Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་པ།

14 occurrences of རྒྱུད་གསུམ་
[Clear Hits]


 expand section
 
དགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས།  ཡན་ལག་མེད་པའི་རྡོ་རྗེས་མཛད།
  
  
  
  
 expand section
expand section
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 expand section
  
  
 expand section
 
  
  
  
  
  
  
  
 
  
 
  
  
  
  
  
  
  
 expand section
  
 
  
  
 expand section
  
  
  
  
  
  
  
 expand section
  
  
  
  
 expand section
  
  
 
  
  
  
  
 expand section
  
 
 
 expand section
 expand section
  
  
  
 


14 occurrences of རྒྱུད་གསུམ་
[Clear Hits]

 
previousདགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས། ཡན་ལག་མེད་པའི་རྡོ་རྗེས་མཛད།next

དགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས།
ཡན་ལག་མེད་པའི་རྡོ་རྗེས་མཛད།


DTG010_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགྱེས་པའི་རྡོ་རྗེ་བདེ་བ་མཆོག་གི་ག་འཕང་རྣམ་པར་མི་རྟོག་པར་གཅིག་སྐུ། །བརྟན་དང་གཡོ་བ་མ་ལུས་ལུས་པ་མེད་པའི་དངོས་པོའི་རང་བཞིན་བསོད་ནམས་ཡེ་ཤེས་ལས་བྱུང་ཉིད། །དྲི་མ་བསལ་ཞིང་དགའ་བ་ཀུན་གྱིས་རྒྱས་འགྱུར་མཁའ་འགྲོ་མ་ཡི་འཁོར་ལོའི་མགོན། །དེ་ལ་དངོས་པོ་ཀུན་གྱིས་བཏུད་ནས་དེ་ཡི་སྒྲུབ་ཐབས་གསལ་ཞིང་ཡངས་པ་བཤད། །བླ་མ་དམ་པའི་གཞུང་ལུགས་ནི། །ཤིན་ཏུ་རྙེད་དཀའ་གང་ཐོས་པས། །དེ་ཞབས་པདྨ་ལ་བཏུད་ནས། །བདག་ཉིད་དྲན་པའི་ཕྱིར་ཡང་ངོ༌། །འདི་ལྟར་ཡང་དྲག་ཅིང་རྒལ་དགའ་བའི། འཁོར་བའི་གཡང་ས་ཆེན་པོ་ཤིན་ཏུ་འཇིགས་པས་སྐྱོ་བར་གྱུར་པའི་སེམས་ཅན་གྱི་ཁམས་ལ་བལྟས་ལ་སྙིང་རྗེ་མཆོག་གི་རོས་བསྒོམས་པའི་སེམས་ཀྱིས་འཁོར་བའི་རྒྱ་མཚོར་འཁྱམས་པ་བསྒྲལ་བའི་ཐབས་དང་ལྡན་པར་བླ་མ་ལ་བརྙས་པ་ལ་སོགས་པའི་སྐྱོན་སྤངས་པ། སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། དབང་པོ་ལས་རྒྱལ་བ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟན་པ། དཔལ་དགྱེས་པའི་རྡོ་རྗེར་གསུངས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་།ཡང་དག་པར་རྗེས་སུ་གནང་བ་ཐོབ་པའི་རྣལ་འབྱོར་བས། དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པའི་གནས་འགའ་ཞིག་ཏུ་ཉི་མ་དང་ཟླ་བ་དང་ཆུ་དང་དྲི་དང་སྨན་གྱི་ཁྱད་པར་གྱིས་དག་པར་བྱས་པའི་སའི་ཆར་གནས་པ་ལ་ཐོ་རངས་ཀྱིས་ལངས་ནས། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི། །རོ་ནི་དང་པོར་བསྒོམ་པར་བྱ། །དེ་ཡི་སྙིང་ལ་གནས་བྱས་ལ། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལ། །བསམ་གཏན་ཕྱག་རྒྱས་ལག་བསྡམས་པས། །རང་གི་སྙིང་གར་རེ་ཁཱ་བསྒོམ་།དེ་ལས་ཉི་མའི་དཀྱིལ་འཁོར་ཏེ། །དེར་ནི་ཧཱུཾ་ལས་བྱུང་བ་ཡི། །ཤེས་རབ་ཐབས་ཀྱི་རང་བཞིན་ཉིད། །ཁ་དོག་ནག་པོ་འཇིགས་ཆེན་པོ། །ཧཱུཾ་ལས་བྱུང་བའི་རྡོ་རྗེའོ། །


DTG010_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ལྟེ་བའི་དབུས་གནས་པ། །ཧཱུཾ་གི་དེ་ཉིད་ཡང་དག་བསྒོམ། །ཧཱུཾ་ཡིག་གྱུར་པ་ལ་བལྟ་བ། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །རྡོ་རྗེ་ལས་སྐྱེས་ནག་པོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །རང་གི་ལྷ་ཡི་གཟུགས་ཉིད་ནི། །མན་ངག་ཇི་བཞིན་རྣམ་པ་གསུམ། །གསུམ་གྱི་ནང་ན་རྣལ་འབྱོར་བས། །མོས་པ་ཇི་བཞིན་བསྒོམ་པར་བྱ། །མདངས་ཆེན་དཔའ་བོ་གཅིག་པུ་ཉིད། །དད་པ་ཉིད་ཀྱིས་བསྒོམ་པར་བྱ། །དེ་ནས་སྙིང་གའི་ཉི་མ་ལ་ས་བོན་གཉུག་མ་བཀོད་ལ་དེའི་འོད་ཀྱིས་སྤྱན་དྲངས་པའི་བཅོམ་ལྡན་འདས་བསྒོམ་པར་བྱ་བའི་གཟུགས་རང་གི་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་བལྟས་ལ། སྙིང་གའི་ས་བོན་ལས་བྱུང་པའི་སྟོན་ཀའི་ནམ་མཁའ་དྲི་མ་མེད་པ་ལྟ་བུ་མཆོད་པ་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་ལག་པའི་ཡལ་ག་ན་ཐོགས་ཤིང་སྒེག་པའི་འོག་ཏུ་གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་པོ་རྣམས་ཀྱིས་ཕྱི་རོལ་གྱི་མཆོད་པའི་ཁྱད་པར་གྱིས་གོ་རིམས་བཞིན་དུ་མཆོད་པར་བྱེད་དོ། །དེ་ལ་གཽ་རཱི་ནི་རི་དགས་ཀྱི་མཚན་མ་འཛིན་པའོ། །རྩཽ་རཱི་ནི་ཉི་མའོ། །རོ་ལངས་མ་ནི་ཆུའོ། །ཟ་ཕོད་མ་ནི་སྟོབས་སོ། །པུཀྐ་སཱི་ནི་དྲིའོ། །ས་བ་རཱི་ནི་རོའོ། །ཙཎྜལཱི་ནི་ཇེ་ཆུང་དྲུག་པའོ། །ཌོ་མྦི་ནཱི་ནི་འཁྱུད་པའི་ཚུལ་དུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་འདི་ཉིད་ཀྱི་སྤྱན་སྔ་རུ་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ཀྱིས་བསྐྱེད་པའི་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །བདག་གིས་སྡིག་པ་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱི་དཔལ་རྗེས་སུ་ཡི་རང་བའི་སྡིག་པ་ཐམས་ཅད་བཤགས་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་མ་ལུས་པ་ལ་རྗེས་སུ་ཡི་རང་ངོ༌། །བདག་གིས་དགེ་བའི་རྩ་བ་གང་ཅུང་ཟད་ཅི་བགྱིས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །དེ་ལྟར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་བདེ་བ་ཆེན་པོའི་རྣམ་པ་ཅན་དགྱེས་པའི་རྣམ་པའི་རྡོ་རྗེ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །དེས་བསྟན་པའི་བསྐྱེད་པ་


