Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།

2 occurrences of ཀུན་གྱི་རྣམ་ཤེས་
[Clear Hits]


  
 expand section
 expand section
  
  
  
  
  
  
 expand section
 
དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། 
  
  
  
  
  
 expand section
  
 
  
  
  


2 occurrences of ཀུན་གྱི་རྣམ་ཤེས་
[Clear Hits]

 
previousདཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།next

དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།


DTG027_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་གཱི་ནི་མཎྜལ་བིདྷི་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མི་མཐུན་ཚོགས་འཇོམས་རྒྱལ་བའི་སྐུ། །ཡེ་ཤེས་དབང་ཕྱུག་ཕུན་སུམ་ཚོགས་པའི་བདག །ཤེས་རབ་རྣམ་འཕྲུལ་བརྒྱ་དང་ཉི་ཤུ་བརྒྱད། །རང་འོད་ཐབས་ཚོགས་སྦྱོར་དེ་རྣམས་ཕྱག་འཚལ། །རང་རྒྱུད་པས་བསྒྲུབས་དྲག་པོའི་ཚོགས་སོགས་འཇོམས། །དབུགས་འབྱུང་སྣ་ཚོགས་རང་གི་རིགས་ལས་སྤྲུལ། །


DTG027_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་དང་བརྟེན་པའི་འཇིག་རྟེན་རྣམ་འཕྲུལ་མཛད། །ཁམས་གསུམ་སྣང་མཛད་གཙོར་བཅས་ཕྱག་འཚལ་ཏེ། །དགོངས་མཛད་གཞི་ལམ་འབྲས་བུ་གསང་བའི་དོན། །དཔལ་ལྡན་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་རྒྱུད་དག་ལས། །དཀྱིལ་འཁོར་དྲུག་གི་གསང་དོན་རྣམ་བཀོད་ནས། །ཚོགས་བསགས་བསྲུང་ཞིང་བྱིན་རླབས་གནས་པ་དང༌། །སྒྲུབ་དོན་སློབ་མ་ལས་སུ་རུང་བའི་ཕྱིར། །རྒྱུད་བཞི་ས་ཡན་ལག་ཕྱོགས་མཐུན་ལས་བསྡུས་པའི། །རིགས་དྲུག་གཟུགས་བརྙན་ཆོ་ག་བཤད་པར་བྱ། །བདེ་ཆེན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །རྣམ་པ་སྣ་ཚོགས་ཀུན་གྱི་མཆོག །འཁོར་ལོ་ཐམས་ཅད་རྣམ་འཕྲུལ་ལོ། །གསང་བ་མཆོག་གི་དགྱེས་པར་ནི། །ཐམས་ཅད་བདག་ཉིད་རྗེས་སུ་བསྒྲུབ། །རྟེན་གནས་ཕུན་སུམ་ཚོགས་ལྡན་བས། །སྔོན་འགྲོའི་བསྙེན་པ་རྫོགས་བྱས་ཏེ། །ས་གཞི་སྟ་གོན་གནས་པ་དང༌། །གཟུགས་བརྙན་དཀྱིལ་འཁོར་རྩོམ་སྒྲུབ་ཅིང༌། །འཇུག་པའི་སྦྱིན་སྲེག་གཏོར་མའི་ལས། །རབ་གནས་དབང་བསྐུར་ལ་སོགས་རྣམས། །བདག་གཞན་སྨིན་ཅིང་གྲོལ་བའི་ཕྱིར། །དམ་པའི་ལུང་བཞིན་བསྒྲུབ་པར་བྱ། །གཞན་དོན་རྩོམ་པའི་བློ་ལྡན་པ། །རང་བཞིན་མངོན་པར་འདུས་བྱས་པའི། །ཐུན་མོང་ཁྱད་པར་དབང་ཐོབ་ནས། །ཡོན་ཏན་རྩལ་ལྡན་གང་ཡང་རུང༌། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས། །དགུག་མཆོད་ལས་སྦྱོར་སྲུང་བ་ཆེ། །མྱུར་དུ་གཤེགས་སུ་གསོལ་བ་ཡི། །དེ་ཉིད་བཅུ་སོགས་ལས་ལ་མཁས། །ཁྱད་པར་ལས་ཀྱི་རིམ་པ་ཡིས། །གསལ་མཛད་རྒྱ་ཆེན་འགྲོ་ལ་དམིགས། །རྒྱ་མཚོ་རི་རབ་ནོར་བུ་རྫིང༌། །ནམ་མཁའ་ས་གཞི་གསེར་བཞིན་གནས། །དེས་ཤིང་འཇམ་ལ་སྙན་པར་སྨྲ། །དད་བརྩོན་ཤེས་རབ་དང་ལྡན་པས། །ཐོས་བསམ་བསྒོམ་པའི་ལས་ལ་བརྩོན། །སེམས་ཅན་ཀུན་ལ་བྱམས་སེམས་ཅན། །སྙིང་རྗེ་དགའ་བ་བཏང་སྙོམས་གནས། །ཕ་རོལ་ཕྱིན་པ་དྲུག་ལྡན་ཞིང༌། །དཀྱིལ་འཁོར་རྒྱུད་དང་བླ་མ་དང༌། །ཟབ་མོའི་ཆོས་ལ་རྩེ་གཅིག་དགའ། །བསྟན་


DTG027_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོས་ཀུན་ལ་འཇིགས་མེད་ཅིང༌། །བརྟན་པོ་བྱང་ཆུབ་དོན་གཉེར་བས། །དང་བའི་བླ་མ་དྲི་མེད་ལ། །ལན་གསུམ་ཡོན་བཅས་གསོལ་བ་གདབ། །རིགས་ཀྱི་བུ་ཁྱོད་འབྱོར་ལྡན་ནམ། །དགོས་པའི་རྫས་རྣམས་གང་ཡོད་སྨྲོས། །མ་ཚོགས་པ་རྣམས་རྙེད་འགྱུར་ན། །ཕུན་སུམ་ཚོགས་དུས་གཟུང་བར་བྱ། །དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བ་ཡང་དག་མི་ཤེས་པས། །སྒྲུབ་པ་ཅི་ཡང་མི་འགྲུབ་པོ། །ཀུན་དུ་སྣ་ཚོགས་སྐལ་བཟང་པོར། །བདག་རང་བསྒྲུབས་པས་སྐལ་བ་བཟང༌། །བདག་མེད་ཆོས་ཉིད་དང་ལྡན་པས། །དམ་ཚིག་ལ་སྡང་སྐལ་བ་ངན། །སྲིད་པ་ཤིན་ཏུ་བསྒྲུབས་པས་ན། །སྐལ་བཟང་སངས་རྒྱས་བཅོམ་ལྡན་འདས། །སྐལ་ངན་ཉན་ཐོས་འཇིག་རྟེན་ན། །ཤིན་ཏུ་ཡོངས་སུ་མྱ་ངན་འདས། །རྟོག་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །སྐལ་བཟང་ཕྱག་ན་རྡོ་རྗེ་དཔལ། །སྟོང་པ་ཉིད་ལ་རབ་སྦྱོར་བས། །རང་རྒྱལ་རྣམས་ན་སྐལ་བ་ངན། །འདོད་ཆགས་ཐམས་ཅད་རྣམ་དག་པས། །སྐལ་བཟང་སྤྱན་རས་གཟིགས་ཀྱི་དབང༌། །ལོག་པར་ལྟ་དང་ལྡན་པས་ན། །སྐལ་ངན་མུ་སྟེགས་འཇིག་རྟེན་རྣམས། །དམ་པའི་ནོར་མཆོག་སྡུད་པའི་ཕྱིར། །སྐལ་བཟང་རྡོ་རྗེ་ཉི་མ་དཔལ། །བདག་གི་བུ་ལའང་མ་ཆགས་པས། །སྐལ་ངན་དཀའ་ཐུབ་སྤྱོད་པ་ཀུན། །རྒྱལ་སྲིད་མཆོག་རྣམས་བསྡུས་པས་ན། །རྟ་མཆོག་དཔལ་ནི་སྐལ་པ་བཟང༌། །བདག་མེད་ཡོངས་སུ་འཛིན་མེད་པས། །ཐུབ་པ་ཐམས་ཅད་སྐལ་བ་དན། །བདེ་བ་ཐམས་ཅད་རབ་བསྒྲུབ་ཕྱིར། །ཀུན་གྱི་སློབ་དཔོན་སྐལ་བ་བཟང༌། །ལྟ་ངན་དམ་ཚིག་ལ་སྡང་བའི། །སློབ་མ་ཐམས་ཅད་སྐལ་བ་དན། །གསང་བའི་དོན་ནི་ཡང་དག་ཉིད། །འདི་ནི་གསལ་བར་ཤེས་པ་ཡིན། །སངས་རྒྱས་ཀུན་གྱི་བཀའ་བཞིན་དུ། །སངས་རྒྱས་ཀུན་གྱི་གྲུབ་པར་འགྱུར། །དབེན་པ་ཡི་ནི་གནས་དག་གམ། །རང་གི་སྐྱེད་མོས་ཚལ་སོགས་པར། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཀུན་དུ་སྣ་ཚོགས་བདེ་མཆོག་གིས། །ཀུན་དུ་སྣ་ཚོགས་དགོས་པ་རྣམས། །ཅི་བདེ་བར་ནི་བསྒྲུབ་པར་བྱ། །རྟེན་དང་དགོན་པ་གཙུག་ལག་ཁང༌། །


DTG027_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རི་ཡི་རྩེ་རྣམས་ཐམས་ཅད་དུ། །རྣམ་པ་དུ་མ་སྣ་ཚོགས་པའི། །སངས་རྒྱས་དགོངས་པ་བསྒྲུབ་པར་བྱ། །དུར་ཁྲོད་དང་ནི་ལྷ་རྟེན་དང༌། །མ་མོའི་གནས་ལ་སོགས་འདུག་ན། །རྡོ་རྗེ་འཛིན་པའི་དགོས་པ་དག །རྣམ་པ་དུ་མ་སྒྲུབ་པར་འགྱུར། །པདྨོ་སྐྱེད་མོས་ཚལ་དག་དང༌། །ཆུ་བོ་དག་གི་མདོག་དག་ཏུ། །པདྨོ་འཛིན་པའི་དགོས་པ་རྣམས། །རྣམ་པ་དུ་མས་འགྲུབ་པར་འགྱུར། །རྒྱལ་པོའི་ཕོ་བྲང་དགའ་བ་དང༌། །པདྨོ་སྐྱེད་མོས་ཚལ་ཉིད་དུ། །རྣམ་པ་སྣ་ཚོགས་དུ་མ་ཡི། །རྒྱལ་པོའི་དགོས་པ་བསྒྲུབ་པར་བྱ། །མཁར་ནི་རྣམ་པ་སྣ་ཚོགས་དང༌། །དེ་བཞིན་ཆུ་བོའི་འགྲམ་དག་གམ། །རྒྱལ་ཁམས་གཞན་ལས་གྲུབ་པ་རུ། །རྡོ་རྗེ་རྟ་ནི་བསྒྲུབ་པར་བྱ། །ཆ་ལུགས་རྣམ་པ་སྣ་ཚོགས་དང༌། །སྒྲུབ་པ་རྣམ་པ་སྣ་ཚོགས་ཀྱིས། །རྡོ་རྗེ་སེམས་དཔའི་གོ་བགོས་ལ། །དཀྱིལ་འཁོར་ལ་སོགས་རབ་ཏུ་བསྒྲུབ། །སངས་རྒྱས་རྣམས་ཀྱི་པདྨོ་དམར། །ཕྱག་ན་རྡོ་རྗེ་སྣ་ཚོགས་པ། །འཇིག་རྟེན་དབང་གི་ཁ་དོག་དཀར། །རྡོ་རྗེ་ཉི་མ་དཔལ་གྱི་སེར། །ཁ་དོག་ཀུན་དང་ཅི་འབྱོར་པ། །བླ་རེ་རྒྱལ་མཚན་རྒྱན་གྱི་རྣམས། །ཐམས་ཅད་རབ་ཏུ་སྒྲུབ་པ་དཔལ། །རྟ་མཆོག་རྡོ་རྗེ་ཅན་གྱིའོ། །གནས་དང་འཁོར་རྣམས་ཅི་འདྲ་དང༌། །བཀོད་དང་འགྲོ་བ་ཅི་འདྲ་དང༌། །འཁོར་རྣམས་བཀོད་པ་ཅི་འདྲ་བ། །དེ་ཡི་འཁོར་ལོ་མཆོག་གིས་མཛད། །རྡོ་རྗེ་སེམས་དཔའི་ལྷ་རྣམས་ཀྱི། །འཁོར་ལོ་མངོན་སུམ་མཐོང་བ་ལས། །བསོད་ནམས་རྟག་པ་ཅི་འདྲ་བ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། །ཁམས་གསུམ་གནས་སོགས་བལྟ་བྱས་ཏེ། །རྒྱུ་རྐྱེན་འབྲས་བུ་རྣམ་དག་པའི། །ཆོས་བདག་མེད་པའི་རྣམ་པར་བསམ། །རིགས་ཀྱི་རྣམ་འཕྲུལ་ལས་བྱུང་བའི། །རྣམ་གསུམ་ནུས་པ་མཐུ་བསྐྱེད་དེ། །ཕྱག་རྒྱ་མཐུ་ལྡན་དག་པའི་ཕྱིར། །གཡས་པའི་ཉི་མ་དྲུག་སྐྱིལ་དུ། །ཧཱུཾ་ཨོཾ་ཧྲཱིཿཧྲཱི་ཏྲཱཾ་ཧཾ་ལས། །རིགས་དྲུག་སངས་རྒྱས་བསྐྱེད་པར་བྱ། །གཡོན་པའི་ཟླ་དཀྱིལ་དྲུག་དབུས་སུ། །མི་འགྱུར་ཨ་དཀར་གསལ་འབར་བས། །རིགས་མཐུན་ལྷ་མོ་དྲུག་བསམ་བྱ། །འཕྲོ་འདུ་མཛད་བཅས་གཉིས་མེད་འགྱུར། །སྒྲ་གནས་ཆོས་ཀྱི་ཕྱག་རྒྱ་ཆེ། །ཐུགས་


DTG027_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀར་ཡེ་ཤེས་སེམས་དཔའ་གནས། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡིས། །གནས་གསུམ་བྱིན་བརླབ་ས་རྒྱན་བྱས་ཏེ། །བདག་དང་འགྲོ་བ་སྤྱང་བ་ཡི། །སྦྱོར་བའི་ཏིང་འཛིན་ལ་གནས་བྱ། །དབང་པོ་མདུན་དུ་དགུག་བྱས་ནས། །འཕགས་དང་སེམས་ཅན་ལ་དམིགས་ཏེ། །བཅུ་བཞིའི་བྱ་བ་རྒྱ་ཆེན་ཚོགས། །ཡོངས་སུ་དག་པའི་གསུམ་གནས་གཞག །སྲུང་བའི་འཁོར་ལོས་མཚམས་བཅད་ནས། །བཞི་ཡི་ཏིང་འཛིན་རྟེན་དང་བཅས། །སྦྱོར་བ་བཞི་ལ་ལེགས་གནས་ཤིང༌། །དམིགས་པ་གསུམ་གྱི་བྱ་བ་སྤྱད། །གཙོ་བོ་གང་གི་དཀྱིལ་འཁོར་རྩོམ། །དེ་ཉིད་བཟླས་བརྗོད་འབུམ་ཡིན་ཏེ། །འཁོར་གྱི་ལྷ་མོའི་ཚོགས་རྣམས་ལ། །རེ་རེ་ལ་ཡང་ཁྲི་འམ་སྟོང༌། །གཞན་ཡང་བསྙེན་པ་རྣམ་ལྔ་སྟ། །གྲངས་དུས་མཚན་མ་མཐོང་བ་དང༌། །གནང་བ་ཐོབ་དང་འགོག་པ་ཡི། །འཁོར་ལོ་གོམས་པ་ལས་བྱུང་བས། །རང་སེམས་དག་པས་གཏོར་མ་བརྩོམ། །ཐུན་བཞིའི་སྦྱོར་བས་འཇུག་བྱས་ཏེ། །ཆོ་ག་ཡན་ལག་སྔོན་འགྲོ་རྣམས། །རྫོགས་པས་དཀྱིལ་འཁོར་ལས་དག་བརྩམ། །སོ་སོའི་རིགས་ཀྱི་སྦྱོར་ལྡན་པས། །བདག་དང་གཞན་གྱི་དོན་ཆེད་དུ། །ཚོགས་རྫོགས་བར་ཆད་བསལ་བ་དང༌། །ལྷ་མཉེས་ལས་ཀུན་གྲུབ་བྱའི་ཕྱིར། །དཀྱིལ་འཁོར་ས་གཞི་བརྟག་པར་བྱ། །དེས་ནི་བཀྲ་ཤིས་ཕུན་སུམ་ཚོགས། །སོ་སོའི་རང་གནས་ཉམས་དགའ་བ། །ནགས་ཚལ་མེ་ཏོག་ལྕུག་མའི་རི། །ཆུ་རྒྱུན་གཡས་སུ་འཁྱིལ་པའི་ལྗོངས། །རིན་ཆེན་འབྱུང་གནས་རྒྱ་མཚོའི་དོགས། །མེ་ཏོག་འབྲས་བཟང་ཉམས་དགའ་བའི། །དེ་བཞིན་དགོན་པའི་གནས་མཆོག་ནི། །ས་གཞི་ཆགས་མེད་དབུས་མཐོ་ཞིང༌། །ཕྱག་རྒྱ་ཆེན་པོའི་རིག་འཛིན་རྟགས། །ཤར་དང་བྱང་གཞོལ་དངོས་གྲུབ་གནས། །ལྷོ་ནུབ་གཞོལ་བའི་འཇིག་རྟེན་པ། །ནུབ་བྱང་མཐོ་བས་ལས་ཕྲ་མོ། །ཤར་མཐོ་དབུས་དམའ་འགྲུབ་མི་འགྱུར། །ནམ་མཁའ་འཁོར་ལོ་རྩེ་བརྒྱད་པ། །སྒྲུབ་གནས་ལས་མཐུན་སོ་སོའི་དབྱེ་བས། །པུས་ནུབ་ཙམ་དུ་བརྐོ་བྱས་ཏེ། །སླར་ལ་ས་དེས་དགང་པའམ། །ཆུ་རྒྱུན་གང་བ་དྲི་ལྡན་ལ། །མཉམ་གཞག་རྡོ་རྗེ་དྲིལ་འཛིན་ཤར། །གོམ་པ་


