Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཉིས་པ།

3 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]


  
  
  
  
  
  
  
  
  
  
  
 
དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ།  པྲ་ཛྙཱ་རཀྵི་ཏ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  


3 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousདཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ། པྲ་ཛྙཱ་རཀྵི་ཏ།next

དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ།
པྲ་ཛྙཱ་རཀྵི་ཏ།


DTG022_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཨ་བྷི་ས་མ་ཡ་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདེ་མཆོག་དཔལ་ལྡན་བླ་མ་ཡི། །ཞབས་ཀྱི་པདྨར་ཕྱག་འཚལ་ཏེ། །ལཱུ་ཡི་བ་ཡི་སྒྲུབ་ཐབས་ཀྱི། །དེ་ཡི་དཀའ་འགྲེལ་བདག་གིས་བྱ། །དང་བོ་ཁོ་ནར་རྣལ་འབྱོར་པས་དུར་ཁྲོད་དམ་རིལ་སོགས་པ་མཐོ་བའི་གནས་སུ་རོལ་ཉེ་བར་གནས་ལ། གཅེར་བུ་སྐྲ་བཀྲོལ་ཏེ་བདུད་རྩི་ལྔའི་རིལ་ཁུ་ཁར་བཅུག་ལ་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། །ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་བཞིའི་དོན་མངོན་དུ་བྱ་སྟེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པའོ། །རུ་ནི་ཚོགས་དང་བྲལ་བ་སྟེ། ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་ལན་གསུམ་བརྗོད་ལ། བདེ་མཆོག་འཁོར་ལོ་ཕྱག་གཉིས་པ་ཡུམ་དང་བཅས་པའམ་གཅིག་པུ་གང་ཡང་རུང་པར་མོས་པར་བྱས་ལ། དེའི་རྗེས་ལ་ཨོཾ་གྱི་ཡི་གེའི་དང་པོ་ཅན་དང་ཧཱུཾ་ཧཱུཾ་ཕཊ་ཀྱི་ཡི་གེའི་མཐའ་ཅན་གྱིས་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་དང་ལྡན་པ་ལན་གསུམ་དུ་བརྗོད་པས་ཡོངས་སུ་བསྐོར་ནས་གནས་པ་ལས་འཁོར་ལོ་གསུམ་གྱི་ལྷ་ཆོགས་སྤྲོས་ཏེ། བགེགས་ཀྱི་ཚོགས་རྣམས་འཇོམས་པར་བྱེད་པས་བསྐྲད་པར་བསྒོམས་ལ། དེ་བསྒོམས་ནས་ཅི་ཞིག་བྱ་བ་དེ་གསུངས་པ། རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གིས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལྟར་ཐམས་ཅད་བྱས་ནས་ཚངས་པའི་གནས་བཞི་བསྒོམ་པ་དེ་གང་ལས་རྙེད་ཅེ་ན། བླ་མའི་གདམས་ངག་ལས་དང༌།


DTG022_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་གྱི་དབང་ཕྱུག་གི་ཚིག་ལས་ཀྱང་ངོ༌། །དབང་པོ་རྣོན་པོའི་སེམས་ཅན་གྱི་དབང་དུ་བྱས་ནས་མདོར་བསྡུས་པའི་བྱམས་པ་ལ་སོགས་བསྒོམ་བ་ནི། ཇི་ལྟར་འཁོར་བའི་སྡུག་བསྔལ་ལས་བཏོན་ལ་དེ་བཞིན་དུ་རོ་གཅིག་པའི་བདེ་བ་ཆེན་པོ་ལ་སེམས་ཅན་ཐམས་ཅད་བདག་གིས་རབ་ཏུ་དགོད་པར་བྱའོ་ཞེས་པའོ། །དེ་ལ་སྡུག་བསྔལ་ལས་བསྒྲལ་བ་ནི་སྙིང་རྗེའོ། །བདེ་བ་ཆེན་པོ་ལ་རབ་ཏུ་འགོད་པར་བྱེད་པ་ནི་བྱམས་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་བཏང་སྙོམས་སོ། །བརྟན་པའི་བདེ་བ་ཉིད་ཀྱིས་དགའ་བའོ། །བྱམས་པ་ལ་སོགས་པ་རྒྱས་པར་བསྒོམ་པ་ནི་རབ་ཏུ་གྲགས་པ་ཉིད་དོ། །བསྒོམ་པར་བྱའོ་ཞེས་བྱ་བ་འདིས་ནི་ཐམས་ཅད་བསྒོམ་པར་གསུངས་པའོ། །དེའི་དགོས་པ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་དུ་མོས་པས་ནི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་འཇོམས་པའོ། །བདེ་མཆོག་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་ནི་ལུས་གྱི་བྱ་བ་ཐམས་ཅད་དག་པ་དང་འགྲོ་བ་ཐམས་ཅད་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་ཅིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཧེ་རུ་ཀའི་རང་བཞིན་དུ་ཡང་བསྟན་ཏོ། །ཨཱ་ལི་ཀཱ་ལི་བསྒོམས་པས་ངག་གི་བྱ་བ་ཐམས་ཅད་རྣམ་པར་དག་པར་བྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་དགེ་བའི་རྩ་བ་ཐམས་ཅད་འཕེལ་བར་བྱེད་པའོ། །དེ་ནས་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་ལས་བྱུང་བའི་མཆོད་པ་ལ་སོགས་པ་ནི་བྱང་ཆུབ་མྱུར་བའི་རྒྱུར་འགྱུར་བའི་ཕྱིར་གསུངས་པ། དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱས་ཏེ། དེ་ལ་གཟུགས་ནས་རྣམ་པར་ཤེས་པའི་མཐར་ཐུག་པ་རྣམས་ལ་དབུ་བ་དང༌། ཆུ་བུར་དང༌། སྨིག་རྒྱུ་དང༌། ཆུ་ཤིང་དང༌། སྒྱུ་མ་ལྟ་བུ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དུ་ངེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་དེ་བཞིན་ཉིད་ཅེས་བྱ་བའི་དོན་ཏོ། །ཡང་ན་དབུ་བ་ལྟ་བུ་ལ་སོགས་པ་ལས་གཞན་རྣམ་པར་སྣང་མཛད་ལ་སོགས་པའི་ལྟར་མོས་པ་ཉིད་ཀྱིས་དེ་རྣམས་རྣམ་པར་དག་པའོ། །དེ་ལ་གཟུགས་དང༌། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང༌། རྡོ་རྗེ་


DTG022_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའོ། །གཟུགས་ལ་སོགས་པའི་དེ་བཞིན་ཉིད་ནི་མི་བསྐྱོད་པ་སྟེ། དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་དང་ནག་པོར་དེ་རྣམས་ཀྱི་ཁ་དོག་རིག་པར་བྱའོ། །རྣམ་པར་སྣང་མཛད་ནི་ཕྱག་གཡས་ཀྱིས་འཁོར་ལོ་གདེངས་པ། ཕྱག་གཡོན་པ་དྲིལ་བུ་དང་ལྡན་པའི་བསྙེམས་པ་དང་བཅས་པས་དཀུར་བརྟེན་པའོ། །རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང༌། །དོན་ཡོད་གྲུབ་པ་ནི་རིན་པོ་ཆེ་དང་པདྨ་དམར་པོ་དང༌། སྣ་ཚོགས་རྡོ་རྗེ་དང་ལྡན་པའི་ཕྱག་གཡས་གདེངས་པ། རོལ་པ་དང་བཅས་པའི་དྲིལ་བུ་དང་ལྡན་པའི་ཕྱག་གཡོན་པ་ཐུགས་ཀར་སོན་པའོ།།རྡོ་རྗེ་སེམས་དཔའི་གཡས་པའི་ཕྱག་གིས་རོལ་པ་དང་བཅས་པས་ཐུགས་ཀར་རྡོ་རྗེ་འཛིན་པ། དྲིལ་བུ་དང་བཅས་པའི་ཕྱག་གཡོན་པ་བསྙེམས་པ་དང་བཅས་བཅས་པས་དཀུར་བརྟེན་པའོ། །རྡོ་རྗེ་ཧེ་རུ་ཀའི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པས་གནོན་པའི་ཕྱག་རྒྱའོ། །ཕྱག་གཡོན་པ་དྲིལ་བུ་དང་བཅས་པས་དཀུར་བརྟེན་པའོ། །མིག་གཉིས་ལ་ཞེས་བྱ་བ་ལ་སོགས་པ་ལ་རྒྱུད་གཞན་ལས་གྲགས་པའི་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང༌། ནམ་མཁའ་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ཀུན་དུ་བཟང་པོ་རྣམས་ལ་འདིར་གཏི་མུག་རྡོ་རྗེ་ལ་སོགས་པར་གོ་རིམས་བཞིན་རྟོགས་བར་བྱ་སྟེ། ཁ་དོག་ནི་དཀར་པོ་དང་ནག་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དཀར་པོ་རྣམས་སོ། །གཏི་མུག་རྡོ་རྗེ་གཡས་པས་འཁོར་ལོ་གདེངས་པ། ཕྱག་གཡོན་པས་དྲིལ་བུ་ཐུགས་ཀར་བསྣམས་པའོ། །ཞེ་སྡང་རྡོ་རྗེ་ནི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པས་ཐུགས་ཀར་སོན་པའོ། །ཕྱག་གཡོན་པ་དྲིལ་བུ་དང་ལྡན་པས་བསྙེམས་པ་དང་བཅས་པས་དཀུར་བརྟེན་པའོ། །ཕྲ་མ་དང་འདོད་ཆགས་དང་ཕྲག་དོག་རྡོ་རྗེ་རྣམས་གཡས་པ་རིན་པོ་ཆེ་དང་པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེ་དང་བཅས་པ་གདེངས་པ། དྲིལ་བུ་ལྡན་པའི་ཕྱག་གཡོན་པ་རོལ་པ་དང་བཅས་པས་ཐུགས་ཀར་སོན་པའོ། །དབང་ཕྱུག་རྡོ་རྗེ་ནི་ཕྱག་གཡས་བ་རྡོ་རྗེ་དང་བཅས་པས་ཐུགས་ཀར་སོན་པའོ། །ཕྱག་གཡོན་དྲིལ་བུ་དང་བཅས་པས་དཀུར་བརྟེན་པའོ། །ལྟུང་བྱེད་མ་དང་གསོད་