DTG010_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྫོགས་པའི་རང་བཞིན་གྱི་ཆོས་ལ་སྐྱབས་སུ་མཆིའོ། །དེའི་འཁོར་ལོར་གནས་པའི་མཁའ་འགྲོ་མའི་ཚོགས་ཀྱི་དགེ་འདུན་ལ་སྐྱབས་སུ་མཆིའོ། །འཁོར་བའི་རྒྱ་མཚོའི་ཆུར་ནུབ་པའི་སེམས་ཅན་འདི་དག་ལ་བདག་ཧེ་རུ་ཀའི་ངོ་བོར་གྱུར་པས་རྡོ་རྗེ་ཐེག་པའི་ཆོས་བསྟན་པའི་གྲུ་རབ་ཏུ་བྱིན་པས་ཡང་དག་པའི་གཟུང་བས་སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་མཆོག་ཏུ་དགའ་བའི་ཕུང་པོའི་བདག་ཉིད་ཀྱི་མཚན་ཉིད་ཅན་ལ་རབ་ཏུ་གཞག་པར་བགྱི་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དགྱེས་པའི་རྡོ་རྗེའི་རྣལ་འབྱོར་བླ་ན་མེད་པའི་བླ་མ་སངས་རྒྱས་སྒྲུབ་པ་ལ་འདི་ལས་གཉིས་པ་གཞན་མེད་པའི་ཐབས་ཀྱི་མཆོག་འདི་ལ་བདག་གིས་བརྟེན་པར་བགྱིའོ་ཞེས་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་མཚན་ཉིད་ཀྱི་བྱམས་པ་ཆེན་པོ་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་གཟུང་བར་འདོད་པའི་སྙིང་རྗེ་ཆེན་པོ་དང༌། སེམས་ཅན་ཐམས་ཅད་ལ་དགའ་བ་ཆེན་པོ་འཇུག་པའི་མཚན་ཉིད་ཅན་གྱི་དགའ་བ་ཆེན་པོ་དང༌། བརྟགས་པའི་ཡུལ་མ་ལུས་པ་ལ་བཏང་སྙོམས་པའི་མཚན་ཉིད་ཅན་བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ནི་སེམས་ཀྱི་རྣམ་པར་བརྟགས་པའོ་ཞེས་ཡིད་ཀྱི་དམིགས་པ་དེ་དང་དེའི་རྣམ་པར་རབ་ཏུ་སྣང་བ་འདི་དག་ནི་སེམས་ཉིད་འཁྲུལ་བ་སྟེ། མྱ་ངན་ལ་སོགས་པས་རྣམ་པར་འཁྲུལ་བ་བཞིན་དུ་སེམས་ལས་གཞན་པའི་གཟུང་བ་འདི་ནི་ཡོད་པ་མ་ཡིན་ནོ། །གཟུང་བ་མེད་པར་འཛིན་པའི་སེམས་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་སྣ་ཚོགས་འདི་དག་སེམས་ཀྱི་རང་བཞིན་དུ་རྟོགས་པར་བྱའོ་ཞེས་དོན་དེ་ཉིད་བསྟན་པར་བྱས་ནས་རྫས་མ་ལུས་པའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པའི་སྔགས་བརྗོད་པར་བྱ་ཞིང་ཐ་མལ་པའི་རྣམ་པ་གཞིག་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱའོ། །དེ་ནས་སྔགས་ཀྱི་དོན་མངོན་སུམ་དུ་བྱས་ལ། འགྲོ་བ་ཐམས་ཅད་རང་བཞིན་མེད་པའི་རྨི་ལམ་དུ་ཉེ་བར་དམིགས་པ་བཞིན་དུ་རྣམ་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་སྒྱུ་མ་ལྟ་བུའི་སྟོན་ཀའི་ནམ་མཁའ་དྲི་མ་མེད་པའི་དཀྱིལ་ལྟ་བུར་བལྟས་ལ་འདི་ཉིད་ནི་བཅོམ་ལྡན་འདས་


DTG010_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མ་བདག་མེད་མ་ཞེས་བྱའོ། །ང་ནི་སྨོན་ལམ་དང་རྗེས་སུ་དྲན་པའི་རྒྱུ་མཐུན་པར་གྱུར་པའི་རྣམ་པ་ལྟར། བསྡུས་པའི་འཁོར་ལོ་དག་པའི་འཇིག་རྟེན་པའི་རང་བཞིན་བསྒོམས་ཏེ། མདུན་དུ་སྣ་ཚོགས་པདྨའི་གདན་ལ་གནས་པའི་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བསམ་པར་བྱའོ། །དེ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཁ་དོག་ནག་པོ་འཇིགས་སུ་རུང་བ། ཁ་དོག་ལྔ་པ་རྩེ་མོ་གསུམ་པའོ། །དེའི་དཀྱིལ་དུའང་ཉི་མ་དེ་ལ་ཡི་གེ་ཧཱུཾ་དགོད་དོ། །དེ་ལ་ཁྲོ་བོ་འོག་མདུང་རྩེ། །འཇིག་དུས་མེ་ལྟར་བཟོད་དཀའ་བ། །སྡིགས་མཛུབ་གཡོན་གྱི་ཁུ་ཚུར་སྙིང༌། །བདུད་ཀྱི་དཀྱིལ་འཁོར་བསྡིགས་པར་བྱེད། །རྡོ་རྗེ་འབར་བ་གཡས་པ་ན། །ཞལ་ནི་ཧཱུཾ་གིས་གང་བར་གྱུར། །དཔའ་བོ་སྟག་གི་པགས་པ་བསྣམས། །ཕྱག་རྒྱ་ལྔ་ཡིས་རྒྱན་དུ་བྱས། །དྲག་པོ་ཆེན་པོ་ཁ་དོག་གནག །འཇིགས་པ་ཤིན་ཏུ་འཇིགས་པ་སྟེ། །ཁྲག་འཛག་མགོ་ཡི་ཕྲེང་བ་ཅན། །འཇིགས་བྱེད་འཇིགས་རུང་སྤྲོ་བར་བྱེད། །སྐྲ་ནི་དམར་སེར་གྱེན་དུ་འགྲེང༌། །ལྕེ་ནི་བསྒྱུར་ཞིང་གར་ཐབས་ཅན། །སྤྱན་གསུམ་དག་དང་ཡང་དག་ལྡན། །མཆེ་བ་ཅུང་ཟད་གཙིགས་པ་ཅན། །ཕྱོགས་དང་མཚམས་རྣམས་ཀུན་དུ་ཡང༌། །ཁྲོ་བོའི་ཚོགས་རྣམས་སྤྲོ་བྱ་ཞིང༌། །རྣལ་འབྱོར་རིག་པས་གསང་སྔགས་འདིས། །རང་གི་མཚམས་ནས་ཕུར་བུས་གདབ། །ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་ཇི་སྙེད་འདོད་པའི་བར་དུའོ། །དེའི་ནང་དུ་ཉི་མ་དང་སྣ་ཚོགས་རྡོ་རྗེའི་འོད་ཟེར་འཇིག་པའི་དུས་ཀྱི་མེ་ལྕེའི་རྩེ་མོ་ལྟར་གཅིག་ཏུ་གྱུར་ནས་ཕྱོགས་མཚམས་སུ་འཕྲོས་པས་མཚམས་བཅིང་བ་དང༌། རྡོ་རྗེའི་ར་བ་དང༌། སྟེང་རྡོ་རྗེའི་གུར་དང་འོག་ཏུ་ནི་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་རང་བཞིན་གྱིས་གཞིར་འོག་རིམ་བདུན་གྱི་བར་དུ་བསམ་པར་བྱའོ། །དེའི་དབུས་སུ་ཧཱུཾ་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་འབྱུང་གནས་ཀྱི་གཟུགས་སྟོན་ཀའི་རི་བོང་ཅན་གྱི་རྣམ་པ་ལྟ་བུ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རྣམ་པ་སྣ་ཚོགས་པའི་ངོ་མཚར་ཆེན་པོའི་འོད་ཟེར་གྱི་ཚོགས་མངོན་པར་འབྱུང་བའི་འོག་ཕྲ་བ་སྟེང་ཡངས་པ་ཟུར་གསུམ་པའི་ནང་སྟོང་པའི་དབུས་ན་གནས་པའི་པདྨ་འདབ་མ་སྣ་ཚོགས་དང་སྣ་ཚོགས་པའི་རྡོ་རྗེའོ། །