DTG027_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱ་ཡི་གནས་ནས་ལོག །སྔགས་བཅས་མཚན་མ་བརྟག་ཅིང་སྤྱང༌། །གཞན་ཡང་རྣམ་ཤེས་ཕྱག་རྒྱ་དང༌། །ཡེ་ཤེས་ཕྱག་རྒྱས་བརྟག་པར་བྱ། །རྒྱལ་པོའམ་ཡུལ་གྱི་བདག་པོ་ལ། །སློང་ངམ་རིན་གྱིས་ཉོ་བར་བྱ། །བར་ཆད་མེད་པའི་ས་དབུས་སུ། །རང་རིག་ལྷ་ཡི་སྦྱོར་ལྡན་པས། །རྒྱན་བཅས་སོ་སོའི་སྐྱིལ་ཀྲུང་གིས། །འགྱིང་ཞིང་ང་རྒྱལ་གནས་བྱས་ནས། །ས་ཡི་ལྷ་ཚོགས་སྲུང་མལ། །མཆོད་སྦྱིན་གཏོར་མ་དབུལ་བར་བྱ། །ཁྱད་པར་ལས་ཀྱི་བདག་པོ་དང༌། །སྙིང་རྗེ་ལན་ཆགས་གྱུར་བ་དག །མ་ལུས་དགུག་ཅིང་ཚིམ་བྱས་ནས། །བསྒོ་ཞིང་འཚེ་བ་རིན་གྱིས་བརྫངས། །དྲི་ཡི་ཆུ་ཡིས་ལེགས་གཏོར་ཞིང༌། །སྦྱོར་བ་བཞི་ལ་ལེགས་གནས་པས། །བདུད་རྩིས་རྫས་ཀྱིས་སྤྱང་བྱ་ཞིང༌། །ཡི་གེ་གསུམ་གྱིས་དག་པར་བྱ། །ལྟོ་འཕྱེའི་རིམ་པ་ཤེས་བྱས་ལ། །དངོས་གྲུབ་རབ་འབྲིང་གསུམ་དོན་བུ། །མགྲིན་ལྟོ་པུས་མོ་མན་ཆད་དེ། །གནས་གཞན་སྤང་པར་བྱ་བ་ཡིན། །རུས་བ་གསེག་མ་གྱོ་མོ་དང༌། །སོལ་བ་ཕ་རྒན་ས་རོ་བསལ། །ས་གཉེན་འཇམ་ཞིང་སྣུམ་སྲེས་ཏེ། །དྲི་ཡི་ཆུས་གདབ་དགད་ཞིང་བཅག །དཀྱིལ་འཁོར་གནས་ཀྱི་ཚད་མཉམ་བྱ། །སོར་བཞི་ཁྲུ་གང་ལུས་ཕྱེད་ཚད། །བརྐོས་པའི་ཚད་མཉམ་འཕང་དུ་བསྟོད། །རིན་ཆེན་དྲི་སྦྱོར་སྙིང་པོར་གཞུག །ཆོས་ཉིད་དག་པའི་སྔགས་བརྗོད་པའི། །དྲི་ཡི་ཆུ་ཡིས་ལེགས་བྱུགས་པར། །སྣ་ཚོགས་མཆོད་གཏོར་ཉེར་སྦྱར་ནས། །རྣལ་འབྱོར་གྲོགས་བཞི་དང་བཅས་པས། །རང་རིག་གཙོ་འཁོར་ལྔ་བསྒོམས་ཏེ། །ས་གཞི་བྱིན་གྱིས་བརླབ་པར་བྱ། །ཨོཾ་བྷཱུཾ་ག་ག་ན་ཁཾ་ཨཱཿཧཱུཾ། ནམ་མཁའ་དག་པའི་རང་བཞིན་ལས། །འབྱུང་བ་རིམ་བརྩེགས་རི་རབ་སྟེ། །རྡོ་རྗེ་ས་གཞི་ར་བ་དང༌། །བླ་རེ་གུར་བཅས་འོད་འཕྲོ་བའོ། །རྡོ་རྗེ་གཏམས་པ་དགྱེ་བྱས་ཏེ། །རང་གི་གནས་སུ་གཞག་པར་བྱ། །ཨོཾ་མེ་དི་ནི་བཛྲ་བྷབ་བཛྲ་བནྡྷ་ཧཱུཾ། ཐལ་མོ་ས་ལ་ལན་གསུམ་དུ། །ལྷ་མོ་རྒྱན་རྣམས་ཀུན་གྱིས་མཛེས། །མདོག་སེར་བུམ་པའི་མཚན་མ་ཅན། །ལུས་ཕྱེད་ས་ལ་བཏོན་བྱས་ཏེ། །མདུན་ན་བཀའ་ཉན་ཚུལ་གནས་ལ། །མཆོད་གཏོར་ཞབས་བསིལ་སོགས་དབུལ་ཞིང༌། །ཇི་སྲིད་ལས་རྫོགས་རྣམས་ཀྱི་བར། །


DTG027_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་སྲིད་དབང་པོར་གསོལ་བ་གདབ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་ཤོག །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ལན་གསུམ་གསོལ་བ་བཏབ་བྱས་ནས། །ལྷ་མོ་དགྱེས་པས་མདངས་ཕྱུང་སྟེ། །སློབ་དཔོན་ཆེན་པོའི་དཀྱིལ་འཁོར་མཛོད། །དགའ་བ་ཆེན་པོས་ལས་བསྒྲུབས་ཤིང༌། །བཅུ་གཉིས་རྒྱན་གྱིས་མཛེས་བྱས་པའི། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས། །དཀྱིལ་འཁོར་བདག་པོར་གནས་པ་ལ། །ཕྱོགས་བཞིའི་ལྷ་མོ་བསྟོད་ཅིང་བསྐུལ། །ཨོཾ་བྱམས་ཆེན་ནམ་མཁའི་རིགས་སྦྱོར་བ། །རྡོ་རྗེ་འཛིན་རྒྱལ་འཇིགས་པའི་གནས། །རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན། །ཡང་དག་ཡེ་ཤེས་སྤྱོད་པས་གྲོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་ཐུགས་རྗེའི་གནས་མཆོག་དག་པའི་དངོས། །མཉམ་ཉིད་ཆོས་ཀུན་འབྱུང་བའི་གཞི། །ཡོན་ཏན་རིན་ཆེན་མཆོག་སྟོན་པའི། །རྣམ་འཕྲུལ་ཆོས་ལས་རབ་ཏུ་གྲོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་དགའ་བའི་པདྨོས་མཚན་ལྡན་པ། །ཀུན་རྟོག་དངོས་གསལ་ཆགས་པ་མེད། །རྡོ་རྗེ་གསང་གསུམ་སྔགས་འདོན་པའི། །བརྗོད་འབྱུང་ཚིག་ལས་འདས་པའོ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་བཏང་སྙོམས་གནས་ངན་དྲ་བ་སེལ། །ཕྲིན་ལས་བདག་པོ་སྟོབས་དང་ལྡན། །བྱ་བའི་ཡེ་ཤེས་མཐར་མཛད་ཅིང༌། །འཕྲུལ་པའི་དཀྱིལ་འཁོར་བསྟན་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །སྡིག་པ་ཐམས་ཅད་ལས་གྲོལ་ཞིང༌། །བསོད་ནམས་དངོས་གྲུབ་འགྲུབ་པ་ཡི། །རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག །མཐོང་དགའ་མཐོང་བ་གྲོལ་བྱེད་པ། །ལམ་མཆོག་གསང་བ་ཆེན་པོའི་ཚོགས། །བདག་ཉིད་ཆེན་པོས་བསྟན་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །དཀྱིལ་འཁོར་གང་ཡང་རུང་བའི་བདག །སྣ་ཚོགས་རྟ་མཆོག་རོལ་པའི་སྐུ། །འཇིགས་པའི་ཆ་ལུགས་མཚོན་ཆ་འབར། །མ་ལས་ཀུན་ལ་བཀའ་བསྒོ་ཞིང༌། །མིག་གི་རྫི་མ་འདེན་


DTG027_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཡིས། །འབར་བའི་ལྟ་བས་གར་བྱས་ནས། །རབ་ཏུ་མྱུར་བར་གཡོ་མཛད་ཅིང༌། །དགུག་གཞུག་སྤྲོས་པས་རོལ་པའི་ཚོགས། །མ་ཏ་ཨ་ཡི་འཕྲོ་འདུ་ཡིས། །རྡོ་རྗེ་མེ་འོད་རླུང་སོགས་ཀྱིས། །བཤིགས་གཏོར་ར་བ་ས་གཞིར་བཅས། །བསྐོར་ཞིང་བསྐོར་བའི་རྣམ་པར་གནས། །རྡོ་རྗེ་ཁ་ཊྭཱཾ་དྲིལ་འཁྲོལ་ཞིང༌། །སུམྦྷ་ནི་ཡི་སྔགས་བརྗོད་དེ། །ཁྲོ་ཚོགས་རང་གི་གཟུགས་འཛིན་ཅིང༌། །མཚོན་ཆ་འབར་བ་རྣམས་སྤྲོས་པའོ། །ཧཱུཾ་ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང༌། །དྲི་ཟ་སྲིན་པོ་ཤ་ཟའི་ཚོགས། །གཤིན་རྗེ་མ་མོ་མཁའ་འགྲོའི་ཚོགས། །གནོད་སྦྱིན་དྲག་པོ་མ་ལུས་རྣམས། །གང་དག་ས་གཞི་འདིར་གནས་པ། །སྲུང་བྱེད་པ་ཡི་བདག་པོའི་བཀའ། །ཐོས་པ་ཙམ་གྱི་ས་མར་དུ་དེངས། །ང་ཡི་བཀའ་ལ་འདའ་མ་བྱེད། །གང་ཞིག་གནས་པའི་མཐུ་བོ་ཆེ། །རྡོ་རྗེ་དྲིལ་བུ་ཁ་ཊྭཱཾ་གས། །ཐལ་བའི་ཚོགས་བཞིན་བཤིགས་བར་བྱེད། །རབ་འབར་ཁྲོ་པོའི་གནས་འཇོམས་པའི། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །གང་དང་གང་གིས་བདག་ཚིག་བཅག །འདོད་གསུམ་སྐྱེས་རྣམས་དགས་བྱས་ཏེ། །འཇིག་པར་འགྱུར་ཕྱིར་གཞན་འདིས་མེད། །ས་ལ་ཡོངས་སུ་བསྐོར་བྱས་ཏེ། །བགེགས་མེད་བྱ་ཕྱིར་ཕུར་པས་གདབ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། གསུམ་བརྗོད་དབང་ལྡན་མཚམས་དག་ནས། །ཐུགས་ནོན་སྔགས་བཅས་ལན་གསུམ་བསྐོར། །རྐང་པ་བསྐྱོད་ནས་ལག་པ་བསྐྱོད། །ཅུང་ཟད་ངོ་མཚར་ཟུར་མིག་ཚུལ། །རབ་དགའ་འབྲང་བས་སྨིན་མ་འདེགས། །གཡས་འདྲེན་གཡོན་འདྲེན་མིག་གི་གར། །བརླ་རྒྱས་ནུ་མ་འགྱིང་བ་དང༌། །ཁ་ཡི་པདྨ་འཛུམ་བཅས་པ། །དཀར་དམར་མཆེ་བ་གཉེར་བ་དང༌། །སོ་ཡི་ཕྲེང་ཟླུམ་ལྗགས་བསྒྱུར་ཞིང༌། །རྟ་མཆོག་རོལ་པའི་གར་ཐབས་ཀྱིས། །ཁམས་གསུམ་འདུལ་བ་རྨད་དུ་བྱུང༌། །དེ་ལ་སོགས་པ་མཐའ་ཡས་མཆོག །གར་སོགས་རྣམ་འཕྲུལ་བསམ་ཡས་ཀྱིས། །དྲག་པོའི་ཚོགས་འཇོམས་གནས་སྦྱོར་ཞིང༌། །རང་གི་ལས་གནས་བསྲུང་བར་བྱ། །བ་ཡི་རྣམ་ལྔ་དྲི་བསྲེས་བའི། །


DTG027_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩི་རྫས་སོགས་ཀྱིས་བྱུགས་ནས། །ལྷ་གནས་དྲི་ཡི་ཐིག་ལེ་ལ། །མེ་ཏོག་སྔགས་དང་བཅས་པ་དགྲམ། །མཆོད་པའི་རྣམ་གྲངས་ལེགས་བཀོད་ནས། །སྲུང་བའི་འཁོར་ལོ་བསམ་པར་བྱ། །གཞི་རྟེན་སྦྱོར་བའི་ཏིང་འཛིན་གྱིས། །རིགས་ཀྱི་དཀྱིལ་འཁོར་གང་རུང་བསྒོམ། །ཡེ་ཤེས་དཀྱིལ་འཁོར་ལ་དམིགས་ཤིང༌། །མདུན་གྱི་དཀྱིལ་འཁོར་མཉེས་པར་བྱ། །སོ་སོའི་བསྟོད་པ་སྒྲ་སྙན་ཚུལ། །རིགས་དྲུག་དཀྱིལ་འཁོར་སོ་སོའི་དབྱངས། །པུས་མོ་ས་ལ་བཙུགས་བྱས་ནས། །གཡས་པས་སྤོས་སྣོད་བཏེག་བྱས་ཏེ། །དཀྱིལ་འཁོར་རྫོགས་པའི་ལྷ་རྣམས་ལ། །ཚིག་འདིས་གསོལ་བ་གདབ་པར་བྱ། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་དོན་མཛད་པའི། །རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས། །སྟོབས་མཆོག་རྒྱ་ཆེན་རྣམས་ལ་བསྟོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །རིགས་བདག་ཆེ་གེའི་དཀྱིལ་འཁོར་ནི། །མགོན་གྱུར་ལས་རྣམས་འགྲུབ་པའི་ཕྱིར། །རྡོ་རྗེ་གསང་བ་བདག་གིས་བྲིས། །བརྩེབས་སློབ་མ་རྣམ་ཕྱིར་དང༌། །བདག་ཉིད་རྣམས་ལ་མཆོད་པའི་ཕྱིར། །བཅོམ་ལྡན་ཁྱོད་ལ་བདག་གུས་ཏ། །དགྱེས་མཛད་འོངས་པར་གྱུར་པ་ལས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བྱ་བ་ཆེན་པོའི་འཁོར་ལོའི་ཕྱིར། །འབྲས་གནས་བྱང་ཆུབ་སེམས་སོགས་དང༌། །གསང་སྔགས་གསང་བའི་ལྷ་ཉིད་དང༌། །འབྱུང་སོགས་འཇིག་རྟེན་སྐྱོང་བ་དང༌། །རྫོགས་སངས་རྒྱས་ཀྱི་རྗེས་དགའ་བ། །བསྟན་ལ་གནས་པའི་འགྲོ་བ་དག །གང་དག་རྡོ་རྗེའི་སྤྱན་ལྡན་པ། །ཆེ་གེ་མོ་ཡི་དཀྱིལ་འཁོར་གཙོ། །དོན་གྲུབ་གསང་བ་བདག་གིས་བརྩམ། །རྗེས་སུ་བརྩེ་བས་ཉེར་དགོང་ས་ཏེ། །གནང་བར་མཛད་པའི་འོ་ས་ལགས་སོ། །ལན་གསུམ་གསོལ་བ་གདབ་བྱས་ནས། །དྲི་ཞིམ་མེ་ཏོག་ཕྲེང་བ་དང༌། །ལེགས་སྦྱར་མཆོད་པས་མཉེས་པ་དག །དབང་པོར་བརྟན་པར་བཞུགས་སུ་གསོལ། །བུ་ཁྱོད་ཚུལ་ལྡན་སྣོད་ཡིན་པས། །ཐེག་ཆེན་གསང་བའི་གཞུང་འདི་ཉོན། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་སངས་རྒྱས་རྫོགས་འདས་རྣམས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །


DTG027_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོ་ལ་ཕན་ཕྱིར་གནས་བཞུགས་པ། །དེ་ཀུན་གསང་སྔགས་ཟབ་མོ་ཡི། །ཆོ་ག་བཟང་པོའི་དི་རྟོགས་ནས། །སྐྱེ་མཆོག་རང་གི་གནས་ཉིད་དུ། །ཐམས་ཅད་མཁྱེན་པ་མཚན་མེད་པས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །བཅོམ་ལྡན་ཆེ་གེའི་དཀྱིལ་འཁོར་གྱིས། །བདུད་ཚོགས་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་མཐའ་དག་རྣམ་བཅོམ་པས། །དེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་སྐྱབས་སུ་འགྲོ་བར་གྱིས། །རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། །རིགས་ཀྱི་དཀྱིལ་འཁོར་སོ་སོ་ཡི། །འཁོར་ལོར་བཞུགས་པའི་བདག་ཉིད་རྣམས། །ཀུན་ལ་སྐྱབས་སུ་འགྲོ་བར་གྱིས། །དཔའ་བོ་དཔའ་མོ་འཁོར་བཅས་དང༌། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་གྱིས། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀྱིལ་འཁོར་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་སྙིང་པོ་བྱང་ཆུབ་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །སློབ་མ་སྦྱོར་དང་དངོས་གཞི་ཡིས། །དབང་པོ་ཡན་ལག་རྣམ་བཀོད་དེ། །བསོད་ནམས་ཚོགས་མཆོག་རྒྱ་ཆེན་པོ། །ཡན་ལག་བཅུ་བཞིས་དག་པར་བྱ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་གཟུང་བར་བྱ། །བདག་གི་སྡིག་པ་བགྱིས་པ་དང༌། །བགྱིད་ལ་རྗེས་སུ་ཡི་རང་བ། །མགོན་པོའི་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །རྒྱལ་བ་སྲས་བཅས་ཚོགས་རྣམས་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་བཟླས་ལ་སོགས་བསོད་ནམས་ལ། །དང་བས་རབ་ཏུ་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བགྱིད་ཅིང༌། །ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། །བདག་ནི་གུས་པར་སྐྱབས་སུ་འཆི། །སངས་རྒྱས་རྣམས་འབྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །ཐུགས་མཆོག་བྱང་ཆུབ་རྒྱ་ཆེན་པོ། །འགྲོ་བ་རྒྱ་ཆེན་དོན་ལ་དམིགས། །མགོན་རྣམས་བདག་ལ་དགོངས་སུ་


DTG027_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསོལ། །མ་ལུས་ཕྱོགས་བཞུགས་དཀྱིལ་འཁོར་རྣམས། །དུས་འདི་ཉིད་ནས་སངས་རྒྱས་བར། །བླ་མེད་རྒྱ་ཆེ་དང་བས་གཟིགས། །ཇི་ལྟར་དུས་གསུམ་བདེ་གཤེགས་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དིང་ནས་བརྩམས་ཏེ་བཟུང་ནས་ནི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བས། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་བརྒལ་བ་རྣམས་བདག་གིས་བསྒྲལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །ཐམས་ཅད་མྱ་ངན་འདས་ལ་དགོད། །དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་སངས་རྒྱས་མྱུར་གྲུབ་ནས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་དགོད་པར་བགྱི། །གནས་གསུམ་མཚན་མའི་ཡི་གེར་བཅས། །རྡོ་རྗེ་སྔགས་བཅས་དྲི་ཡིས་བྱུགས། །མགོ་བོར་མེ་ཏོག་མདུན་དུ་སྤོས། །མར་མེ་དྲིས་བྱུག་སྙིང་ག་རུ། །ཨུ་དུ་མྦཱ་ར་ལ་སོགས་ཤིང༌། །དྲང་པོ་གས་མེད་འབུ་རྗེས་བྲལ། །སོར་ཚད་བཅུ་གཉིས་དྲི་ཡིས་བྱུགས། །རྩེ་མོ་མེ་ཏོག་བཅས་པ་ལ། །རིགས་སྔགས་མང་དུ་བཟླས་བྱས་ཏེ། །བདེན་པ་བདར་ནས་བྱིན་པ་དང༌། །མེ་ཏོག་ལ་སོགས་བྱིན་བྱས་ལ། །བྱ་བའི་བྱེ་བྲག་རིམ་བཞིན་བསྟན། །


