འབྲེལ་པའི་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ལྟ་བུའོ། །དེ་བཞིན་ཉིད་དུ་ཡང་སྟེ། ཆོས་ཐམས་ཅད་ཀྱི་རྣམ་པར་དག་པས་དང༌། ལྷ་རྣམས་ཀྱི་ཆོས་རྣམས་རྣམ་པར་སྦྱང་བར་བྱ་བ་ཁོ་ནའོ། །དེ་སྐད་དུ་ཡང་གསུངས་པ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་


DTG009_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་སོ། །ད་ནི་གཟུགས་གང་ཡིན་པ་ཅི་ཡང་དུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་ཉེ་བར་བླངས་ནས་རིག་པར་བྱའོ་ཞེས་འབྱུང་བ་ཆེན་པོ་ཁོ་ན་གཟུགས་སུ་རྣམ་པར་རྟོག་པའི་གནས་ཉིད་ཡིན་པ་གཅོད་པའི་ཕྱིར། སྤོས་མོ་རི་ཁྲོད་མ་ཉིད་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦོས་མོ་ལ་སོགས་པའི་མཚམས་བཞིའི་ལྷ་མོ་རྣམས། སྤྱན་མ་ལ་སོགས་པ་རྣམས་ལས་གཞན་མ་ཡིན་པའི་གཟུགས་ཀྱིས་སོ། །ས་ཆུ་མེ་དང་རླུང་རྣམས་ལ་ནི། སྲ་བ་དང༌། གཤེར་བ་དང༌། དྲོ་བ་དང༌། གཡོ་བ་རྣམས་ལ་སྟེ། བརྟེན་པའི་སྤྱན་མའི་བདག་ཉིད་ཅན་རྣམས་ལའོ། །སྦྱང་སླད་ཅེས་པ། ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་དོན་དུའོ། །རྣལ་འབྱོར་པས་ཤེས་པ་ནི། བླང་བ་དང་དོར་བའི་གནས་དེ་ཁོ་ན་ཉིད་དུ་ཤེས་ཤིང་བསྒོམ་པའི་རྣལ་འབྱོར་དང་ལྡན་པའོ། །དགོད་བྱ་ཞེས་པ་ནི། དེ་རྣམས་སུ་ལྷ་མོ་དེ་རྣམས་དང་མི་ཕྱེད་པའི་གཟུགས་སུ་མོས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཏེ། རྣམ་པར་དག་པ་བསྒོམས་པས་ཉོན་མོངས་པའི་སྒྲིབ་པ་དང་བྲལ་ནས། ཡང་དེ་མ་ཐག་ཏུའོ། །སྤངས་ནས་དེ་བཞིན་གཤེགས་པའི་དབང་བསྐུར་ཏེ། གང་ལས་ཤེ་ན། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་གང་ཡིན་ཞེས་རྣམ་པར་དཔྱོད་པའི་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་དེ་ཁོ་ན་ཤེས་པར་བྱ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཟད་པའོ་ཞེས་བྱས་ནས། སངས་རྒྱས་ཀྱིས་དབང་བསྐུར་བ་རབ་ཏུ་བསྟན་པའི་ཕྱིར་དཀྱིལ་འཁོར་འཁོར་ལོའི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་ནི་སྙིང་པོ་སྟེ། བདེ་བ་ཆེན་པོའི་རང་བཞིན་དོན་དམ་པ་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལེན་པར་བྱེད་པའི་དཀྱིལ་འཁོར་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་སྤྲོས་པའི་དཔལ་ཧེ་རུ་ཀ་དང་ལྷ་མོའི་ཚོགས་སོ། །དེ་ཉིད་གཉིས་སུ་མེད་ཅིང་རོ་གཅིག་པར་ཉེ་བར་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་འཁོར་ལོའོ། །དེའི་བདག་སྟེ། དེའི་རྣམ་པ་ཞེས་པ་རྣལ་འབྱོར་པའི་ཁྱད་པར་རོ། །ཡེ་


DTG009_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ས་བོན་འོད་སྤྲོས་པས། །ཞེས་པ་ནི། ཐུགས་རྡོ་རྗེའི་སྟེང་དུ་ཡེ་ཤེས་སེམས་དཔའི་ཡི་གེའི་འོད་ཟེར་ལས་སྤྲོས་པའི་ལྷ་རྣམས་ཀྱིས་མཁར་བཞུགས་ཏེ། ནམ་མཁའ་ལ་གནས་པའི་སངས་རྒྱས་རྣམས་ལ་དབང་གི་སླད་དུ་སྟེ་བྱིན་གྱིས་བརླབ་པའི་སླད་དུ་འམ། རྣམ་པར་འགྱུར་བའི་སླད་དུ་གསོལ་བ་གདབ་པ་སྟེ་བླང་བར་བྱ་བའོ། །སངས་རྒྱས་དེ་རྣམས་ཞེས་པ་ལ་སོགས་པ་ལ། དེ་རྣམས་ནི། ཡེ་ཤེས་སེམས་དཔའི་འོད་ཟེར་གྱིས་གསོལ་བ་བཏབ་པ་ཅན་ནམ་མཁའ་ལ་གནས་པ་དེ་རྣམས་ཀྱིས་སོ། །ཧེ་རུ་ཀའི་རྣམ་པར་ཤེས་པ་ནི། རྣལ་འབྱོར་པའི་མོས་པའི་དབང་ལས་བྱུང་བའི་ཧེ་རུ་ཀའི་སྐུ་རྣམས་ཀྱིས་སོ། །ཚོགས་ན། སྔགས་ལ་སོགས་པའི་ཆོ་གས་བདུད་རྩིའི་བུམ་པ་རྣམས་ཀྱིས་སོ། །དབང་བསྐུར་རོ་ཞེས་པ་ནི། འགྲོ་བ་མ་ལུས་པའི་དོན་ཐོབ་པར་བྱེད་པས་ན་རྒྱལ་སྲིད་ལ་དབང་བསྐུར་བ་ཞེས་པའི་དོན་ཏོ། །གཽ་རཱི་སོགས་དང་སྤྱན་མ་སོགས། །ཞེས་པ་ལ་སོགས་པ་ལ། དང་ཡིག་ནི་བསྡུ་བ་ལ་སྟེ། དེས་ན་ཇི་ལྟར་