DTG010_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལྟེ་བ་ལ་འབྱུང་བ་ཆེན་པོ་བཞི་དཀྱིལ་འཁོར་བཞིའི་ངོ་བོ་རྣམ་པ་སྣ་ཚོགས་པ་པུཀྐ་སཱི་ལ་སོགས་པ་ལྷ་མོ་བཞིའི་རང་བཞིན་གོང་ནས་གོང་དུ་བལྟ་བར་བྱའོ། །དེ་ལ་དང་པོར་ནི་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་སྔོན་པོ་རྩེ་མོ་གཉིས་སུ་གཡོ་བའི་བ་དན་གྱིས་མཚན་པའོ། །རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་རྩེ་མོ་ཕྲ་བ་དམར་པོ་འོད་ཀྱི་ཕྲེང་བ་དམར་པོས་མཚན་པའོ། །དེའི་སྟེང་དུ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལཾ་ལས་བྱུང་བ་སའི་དཀྱིལ་འཁོར་གྲུབ་བཞི་པ་ཁ་དོག་སེར་པོ་ཟུར་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུ་ཉིད་དུ་བརྟགས་པའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་འབྱུང་ཆེན་བཞི་ཡོངས་སུ་གྱུར་པ་ལས་མདོར་བསྡུས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་ནོར་བུ་རྣམ་པ་སྣ་ཚོགས་ཀྱིས་སྤྲས་པའི་གཞལ་ཡས་ཁང་དཔག་ཏུ་མེད་ཅིང་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྒྱུ་མ་ལྟ་བུར་སྟོན་པའི་དུར་ཁྲོས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱ་སྟེ། ཟུར་བཞི་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་སྒོ་ཁྱུད་བཞིས་མཛེས་པར་བྱས་པ། རྟ་བབས་བཞིས་བརྒྱན་པ་དྲ་བ་དང་དྲ་བ་ཕྱེད་པ་དང༌། མེ་ལོང་དང་མེ་ཏོག་གི་ཕྲེང་བ་དང༌། བླ་རེ་དང༌། རྔ་ཡབ་ཀྱིས་སྤྲས་པ། རྡོ་རྗེ་ཐིག་གིས་བརྒྱན་པ། སངས་རྒྱས་ཀྱི་ཚོགས་འཕྲོས་པས་མཛེས་པ། གཡོ་བའི་བ་དན་ཡིད་དུ་འོང་བའི་རྩེ་མོའི་ཕྱོགས་ཀྱི་སྒོ་རྣམས་ལས་དྲིལ་བུའི་སྒྲ་སྒྲོགས་པ། འདོད་པའི་ཡོན་ཏན་ལྔ་ཡང་དག་པར་བཀོད་པས་ཉམས་སུ་དགའ་བའོ། །དེའི་དཀྱིལ་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའོ། །དེ་བཞིན་ཕྱོགས་མཚམས་པད་མ་ནི། །རང་རང་སྟན་གྱི་གེ་སར་ལ། །ཚངས་དབང་ཉེ་དབང་དྲག་པོ་དང༌། །དེ་བཞིན་གཤིན་རྗེ་གནོད་སྦྱིན་དང༌། །བདེན་བྲལ་དང་ནི་ཐགས་བཟངས་རིས། །རྒྱས་པར་གཽ་རཱི་ལ་སོགས་ཀྱིའོ། །ལྷོ་དང་ནུབ་དང་བྱང་དག་དང༌། །དབུས་སུ་བདུད་ནི་བཞི་པོ་དག །དབྱིབས་དང་ཁ་དོག་ཇི་ལྟ་བུ། །དེ་ལྟའི་གཟུགས་


DTG010_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དགོད་པར་བྱ། །བདུད་རྣམས་དག་ནི་ཐམས་ཅད་ཀྱི། །སྙིང་ལ་ཉི་མའི་དཀྱིལ་འཁོར་རོ། །བགེགས་རྣམས་བྲེད་པ་དེ་དང་དེ། །སྐྱབས་ཚོལ་བ་ལ་གཅིག་པུ་འབད། །དེ་ལ་དབུས་ཀྱི་འདབ་མ་ལ་ནི་ལུགས་སུ་འབྱུང་བ་དང༌། ལུགས་ལས་བཟློག་པའི་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་ཉིས་འགྱུར་དུ་བྱས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཚོན་པར་བྱེད་པའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་སྟེང་དུ་ཡི་གེ་ཀྵ་བོར་བའི་ཀ་ལ་སོགས་པའི་ཡི་གེ་དྷ་ད་བྷ་ཡ་ར་ལ་ཝ་དང་བཅས་པའི་ལུགས་སུ་འབྱུང་བ་དང། ལུགས་ལས་བཟློག་པ་ཉིས་འགྱུར་དུ་བྱུང་བ་དེ་དཔེ་བྱད་བཟང་པོ་བརྒྱད་ཅུ་མཚོན་པར་བྱེད་པའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་དཀྱིལ་དུ་ས་བོན་གྱི་ཡི་གེ་ཧཱུཾ་ཨཾ་ངོ༌། །དེ་དག་ཡོངས་སུ་གྱུར་པ་ལས་རང་གི་སྟན་ལ་གནས་པའི་ས་བོན་གཉིས་ཀྱི་སྙིང་པོ་ལས་སྣ་ཚོགས་རྡོ་རྗེ་དང༌། གྲི་གུག་དང༌། ཐོད་པ་ལ་གནས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་བསམ་པར་བྱའོ། །དེའི་འོད་ཟེར་ལས་བྱུང་བའི་མཁའ་འགྲོ་མའི་རྣམ་པ་ལྟ་བུའི་ཐུབ་པ་མཆོག་གི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ལ་རྣམ་པར་གཟིགས་པས་དེ་དག་ཏུ་གཏོགས་པའི་སེམས་ཅན་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བྱས་ནས། སླར་ལོག་ནས་གཅིག་ཏུ་གྱུར་པར་བྱས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ནས་ཉི་མ་དང་ཟླ་བ་དང་ཕྱག་མཚན་དང་ས་བོན་ལས་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི་དཔེ་མེད་པའི་ཚོགས་ཀྱི་རྡུལ་ཕྲ་རབ་ལས་ཡོངས་སུ་བསྒྲུབས་པ་བདེ་བ་ཆེན་པོའི་རང་བཞིན་འཆད་པར་འགྱུར་བའི་ཕྱག་དང་ཞལ་དང་མདོག་དང་དབྱིབས་ཀྱིས་མཚོན་པའི་རྒྱུར་གྱུར་པའོ། །དེ་ལྟ་བུའི་བདག་མེད་མ་ནི་སྐུ་ལ་འཁྱུད་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་བསྒོམ་པར་བྱའོ། །དེ་ལྟ་བུའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ། །དེའི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པའི་ཚོགས་མ་ལུས་པ་ཧེ་རུ་ཀའི་གཟུགས་སུ་རྫོགས་པར་བྱས་ནས་སྤྱན་དྲངས་ནས་བཅུག་པ་ཞུ་བར་གྱུར་པ་ལས་གཾ་ལ་