DTG027_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤར་ཕྱོགས་ཁ་བལྟས་མི་སྨྲ་བར། །བཅའ་ཞིང་སོ་རྩིའི་སྐྱོན་བསལ་ནས། །ལྕི་བས་ས་གཞི་བ་ཀོ་ཙམ། །རྣམ་ལྔས་མཎྜལ་བྱས་པ་རུ། །ཕན་ཚུན་དག་ཏུ་མི་བལྟ་ཞིང༌། །དྲང་པོའི་མདུན་དུ་ཚེམས་ཤིང་དོར། །དེ་ཚེ་མཚན་མའི་བྱེ་བྲག་ནི། །རྩོ་མོ་བདག་ལ་བསྟན་པ་དང༌། །རྩེ་མོ་གྱེན་དུ་ཕྱོགས་གྱུར་ན། །མཆོག་གི་དངོས་གྲུབ་མཚན་མ་ཡིན། །གཞན་དུ་ཁ་བསྟན་དངོས་གྲུབ་འབྲིང༌། །མཚམས་དང་བྱང་དུ་བལྟས་པ་ན། །འཇིག་རྟེན་པ་ཡི་ལས་འགྲུབ་འགྱུར། །རྩེ་མོ་ཐུར་དུ་བསྟན་པས་ནི། །ས་འོག་དངོས་གྲུབ་ངེས་པར་འགྱུར། །ཕྱོགས་བཞིའི་རྩེ་མོ་བྱེ་བྲག་གིས། །ལས་བཞིའི་མཚན་མ་ཤེས་བར་བྱ། །དྲི་ཆབ་བྱིན་བརླབས་སྔགས་ལྡན་པའི། །འཐོར་འཐུང་ཁྱོར་གསུམ་ཁ་བཤལ་བྱ། །ཨོཾ་ཧྲི་བི་ཤུདྡྷ་སརྦ་དྷ་རྨཱ་པཱ་པ་ནི་ཙཱ་ཤྱ་བི་ཤྭ་དྷ་ཡ། །སརྦ་བི་ཀལ་པ་ཨ་པ་ནཱ་ཡ་ཧཱུཾ། །ཡི་གེ་སྔགས་ཀྱིས་བྱིན་བརླབས་པའི། །ཀུ་ཤ་སྔགས་དང་སྟན་དུ་སྦྱིན། །ཧཱུཾ་ཨཱཿ་ཨོཾ་ཨ་ཧི་ཨ། ཧྲིཿཨ་ཏྲཱཾ། ཨ་ཧཾ་ཨ། སརྦ་རུཏ་ཏེ་ཀུ་རུ་ཀུ་རུ་སྭཱ་ཧཱ། །རང་སྔགས་ཡི་གེ་གསུམ་བཟླས་པའི། །སྲུང་སྐུད་མདུད་པ་གསུམ་ལྡན་པ། །སྐུ་ཤ་གསུམ་འགྱུར་སྦོམ་ཕྲའི་ཚད། །དཔུང་པར་བསྲུང་བའི་དོན་ཕྱིར་བཅིང༌། །ཀུན་མཁྱེན་འཇིག་རྟེན་ཁམས་འབྱུང་བ། །ཨུ་དུ་ལྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་དཔག་མེད་དོན། །མྱ་ངན་མི་འདའ་བྱེད་ནུས་པའོ། །བསྐལ་པ་བྱེ་བ་གྲངས་མེད་དུ། །གང་གིས་སྡིག་པ་སྤྱོད་བྱས་པའང༌། །དཀྱིལ་འཁོར་འདི་འདྲ་མཐོང་བས་ནི། །དེ་དག་ཐམས་ཅད་ཟད་པར་འགྱུར། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །མཉམ་པར་གྱུར་པ་གཞན་གང་ཡོད། །ཚེ་འདི་ཉིད་ལ་སྔགས་བཟླས་པས། །བླ་མེད་གནས་སུ་འགྲོ་འགྱུར་ཏེ། །སྡུག་བསྔལ་ཀུན་འབྱུང་ཉམ་ཐག་པའི། །ངན་འགྲོའི་གནས་ངན་སྡོང་བར་འགྱུར། །དེས་ན་སྤྱོད་མཆོག་ལས་འདི་ལ། །བློ་གྲོས་ཤིན་ཏུ་བརྟན་པས་ན། །དེ་རིང་ཁྱོད་ནི་རྙེད་པ་མཆོག །བདག་ཉིད་ཆེན་པོ་ཐོབ་པར་འགྱུར། །གང་གི་རྒྱལ་བ་ཐམས་ཅད་ནི། །སྲས་བཅས་རྣམས་ཀྱིས་བསྟན་པ་ནི། །བློ་མཆོག་ལྡན་པས་ཡོངས་བཟུང་སྟེ། །གནས་ནི་བདག་


DTG027_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཆེན་པོ་ལ། །ཐེག་ཆེན་གསང་བའི་གནས་དག་ཏུ། །དེ་རིང་འགྲོ་བར་འགྱུར་བ་ཡིན། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཐེག་ཆེན་གསང་བ་ཆར་འབྱུང་བ། །ཁྱོད་ནི་འགྲོ་བར་གྱུར་པས་ན། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །སྟ་གོན་གནས་མཆོག་དེ་ཉིད་དུ། །མཆོག་དབུལ་གཏོར་མ་བཏང་བྱས་ཏེ། །ཀུ་ཤའི་སྔགས་སྟན་ལེགས་པ་ལ། །མི་སྨྲ་དགེ་བའི་སེམས་བཅས་གྱིས། །སེང་གེའི་ཉལ་སྟབས་ལེགས་པ་ཡིས། །རྨི་ལམ་མཚན་མ་བརྟག་བར་བྱ། །སློབ་དཔོན་ནང་དུ་བཞུགས་མཉམ་གཞག །དཀྱིལ་འཁོར་མཆོད་ཅིང་བསྟོད་པར་བྱ། །དེ་ལྟར་མཚན་མ་བཟང་མཐོང་ན། །ཡི་རང་དངོས་གྲུབ་རབ་འབྲིང་བསྟན། །ངན་བའི་ལྟས་དག་སྦྱིན་སྲེག་དང༌། །གཏོར་མ་སྔགས་དང་ཕྱག་རྒྱས་བཟློག །བ་ཡི་རྣམ་ལྔ་དྲི་བསྲེས་ཆུ། །སྔགས་ཀྱིས་སྦྱངས་པས་དག་པར་བྱ། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ཨོཾ་དྷརྨཱ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གསེར་དངུལ་ཟངས་ལྕགས་ལ་སོགས་པའི། །རིན་ཆེན་རྒྱན་ལས་བྱུང་བ་འམ། །འབྱོར་མེད་ས་ལས་བྱས་པ་རུ། །བུམ་པ་མགྲིན་རིང་ལྟོ་བ་ཟླུམ། །ནག་པོ་དྲི་བྲལ་ཁ་གྱེད་ཅན། །དྲི་ཞིམ་ཚོན་དཀར་གྱིས་བྱུགས་ཤིང༌། །པདྨའི་ལྟེ་བས་མཚན་པས་རྒྱན། གྲངས་བཞིན་ཚོགས་པས་ལེགས་གནས་ལ། །རིགས་ཀྱི་ཆོ་གས་བྱིན་བརླབ་ཅིང༌། །ཆ་རིགས་ཉི་ཤུ་རྩ་བདུན་བསག །བུམ་པ་ལྷ་ཡི་གནས་ཡིན་ཏེ། །ཁ་རྒྱན་མགུལ་ཆིངས་རྟ་བབས་བརྒྱན། །གཟུངས་ཐག་ཐུགས་རྗེ་ཆེན་པོའི་རྟགས། །སྨན་ལྔ་ཐུགས་རྗེ་བྱང་ཆུབ་སེམས། །འབྲུ་རྣམས་ལྷ་ཡི་རང་བཞིན་ཡིན། །རིན་ཆེན་རྣམ་ལྔ་སྐུ་ཡི་འོད། །སྙིང་པོ་ཡེ་ཤེས་ཐུགས་ཀྱི་དབྱིངས། །སྤོས་སོགས་ཚུལ་ཁྲིམས་ཡོན་ཏན་རྒྱལ། །རང་གི་གནས་སུ་དགྲམ་བྱས་ནས། །རིགས་ཀྱི་དཀྱིལ་འཁོར་དགུག་གཞུག་རྣམས། །དམ་ཚིག་ལྷ་དང་གཉིས་མེད་པར། །མཆོད་བསྟོད་བཟླས་པས་མཉེས་བྱས་ཏེ། །བརྒྱ་སྟོང་བརྒྱ་ལྷག་གྲངས་ཚད་ནས། །སྔགས་ཀྱི་ཆུ་དང་གཉིས་མེད་གྱུར། །རས་གཙང་མེ་ཏོག་བཅལ་བཀྲམ་ཞིང༌། །ཤིང་བཟང་ལོ་མ་འབྲས་བུར་བཅས། །རྡོ་རྗེ་གཟུངས་སྐུད་ཕྲེང་བས་མཚན། །བགེགས་བསྐྲད་བདུག་མཆོག་བསྲུང་བར་བྱ། །དཀྱིལ་འཁོར་བསྒྲུབས་པའི་རྗེས་


DTG027_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོགས་ལ། །རྟེན་རྣམས་ལྷ་ཡི་རིམ་པས་དགྲམ། །བསྐྲད་བསྲུང་སྤྱང་ཞིང་ཚེ་བཟུང་བ། །བྱང་ནས་གཡོན་སྐོར་སྒོ་བཞིར་གཞག །མཆོད་དང་ཁྲུས་ཀྱི་ལས་དག་ཀུན། །ཕྱི་མཚམས་ཁྱམས་ཀྱི་གནས་དག་ཏུ། །ལས་ཀུན་པ་ནི་ཀུན་ལྡན་པ། །རྣམ་རྒྱལ་རང་གི་གནས་མཆོག་མཛེས། །སློབ་དཔོན་མཚན་ཉིད་ཀུན་ལྡན་ཞིང༌། །ཡང་དག་ཡེ་ཤེས་དེ་ཉིད་ཤེས། །རང་གི་ལྷ་ཡི་སྦྱོར་ལྡན་པས། །ཤེས་རབ་མཚན་ལྡན་བཅུ་གཉིས་བརྒྱན། །ཐིག་སྐུད་སར་པ་ཚད་ལྡན་པས། །སྔགས་བཅས་ལྷ་མོས་བཀལ་བྱས་པའི། །རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྤོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །རིན་ཆེན་ཐོད་པའི་སྣོད་གཞག་ལ། །རིགས་ཀྱི་ཡི་གེའི་སྔགས་ཀྱིས་བསྐྱེད། །སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། མིག་གི་བལྟ་བས་བཀུག་བྱས་བའི། །སངས་རྒྱས་རིགས་རྣམས་གཞུག་པར་བྱ། །ཉི་ཟླ་འབར་བའི་ལྕགས་ཀྱུ་ཡིས། །གཉིས་མེད་གཅིག་ཏུ་གནས་པ་དག །མཆོད་དབུལ་བསྟོད་པས་མཉེས་བྱས་ནས། །གཙོ་བའི་སྔགས་བརྗོད་བསྒྲིལ་བར་བྱ། །ཨོཾ་དིབྟ་དྲིཥྚི་ཨཾ་ཀུ་ཤ་ཛཿཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། སྒྲུབ་པའི་གྲོགས་མཆོག་ནུས་གནས་པས། །དེ་ཉིད་གསུམ་གྱིས་གསང་སྔགས་བཟླ། །ཛཿགྡགྶ་གཙོ་བོའི་ཐུགས་ཀ་ནས། །རང་གི་སྨིན་མཚམས་དྲང་པོར་འདྲེན། །སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་གི་སྒྲ་ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང༌། །འགྲོ་བའི་དོན་ལ་བསྐུལ་བར་མཛད། །ཨོཾ་ཨནྱོ་ནྱ་ཨ་ནུ་གཏ་སརྦ་དྷརྨཱ། སྥ་ར་སྥ་ར་ཨ་ནུ་གཏ་སརྦ་དྷརྨཱ། ཨ་ཏྱནྟ་ཨ་ནུ་པྲ་བི་ཥྠ་སརྦ་དྷརྨཱ་ཧཱུཾ། གྲོགས་མཆོག་རྡོ་རྗེ་ཕྱག་རྒྱ་ཡིས། །ཛ་གསུམ་ལྟེ་བའི་གནས་སུ་འདྲེན། །རྡོ་རྗེ་ཁུ་ཚུར་སར་གཞག་ཅིང༌། །དག་པོའི་ཐིག་སྐུད་གདབ་པར་བྱ། །ཤར་ནུབ་ལྷོ་བྱང་ཐིག་བཞི་ཡིས། །ལོགས་དང་མཆམས་སུ་གདབ་པར་བྱ། །དང་པོ་ཆ་ཆེན་བཅུ་དྲུག་ལས། །ཁྱམས་ཀྱི་སྣམ་བུ་མ་གཏོགས་པ། །ཆ་བྲན་བཞི་བཞིར་དགོད་བྱས་ལ། །ཕྱི་ནས་བཅུ་དྲུག་རྟ་བབས་སྒོ། །རྩིག་པ་རྒྱན་བཅས་གཡོན་པ་ནས། །ར་བ་དུར་ཁྲོད་ཅི་རིགས་བརྟག །དབུ་མ་རང་གི་རིགས་འཁོར་ལོ། །དཀྱིལ་འཁོར་སོ་སོའི་ཆ་བཞིན་བགོ །ཐིག་གདབ་ཆོ་ག་རྫོགས་བྱས་ནས། །ཡེ་ཤེས་སྐུད་པ་མཆོད་བསྟོད་ཅིང༌། །ཕྱག་རྒྱའི་ཏིང་འཛིན་


DTG027_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསང་སྔགས་ཀྱིས། །རང་གི་གནས་སུ་གཤེགས་སུ་གསོལ། །རིགས་ཀྱི་ང་རྒྱལ་སྦྱོར་ལྡན་པས། །མིག་གཉིས་ཉི་ཟླའི་ལྟ་བ་ཡིས། །ཧྲཱི་བཅས་སྒོ་དང་ཆ་རྣམས་དབྱེ། །ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཨོཾ་ཐམས་ཅད་རྣམ་འཕྲུལ་རང་བཞིན་མཆོག །དངོས་མེད་ཞི་བའི་འོད་ལྡན་གསལ། །རྡོ་རྗེ་འཛིན་པའི་གཏེར་ཆེན་འབྱིན། །དཀྱིལ་འཁོར་དག་པར་བྱིན་གྱིས་བརླབས། །མཉམ་པའི་སྔགས་བློ་རྣམས་གསལ་བས། །ཉེས་པའི་ཟུག་རྡུ་དག་པར་འགྱུར། །དཀྱིལ་འཁོར་ཐིག་གདབ་ཤེས་རབ་ཅན། །ཕྱོགས་ཀུན་མཉམ་པ་ཉིད་འགྲུབ་ཅིང༌། །ཤར་ནུབ་བྱང་གི་ཕྱོགས་རྣམས་སུ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཞིག་ནུས། །རང་གི་ལྷ་ཡི་རང་བཞིན་གྱིས། །དཀྱིལ་འཁོར་བརྟག་པར་འགྲུབ་པར་འགྱུར། །བདག་ཉིད་རང་གི་ལྷར་སྦྱོར་བས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཆོ་ག་ལྷག་གམ་མ་ཚང་ནའང༌། །ཉེས་པ་མེད་དེ་འགྲུབ་པར་འགྱུར། །གྲུ་བཞི་པ་ལ་སྒོ་བཞི་པ། །ཚད་ལྡན་རྣམ་པར་ཕྱེད་པ་ལ། །རྣམ་འཁོར་ཕྲེང་བའི་ར་བས་མཛེས། །རྟ་བབས་བརྒྱད་ཀྱིས་རྣམ་སྤྲས་ཤིང༌། །བར་ཁྱམས་ཆ་ཆེན་གཅིག་གི་ཚད། །ཀ་བ་མཆོག་བརྒྱད་གདུང་རྣམས་ལ། །སོ་སོའི་མཚན་མའི་ཕྲེང་བས་བརྒྱན། །རིན་ཆེན་རྡོར་སོགས་ཏོག་གེར་བཅས། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཀུན་དུ་སྣ་ཚོགས་འཁོར་ལོ་ཅན། །ཀུན་དུ་སྣ་ཚོགས་གྲུབ་པའི་ཕྱིར། །དཀྱིལ་འཁོར་ཀུན་དུ་སྣ་ཚོགས་པའོ། །དཀྱིལ་འཁོར་ཟླུམ་པོ་སངས་རྒྱས་ཀྱི། །རྡོ་རྗེ་ཅན་གྱི་ཟླ་གམ་བཞིན། །པདྨ་དབང་གི་པདྨོའི་དབྱིབས། །རིན་ཆེན་མཆོག་གི་རིན་ཆེན་དབྱིབས། །ཇི་ལྟར་འདོད་པ་ཅི་འབྱོར་པ། །ཇི་ལྟའི་དུས་དང་ཅི་བདེ་བར། །དཀྱིལ་འཁོར་ཀུན་དུ་གནས་པ་དཔལ། །རྟ་མཆོག་ཕྱག་རྒྱ་རྡོ་རྗེའོ། །རིན་ཆེན་ལྔ་སོགས་ཕྱེ་མ་རྣམས། །སྣོད་མཛེས་ལེགས་པར་བླུགས་བྱས་ཏེ། །ཆོ་ག་གསུམ་གྱིས་རིགས་ཀྱི་ལྷ། །སྤྱན་མིག་འབར་བས་དགུག་བྱས་ཏེ། །རིགས་ཀྱི་དཀྱིལ་འཁོར་གཉིས་མེད་གཞུག །མཆོད་བསྟོད་རང་གི་གནས་ནས་དབྱེ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། དཀར་པོ་མཐིང་ག་དམར་སེར་ལྗང༌། །རིགས་དྲུག་སོ་སོའི་དབྱེ་བ་ཡིས། །པཉྩ་རང་གི་གོ་རིམས་བཞིན། །བྱང་ཤར་མཚམས་ནས་བརྩམས་ནས་ནི། །


DTG027_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧཱུཾ་བརྗོད་རྡོར་འཛིན་གཡོན་གྱིས་བྲིས། །རེ་ཁཱ་མ་ཡོ་མ་འདྲེས་པར། །མཆོད་དབུལ་ཐོད་པས་བཀབ་ནས་ནི། །བདེན་པ་བརྗོད་ཅིང་བལྟ་བར་བྱ། །འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ན་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་ཆེ་གེ་མོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཐིག་ནི་ཕྱི་ནས་བཏབ་པ་ལ། །ཚོན་རྩི་ནང་ནས་དགྱེ་བར་བྱ། །དང་པོ་སློབ་དཔོན་གྱིས་བྲི་ཞིང༌། །ཕྱི་ནས་ཅི་བདེར་ ཤེས་པས་བྲི། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །ཚོན་གྱི next hit་ལས་ནི་ཡང་དག་བརྩམ། །རྩེ་གཅིག་ལས་སུ་རུང་བྱས་ཏེ། །མཐོ་ཞིང་དྲང་བའི་རྒྱན་བཅས་པའོ། །རེ་ཁཱ་དམའ་བས་མི་འགྲུབ་ཅིང༌། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆི་འམ་ན་བར་འགྱུར་བ་ཡིན། །ལྷག་ཆད་ལས་ནི་ནད་འབྱུང་ཞིང༌། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །པདྨ་སོ་སོའི་གདན་དག་ལ། །རིགས་ཀྱི་མཚན་མས་བརྒྱན་པ་དང༌། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །རང་འབྱུང་རྣམས་ཀྱི་མཚན་མའི་རྒྱ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །ལྷ་མོ་རྣམས་ཀྱི་བདེ་བའི་མཆོག་གཞུ་དང་མདའ་དང་དེ་བཞིན་ཏེ། །སྐལ་བཟང་དེ་བཞིན་སྐལ་བ་བཟང༌། །ཐོད་པ་དང་ནི་ཁ་ཊྭཱཾ་ག །རྡོ་རྗེ་རྒྱ་གྲམ་དེ་བཞིན་ནོ། །པདྨ་རྒྱ་གྲམ་དཔག་མེད་ཚེའི། །སངས་རྒྱས་ཀུན་གྱི་ཚེ་སྒྲུབ་པ། །ལྷ་མོའི་ཚོགས་རྣམས་ཐམས་ཅད་ཀྱི། །མཚན་མའི་ཕྱག་རྒྱའི་ཚོགས་བསྒྲུབས་ནས། །མདའ་དང་དེ་བཞིན་ཚངས་པའི་མགོ །དེ་བཞིན་འཁོར་ལོའི་ཕྱག་རྒྱ་དང༌། །རྡོ་རྗེ་དྲིལ་བུ་ཕྱག་རྒྱའི་མཆོག །དཔག་བསམ་ཤིང་གི་ལྕུག་མ་དང༌། །པདྨོ་རྟ་མགྲིན་འཕང་མཐོ་བ། །རྟ་མགྲིན་ལྗང་གུ་དེ་བཞིན་ནོ། །ཕག་གི་མཆེ་བ་གྲུབ་པ་དང༌། །ཟླ་བ་ཉི་མ་དེ་བཞིན་ཏེ། །རིན་ཆེན་སྣ་ཚོགས་སྣོད་ཆེན་དུ། །སངས་རྒྱས་ཀུན་གྱི་ར་ས་ཡན། །ཐམས་ཅད་བདག་ཉིད་མྱོང་སྐལ་བཟང༌། །མཚན་མའི་ཕྱག་རྒྱའི་ཚོགས་གཞན་ནོ། །གླིང་བུ་དང་ནི་པི་ཝང་དང༌། །ཀུ་མུ་ཏ་དང་མུཉྩ་ར། །མེ་ཏོག་བདུག་པ་མར་མེ་དང༌། །སྣ་ཚོགས་དྲི་རྣམས་དེ་བཞིན་ནོ། །རིམ་བཞིན་སྙིང་པོ་སྔགས་བཅས་པས། །རང་རང་