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ་དེ་བཞིན་དུ། གཽ་རཱི་ལ་སོགས་པ་དང་སྤྱན་མ་ལ་སོགས་པ་དེའི་དཀྱིལ་འཁོར་བའི་ལྷ་མོའི་ཚོགས་རྣམས་ཀྱིས་རབ་མཆོད་དེ། གར་དང་གླུ་དང༌། སིལ་སྙན་དང༌། བཀྲ་ཤིས་ཀྱི་ཅ་ཅོའི་སྒྲ་དང༌། དེ་བཞིན་དུ་མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་དང༌། གོས་དང༌། རྒྱན་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཆུ་ཅི་ཞིག་གིས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་བ་ཡིན་ཞེ་ན། བདུད་རྩི་ལྔ་པོས་རྒྱས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔའི་རང་བཞིན་གྱི། བདུད་རྩི་ལྔ་པོ་སྐྱེ་བ་དང༌། འཆི་བ་སེལ་བའི་མཚན་ཉིད་ཀྱི་ས་རྒྱས་པ་སྟེ། ཡོངས་སུ་གང་བ་རྣམས་ཀྱིས་སོ། །མེ་ཏོག་ཆར་ལྡན་པས་ནི། ལྷ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་དང་ལྡན་པས་ཞེས་པའི་དོན་ཏོ། །དགོས་པ་གསུངས་པ། རྣལ་འབྱོར་པ་ནི་དབང་བསྐུར་འགྱུར། །


DTG009_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བས། རྣལ་འབྱོར་པ་ཕྱིར་མི་ལྡོག་པའི་རང་བཞིན་དུ་དབང་བསྐུར་བ་ཡིན་ནོ། །དབུ་རྒྱན་དཔལ་ལྡན་ཐུགས་ཀྱིས་ཏེ། །མི་བསྐྱོད་པ་ཡི་དབུ་རྒྱན་ནོ། །ཞེས་པ། འཁོར་བའི་བར་དུ་འགྲོ་བའི་དོན་བྱེད་པ་ཐོབ་པའི་ང་རྒྱལ་ལས་གཡོ་བར་བྱ་བ་མ་ཡིན་པའི་རང་བཞིན་ཉིད་ཉེ་བར་མཚོན་བྱེད་དུ་གྱུར་པ་མི་བསྐྱོད་པའི་མཚན་མ་ཅོད་པན་ལ་འགྱུར་ཏེ་ཐོབ་པར་བྱ་ཞེས་པའི་དོན་ཏོ། །དེ་སྐད་དུ་གསུངས་པ། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཟེར་དང་འོད་ཟེར་གྱི་གཟུགས་ཅན་རྣམས་བཀུག་ནས་དགྱེས་པར་བྱས་ཤིང༌། དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། ཨ་བྷི་ཥིཉྩནྟུ་མཾ་ཞེས་པའོ། །སངས་རྒྱས་ཁྱེད་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱས་པའི་ཧེ་རུ་ཀའི་སྐུ་རང་གི་ཕྱག་གིས་བདུད་རྩི་ལྔའི་ཆུས་གང་བའི་བུམ་པ་བཟང་བ་རྣམས་ཀྱིས་དབང་བསྐུར་བར་བྱ་སྟེ། དབང་བསྐུར་བ་རྣམས་སུ་དེའི་དབུ་རྒྱན་ལ་མི་བསྐྱོད་པས་རྒྱས་གདབ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་བཛྲ་སྭཱ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་དང་རྒྱས་གདབ་པ་གསུངས་ནས། ལྷ་མོ་རྣམས་ཀྱིས་གསུངས་པ། གཽ་རཱི་པུཀྐ་སཱི་ཉིད་ཀྱང༌། །ཞེས་པ་ལ་སོགས་པ་སྟེ། འདིར་ཉིད་ཡིག་ནི་ངེས་པར་གྱི་དོན་ཏོ། །དེས་ན་གཟུགས་ཀྱི་རང་བཞིན་ཅན་གཽ་རཱི་དང༌། དེ་བཞིན་དུ་སའི་རང་བཞིན་ཅན་པུཀྐ་སཱི་ལ་ཐུགས་ཀྱི་དབང་པོ་ཉིད་ཀྱིས་རྒྱས་གདབ་པར་བྱ་བ་ཡིན་གྱི། གཞན་རྣམ་པར་སྣང་མཛད་ཀྱིས་ནི་མ་ཡིན་ནོ། །རྣམ་པ་གཞན་དུ་ན། ཡེ་ཤེས་ཀྱི་རྣམ་པ་དོར་ནས་དེ་ཉིད་ཀྱིས་རྟུལ་པོ་ཉིད་ཀྱི་སྐྱོན་ལས་ལྷ་མོའི་དངོས་གྲུབ་ཉིད་མ་ཡིན་ནོ་ཞེས་མི་བསྐྱོད་པ་ཁོ་ནར་གསུངས་སོ། །དེ་ལྟར་ལྷ་མོ་ཐམས་ཅད་ཀྱི་རྒྱུད་དུ་གསུངས་ཏེ། མ་ལོག་པའི་ཚུལ་གྱིས་རྒྱས་གདབ་པར་ཁོང་དུ་ཆུད་པར་བྱའོ། །ཆོམ་རྐུན་རི་ཁྲོད་ཅེས་པ་ལ་སོགས་པ་ལ། ཆོམ་རྐུན་མ་དང་དེ་བཞིན་དུ་རི་ཁྲོད་མ་ལ་སྐུའི་དབང་པོ་རྣམ་པར་སྣང་མཛད་དོ། །དེ་ལྟར་རོ་ལངས་མ་ནི་རིན་ཆེན་འབྱུང་ལྡན་ཏེ། སེར་སྣས་རྒྱས་གདབ་པོ། །གཏུམ་མོའི་དབུ་