DTG022_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་མ་དང༌། འགུགས་བྱེད་མ་དང༌། པདྨ་གར་གྱི་དབང་ཕྱུག་རྣམས་ནི་ཞལ་གཅིག་ཕྱག་བཞི་མ་སྟེ། སེར་པོ་དང༌། ནག་པོ་དང༌། དམར་པོ་དང་ལྗང་གུའི་མདོག་ཅན་གྱི་སྤྱན་མ་དང༌། མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མའི་རང་བཞིན་ཏེ་ཕྱག་གཡས་པ་གཉིས་ཀྱིས་འཁོར་ལོ་དང་གྲི་གུག་དང་རྡོ་རྗེ་དང་གྲི་གུག་དང༌། པདྨ་དང་གྲེ་གུག་དང༌། རལ་གྲི་དང་གྲི་གུག་རྣམས་འཛིན་པའོ། །གཡོན་པའི་ཕྱག་གཉིས་ཀྱིས་ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པའོ། །པདྨའི་དྲ་བ་ཅན་ནི་དུ་བའི་མདོག་དང་དཀར་བ་དང་དམར་བའི་ཞལ་གསུམ་པ་ཕྱག་དྲུག་བ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་རང་བཞིན་དུ་བའི་མདོག་ཅན། གཡོན་བའི་ཕྱག་གསུམ་གྱིས་ཐོད་པ་དང་ཁ་ཊྭཱཾ་ག་དང་ཞགས་པ་འཛིན་པ། གཡས་པའི་ཕྱག་གསུམ་ན་ལྕགས་ཀྱུ་དང་ཚངས་པའི་མགོ་བོ་དང་གྲི་གུག་གིས་མཛེས་པའོ། །རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་ཉི་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །པདྨ་གར་གྱི་དབང་ཕྱུག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་རྒྱལ་པོ་ནི་བྱ་བ་གྲུབ་བའི་ཡེ་ཤེས་ཀྱི་རང་བཞིན་ནོ། །སྒྲུབ་ཐབས་འདིར་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་རྡོ་རྗེ་སེམས་དཔའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་མི་བསྐྱོད་པའོ། །གཏི་མུག་རྣམ་པར་འཇོམས་པས་ན་གཏི་མུག་རྡོ་རྗེའོ། །ཞེ་སྡང་འཇོམས་པས་ན་ཞེ་སྡང་རྡོ་རྗེའོ། །ཕྲག་དོག་རྣམ་པར་འཇོམས་པས་ན་ཕྲག་དོག་རྡོ་རྗེའོ། །ཆགས་པ་ཐམས་ཅད་འཇོམས་པས་ན་འདོད་ཆགས་རྡོ་རྗེའོ། །ཕྲ་མ་ཐམས་ཅད་འཇོམས་པས་ན་ཕྲ་མ་རྡོ་རྗེའོ། །ཐམས་ཅད་ལ་དབང་ཕྱུག་སྟེར་བས་ན་དབང་ཕྱུག་རྡོ་རྗེའོ། །མིང་དང་རྗེས་སུ་མཐུན་པའི་ལས་རྣམས་སྒྲུབ་པས་ན་ལྟུང་བྱེད་མ་ལ་སོགས་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནི་ཞབས་གཡས་བརྐྱང་པ་རལ་བའི་ཅོང་པ་ཅན་སྤྱན་གསུམ་པ་ཕྱག་རྒྱ་ལྔས་བརྒྱན་པའོ། །ལྷ་མོ་རྣམས་ནི་སྐྲ་གྲོལ་བ་གཅེར་བུ་སྤྱན་གསུམ་པ་ཕྱག་རྒྱ་ལྔས་བརྒྱན་པ་ཞབས་གཡས་བརྐྱང་བའོ། །དེ་ནས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་རྗེས་ཐོགས་སུའོ། །རྡོ་རྗེའི་གུར་བསམ་བར་བྱ་སྟེ། ཤར་ལ་སོགས་པའི་ཕྱོགས་སུ་ངེས་པར་དགོད་པར་


DTG022_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །སྟེང་དུ་ནི་མདའི་དྲ་བའོ། །ས་གཞི་ནི་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེའི་འོད་ཀྱིས་སྣང་བ་ལས་རྡོ་རྗེའི་ར་བ་དང༌། རྡོ་རྗེའི་བླ་རེའོ། །ཞེས་བྱ་བའི་ཚིག་བདུན་པོ་འདི་རྣམས་ནི་མན་དག་ཇི་ལྟ་བ་བཞིན་དུ་བྲིའོ། །གཡོན་པའི་མཛུབ་མོ་དང་མཐེ་བོང་བརྡབ་པ་སྔོན་དུ་འགྲོ་བས་ཨོཾ་སུམྦྷ་ཞེས་བྱ་བའི་སྔགས་བརྗོད་ཅིང་ནག་པོ་དང་ལྗང་གུ་དང་དམར་པོ་དང༌། སེར་པོའི་ཁ་དོག་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞི་ལ་ཐུག་པར་ཁྱབ་ཅིང་འབར་བའི་ལུས་ཆེན་པོ་ཤར་དང་བྱང་དང་ནུབ་དང་ལྷོའི་ཕྱོགས་རྣམས་སུ་རིམ་གྱིས་དགོད་པར་བྱའོ། །སུམྦྷ་ལ་སོགས་པའི་སྔགས་ཀྱི་འོད་ཟེར་གྱི་ཁ་དོག་ལས་དེ་དང་མཐུན་པའི་ར་བ་བཞིའོ། །དེ་དང་དུས་མཉམ་པ་ཉིད་དུ་ཧཱུཾ་གི་ཡི་གེ་ལས་སྐྱེས་ཤིང་དེ་ཉིད་ཀྱི་བྱིན་གྱིས་བརླབས་པའི་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞིའོ། །དེའི་འོད་ཟེར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པའི་མདའི་དྲ་བའོ། །དེའི་འོག་ཏུ་རྡོ་རྗེའི་གུར་དང་རྡོ་རྗེའི་བླ་བྲེ་ནི་གནས་ཇི་ལྟ་བ་བཞིན་དུ་བསམ་པའོ། །དེ་ནས་སུམྦྷ་ལ་སོགས་པའི་སྔགས་བཞི་ལས་གྲུབ་པའི་ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་བཞི་དང༌། དེ་ཉིད་ཀྱི་ཚེ་གཉིས་གཉིས་ཀྱི་འོད་ཟེར་ལས་བྱུང་བའི་གཤིན་རྗེ་བརྟན་མ་ལ་སོགས་པའི་ལྷ་མོ་བཞི་སྟེ། འདི་བརྒྱད་ནི་ཞལ་གཅིག་པ་ཕྱག་གཉིས་པ་ལྟེ་བ་མན་ཆད་རྩེ་གཅིག་པའི་རྣམ་པའོ། །གཡས་པ་ན་རྡོ་རྗེ་ཐོ་བ་འཛིན་པ། གཡོན་པ་བདག་ཉིད་ཀྱི་ལྟ་བུའི་ཕུར་བུའི་ཕྱག་ཅན་སྤྲོས་ཏེ་ཕྱོགས་བཅུ་ན་གནས་པའི་བགེགས་ཀྱི་ཚོགས་བཀུག་ནས་སྒྲ་རིང་པོར་བརྗོད་པའི་ཧཱུཾ་ཡི་གེ་ལས་གྲུབ་པའི་ཕྱོགས་བརྒྱད་ཀྱི་ར་བ་དང་ཉེ་བའི་དོང་རྣམས་སུ་བཅུག་ལ་ཕུར་བུས་གདབ་པའི་སྔགས་སྔོན་དུ་འགྲོ་བས་བགེགས་ཀྱི་ཚོགས་ཕུར་བུས་གདབ་པ་དང་བརྡུང་བའི་སྔགས་སྔོན་དུ་འགྲོ་བས་བརྡུང་བར་བྱའོ། །ཕུར་བུས་གདབ་པ་དང་བརྡུང་བ་དག་གིས་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོའི་དེ་བཞིན་ཉིད་དུ་རང་བཞིན་གཅིག་པར་རྣམ་པར་བསམ་པར་བྱའོ། །ཡང་བགེགས་ལྷག་མ་རྣམས་བསྐྲད་ནས་དེ་དག་ར་བ་ལ་ཐིམ་པ་ན་ཆུ་ལ་ཆུ་ཐིམ་པ་ལས་ཐིགས་པ་བྱུང་བའི་ཚུལ་གྱིས་མཚམས་བཅིང་བའི་


DTG022_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་དུ་ཟླུམ་པོའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་རྣམས་བསམ་པར་བྱའོ། །རྡོ་རྗེའི་ར་བ་ལ་སོགས་པ་དེ་ཉིད་མཚམས་མེད་ཅིང་དུམ་བུ་གཅིག་ཏུ་གྱུར་པས་རྣམ་པ་ཐམས་ཅད་དུ་འགྲོ་བ་རྣམས་ལ་བགེགས་མེད་པར་མོས་པར་བྱའོ། །འདིར་ཅིའི་ཕྱིར་བསྲུང་བའི་རྡོ་རྗེའི་དྲ་བ་ལ་སོགས་པའི་རྗེས་ཐོགས་སུ་སྟོང་པ་ཉིད་བསྒོམ་ཞེས་རྩོད་པར་མི་བྱ་སྟེ། གང་གི་ཕྱིར་རྒྱུད་འདི་ནི་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་ལ། དེ་ལ་སྟོང་པ་ཉིད་ཁོ་ན་དོན་དམ་པའི་སྲུང་བ་ཡིན་ནོ། །འོ་ན་ཇི་ལྟར་ཕྱི་རོལ་གྱི་བྲིས་པའི་དཀྱིལ་འཁོར་དུ་རྡོ་རྗེའི་ར་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་གང་གི་ཚེ་བཅོམ་ལྡན་འདས་རྫོགས་པ་དེ་ཉིད་ཀྱི་ཚེ་དམ་ཚིག་གི་འཁོར་ལོ་ཡོངས་སུ་གཅོད་པའི་སྣ་ཚོགས་རྡོ་རྗེའི་ར་བ་རྫོགས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་བསྲུངས་པའི་རྗེས་ལའོ། །རང་གི་སྙིང་གར་ཞེས་བྱ་བ་ནི་རྡོ་རྗེ་དྲ་བའི་དབུས་ན་གནས་པའི་བདག་ཉིད་ཀྱི་སྙིང་གར་རོ། །ཡི་གེ་ཨ་ལས་ཞེས་བྱ་བ་ནི་ཀླད་ཀོར་དང་བཅས་པ་ལས་སོ། །དེའི་སྟེང་དུ་ཞེས་བྱ་བ་ནི་ཟླ་བའི་སྟེང་དུའོ། །ཡི་གེ་ཧཱུཾ་ལས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ལས་སོ། །རྡོ་རྗེ་སེམས་དཔའ་ཡང་ཟླ་བའི་དཀྱིལ་འཁོར་ཅན་ཉིད་དུ་རིགས་པ་ཉིད་དོ། །སྣ་ཚོགས་པའི་འོད་ཟེར་འཕྲོ་བ་ཞེས་པ་ནི་འོད་ཟེར་འཕྲོ་བ་ལྔ་དང་ལྡན་པའོ། །ཡི་གེ་ཧཱུཾ་གི་གཉུག་མའི་ཁ་དོག་ནི་དངུལ་ཆུ་དང་མཚུངས་པ་སྟེ་དབུས་སྔོ་བ་དང་ཕྱི་རོལ་དཀར་བ་ཉིད་ཀྱིས་སོ། །ཡང་དག་པར་མཆོད་དེ་ཞེས་བྱ་བ་ལ། པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་གིས་ཏེ། །དེ་ལ་པི་ཝང་མ་དང༌། གླིང་བུ་མ་དང༌། རྔ་ཟླུམ་མ་དང༌། རྫ་རྔ་མ་རྣམས་ཞལ་གཅིག་ཕྱག་བཞི་མ་སྔོན་མོ་དང་སེར་མོ་དང༌། དམར་མོ་དང་ལྗང་གུ་སྟེ། ཕྱག་གཙོ་བོ་གཉིས་ཀྱིས་རང་རང་གི་རྡུང་བ་དག་བརྡུང་བར་བརྩོན་པ། ཕྱག་གཞན་གཉིས་གྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །བཞད་མ་དང་སྒེག་མོ་དང༌། གླུ་མ་དང་གར་མ་ནི་ཞལ་གཅིག་ཕྱག་བཞི་མ། དམར་པོ་དང༌། སྔོན་མོ་དང༌། སེར་མོ་དང་ལྗང་གུ་སྟེ། བཞད་མིན་ཕྱག་གཉིས་བཞད་པའི་སྟོངས་བྱེད་པའོ། །སྒེག་མོ་ནི་ཕྱག་གཙོ་བོ་གཉིས་ཀྱིས་བསྙེམས་པས་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་སྒེག་པའི་སྟངས་ཅན་ནོ། །གླུ་མ་ནི་ཕྱག་གཉིས་འཁར་བའི་སིལ་ཁྲོལ་འཛིན་པའོ། །