DTG027_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་མ་སྔགས་བཅས་དགོད། །མཚམས་བཞིར་བུམ་པ་གང་བ་བཞི། །བདུད་རྩི་ལྔ་ཡི་ཐོད་པར་བཅས། །རྒྱན་བཅས་མཆོད་པ་མ་ལུས་པ། །ཕྱོགས་མཚམས་སྟེང་འོག་གནས་སུ་དགོད། །ཆོས་གོས་དང་ནི་ལྷུང་བཟེད་དང༌། །དེ་བཞིན་དུ་ནི་འཁར་གསིལ་དང༌། །དམ་པའི་ཆོས་ཀྱི་གླེགས་བམ་དག །མཚན་མའི་ཕྱག་རྒྱའི་ཚོགས་བཞིན་ནོ། །དེ་བཞིན་ལྕེ་ཡི་ཕྱག་རྒྱ་དང༌། །ཆ་ལང་དང་ནི་རྔ་ཡབ་དང༌། །རྡོ་རྗེ་དང་ནི་རིན་ཆེན་སྒྲོན། །མཚན་མའི་ཕྱག་རྒྱའི་ཚོགས་གཞན་ནོ། །དེ་བཞིན་སངས་རྒྱས་གཟུགས་བརྙན་དང༌། །མེ་ལོང་དང་ནི་རླུང་ཡབ་དང༌། །རྡོ་རྗེ་སེར་པོ་སྤྲིན་དང་བཅས། །དེ་བཞིན་མིག་གི་ཕྱག་རྒྱའོ། །ལྷ་མོ་རྡོ་རྗེ་གླང་སོགས་ཀྱང༌། །འཁོར་ལོའི་མཚན་མས་བསྒྱུར་ཏེ་དགོད། །རྡོ་རྗེ་འབར་བ་ཁ་ཊྭཱཾ་ག །ཐོད་པ་ཁམ་ཕོར་དེ་བཞིན་ནོ། །དམར་ཆེན་པོ་དང་སྙིང་ཆེན་པོ། །ཤ་ཆེན་པོ་ཡང་དེ་བཞིན་ནོ། །རྣོན་པོ་མདའ་དང་དེ་བཞིན་འདྲེན། །ཆང་དང་ཆུ་ཡང་དེ་བཞིན་ཏེ། །ལྕུག་མ་རླུང་གིས་བསྐྱོད་པ་དང༌། །རང་དང་དེ་བཞིན་མེ་དག་དང༌། །རྡོ་རྗེ་འབར་བ་ཁ་ཊྭཱཾ་ག །གཞུ་དང་ཁ་ཊྭཱཾ་དྲིལ་བུར་བཅས། །འཁོར་ལོ་རྩེ་བརྒྱད་རྣོན་པོ་དང༌། །སྣ་ཚོགས་བ་དན་དྲིལ་བུར་བཅས། །མེ་ཏོག་མ་སོགས་ལྷ་མོ་བརྒྱད། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན། །པདྨ་སྣ་ཚོགས་དམར་པོ་དང༌། །ལྗང་གུ་དེ་བཞིན་དཀར་པོ་དང༌། །མཐིང་ཁ་སེར་པོ་ལེ་བརྒན་དག །པདྨའི་མཚན་མཆོག་རྣམ་པ་བདུན། །པདྨའི་སྙིང་པོ་བུད་མེད་བརྒྱ། །དེ་བཞིན་ཆོས་ཀྱི་འཁོར་ལོ་དང༌། །བསད་ཅིང་དཔལ་བསྐྱེད་རྡོ་རྗེ་དག །པདྨའི་མཚན་མའི་ཚོགས་གཞན་ནོ། །པདྨོ་དམར་པོ་ཏྲི་ཤཱུ་ལ། །པདྨ་སྣ་ཚོགས་འཁོར་ལོ་ཆེ། །པདྨ་སེར་པོ་ཆུ་སྲིན་རྒྱལ། །པདྨ་ལེ་བརྒན་རྡོར་རྩེ་ལྔ། །གླིང་བུ་ལ་སོགས་པདྨས་མཚན། །བཅུ་གཉིས་ལ་སོགས་དགོད་པར་བྱ། །གཞུ་དང་མདའ་དང་རལ་གྲི་དང༌། །དེ་བཞིན་དུ་ནི་འབར་བའི་མེ། །དབང་བསྐུར་གཏེར་དང་རྒྱལ་མཚན་དག །མཆོད་པའི་མཚན་མས་བསྡུ་བ་དང༌། །མདའ་དང་གཞུ་དང་རལ་གྲི་དང༌། །རྡོ་རྗེ་ཉི་མའི་འོད་ཟེར་བཅས། །རིན་ཆེན་གླིང་བུ་ལ་སོགས་རྣམས། །སོ་སོའི་གནས་སུ་དགོད་པར་བྱ། །སྣ་ཚོགས་རྒྱ་གྲམ་ལ་སོགས་བརྒྱད། །དེ་བཞིན་


DTG027_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣ་ཚོགས་པདྨ་དང༌། །རྡོ་རྗེ་རྒྱ་གྲམ་དེ་བཞིན་ཏེ། །མཚན་མའི་ཕྱག་རྒྱ་གྲུབ་པ་གཉིས། །དཀྱིལ་འཁོར་གང་གི་གནས་ཞུགས་པ། །ལྷ་མོའི་མཚན་མ་རབ་བསྟན་ཏེ། །ཁྱད་པར་ལས་ཀྱི་མཚན་མ་དང༌། །ཡི་གེའི་རིགས་ཀྱིས་བརྒྱན་པའོ། །ཁ་དོག་རིགས་ཀྱིས་རྣམ་འབྱེད་ཅིང༌། །མཚན་མའི་ཕྲེང་བས་མཛེས་བྱས་པ། །བར་ཁྱམས་ས་གཞི་དཀར་པོ་ལ། །དབུས་ནི་ཁ་དོག་ལྔ་ལྡན་པའོ། །ཤར་སྒོ་ཀར་ཏི་འོད་གསལ་ཞིང༌། །གསེར་མདོག་ལྷོ་ཡི་སྒོ་ཕྱོགས་བརྗིད། །ནུབ་སྒོ་པུ་ཤ་རཱ་གའི་མདོག །བྱང་སྒོ་ཨིན་དྲ་ནཱི་ལའོ། །རྟ་བབས་རྒྱན་བཅས་མཚན་མའི་ཚོགས། །ཉི་ཤུ་རྩ་ལྔའི་མཚན་དང་ལྡན། །པདྨ་རྡོ་རྗེ་མེ་འོད་ཀྱི། །ཁ་དོག་རང་བཞིན་རྣམ་པར་གནས། །དུར་ཁྲོད་ཕྱོགས་མདོག་ཁྱད་པར་དང༌། །ཐུན་མོང་དབྱེ་བས་རྣམ་བསྟན་པའོ། །འདོད་འབྱུང་བདུད་རྩིའི་མདོག་ཅན་ལ། །ཕྱི་ཡི་ར་བ་བཻ་ཌཱུཪྻ། །དེ་ནི་སྣ་ཚོགས་བུམ་པ་དང༌། །མཆོད་པའི་ཚོགས་མང་རབ་དགོད་ཅིང༌། །རྒྱན་སོགས་ཕྲེང་བས་མཛེས་བྱས་ལ། །སྣ་ཚོགས་མེ་ཏོག་སྔགས་བཅས་དགྲམ། །མེ་ཏོག་དཀར་དང་དམར་བ་དང༌། །མཐིང་གསེར་པོ་ཀུན་བསྡུས་པ། །མེ་ཏོག་ཕྱག་རྒྱ་མཆོག་འདི་ནི། །འདོད་པའི་ཡོན་ཏན་ལྔ་ལ་སྤྲོ། །རྒྱ་སྐྱེགས་མཐིང་ག་ལྗང་གུའི་ཚོགས། །ཚོན་སྣ་ལྔ་ཡིས་བཙོས་པ་དང༌། །དཀར་བོ་ལྔ་ཡི་ཕྱག་རྒྱ་དང༌། །སྔ་མ་བཞིན་དུ་མཉམ་པར་འགྲུབ། །ཁམས་ལས་བྱུང་བ་ཐམས་ཅད་དང༌། །སྲོག་དང་རྩ་བ་དེ་བཞིན་ཏེ། །རྣམ་པར་མཛེས་ཤིང་དྲི་ཞིམ་པ། །སྔ་མ་བཞིན་དུ་མཉམ་པར་འགྲུབ། །ཙནྡན་གཉིས་དང་གླ་རྩི་དང༌། །ག་པུར་ན་ག་ལ་ལ་ཏི། །བདུག་པ་བུ་རམ་དང་སྦྱར་བ། །ལས་རྣམས་ཐམས་ཅད་ལས་འགྲུབ་པའོ། །གར་དང་ཏྲི་དང་གུ་གུལ་དང༌། །སརྫ་ག་པུར་གླ་རྩི་དག །རྫས་འདི་དག་ལས་བཙོས་པའི་མར། །མར་མེ་བྱས་ན་སྣང་བ་བསྐྱེད། །ཙནྡན་གུར་ཀུམ་པྲི་ཀ་དང༌། །ག་པུར་དང་ནི་གླ་རྩི་དག །བཙོས་པའི་བདུག་པ་བསྒྲུབ་པ་སྟེ། །སྤོས་ཀྱི་ཕྱག་རྒྱ་སྤོས་མཆོག་འགྱུར། །ཀ་ཀོ་ལ་དང་སུག་སྨེལ་དང༌། །གླ་སྒང་ག་པུར་གླ་རྩི་དང༌། །འདི་རྣམས་ཞིབ་ཏུ་བཏགས་པ་ནི། །སེང་ལྡེང་བུ་རམ་དག་དང་སྦྱོར། །ཤིང་


DTG027_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙ་པ་ཊ་ལོ་མ་དང༌། །ན་ལེ་ཤམ་དང་ག་པུར་སྦྱར། །ཧ་ས་ཀ་རིའི་ཤིང་མངར་གྱིས། །སྤྲུས་པ་ཁ་ཡི་སྤོས་ཡིན་ནོ། །མེ་ཏོག་དམར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་སྣ་ཚོགས་པ། །འཇིག་རྟེན་དབང་ལ་ཁ་དོག་དཀར། །སེར་པོ་མཁའ་ལས་བྱུང་བ་ལ། །ཙནྡན་བདུག་པ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་དུ་རུ་ཀ །སྤྱན་རས་གཟིགས་ལ་ཀ་པི་ཏ། །ལྕེ་པོག་རྡོ་རྗེ་ཉི་མ་ལ། །མར་མེ་ཕྲེང་བ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་མར་མེ་བདུན། །སྤྱན་རས་གཟིགས་ལ་མར་མེ་བརྒྱད། །སྟོང་ནི་རྡོ་རྗེ་ཉི་མ་ལ། །སངས་རྒྱས་རྣམས་ལ་ཙནྡན་སྤོས། །རྡོ་རྗེ་ཅན་ལ་གུར་ཀུམ་ཡིན། །སྤྱན་རས་གཟིགས་ལ་ཙནྡན་དམར། །ག་པུར་རྡོ་རྗེ་ཉི་མ་ལ། །མེ་ཏོག་ཕྲེང་དང་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང༌། །སྤོས་རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་ཅན་ལ་དབུལ་དུ་རུང༌། །སྲུང་བའི་འཁོར་ལོའི་ཆོ་ག་ཡིས། །དཀྱིལ་འཁོར་རྫས་བཅས་བསྲུང་བྱས་ནས། །སྟ་གོན་ནམ་མཁར་བཏེག་པ་རྣམས། །རང་གི་གནས་སུ་མ་ནོར་དགོད། །གཞི་རྟེན་སྦྱོར་བའི་ཏིང་འཛིན་གྱིས། །དམ་ཚིག་དཀྱིལ་འཁོར་གསལ་བ་དང༌། །ཡེ་ཤེས་དཀྱིལ་འཁོར་ལ་དམིགས་ཏེ། །མདུན་གྱི་དཀྱིལ་འཁོར་གཉིས་མེད་པའི། །དཀྱིལ་འཁོར་མཉེས་པའི་ལས་རྫོགས་ན། །གཟུགས་བརྙན་དཀྱིལ་འཁོར་གསལ་བ་གདབ། །རྒྱན་བཅས་རྡོ་རྗེ་དྲིལ་ཐོགས་པས། །ཡི་གེ་བརྒྱ་པའི་སྔགས་བཅས་ཀྱིས། །བསྐང་ཞིང་སྟང་སྟབས་སྦྱོར་ལྡན་པས། །དཀྱིལ་འཁོར་ལན་གསུམ་བསྐོར་ཞིང་བསྟོད། །དཀྱིལ་འཁོར་སྒྲུབ་པ་ཤིས་བྱས་ཤིང༌། །ལས་འགྲུབ་བར་ཆད་བསལ་བའི་ཕྱིར། །གཏོར་མའི་ཆོ་ག་རྒྱ་ཆེན་པོས། །འཇིག་རྟེན་པ་ཡི་མཆོད་སྦྱིན་བྱ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་རུ། །སོ་སོའི་མཎྜལ་ལེགས་དགོད་དེ། །ཤར་དུ་ཆུ་དཀྱིལ་དཀར་པོའི་ཚུལ། །ལྟེ་བ་གྲུ་གསུམ་ཟླ་གམ་གསུམ། །གྲུ་བཞི་བར་ཁྱམས་སྒོ་དང་བཅས། །རིན་ཆེན་ཕྲེང་བའི་རྒྱན་ཚོགས་མཛེས། །གཙོ་བོའི་མདུན་དུ་ལྷ་ཆེན་པོ། །ཀཾ་ལས་བྱུང་བ་དྲག་པོ་ཡི། །མིག་གསུམ་ཏྲི་ཤཱུལ་དགྲ་སྟ་དང༌། །རལ་གྲི་ཐོད་པ་ཤ་ཁྲག་བཅས། །སྔོ་སྐྱ་ཐོད་པ་ཞགས་པས་དཀྲིས། །ཉི་ཟླ་


DTG027_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིན་ཆེན་ཕྲེང་བས་མཛེས། །དབུ་མ་ལྗང་སྐྱ་ཐོད་པ་ཐོགས། །ན་རའི་རྒྱན་བཅས་རྣམ་འཁྲིལ་གནས། །གཡས་སུ་ཚངས་པ་ཨོཾ་ལས་བྱུང༌། །གསེར་མདོག་གདོང་བཞི་ཕྲེང་བས་མཛེས། །ཁམས་གསུམ་སྐྱོབ་ཚུལ་རྣམ་འགྲུབ་མ། །མཛེས་མ་ཀུན་གཟུགས་རིན་ཆེན་འཛིན། །དབང་པོ་མིག་སྟོང་ཨ་ལས་བྱུང༌། །རྡོ་རྗེ་རྩེ་གསུམ་ཟླ་འདྲའི་མདངས། །འདོད་པའི་ལོངས་སྤྱོད་ཀུན་ལ་རོལ། །ཤ་ཙི་དཀར་མོ་རིན་ཆེན་དང༌། །གཡོན་དུ་ཧ་ལས་ཁྱབ་འཇུག་སྟེ། །ནག་པོ་དྲག་ཆེན་ཁྲོས་པའི་གཟུགས། །འཁོར་ལོ་རྩེ་གསུམ་མདའ་དང་གཞུ། །གཟུགས་ཆེན་ཆེན་མོ་པདྨའི་མདོག །འདོད་དབང་དམ་པ་ལས་བྱུང་བའི། །སེར་སྐྱ་སྣ་ཚོགས་རྒྱན་གོས་ཅན། །སྣང་བའི་མདའ་འཛིན་མོས་པའི་དཔུང༌། །དྲག་མོ་གནས་རྒྱལ་རིན་ཆེན་སྐྱེས། །ཀུན་ཀྱང་རང་རིགས་གཡོག་འཁོར་དང༌། །སྟན་དང་ལོངས་སྤྱོད་ཚོགས་བཅས་པའོ། །དབང་པོ་དཀར་སྐྱ་རྩེ་གསུམ་འཛིན། །གཤིན་རྗེ་སྔོ་ནག་ཐོད་དབྱུག་གདེངས། །ཆུ་ལྷ་དམར་སེར་ཞགས་པ་ཐོགས། །གནོད་སྦྱིན་ལྗང་གུ་ཨིནྡྲ་ནིར། །དབང་ལྡན་སེར་སྐྱ་རིན་ཆེན་མཛོད། །མེ་ལྷ་དམར་སེར་བགྲང་ཕྲེང་བུམ། །རླུང་ལྷ་དུད་ཁ་བ་དན་ཕྲེང༌། །བདེན་བྲལ་ལྗང་སྔོན་རིན་ཆེན་དབྱིག །རྒྱན་བཅས་བཞོན་པ་ཆུང་མའི་ཚོགས། །ལས་མཛད་གཡོག་འཁོར་བྲན་དང་བཅས། །སྒོ་བཞི་ཉི་མ་ཟླ་བའི་ལྷ། །ས་བདག་ས་ཡི་ལྷ་མོ་གནས། །རང་མདོག་མཚན་མ་རྒྱན་དང་བཅས། །གཡོག་འཁོར་བཞོན་པའི་གནས་ལ་འཁོད། །ལྷོ་ཕྱོགས་དཀྱིལ་འཁོར་ཟུར་གསུམ་གནག །གྲུ་གསུམ་ཟླ་གམ་ཁྱམས་དང་སྣོད། །མདུན་དུ་ལས་དག་མཁའ་འགྲོ་མ། །གཡས་སུ་རྡོ་རྗེ་རིན་ཆེན་མ། །གཡོན་དུ་པདྨ་སྣ་ཚོགས་མའི། །མཁའ་འགྲོ་ལྔ་རྣམས་འཇིགས་པའི་ཚུལ། །ཕྱོགས་བཞི་མཚམས་ཀྱི་ཁྱམས་དག་ལ། །དུར་ཁྲོད་མཁའ་འགྲོ་ཆེན་མོ་བརྒྱད། །སྒོ་བཞིའི་གནས་སྲུང་དྲག་མོའི་ཚོགས། །རུ་ལུ་རུ་ལུའི་སྒྲ་འདོན་མ། །ཀུན་ཀྱང་བྷྱོ་ལས་རྣམ་འཕྲུལ་ཞིང༌། །མདོག་ནག་གྲི་གུག་ཐོད་པ་ཐོགས། །མི་ཡེ་ཐོད་ཕྲེང་ལེགས་པས་མཚན། །


DTG027_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་ཚིག་མཚན་མ་གཡོག་འཁོར་བཅས། །ནུབ་ཀྱི་པདྨ་དམར་པོ་ལ། །ཀླུ་བརྒྱད་ཡི་གེ་ཕུ་ལས་བྱུང༌། །སྣ་ཚོགས་སྦྲུལ་མགོ་གདེངས་ཀ་ཅན། །ཕྱོགས་མདོག་རིན་ཆེན་སྙེ་མ་དང༌། །བཅས་པའི་ཐལ་མོས་ཕྱོགས་སུ་གུས། །ནོར་བུའི་རྒྱན་ཕྲེང་ཆུང་མ་དང༌། །ལོངས་སྤྱོད་གཡོག་འཁོར་བཅས་པ་ཡིས། །རང་གི་ལས་བཞིན་རྣམ་པར་སྤྱོད། །བྱང་དུ་མཎྜལ་འབྱུང་ཆེན་དབྱིབས། །སེར་པོ་བར་ཁྱམས་དྲུག་པ་ལ། །ཨ་ནྲི་སུ་ཏྲི་པྲེ་དུ་ལས། །འགྲོ་བ་དྲུག་པོ་མ་ལུས་པ། །སྒོར་བཞིར་འབྱུང་པོ་མ་ལུས་རྣམས། །གཟུགས་གཞག་རིད་པ་མི་སྡུག་དགོད། །རང་རིག་སྔགས་དང་ཕྱག་རྒྱ་ཡིས། །སྤྱང་ཞིང་བྱིན་བརླབས་སྐུ་རྫོགས་པར། །བྱས་ནས་རང་རིགས་བདག་པོས་བརྒྱན། །རང་གི་རིགས་ལས་རྣམ་པར་དག །སྒེག་མོ་དང་ནི་ན་ཆུང་དང༌། །མོས་དང་དེ་བཞིན་བདུད་རྩི་དང༌། །གཅིག་པུ་པ་དང་འདོད་ཆགས་སྲ། །གཡོན་ཅན་བྲན་མོ་དེ་བཞིན་ཏེ། །ལན་ཚ་ལ་སོགས་རོ་ཀུན་དང༌། །ཀ་ར་ལ་སོགས་བདུད་རྩི་སྦྱིན། །བདག་ཉིད་ཀུན་གྱིས་རོ་གྲུབ་པས། །མ་ལུས་ལུས་པ་མེད་པར་འགྲུབ། །ཤ་དང་ཆང་དུ་ལྡན་པ་ཡི། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །དག་པའི་ལོངས་སྤྱོད་སྐལ་མཆོག་སྟེ། །ཚེ་ཡི་དམ་ཚིག་རབ་ཏུ་གྲུབ། །ཨ་མྲ་སྨིན་དང་རྒུན་འབྲུ་དང༌། །པ་ན་ས་དང་ནི་ལི་གེར། །ཨ་རུ་ཀ་ལ་སོགས་པ་ཡི། །འབྲུ་ཡི་ཕྱག་རྒྱ་མཆོག་རྣམས་དང༌། །ཁ་ར་སྦྲང་རྩིའི་བྱུག་པ་ཡི། །ཨ་མྲ་ལ་སོགས་ཚི་གུར་བཅུག །ཧ་ས་ཀ་རི་མར་ལ་སོགས། །མཉམ་པའི་དྲི་ཡིས་བསྐུ་བར་བྱ། །སྤང་དང་རྒྱ་སྐྱེགས་ལ་སོགས་པའི། །ཚོན་གྱིས་མཐུན་པར་ཁ་བསྒྱུར་ནས། །ཤུན་པ་གྲོ་ག་ལ་སོགས་བྱས། །མཆོད་པའི་ཚེ་ན་དབུལ་བར་བྱ། །སངས་རྒྱས་རྣམས་ལ་སྤོས་དབུལ་བ། །ཤ་དང་ཆང་ནི་རྣམ་པར་སྤང༌། །གླུ་དང་སིལ་སྙན་གྲུབ་པ་དང༌། །གདུགས་དང་རྒྱལ་མཚན་བ་དན་དང༌། །ཤ་དང་ཆང་དུ་བཅས་པར་ནི། །གཏོར་མའི་མཆོད་རྟེན་སྣ་ཚོགས་པའོ། །བདག་གི་དབང་ཕྱུག་སྐལ་བཟང་པོ། །རྡོ་རྗེ་ལས་ནི་དཔལ་གྲུབ་པའོ། །བཤོས་དང་གཏོར་མ་དཀར་པོ་དང༌། །པདྨའི་མེ་ཏོག་ལྡན་པ་ནི། །