DTG010_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ས་བོན་བརྒྱད་ལས་བྱུང་བའི་གཽ་རཱི་ལ་སོགས་མཁའ་འགྲོ་མ་སྤྲོ་ཞིང་དྲན་པར་བྱའོ། །དེ་ནས་ནམ་མཁའ་ལ་དྲི་ཟའི་སེམས་ཅན་ཕྲ་བའི་དཀྱིལ་འཁོར་གྱི་གཟུགས་ཅན་ཁ་དོག་དམར་པོ་ཧོ་དམར་པོའི་ཕྲེང་བ་གཉིས་ཀྱིས་ཡོངས་སུ་བསྐོར་བར་བལྟས་ལ། སྙིང་གར་འོད་ཀྱིས་སྤྱན་དྲངས་ཤིང་བཅུག་ནས་བླ་མའི་མན་ངག་ཉིད་ཀྱིས་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་ཅན་རང་གི་རིག་པ་དང་བཅས་པ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པས་སྟོན་ཀའི་ཟླ་བ་དྲི་མ་མེད་པ་ལྟ་བུར་ཞུ་བར་གྱུར་ནས་བདེ་བ་ཆེན་པོའི་མཐར་གནས་པར་བྱའོ། །དེ་ནས་པུཀྐ་སཱི་ལ་སོགས་པ་ལྷ་མོ་བཞི་ཤིན་ཏུ་འདོད་པའི་ཚུལ་གྱིས་འོངས་ནས་རང་རང་གི་ཕྱོགས་སུ་འདུག་སྟེ། ཐུགས་སད་པར་བྱེད་པའི་རྡོ་རྗེའི་གླུས་བཅོམ་ལྡན་འདས་སློང་བར་བྱེད་པ། བཞེངས་ཤིག་དང་སྒྲོལ་ཐུགས་རྗེའི་ཐུགས། །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མི་བཞུགས་ན་བདག་འགུམ་པས། །དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་འགྲུབ་པར་མཛོད། །བདག་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མ་འཚལ་བས། །ཙཎྜལཱི་བདག་གསོལ་བ་འདེབས། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །དོཾ་བི་མོ་བདག་སྒྲེན་མོ་ལགས། །ཐུགས་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་པའོ། །དེ་ནས་གླུའི་ངོ་བོར་རྨི་ལམ་སད་པ་བཞིན་དུ་ཟླ་བ་ཞུ་བ་དེ་བསྡུས་པ་ལས་བྱུང་བའི་ས་བོན་གཉིས་སོ། །དེ་དག་ཡོངས་སུ་གྱུར་པ་ལས་ཕྱག་མཚན་གཉིས་སོ། །དེའི་དཀྱིལ་དུ་ཉི་མ་དང་ཟླ་བ་ལ་གནས་པའི་ས་བོན་དེ་གཉིས་ཉིད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱའོ། །དེ་ལས་མཁའ་འགྲོ་མའི་རྣམ་པ་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་སྤྲོ་ཞིང་ཡང་དག་པར་བསྡུས་པའི་སྦྱོར་བས་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུའི་སེམས་ཀྱི་རང་བཞིན་གཉུག་མ་ལ་ལྟོས་པར་དཔག་པར་བྱ་ཞིང༌། ཟླ་བ་དང་ཉི་མ་ཕྱག་མཚན་


DTG010_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་ཧེ་རུ་ཀའི་གཟུགས་བདག་མེད་མ་དང་སྙོམས་པར་འཇུག་པའི་བདག་ཉིད་བསྒོམ་པར་བྱའོ། །ཞབས་རྣམས་ས་ལ་བརྟེན་མཛད་ཅིང༌། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །མིག་ནི་དམར་ཞིང་ཟླུམ་ལ་འགྱུར། །ཁྲོས་ཤིང་སྒེག་པ་རལ་བ་ཅན། །ཞབས་ནི་བཞི་དང་ཞལ་བརྒྱད་དང༌། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །ཕུང་པོ་ཉོན་མོངས་འཆི་བདག་ལྷའི། །བུ་ཡི་བདུད་བཞི་མཉམ་པར་གནོན། །སྐྱིལ་ཀྲུང་ཕྱེད་པའི་གར་ཐབས་ཅན། །ཁྲག་འཛག་མགོ་བོ་ལྔ་བཅུའི་ཕྲེང༌། །ཤིན་ཏུ་འཇིགས་རུང་ཉམ་པར་གནས། །སྤྱི་གཙུག་སྣ་ཚོགས་རྡོ་རྗེ་འཛིན། །འཇིག་དུས་མེ་ལྟར་འབར་བའི་འོད། །ཞལ་ནས་ཧཱུཾ་ནི་སྒྲོགས་མཛད་ཅིང༌། །སྐུ་ལ་ཐལ་བའི་རྡུལ་གྱིས་བསྒོས། །འཇིག་དུས་སྦྱིན་དང་དབང་སྔོན་འདྲའི། །རྩ་བའི་ཞལ་དང་སྐུ་ལུས་ཅན། །རི་བོང་ཅན་འདྲའི་འོད་དང་ནི། །ཉིན་མོ་བྱེད་པའི་འོད་འདྲ་བའི། །གཡས་དང་གཡོན་པའི་ཞལ་མདོག་གོ །སྟེང་མའི་ཞལ་ནི་དུད་མདོག་འདྲ། །རྣམ་པར་འགྱུར་དང་བུང་པ་འདྲ། །ལྷག་མའི་ཞལ་ནི་བཞི་པའོ། །ཞལ་ཀུན་ཀྱང་མཆེ་བ་གཙིགས་པ་སྤྱན་གསུམ་གྱིས་མཛེས་པ། །དཔྲལ་བའི་སྟེང་དུ་ཐོད་པའི་དུ་མ་བུ་ལྔས་བརྒྱན་པ། སྨིན་མ་གཡོ་བ། སྐྲ་དམར་སེར་གྱེན་དུ་འགྲེང་བ། གཅེར་བུ་གར་དགུ་དང་ལྡན་པ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང༌། །ལག་པ་གང་དུ་བུ་སྐ་རགས་སོ། །གློ་དང་དབུགས་རྒོད་དེ་བཞིན་སྐྱོ། །ཟ་བྱེད་མཛེ་དང་ཟ་གཡའ་དང༌། །དམུ་ཆུ་སྤྲི་ཧའི་རང་བཞིན་ཉིད། །གླང་པོ་རྟ་བོང་གླང་རྔ་མོ། །དེ་བཞིན་མི་དང་སེང་བྱི་ལ། །གཡས་པའི་ཐོད་པ་བརྒྱད་པོ་རུ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་མེ་དང་རླུང༌། །ཟླ་བ་དང་ནི་ཉི་མ་དང༌། །མཐར་བྱེད་དང་ནི་ནོར་སྦྱིན་རྣམས། །གཡོན་པའི་ཐོད་པ་བརྒྱད་ནའོ། །ལྷ་མོ་བདག་མེད་མ་དེ་ནི། །ཕྱག་གཉིས་ཀྱིས་ནི་རྣམ་པར་བརྒྱན། །བདུད་བཞིའི་ཁྲག་གིས་བཀང་བ་ཡི། །ཐོད་པ་ཡིས་ནི་ཕྱག་གཡོན་བྲེལ། །གཡས་ན་ཉོན་མོངས་གཅོད་པ་ཡི། །གྲི་གུག་བསྣམས་པར་མཛད་པ་ཡིན། །གཅེར་པུ་ཁ་དོག་ནག་མོ་སྟེ། །བཅོམ་ལྡན་འདས་ཀྱི་མགུལ་