DTG022_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གར་མ་ནི་ཕྱག་གཉིས་ཀྱིས་པདྨ་བསྐོར་བའི་ཚུལ་ཅན་ནོ། །འདི་རྣམས་ཀྱི་ཕྱག་གཞན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་གའོ། །མེ་ཏོག་མ་དང༌། བདུག་པ་མ་དང༌། མར་མེ་མ་དང༌། དྲི་ཆབ་མ་ནི་ཁ་དོག་དཀར་མོ་དང་དུ་བའི་མདོག་དང་མར་མེའི་རྩེ་ལྟ་བུ་དང༌། དམར་མོ་སྟེ་ཕྱག་བཞི་པ་ཞལ་གཅིག་པའོ། །འདི་རྣམས་ཀྱི་ཕྱག་གི་གཙོ་བོ་གཅིག་ན་མེ་ཏོག་གི་སྣོད་དང་སྤོས་ཁང་དང་མར་མེའི་ཀོང་བུ་དང་དྲིའི་དུང་ཕོར་རོ། །ཕྱག་གཞན་གསུམ་ན་ཌ་མ་རུ་དང་ཐོད་པ་དང་ཁ་ཊྭཱཾ་གའོ། །མེ་ལོང་མ་དང༌། རོ་མ་དང༌། རེག་མ་དང༌། ཆོས་མ་རྣམས་ནི་དཀར་པོ་དང། དམར་མོ་དང༌། ལྗང་གུ་དང༌། དཀར་མོ་སྟེ། ཕྱག་བཞི་མ་ཞལ་གཅིག་མ་ཕྱག་གཙོ་བོ་གཅིག་གིས་མེ་ལོང་དང༌། རོའི་སྣོད་དང༌། གོས་སྣ་ཚོགས་པ་དང༌། ཆོས་ཀྱི་འབྱུང་གནས་འཛིན་པའོ། །ཕྱག་ལྷག་མ་གསུམ་ན་ཌ་མ་རུ་དང་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པའོ། །དེ་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ནས་སེམས་ཅན་ཐམས་ཅད་གདོན་པའི་ཕྱིར། བདག་ཉིད་དེ་དག་ལ་ཕུལ་ལ་སྡིག་པ་བཤགས་པ་ལ་སོགས་པའི་དོན་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་ཚོགས་གསུངས་ཏེ། མཆོད་པར་བྱེད་པ་དང་མཆོད་པར་བྱ་བ་དང་མཆོད་པ་ལ་སོགས་པ་རྣམས་རྣམ་པར་རིག་པ་ཙམ་དུ་ཁས་ལེན་པ་ནི་ཨོཾ་མོ། །སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿཞེས་བྱ་བ་ནི་གཟུང་བ་རྣམ་པར་དག་པའོ། །སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བ་ནི་འཛིན་པ་རྣམ་པར་དག་པའོ། །སླར་ཡང་སྟོང་པར་བསམ་པར་བྱ། །ཞེས་བྱ་བ་ནི་དེའི་རྣམ་པར་རྟོག་པ་ཡང་སྤངས་པའོ། །སེམས་ཙམ་ཉིད་ནི་སེམས་ཙམ་ཉིད་ཀྱང་ངོ༌། །གནས་པ་ཞེས་བྱ་བ་ནི་ནཱ་དའི་གཟུགས་སུ་གནས་པའོ། །བྱང་ཆུབ་ཀྱི་ཚོགས་བསྒོམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཚོགས་ནི་སྙིང་རྗེ་ཆེན་པོ་སྟེ། དེ་བསྒོམ་པ་དང་ལྷན་ཅིག་ཏུ་བལྟ་བར་བྱའོ། །སྔགས་བརྗོད་པ་སྔོན་དུ་འགྲོ་བས་སྣད་བ་ཙམ་གྱི་ཡེ་ཤེས་ཀྱི་མཚན་ཉིད་ཀྱིས་སྟོང་པར་བསྒོམ་པར་བྱ་ཞེས་པའི་དོན་


DTG022_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏོ། །སྣང་བ་ཙམ་གྱི་ཡེ་ཤེས་ཞེས་བྱ་བ་ནི་ཨོཾ་སྭ་བྷཱ་བ་ཞེས་བྱ་བ་འདིའི་དེ་མ་ཐག་ཏུའོ། །དེའི་དོན་ནི་འདི་ཡིན་ཏེ། མཆོད་པ་ལ་སོགས་པའི་རྗེས་ལ་མཆོད་པ་ལ་སོགས་རྟེན་ཅིང་འབྲེལ་པར་འབྱུང་བ་སེམས་ཙམ་དུ་མོས་པ་བྱས་ལ་བདག་ཉིད་ཀྱི་སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ་བསྒོམ་ཞིང༌། ཧེ་ནི་ཆོས་རྣམས་རྒྱུ་དང་བྲལ་བ་དང་དེ་བཞིན་དུ་རྟོག་པ་དང་བྲལ་བ་དང༌། གང་དུ་ཡང་མ་གནས་པ་ཞས་བརྟགས་ནས་དེ་ལྟ་བུར་ཆོས་ཐམས་ཅད་ཀྱི་རང་བཞིན་མ་ཤེས་པས་སེམས་ཅན་རྣམས་བདག་དང་བདག་གི་བ་ལ་སོགས་པར་བཟུང་བས་འཁོར་བར་གྱུར་ཏེ། དེ་བས་ན་བདག་ཉིད་ཧེ་རུ་ཀར་གྱུར་ནས་ཇི་ལྟར་དེ་ལྟར་དེ་ལྟ་བུའི་རང་བཞིན་དུ་ཆོས་ཐམས་ཅད་ཤེས་པར་འགྱུར་བ་དེ་ལྟར་བདག་གིས་བྱའོ་ཞེས་ཆོས་ལ་དམིགས་པའི་སྙིང་རྗེ་བསྐྱེད་ལ། ཨོཾ་སྭ་བྷཱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་ཁམས་གསུམ་པ་ཐམས་ཅད་སྟོང་པ་ཉིད་དུ་བལྟ་བར་བྱའོ། །སྨོན་ལམ་གྱི་དབང་གིས་སེམས་དེ་གང་དུ་གནས་པ་དཀར་པོ་དང་དམར་པོ་དང་སྔོན་པོའི་ཡི་གེ་ཨོཾ་ཨཱཿ་ཧཱུཾ་གི་རང་བཞིན་དུ་རྣམ་པར་བསམ་པར་བྱའོ། །དེ་ནས་ཡི་གེ་ཨོཾ་ལས་སྐུའི་འཁོར་ལོའི་ལྷ་རྣམས་ཡང་དག་པར་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་སྙོམས་པར་འཇུག་པ་སྔོན་དུ་བྱས་ཏེ་ཞུ་བར་བྱས་ནས་དེ་ཉིད་ལ་ཞུགས་པར་བྱས་ལ། དེ་ནས་ཡི་གེ་ཨཱཿ་ལས་གསུང་གི་འཁོར་ལོའི་ལྷ་རྣམས་དང༌། ཡི་གེ་ཧཱུཾ་ལས་ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་སོ། །དེ་ནས་ཨོཾ་ནི་ཨཱཿ་ལའོ། །ཨཱཿ་ནི་ཧཱུཾ་ལའོ། །ཨཱུ་ནི་ཧ་ལའོ། །ཧ་ནི་མགོ་བོ་ལའོ། །མགོ་བོ་ནི་ཟླ་བ་ཕྱེད་པ་ལའོ། །ཟླ་བ་ཕྱེད་པ་ནི་ཐིག་ལེ་ལའོ། །ཐིག་ལེ་ནི་ནཱ་ད་ལ་བསྡུས་ནས་སྐྲའི་རྩེ་མོ་བརྒྱ་སྟོང་དུ་གཤགས་པའི་ཚད་ཙམ་དུ་བཞག་ནས་སེམས་ཅན་རྣམས་ཆོས་ཉིད་མ་ཤེས་པས་འཁོར་བར་འཁོར་ཏེ། དེ་བས་ན་བདག་གིས་ཆོས་ཉིད་ཤེས་པར་བྱས་ནས་དེ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེའི་ས་བོན་དུ་གྱུར་པ་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པས་ནཱ་ད་ཙམ་གྱི་རྟོག་པ་ཡོངས་སུ་སྤང་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྗེས་ལའོ། །ལངས་ནས་ཞེས་བྱ་བ་ནི་ནཱ་དའི་རང་བཞིན་གྱིས་


DTG022_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གི་སེམས་ནམ་མཁར་བཞག་ནས་རྟེན་དང་བརྟེན་པའི་རང་བཞིན་གྱི་འཁོར་ལོ་བཻ་རཾ་བྷ་ལ་སོགས་པའི་གནས་པ་ནི། རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྟེང་དུ་གནས་པ་བསམ་པ་སྟེ་འདི་ནི་མདོར་བསྟན་པའོ། །འདིའི་རྒྱས་པར་བཤད་པ་ནི་ཡི་གེ་ཡཾ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་དེའི་དོན་ནི་འདི་ཡིན་ཏེ། རི་རབ་ཀྱི་སྟེང་དུ་ཡི་གེ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ཟེ་འབྲུའི་སྟེང་དུ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པ་ཞེས་བྱ་བ་ལ་པདྨ་འདིའི་ཁ་དོག་ནི་ཕྱོགས་ཀྱི་རིམ་པར་བརྗོད་པར་བྱ་སྟེ། ཤར་ལ་སོགས་པའི་འདབ་མ་ཉི་འོད་འདྲ། །རླུང་དང་མེར་གནས་འདབ་མ་སེར་པོ་ཡིན། །ལུས་ངན་དང་ནི་དབང་ལྡན་ཕྱོགས་དག་ཏུ། །དཱུར་ལྟར་ལྗང་དང་སྤྲིན་ནག་སྣ་ཚོགས་མདོག །ཅེས་པའི་དོན་ནི་འདི་ཡིན་ཏེ། ཤར་ལ་སོགས་པའི་ཕྱོགས་སུ་སོན་པ་ནི་དམར་པོའོ། །མེ་དང་རླུང་དུ་ནི་སེར་པོའོ། །སྲིན་པོར་ལྗང་གུའོ། །དབང་ལྡན་དུ་ནག་པོའོ། །ཨཱ་ལི་ཀཱ་ལིའི་སྦྱོར་བའོ་ཞེས་བྱ་བ་ལ་གཡོན་སྐོར་དང་གཡས་སྐོར་དུ་རབ་ཏུ་གནས་པའི་ཨཱ་ལི་ཀཱ་ལིའི་ཕྲེང་བ་ཡོངས་སུ་གྱུར་པ་ལས་དེས་བྱིན་གྱིས་བརླབས་པའི་གཟུགས་བརྙན་གྱི་རྣམ་པའི་ཟླ་བའི་དཀྱིལ་འཁོར་བསམ་པར་བྱ་བ་ནི་འདིའི་རྣལ་འབྱོར་རོ། །དེའི་དབུས་སུ་ཞེས་བྱ་བ་ནི་ཟླ་བའི་དབུས་སུའོ། །ཡི་གེ་ཧཱུཾ་ཞེས་བྱ་བ་ནི་སྔར་བཞག་པའི་ནཱ་པ་ལས་རིམ་པ་རྫོགས་པའོ། །རྡོ་རྗེ་སེམས་དཔའི་རང་བཞིན་ཅན། །ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་འཆང་གི་རང་བཞིན་ནོ། །འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་བ་ཞེས་བྱ་བ་ནི་སྤྲོ་བ་ན་ཁ་དོག་ལྔའི་འོད་ཟེར་གྱི་སྒོ་ནས་བྱུང་བའི་འཁོར་ལོ་ལྔའི་ལྷ་རྣམས་ཀྱི་འགྲོ་བ་དེའི་རང་བཞིན་དུ་བྱས་ནས་ཡང་བསྡུས་པས་ཕྱོགས་བཅུར་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཐབས་དང་ཤེས་རབ་དང་རོ་མཉམ་པ་སྔོན་དུ་འགྲོ་བའི་སྦྱོར་བས་ཞུ་བར་བྱས་ནས་ནཱ་ད་ལ་ཞུགས་པར་བསམ་པར་བྱའོ། །བསམས་ལ་ཞེས་པ་ནི་མཆོག་ཏུ་གྲུབ་པའི་རང་བཞིན་གྱི་ས་བོན་དེ་མངོན་དུ་བྱས་ཏེ་བསྒོམ་པར་བྱའོ། །དེ་ཉིད་ཀྱིས་ན་རྒྱུའི་རྡོ་རྗེ་འཛིན་པའི་རང་བཞིན་ནོ། །བཅོམ་ལྡན་