DTG027_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱན་རས་གཟིགས་དབང་གཙོ་བོ་ལ། །ཕུལ་ནས་དགོས་པ་ཐམས་ཅད་འགྲུབ། །རྒྱལ་པོ་ཁ་ཟས་སྣ་ཚོགས་པ། །ཤ་དང་ཆང་དུ་ལྡན་པ་དག །གླུ་དང་སིལ་སྙན་སྐལ་བཟང་ཀུན། །རྡོ་རྗེ་ལྟ་སྟངས་ཉི་མ་ཡི། །རྡོ་རྗེ་ཉི་མའི་འཁོར་ལ་དབུལ། །ཁ་ཟས་ཀུན་གྱི་རོ་རྣམས་དང༌། །ཤ་དང་ཤ་ཡི་མཆོག་རྣམ་དག །ཤ་ཡི་སྦྱོར་བ་ཤ་སྐམ་ཚོགས། །བཤོས་དག་རྡོ་རྗེ་རྟ་ལ་དབུལ། །ཐོད་པ་སྣོད་དུ་སྦྱར་བ་ཡི། །བཟའ་བཏུང་བཅའ་བ་སྣ་ཚོགས་རྣམས། །ཧ་ཧོཿཧྲཱི་ཡིས་བསྲེགས་སྦྱངས་བརླབས། །མགྲོན་ཚོགས་རྣམས་ལ་བསྔོ་བར་བྱ། །མཆོད་པ་རྫས་ཆེན་མ་ལུས་པ། དང་པོ་དྲི་ཡི་ཆུས་སྦྱངས་པ། །སྣ་ཚོགས་སྒྲ་སྙན་བ་དན་ཚོགས། །བཀོད་པའི་མཆོད་གཏོར་བྱིན་བརླབས་སྤེལ། །སངས་རྒྱས་རྡོ་རྗེ་སེམས་དཔའ་སོགས། །རྟ་མཆོག་གཟུགས་སུ་སྤྲུལ་བྱས་ནས། །མཆོད་པའི་ཚེ་ན་དབུལ་བར་བྱ། །མགྲོན་གྱི་ཚོགས་རྣམས་བསྡུ་བར་བྱ། །ཨོཾ་བཛྲ་ས་མ་ཡེ། ཨེ་ཨ་ར་ལི་བྷྱོ་ཨ་ཨ་ཛ་ཛ། འཁོར་བཅས་བསྡུས་པས་འོངས་པ་དང༌། །དམ་ཚིག་ཕྱག་རྒྱ་རྣམ་གསུམ་བསྟན། །ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ལ་སྟྭཾ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ཧོ་ས་མ་ཡ་ཧོ། །ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ཧོ་ས་མ་ཡ་ཕཊ། ཨི་དམ་པུཥྤེ་དྷཱུ་པེ་ཏཱི་པེ་གནྡྷེ་པཱུ་ཛ་སྥ་ར་ཎ་ཨརྒྷཾ་བ་ལིཾ་ཁཱ་ཧི། ཡཾ་ལས་བསྐྱེད་པའི་གཞུ་འདྲ་དབྱིབས། །བ་དན་གཡོ་བས་མཚན་པའི་སྟེང༌། །རཾ་བྱུང་མེ་ཡི་དཀྱིལ་འཁོར་དམར། །འབར་བ་གྲུ་གསུམ་ར་ཡིས་མཚན། །ཀཾ་བྱུང་ཐོད་པ་མཚན་ལྡན་ནང། །འོད་གསལ་ཆགས་མེད་ལ་གནས་པའི། །མི་འཆི་ལྔ་སོགས་ཕྱོགས་དང་མཚམས། །ཨ་ལས་བྱུང་བའི་ཟླ་བ་དང༌། །ཧཱུཾ་ལས་རྡོ་རྗེ་དགབ་པར་བྱ། །ཧཱུཾ་ཨོཾ་ཧྲཱིཿཧྲཱི་ཏྭཾ་ཧཾ་བཞི་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཐཱ། རིམ་བཞིན་སྔགས་དང་མཚན་མ་དང༌། །སྐུ་གྱུར་འཕྲོ་དང་འདུ་བ་ཡིས། །ཡེ་ཤེས་བདུད་རྩི་བཀུག་བྱས་ཏེ། །རྡོ་རྗེ་བཞུགས་ནས་སྣོད་བཟང་གཏམས། །ཟླ་འདྲ་འོད་ཟེར་ལྔ་བཅས་པས། །དཀྱིལ་འཁོར་ཚོགས་བཅས་མཉེས་པར་བྱ། །ཨོཾ་འཇིག་རྟེན་ཀུན་གྱི་གཙོ་མཛད་པའི། །འཇིགས་ཆེན་དྲེགས་བྱེད་སྟོབས་ལྡན་པ། །


DTG027_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་གཤེགས་སྲས་མཆོག་བྲན་མཛད་པའི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཅན། །དབང་ཕྱུག་ཆེན་མོ་ཆུང་མར་བཅས། །དེ་བཞིན་ཁྱབ་འཇུག་ཚངས་པ་དང༌། །བརྒྱ་བྱིན་འདོད་ཁམས་ཆུང་མར་བཅས། །ལྷ་ཆན་འཁོར་དང་བཅས་ཚོགས་དང༌། །ཕྱོགས་སྐྱོང་བརྒྱད་པོ་འཁོར་བཅས་དང༌། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང༌། །མཁའ་འགྲོ་དྲག་པོ་གསུམ་འཛིན་མ། །དུར་ཁྲོད་མ་མོའི་ཚོགས་བཅས་དང༌། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང༌། །མཁའ་འགྲོ་དྲུག་པོ་འཁོར་བཅས་རྣམས། །སྐུ་གསུང་ཐུགས་སོགས་སྤྱང་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱུན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་སོགས་པའི་མཁའ་འགྲོའི་ཚོགས། །མཁའ་འགྲོ་ཆེན་མོ་འཁོར་བཅས་རྣམས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིང༌། །ལས་མཛད་རྡོ་རྗེ་བྲན་མཛད་པས། །ཞི་རྒྱས་དབང་དྲག་ལས་གྲུབ་ཅིང༌། །ཐེག་ཆེན་གསང་སྔགས་བསྲུང་བ་དང༌། །ནད་དང་གདོན་སོགས་ཞི་བ་དང༌། །ཚེ་དང་བཀྲ་ཤིས་སྤེལ་བ་དང༌། །བདེ་ལེགས་འབྲས་བུ་གྲུབ་པར་མཛོད། །ཨོཾ་ཨཱཿ་ཧཱུཾ་པདྨ་བ་མུ་ཁི་ཧཱུཾ་ཧྲཱིཿ། རྟ་མགྲིན་ཕྱག་རྒྱ་རྣམ་གཉིས་ཀྱིས། །ལས་རྣམས་དངོས་གྲུབ་ཚོགས་གྱུར་ཅིག །དངོས་གྲུབ་དབང་དུ་བྱས་ནས་ནི། །རང་གི་གནས་ལ་དགོད་པར་བྱ། །ཨོཾ་ཧྲཱི་བཛྲ་ཌཱ་ཀི་ནི་མཾ་བ་ལིཾ་ཏ་པྲ་ཏཱི་ཙྪ་ཧཱུཾ་ཁཱ་ཧི། ཨོཾ་ཧ་ཧྲི་ཧ་ཁཱ་ཧི། ཐུགས་རྗེ་ཆེན་པོས་གཟིགས་ནས་ཀྱང༌། །སྣ་ཚོགས་རྒྱུད་རྣམས་སྤྲུལ་མཛད་པའི། །གར་མཁན་འཁོར་ལོའི་རྒྱུད་མངའ་བ། །དྲག་པོ་ཞི་མཛད་ཁྱོད་ལགས་སོ། །སྣ་ཚོགས་གར་གྱིས་རྣམ་པར་འཕྲུལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལ་སོགས་མཚོན་ཆས་རོལ་ལ་ཕྱག་འཚལ་ལོ། །མ་ལུས་ལྷ་ཡི་ལྷ་མཆོག་སྐྱོང་ལ་ཕྱག་འཚལ་ལོ། །དབའ་རྩལ་རྫོགས་བཅུ་ཤུགས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་ཏི་བྷུ་ཧོ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་བོའི་སུལ་དང་འབབ་ཆུའི་གླིང༌། །ཁྱིམ་གྲོང་གྲོང་གི་ངོགས་གནས་སོགས། །ཞིང་ཁམས་གྲོང་ཁམས་


DTG027_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོང་པ་དག །སེམས་ཅན་སྣོད་དང་ཐང་སོགས་པ། །ཆུ་ཡི་གནས་མལ་ཁྱད་པར་དུ། །དྲག་པོ་ནག་པོ་དྲག་ཆེན་མོ། །མ་མོ་དང་ནི་མཉམ་པར་གནས། །ནག་པོ་གཙིགས་པ་འཇིགས་སུ་རུང༌། །དགའ་ལས་འདས་དང་ལོག་འདྲེན་མ། །གདོལ་པ་ཆེན་མོ་ལམ་པ་ཀྱི། །སུམ་ཅུ་རྩ་གསུམ་དབང་ཕྱུག་མ། །གཡོན་ལྡན་མར་མེ་འཇིགས་བྱེད་མ། །གྲོང་དུ་གནས་པའི་རྣལ་འབྱོར་ཚོགས། །འཇིགས་པའི་གཟུགས་འཛིན་འཇིགས་ཆེན་མོ། །མཆེ་བ་གཟུགས་ངན་འཇིགས་པ་ཉིད། །ཐོད་པའི་ཕྲེང་བ་འཕྱང་བ་དང༌། །མཐུ་ཆེན་ལག་ན་ཁ་ཊྭཱཾ་ག །ལག་ན་དགྲ་སྟ་རལ་གྲི་དང༌། །རྡོ་རྗེ་མཚོན་ཆ་གཞུ་ཡི་ལག །མཁའ་འགྲོ་ཆེན་པོ་དེ་ཉིད་ཆེ། །ལས་རྣམས་རྗེས་སུ་སྒྲུབ་པར་བྱེད། །རྣལ་འབྱོར་དཀྱིལ་འཁོར་རྒྱལ་ཆེན་པོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ལས། །སྐྱོན་མེད་རྣལ་འབྱོར་འབྱིན་པ་མོ། །ཐམས་ཅད་གནས་ནས་ཚོགས་པ་རྣམས། །རང་གི་དམ་ཚིག་ལས་མཛོད་ཅིག །ཨོཾ་ཀཀྐ་ཌྷ་ན། བབྦནྡྷ་ན། ཁ་ཁྑཱ་ད་ན། སརྦ་དུཤྚ་ནཾ། ཧ་ན་ཧ་ན། གྷ་གྷ་གྷཱ་ཏ་ཡ། ཨ་མུ་ཀ་སྱ། ཤཱིནྟཾ་ཀུ་རུ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཛྭ་ལ་སྭཱཧཱ། ཨོཾ་ཨཱཿཧཱུཾ་མུཿབཛྲ་གཙྪ། དཀྱིལ་འཁོར་ཆེན་པོ་ཐོག་མ་དང༌། །བར་དང་ཐ་མའི་གནས་རྣམས་སུ། །ཞི་རྒྱས་དབང་དང་མངོན་སྤྱོད་དང༌། །ལས་ཀུན་པ་ཡི་སྦྱིན་སྲེག་བརྩམ། །གསང་སྔགས་ཀྱིས་ནི་འགྲུབ་བྱེད་ཅིང༌། །སྦྱིན་སྲེག་ལས་ཀྱིས་འབྲས་བུ་འབྱིན། །སྒྲུབ་པ་ཐམས་ཅད་དོན་ཡོད་པར། །སྔགས་བཟླས་སྦྱིན་སྲེག་ཤིས་པ་ཡིན། །བཟླས་བརྗོད་གྲངས་ནི་བཅུར་འགྱུར་ཏེ། །སྦྱིན་སྲེག་སྔགས་གྲངས་བཅུ་ཆའོ། །དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ། །ལས་ཀུན་པ་དང་རྒྱས་པ་བརྩམ། །བྱང་དུ་ཞི་བ་ལྷོར་མངོན་སྤྱོད། །ནུབ་ཏུ་དབང་དང་དགུག་པའི་ལས། །ཐབ་ཁུང་གི་ནི་ནང་རྒྱ་རུ། །ཁྲུ་གང་ཟབས་སུ་ཕྱེད་བརྐོ་ཞིང༌། །ཁ་ཁྱེར་རིམ་གསུམ་བསྐྱེད་བྱས་ལ། །རིམ་བཞིན་སོར་ནི་བཞི་བཞིར་གནས། །ཞི་ལ་ཟླུམ་པོ་རྒྱས་གྲུ་བཞི། །དབང་ལ་ཟླ་གམ་གྲུ་གསུམ་དྲག་དཀར་སེར་དམར་གནག་རིམ་


DTG027_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་ནོ། །ལས་ཀུན་དབྱིབས་དང་མདོག་ཀུན་ལྡན། །འཁོར་ལོ་རིན་ཆེན་པདྨ་དང༌། །རྡོ་རྗེས་མཚན་ཅིང་ཕྲེང་བས་བརྒྱན། །ཚནྡན་དཀར་པོ་དན་དཀའི། །ཤིང་སོགས་འོ་མ་དང་ལྡན་པའི། །མངར་གསུམ་དྲི་ཡི་ཆུས་བྱུགས་པའི། །ཞི་བའི་ཁང་པ་ཟླུམ་པོར་བརྩིག་གསེར་ཞིང་བིལ་བ་མ་དན་དང༌། །འབྲས་བུ་མེ་ཏོག་དང་བཅས་པ། །གི་ཝང་ཛཱ་ཏི་སེར་པོའི་ཤིང༌། །རྒྱས་ལ་རིན་ཆེན་ཟུར་བརྒྱད་དབྱིབས། །རྒུན་ཤིང་ཁམ་བུ་དྷི་ཀ་རི། །ནགས་ཀྱི་ལྕུག་མ་དྲི་མར་སོགས། །གུར་ཀུམ་དྲི་སོགས་དམར་པོའི་མདོག །དབང་ལ་རྩི་གསུམ་ཟླ་གམ་དབྱིབས། །བསེ་ཤུན་སྟ་རུ་མརྒ་ཏི། །སེང་ལྡེང་སྨུག་པོ་འབྲས་བུའི་ཤིང༌། །ཆག་གས་གདུག་པའི་རྫས་བཅས་པས། །དྲག་པའི་དབྱིབས་བཞིན་བསྟན་པའོ། །རྩེ་མོའི་ཆ་ལས་བྱུང་བ་ཡི། །སོར་བཞི་བརྒྱད་དང་བཅུ་དྲུག་གཉིས། །སོ་སོར་དམར་གྱིས་བྱུགས་པ་ལ། །མེ་ཏོག་དྲི་བཅས་བརྒྱན་པར་བྱ། །ཐབ་ཀྱི་ཕྱི་རོལ་ཉེ་འཁོར་དག །ཀུ་ཤ་རྒྱན་དང་མཚོན་ཆ་དང༌། །མེ་ལོང་རྔ་མ་ཡོལ་བ་བཅས། །ཚོན་སྣ་ལྔ་ཡི་ཐག་པས་བསྐོར། །མེ་ཏོག་བདུག་པ་མར་མེ་དྲི། །སྨན་མར་འབྲུ་རྣམས་བདུད་རྩི་ཆང༌། །མེ་ཏོག་རིམ་གྱིས་བརྒྱན་པ་དང༌། །ཏིལ་འབྲུ་ཉུངས་ཀར་མངར་གསུམ་རྫས། །འོ་མ་འབྲས་ཆང་ཞོ་མར་ཆན། །གྲོ་འབྲས་མ་ཤ་ནས་སོ་བ། །བིལ་བ་ཀུ་ཤ་སྟར་ཀ་དཱུ་ར། །ཛཱ་ཏ་ཕ་ལ་འབྲས་བུ་གསུམ། །ཨུ་དུམ་ནགས་ཀྱི་ལྕུག་སོགས་ཤིང༌། །རིན་ཆེན་ཕྲེང་བ་བ་དན་སོགས། །མི་འཆི་ལྔ་དང་ལྕགས་ཀྱུ་བཅས། །སྒྲུབ་པ་པོ་ཡི་མདུན་དུ་གཞག །གཡས་སུ་རྡོ་རྗེ་དྲིལ་བུ་དང༌། །ཡམ་ཤིང་ཏིལ་འབྲུ་རླུང་གཡབ་གཞག །གཡོན་དུ་མེ་ཏོག་དྲི་ཆུ་བཅས། །དཱུར་བ་ཀུ་ཤའི་ཆུན་པོ་དག །མཆོད་ཡོན་ཡན་ལག་བརྒྱད་ལྡན་པ། །མཆད་རྫས་ཀུན་གྱི་སྣ་ལ་དགོད། །ཧཱུཾ་བཞིའི་སྦྱོར་བས་བགེགས་བསལ་ཞིང༌། །རྫས་རྣམས་བསངས་སྦྱངས་གནས་སུ་དགོད། །རྡོ་རྗེ་སེམས་དཔའི་སྦྱོར་བ་ལས། །རིགས་ཀྱི་དཀྱིལ་འཁོར་གསལ་བྱས་ནས། །ཆས་གོས་ལྔ་པོ་བགོས་བྱས་ཏེ། །ཕྱག་རྒྱ་ལྔ་སོགས་རྒྱན་གྱིས་མཚན། །བདུད་རྩིའི་རི་ལུ་ཁར་བཅུག་ཅིང༌། །