DTG010_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཁྱུད། །སྤྱན་གསུམ་གྱིས་ནི་རྣམ་པར་བརྒྱན། གཡས་བརྐྱང་པ་ཡི་གནས་པས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །དཔྲལ་བའི་སྟེང་དུ་མགོ་སྐམ་ཕྲེང༌། །མཛེས་པ་དག་གིས་མཛེས་པར་བྱས། །ཁྲག་མེད་མགོ་ཡི་ཕྲེང་བ་ཡིས། །གྲུབ་པའི་མཁའ་འགྲོན་ལ་བརྒྱན། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་པདྨ་ལ་གནས་པའི་ཉི་མ་ལ་ནི་ཧཱུཾ་ངོ༌། །དེ་ནས་བཅོམ་ལྡན་འདས་མའི་ཐུགས་ཀའི་པདྨ་ལ་གནས་པའི་ཟླ་བ་ལ་ཡི་གེ་ཨཾ་བལྟ་བར་བྱ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལམ་ཚོ་སྐྱེས་དང༌། སྲོག་སོང་བའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཨཱ་ཨི་ཨཱི་ཨུཾ་གི་ས་བོན་ལས་སྐྱེས་པས་མཚན་མའི་གྲི་གུག་དང༌། ཟླ་བ་དང་ཉི་མ་ཁ་སྦྱོར་དུ་བྱས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མ་ལ་སོགས་པའི་མཁའ་འགྲོ་མ་དཀར་མོ། ནག་མོ། སེར་མོ། །དམར་མོ། །ལྗང་གུ་ནི་གཏི་མུག་དང༌། ཞེ་སྡང་དང༌། ཕྲ་མ་དང༌། འདོད་ཆགས་དང༌། ཕྲག་དོག་ནི་བདག་མེད་མ་མཁའ་འགྲོ་མའི་རང་བཞིན་ཏེ། གྲི་གུག་དང་ཐོད་པ་བསྣམས་པའི་དཀྱིལ་འཁོར་ཕྱེད་པའི་གར་གྱིས་བཞུགས་པ་བསྒོམ་པར་བྱའོ། །རྡོ་རྗེ་མ་ལ་སོགས་པའི་མཁའ་འགྲོ་མ་ལྔ་པོ་འདི་དག་ནི་རིམ་པ་ཇི་ལྟ་བ་བཞིན་དུ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོར་བསམ་པར་བྱའོ། །དེ་བཞིན་དུ་གཏི་མུག་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། ཕྲ་མ་དང༌། འདོད་ཆགས་དང༌། ཕྲག་དོག་དང༌། གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ནི། གཽ་རཱི་དང༌། ཙོ་བོ་རཱི་དང༌། བེ་ཏཱ་ལཱི་དང༌། གྷསྨ་རཱི་དང༌། ས་སྤྱོད་མ་དང༌། མཁའ་སྤྱོད་མ་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང་ནམ་མཁའ་ལ་ནི། པུཀྐ་སཱི་དང༌། ས་པ་རཱི་དང༌། ཙཎྜལཱི་དང༌། ཌོཾ་བི་ནཱིའོ། །ལུས་དང༌། ངག་དང༌། ཡིད་ལ་ནི་སྡིག་སོང་བའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཨཱཾ་གི་ས་བོན་ལས་སྐྱེས་པའི། དཀར་མོ་དང༌། དམར་མོ་དང༌། ནག་མོ་དང༌། ས་སྤྱོད་མ་དང༌། མཁའ་སྤྱོད་མ་དང༌། བདག་མེད་མའི་རྣལ་འབྱོར་མ་རྣམས་རྡོ་རྗེ་མ་ལ་སོགས་པ་བཞིན་དུ་ཡོངས་སུ་རྫོགས་པས་གནས་ནས་སུའོ། །ཤ་ནི་པུཀྐ་སཱི་རུ་གྲགས། །ཁྲག་ནི་


DTG010_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རཱི་རུ་བརྟགས། །ཙཎྜལཱི་ནི་ཁུ་བར་བསྟན། །ཌོཾ་བི་རྐང་ཚིལ་དག་པ་སྟེ། །འདི་དག་ལྷ་ཡི་རྣམ་དག་གོ །ད་ནི་རྣམ་པར་དག་པ་གཞན་དག་བརྗོད་པར་བྱ་སྟེ། པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་འཕགས་པའི་བདེན་པ་བཞི། །ཐུགས་རྗེའི་སྤྱན་ནི་དམར་པོ་སྟེ། །བྱམས་པའི་ཐུགས་ཀྱིས་ཡན་ལག་ནག །བསྡུ་བའི་དངོས་པོ་བཞི་དག་གིས། །ཞབས་བཞི་དག་ཏུ་དྲན་པར་བྱ། །ཞལ་བརྒྱད་རྣམ་པར་ཐར་པ་སྟེ། །ཕྱག་ནི་སྟོང་པ་བཅུ་དྲུག་གོ །ཚད་ནི་སངས་རྒྱས་ལྔ་ཡིན་ཏེ། །ཁྲོ་བ་གདུག་པ་འདུལ་བ་པོ། །སྤྱན་ནི་རྣམ་དག་རྡོ་རྗེ་གསུམ། །བརྟེན་པའི་སེམས་ཀྱིས་དངོས་གྲུབ་འགྱུར། །དྲུག་ཅུ་རྩ་བཞི་བརྒྱད་ཅུ་དྲུག །འདབ་མ་སུམ་ཅུ་གཉིས་པདྨ། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང༌། །བདེ་ཆེན་ཞེས་བྱ་གོ་རིམས་བཞིན། །ལྟེ་བ་སྙིང་ག་མགྲིན་པ་མགོར། །འཁོར་ལོ་བཞི་པོ་བསྒོམ་པར་བྱ། །འོད་ཟེར་ལྡ་པོ་དཀར་དང་ནག །དམར་དང་སྔོ་བ་དེ་བཞིན་ཏེ། །ཨོཾ་ཧཱུཾ་ཨཾ་ཧཾ་ཅི་རིགས་པར། །སྟེང་དང་འོག་ཏུ་ཁ་བལྟས་ནས། །ཤེས་རབ་ཐབས་ཀྱི་རྣམ་དག་གིས། །གཉིས་གཉིས་དག་ཏུ་ཉེ་བར་བསྟན། །དེ་ནས་རང་གི་སྙིང་གའི་ས་བོན་གཉུག་མའི་འོད་ཟེར་གྱི་ཚོགས་ཀྱིས་གདོད་མ་ནས་གྲུབ་པའི་ཁམས་གསུམ་ན་བཞུགས་པའི་རྒྱལ་བ་མཆོག་གི་ཚོགས་སྤྱན་དྲངས་པ་ནམ་མཁར་བཞུགས་སུ་གསོལ་ཏེ། ཕྱི་དང་ནང་དང་གསང་བ་མཆོད་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་ལ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་གསོལ་བ་བཏབ་པ་དང༌། ཧེ་རུ་ཀའི་གཟུགས་སུ་གྱུར་པའི་དེ་བཞིན་གཤེགས་པ་དེ་དག་གིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བདུད་རྩི་ལྔའི་རང་བཞིན་བུམ་པ་ལྔ་ལག་པའི་པདྨས་གཟུང་བས་དབང་བསྐུར་བར་བྱའོ། །དབང་བསྐུར་མ་ཐག་ཏུ་སྤྱི་བོར་ཐུགས་ཀྱི་བདག་པོར་གཞག་གོ །མེ་ཏོག་གི་ཆར་དང་གུར་གུམ་གྱི་ཆར་ཡང་འབབ་པར་འགྱུར་རོ། །རྔའི་སྒྲ་ཡང་སྒྲོགས་པར་བྱེད་དོ། །གཟུགས་རྡོ་རྗེ་ལ་སོགས་པས་ཀྱང་མཆོད་པར་བྱེད་དོ། །སངས་རྒྱས་སྤྱན་ལ་སོགས་པས་ཀྱང་སྟོད་པར་བྱེད་དོ། །དེའི་རྗེས་ལ་རང་རིག་པ་ཐུགས་ཀར་གནས་པས་དབང་བསྐུར་བས་མིག་ལ་སོགས་པ་འཐོབ་པར་བསྒོམས་ལ། ཚོགས་ལྷག་པར་