DTG009_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཞེས་པ་ལ་སོགས་པ་ནི། མེའི་རང་བཞིན་ཅན་གྱི་དབུ་རྒྱན་ནི་རིན་ཆེན་འབྱུང་ལྡན་ཏེ། དབུ་རྒྱན་ནི་གཙོ་བོ་ཉིད་ཀྱིས་ཞེས་པའི་དོན་ཏོ། །གཡུང་མོ་ཆགས་པའི་རྡོ་རྗེ་ཅན། །ཞེས་པ་ནི། ཕྲག་དོག་གི་རང་བཞིན་ཅན་གྱིས་རྒྱས་གདབ་པ་ནི། ཆགས་པའི་རྡོ་རྗེ་ཅན་འོད་དཔག་མེད་དོ་ཞེས་པའི་དོན་ཏོ། །གྷསྨ་རཱི་ཡང་དབང་བསྐུར་གནས། ཞེས་པ་ནི། གྷསྨ་རཱིའི་དབང་བསྐུར་བའི་གནས་སུ་དེ་དང་འདྲ་བར་འོད་དཔག་མེད་དེ། སོ་སོར་རྟོག་པ་ནི། རྡོ་རྗེའི་དབང་བསྐུར་བའི་གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་རིག་ཅེས་པ་ལ། རྣལ་འབྱོར་ནི་ཀུན་རྫོབ་དང་དོན་དམ་པ་དག་མི་ཕྱེད་པར་རྟོགས་པ་སྟེ། དེ་ལ་རྒྱས་གདབ་པར་བྱ་བའི་ལྷའི་རྣམ་པ་ནི་ཀུན་རྫོབ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱས་གདབ་པ་ནི་དོན་དམ་པའོ། །དེ་དག་གི་རོ་གཅིག་པའི་རྣམ་པ་ནི་སྦྱོར་བ་སྟེ། དེ་རིག་གོ་ཞེས་པ་རྣལ་འབྱོར་རིག་གོ །རྟག་ཏུ་གོམས་པ་དང་མ་བྲལ་བས་ཏེ། བསྒོམ་པར་བྱ་བ་ནི་དྲན་པར་བྱ་ཞེས་དགོས་སོ། །དེ་ལྟར་ཡང་གསུངས་པ། རིགས་ནི་ཡོངས་སུ་ཤེས་པའི་ཡང༌། །རྒྱས་གདབ་ལྷ་ནི་གྲུབ་པ་སྟེ། །རིགས་འཆོལ་བསྒོམ་པའི་རྣལ་འབྱོར་ལས། གྲུབ་པ་མེད་ཅིང་སྒྲུབ་པོ་མེད། །ཅེས་སོ། །དེ་ནས་མཆོད་དེ་བདག་ཉིད་ནི། །ཞེས་པ་ལ་སོགས་པ་ལ། དེ་ནས་ཏེ། དབང་བསྐུར་བའི་དེ་མ་ཐག་ཏུ་མཆོད་པ་བྱའོ། །དེ་ལ་རང་གི་སྙིང་གའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་སྤྲོས་པའི་ལྷ་མོ་བརྒྱད་པོ་རང་དང་ཕན་ཚུན་དབྱེར་མེད་པ་རྣམས་ཀྱིས་གཟུང་བའི་མཆོད་ཡོན་དང༌། མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་དང༌། ན་བཟའ་དང༌། རྒྱན་ལ་སོགས་པ་རྣམས་ཀྱིས་ཏེ། མཆོད་པར་བྱ་བ་དང༌། མཆོད་པ་པོ་དང་མཆོད་པ་རྣམས་དམིགས་པ་མེད་པའི་རང་བཞིན་སྣང་བརྙན་ཙམ་དུ་ཡང་དག་པར་རིག་ནས་མཆོད་པར་བྱ་ཞིང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ལྟར་ཡང་གསུངས་པ། ཡེ་ཤེས་སྣ་ཚོགས་ཡོ་བྱད་ནི། །སྤྲོ་བྱེད་ལྷ་མོ་བརྒྱད་རྣམས་ཀྱི། །དཀྱིལ་འཁོར་དཀྱིལ་འཁོར་ཅན་བདག་གི །སྤྱན་སྔ་རུ་ནི་མཆོད་པར་བྱ།


DTG009_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །རིམ་པ་འདིས་མཆོད་པ་སྟེ། མངོན་པར་མཆོད་པའོ། །བདག་ཉིད་ནི་ཧེ་རུ་ཀའི་གཟུགས་ཏེ། བསྟོད་པས་ཞེས་པ་ནི། སྔར་བཤད་པའི་ལྷ་མོ་རྣམས་ཀྱིས། བྲག་ཅ་ལྟ་བུའི་སྒྲའི་བྱེད་པར་གྱུར་པ་རྣམས་ཀྱིས་ཀུན་དུ་དགྱེས་པར་བྱ་བ་སྟེ། འདི་ལྟར་ཚིམ་པར་བྱའོ། །རྣལ་འབྱོར་མ་ཚོགས་གྲོགས་མོས་ཡོངས་བསྐོར་ཁྱོད། །ཅེས་བྱ་བ་ལ་སོགས་པ་ལ། ཁྱོད་ནི་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། དེ་ཁོང་དུ་ཆུད་པའི་བདག་ཉིད་ཅན་གྱི་ཐུགས་ཀྱིས་མཆོག་བརྙེས་པ་སྟེ། སེམས་ཅན་ཡོངས་སུ་བསྐྱང་བའི་སླད་དུ་བཀའ་ཐོབ་པའོ། །འདི་ལས་ན། ཁྱོད་ཡོད་ན་རྒྱུ་བ་དང་བཅས་པ་མི་རྒྱུ་བའི་འགྲོ་བ་མཛེས་པར་མཛད་དོ། །ཉོན་མོངས་པ་ཡོངས་སུ་ཟད་པ་ལས་མཆོད་པ་ཞེས་པའི་དོན་ཏོ། །ཐུགས་ཀྱི་དབང་ཕྱུག་ལ་གནས་པ་ཉིད་རྗེས་སུ་གནང་བའི་བདག་ཉིད་ཆེན་པོས་འགྲོ་བ་སད་པར་མཛད་དེ། སྒྱུ་མའི་སྤྲོས་པ་ལྟུང་བར་མཛད་དོ། །རྡོ་རྗེ་ཞེས་པ་ནི་བོད་པ་སྟེ། དབྱེ་བར་བྱ་བ་མ་ཡིན་པའི་ཡེ་ཤེས་ཞེས་པའི་དོན་ཏོ། །དགྱེས་མཛོད་ཅེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་དགྱེས་པར་འགྱུར་བ་སྟེ། ཧེ་རུ་ཀ་རྡོ་རྗེ་ཞེས་པ་ནི་བོད་པའོ། །བསྟོད་པའི་མཐར། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲེ་སྭཱ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། ཁམས་གསུམ་པར་གནས་པ་ཉིད་ཀྱི་རང་བཞིན་ལས་ཞེས་དགོངས་སོ། །ད་ནི་ཐོག་མ་མེད་པའི་དུས་ཀྱི་ཁམས་ཀྱི་ཟས་ཀྱི་བག་ཆགས་གོམས་པ་ལྡོག་པའི་དོན་དུ་རྣལ་འབྱོར་པའི་བསམ་གཏན་གྱི་སྦྱོར་བས་བདུད་རྩི་ཉེ་བར་ལོངས་སྤྱོད་པ་གསུངས་པ། བདུད་རྩི་མྱང་བ་བྱས་ནས་ནི། །ཞེས་པ་ལ་སོགས་པའོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། མདུན་དུ་ཡཾ་ཡིག་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དེའི་སྟེང་དུ་རེ་ཕས་མེ་འབར་བའོ། །འབར་བའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་པདྨའི་སྣོད་དེ། དེའི་ནང་དུ་བཞི་མཉམ་དང༌། གླ་རྩི་དང༌། ག་བུར་དག་མཆོག་གི་དབུགས་དང་ལྡན་པ་ནི། རང་གི་སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་སོ། །ཡི་གེ་གསུམ་པོ་བྱུང་བའི་རིམ་པས་སྦྱང་བ་ལ་སོགས་པ་བྱ་སྟེ། ཧཱུཾ་གིས་སྦྱང་བ་དང༌།