DTG027_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་པོ་ཀུན་ལ་ཐིག་ལེས་མཚན། །སྙོམས་འཇུག་ཕྱག་རྒྱའི་ཚུལ་བཞིན་དུ། །དཀྱིལ་འཁོར་གྲུ་བཞི་སོགས་རྣམ་པས། །བྱམས་པའི་སེམས་སོགས་ཉར་གཞག་སྟེ། །དུས་བཞིའི་བྱེ་བྲག་དབྱེ་བ་ཡིས། །སོ་སོའི་སྟན་ལ་ལེགས་གནས་པས། །ཕྱོགས་བཞིར་ལྟ་ཚུལ་ལས་ལ་དམིགས། །ཀུ་ཤ་རུས་པ་མཚན་མའི་དབྱིབས། །དག་བྱེད་གཡོན་པའི་མིང་མེད་བརྒྱན། །ལུས་ངག་ཡིད་གསུམ་མཐུ་བསྐྱེད་ཅིང༌། །བདག་དང་འགྲོ་བ་སྦྱངས་བྱས་ནས། །འཕགས་དང་སེམས་ཅན་ལ་དམིགས་ཏེ། །མཛད་པ་རྒྱ་ཆེན་རབ་སྤྱོད་དོ། །གཞི་རྟེན་སྦྱོར་བ་ལ་གནས་པས། །དམིགས་པ་གསུམ་གྱི་ལས་རྫོགས་ནས། །རང་གི་སྔགས་དང་ཕྱག་རྒྱ་ཡིས། །ཐམས་ཅད་བྱིན་གྱིས་བརླབ་པར་བྱ། །མདུན་དུ་དཔལ་མཆོག་ལས་བྱུང་བའི། །རཾ་བསྐྱེད་ལས་དང་རྗེས་མཐུན་པའི། །དཀར་སེར་དམར་གནག་གོ་རིམས་བཞིན། །ཞི་རྒྱས་ལས་མཛད་མེ་ལྷ་བསྐྱེད། །མིག་གསུམ་གདོང་བཞི་རལ་པ་ཅན། །གསུས་པོ་ཆེ་ལ་ཕྱག་བཞི་པ། །མི་འཇིགས་བགྲང་ཕྲེང་སྤྱི་བླུགས་དང༌། །དབྱུག་པ་སྲད་བུའི་ཕྲེང་བ་ཐོགས། །སུམ་མདོ་རིས་མཚན་ཡུམ་དང་ཁྲིལ། །པདྨའི་གདན་ལ་རྣམ་པར་གནས། །དབང་བསྐུར་བྱིན་བརླབས་དབུ་རྒྱན་ཅན། །མེ་རི་འབར་བས་མཚན་བཅས་པ་འོ། །ཛཿཧཱུཾ་བཾ་ཧོཿའི་སྦྱོར་བ་དང༌། །སྔགས་སོགས་འོད་ཟེར་ཕྱག་རྒྱ་ཡིས། །སྔ་མའི་ཆ་ལུགས་འདྲ་བ་ཡི། །ལྷ་ཉིད་གནས་སུ་དགུག་པར་བྱ། །གཡས་ནི་མི་འཇིགས་སྦྱིན་པ་ལས། །མཐེ་བོང་སྲིན་ལག་རྩར་བཟུང་བསྐྱོད། །ཨོཾ་ཨེ་ཧྱེ་ཧི། མ་ཧཱ་བྷུ་ཏ། དེ་བ་རྀ་ཥི་དྭི་ཛ་སཏྭ། མ་ཏི་ཀྲི་ཏ་ཨ་ནུ་མ་ཧཱ་ས་ནོད་ཏོཏ་བ་བྷ། ཨོཾ་བ་བྷ་ཀ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དྲ་བྱཾ་ཤྭ་དྷ་ཡ་སྭཱཧཱ། གནོད་མཛེས་སྔགས་ཀྱིས་བགེགས་བསྐྲད་དེ། །གཉིས་མེད་ཕྱག་རྒྱ་བཞི་ཡིས་གདབ། །དགེ་འདུན་རྒྱལ་པོ་སྨད་འཚོང་དང༌། །རིགས་ངན་ཤན་པའི་རིགས་དག་གམ། །མེ་ལོང་མེ་ཤེལ་གཙུབ་ཤིང་དང༌། །རྡོ་ལྕགས་སྦྱོར་བའི་མེ་བླངས་ནས། །གཡས་ནས་ལན་གསུམ་


DTG027_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐོར་བྱས་ཏེ། །སྔགས་དང་ཕྱག་རྒྱས་རླུང་གཡབ་གཡབ། །ཨོཾ་ཨ་ཊཀྐི་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཨོཾ་ཨ་ཛྙཱ་ན་ཛྭ་ལ་རཾ། གཡས་པས་ཀུ་ཤ་ཆུན་པོ་ཡིས། །ཕྱོགས་རྣམས་ཀུན་དུ་བསང་གཏོར་བྱ། །ལག་གཉིས་མཆོད་ཡོན་ཕྱག་རྒྱ་ཡིས། །དུང་ཆོས་བླངས་ཏེ་དབུལ་བར་བྱ། །དགང་གཟར་རྒྱར་ནི་སོ་བཞི་ལ། །ཟབས་སུ་སོར་གཉིས་ཚད་བརྐོས་པས། །རྩེ་མོ་རྒྱུན་འཇུག་སེར་བཞི་པ། །པད་འདབ་བུག་པ་མཐེའུ་ཆུང་ཚད། །རང་གི་ཕྲེང་བའི་མཚན་མས་བསྐོར། །ཁྲུ་གང་རྡོ་རྗེ་རིན་ཆེན་བཅས། །བླུགས་གཟར་སོར་གཉིས་ཕྱེད་བརྐོས་ཤིང༌། །པད་འདབ་རྡོ་རྗེའི་མཚན་མས་བརྒྱན། །ཐོག་མ་བར་དང་མཐའ་མར་བཅས། །བར་དུ་རྫས་གཞན་སྣ་ཚོགས་པའོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭཱ་ལ་སརྦ་བྷི་སྨིཾ་ཀུ་རུ་སརྦ་དུཥྚ་ཧཱུཾ་ཕཊ། མེ་སྦར་བ་ཡི་དོན་ཆེད་དུ། །དགང་བླུགས་གསུམ་མམ་བདུན་ཕུལ་ལ། །བགགས་ཀྱི་མཚན་མ་བརྟགས་བྱས་ཏེ། བཟློག་གཟིར་མནན་པའི་ལས་རྣམས་བྱ། །ཨོཾ་ན་མཿས་མནྟ་ཨགྣ་ཡེ་སྭཱཧཱ། དགང་བླུགས་དབུལ་བའི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ནཱ་ཡ་སྭཱཧཱ། ཏིལ་གྱིའོ། །ཨོཾ་ཨགྣ་ཡེ་བཛྲ་ཛྙཱ་ན་སྭཱཧཱ། ཡམ་ཤིང་གིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲྭ་ཡ་སྭཱཧཱ། ཏིལ་དང་མར་བསྲེས་པའིའོ། །ཨོཾ་སརྦ་སཾ་པ་དེ་སྭཱཧཱ། ཞོ་འིའོ། །ཨོཾ་སརྦ་སི་མ་ཏེ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། དཱུར་བའི་མྱུ་གུ་མར་གྱིས་བྱུགས་པའི་འོ། །ཨོཾ་མ་ཧཱ་བེ་ག་ཡེ་སྭཱཧཱ། ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རི་ཡེ་སྭཱཧཱ། གྲོའིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱཧཱ། འབྲས་སོ་བའིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ། མ་ཤའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་སོ་བའི་འོ། །ཨོཾ་པུ་ཤེ་ཡེ་སྭཱཧཱ། འབྲས་མ་གྲུས་པ་དང་མར་བསྲེས་པའི་འོ། །ཨོཾ་མ་ཧཱ་ཤོ་པ་ཡེ་སྭཱཧཱ། བིལ་བ་དང་སྟར་གའིའོ། །རྫས་གཞན་སྣ་ཚོགས་གང་ཡིན་དག །རིགས་ཀྱི་གཙོ་བོའི་གསང་སྔགས་སམ། །ཡི་གེ་བདུན་ནམ་ལྔ་ཡིས་སམ། །རང་མིང་སྦྱར་བས་དབུལ་བར་བྱ། །ཨོཾ་པྲ་བར་སཏ་ཀཱ་ར་པྲ་ཏཱིཙྪ་ཧོ་སྭཱཧཱ། ཞེས་བྱ་བས་ཡང་དགང་བླུགས་དབུལ་ལོ། །དེ་ནས་ཉེ་རེག་སོགས་དག་བྱས། །མཆོད་


DTG027_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལྔ་ཡིས་མཉེས་པ་དང༌། །བདེན་པའི་དབྱངས་ཀྱིས་བསྟོད་བྱས་ནས། །རང་གི་ལས་ལ་རབ་ཏུ་བསྐུལ། །ལག་གཉིས་ཐལ་སྦྱར་བསྐྱོད་བྱས་ཏེ། །རྫས་རྣམས་ལན་གསུམ་སྤྱང་བར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལི་བི་མ་ལ་རི་ཏི་བཛྲ་ཊཀྐི་ནི་ཧྲྀ་ད་ཡ་ཧཱུཾ་ཕཊ། མེ་གནས་གཞལ་ཡས་གདན་བཅས་ལ། །གཟུགས་བརྙན་དཀྱིལ་འཁོར་རིམ་བཞིན་དགོད། །བཞུགས་གསོལ་ཞབས་བསིལ་སོགས་དབུལ་ཞིང༌། །མཆོད་བསྟོད་ཆོ་ག་རྒྱ་ཆེན་བྱ། །ལས་ཀྱི་ཆོ་ག་བཞིན་དུ་ནི། །མི་གནས་ཁང་བ་གདན་བསྐྱེད་ཅིང༌། །དམ་ཚིག་དཀྱིལ་འཁོར་རིམ་བཞིན་དགོད། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་ཚོགས། །མཆོད་པའི་ཕྱག་རྒྱས་མཉེས་པ་དག །སོ་སོའི་ལས་ལ་རྣམ་པར་སྦྱར། །རང་གི་རིགས་ཀྱི་དཀྱིལ་འཁོར་དག །སྦྱོར་སྔགས་མཐའ་མའི་གནས་སུ་སྤེལ། །ཡམ་ཤིང་འོད་ལ་དབུལ་བྱས་ཏེ། །ཏིལ་ཞོ་ནས་ནི་ཕྱག་ཏུའོ། །ཀུ་ཤ་དཱུར་བ་གཙུག་ཏོར་ལ། །མར་ཁུ་ནས་གྲོ་སོ་བ་དང༌། །མ་ཤ་ཀ་སོགས་ཞལ་དུ་དབུལ། །ཞུ་བའི་རྫས་ཀུན་དེ་བཞིན་ནོ། །སྤོས་རྣམས་ཤངས་ལ་མེ་ཏོག་སྤྱན། །དྲི་མཆོག་དཀར་དམར་མེ་ཡི་འོད། །མཆོད་ཡོན་འཐོར་འཐུང་ཕྱག་ཏུ་དབུལ། །བདུད་རྩི་ལྗགས་ལ་གོས་མཆོག་སྐུ། །རིན་ཆེན་ཕྲེང་བ་དབུ་དང་སྙན། །རོལ་མོའི་རྫས་རྣམས་མདུན་དུའོ། །དེ་ནས་སློབ་དཔོན་ལ་སོགས་པའི། །སྡིག་པའི་གཟུགས་བརྙན་སྦྱངས་བྱས་ནས། །བསྲུང་ཤིང་ཤིས་པའི་ལས་ཀུན་དང༌། །འདོད་དོན་གང་ཡིན་གསོལ་བ་གདབ། །སླར་ཡང་མཆོད་ཅིང་བསྟོད་བྱས་ཏེ། །དགང་བླུགས་ཕུལ་ཏེ་མཉེས་པར་བྱ། །གཟུགས་བརྙན་གནས་ནས་སྤྱན་དྲངས་པ། །སླར་ཉིད་རང་གི་གནས་སུ་དགོད། །ཡེ་ཤེས་དཀྱིལ་འཁོར་བསྡུས་པ་དག །དམ་ཚིག་ལྷ་དང་གཉིས་སུ་དབྱེ། །མཆོད་བསྟོད་ཕྱག་རྒྱས་གཤེགས་སུ་གསོལ། །བསྐྱེད་པའི་རིམ་བཞིན་བསྡུ་བར་བྱ། །མཐར་ཡང་མེ་ལྷ་མཆོད་བྱ་སྟེ། །གཤེགས་གསོལ་རང་གི་གནས་སུ་བསྡུ། །སྣ་ཚོགས་རྒྱན་རྣམས་ཐམས་ཅད་ཀྱིས། །གནས་ཀྱི་ས་གཞི་ཉེར་མཛེས་པར། །སློབ་དཔོན་ཁྲུས་བྱས་རྒྱན་གྱིས་


DTG027_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀླུབས། །རྡོ་རྗེ་དྲིལ་འཛིན་སྦྱོར་ལྡན་པས། །རབ་གནས་བྱ་བར་འོས་པ་དང༌། །སྣ་ཚོགས་མཆོད་པའི་རྫས་རྣམས་བསགས། །རྡོ་རྗེ་ཁྲོ་བོར་བྱིན་བརླབས་པའི། །མཚན་མའི་རྫས་ཀྱིས་བགེགས་རྣམས་བསྐྲད། །ཚོགས་བསགས་སྲུང་བའི་འཁོར་ལོ་དང༌། །གཞི་རྟེན་སྦྱོར་བའི་ཏིང་འཛིན་དང༌། །ཡེ་ཤེས་ལྷ་དམིགས་ལས་རྫོགས་ནས། །རབ་གནས་རྟེན་རྣམས་སྤྱང་བར་བྱ། །བསང་གཏོར་སྔགས་ཀྱིས་གཏོར་བྱས་ནས། །ཉུངས་ཀར་སྔགས་བཅས་ལན་གསུམ་དུ། །ཁམ་ཕོར་མེ་ཡི་ནང་དུ་བསྲེག །སླར་ཡང་ཆུ་ཡིས་ཤིས་པར་བྱ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། བ་ཡི་རྣམ་ལྔ་ལེགས་སྦྱར་བ། །འདག་ཆལ་རྣམ་ལྔ་བདུད་རྩིའི་སྦྱར། །དཱུར་བའི་པིར་གྱིས་སྐུ་བྱུགས་ཏེ། །བརླན་འཇིག་པ་ལ་མེ་ལོང་ངོས། །ཧཱུཾ་ཨོཾ་ཧྲཱིཿཧྲཱིཿཏྲཾ་ཧོ། །ཨོཾ་རྣམ་དག་ཀུ་ཤའི་ཆུ་རྒྱུན་གྱིས། །དྲི་མའི་མཚན་མ་དག་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀཙིཏྟ་ཤོདྷ་ནེ་བཛྲ་སྭཱཧཱ། དྲི་ཞིམ་སྦྱར་བའི་མར་བྱུགས་ཏེ། །སྐྱུ་རུ་ར་ཡི་འདག་ཆལ་དང༌། །ཤུན་པ་ལྔ་ཡི་རྫས་རྣམས་ཀྱིས། །དངོས་སམ་མེ་ལོང་གཟུགས་བརྙན་ཕྱི། །མདུན་གྱི་སངས་རྒྱས་དཀྱིལ་འཁོར་རྣམས། །མཆོད་པའི་ཚོགས་ཀྱིས་མཉེས་བྱས་ཏེ། །སྟ་གོན་གནས་ཤིང་དགོངས་བྱའི་ཕྱིར། །སྤོས་སྣོད་བཟུང་སྟེ་གསོལ་བ་གདབ། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་གནས་ནས་བྱོན་མཛད་དེ། །སྒྱུ་འཕྲུལ་ཆེན་མོའི་ལྷུམས་ཞུགས་ལྟར། །དེ་བཞིན་འདིར་ཡང་བཞུགས་སུ་གསོལ། །མགོན་མཆོག་གནས་འདིར་བཞུགས་ནས་ཀྱང༌། །མེ་ཏོག་ལ་སོགས་མཆོད་བཞེས་ལ། །འདི་དོན་གཟུང་བར་བྱ་བ་དང༌། །བྱང་ཆུབ་སེམས་མཆོག་འཕེལ་བར་མཛད། །བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་བརྩེ་བ་ཡིས། །ནང་པར་རབ་གནས་བགྱིད་པར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །བཀའ་དྲིན་ཆོ་ག་བྱ་བར་འོས། །འགྲོ་བའི་འཁོར་ནས་སྒྲོལ་མཛད་པ། །སངས་


DTG027_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གང་དག་གསང་སྔགས་ཀྱི་ལྷ་དང༌། །འཇིག་རྟེན་སྐྱོང་བའི་ལྷ་ཚོགས་དང༌། །འབྱུང་པོ་རྫོགས་སངས་རྒྱས་བསྟན་པ། །མངོན་པར་དགའ་བའི་གནས་བསྟན་པ། །རྡོ་རྗེའི་སྤྱན་དང་ལྡན་པའི་ཚོགས། །རྡོ་རྗེ་ཆེ་གེ་མོ་བདག་གིས། །རིག་པའི་རྒྱལ་པོ་ཆེ་གེ་མོའི། །རབ་གནས་ཡོ་བྱད་ཅི་འབྱོར་ཞིང༌། །འགྲོ་ལ་ཕན་ཕྱིར་བགྱིད་པར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཉེ་བར་དགོངས་ནས་ཀྱང༌། །རབ་ཏུ་གནས་པའི་ལས་རྣམས་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྐུ་གཟུགས་ལུགས་མ་ལ་སོགས་རྣམས། །གཞི་རྟེན་སྦྱོར་བའི་ཏིང་འཛིན་གྱིས། །རང་རིག་ལྷ་ཡི་རྣམ་པར་བསམ། །ཕྱག་རྒྱ་བཞི་ཡིས་བརྟན་པར་བྱ། །པུ་ཏི་རིགས་ཀྱི་ལྷ་ཉིད་ལས། །གསུང་སོགས་ཡི་གེའི་རྣམ་པར་གྱུར། །མཆོད་རྟེན་ལ་སོགས་གཞིར་བཅས་པ། །མོས་པའི་ལྷ་རྣམས་གང་ཡང་རུང༌། །ཛཿཧཱུཾ་བཾ་ཧོཿའི་སྦྱོར་བ་ཡིས། །ལྷ་རྣམས་བརྟན་པར་བཞུགས་སུ་གསོལ། །མཆོད་ཅིང་བསྟོད་པས་མཉེས་པ་དང༌། །སྔགས་མང་བརྗོད་ཅིང་ན་བཟའ་གཡོགས། །དེ་ནས་སྔ་དྲོའི་དུས་སུ་ནི། །སྔ་མའི་སྦྱོར་བཅས་ཚིག་གིས་བསྐུལ། །བཞེངས་གསོལ་གོས་སོགས་བསལ་བྱས་ནས། །སྔར་བཞིན་བསྒོམ་བཟླས་མཆོད་སོགས་བྱ། །ཇི་ལྟར་བལྟམས་མ་ཐག་ཏུ་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དྲི་མེད་རས་གྱིས་རླན་ཕྱིས་ཤིང༌། །དྲི་ཞིམ་རྫས་ཀྱིས་བྱུག་པར་བྱ། །དངུལ་སྣོད་མར་དཀར་སྦྲང་རྩིས་བཀང༌། །གསེར་ཐུར་རྩེར་བླངས་སྤྱན་ལ་བྱུག །ཨོཾ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། མེ་ཡི་སྲེག་ཁང་བཟང་པོ་རུ། །རྒྱས་པའི་སྦྱིན་སྲེག་དབུལ་བར་བྱ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཨོཾ་མེ་ལྷའི་མེ་ཏོག་ཤིན་ཏུ་དམར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་


DTG027_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བཞུགས་སུ་གསོལ། །ཨོཾ་མར་མེ་འོད་བཟང་འབར་བ་ནི། །ངན་འགྲོའི་མུན་པ་འཇོམས་བྱེད་པ། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ་བཞེངས་སུ་གསོལ། །ཨོཾ་ཙནྡན་གུར་ཀུམ་སྦྱར་བ་ཡི། །དྲི་མཆོག་བདུག་པ་འདི་བཞེས་ལ། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །ཨོཾ་སྣ་ཚོགས་ལྷ་ཡི་དྲི་ལྡན་པ། །སྣ་ཚོགས་ག་པུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུཾ་ལས་ཡང་དག་བྱུང༌། །དྲི་མཆོག་འདི་དག་བ་ཞེས་སུ་གསོལ། །ཨོཾ་ཁ་དོག་དྲི་དང་རོར་ལྡན་པའི། །བཟའ་བའི་བྱེ་བྲག་སྣ་ཚོགས་རྣམས། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པཾ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་ཏྱེ་ཨཱཿཧཱུཾ། ཨོཾ་དཔག་པས་མ་ཤིང་སོགས་རྒྱུ་ལས་བྱུང༌། །ལྷ་ཡི་ན་བཟའ་རིན་ཐང་འཕགས། །བཙོ་མ་གསེར་གྱི་མདོག་དང་མཚུངས། །སྣ་ཚོགས་རིན་ཆེན་རྒྱན་སོགས་དབུལ། །ཨོཾ་བཛྲ་ས་མ་ཡེ་སྭཱ་ཧཱ། དེ་ནས་མཆོད་པའི་རོལ་མོའི་ཚོགས། །སྣ་ཚོགས་རྣམ་པར་དབུལ་བྱ་ཞིང༌། །དགའ་བའི་གླུ་དང་དབྱངས་ཀྱིས་དབུལ། །བཀྲ་ཤིས་འདོན་ཞིང་བསྐོར་བ་བྱ། །དབང་བསྐུར་ལྔ་ཡི་ཆོ་ག་ཡིས། །བྱིན་བརླབས་བསྐྱེད་དེ་བརྟན་པར་བྱ། །སྦྱིན་སྲེག་གཏོར་མ་ལ་སོགས་པས། །ལས་བསྒྲུབ་པར་ཆད་བསལ་བར་བྱ། །སྔགས་བཅས་བྱིན་རླབས་བསྐྱེད་འདོད་པས། །ཁྲུས་བྱས་རྒྱན་གྱིས་བརྒྱན་པར་བྱ། །མཆོད་པ་གཏོར་མའི་ཚོགས་བཤམས་ནས། །ཏིང་འཛིན་རིམ་པས་བསྐྱེད་པར་བྱ། །དབང་བསྐུར་བྱིན་རླབས་རྫོགས་བྱས་ཏེ། །དགུག་གཞུག་མཆོད་ཅིང་བརྟན་པར་བྱ། །རང་གི་གསང་སྔགས་བརྒྱ་རྩ་བརྒྱད། །བཀྲ་ཤིས་གླུ་བཅས་བརྗོད་པར་བྱ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེ་ནི་སྐྱེ་དགུའི་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་