DTG010_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དོན་དུ་རིགས་ལྔས་བྱིན་གྱིས་བརླབ་པར་བྱའོ། །དེའི་རིམ་པ་འདི་ཡིན་ཏེ། མགོ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བ་དང༌། བརླ་རྣམས་སུ། ཨོཾ་ཧཱུཾ་སྭ་ཨཱཿ་ཧའའི་ས་བོན་ལྔ་ལས་རྫོགས་པའི་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པའི་རང་བཞིན་གྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་སྐུ་ཅན་བསྒོམ་པར་བྱའོ། །ཧཱུཾ་དང་ཨའི་ས་བོན་ལས་ངེས་པར་བྱུང་བའི་པདྨ་འདབ་མ་བརྒྱད་པའི་ཟེ་བ་ལ་ཧཱུཾ་དང་ཨོཾ་ལས་བྱུང་བའི་རྣལ་འབྱོར་བའི་རྡོ་རྗེའི་ནོར་བུ་ཇི་ལྟར་རིགས་པར་སྔགས་གཉིས་ཀྱིས་བྱིན་གྱིས་བརླབས་ཏེ། ཨོཾ་པདྨ་སུ་ཁ་བྷ་ར་མ་ཧཱ་རཱ་རཱ་ག་སུ་ཁ་དྷ་ར། ཙ་ཏུར་ཨཱ་ནནད་བྷ་ག་བི་ཤཱ་ཧཱུཾ་ཧཱུཾ་ཧཱུཾ་ཀ་ཪྻཾ་ཀུ་རུ་ཥྭ་མེ། ཙ་ཏུར་ཨཱ་ནནད་ད་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ། ཀ་ཪྻཾ་ཀུ་རུ་ཥྭ་མེ་ཞེས་བྱ་བ་དེ་དང་ལྷན་ཅིག་ཏུ་དགའ་བ་བརྩམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུས་ཧེ་རུ་ཀའི་འཁོར་ལོ་སྤྱན་དྲངས་ནས་བདག་ཉིད་ལ་བཅུག་ལ་ཞུ་བར་བྱས་ནས། ཟླ་བ་ཞུ་བ་ལྟ་བུར་གྱུར་པ་པདྨའི་ནང་དུ་ལྟུང་བ་ལས་བསྐྱེད་པའོ། །རང་གི་ས་བོན་དང་ཕྱག་མཚན་ལས་རྫོགས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་དང༌། གཽ་རཱི་ལ་སོགས་པའི་མཁའ་འགྲོ་མའི་ཚོགས་བསྐྱེད་ཅིང༌། ཧཱུཾ་ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་བྱ་བའི་འབྱིན་པའི་སྔགས་ཀྱིས་སྤྲུལ་ཅིང་གདོན་ནོ། །དེ་ལ་བཅོམ་ལྡན་འདས་མ་དང་ལྷན་ཅིག་བཅོམ་ལྡན་འདས་ཇི་སྐད་བསྟན་པའི་ཕྱག་དང་ཞལ་སྐུ་མདོག་ལ་སོགས་པས་མཚོན་པ་རང་གི་བདག་ཉིད་གཞུག་གོ །གཽ་རཱི་ཁ་དོག་ནག་མོ་སྟེ། །གཡས་དང་གཞན་ལ་གྲི་གུག་དང༌། །རོ་ཧི་ཏ་ཡི་ཉ་བསྣམས་ལ། །ཤར་སྒོར་ཉི་མའི་གདན་ལ་བསམ་པར་བྱའོ། །དེ་བཞིན་དུ་ཙཽ་རཱི་ནི་བཙོད་ཀྱི་མདོག་ལྟ་བུ་རྡེའུ་ཆུང་དང་ཕག་པ་བསྣམས་པ་ལྷོའི་གདན་ལའོ། །དེ་བཞིན་དུ་རོ་ལངས་མ་ནི་གསེར་བཙོ་མའི་མདོག་ལྟ་བུ་རུས་སྦལ་དང༌། པདྨའི་སྣོད་བསྣམས་པ་ནུབ་ཀྱི་སྒོའི་གདན་ལའོ། །དེ་བཞིན་དུ་གྷསྨ་རཱི་ནི་ནོར་བུ་མ་ར་ཀ་ཏ་ལྟ་བུ་སྟེ། སྤྲུལ་དང་རྣལ་འབྱོར་གྱི་སྣོད་བསྣམས་པ་བྱང་ཕྱོགས་ཀྱི་གདན་ལའོ། །དེ་བཞིན་དུ་པུཀྐ་སཱི་ནི་ཨིནྡྲ་ནཱི་


DTG010_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟ་བུ་སྟེ། སེང་གེ་དང་དགྲ་སྟ་བསྣམས་པ་དབང་ལྡན་མཚམས་ཀྱི་གདན་ལའོ། །དེ་བཞིན་དུ་ས་བ་རཱི་ནི་ཟླ་བ་ཉ་བ་ལྟ་བུ་སྟེ། དགེ་སློང་དང་འཁར་གསིལ་བསྣམས་པ་མེའི་མཚམས་གདན་ལའོ། །དེ་བཞིན་དུ་ཙཎྜལཱི་ནི་ནམ་མཁའ་ལྟར་སྔོ་བསངས་ཏེ། འཁོར་ལོ་དང་གཤོལ་མདའ་བསྣམས་པ་བདེན་བྲལ་མཚམས་ཀྱི་གདན་ལའོ། །དེ་བཞིན་ཌོཾ་བཾ་ནཱི་ནི་སྣ་ཚོགས་པའི་མདོག་ཅན་ཕྱག་ན་རྡོ་རྗེ་དང་སྡིགས་མཛུབ་བསྣམས་པ་སྟེ། རླུང་གི་མཚམས་ཀྱི་གདན་ལ་གནས་པར་བསམ་པར་བྱའོ། །རྡོ་རྗེ་རྣལ་འབྱོར་མ་ཀུན་ཀྱང༌། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །དབུ་སྐྲ་དམར་སེར་གྱེན་དུ་འགྲེང༌། །སྤྱན་གསུམ་དམར་ཞིང་ཟླུམ་པ་སྟེ། །ཁྲག་མེད་མི་མགོའི་ཕྲེང་བ་ཡིས། །རྣམ་པར་བརྒྱན་ཅིང་བདག་པོ་ལ། །བདེ་མཆོག་སྦྱིན་པ་གཅེར་བུའོ། །ཞེས་བྱ་བས་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་བལྟས་ལ། །ཕྱག་རྒྱ་བྱིན་རླབས་སྦྱོར་བ་ཡིས། །ཉམས་མེད་ཡེ་ཤེས་ཐོབ་བྱའི་ཕྱིར། །མཚོ་སྐྱེས་རྡོ་རྗེས་བུག་པ་རུ། །ཕཊ་སེར་པོ་ནི་བསམ་པར་བྱ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། ཤར་ཕྱོགས་ཀྱི་སྒོར་ཕྱོགས་པར་བལྟས་ལ་ཡོན་ཆབ་ལ་སོགས་པ་ཕུལ་ཏེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿ་ཨོཾ་བཛྲ་ཙཽ་རཱི་བྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཏོ་ཤ་ཡ་ཧོཿ་ཞེས་བྱ་བ་སྤྱན་དྲང་བ་དང༌། གཞུག་པ་དང༌། བཅིང་བ་དང༌། མཉེས་པར་བྱས་པ་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་རྣམ་པར་བསམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྒྱལ་བ་མཆོག་གི་ཚོགས་སྤྱན་དྲངས་ཤིང་མཆོད་ལ་དབང་བསྐུར་བ་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱའོ། །དེ་ལྟར་དེ་དག་གིས་དབང་བསྐུར་བ་བྱས་མ་ཐག་ཏུ་མིང་གིས་དབང་བསྐུར་བའི་རྒྱལ་བ་མགོར་གནས་པར་འགྱུར་རོ། །དེ་ལ་ཐུགས་དང་སངས་རྒྱས་རིན་ཆེན་དང༌། །རྡོ་རྗེ་ཆོས་ཀྱི་རྒྱ་ཡིས་ནི། །གཽ་རཱི་ཙཽ་རཱི་བེ་ཏཱ་ལཱི། །གྷསྨ་རཱི་ལ་གོ་རིམས་བཞིན། །ལྷ་མོ་པུཀྐ་སཱི་སོགས་བཞི། །སངས་རྒྱས་འདི་དག་གོ་རིམས་བཞིན། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་སྒོ་ལས་བྱུང་བའི་མཁའ་འགྲོ་མ་རྣམས་ལག་པའི་ཡལ་གས་