DTG022_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཉིད་ཀྱི་ཕྱིར་འབྲས་བུའི་རང་བཞིན་ཉིད་དོ་ཞེས་བྱ་བ་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ཡོངས་སུ་གྱུར་པ་ལས་ཞེས་བྱ་བ་ནི་ཟླ་བ་དང་ས་བོན་ཡོངས་སུ་གྱུར་པ་ལས་སོ། །དཔལ་ཧེ་རུ་ཀ་ཞེས་བྱ་བ་ནི་དཀྱིལ་འཁོར་དང་བཅས་པའི་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་རྫོགས་པ་སྟེ། ཨོཾ་ཨཱཿཧཱུཾ་ཨོཾ་སརྦྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿབཛྲ་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ནི་གསུམ་བརྗོད་ཅིང་བསྒོམ་པར་བྱའོ། །ཉི་མ་ལ་བཞུགས་ཤིང་ཞེས་བྱ་བ་ནི་ཁྲོ་བོའི་རང་བཞིན་ཉིད་ཀྱི་ཕྱིར་ལ་ཁྲོ་བོ་རྣམས་ནི་ཉི་མའི་གདན་ཅན་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའོ། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྡུད་པར་བྱེད་པའི་རྣམ་པར་ཤེས་པ་བརྒྱད་བདག་མེད་པའི་རང་བཞིན་གྱིས་སོ། །རྣམ་པར་ཤེས་པ་བརྒྱད་བརྗོད་དེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་དང༌།  ཀུནགཞིརྣམ་པར་ཤེས next hit་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཉོན་མོངས་བ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཞལ་བཞི་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུས་མ་བྱས་པ་ཉིད་དེ། རྣམ་པར་ཐར་པ་བཞི་རྣམ་པར་དག་པའོ། །སྤྱན་གསུམ་པ་ཞེས་བྱ་བ་ནི་དུས་གསུམ་གྱི་རྣམ་པ་ཐམས་ཅད་གཟིགས་པའི་ཕྱིར་རོ། །ཕྱག་བཅུ་གཉིས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་འགགས་པའི་ཕྱིར་རོ། །དཔྲལ་བར་རྡོ་རྗེའི་ཕྲེང་བ་འཛིན་པ་ནི་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །གཡས་བརྐྱང་བས་བཞུགས་པ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་སྟོང་པ་ཉིད་ཀྱིས་མནན་པའི་ཕྱིར་རོ། །དེ་ཡང་ཞབས་གཡོན་བསྐུམ་པ་གཡས་མཐོ་ལྔར་བརྐྱང་བའོ། །འཇིགས་བྱེད་ཆེན་པོ་དང་དུས་མཚན་དག་མནན་པ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཉིད་ཀྱི་ཕྱིར་རྟག་པ་དང་ཆད་པའི་རྣམ་པར་རྟོག་པ་མནན་པའི་ཕྱིར་ཏེ། རྟག་པའི་རྣམ་པར་


DTG022_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟོག་པ་ནི་འཇིགས་བྱེད་ངོ༌། །ཆད་པའི་རྣམ་པར་རྟོག་པ་ནི་ཙ་རྩི་ཀའོ། །རྡོ་རྗེ་ཕག་མོ་ལ་འཁྱུད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་རོ་མཉམ་པའི་ཕྱིར་རོ། །ཕྱག་གཉིས་ནི་རྡོ་རྗེ་དང་དྲིལ་བུ་ཞེས་བྱ་བ་ནི་གཡས་ཀྱི་ཕྱག་ན་ཡེ་ཤེས་ལྔའི་རང་བཞིན་དུ་རོ་གཅིག་པར་གྱུར་པའི་རྡོ་རྗེའོ། །གཡོན་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དྲིལ་བུའོ། །གླང་པོ་ཆེའི་པགས་པའི་ན་བཟའ་ཞེས་བྱ་བ་ནི་གླང་པོ་ཆེ་དཀར་པོའི་པགས་པ་གོས་སུ་འཛིན་པ་སྟེ། འགྲོ་བའི་གཏི་མུག་འཇོམས་པའོ། །མཆོག་ཏུ་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བར་མཛད་པས་ཌཱ་མ་རུའོ། །ལུས་དང་ངག་དང་ཡིད་ཀྱི་སྐྱོན་གཅོད་པས་དགྲ་སྟའོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་གཅོད་པར་བྱེད་པའི་ཤེས་རབ་ཀྱི་གྲི་གུག་གོ །སྲིད་པ་གསུམ་དུ་སོན་པའི་ཉོན་མོངས་པ་འབིགས་པས་མདུང་རྩེ་གསུམ་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་གའོ། །བདེ་བ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་རོའི་རང་བཞིན་གྱིས་ན་ཁྲག་གིས་ཡོངས་སུ་གང་བའི་ཐོད་པའོ། །ཡང་དག་པའི་ཡེ་ཤེས་བཅིངས་པའི་ཕྱིར་རྡོ་རྗེའི་ཞགས་པའོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་འཇིག་པར་བྱེད་པའི་ཐར་པའི་རང་བཞིན་གྱིས་ན་ཚངས་པའི་མགོ་བོའོ། །དགེ་བའི་རྩ་བ་མཐར་སྐྱེད་པས་ན་རལ་པའི་ཅོད་པན་གྱིས་བརྒྱན་པའོ། །ཆོས་ཀྱི་དབྱིངས་ལས་ཡང་དག་པར་བཞེངས་པ་ཉིད་ཀྱིས་ན་ཐོད་པའི་ཕྲེང་བའི་ཐོད་ཅན་ནོ། །བྱང་ཆུབ་ཀྱི་སེམས་རྒྱས་པའི་རང་བཞིན་གྱིས་ན་ཟླ་བ་ཕྱེད་པ་འཛིན་པའོ། །འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པ་ཉིད་ཀྱིས་ན་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན་ནོ། །ལོག་པར་ལྟ་བ་སྤངས་པས་ན་ཞལ་རྣམ་པར་འགྱུར་བའོ། །བདུད་བཞི་རྣམ་པར་འཇོམས་པས་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པའོ། །དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་བཞིའི་རང་བཞིའི་རང་བཞིན་གྱི་ཞི་གནས་དང་ལྷག་མཐོང་གོམས་པའི་བདེ་བ་དང་ལྡན་པའི་ཕྱིར་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའོ། །འདོད་ཆགས་ལ་སོགས་པ་རྣམ་པར་སྦྱོང་བར་བྱེད་པས་སྟག་


DTG022_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་པགས་པའི་ཤམ་ཐབས་བསྣམས་པའོ། །ཨཱ་ལི་དང་ཀཱ་ལིའི་ཡི་གེ་ལྔ་བཅུའི་རང་བཞིན་གྱིས་ནི་མིའི་མགོ་བོའི་ཐོད་པ་རློན་པའི་ཕྲེང་བའོ། །ཐལ་བས་ལུས་ཀྱི་ཡན་ལག་ཐམས་ཅད་ལ་ཁྱབ་པར་བྱུགས་པ་ནི་ལུས་ཀྱི་ཡན་ལག་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པར་སྟོན་ཏོ། །དེའི་སྤྱན་སྔར་ཞེས་པ་ནི་མདུན་དུ་བཅོམ་ལྡན་འདས་ལ་འཁྱུད་ནས་བཞུགས་པའི་དོན་ཏོ། །དུམ་བུས་བརྒྱན་པའི་སྐ་རགས་ཞེས་བྱ་བ་ནི་ཐོད་པའི་དུམ་བུས་རྐེད་པ་བརྒྱན་པའོ། །བསྐལ་པའི་མེ་ལྟ་བུ་ཞེས་པ་ནི་སྟོང་པའི་རང་བཞིན་གྱིས་འགྲོ་བ་ཐམས་ཅད་དམིགས་པ་མེད་པར་མཉམ་པའོ། །གཟི་བརྗིད་ཆེན་པོ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པའོ། །ཉི་མའི་དཀྱིལ་འཁོར་ཅན་ནི་ཟླ་མཚན་གྱི་སྦྱོར་བས་འཇག་པའོ། །ཕྱག་རྒྱ་ལྔ་ཡིས་བརྒྱན་པ་ཡང་རྟོགས་པར་བྱའོ། །བྱིན་པས་འཁྱུད་པ་ནི་ཤིང་ལ་འཛེག་པའི་འཁྱུད་ཐབས་ཀྱིས་གནས་པའོ། །བདེ་བ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་བང་ཉིད་ཅེས་པ་ནི་ལྷག་མཐོང་གི་རང་བཞིན་གྱི་བདེ་བ་ཆེན་པོ་ལ་ཐིམ་ཀྱང་འགྲོ་བའི་དོན་མཛད་པའོ། །ཅུང་ཞིག་བཞད་དང་ཡོངས་འཁྱུད་པ། །གཅེར་བུ་ཉིད་དང་སྐྲ་གྲོལ་དང༌། །སྤུ་ལྡང་ལྔ་པོ་བདེ་སྐྱེད་པའི། །ཕྱི་རོལ་དུ་ནི་རྟགས་ཡིན་ནོ། །དངོས་སུ་རྟགས་གསུམ་བརྗོད་པ་ཡིས། །རྟགས་གཉིས་དེ་ལས་ཤུགས་ཀྱིས་ཤེས། །འཁོར་ལོ་ལྔ་ལ་གནས་པ་ཡི། །ལྷ་མོ་རྟགས་ལྔ་རྣམ་པར་གནས། །ཞེས་སོ། །རྡོ་རྗེ་ལ་སོགས་པ་སྦྱང་བ་བརྗོད་བར་བྱ་སྟེ། །ཡི་གེ་ཧཱུཾ་དཀར་པོ་ལས་རྡོ་རྗེ་ནག་པོ་དང༌། ཡི་དུ་དྲན་པ་ཉིད་ཀྱིས་མ་རིག་པའི་སྐབས་མི་འབྱེད་པའོ་ཡཱ་སེར་པོས་རྩེ་མོར་བྱིན་གྱིས་བརླབས་པའོ། །ཡི་གེ་ཨཱཿལས་པདྨ་དམར་པོ་འདབ་མ་གསུམ་པ་དང༌། ཡི་གེ་བྱཱ་ལས་དཔའ་བོའི་བྱང་ཆུབ་ཀྱི་སེམས་ཉེ་བར་མཚོན་བ་ཅན་གྱི་ཟེ་འབྲུ་དཀར་པོ་ཡི་གེ་བྱཱ་སེར་པོས་རྩེ་མོར་བྱིན་གྱིས་བརླབས་པའོ། །དེ་ནས་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཞེས་བྱ་བ་ལ་སོགས་པ་དང༌། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཞེས་བྱ་བ་ལྷ་མོའི་སྙིང་པོ་དང༌། ཉེ་བའི་སྙིང་པོ་གཉིས་ཀྱིས་ལྟེ་བ་དང་སྙིང་ག་དང༌། དེ་བཞིན་དུ་རང་གི་སྙིང་པོ་དང་ཉེ་བའི་སྙིང་