DTG009_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཡིས་སད་པ་དང༌། ཨོཾ་གྱིས་འབར་བར་བྱས་ནས་སླར་ཡང་ཡི་གེ་གསུམ་པོ་དེ་རྣམས་ཁོ་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ས་བོན་ལས་སྔར་བཤད་པའི་ལྷ་མོ་བརྒྱད་པོ་སྤྲོས་ལ་དེ་རྣམས་ཀྱིས་བདུད་རྩིའི་སྣོད་དེ་བླངས་ནས། རང་གི་སྙིང་གར་སྔར་བཤད་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསམས་ཏེ། ཧཱུྃ་རྡོ་རྗེའི་རྩེས་བདུད་རྩི་མྱང་བར་བྱའོ་ཞེས་པ་ནི་ཆོ་གའོ། །དེ་ལྟར་ཡང་གསུངས་པ། དེ་ནས་རླུང་དང་མེ་ལ་གནས་པའི་པདྨའི་སྣོད་དུ། རང་བྱུང་དང༌། བཞི་མཉམ་དང༌། གླ་རྩི་དང༌། ག་པུར་དག་མཆོག་གི་དབུགས་དང་ལྡན་པ་ཧཱུྃ་དང་རྡོ་རྗེ་དཀར་པོ་ནི་སྦྱོང་བ་དང༌། ཨཱཿཡིག་གིས་རབ་ཏུ་སད་པ་དང༌། པྲ་ཎ་བས་འབར་བའི་སྣང་བ་ཅན་དུ་བྱིན་གྱིས་བརླབས་ཤིང་བསྔགས་སོ། །རང་གི་ལྕེའི་པདྨའི་འདབ་མ་དེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་དེས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་གཟུགས་རབ་ཏུ་ཚིམ་པར་བྱའོ་ཞེས་སོ། །བཤད་པའི་རྒྱུད་དུ་ཡང་གསུངས་པ། དབུགས་དང་འབར་བ་དང་ཐོད་པ་ལ་སོར་མོ་ལྔའི་ས་བོན་ལྔ་ལས་ཡང་དག་པར་བྱུང་བའི་ལྕེས་བདུད་རྩི་མྱང་བར་བྱ་སྟེ། དཔལ་རྡོ་རྗེ་ཧེ་རུ་ཀས་སོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་མྲྀ་ཏ་སྭཱ་ད་ན་བཛྲ་སྭཱ་བྷཱ་ཝཱཏྨ་ཀོ྅ཧཾ། འདི་ལྟར་བདུད་རྩི་མྱང་བའི་མཐར་ཐུག་པའི་ཡན་ལག་དྲུག་བསྒོམ་པར་བསྟན་པ་ཡིན་ཏེ། དེ་ལྟར་ཡང་གུར་གྱི་རྒྱུད་དུ་གསུངས་པ། །རྡོ་རྗེ་རྗེས་སུ་ཆགས་པར་བྱ། །སངས་རྒྱས་གནས་ནི་རྣམ་པར་བསྒོམ། །དབང་བསྐུར་བ་དང་བདུད་རྩི་མྱང༌། །མཆོད་བསྟོད་ཡན་ལག་དྲུག་ཉིད་དོ། །མྱུར་དུ་གྲུབ་པ་བཅས་ཐོབ་བྱ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པའོ། །ཁང་བརྩེགས་སངས་རྒྱས་རྣམ་སྣང་མཛད། །དབང་བསྐུར་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོད་པ་རིན་ཆེན་འབྱུང་དཔལ་ལོ། །མཆོད་པ་དོན་ཡོད་རྟག་ཏུ་བཤད། །རྗེས་ཆགས་རྡོ་རྗེ་སེམས་དཔའོ། །དེ་ལྟར་ཡན་ལག་དྲུག་ལ་དགོད་པ་ཡང་ཁོང་དུ་ཆུད་པར་བྱ་སྟེ། དང་པོར་ནག་པོ་བསྒོམ་པར་བྱ། །གཉིས་པར་དམར་པོ་


DTG009_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བསྒོམ། །གསུམ་པར་སེར་པོ་བསྒོམ་པར་བྱ། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པ་ལ་ནི་སྔོན་པོའི་མདོག །དྲུག་པར་ཡང་ནི་དཀར་པོའི་ལུས། །རྣལ་འབྱོར་པ་ཡིས་ཡན་ལག་དྲུག །བསྒོམ་བྱ་དགའ་བྲལ་མཐར་དེ་བཞིན། །དེ་ལྟར་ཡན་ལག་དྲུག་བསྒོམ་པ་ཉིད་ཀྱིས་བསྐྱེད་པའི་རིམ་པ་རྣམ་པར་བསྒོམས་ནས། དེ་མ་ཐག་ཏུ་རྫོགས་པའི་རིམ་པས་ཡེ་ཤེས་ཀྱི་མཚན་མ་ལ་ཉེ་བར་དམིགས་པར་བྱ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་པ་ལ་འཇོག་གོ །དེ་ལྟར་བཤད་པའི་རྒྱུད་ལས་གསུངས་པ། ཡན་ལག་དྲུག་པོ་ཉེར་སྐྱེད་བྱེད། །དེ་འདི་ཉེ་བར་གྲུབ་པ་ན། །དང་པོར་སྤྲིན་དང་འདྲ་བར་སྣང༌། །གཉིས་པར་དུ་བལྟ་བུའོ། །གསུམ་པར་མཁའ་སྣང་རྣམ་པ་སྟེ། །བཞི་པར་སྒྲོན་མེ་འབར་བ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པ་ལ། །ཕྱི་ནས་སྒྱུ་ལྟའི་རྣམ་པ་དང༌། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་རྣམས་བསྲེག །སྤྱན་ལ་སོགས་པ་ལྔ་བསྲེག་སྟེ། །རི་བོང་ཅན་ཧཾ་འཛག་པ་བསྲེག །ཅེས་སོ། །འདིར་དེ་ཁོ་ན་ཉིད་བསྒོམས་པས་དུབ་པ་ན་ཅི་ཞིག་བྱ་ཞེ་ན། སྤྲོ་དང་བསྡུ་བ་སྔོན་མ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲོ་བ་དང་བསྡུ་བ་སྔོན་མ་ཅན་གྱི་སྔགས་ཀྱི་བཟླས་པ་བྱ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་ཡི་གེ་གསུམ་པོ་རྣམས་ལས་དེ་བཞིན་གཤེགས་པ་རྣམས་དཔལ་ཧེ་རུ་ཀའི་གཟུགས་སུ་ཕྱི་རོལ་དུ་སྤྲོ་ཞིང་སྤྲོས་ནས་ཡང་དག་པར་མཆོད་དེ། ཡི་གེ་གསུམ་གྱིས་སྔགས་ཀྱི་སྐུའི་གཟུགས་ཀྱིས་ཡོངས་སུ་གྱུར་པ་དེ་རྣམས་སླར་ནང་དུ། རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལ་རབ་ཏུ་གཞུག་པར་བྱའོ། །དེ་ལྟར་སྤྲོ་བ་དང་བསྡུ་བ་བྱས་ནས་སྔགས་བཟླས་ཏེ་ཡི་གེ་གསུམ་གྱི་སྔགས་བཟླའོ། །རབ་ཏུ་བྱིན། །རབ་ཏུ་གྱིས་ཤིག་སྟེ། འཇུག་པ་དང༌། གནས་པ་དང༌། ལྡང་བའི་རིམ་པས་བརྟན་པ་སྟེ་ཉིན་མཚན་རྟག་ཏུའོ། །རྩེ་གཅིག་སེམས་ཀྱིས་ཞེས་པ་འདིས་ནི། ནང་གི་ཐུན་མཚམས་དྲན་པ་དང་བྲལ་བ་ཁྲི་ཕྲག་གཉིས་ལ་སོགས་པའི་གྲངས་ཀྱི་རིམ་པ་བཤད་པ་ཡིན་ནོ་ཞེས་པ་ནི་སྔགས་བཟླས་པའོ། །ཡེ་ཤེས་


DTG009_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྙིང་ཟླར་གནས། ཞེས་པ་ལ་སོགས་པ་ལ། རྣལ་འབྱོར་པས་བྲང་ལ་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཐིག་ལེ་གང་ཡིན་པ་འདིའོ། །དེ་ལ་ས་བོན་ནི་ཧེ་རུ་ཀར་བཤད་དེ། ཐིག་ལེ་དེར་སོང་བ་སྟེ་ཞུགས་པས་གནས་པའོ། །སྔར་བཤད་པའི་ཡི་གེ་གསུམ་གྱི་སྔགས་སུ་ལྡང་བས་སླར་སྤྲོ་བར་བྱ་ཞེས་དགོངས་པ་ཡིན་ནོ། །འདིར་མན་ངག་ནི། དཔྲལ་བ་དང༌། མགྲིན་པ་དང་སྙིང་གར་གནས་པའི་ཨོཾ་ཨཱཿཧཱུྃ་ཞེས་པ་ནི་ཁམས་གསུམ་པ་སྟེ། ཡིད་ཆེས་མཚན་མ་སྐུ་དང་གསུང་དང་ཐུགས་སུ་རྣམ་པར་བརྟག་ཅིང༌། ཡེ་ཤེས་སེམས་དཔའི་སྙིང་ག་ལས་ལྡང་བ་གང་ཡིན་པའི་ཤེས་རབ་ཀྱི་འོད་ཟེར་གྱི་རེ་ཁཱ་ཐུར་སེལ་དང་སྦྱོར་བས་བཀུག་སྟེ་རིམ་གྱིས་ཨོཾ་ཡིག་ནི་ཨཱཿཡིག་ལའོ། །ཨཱཿཡིག་ནི་ཧཱུྃ་ཡིག་ལའོ། །ཧཱུྃ་ཡིག་ཀྱང་ཡེ་ཤེས་སེམས་དཔའི་ནང་དུ་ཏིང་ངེ་འཛིན་སེམས་དཔར་བརྗོད་པའི་ས་བོན་ལ་བཅུག་ནས་དེ་ཡང་རིམ་གྱིས་ཨཱཿཡིག་ནི་ཧ་ཡིག་ལ་སྟེ། ཧ་ཡིག་ནི་མགོ་བོ་ལའོ། །དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཐིག་ལེ་ལའོ་ཞེས་པ་ཐིག་ལེ་འབའ་ཞིག་གི་ཆ་རང་བཞིན་གྱིས་འོད་གསལ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཆོས་སྐུར་རྣམ་པར་བསྒོམས་ནས། སླར་ཡང་ཐིག་ལེ་ཙམ་དེ་ལས་འགྲོ་བའི་དོན་བྱེད་པའི་སླད་དུ་རིམ་གྱིས་སྣང་བརྙན་ཙམ་གྱི་ཐུགས་དང་གསུང་སྐུར་སྣང་བའི་གར་མཁན་སྔགས་ཀྱི་སྐུས་སྤྲོ་བར་བྱ་ཞེས་པའོ། །རང་བཞིན་ལས་ཏེ་ངོ་བོ་ཉིད་དྲན་པ་ལས་རང་བཞིན་གྱི་བཟླས་པ་ཁོང་དུ་ཆུད་པར་བྱ། སྔགས་ཕྲེང་ཞེས་པ་ལ་སོགས་པ་ལ། དགོངས་པ་ནི་འདི་ཡིན་ཏེ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་འོད་ཀྱི་སྒྲོན་མ་རྣམས་ཀྱིས་རྣམ་པར་ཁྱབ་པར་བྱས་པས་ཀྱང༌། སེམས་ཅན་གྱི་ཁམས་མ་ལུས་པ། མ་ལུས་པའི་ཉོན་མོངས་པས་བསྒྲིབས་པར་མཐོང་ནས། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་སྔགས་ཀྱི་ཕྲེང་བའི་ནང་དུ། འོད་གསལ་བའི་ཡེ་ཤེས་ཀྱི་ཡོན་ཏན་གྱིས་འབར་བའི་ཨོཾ་དེ་ཝ་པི་ཙུ་བཛྲ་ཞེས་པ་ལ་སོགས་པའི་ཡི་གེའི་ཕྲེང་བ་ཞི་བ་ལ་སོགས་པའི་ལས་རབ་འབྱམས་གྱི་གཟུགས་དང་ཁ་དོག་གོ །འདི་རྣམས་ཉིད་སེམས་ཅན་ཀུན་གྱི་དོན་བྱེད་པ་ཅན་ཏེ། ཕྱི་རོལ་དུ་