DTG010_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམ་པ་སྣ་ཚོགས་ཐོགས་པ། རྫས་དང༌། བལྟ་བ་དང༌། དགེ་བ་མ་ལུས་པ་སྒྱུ་མ་ལྟ་བུར་བལྟ་བའི་ངོ་བོ་དང༌། དེ་ལས་གཞན་པའི་ཕྱི་རོལ་གྱི་མཆོད་པ་ཁྱད་པར་ཅན་གྱི་བདག་ཉིད་ཁམས་གསུམ་པའི་བདག་ཉིད་ཅན་དཀྱིལ་འཁོར་གྱི་འཁོར་ལོའི་ངོ་བོ་ལ་མཆོད་པ་དང༌། མཆོད་པ་པོ་དང་མཆོད་པའི་གནས་ཀྱི་དབྱེ་བའི་བློ་མི་བྱ་བར་ཡང་དག་པར་མཆོད་པར་བྱ་ཞིང༌། སྒྲའི་གྲོང་ཁྱེར་བྲག་ཅ་ལྟ་བུར་ཤེས་པས་བསྟོད་པར་ཡང་བྱའོ། །རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཁྱོད། །བསྐོར་ཞིང་ཁྱོད་སེམས་མཆོག་ཐོབ་འགྱུར། །དེ་ཡིས་འགྲོ་བ་བརྟན་གཡོ་སྦྱངས། །ཐུགས་རྗེའི་ཐུགས་ཀྱིས་སེམས་ཅན་བསླང༌། །སྒྱུ་མའི་སྤྲུལ་པར་ཁྱོད་ཀྱིས་རྡོ་རྗེ་ཕོང༌། །དཔལ་ལྡན་ཁྲག་འཐུང་རྡོ་རྗེས་བདག་ལ་ཐུགས་ཀྱིས་དགོངས། །དེ་ནས་མདུན་དུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རྒྱལ་མཚན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་འབར་བས་མཆན་པའོ། །དེའི་སྟེང་དུ་ཨཾ་ལས་བྱུང་བའི་པདྨའི་སྣོད་དོ། །དེའི་དཀྱིལ་དུ་བདུད་རྩི་ལྔ་དང་གསལ་བྱེད་ལྔ། །དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་མཚན་པ་སྦར་བ་དང༌། བསྐོར་བ་དང༌། དྲི་མ་མེད་པར་སྦྱངས་པས་ཤེལ་ལྟར་གྱུར་པ་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེའི་འོད་ཀྱིས་ཞུ་བར་གྱུར་པ། ཨོཾ་གྱིས་བྱིན་གྱིས་བརླབས་པ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་དེ་དང་རོ་མཉམ་པར་བྱས་པ་ལ་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབས་པ། རོ་དང༌། ནུས་པ་དང༌། དཔེ་མེད་པའི་སྨིན་པའི་རང་བཞིན་ཧཱུཾ་ལས་བྱུང་བའི་ལྕེ་དང༌། སྙིང་ག་དང༌། ཉི་མ་ལ་བཀོད་པའི་དཀྱིལ་འཁོར་ཚིམ་པར་བྱ་ཞིང་མཁའ་འགྲོ་མའི་དབུས་ན་གནས་པའི་གཙོ་བོ་བསྒོམས་པ་ལ་ཡང་དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་དེ་འཛིན་ཏོ། ད་ནི་གཽ་རཱི་ལ་སོགས་པའི་མཁའ་འགྲོ་མའི་ཚོགས་ཀྱི་དཀྱིལ་འཁོར་གྱི་དབང་ཕྱུག་མཐར་ཐུག་པའི་རེ་རེ་ནས་གོ་རིམས་བཞིན་དུ་ཕྱོགས་བཅུར་ཡང་དག་པར་སྤྲོས་ལ། ཇི་ལྟར་རིགས་པར་རྗེས་སུ་བརྟན་པར་བྱས་ནས། བྱ་བ་བྱས་ཤིང་བྱེད་པ་བྱས་པའི་དཀྱིལ་འཁོར་མ་ལུས་པ་རྣམ་པར་མི་


DTG010_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་བདེ་བའི་རང་བཞིན་དུ་བལྟ་བར་བྱའོ། །དེའི་རྗེས་ལ་དང་པོ་སྤྲུལ་པའི་འཁོར་ལོ་ཡི་གེ་ཨཾ་ཁ་དོག་ནག་པོ་འོད་དང་བཅས་པའོ། །དེ་ཡོངས་སུ་གྱུར་པ་མར་མེའི་འོད་ལྟར་འབར་བའི་འོད་ཟེར་བ་སྤུའི་བུ་ག་ནས་བྱུང་བས། གཽ་རཱི་ལ་སོགས་པ་ལྷ་མོའི་ཚོགས་སྣང་བར་བྱས་ནས། དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་དབང་ཕྱུག་ནག་པོ་ཆེན་པོ་མིག་སྨན་ནག་པོ་བཅག་པ་ལྟ་བུའི་ལུས་སྤྲོ་ཞིང་བསྡུ་བ་བསྒོམ་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་གཉིས་པར་དམར་པོ། གསུམ་པར་སེར་པོ། བཞི་བར་ལྗང་གུ། ལྔ་པར་སྔོན་པོ། དྲུག་པར་དཀར་པོ་ཞེས་བྱ་བ་ཡན་ལག་དྲུག་བསྒོམ་པར་བྱའོ། །ཕྱི་ནས་དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་བྱ་བ་གཽ་རཱི་ལ་སོགས་པ་མཁའ་འགྲོ་མ་བརྒྱད་རང་རང་གི་ཕྱོགས་ཀྱི་ཞལ་བརྒྱད་དུ་བཞུགས་ནས་ཉིད་ཀྱི་ཐུགས་ཀའི་ས་བོན་གཉུག་མར་གནས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་བདག་མེད་མ་ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀར་བཞུགས་པར་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱང་འཁོར་ལོ་བཞི་པོ་འོད་ཟེར་གྱི་ཚོགས་སྤྲོས་པས་བདག་ཉིད་འོད་ཀྱི་རང་བཞིན་དུ་གྱུར་པས། ཉིད་ཀྱི་ཐུགས་ཀའི་ཉི་མ་ལ་གནས་པའི་ས་བོན་གཉུག་མ་ལ་འདུག་པར་བྱའོ། །ཉི་མ་ཡང་ས་བོན་ལ། ས་བོན་ཡང་ཐིག་ལེར་གྱུར་ནས། ཐིག་ལེ་དང་བཅས་པའི་འཁོར་ལོ་གསུམ་ནི་དེས་མཚོན་པ་བདེ་བ་ཆེན་པོའི་རང་བཞིན་འོད་ཟེར་དཀར་པོའི་ཚོགས་ཀྱི་རྣམ་པ་ཅན་དུ་བསྒོམ་པར་བྱའོ། །རིམ་གྱིས་རང་གི་བདག་ཉིད་དུ་ཞུ་བར་གྱུར་པས་མི་དམིགས་པར་བྱའོ། །དེ་ལྟ་བུའི་སེམས་ཀྱི་རང་བཞིན་གཉུག་མའི་ངོ་བོ་ཉིད་བདེ་བ་ཆེན་པོའི་རྣམ་པར་རོ་གཅིག་པར་གྱུར་ཏོ་ཞེས་བྱ་བ་ཡིན་ནོ། །བསྒོམས་པས་སྐྱོ་བར་གྱུར་ན། སྔགས་བཟླས་པ་བྱ་སྟེ། བདག་ཉིད་དང་འཁོར་ལོའི་རྣམ་པ་བསམས། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སམ། རྒྱུད་ནས་འབྱུང་བའི་རྩ་བའི་སྔགས་སྙིང་གའི་ཉི་མ་ལ་སྔགས་ཀྱི་ཡི་གེ་མགོ་གྱེན་དུ་བལྟས་པ་དཀྱིལ་འཁོར་གྱི་རྣམ་པ་ལྟར་ཡང་དག་པར་གནས་པ་རབ་ཏུ་འབར་བ་རྣམས་ཡིད་ཀྱིས་བྲིས་ལ་ཡིད་ཀྱིས་བལྟས་པ་འདི་ནི་རྡོ་རྗེ་བཟླས་པའོ། །ཡང་ན་ཁྲོ་པོའི་བཟླས་པ་བྱ་སྟེ། ཞལ་བརྒྱད་དང༌། གཽ་རཱི་