DTG022_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་སྔགས་གཉིས་ཀྱིས་མགྲིན་པ་དང་དཔྲལ་བར་བཅོམ་ལྡན་འདས་མ་ལ་བཅོམ་ལྡན་འདས་ཀྱིས་ཙུམ་པ་ན་བྱའོ། །བཅོམ་ལྡན་འདས་མས་ཀྱང་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་མགྲིན་པ་དང་དཔྲལ་བར་བཅོམ་ལྡན་འདས་ལ་ཙུམ་བ་ན་བྱའོ། །དེ་ནས་ཡི་གེ་གསུམ་གྱི་དགའ་བ་བརྩམ་པར་བྱའོ། །ཕྱི་རོལ་གྱི་མཛེས་མའི་སྦྱོར་བ་ཡང་ཆོ་ག་འདི་ཉིད་ཀྱིས་བྱའོ། །རལ་པའི་ཅོད་པན་དང་དར་དཔྱངས་ནི་རལ་བའི་ཅོད་པན་དང་དཔའ་བོའི་དར་ཐོད་ཅན་ཞེས་བྱ་བའི་ཐ་ཚིག་གོ །གདུ་བུ་ཞེས་བྱ་བ་ནི་ལག་པའི་གདུ་བུའོ། །ཡིད་འཕྲོག་པའི་གཟུགས་གཉིས་པ་ཞེས་བྱ་བ་ནི་མཚམས་ན་གནས་པ་སྟེ། མིའི་གདོང་པ་ཅན་དང་ཁ་དོག་གཉིས་དང་ལྡན་པ་ཡིན་གྱི་ཁྲ་ལ་སོགས་པའི་གདོང་པ་ཅན་ནི་མ་ཡིན་ནོ། །ཡི་དགས་ཀྱི་གདན་ལ་གནས་ཤིང་འཇིགས་པ་ཆེན་པོ་ཞེས་བྱ་བ་ན་བརྒྱད་ཅར་ལ་ཡང་རིག་པར་བྱའོ། །དུར་ཁྲོད་དུ་གནས་པ་ཅན་ཉིད་ཀྱི་ཕྱིར་འདི་རྣམས་ཀྱི་གདན་རོ་ཉིད་དོ། །དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཞེས་བྱ་བ་ནི་ཕག་མོ་ལ་སོགས་པ་རྣམས་ཀྱིའོ། །ལྷའི་རྣམ་པ་ལ་མངོན་པར་ཞེན་པ་སྤང་པའི་ཕྱིར་དང་ཐམས་ཅད་ཤེས་པ་ཐོབ་པ་བསྟན་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་སྦྱར་བར་བྱ་སྟེ། དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཀྱི་ཕུང་པོ་ཡོངས་སུ་ཤེས་པ་ལ་རབ་ཏུ་རྩོམ་པའོ། །ཆོར་བ་དྲན་པ་ཉེ་བར་གཞག་པ་ནི་ཚོར་བའི་ཕུང་པོ་ཡོངས་སུ་ཤེས་པ་ལ་རབ་ཏུ་རྩོམ་པའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་འདུ་ཤེས་དང་འདུ་བྱེད་དག་སྒྱུ་མ་ལྟ་བུ་ཉིད་དུ་ངེས་པར་འཛིན་པའོ། །རྣམ་པར་ཤེས་པའི་ཕུང་པོའི་རང་གི་ངོ་བོ་གསལ་པར་སོ་སོར་རིག་པ་ནི་སེམས་དྲན་པ་ཉེ་བར་གཞག་པའོ། །དམ་པའི་ཆོས་ཉན་པ་ལ་སོགས་པ་ལ་ཤིན་ཏུ་གུས་པ་ནི་འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །བརྩོན་འགྲུས་མི་ལྡོག་པར་གོམས་པར་བྱེད་པ་ནི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཤིན་ཏུ་རྣམ་པར་དཔྱོད་པའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་བྱང་ཆུབ་མངོན་དུ་བྱེད་པའི་བྱ་བ་ལ་ཁྱད་པར་དུ་འཕགས་པའི་བྱེད་པའོ། །བདེན་པ་དང་དཀོན་མཆོག་དང་ལས་དང་འབྲས་བུ་ལ་


DTG022_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མངོན་པར་ཡིད་ཆེས་པའི་དད་པའི་དབང་པོ་ནི་འདིའོ་ཞེས་ངེས་པར་འཛིན་པའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ངེས་པར་བྱེད་པས་ཡིད་ཆེས་པའོ། །དྲན་པའི་དབང་པོ་ནི་མི་བརྗེད་པ་ཉིད་དུ་དྲན་པ་ཉིད་ཀྱིས་མ་རིག་པའི་སྐབས་མི་འབྱེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་སེམས་རྩེ་གཅིག་པ་ལ་དབང་ཡོད་པའོ། །ཤེས་རབ་ཀྱི་དབང་པོ་ནི་སྤང་བར་བྱ་བ་དང་བླང་བར་བྱ་བ་ཉིད་དུ་ངེས་པའོ། །དབང་པོ་ལྔ་པོ་དེ་ཉིད་ཕུལ་དུ་བྱུང་བའི་གནས་སྐབས་སུ་སྤངས་བྱས་མི་ཐུབ་པའི་ཕྱིར་ན་སྟོབས་ཞེས་མིང་འཐོབ་པར་འགྱུར་བ་ནི་དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཞེས་མངོན་པར་བརྗོད་དོ། །ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཏིང་ངེ་འཛིན་ཉིད་བྱང་ཆུབ་ཀྱི་རྒྱུའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ལེ་ལོས་སྐབས་མི་འབྱེད་པའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དགེ་བ་ཀུན་དུ་འཛིན་པའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དགེ་བའི་ལས་ལ་སེམས་ལས་སུ་རུང་བའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བདག་མེད་པའི་རང་བཞིན་འདི་ལྟ་བུ་ཞེས་འཛིན་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་མངོན་པར་དྲན་པའི་དང་ཚུལ་ཅན་ཉིད་དོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཏིང་ངེ་འཛིན་ལ་ལྷུན་གྱིས་གྲུབ་པའོ། །ཡང་དག་པའི་ལྟ་བ་ནི་སངས་རྒྱས་ཀྱི་གསུང་ལ་མཆོག་ཏུ་གུས་པ་དང་ཕྱིན་ཅི་མ་ལོག་པར་དོན་རྟོགས་པའོ། །ཡང་དག་པའི་རྟོག་པ་ནི་དམ་པའི་བྱ་བ་བརྩམས་པ་མི་སྤོང་པའོ། །ཡང་དག་པའི་ངག་ནི་སེམས་ཅན་མི་སླུ་བའི་ཚིག་གོ །ཡང་དག་པའི་ལས་ཀྱི་མཐའ་ནི་དགེ་བ་བཅུ་ལས་འདའ་བར་མི་བྱེད་པའོ། །ཡང་དག་པའི་འཚོ་བ་ནི་སེམས་ཅན་རྣམས་ལ་འཚེ་བ་མེད་པའི་ཚུལ་གྱིས་འཚོ་བའོ། །ཡང་དག་པའི་རྩོལ་བ་ནི་དགེ་བའི་དོན་ལ་སྦྱོར་བའོ། །ཡང་དག་པའི་དྲན་པ་ནི་སངས་རྒྱས་ཀྱི་གསུང་རྗེས་སུ་དྲན་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའི་གཟུགས་སུ་གནས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སླའོ། །གནས་ཞེས་བྱ་བ་ལ་སོགས་པ་ནི་རིམ་པ་ཇི་ལྟ་བས་ས་བཅུ་


DTG022_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་དག་པའི་གནས་ལ་སོགས་པ་དང་སྦྱོར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གནས་དང་ཉེ་བའི་གནས་ལ་སོགས་པ་ནི་རིམ་གྱིས་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང༌། འོང་བྱེད་པ་དང་འོད་འཕྲོ་བ་དང་ཤིན་ཏུ་སྦྱང་དཀའ་བ་དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང་མི་གཡོ་བ་དང་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་རྣམས་སོ། །པུ་ཛཱ་ཞེས་བྱ་བ་ལ་སོགས་པ་ལ་འདིར་མན་ངག་ནི་པུཾ་ཛཱཾ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀླད་ཀོར་དང་བཅས་པར་བརྟགས་ལ། པུ་ལ་སོགས་པའི་ཡི་གེ་ཡོངས་སུ་གྱུར་པ་ལས་རྩིབས་ཀྱི་སྟོང་པའི་འཁོར་ལོའི་རྣམ་པ་ཅན་གྱི་གནས་ལ་སོགས་པའི་གནས་རྣམས་སྤྱི་བོ་ལ་སོགས་པར་སྐད་ཅིག་གིས་བལྟ་བར་བྱས་ལ། གནས་ལ་སོགས་པ་དེ་རྣམས་སུ་དེའི་གནས་ན་ཡོད་པའི་རྩ་རྣམས་དེའི་ལྷའི་གཟུགས་སུ་གྱུར་ནས་རྣམ་པར་གནས་པར་བལྟ་བར་བྱའོ། །རྣ་བ་ཞེས་བྱ་བ་ནི་རྣ་བའི་བུག་པའི་ནང་དུའོ། །དེ་བཞིན་དུ་ཁ་དང་ལྟེ་བ་དང་མཚན་མ་དང་བཤང་པའི་ལམ་དང་མཛོད་སྤུ་དང་མིག་དང་སྣ་རྣམས་སུ་ཡང་རིག་པར་བྱའོ། །མཁའ་སྤྱོད་ཅེས་བྱ་བ་ནི་མཐོ་རིས་སུ་སོན་པ་རྣམས་བསྡུས་པའོ། །ས་ལ་སྤྱོད་པ་ནི་མི་ཡུལ་དུ་གནས་པ་རྣམས་སོ། །ས་འོག་ནི་ས་འོག་ན་གནས་པ་རྣམས་སོ། །ཇི་ལྟར་ཕྱི་རོལ་གྱི་གནས་ལ་སོགས་པ་ནི་ཆུ་ཀླུང་གི་ཆུས་གསོ་བར་བྱེད་པ་དེ་བཞིན་དུ་ལུས་ལ་ཡང་རྩ་རྣམས་ཀྱིས་སེན་མོ་ལ་སོགས་པ་རྒྱས་པར་བྱེད་དེ་དེས་ན་མཚུངས་པ་ཉིད་དོ། །ཕྱི་རོལ་དུ་ནི་རྡོ་རྗེའི་གནས་བྱང་ཆུབ་ཆེན་པོའི་མིང་ཅན་གྱི་གནས་ཡིན་ཞིང༌། ནཻ་རཉྫ་ན་ནི་ཆུ་ཀླུང་ཡིན་པ་བཞིན་དུ་ལུས་ལ་ནི་བདེ་བ་ཆེན་པོའི་འཁོར་ལོ་རྡོ་རྗེའི་གནས་སོ། །ཨ་བ་དྷཱུ་ཏཱི་ནི་ནཻ་རཉྫ་ནའོ། །ཁ་དང་སྣ་བུག་གཡོན་པ་དང་བཤང་བའི་ལམ་དང་སྣ་བུག་གཡས་པའི་སྒོ་རྣམས་སུ་རིམ་པ་བཞིན་དུ་ཁྲ་གདོང་མ་ལ་སོགས་པའི་སྒོ་སྐྱོང་མ་རྣམས་སོ། །རྣ་བ་གཡས་པ་དང་གཡོན་པ་དང་མིག་གཡས་པ་དང་གཡོན་པ་རྣམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་སོ། །སྙིང་ག་དང་མགྲིན་བ་དང་ལྟེ་བ་དང༌། དབྲལ་བའི་པདྨའི་ཟེའུ་འབྲུ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །རྗེ་བཙུན་དང་རྗེ་བཙུན་མའི་