DTG009_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་ནས་སེམས་ཅན་གྱི་བྱ་བ་བྱའོ་ཞེས་པ་འདིས་ཕྱི་རོལ་དུ་འགྲོ་བ་སྟེ་སོང་བའོ། །སྔགས་ཀྱི་དོན་རྣམ་པ་བཞི་ཤེས་པའི་རྣལ་འབྱོར་པས་སྲོག་དང་ཐུར་སེལ་གྱི་རླུང་དག་ཤིན་ཏུ་བསྡམ་པ་སྟེ། བཅིང་བར་བྱས་ནས་སླར་སྤྲོ་བར་བྱ་ཞིང་རང་གི་སྙིང་གར་གཞུག་པར་བྱའོ་ཞེས་པའི་དོན་ཏོ། །རྣམ་པ་གཞན་དུ་ན་རྣལ་འབྱོར་པ་འཆི་བར་འགྱུར་རོ་ཞེས་པ་དམ་ཚིག་གི་བཟླས་པར་ཁོང་དུ་ཆུད་པར་བྱའོ། །བཟླས་པ་བྱས་ནས་ཞེས་པ་ལ་སོགས་པ་ལ། །དེ་ལྟར་བཟླས་པའི་རྣམ་པ་རྣམ་པ་གསུམ་བྱས་ནས་བསོད་ནམས་བསགས་པར་གྱུར་པ་གང་ཡིན་པ་དེ་ཐམས་ཅད། སེམས་ཅན་རྣམས་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོ་བར་བྱ་ཞིང་གཏོང་བར་བྱའོ། །ཏིང་ངེ་འཛིན་ལས་ལངས་པ་ན། །ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་རྣལ་འབྱོར་པ་ཏིང་ངེ་འཛིན་གྱིས་དུབ་པ་དེའི་ཚེ་བསམ་གཏན་ལས་ལྡང་བ་ན་ཡང་གཞན་དུ་གཡེང་བ་ཡོངས་སུ་སྤངས་ནས། སངས་རྒྱས་ཉིད་ཐོབ་པར་བྱེད་པའི་སྨོན་ལམ་འཆད་པར་འགྱུར་བ་འདི་ནི་བཀླག་པ་སྟེ་གདོན་པར་བྱའོ། །རིགས་སུ་སྐྱེ་དང་ཞེས་པ་ལ་སོགས་པ་ལ། དེ་ཡང་རིགས་སུ་སྟེ་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བའོ། །དེ་བཞིན་དུ་སྨྱོ་མེད་ནི་བག་ཡོད་པར་སྤྱོད་པ་ཅན་ནོ། །དམ་ཚིག་ཅན་ནི་དམ་ཚིག་གི་བསྙེན་པ་ཅན་ཏེ། རང་བཞིན་གྱི་དོན་བྱེད་པའི་རྒྱུར་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྐྱོང་བར་བྱེད་པའོ། །ཀྱེ་ཡི་རྡོ་རྗེ་སྟོན་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་ལམ་སྟོན་པར་བྱེད་པའོ། །བརྩེར་ལྡན་ནི། སྡུག་བསྔལ་གསུམ་གྱིས་གདུངས་པའི་འགྲོ་བ་རྣམས་ལ་སྙིང་རྗེས་བརླན་པའི་ཐུགས་སོ། །བླ་མར་གུས་ནི། དེ་རྡོ་རྗེ་འཛིན་པ་མངོན་སུམ་དུ་འཛིན་པའོ། །ཡང་གི་སྒྲ་ལས་དགེ་བའི་བཤེས་གཉེན་བཀུར་བར་བྱེད་པའོ། །སྐྱེ་བ་ནས་སྐྱེ་བ་ནི། སྐྱེ་བ་ཐམས་ཅད་དུ་སྟེ། གང་བྱང་ཆུབ་ཀྱི་སྙིང་པོ་ཇི་སྲིད་པའི་བར་དུ་གྱུར་ཅིག་པའོ། །ལག་པས་རྡོ་རྗེ་དྲིལ་བུ་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཉེ་བར་མཚོན་པར་བྱེད་པའོ། །དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། སྙིང་རྗེ་དང་ཤེས་


DTG009_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དེ་དག་གིས་མཚན་པའི་ལག་པ་གང་གི་ཡིན་པ་དེ་དེ་སྐད་དུ་བཤད་ལ། གཞན་དག་ནི་འཁྲོལ་ཞེས་འདོན་ཏེ། ཟབ་མོའི་ཆོས་ཀློག་པ་ཡང་ངོ༌། །བཙུན་མོ་ནི་སྟོང་པ་ཉིད་ཡིན་ལ། དེའི་ཁུ་བ་ནི་བྱང་ཆུབ་ཀྱི་ས་བོན་འབྱུང་བ་ཀུན་དུ་བསྲུང་བའོ། །དེ་ཡང་དག་པར་འཐུང་བ་ནི་ཡོངས་སུ་ཟ་བ་སྟེ་ཡོངས་སུ་སྐྱོང་བ་ཞེས་བྱ་བའི་ཐ་ཚིག་གོ །གང་གིས་སྐྱེ་བ་ནས་སྐྱེ་བར་རྣམ་པ་དེ་ལྟ་བུར་གྱུར་ཅིག་པའོ། །དེ་ནས་གཏོར་སོགས་ཆོ་ག་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་དེ་མ་ཐག་ཏུ་འདོད་པའི་དོན་གྲུབ་པའི་ཕྱིར་དང༌། བགེགས་ཉེ་བར་ཞི་བའི་དོན་དུ་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱའོ། །སོགས་པའི་སྒྲས་ནི་སྦྱིན་སྲེག་དང་དཀྱིལ་འཁོར་མཆོད་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་བཤད་པའི་རྒྱུད་ཀྱི་རིམ་པས་གཏོར་མ་བརྗོད་པར་བྱ་སྟེ། ནམ་མཁའི་ཕྱོགས་ཀྱི་དབུས་གནས་པར། །འདབ་བརྒྱད་པདྨ་བསྒོམ་པར་བྱ། །དབང་པོ་ཤར་གྱི་འདབ་མ་ལ། །བསམས་ནས་མཐར་བྱེད་ལྷོ་རུ་དགོད། །ནུབ་ཀྱི་འདབ་མར་ཆུ་ལྷ་སྟེ། །དེ་བཞིན་བྱང་དུ་ནོར་སྦྱིན་ནོ། །མེར་ནི་མེ་ལྷ་ཆེ་དེ་བཞིན། །བདེན་བྲལ་དུ་ནི་རོ་ཟན་ནོ། །རླུང་དུ་རླུང་ལྷ་བསམ་བྱས་ནས། །དབང་ལྡན་དུ་ནི་འབྱུང་པོའི་གཙོ། །ཟླ་བ་ཉི་མ་ཚངས་ལྷ་སོགས། །མཆོག་གི་ཚངས་པའི་མདུན་ན་འདོན་དང་ནི། །དགའ་ལྡན་དང་ནི་འཐབ་བྲལ་གནས། །རྒྱལ་པོ་ཆེ་ལས་བྱུང་བ་རྣམས། །གཞན་གྱི་སྤྲུལ་པ་འཇུག་པ་དང༌། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང༌། །གནས་གཙང་མ་ན་གང་གནས་དང༌། བདེ་