DTG010_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་མཁའ་འགྲོ་མ་རྣམས་ཀྱིས་ཞལ་ནས་སྔགས་བརྗོད་པར་ལྷག་པར་མོས་པ་བྱའོ་ཞེས་བྱ་བ་ནི་བཟླས་པ་མདོར་བསྡུས་པའོ། །བཟླས་པས་སྐྱོ་བར་གྱུར་ན་སྨོན་ལམ་གདབ་པར་བྱ་སྟེ། རིགས་བཟངས་སྐྱེ་དང་དམ་ཚིག་ཅན། །རྒྱགས་མེད་དགྱེས་པའི་རྡོ་རྗེ་འཆད། །བླ་མ་ལ་གུས་སྙིང་རྗེ་དང༌། །ལྡན་ཞིང་སྐྱེ་ཞིང་སྐྱེ་བར་འགྱུར། །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་འདོན་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟ་བར། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་བྱའོ། །ཡང་ན་སྔ་མ་བཞིན་དུ་རང་གི་ལྷག་པའི་ལྷའི་འཁོར་གྱི་འཁོར་ལོ་ཡང་དག་པར་མཆོད་ལ། རང་གི་སྙིང་གའི་ས་བོན་གཉུག་མ་ལས་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བར་ལྷག་པར་མོས་པར་བྱས་ལ་མཁའ་འགྲོ་མའི་ཚོགས་ཁོངས་སུ་ཆུད་པར་བསྒོམས་ནས། ལྷའི་ང་རྒྱལ་ཉིད་བྱའོ། །ཡིད་ཀྱིས་ལངས་ལ་བྱ་བ་རྣམས་ལ་སྤྱད་པར་བྱའོ། །ཐུན་གཉིས་པོ་གཞན་ལ་ཡང་ཡིད་དང་མཐུན་པའི་གནས་སུ་ཉེ་བར་འདུག་ལ། སྔ་མ་བཞིན་དུ་གཞལ་ཡས་ཁང་ལྷག་པར་མོས་པར་བྱས་ལ། དེའི་དཀྱིལ་དུ་བདག་ཉིད་བདག་མེད་མ་དང་མཉམ་པར་འདུས་པའི་ཞལ་བརྒྱད་པའི་གཟུགས་ཀྱིས་དེ་ཁོ་ན་ཉིད་གསུམ་བརྗོད་པས། རང་རང་གི་ལས་ངེས་པར་བྱུང་བའི་མཁའ་འགྲོ་མའི་ཚོགས་གསལ་པོར་བལྟས་ལ་གནས་ཇི་ལྟ་བ་བཞིན་དུ་བཀོད་ལ། དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་བདེ་བ་ཆེན་པོའི་རང་བཞིན་དུ་བསྒོམས་ལ་མཆོད་པ་དང༌། བསྟོད་པ་ལ་སོགས་པ་ཡང་བྱའོ། །ཉལ་དུས་སུ་ཡང་དགའ་བྲལ་མཐའ་ཅན་གྱི་རྣལ་འབྱོར་མངོན་སུམ་དུ་བྱས་ལ། གཉིད་ལོག་པར་བྱའོ། །སད་པའི་དུས་སུ་ཡང་པུཀྐ་སཱི་ལ་སོགས་པ་ལྷ་མོ་བཞིས་གླུས་བསྐུལ་བས་ལངས་པར་བསམ་མོ། །ལངས་ནས་ཀྱང་དེ་ལྟ་བུ་ཉིད་དུ་གནས་པར་བྱའོ། །ཇི་སྲིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དུ་ཉིན་རེ་བཞིན་བྱའོ་ཞེས་བྱ་བ་ནི་ལས་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །གལ་ཏེ་ཕྱག་བཅུ་དྲུག་པ་ལ་མོས་པར་བྱེད་ན། གཞལ་ཡང་ཁང་དེ་ཉིད་དུ་ཕྱག་དྲུག་པའམ་ཕྱག་བཞི་པ་བསྒོམ་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཉིད་ཀྱི་ས་བོན་དང༌། ཕྱག་མཚན་ལ་སོགས་པ་ནི་ཕ་


DTG010_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་དྲུག་གོ །སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམ་པར་དག་པས་ཞལ་གསུམ་མོ། །སྐུ་དང་རྩ་བའི་ཞལ་ནི་འདམ་སྐྱེས་སྔོན་པོ་འདྲའོ། །གཡོན་ནི་དམར་པོའོ། །གཡས་ནི་ཟླ་བའི་འོད་ལྟ་བུའོ། །སྤྱན་གསུམ་པ་སྐྱིལ་ཀྲུང་ཕྱེད་པས་གནས་པ། །ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེའོ། །ཕྱག་གཉིས་པ་ན་གྲི་གུག་གོ །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པའོ། །ཕྱག་གཉིས་པ་ན་དྲིལ་བུའོ། །ཕྱག་ལྷག་མས་ནི་རྡོ་རྗེ་ལུ་གུ་ རྒྱུད་མ་ལ་མཉམ་པར་འཁྱུད་པ་ཁམས་གསུམ next hit་གྱི་བདག་ཉིད་ཅན་གྱིས་རོ་མནན་པའོ། །རྡོ་རྗེ་ལུ་གུ་རྒྱུད་མ་ནི་མདོག་སྔོན་པོ་སྟེ། བདག་མེད་མ་ལྟར་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །གྲི་གུག་དང་ཐོད་པ་བསྣམས་པའི་ཕྱག་གཉིས་ཀྱིས་རང་གི་བདག་པོ་གཉུག་མའི་མགུལ་ནས་འཁྱུད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་བདུད་ངེས་པར་བཅོམ་པའི་རྣམ་པར་དག་པས་ཕྱག་བཞི་སྟེ། འདམ་སྐྱེས་སྔོན་པོ་དང་འདྲའོ། །སྤྱན་གསུམ་པ། རོ་རྣམ་པར་གནོན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མནན་པའོ། །གཡས་ཀྱི་དང་པོ་ན་ནི་རྡོ་རྗེའོ། །ཕྱག་གཡོན་གྱི་དང་པོ་ན་ནི་མིའི་ཐོད་པ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་གང་བའོ། །ཕྱག་ལྷག་མས་ནི་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །བཅོམ་ལྡན་འདས་མ་ནི་སྐུ་མདོག་སྔོན་མོ་སྟེ། ཕྱག་གཡས་དང་གཞན་ལ་ནི་གྲི་གུག་དང་ཐོད་པ་འཛིན་པའོ། །རྒྱུའི་རྡོ་རྗེ་འཛིན་འདི་དག་གི་ཕྱག་མཚན་དང་འཁོར་ལོ་ཡང་འབྲས་བུ་བཞིན་ཏེ། ཁྱད་པར་ཟླ་བའི་གདན་དང༌། ཟླ་བའི་འོད་བསྒོམ་པར་བྱའོ། །ཕྱག་དྲུག་པ་དང༌། ཕྱག་བཞི་བ་ལ་ཞལ་བརྒྱད་པ་མེད་ན་ཡང༌། མཁའ་འགྲོ་མའི་ཚོགས་རང་རང་གི་ཕྱོགས་ཀྱི་བ་སྤུའི་བུ་གར་གཞུག་པར་བྱའོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱས་བ་ནི་ཕྱག་དྲུག་པའིའོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ཕྱག་བཞི་པའིའོ། །ཁག་མ་ནི་སྔ་མ་བཞིན་དུ་རྟོགས་པར་བྱའོ། །དཔལ་དན་ཡན་ལག་མེད་རྡོ་རྗེ། །ཡེ་ཤེས་བསམ་ཡས་བརྙེས་གྱུར་པས། །ཡང་དག་རྗེས་གནང་ཐོབ་གྱུར་ནས། །བྲིས་ཀྱི་མངོན་པའི་ང་རྒྱལ་མིན། །བདག་གིས་འདི་བྲིས་ནོངས་པ་རྣམས། །སྟོན་ཀའི་དྲི་མེད་འོད་འདྲ་བའི། །ཡིད་དང་ལྡན་


DTG010_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁས་རྣམས་དང༌། །རྣལ་འབྱོར་པ་རྣམས་བཟོད་པར་འོས། །ཁྲག་འཐུང་སྒྲུབ་ཐབས་བྱས་པ་ལས། །ལེགས་པ་བདག་གིས་གང་བསགས་པ། །དེས་ནི་འཇུག་རྟེན་མ་ལུས་རྣམས། །ཀུན་མཁྱེན་ཡེ་ཤེས་ཕ་རོལ་སོན། །དཔལ་རྣལ་འབྱོར་བ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། དཔལ་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུན་དུ་བཟང་པོ་ལྡང༌། ལོ་ཙཱ་བ་དགེ་སློད་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousདགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས། ཡན་ལག་མེད་པའི་རྡོ་རྗེས་མཛད།next