DTG022_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་རྣམས་མན་ངག་ལས་ཤེས་པར་བྱ་སྟེ། དེ་ལྟར་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་ཡང་དང་ཡང་དུ་མོས་པ་བརྟན་པར་བྱའོ་གསུངས་པའི་དོན་འདི་ཉིད་ཀྱི་མཇུག་སྡུད་པར་བྱེད་པ་ནི། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་ལ་སོགས་པའོ། །མཐོ་རིས་མི་ཡུལ་ས་འོག་ཏུ། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །ཞེས་བྱ་བ་ནི་མཐོ་རིས་ལ་སོགས་པ་དང་ཐ་མི་དད་པའི་སྐུ་དེའི་རང་བཞིན་གྱི་བཅོམ་ལྡན་འདས་སུའོ། །འགྱུར་བ་ནི་སྐྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེན་གསུངས་པ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་ཕྱི་རོལ་དང་ནང་དག་འཁོར་ལོ་གསུམ་གྱི་རང་བཞིན་དུ་ཞེས་པའི་དོན་ཏོ། །གང་ལས་ཤེ་ན་གསུངས་པ། ཡི་གེ་གསུམ་གྱི་རང་བཞིན་ལས། །ཞེས་བྱ་བ་ལ་ཡི་གེ་གསུམ་ལས་བྱུང་བའི་ནཱ་ད་ཡོངས་སུ་གྱུར་པའི་སྒོ་ནས་རང་གི་ངོ་བོར་སྐྱེས་པའི་ཧཱུཾ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེ་ལ་སྐད་ཅིག་གཅིག་གིས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་གིས་ཞེས་བྱ་བ་ནི་ཕྱག་མཚན་ལ་སོགས་པ་ལ་མི་ལྟོས་པར་རོ། །སྐད་ཅིག་གིས་ནི་རྣལ་འབྱོར་བདག །ཅེས་པ་ནི་བཅོམ་ལྡན་འདས་མ་དང་ལྷན་ཅིག་ཏུ་ལན་ཅིག་ལ་རྫོགས་པའོ། །སྐད་ཅིག་གིས་ནི་ཕྱག་རྒྱ་ཅན། །ཞེས་བྱ་བ་ནི་བདག་དང་དུས་མཉམ་པ་ཉིད་དུ་ཤེས་རབ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །ཞེས་པ་ནི་གཞལ་ཡས་ཁང་དང་དཔའ་བོ་དང་རྣལ་འབྱོར་མ་དང་ལྷན་ཅིག་རྫོགས་པའོ། །སྐད་ཅིག་གིས་ནི་གསང་སྔགས་གདོན། །ཞེས་པ་ནི་རྫོགས་པ་དང་དུས་མཉམ་པ་ཉིད་དུ་སྔགས་བརྗོད་པའོ། །སྔགས་གསུམ་གསུངས་པ། ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའི་ཚིགས་སུ་བཅད་པའོ། །མྱུར་བར་ཞེས་བྱ་བ་ནི་མཆོད་ཡོན་ལ་སོགས་པ་ལ་མི་ལྟོས་པར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བསྟན་པའོ། །ཨོཾ་ཧ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་ལྷ་ཐ་མི་དད་པའི་ཕྱིར་ཏེ་དེའི་ཁ་དོག་ཅན་གྱི་སྔགས་རྣམས་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་


DTG022_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་ཁ་དོག་ནི་གོ་རིམས་བཞིན་དུ་དཀར་པོ་དང༌། སེར་པོ་དང་ནག་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་གུའོ། །ཡན་ལག་ཐམས་ཅད་ལ་གོ་ཆ་སྟེ། །ཞེས་པ་ནི་པགས་པའི་ནང་དུ་སོན་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དེའི་ཁ་དོག་ཅན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་མའི་ཨོཾ་བཾ་ཞེས་བྱ་བ་ལ་སོགས་པའོ། །སྔགས་ནི་དམར་པོ་དང་སྔོན་པོ་དང་དཀར་པོ་དང་སེར་པོ་དང༌། ལྗང་གུ་དང་དུ་བའི་མདོག་ཅན་ནོ། །ཡང་ན་དེ་དང་དེའི་སྔགས་ལས་རྫོགས་པའི་གནས་དེ་རུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པར་བྱ་སྟེ། དེ་ལ་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་དང་པདྨ་གར་གྱི་དབང་ཕྱུག་དང་དཔལ་ཧེ་རུ་ཀ་དར་རྡོ་རྗེ་ཉི་མ་དང་རྟ་མཆོག་རྣམས་དཀར་པོ་དང་སེར་པོ་དང་དམར་པོ་དང་སྔོན་པོ་དང་ནག་པོ་དང་ལྗང་གུའི་ཁ་དོག་ཅན་ཏེ། རྡོ་རྗེ་སེམས་དཔའ་ནི་ཞལ་གསུམ་ཕྱག་དྲུག་པའོ། །དེ་ལས་གཞན་པ་ནི་ཕྱག་བཞི་པ་དང་ཞལ་གཅིག་པའོ། །གཡས་ན་རྡོ་རྗེ་དང་ཌ་མ་རུ་དང་མགོ་བོ། གཡོན་ན་དྲིལ་བུ་དང་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ། གཙོ་བོ་དང་གཡས་དང་གཡོན་གྱི་ཞལ་ནི་དཀར་པོ་དང་དམར་པོ་དང་སྔོན་པོ་ནི་རྡོ་རྗེ་ཅན་ནོ། །གཞན་རྣམས་ཀྱི་ནི་གཡས་གཉིས་ན་འཁོར་ལོ་དང་པདྨ་དང་རྡོ་རྗེ་དང་རིན་པོ་ཆེ་དང་རལ་གྲི་དང་ཌ་མ་རུའོ། །གཡོན་པ་དག་ན་དྲིལ་བུ་དང་ཐོད་པ་དང་ཁ་ཊྭཱཾ་གའོ། །ཕག་མོ་དམར་མོ་དང་སྔོན་མོ་དང་ལྗང་གུའི་ཞལ་ཅན་གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག་དང་ཞགས་པ་བསྣམས་པའོ། །གཡས་ན་ལྕགས་ཀྱུ་དང་ཚངས་པའི་མགོ་བོ་དང་གྲི་གུག་འཛིན་པའོ། །གཤིན་རྗེ་མ་དང་རྨོངས་བྱེད་མ་དང་སྐྱོད་བྱེད་མ་དང་སྐྲག་བྱེད་མ་དང་གཏུམ་མོ་ནི་སྔོན་མོ་དང་དཀར་མོ་དང་སེར་མོ་དང་ལྗང་གུ་དང་དུ་བའི་མདོག་ཅན་ཏེ་སྐྲ་གྲོལ་བ་གཅེར་བུ་སྤྱན་གསུམ་པ་ཕྱག་བཞི་པ་སྟེ། ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང་དྲིལ་བུ་ནི་གཡོན་པའོ། །ཡང་གཡས་ན་ཌ་མ་རུ་དང་གྲི་གུག་འཛིན་པའོ། །འདི་ཐམས་ཅད་གཡས་བརྐྱང་པ་ཉིད་ཀྱིས་གནས་པ་སྤྱན་གསུམ་པ་ཕྱག་རྒྱ་ལྔས་བརྒྱན་པའོ། །གང་ཡང་འདི་ལྟར་དཀར་པོ་ནི་ཟླ་བའི་དཀྱིལ་འཁོར་ཅན་གྱི་འོད་ཅན་ནོ། །གཞན་ནི་ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་ནོ། །མཛུབ་མོ་མདུད་བྱས་ནི་རྩེ་


DTG022_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མོ་མདུད་པ་བྱས་པའོ། །འདི་སྐད་བསྟན་པར་འགྱུར་ཏེ། པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་གིས་མཆོད་བཞིན་པ་སྔགས་དང་ཕྱག་རྒྱས་བསྐུལ་བ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་བཅུ་ན་གནས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མར་ཡོངས་སུ་གྱུར་པའི་རང་བཞིན་སྐད་ཅིག་གིས་བདག་ལ་གཞུག་པར་བྱའོ། །དེ་ནས་ཨོཾ་ཡོག་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་པདྨའི་ལག་པའི་ཕྱག་རྒྱས་བསྐོར་བས་སྙིང་གའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ། སྙིང་གའི་ཕྱག་རྒྱ་ཉེ་བར་བསྡུས་ནས་འཁྱུད་པའི་ཚུལ་དང༌། ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྔོན་དུ་གསུངས་པའི་སྔགས་གསུམ་གྱི་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དབང་བསྐུར་བ་སྦྱིན་པར་བྱས་ཏེ། དེ་ལ་མན་ངག་ནི་འདི་ཡིན་ཏེ། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་དུས་མཉམ་པའི་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་དང་ཌ་མ་རུ་འཛིན་པ། སྙིང་གའི་ས་བོན་ལས་བྱུང་བའི་པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་གིས་མཆོད་དེ། ཇི་ལྟར་བལྟམས་པ་ཞེས་བྱ་བ་ལ་སོགས་པ་ནས་ཁྲུས་གསོལ་ཞེས་བྱ་བའི་མཐར་ཐུག་པའི་བརྗོད་པ་རྣམས་ཀྱིས་ལག་པ་གཡོན་པའི་ཐོད་པ་ཅུང་ཞིག་ཡོ་བར་བྱས་ནས་བླུགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་བདེ་བ་ཆེན་པོའི་ངོ་བོར་བདག་ཉིད་རྣམ་པར་བསྒོམས་ལ་ཆུའི་ལྷག་མ་ལས་སྐྱེས་པའི་དེ་བཞིན་གཤེགས་པ་རྣམས་སྤྱི་བོར་བལྟས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ལ་ནི་མི་བསྐྱོད་པས་སོ། །ཡུམ་ལ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །མཁའ་འགྲོ་མ་ལ་སོགས་པ་ལ་རིན་ཆེན་འབྱུང་ལྡན་ནོ། །ཐུགས་དང་གསུང་དང་སྐུའི་འཁོར་ལོར་སོན་པ་རྣམས་ལ་མི་བསྐྱོད་པ་དང་འོད་དཔག་མེད་པ་དང་རྣམ་པར་སྣང་མཛད་དོ། །དམ་ཚིག་གི་འཁོར་ལོར་སོན་པ་རྣམས་ལ་ནི་དོན་ཡོད་གྲུབ་པས་སོ། །དེ་ནས་མཆོད་པ་སྔོན་དུ་འགྲོ་བས་རོ་མ་ཞེས་བྱ་བའི་ལྷ་མོས་ཉེ་བར་བསྟབས་པའི་བདུད་རྩི་མྱངས་ཏེ་སྙིང་པོ་ནས་བཟུང་ནས་རྐང་པ་བརྒྱད་པའི་མཐར་ཐུག་པའི་སྔགས་ཀྱིས་བསྟོད་པར་བྱའོ། །དེ་ནས་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་