DTG027_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མཆོག་མངའ་བའི། །དོན་རྣམས་མ་ལུས་མཚུངས་པར་བརྟུལ་བ་ཡང་ལྡན་པ། །ཚོགས་ཀྱི་ལས་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པའི་ཆེ་བའི་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་བ། །བཻ་ཌཱུཪྻ་ལྟར་སྔོ་བའི་རྩ་བཏིང་སྟེང་ན་བཞུགས། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་ན་ཙཪྵའི་འཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཏེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་ཏེ། །


DTG027_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་བཏུལ་ནས། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་ཝཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང༌། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང༌། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག ། འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནྡཱ་ར་བའི་མེ་ཏོག་མང་པོས་མངོན་གཏོར་བ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རིགས་རྫོགས་སློབ་མའི་དོན་གྱི་ཕྱིར། །བསྲུངས་ཤིང་དགོངས་མོ་ཁྲུས་བྱས་ཏེ། །དྲིས་བྱུགས་ཕྲེང་ཐོགས་རྒྱན་བཏགས་ཤིང༌། །དྲི་བཟང་སྟན་བདེའི་གནས་དག་ཏུ། །བདག་ཉིད་འཇུག་པའི་ཆོ་གའི་རིམ། །བརྟན་པ་ཡན་ལག་ཀུན་རྫོགས་པའི། །འདོད་ཆགས་ཆེན་པོ་ལས་བྱུང་བའི། །འཁོར་ལོ་དེ་ཉིད་གཟུགས་བརྙན་བཞིན། །གང་གིས་ཤེས་ན་སློབ་མ་རྣམས། །གཞུག་ཕྱིར་གཙོ་སོགས་རྣམ་པར་ཤེས། །ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་དབྱིངས། །སེམས་དཔའི་རྡོ་རྗེ་ཆེ་རང་བཞིན། །རིགས་མཆོག་མགོན་པོ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །


DTG027_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དག་པ་སྟེ། །བཅོམ་ལྡན་དེ་ཉིད་ཀྱིས་སྒྲུབས་ཤིག །འདོད་ཆགས་དག་པ་ཀུན་གྱི་མཆོག །གདོང་ནས་གྲོལ་བའི་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་མཆོག་ཏུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་རྒྱལ། །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་ཅན་བདག་བདག་མཛོད་ཅིག །སེམས་ཅན་ཀུན་ཡིད་ཁྱབ་པའོ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་བྲལ་བའི་དམ་ཚིག་མཆོག །མཆོད་པའི་གར་ཚོགས་གླུ་བཅས་པ། །དཀྱིལ་འཁོར་མཉེས་པའི་བསྟོད་པ་བྱ། །ཤེས་རབ་ཐབས་ཀྱི་དཀྱིལ་འཁོར་མཆོག །བདེན་པའི་བྱིན་རླབས་ཆེན་པོ་ཡིས། །མགོན་ཆོགས་འཕྲུལ་པའི་དཀྱིལ་འཁོར་གྱི། །འདོད་པ་ཐམས་ཅད་སྐོང་བྱེད་ཤོག །ཐམས་ཅད་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་འཛིན་རབ་སྤངས་བརྗོད་དུ་མེད། །རྒྱུ་དང་རྐྱེན་ལས་བྱུང་བ་དག །ཆོས་ཉིད་དེ་ཁོ་ཉིད་ལས་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བ་དྲི་མེད་གནས། །སེམས་ཅན་ཀུན་གྱིས་མཐོང་བར་ཤོག །དབང་བསྐུར་ཕྱི་ནང་གསང་ཆེན་དང༌། །གསང་ཆེན་རིམ་བཞིན་རྒྱུད་ལས་སྐྱེས། །སྔོན་གྱི་བླ་མ་དཀྱིལ་འཁོར་ཚོགས། །མཆོད་ཅིང་ཡོན་གྱིས་མཉེས་བར་བྱ། །ཚོགས་ཀྱི་སྟོན་མོ་སྦྱིན་སྲེག་མཆོག ། ལས་མང་ནང་དུ་དམིགས་པར་མཆོད། །ཀུན་གྱི་སློབ་དཔོན་ལ་གནས་པས། །འཁོར་ལོར་འཇུག་པར་བྱེད་པ་ན། །སྒོ་མཚམས་མཎྜལ་སྟེགས་བྱས་ཏེ། །སློབ་མ་སྒོ་དྲུང་བུམ་པས་བསང༌། །མཆོད་པའི་སྦྱོར་བ་རྣམ་མང་དང༌། །ལྷ་མོ་བཞི་པོ་དག་གིས་ནི། །མེ་ཏོག་ལ་སོགས་མཆོད་བྱས་ནས། །སློབ་མ་ཐམས་ཅད་གཟུང་བར་བྱ། །དེ་ནས་གདོང་ནི་མཛེས་པ་དག །ཨཱ་ཁཾ་པཱི་ར་ཧཱུཾ་བཟླས་བའི། །རས་བཟང་སོ་སོའི་རིགས་མཐུན་པས། །ལེགས་པར་བསྒྲིམས་ཏེ་གནས་པར་བྱ། །དངོས་གྲུབ་འདོད་པས་ཅི་འདོད་པས། །སྙིང་པོའི་ཁར་ནི་ཀུན་བསྐྱོད་ནས། །རིན་


DTG027_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་མེ་ཏོག་ཀུན་ཕྲེང་འཛིན། །རྩེ་གཅིག་བརྟན་པའི་སེམས་བསྐྱེད་ནས། །དཀྱིལ་འཁོར་འདོད་པའི་སློབ་མ་ལ། །གསང་བ་ཡང་དག་མཐའ་ཡས་མཆོག །ཐོག་མ་ཉིད་དུ་གསལ་བརྗོད་པ། །བུ་ཁྱོད་ཅི་ལ་དགའ་ཞེས་དྲི། །སྐལ་པ་བཟང་ལ་བདག་དགའ་ཞེས། །འཇུག་པ་པོས་ཀྱང་སྨྲ་བར་བྱ། །བླ་མས་བུ་ལ་སླར་སྨྲས་པ། །དེ་ཡིས་ཁྱོད་ལ་ཅི་ཞིག་བྱ། །སངས་མཆོག་སྲས་བཅས་དམ་ཚིག་ལས། །ཡོན་ཕུལ་ཐུགས་རྗེས་བདག་ལ་དགོངས། །སངས་རྒྱས་སྐུ་གསུམ་རང་བཞིན་མཆོག །སློབ་དཔོན་མགོན་ལ་བདག་སྐྱབས་མཆི། །སྐལ་བཟང་ལྷ་མོ་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །རྒྱལ་བ་ཀུན་གྱིས་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་གྲོང་ཁྱེར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་ཡོལ་བའི་ནང་མཚམས་སུ། །ལས་ཀྱི་རྡོ་རྗེས་གཞུག་པར་བྱ། །གསང་བ་ཡང་དག་འདི་ཤེས་ནས། །ཇི་ལྟར་འདོད་པ་རབ་ཏུ་གཞུག །གསང་བ་ཡང་དག་མི་ཤེས་ན། །གཡས་པ་ཡིས་ནི་གཞུག་པར་བྱ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི་ཧཱུཾ། ཐོག་མེད་དུས་ནས་འཁོར་བ་ཡི། །བདག་གིས་སྡིག་པའི་ལས་གང་བགྱིས། །བགྱིད་པ་ཡི་རང་དུས་འདིར་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་རབ་གཟུང༌། །རྒྱལ་བ་སྲས་ཚོགས་དགེ་རྩའི་གཞི། །འགྲོ་གཞན་ལེགས་བྱས་གང་ཡིན་པ། །དེ་དག་ཀུན་ལ་ཡི་རང་སྟེ། །བྱང་ཆུབ་ཆེན་པོར་བདག་གིས་བསྔོ། །སངས་རྒྱས་ཚོགས་རྫོགས་དགེ་འདུན་ལ། །བདག་ནི་དུས་གསུམ་སྐྱབས་སུ་མཆི། །ཉོན་མོངས་སྡུག་བསྔལ་བཅད་པ་དང༌། །དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་སེམས་གཉིས་མེད་དོན་བསྐྱེད་ནས། །འགྲོ་དོན་དི་རིང་དུས་འདིར་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་རྣམས་སྲིད་པའི་གནས་ནས་གདོན། །རྡོ་རྗེ་མེ་ཏོག་ཕྲེང་བཅས་པས། །སློབ་མའི་སྙིང་གང་གཞག་སྟེ་བསྒོ། །བདེ་གཤེགས་ཀུན་གྱིས་ཁྱོད་ཉིད་ནི། །དེ་རིང་བྱིན་གྱིས་བརླབས་པས་ན། །དེ་བཞིན་གཤེགས་པའི་གསང་ཆེན་འདི། །དཀྱིལ་འཁོར་དག་


DTG027_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་མ་ཞུགས་ཤིང༌། །དད་པ་མེད་པའི་མི་རྣམས་ལ། །ནམ་ཡང་སྨྲ་བར་བྱ་བ་མིན། །ཨོཾ་སུ་ར་ཏ་ས་མ་ཡ་སྟྲཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་དེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་ས་མ་ཡ་ཨུ་ད། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་གྲུབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲཾ་ཏ་ཧཱུཾ་བཛྲ་ཨཱ་སུ་ཀ་ཏ་ཧྲཱིཐ། དི་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །ང་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཞིག་བརྙ་ས་ན་ནི། །དུས་མིན་འཆི་ཞིང་དམྱལ་བར་འགྱུར། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་འཕྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །དི་རིང་བདག་ལ་དབབ་ཏུ་གསོལ། །རྐང་ཐིལ་སྙིང་ག་མ་གྲིན་སྤྱི་བོར། །ས་བོན་ལས་བྱུང་འབྱུང་བཞིའི་ཁམས། །སོ་སོའི་ས་བོན་མཚན་འདོགས་པར། །རྟ་ཡི་རྒྱལ་པོའི་སྔགས་ཀྱིས་བསྲུང༌། །རྡོ་རྗེ་འཛིན་ཅིང་དྲིལ་བུ་དཀྲོལ། །ཨ་བེ་ཤ་ཡ་སྟམྦྷ་དང༌། །ར་བཞི་ཛ་ལ་ཡང་གཉིས་ཧཱུཾ། ཨ་ཧ་ཛྷེཾ་སྔགས་བརྒྱ་རྩ་བརྒྱད། །སྐུ་ཡི་མཚན་མས་གཡོ་འགྱུར་ཞིང༌། །བདག་གིས་སྔགས་བཅས་ཚིག་རྣམས་བརྗོད། །ཐུགས་ཀྱིས་མངོན་པར་ཤེས་པ་གསལ། །གསུམ་སྔགས་བརྟན་པའི་ལས་ལ་སྦྱོར། །རྣལ་འབྱོར་བཅས་དང་གསང་བཅས་པའི། བདག་གི་ཡེ་ཤེས་བརྒྱ་བསྒྲུབས་ནས། །ཇི་ལྟའི་ཚུལ་གྱིས་གར་བྱེད་པས། །སློབ་མ་རྣམས་ལ་བདེ་བ་སྦྱིན། །སློབ་མ་དམ་པས་དེང་ཕྱིན་ཆད། །ཕྱག་རྒྱའི་ཡེ་ཤེས་རྗེས་བཟུང་བས། །རྣམ་པར་སྣང་མཛད་མཆོག་སྦྱིན་དུ། །སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ། །དེ་ནས་བདག་གིས་རབ་བསྒྲུབས་ནས། །ཀུན་གྱི་སློབ་དཔོན་ལ་གནས་པ། །ཇི་ལྟའི་ཚུལ་གྱིས་འཇུག་པ་ཡི། །བདེན་པའི་ཆོས་ནི་བརྗོད་པར་བྱ། །མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མ་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང༌། །བསོད་ནམས་གང་


DTG027_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་དེ་བཞིན་ཤོག །དེ་བཞིན་དངོས་གྲུབ་མཚན་མ་དག །སྙིང་པོའི་གནས་འདི་ལེགས་སྟོན་པར། །ཁ་དོག་དབྱིབས་ཀྱི་བྱེ་བྲག་གིས། །མཚན་མ་སྣང་ལས་ལས་མཐུན་འགྲུབ། །དངོས་གྲུབ་ཇི་ལྟ་ཐོབ་འདོད་པས། །སློབ་མ་མེ་ཏོག་འཐོར་དུ་གཞུག །ལྷ་མོ་གང་ལ་ལྷུང་བ་ནི། །ལྷ་དེ་དེ་ཡིས་འགྲུབ་པར་འགྱུར། །ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། །སྐུ་སྟོད་སྐུ་སྨད་ཡན་ལག་གམ། །དེ་ལྟར་མཚན་སྒོའི་གནས་རྣམས་སོགས། །དངོས་གྲུབ་རིམ་པ་བྱེ་བྲག་སྟེ། །ར་བ་ལས་འདས་ལན་གསུམ་བསྐྱང༌། །སླར་ཉིད་ཕྲེང་བའི་མེ་ཏོག་གིས། །སློབ་མའི་མགོ་ལ་བཅིངས་ཏེ་བརྒྱན། །སྟོབས་ལྡན་སེམས་དཔའི་རྒྱལ་པོ་ཆེ། །ཕྲེང་བ་འདི་དང་ལྡན་པར་གྱིས། །ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། གསེར་གྱི་ཐུར་མའི་ཨོཾ་སོགས་ཀྱིས། །སྤུས་མཚན་དྲི་མ་བསལ་བར་བྱ། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་མཛད་དེ། །མིག་གི་སྒྲིབ་གཡོགས་ཀུན་བསལ་ནས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཕཊ། གདོང་གཡོགས་ལེགས་པར་བསལ་བྱས་ནས། །སྙིང་པོའི་དཀྱིལ་འཁོར་བལྟ་བར་བྱ། །ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མེ་ཏོག་གང་ལ་ལྷུང་བ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །རྟ་མགྲིན་འཕང་མཐོ་ནས་བཟུང་སྟེ། །གཙོ་བོའི་བར་དུ་མིང་རྣམས་བསྟན། །དེ་ནས་རོ་དང་ཟས་དང་གནས། །གླུ་དང་སིལ་སྙན་ལ་སོགས་པ། །དེ་དག་མགོན་པོ་རྣམས་ལ་དབུལ། །རྡོ་རྗེ་བླ་མ་ཆེན་པོ་དག །སྦྱོར་བའི་རྫས་ཀྱིས་མཉེས་བྱས་ཤིང༌། །བདག་དང་གཞན་ཡང་འདོད་དགུས་མཆོད། །བུ་ཁྱོད་དང་བས་རབ་གུས་བསྒྱེང༌། །དཀྱིལ་འཁོར་བཟང་པོ་ལེགས་པར་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་འཛིན་ཅིང་རྗེས་ཆགས་དང༌། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །བློ་ལྡན་ཡོན་མཆོད་ཐོགས་པ་ཡིས། །བླ་མའི་ཞབས་གུས་གསོལ་བ་གདབ། །རྒྱལ་བ་ཀུན་གྱིས་གསང་བའི་ལམ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །


DTG027_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའ་འགྲོ་མ་ཡི་འཁོར་ལོ་མཆོག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དེ་རིང་དབང་བསྐུར་གནང་བ་ཡི། །དུས་ལ་བབ་པའི་འོས་པ་ལགས། །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་རིམ་བཞིན་བདག་ལ་སྩོལ། །རིག་པ་ཆེན་པོའི་ལས་བསྒྲུབས་ནས། །དངོས་གྲུབ་ཚོགས་རྣམས་ཤེས་པ་དང༌། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་རྡོ་རྗེ་སློབ་དཔོན་གཟུང༌། །འཇུག་པའི་སྒོ་ཡི་ཕྱོགས་ཉིད་དུ། །ཁྲུ་དོས་ཆོད་པ་དབུས་ཀྱི་ཚད། །སློབ་མའི་སྟེགས་བུ་སྒོ་དང་བཅས། །པདྨ་འདབ་བརྒྱད་མཚན་མ་བྲི། །སེང་གེ་སྣ་ཚོགས་པདྨའི་གདན། །གཉིས་མེད་གུས་པའི་སེམས་བཅས་གཞག །འཕན་གདུགས་མེ་ཏོག་ཕྲེང་སོགས་དང༌། །སྣ་ཚོགས་གོས་ཀྱིས་ཉེ་བར་བརྒྱན། །དྲི་ཆུ་ཉུངས་ཀར་སྦྱིན་སྲེག་དང༌། །ཀུ་ཤའི་ཆུ་ཡིས་ཤིས་པར་བྱ། །བདུད་རྩིའི་སྔགས་ཀྱིས་བསྲུང་བ་དང༌། །དེ་ཉིད་གསུམ་གྱིས་སྤྱང་བར་བྱ། །ཆོས་ཉིད་རྣམ་དག་སྦྱོར་བ་ལས། །རིགས་ཀྱི་ལྷ་རུ་བསྒོམ་པར་བྱ། །མཆོད་དབྱངས་རོལ་མོ་སིལ་སྙན་ཚོགས། །བཀྲ་ཤིས་ཚིགས་བཅད་རྒྱ་ཆེན་གདོན། །རྣམ་རྒྱལ་བུམ་སོགས་ཁྲུས་གསོལ་ཞིང༌། །ཕྱི་ཡི་བུམ་པས་དབང་བསྐུར་བྱ། །ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་ལ་ནི་བླུགས་བསམས་ཏེ། །བག་ཆགས་མ་ལུས་དག་གྱུར་ཅིག །ཡེ་ཤེས་སེམས་དཔའི་གནས་འབྱུང་བས། །ཡེ་ཤེས་དཀྱིལ་འཁོར་དགུག་བྱས་ཏེ། །གཉིས་མེད་སྦྱོར་བའི་བྱིན་སྟོབས་ཀྱིས། །མཚོན་བྱེད་རྟགས་ཀྱི་ཟླ་བ་གདན། །རིགས་མཐུན་དང་པོ་ལྷ་མོ་བཞི། །ཕྱོགས་བཞི་ནས་ནི་དབང་བསྐུར་མཛད། །ཨོཾ་ལྷ་ཡི་ཆུ་ནི་རྣམ་དག་པ། །རྡོ་རྗེ་གསང་གསུམ་གནས་ལས་བྱུང༌། །རིག་པའི་ལྷ་མོ་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ཨོཾ་བཛྲ་ཨ་བྷི་ཤིཉྩ་མི། བྱང་ཆུབ་སེམས་ཉིད་དག་པའི་རྒྱུན། །རང་གི་ཡེ་ཤེས་རྣམ་པར་གསལ། །མེ་ལོང་ཡེ་ཤེས་རང་བཞིན་གྱི། །མི་བསྐྱོད་ངོ་བོ་ཆུ་ཡི་དབང༌། །ཁམས་ཀྱི་རང་བཞིན་ཐམས་ཅད་དང༌། །སྲོག་དང་རྩ་བ་དེ་བཞིན་ཏེ། །སངས་རྒྱས་རིན་ཆེན་དབང་བསྐུར་བ། །