བ་ཅན་ན་བདེ་བར་གནས། །འོག་མིན་ན་ནི་གནས་པ་དང༌། །དེ་རྣམས་ཐམས་ཅད་སྟེང་དུ་ནི། །བསམ་བྱ་ཆོས་འབྱུང་དབུས་སོན་པ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང༌། །དེ་བཞིན་མཐའ་ཡས་ནོར་རྒྱས་ཏེ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །པད་ཆེན་པདྨ་བཟང་པོའོ། །འོག་གི་ཆོས་འབྱུང་རྣམས་སུ་ཡང༌། །ལྷ་མིན་དམྱལ་བའི་སེམས་ཅན་རྣམས། །ཨོཾ་ལས་ཚངས་ལྷ་ལ་སོགས་ཏེ། །ཧཱུྃ་ལས་དུམ་བུས་བླངས་པ་སོགས། །ཨཱཿལས་སྟོབས་ཀྱི་རྒྱུ་སོགས་རྣམས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །སྟེང་གི་ལྷ་


DTG009_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དཀར་པོ་སྟེ། །ཚངས་པ་ལ་སོགས་ནག་པོར་སྣང༌། །སྟོབས་ཀྱི་རྒྱུ་སོགས་ཆེར་དམར་བ། །རང་འདྲའི་རིག་མ་རྣམས་ཀྱིས་འཁྱུད། །རྡོ་རྗེ་དྲིལ་བུ་ལག་ན་འཛིན། །གཡས་བརྐྱང་གིས་ནི་སྟན་ལ་གནས། །ཚངས་སོགས་རྟག་པས་རྒྱས་གདབ་སྟེ། །མཆོད་སྦྱིན་བརྒྱ་སོགས་རྡོ་རྗེ་ཅན། །སྟོབས་ཀྱི་རྒྱུ་སོགས་མཐའ་ཡས་ཀྱང༌། །ཐམས་ཅད་རིགས་གསུམ་ལས་སྐྱེས་པའོ། །གཽ་རཱི་ཡིས་ནི་དགུག་བྱ་སྟེ། །ཆོམ་རྐུན་མས་ཀྱང་གཞུག་པར་བྱ། །རོ་ལངས་ལྕགས་སྒྲོག་གིས་བཅིང་སྟེ། །ཟ་ནུས་སིལ་སྙན་དྲིལ་བུས་བྱ། །མཆོད་ཡོན་ཞབས་བསིལ་ཕུལ་དེ་ནས། །སྣ་ཚོགས་གཏོར་མ་འདི་བསྒྲུབ་བྱ། །རླུང་མེའི་དཀྱིལ་འཁོར་བསམ་པར་བྱ། །པདྨ་ནི། ཨ་ལས་བྱུང་བ་འབར་བས་གདུངས་པ་དེར། །བདུད་རྩི་ལྔ་ཡི་ཆ་ཤས་འདི་ཡིས་བསྒྲུབས། །བསམས་ནས་པྲ་ཎ་བ་ཡིས་བྱིན་བརླབས་པའོ། །ཨིནད་ཛ་མ་ཛ་ལ་ཛཀྑ་བྷཱུ་ཏ་བཧྣི་བཱ་ཨུ་རཱཀྑ། ཙནད། སུཛྫ། མཱ་ད། བཔྤ། ཏ་ལ་པ་ཏཱ་ལ། ཨཥྚ། སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུ་ཉྫ་ཛི་གྷྲ་ཕཱུལླ་དྷཱུཔྤ་མཱཾ་ས་པི་གཾ། ཨམྦྷ། ཀཱཛྫ། ས་དཱ་ཁནྟི་ཁུ་ཎི། ཕེ་ཊ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་གཤེགས་སུ་གསོལ་བ་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ། ཤཱ་ཤྭ་ཏོ་མ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཧྲཱི་ད་ཡ་མེ། ཨ་དྷི་ཏིཥྛ་སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀཱརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱ་ན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་མ་ཧཱ་ས་མ་ཡ་ཏྭ་ཨཿདྐྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་ཆོ་ག་རྣམས་ནི། བཟང་པོ་ཡོངས་སུ་འཛིན་པའི་རྗེས་སུ་འབྲངས་ནས་བྱའོ། །ངལ་བསོའི་དོན་དུ་ཞེས་པ་ལ་སོགས་པ་ལ། ངལ་བསོའི་དོན་དུ་སྟེ་ཕྱི་རོལ་གྱི་རྣམ་པར་རྟོག་པའི་དྲ་བ་ལས་ལྡོག་པའི་ཕྱིར་དུ་སྔར་དང་འདྲ་བར་གོང་དུ་གསུངས་པའི་ཚུལ་གྱིས་བཟླས་པ་རྣམ་པ་གསུམ་པོ་ཐམས་ཅད་དེ། དཀྱིལ་འཁོར་བའི་སྔགས་དང་ལྡན་པའོ། །ཆོ་ག་བཞིན་ནི་མི་ཕྱེད་པའི་ཡན་ལག་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་སྐུ་གཉིས་ཉིན་


DTG009_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རང་བཞིན་གྱིས་རྫོགས་པར་ཉེ་བར་བསྟན་ཏོ། །ད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུར་བཤད་པ། ཆ་ཤས་མེད་པའི་སྟོང་པ་ཉིད་སྣང་བ་མེད་པའི་མཚན་ཉིད། ཐོག་མ་དང་ཐ་མར་དམིགས་པ་མེད་པ། ཤེས་རབ་ཀྱི་རང་བཞིན་མཚན་མོའི་བརྡས་གསུངས་པ་རྣམ་པར་བསྒོམ་པར་བྱ་བའི་ཕྱིར། ཐུགས་ཀའི་འཁོར་ལོར་འཇུག་པའི་མཐར། །ཞེས་བྱ་བ་གསུངས་ཏེ། ཐུགས་ཀ་ནི་ཡེ་ཤེས་སེམས་དཔའི་ཐིག་ལེའོ། །འཁོར་ལོ་ནི་ཉི་མར་སྤྲོས་པ་སྟེ་དཀྱིལ་འཁོར་གྱི་འཁོར་ལོའོ། །འཇུག་པ་ནི་རབ་ཏུ་གཞུག་པར་བྱའོ། །མཐར་ནི་ཉིན་མོའི་མཇུག་ཐོགས་སུ་སྟེ། མཚན་མོ་ཤེས་རབ་དང་ཐབས་སུ་གཉིས་སུ་མེད་ཅིང་རོ་གཅིག་པའི་བདག་ཉིད་ཀྱིས་ཉལ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཤུགས་ཀྱིས་བླང་བར་བྱའོ། །ཤེས་རབ་ཐབས་བདག་ཅེས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ཁྱད་པ་རོ། །བདེ་བ་ཆེན་པོའི་རྒྱུད་ཉིད་ཀྱི་ཕྱིར་བདེ་བ་སྟེ། མར་མེ་ལ་ཚེ་ཞེས་པ་འདིར་ཚེའི་རྒྱུ་ཉིད་ལས་འབྲས་བུ་ལ་ཉེ་བར་བཏགས་པ་ཡིན་ནོ། །ཤེས་རབ་ཐབས་བདག་ཀྱང་དེ་ཡིན་ལ། བདེ་བ་ཡང་ངོ་ཞེས་པ་ལས་འཛིན་པའི་བསྡུ་བའོ། །ཡང་ན། རང་རིག་པའི་བདེ་བ་འབྱུང་བ་ཉིད་ཀྱི་ཕྱིར་ན་དཀྱིལ་འཁོར་ཡང་བདེ་བ་སྟེ། དེ་ལྟར་གསུངས་པ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་བཞིན་ཡེ་ཤེས་བདེ་ཆེན་ཏེ། །དེ་ཉིད་དེ་ལས་རབ་འབྱུང་ཕྱིར། །གཞན་ལས་དཀྱིལ་འཁོར་བྱུང་བ་ཡིན། །བདེ་བ་དམར་ཞིང་བདེ་བ་སེར། །བདེ་བ་ལྗང་ཞིང་བདེ་བ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་འཁོར་ལོའི་རང་རིག་པའི་རང་བཞིན་ཉིད་རིག་པར་བྱས་སོ་ཞེས་པ་ཉལ་བའི་ཆོ་གའོ། །དོན་དམ་པ་ལ་མངོན་པར་འཇུག་པ་ལས་ལྡོག་པ་སྟོན་པར་བྱེད་པ། གླུ་རྣམས་ཀྱིས་བསྐུལ་ཞེས་བྱ་བ་ལ་སོགས་པ་སྟེ། པུཀྐ་སཱི་ལ་སོགས་པའི་གླུ་རྣམས་ཀྱིས་བསྐུལ་བ་ལས་རབ་ཏུ་སད་དེ། སྔ་བར་སྐྱ་རེངས་ཤར་བའི་དུས་སུ་བཤད་པའི་ཆོ་ག་ལས་ཏེ་སྔར་གསུངས་པའི་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པས་སྟོང་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་གསལ་བའི་གཟུགས་ལས་ལོངས་སྤྱོད་


DTG009_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱི་རང་བཞིན་ཉིད་ཀྱིས་ལངས་པའི་ཀུན་དུ་སྤྱོད་པས་གནས་པར་བྱ་ཞེས་པའི་དོན་ཏོ། །ནུས་པ་རྙེད་པ་ན་ཞེས་པ་ནི་བསྒོམ་པའི་སྟོབས་ཐོབ་པའོ། །རྫོགས་པར་ནི་ཕྱིར་མི་ལྡོག་ཅིང་ཁ་ན་མ་ཐོ་བ་མེད་པར་སེམས་ཅན་གྱི་དོན་བརྩམ་པ་སྟེ་བྱའོ་ཞེས་པ་བྱས་ནས་དགེ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནི་རབ་ཏུ་བྱེད་པ་སྟེ་འདིས་སོ། །དགེ་བ་ནི་མྱ་ངན་ལས་འདས་པའི་རྒྱུའོ། །བདེ་བའི་སྒྲུབ་ཐབས་ནི་དཀའ་བ་མེད་པར་ཡོངས་སུ་བརྟགས་པས་སོ། །བྱང་ཆུབ་སྒྲུབ་པའི་ཐབས་ནི་དེ་ལྟ་བུ་སྟེ་མ་ལུས་པའི་སེམས་ཅན་གྱི་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་སྟེ་རང་རིག་པའི་ཡེ་ཤེས་སྒྲུབ་པར་བྱེད་པའོ། །སྒྲུབ་ཐབས་འདི་བྱས་ནས་ཏེ་བགྱིས་ནས་དྲི་མ་མེད་ཅིང་དྲི་མ་དང་བྲལ་བ་ཁ་ན་མ་ཐོ་བ་མེད་པའི་དགེ་བ་གང་ཞིག་ཉེ་བར་བསགས་པའི་དགེ་བ་དེ་ཡིས་འགྲོ་བ་སྟེ་ཁམས་གསུམ་པས་ནམ་མཁའ་སྟེ་ཀུན་དུ་གསལ་བ་ཐོབ་པར་གྱུར་ཅིག་ཅེས་པ་མཁའ་ལ་སྤྱོད་པའི་གྲུབ་པ་ཐོབ་པར་གྱུར་ཅིག་ཅེས་པའི་དོན་ཏོ། །ཡེ་ཤེས་སྒྲོན་མ་བྲིས་ལས་བདག་གིས་ཉེར་བསགས་དགེ་བ་གང་ཡིན་པ། །བསོད་ནམས་དེ་ཡིས་སེམས་ཅན་ཡེ་ཤེས་སྒྲོན་མ་རབ་ཏུ་འབར་གྱུར་ཅིག། རྒྱལ་པོ་བྱང་ཆུབ་འོད་ཀྱི་རྗེས་མཐུན་ཁོ་ནར་བདག་གིས་བགྱིས་པ་སྟེ། །དཀའ་འགྲེལ་འདི་ནི་བློ་ཞན་རྟོགས་པའི་རྒྱུ་ནི་ཅི་ཞིག་མིན་པ་ཉིད། །རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྣམ་འགྲེལ་ཁ་ཆེ་དངུལ་གྱི་བུམ་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་བཎྜི་ཏ་ཆེན་པོ། གནས་བརྟན་བྱང་ཆུབ་སེམས་དཔའ་ནགས་ཀྱི་རིན་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཞབས་ཀྱི་རྡུལ་ལ་ཡང་དག་པར་རེག་པའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བའོ། །ལེགས་པར་སྦྱར་ལ་རིང་དུ་མ་འདྲིས་པ། །དེ་ལྟ་ན་ཡང་སྔོན་གྱི་དམ་པའི་སྲོལ། །གསོ་ཕྱིར་འདི་ལྟ་བུ་དག་བགྱིས་པ་ལ། །དེང་དུས་མཁས་པའི་སྐྱེ་བོས་བཟོད་པར་མཛོད། །


previousཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་དཀའ་འགྲེལ། དངུལ་གྱི་བུམ་པས་མཛད།next