DTG022_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་ཉིད་ཅན་གྱི་དཀྱིལ་འཁོར་ལ་གཟུགས་བརྙན་ལྟ་བུར་མོས་པར་བྱའོ། །བཟླས་པའི་རྗེས་ཐོགས་སུ་གཏོར་མའི་ཆོ་ག་གསུངས་ཏེ་ཕྱིས་བརྗོད་པར་བྱའོ། །སོ་དང་སེན་མོ་དག་ཅེས་པ་ནི་ཁཎྜ་ཀ་ཕཱ་ལའི་རང་བཞིན་གྱིས་སོ་དང་སེན་མོ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །ཚངས་པའི་སྐུད་པ་ལ་སོགས་པ་རྣམས་ཀྱི་སྔགས་ལ་སོགས་པའི་རང་བཞིན་གྱིས་རྣམ་པར་དག་པ་གསུངས་པ་ནི་རྩ་བའི་སྔགས་སོགས་དཔའ་བོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དང་ཡང་དུ་བསྟན་པས་འདི་སྐད་སྟོན་པ་ཡིན་ཏེ་ཕྱག་རྒྱ་འཛིན་པ་མེད་པར་སྔགས་བརྗོད་པ་ཉིད་ཀྱིས་དེ་དང་མཚུངས་པའི་འབྲས་བུར་འགྱུར་ཞེས་བྱ་བའི་དོན་ཏོ། །དཔའ་བོ་ཞེས་བྱ་བ་ནི་དཔའ་བོའི་རྩ་བའི་སྔགས་དང་འབྲེལ་བའོ། །རྩ་བའི་སྔགས་ནི་ཕྲེང་བའི་སྔགས་ཏེ་དེ་ཉིད་མཆོག་ཡིན་ནོ། །ཁམས་སུ་བརྟག་ཅེས་པ་ནི་སོ་དང་སེན་མོ་ལ་སོགས་པར་ཞེས་བྱ་བའི་དོན་ཏོ། །གོ་ཆའི་དཔའ་བོ་དྲུག་གིས་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གོ་ཆའི་སྔགས་དྲུག་གིས་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་འདི་ཡིས་ཞེས་པ་ནི་ཕྱག་རྒྱ་དྲུག་གིས་ཞེས་བྱ་བ་དོན་ཏོ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །ཞེས་པ་ནི་ལྷ་མོའི་ཕྲེང་བའི་སྔགས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །ཞེས་པ་ནི། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་འདི་ཡིས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་དྲུག་སྔགས་ལས་ནི། །ཞེས་པ་ནི་གོ་ཆར་གྱུར་པའི་རྣལ་འབྱོར་མ་དྲུག་གི་སྔགས་ཀྱིས་སོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ། །ཞེས་པ་ནི་མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མ་ལ་ཐུག་པའི་བར་གྱི་ལྷ་མོའི་སྔགས་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱིས་བཟུང་བའི་ཐོད་པ་ཡིན། །ཞེས་པ་སྔགས་ནི་འདིར་སྙིང་པོའོ། །བཻ་རོ་ཙ་ནི་གང་ཡིན་ཞེས་བྱ་བ་ནི་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འདི་ཡིས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་བའི་དུས་སུ་གང་ཞིག་བྱ་བ་དེ་གསུངས་པའི། །རྣམ་བསམས་ཏེ་ནི་གོ་ཆ་བགོས་ནས་སོ། །ཚམ་ངམ་སྔགས་ནི་ཨོཾ་སུམྦྷ་ནི་ཞེས་བྱ་བ་ལ་སོགས་པ་ཞལ་བཞི་པའི་སྔགས་སོ། །ཡང་ནས་ཡང་དུ་བརྗོད་པས་དེ་དེས་ལེགས་པར་བསྲུང་པར་འགྱུར་


DTG022_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རོ། །ཚངས་པར་སྤྱོད་པ་རྟག་གྱུར་ནས། །ཞེས་པ་ནི་འཁོར་ལོ་སྔོམ་པའི་གཟུགས་སུ་དངོས་པོ་ཐམས་ཅད་རྒྱུན་མི་འཆད་པར་བལྟས་ནས་ཞེས་པའི་དོན་ཏོ། །རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །ཅེས་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱིས་བདག་ཉིད་ལ་མཆོད་པའོ། །བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་ན་དེ་ལ་བདེ་མཆོག་གི་མོས་པས་རྐང་པ་བརྒྱད་པས་མཆོད་ནས་ཕྱག་ལ་སོགས་པ་བྱའོ། །འཁོར་ལོ་བདེ་མཆོག་སྔོམ་པ་ལ། །ཞེས་པ་ནི་གཉུག་མའི་རང་བཞིན་དང་ཐ་མི་དད་པའི་དོན་ཏོ། །བྱང་ཆུབ་སེམས་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྦྱར་བས་ནི་ཐམས་ཅད་ཤེས་པ་ཉིད་དང་ས་བཅུའི་རྣམ་པར་དག་པའི་གནས་ལ་སོགས་པ་སྦྱར་བས་ནི་ལམ་ཤེས་པ་ཉིད་དང་གོ་ཆ་ལ་སོགས་པའི་རྣམ་པར་དག་པའི་མཐར་ཐུག་པ་སྦྱར་བས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྟན་ཏོ་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་རོ། ད་ནི་རྣལ་འབྱོར་ཆེན་པོས་རྡོ་རྗེ་འཛིན་པ་ཉིད་དུ་གསུངས་ཏེ། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །ཞེས་བྱ་བ་ལ་སོགས་པ་ལ་མདུན་ནི་ཐོག་མར་ཏེ་ཟླ་བ་བསྒོམ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་ཟླ་བའིའོ། །ཡི་གེ་ཞེས་པ་ནི་ཧཱུཾ་ངོ༌། །མཆོག་གི་གནས་གྱུར་པ་ནི་རྡོ་རྗེ་འཛིན་པའི་ས་བོན་ནོ། །ལྷ་ཡི་གཟུགས་ནི་བསྒོམ་པར་བྱ། །ཞེས་པ་ནི་ཧཱུཾ་ཡོངས་སུ་གྱུར་པ་ལས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་གཟུགས་ལས་འདས་པ་ཏེ། །ཞེས་པ་ནི་བཅོམ་ལྡན་འདས་རིམ་གྱིས་ཐིམ་པར་གྱུར་པ་དེ་ནི་ནཱ་དའི་རང་བཞིན་དུ་བསྒོམ་ཞེས་པའི་དོན་ཏོ། །སེམས་ཉིད་ཅེས་བྱ་བ་ནི་ནཱ་ད་ཡང་ངོ༌། །བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་ཉིད་ངེས་པར་བསྟན་ཏོ། །དེ་ཡང་ཞེས་བྱ་བ་ནི་དེ་ལ་ཡང་ངོ༌། །སེམས་ཉིད་བརྟག་པར་མི་བྱའོ། །ཞེས་པ་ནི་བསམ་གྱིས་མི་ཁྱབ་པར་ཡང་དག་པར་མི་བརྟག་གོ་ཞེས་པའི་དོན་ཏོ། །འདིའི་ངེས་པར་བསྟན་པ་ནི་བསམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བསམས་ན་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་ཉིད་དུ་བསྒོམས་ན་ཞེས་བྱ་བའི་དོན་ཏོ། །གཟུངས་ནི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །འདི་ཐམས་ཅད་ཀྱིས་འདི་ལྟར་བསྟན་པ་ཡིན་


DTG022_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། ཨཱ་ལི་ཀཱི་ལིའི་ཕྲེང་བ་འོད་ཟེར་ལྔ་དང་ལྡན་པ་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོ་བ་ཅན་བརྗོད་ཅིང་གཡས་པའི་རླུང་དང་གྲོགས་ནས་བྱུང་སྟེ། འགྲོ་བ་འཁོར་ལོ་གསུམ་གྱི་བདག་ཉིད་དུ་བྱས་ནས་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རོ་མཉམ་པར་གྱུར་ཏེ་སྣ་བུག་གཡོན་པ་ནས་ཞུགས་ནས་ལྟེ་བར་རང་རང་གི་རྣམ་པའི་གཟུགས་བརྙན་དང་ལྡན་པའི་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམས་ལ། དེ་སྐད་ཅིག་གིས་ཡི་གེ་ཧཱུཾ་སྟེ་ཟླ་བ་དང་ས་བོན་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་གཡས་བརྐྱང་བས་གནས་པ། ནམ་མཁའ་ལ་བྲིས་པའི་རི་མོ་དང་མཚུངས་པ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །རྡོ་རྗེ་ཕག་མོ་དམར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པ་ཞལ་གཅིག་མ་དང་སྙོམས་པར་ཞུགས་པར་བལྟ་སྟེ། སྒྱུ་མ་ལྟ་བུའི་རབ་ཏུ་གསལ་བའི་སྒྲས་བཀུག་པའི་ཁམས་གསུམ་པའི་བདག་ཉིད་ཀྱི་འཁོར་ལོ་རྣམས་བདག་ཉིད་ལ་རིམ་གྱིས་བསྡུ་བར་བྱའོ། །རིམ་པ་ནི་འགྲོ་བ་རྣམས་ནི་དུར་ཁྲོད་རྣམས་སུ། དུར་ཁྲོད་རྣམས་ནི་ཕྱིའི་འཁོར་ལོ་ལའོ། །ཕྱིའི་འཁོར་ལོ་ནི་སྐུའི་འཁོར་ལོ་ལའོ། །སྐུའི་འཁོར་ལོ་ནི་གསུང་གི་འཁོར་ལོ་ལའོ། །གསུང་གི་འཁོར་ལོ་ནི་ཐུགས་ཀྱི་འཁོར་ལོ་ལའོ། །ཐུགས་ཀྱི་འཁོར་ལོ་ནི་ཕྱོགས་སུ་སོན་པའི་མཁའ་འགྲོ་མ་ལ་སོགས་པ་ལའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སོན་པ་རྣམས་ནི་གཟུགས་ཅན་མ་ལ་སོགས་པ་རྣམས་ལའོ། །མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཞལ་ཇི་ལྟ་བ་རྣམས་སུའོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ཡང་ཞལ་གཅིག་ཕྱག་གཉིས་མ་དང་དེའི་ཤེས་རབ་ལའོ། །དེ་དག་ཀྱང་མཉམ་པའི་བདེ་བས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཅིང་ཞུ་བ་དེ་ཡོངས་སུ་གྱུར་པ་ལས་སིནྡྷུ་ར་དང་མུ་ཏིག་དམར་པོའི་མདོག་ལྟ་བུའི་ཡི་གེ་ཧཱུཾ་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་ཡང་ཨཱུ་ནི་ཧ་ལའོ། །ཧ་ནི་མགོ་བོ་ལའོ། །མགོ་བོ་ནི་ཟླ་བ་ཕྱེད་པ་ལའོ། །ཟླ་བ་ཕྱེད་པ་ནི་ཐིག་ལེ་ལའོ། །ཐིག་ལེ་ནི་ནཱ་ད་ལའོ། །ནཱ་ད་ནི་སྐྲའི་རྩེ་མོ་བརྒྱ་སྟོང་དུ་བགོས་པའི་ཆའི་རང་བཞིན་དུ་བལྟ་བར་བྱའོ། །ཤིན་ཏུ་དབང་པོ་


DTG022_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣོན་པོས་ནི་དེ་ཡང་མི་དམིགས་པར་བྱའོ་ཞེས་པ་ནི་རྣལ་འབྱོར་ཆེན་པོའོ། །སྐྱོ་བར་གྱུར་ན་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོར་ལྷག་པར་མོས་པར་བྱས་ལ། ལྟེ་བར་ཟླ་བ་ལ་དཀར་དམར་གྱི་ཡི་གེ་ཧཱུཾ་ངམ་ནཱ་ད་བལྟས་ཏེ་ཡི་གེ་གསུམ་རྗོད་པར་བྱེད་ཅིང་དེ་ལས་བྱུང་བའི་རླུང་གི་འཁོར་ལོ་ལྔ་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་ཡང་བརྗོད་པས་སྔགས་དང་ལྷན་ཅིག་ཉིད་དུ་སྐུད་པའི་ཕྲེང་བ་དགུག་པའི་རིམ་པས་འཇུག་པའི་རླུང་གིས་དེ་ཉིད་དུ་གཞུག་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་བྱས་པ་ནི་རྡོ་རྗེའི་བཟླས་པའོ། །དེ་ཁོ་ན་བཞིན་དུ་ནཱ་ད་དེ་ཉིད་ལས་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ལས་འཁོར་ལོ་སྔོམ་པའི་ལྷ་ཚོགས་སྤྲོ་བ་དང་བསྡུས་པས་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བརྗོད་པར་བྱའོ། །ལྷ་སོ་སོའི་སྔགས་བརྗོད་པ་ཡོངས་སུ་རྫོགས་པ་ན་སོ་སོར་སྤྲོ་བ་དང་བསྡུ་བ་བྱ་བ་ནི་དམ་ཚིག་གི་བཟླས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་སྔགས་ཀྱི་ཕྲེང་བ་ནཱ་ད་ལས་འཐོན་ཏེ་རྡོ་རྗེ་ལམ་ནས་པདྨར་བྱུང་ཞིང༌། དེ་ནས་ཨ་བྷ་དྷཱུ་ཏཱིའི་ནང་ན་ཡར་ལ་སོང་བར་བསྒོམ་ཞིང་ཕྲེང་བའི་སྔགས་བཟླས་པར་བྱ་བ་ནི་འདི་ལོའི་བཟླས་པའོ། །དེ་ནས་འཆད་པར་འགྱུར་བའི་རིམ་པས་གཏོར་མ་བྱིན་ནས་སྨོན་ལམ་ཡང་གང་བ་སྟེ། ལྷའི་གཟུགས་ཀྱིས་གནས་པར་བྱའོ། །ཁྲུས་བྱེད་པའི་དུས་སུ་ནི་དབང་བསྐུར་བའི་ཆོ་གས་བྱའོ། །ཟས་ཀྱི་དུས་སུ་ནི་དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ཀྱི་ལུས་སྐད་ཅིག་གིས་བསམས་ནས་ཆོ་ག་ཇི་ལྟ་བས་གཏོར་མ་སྦྱིན་པར་བྱ་སྟེ། ཡང་ན་ཡི་གེ་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བྱ་བ་ལ་སོགས་པའི་སྔགས་ལན་ཅིག་བརྗོད་པས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་བྱིན་ཏེ་འབར་བ་ལ་སོགས་པའི་ཆོ་གས་སྦྱངས་པའི་བཟའ་བ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་སྔོན་དུ་སོང་བས། ཨོཾ་ས་མ་ཡ་ཤུདྡྷཿསརྦྦ་དྷརྨཱཿས་མ་ཡ་ཤུདྡྷོ྅ཧཾ། ཞེས་བྱ་བས་མངོན་པར་བསྔགས་ཏེ་ལྕེ་ཧཱུཾ་ལས་རྡོ་རྗེ་དཀར་པོའི་རང་བཞིན་དུ་བསམས་ནས། ཨོ་ཨ་མྲྀ་ཏོ་ད་ཀ་ཧཱུཾ་ཧཱུཾ་ཋ་ཋ་ཏྲཱཾ་ཨཱཿ་ཁཾ་ཧཱུཾ་ཞེས་བྱ་བ་འདི་དང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ལྟེ་བ་ན་གནས་པའི་ཡི་གེ་ཧཱུཾ་ངམ་ནཱ་ད་ཚིམ་པར་བྱའོ། །གུང་གི་ཐུན་ལ་བསམ་གཏན་གྱི་ཁང་བུར་


DTG022_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞུགས་ཏ་ཡི་གེ་གསུམ་ལ་སོགས་པའི་སྔགས་ལན་གསུམ་བརྗོད་ཅིང་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོར་མོས་པར་བྱས་ཏེ། སྔོན་བཞིན་དུ་ཐམས་ཅད་བྱས་ལ་ཇི་ལྟར་བདེ་བར་གནས་པར་བྱའོ། །ཕྱི་ཐུན་ལ་གུང་གི་ཐུན་བཞིན་དུ་ཐམས་ཅད་བྱས་ལ་ནམ་ཕྱེད་ཀྱི་དུས་སུ་དག་གི་བྱ་བ་ཐམས་ཅད་ཨཱ་ལི་ཀཱ་ལིའི་རང་བཞིན་དུ་རྟོགས་པར་བྱ་སྟེ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བཱི་ར་ཤུདྡྷ་བཱ་ཀྱ་སྱ་དེ་ཤ་ཀ་ཤཱུནྱ་ཏཱ་ཛྙཱ་ན་མེ་བཾ་ཙཥྚི་སཾ་ཧ་ར་སྭ་ཡཾ་བྷུ་བ་ཞེས་པ་དང༌། ཨའི་ཡི་གེ་ནས་ཀྵའི་མཐར་ཐུག་པ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་བརྗོད་ཅིང་འོད་གསལ་བ་མངོན་དུ་བྱས་ཏེ་གཉིད་ལོག་པ་ན་འོད་གསལ་བ་ཉིད་དུ་མོས་བ་བྱས་ནས་ཉལ་བར་བྱ་སྟེ། ཐུན་ཐམས་ཅད་ཀྱི་མཐར་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །ཡང་ཐོ་རངས་ཀྱི་ཐུན་ལ་འོད་གསལ་བ་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོར་མོས་པར་བྱ་སྟེ། ཨོཾ་ཨེ་ཧྱེ་ཧི་ཞེས་བྱ་བ་ལ་སོགས་པའི་སྔགས་ཐམས་ཅད་བརྗོད་དེ་ལངས་ལ་སྔར་གསུངས་པ་ཐམས་ཅད་རྗེས་སུ་བསྒྲུབ་པར་བྱའོ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཞེས་བྱ་བ་ནས། ཀ་ནི་གང་དུའང་མི་གནས་པའོ། །ཞེས་བའི་བར་གྱི་གཞུང་ནི། བཻ་རོ་ཙ་ནའི་སྔགས་གང་ཡིན། །ཐོད་པས་མགོ་བོར་བརྒྱན་པ་ཡིན། །ཞེས་བྱ་བ་འདིའི་རྗེས་ལ་སྦྱར་བར་བྱ་སྟེ། ལྷའི་སྐུ་ཞེས་བྱ་བ་ནི་ཤྲཱི་ཧེ་རུ་ཀའི་སྐུའོ། །ཡང་ན་རུས་པའི་སྒལ་ཚིགས་ཁ་ཊྭཱཾ་གའི་རང་བཞིན་དུ་ཤེས་བར་བྱའོ། །ཤེས་རབ་ནི་སྟོང་པ་ཉིད་དོ། །ཌ་མ་རུའི་སྒྲ་ནི་བྲག་ཅ་ལྟ་བུར་རྟོགས་པར་བྱའོ། །དམིགས་པའི་རང་བཞིན་གྱིས་ཉིན་མོ་བཅོམ་ལྡན་འདས་སོ། །མི་དམིགས་པའི་རང་བཞིན་གྱིས་མཚན་མོ་རྣལ་འབྱོར་མའོ། །མྱ་ངན་འདས་བྱུང་དཔའ་བོ་རྣམས། །དྲུག་པ་སེམས་ཀྱི་སྤྲུལ་པ་སྟེ། །ཞེས་པ་ནི་མྱ་ངན་ལས་འདས་པ་ནི་འཆི་བ་སྟེ་སྲོག་གི་དབང་པོ་འགགས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལས་བྱུང་བ་ནི་དྲི་ཟའི་སེམས་ཅན་ཏེ། དེ་ཡང་མངོན་པར་ཤེས་པ་ལྔ་དང་མཚན་གྱིས་བརྒྱན་པའི་ལུས་ཅན་ཡེ་ཤེས་ཀྱི་རང་བཞིན་དུ་བརྗོད་དེ་རྣམ་པར་ཤེས་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དྲུག་པ་ཉིད་དུ་གཞལ་ཞིང་ངེས་པར་བྱ་བས་ན་དྲུག་པ་ཞེས་བྱའོ། །དེ་བས་ན་སེམས་ཀྱི་སྤྲུལ་པ་ཞེས་བྱའོ། །དཔའ་བོ་ནི་


DTG022_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་འདས་ཏེ་དེའི་གཟུགས་སུ་མོས་པར་བྱ་སྟེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མྱ་ངན་ལས་འདས་པ་ནི་ཆོས་ཀྱི་དབྱིངས་ཏེ་ཉོན་མོངས་པ་ཞི་བས་སོ། །བྱུང་བ་ནི་སེམས་ཅན་གྱི་དོན་མཛད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུའོ། །དྲུག་ནི་ཆོས་ཀྱི་དབྱིངས་སོ། །པ་ནི་འཇལ་བ་དང་ཡོངས་སུ་གཅོད་པས་ན་དེ་སྐད་ཅེས་བྱའོ། །སེམས་ཀྱི་སྤྲུལ་པ་ཞེས་བྱ་བ་ནི་གདུལ་བྱའི་སེམས་ཅན་ལ་ལྟོས་ནས་དེ་བཞིན་དུ་སོ་སོར་སྣང་བའོ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་བྱ་བ་ལ་དག་པའི་ཆོས་ནི་སྟོང་པ་ཉིད་དོ། །དེའི་རང་བཞིན་ནི་རྡོ་རྗེ་ཕག་མོ་ཞེས་བྱ་བའི་དོན་ཏོ། །སེམས་ནི་དལ་བས་སོ་ཞེས་བྱ་བ་ལ་སོགས་པ་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་ཏེ། །རྣལ་འབྱོར་ནི་རྣལ་འབྱོར་པས་སོ། །མྱ་ངན་ལས་འདས་པ་ནི་འཆི་བ་ཉིད་དོ། །མི་སྟོན་པ་ནི་དོན་དམ་པར་མེད་པ་སྟེ་ཁྱིམ་ནས་ཁྱིམ་གཞན་དུ་འགྲོ་བ་ཉིད་བཞིན་དུ་སེམས་ངལ་སོ་བ་ཙམ་ཉིད་ལ་འཆི་བ་ཡིན་ནོ་ཞེས་དགོངས་སོ། །འཕོ་བའི་ཚེ་ནི་འཆི་བའི་དུས་སོ། །རྣལ་འབྱོར་རྣམས་ནི་རྣལ་འབྱོར་པའོ། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །ཞེས་པ་ནི་འཇིག་རྟེན་པའི་རྣམ་པར་རྟོག་པའོ། །མཁའ་སྤྱོད་གནས་སུ་ཞེས་པ་ནི་འོད་གསལ་བའི་གོ་འཕང་དུའོ། །འདི་སྐད་བརྗོད་པ་ཡིན་ཏེ་འཆི་བའི་དུས་ན་དཔལ་ཧེ་རུ་ཀ་དང་ཕག་མོ་ལ་སོགས་པ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་སྣ་ཚོགས་པའི་སྤོས་དང་མེ་ཏོག་དང་རྒྱལ་མཚན་དང༌། བ་དན་ལ་སོགས་པ་ལག་ན་ཐོགས་པས་འོད་གསལ་བའི་གོ་འཕང་དུ་འཇུག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དཔལ་མངོན་པར་རྟོགས་པའི་དཀའ་འགྲེལ། གྲུབ་ཐོབ་ཆེན་པོ་ལ་བའི་ན་བཟའ་ཅན་གྱི་རྗེས་སུ་འབྲངས་ནས་སློབ་དཔོན་ཆེན་པོ་པྲཛྙཱ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱི་རྟི་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།།


previousདཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ། པྲ་ཛྙཱ་རཀྵི་ཏ།next