DTG027_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁས་པས་རྣམ་པ་སྣ་ཚོགས་བརྟག །སྤྱི་བོ་དང་ནི་དཔྲལ་བ་དག་ལྷན་པ་གཉིས་དང་དབྲལ་བ་དུ། །སངས་རྒྱས་རིན་ཆེན་ཐམས་ཅད་ཀྱི། །དབུ་རྒྱན་མི་འགྱུར་དམ་པའོ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང༌། །སྲོག་དང་རྩ་བ་དེ་བཞིན་ཏེ། །ཐོད་པ་རིན་ཆེན་དབུ་རྒྱན་ཅན། །སངས་རྒྱས་གཙུག་གི་ནོར་བུ་དག །ཀུན་དུ་སྣ་ཚོགས་བླ་མར་ནི། །ཀུན་གྱི་སློབ་དཔོན་ཀུན་ལ་བྱ། །རིན་ཆེན་ངོ་མཚར་གཅིག་ལས་བྱས། །དེ་བཞིན་སྣ་ཚོགས་རྒྱན་གྱིས་སྤྲས། །སངས་རྒྱས་པདྨོར་དབང་བསྐུར་བས། །སློབ་མ་ཐམས་ཅད་དབང་བསྐུར་རོ། །སངས་རྒྱས་རྡོ་རྗེ་རིན་ཆེན་ཕྱེད། །རྡོ་རྗེའི་རིགས་ལ་རྡོ་རྗེ་ཡིན། །སྤྱན་རས་གཟིགས་ཀྱི་སངས་རྒྱས་སྐུ། །ནོར་བུ་འཛིན་གྱི་ནོར་བུ་ཡིན། །སངས་རྒྱས་རིན་ཆེན་པདྨོ་དང༌། །རྡོ་རྗེ་ནོར་བུ་དེ་བཞིན་དུ། །ཐམས་ཅད་མཆོག་ནི་རྟ་མཆོག་ལ། །རང་གི་དབང་བསྐུར་བསྡུས་པའོ། །བླུགས་པ་དང་ནི་བྱས་པ་དང༌། །བརྡུད་པའམ་ཡང་ན་བྲིས་པའང་རུང༌། །སྣ་ཚོགས་རབ་ཏུ་ལེགས་པ་ཡི། །མཚན་མའི་ཕྱག་རྒྱ་རབ་ཏུ་བརྟག །སངས་རྒྱས་རིན་ཆེན་དབང་བསྐུར་བས། །ཇི་ལྟ་བར་ནི་དབང་བསྐུར་རོ། །ཨོཾ་སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་ལས་བྱུང་དབུ་རྒྱན་ཆེ། །ཐོར་གཙུག་དབུ་རྒྱན་གྱིས་བརྒྱན་པའི། །དར་དབྱང་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་བ་ར་ཏ་ཀ་བཛྲ་ཨ་ར་ལི་ཧོ། །ཨ་བྷི་ཥིཉྩ་ཏྲཾ། མཉམ་ཉིད་ཡེ་ཤེས་རང་བཞིན་གྱི། །ཉི་མའི་ངོ་བོ་དབུ་རྒྱན་ནོ། །རྡོ་རྗེ་རྩེ་ལྔ་བྱིན་བརླབས་པ། །གཡས་པ་སློབ་མའི་སྙིང་གར་གཏུག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་ཆེན་པོའི་དོན། །དི་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་གཟུང་བར་གྱིས། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། སླར་ཉིད་སློབ་མའི་ལག་གཡས་གཏད། །ལན་གསུམ་གཏོད་དེ་ཐུགས་ཀར་གཟུང༌། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་པོའི་བདག །ཀུན་རྟོག་ཡེ་ཤེས་རང་བཞིན་གྱི། །གར་དབང་ངོ་བོའི་རྡོ་རྗེའི་དབང༌། །དྲིལ་བུ་མདུང་ཞག་བྱིན་བརླབས་ཏེ། །དཀྲོལ་ཞིང་སློབ་མའི་ལག་གཡོན་གཏད། འདི་ནི་རྣལ་འབྱོར་


DTG027_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཚོགས་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་རྟག་ཏུ་བཅང་བར་བྱ། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་ཨ་དྷི་པ་ཏི་སྟྭཾ། ཨ་དྷི་ཥིཉྩ་མི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་རྣམས། །སྲིད་པའི་དམ་པ་བྱེད་པར་འགྱུར། །བྱ་བའི་ཡེ་ཤེས་རང་བཞིན་གྱི། །རྟ་མཆོག་ངོ་བོ་དྲིལ་བུའི་དབང༌། །རྡོ་རྗེ་དྲིལ་བུ་བསྣོལ་བའི་ཕྱག །སྦྱོར་བཅས་སློབ་མའི་མགོ་བོར་གཞག །གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ཡུལ་གང་དང་གང༌། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ཨོཾ་ཤྲཱི་ཆེ་གེ་མོ་ཨ་བྷི་ཥིཉྩ་མཱཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཡ་ཧོ། །ཆོས་དབྱིངས་ཡེ་ཤེས་རང་བཞིན་གྱི། །རྣམ་སྣང་ངོ་བོ་མིང་གི་དབང༌། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་ཚིག་གིས་ཀྱང༌། །རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །དེ་ནས་མནའ་ནི་བསྒགས་བྱས་ནས། །སངས་རྒྱས་ཐམས་ཅད་མཐུན་པ་ཡིས། །མཆོག་ཏུ་རྟག་པའི་བཀའ་སྩལ་ཏེ། །དམ་ཚིག་སྡོམ་པ་སྦྱིན་པར་བྱ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱོད་བྱེད་པ། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང༌། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིང་ནས། །སྙིང་ལས་ཁྲག་ཆེན་འཐུང་བར་འགྱུར། །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་ནི་བསྒྲུབ་པར་བྱ། །རང་གི་ངོ་བོ་ཡོངས་སྤངས་ཤིང༌། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་འདའ་བར་དཀའ་བའོ། །མགོན་ཁྱོད་ཐུགས་རྗེའི་རང་བཞིན་གྱིས། །དཀྱིལ་འཁོར་སློབ་དཔོན་དབང་བསྐུར་སོགས། །བདག་གཞན་དོན་གྱི་


DTG027_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་རྣམས། །གྲུབ་བྱེད་དབང་བསྐུར་བདག་ལ་སྩོལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །ཟུང་ཤིག་ཡང་དག་གཟུང་བར་གྱིས། །དི་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་གཟུང་བར་གྱིས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་ཏུ་ཁྱོད་ཀྱིས་ཀྱང་བཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བ་རྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བསྐྱེད། །ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྚ་ཨ། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །ལུས་ཀུན་བརྟན་བྱེད་གང་ཞིག་ནི། །ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན། །ཨོཾ་མ་ཧཱ་ཀཱ་ཡ་ཝཱཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧཱུཾ། མཆོད་ཚོགས་གར་བསྐོར་བསྟོད་དང་བཅས། །དགྱེས་པའི་བརྟུལ་ཞུགས་དབང་མཆོག་གོ །སེམས་དཔའི་ང་རྒྱལ་རྣལ་འབྱོར་པས། །སྙེམས་བཅས་མེ་ཏོག་ཕྲེང་འཕང་བྱ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་བཅས་ཀུན་ནས་རྣམ་པར་རོལ། །རྡོ་རྗེ་སེམས་སོགས་རབ་སྦྱོར་བས། །བདག་བསྟོད་བདེ་ཆེན་མཆོད་པ་མཛོད། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །བཅོམ་ལྡན་ཀུན་དུ་མི་འབྲལ་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །མཱ་ལྱེ་ཧཱུཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་དབྱངས་སྙན་པའི་ཚིག་བརྗོད་པས། །བདེ་བར་གཤེགས་པའི་དངོས་གྲུབ་མཆོག །མྱུར་དུ་བདེ་བ་མྱོང་བར་འགྱུར། །གི་བཛྲ་གཱི་ཏི་ཧཱུཾ། གར་བཅས་ཐལ་མོ་སྦྱོར་བ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱོས། །སངས་རྒྱས་འདུས་པའི་ཕྲིན་ལས་ཀྱི། །གར་དབང་ཚུལ་བཞིན་བསྒྱུར་བར་གྱིས། །ཨོཾ་བཛྲ་ནྲི་དྱེ་ཧཱུཾ། རྫོགས་སངས་རྒྱས་ལ་སྤོས་འབུལ་མ། །བརྟུལ་ཞུགས་བཟང་པོས་ལེགས་པར་ཚིམ། །ལུས་ཅན་བདེ་གཤེགས་ཆ་འདྲ་བར། །ཡེ་ཤེས་ཅན་གྱིས་ཚིམ་པར་གྱིས། །ཨོཾ་བཛྲ་དྷཱུ་པྲེ་ཧཱུཾ། མེ་ཏོག་སངས་རྒྱས་རྣམས་སུ་འཐོར། །བྱང་ཆུབ་ཡན་ལག་ཚོགས་པའི་


DTG027_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒོ། །མཚན་བཟང་དཔེ་བྱད་ཀུན་ལྡན་པའི། །བདེ་བར་གཤེགས་པའི་སྐུ་ཐོབ་འགྱུར། །བྷྲཱུཾ་བཛྲ་པུཥྤེ་ཧཱུཾ། ཆོས་ཀྱི་མིག་འབྱེད་སྒྲོན་གསལ་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་མུན་འཐོམས་པའི། །ཡེ་ཤེས་སྣང་བ་གསལ་བར་གྱིས། །པྲ་བཛྲ་ཨཱ་ལོ་ཀེ་ཧཱུཾ། རྒྱལ་བ་རྣམས་ལ་དྲི་སྦྱོར་ཞིང༌། །ཚུལ་ཁྲིམས་ཕུང་པོ་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བྱུག །ཨ་བཛྲ་གནྡྷེ་ཧཱུཾ། བདག་གཞན་དངོས་གྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་ཚོགས་གྱུར་པའི། །ཞི་རྒྱས་དབང་དང་དགུག་པ་དང༌། །སྡང་གནོད་ངེས་པའི་ལས་ཀུན་དང༌། །འབྱེད་རྨོངས་བསྐྲད་པའི་ཆོ་ག་རྣམས། །ཐོགས་པ་མེད་པར་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །ཐོག་མེད་མི་འབྱིང་སྐས་འཇོག་ཅིང༌། །གསེར་འགྱུར་རི་ལུ་ཉི་ཟླ་གཟུང༌། །ཆར་དབབ་ལ་སོགས་ལས་ཀྱི་ཚོགས། །རྣམ་ཤེས་བསྒྲུབ་དང་ཡེ་ཤེས་བསྒྲུབ། །ཕྱག་རྒྱ་ཤེས་པའི་དངོས་གྲུབ་དང༌། །ཐམས་ཅད་བསྒྲུབ་ཅིང་གྲོལ་བ་ཡི། །དོན་ཉིད་ཡང་དག་གྲོལ་བར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང༌། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱས། །ཕྲིན་ལས་གཞན་དག་སྦྱོར་བ་ཡི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་གནང༌། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །རང་བཞིན་མེད་ཅིང་བདག་མེད་བ། །ཆོས་རྣམས་དེ་བཞིན་ཤེས་བྱས་ནས། །སེམས་ཅན་དོན་ལ་ཡང་དག་བྱོས། །འོན་ཀྱང་སངས་རྒྱས་རིགས་སུ་སྐྱེས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་པ་ཡི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་


DTG027_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །རིགས་ཀྱི་ཡི་གེ་མཚན་ལྡན་པའི། །མདའ་འཕང་བ་དང་འཁོར་ལོ་གནོན། །གཡས་པས་དུང་གི་སྒྲ་འབྱིན་ཞིང༌། །གཡོན་པར་རང་གི་གླེགས་བམ་མོ། །ཨོཾ་ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས། །སེམས་ཅན་ཀུན་དོན་རབ་སྦྱོར་ཞིང༌། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །ཐེ་ཚོམ་རྟོག་ཚོགས་གཅོད་མཛད་པའི། །ཆོས་ཀྱི་དུང་ནི་སྒྲ་སྒྲོགས་ཤིང༌། །གསང་སྔགས་སྙིང་པོའི་གསང་ཆེན་འདི། །སྣོད་ལྡན་ཀུན་ལ་རབ་ཏུ་ཤོད། །དེས་ནི་རྒྱལ་བ་ཐམས་ཅད་ལ། །ཕན་འདོགས་དྲིན་བུ་གཟོ་ཞེས་བྱ། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། །ཁྱོད་ལ་རྟག་ཏུ་སྲུང་བར་མཛོད། །མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་སུ། །རྡོ་རྗེའི་འཁོར་ལོ་བསྐོར་དུ་གསོལ། །རྡོ་རྗེ་གནས་སུ་བདེ་གཤེགས་རིན། །པདྨོ་ལས་ཀྱི་རྗེས་སུ་གནང༌། །འདི་ལྟར་ང་ཡིས་ཁྱོད་ལུང་བསྟན། །རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་གྲོལ། །ཆེ་གེ་མོ་ཞེས་བྱ་བ་ནི། །དེ་བཞིན་གཤེགས་པ་བྷུར་བྷུ་བ་སྭཿ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །དུས་གཅིག་ཏུ་ནི་ལུང་བསྟན་པས། །ཕྱག་རྒྱ་ཆེན་པོའི་སྔགས་བཅས་མཐུས། །སྐད་ཅིག་དུས་ཀྱི་ལུང་བསྟན་མཛད། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་བྱ་མ་ཡིན། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་སོགས་རྒྱུད་རྣམས་འཛིན་པར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་བསྲུངས། །སེམས་ཅན་ཀུན་ལ་སྙིང་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །རྩེ་གཅིག་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ཤིང་མཐོང་ལ་སོགས་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང༌། །ཁྱེད་རྣམས་རབ་ཏུ་དགྱེས་པར་གནས། །


DTG027_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཀྱང་འཆི་བ་ཡོད་མེད་ཅིང༌། །མཚུངས་མེད་ཐུབ་པར་མི་འགྱུར་ཏེ། །ཅིས་ཀྱང་མི་འཇིགས་དགའ་བར་གྱས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །བྱང་ཆུབ་སེམས་ནི་ཡོངས་མི་སྤང༌། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་དག་མི་སྨད་ཅིང༌། །མ་གུས་སྤང་ཞིང་དོར་མི་བྱ། །མི་ཤེས་སྣོད་མིན་རྨོངས་པ་ལ། །ནམ་ཡང་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་གྱིས། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །བདག་པོར་རྒྱལ་ཆེན་དབང་བསྐུར་ཞིང༌། །བདུད་རྣམས་ཐམས་ཅད་ལས་རྒྱལ་བས། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །འདི་ཡིས་ཁྱེད་རྣམས་དུས་འདི་རུ། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །དབང་བསྐུར་རྗེས་ཐོབ་དབུགས་ཕྱུང་བས། །སློབ་མ་ཡོན་འབྱུང་རྒྱལ་པོར་འགྱུར། །སློབ་དཔོན་བློ་གྲོས་དམ་ཚིག་ལྡན། །བརྟན་གཡོའི་མཐའ་ལས་རྣམ་པར་གྲོལ། །ལམ་མཆོག་འཇུག་སོགས་དབུགས་དབྱུང་སྟེ། །ངལ་བའི་གནས་ངན་ཀུན་དུ་སྤངས། །རིགས་ཀྱི་འཁོར་གང་ཡིན་པ་ཡི། །བརྟེན་པའི་དཀྱིལ་འཁོར་དེ་བཞིན་ཉིད། །རྟེན་གནས་ཁང་པ་རྒྱན་བཅས་པའི། །རྣམ་དག་རང་བཞིན་རྒྱན་བསྟན་ཅིང༌། །བསྐྱེད་པའི་ལས་ལམ་བྱེ་བྲག་སོགས། །སློབ་དཔོན་ཕྱོགས་གཅིག་ནས་འཇུག་པའི། །རིག་པའི་ཡན་ལག་རྒྱུད་དོན་བཞིན། །སློབ་དཔོན་དབང་བསྐུར་དོན་དུ་བསྟན། །དེ་ནས་སྣ་ཚོགས་རྒྱན་རྣམས་དང༌། །མཆོད་པ་ཀུན་དང་གཏོར་མ་ཀུན། །སྔ་མ་བཞིན་དུ་ཕུལ་བྱས་ཏེ། །དཀྱིལ་འཁོར་ལྷ་རྣམས་བསྟོད་པར་བྱ། །ཀུན་དུ་སྣ་ཚོགས་བླ་མ་ལ། །ཡོན་མཆོག་བདག་གིས་དབུལ་བར་བྱ། །གང་ལ་ཡོངས་སུ་གཏང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །གང་དང་གང་ནི་སྡུག་པའི་མཆོག །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ། །དེ་ནི་ཟད་པར་འདོད་པས་དབུལ། །ཡང་ན་དེ་ནི་འདོད་གྱུར་པའམ། །འོན་ཏེ་སེམས་ལ་དགོས་པ་དག །དེ་བཞིན་ཡང་ན་དགོས་པར་བྱ། །


DTG027_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནི་ཆུང་ཡང་མཆོག་ཡིན་ནོ། །གལ་ཏེ་དེ་ལ་མཆོག་བདོག་ལ། །དེ་ཡང་ངན་པའི་ཡོན་དབུལ་ན། །ཀུན་གྱི་སློབ་དཔོན་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །བུ་མོ་ཤིན་ཏུ་བརྒྱན་པའམ། །དེ་བཞིན་ཆུང་མ་སྡུག་པ་དག །ཕུལ་ནས་རིན་གྱིས་བསླུ་བ་ནི། །སངས་རྒྱས་བྱང་ཆུབ་མཆོག་གི་ཡོན། །མི་ཆེན་དག་ནི་ཕུལ་ནས་སུ། །སླར་ཡང་རིན་གྱིས་བསླུ་བ་ནི། །རྡོ་རྗེ་འཛིན་པ་དཔལ་སྦྱོར་བ། །ཡོན་དེ་མཆོག་གི་ཡོན་ཡིན་ནོ། །མུ་ཏིག་ཟངས་དང་ནོར་བུ་དང༌། །ཤིན་ཏུ་དཀར་དང་རས་ཟུང་དང༌། །དེ་བཞིན་རྟ་ནི་དཀར་པོ་དང༌། །པདྨ་ཅན་གྱི་ཡོན་མཆོག་ཡིན། །རྒྱལ་སྲིད་ལོངས་སྤྱོད་གཏེར་རྣམས་དང༌། །གོས་དང་རྒྱན་གྱི་ཚོགས་རྣམས་དང༌། །དེ་བཞིན་མཆོད་པ་ཐམས་ཅད་དང༌། །རྡོ་རྗེ་ཉི་མའི་ཡོན་ཡིན་ནོ། །རྟ་མཆོག་ཤིན་ཏུ་བརྒྱན་པའམ། །གླང་པོ་ཤིན་ཏུ་བརྒྱན་པ་དང༌། །ཤིང་རྟ་རིན་ཆེན་བཀང་བ་དག །རྟ་ཡི་རྒྱལ་པོའི་ཡོན་ཡིན་ནོ། །དེ་ནས་དབེན་པའི་གནས་དག་ཏུ། །དྲིས་བྱུགས་མཎྜལ་ལེགས་བཤམས་ནས། །སྣ་ཚོགས་རྒྱན་སོགས་མེ་ཏོག་བཀྲམ། །བླ་མ་བདེ་བའི་སྟན་ལ་གཞག །ཤེས་རབ་ཕུན་སུམ་མཚན་ལྡན་པ། །སྣོད་ལྡན་དབང་ཐོབ་དམ་ཚིག་གནས། །ཡོན་བཅས་བླ་མ་ལ་ཕུལ་ནས། །སྟོན་མོའི་གཡོས་སོགས་དགའ་ལོངས་སྤྱོད། །རྡོ་རྗེ་ཡོལ་བས་བར་བཅད་ལ། །གུས་པས་རྒྱང་ནས་གསོལ་བ་གདབ། །དཔལ་ལྡན་མགོན་པོ་བདེ་བ་ཆེ། །བདེ་ཆེན་བདེ་བའི་གནས་ལ་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་བདེ་སྩོལ་མཛོད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡི། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་སོགས་འགྲོ་ཀུན་གྱི། །སྡུག་བསྔལ་ཐམས་ཅད་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་རྟོག་པའི་རབ་རིབ་སེལ། །གང་གིས་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །བློ་གྲོས་ཐུགས་རྗེ་ཆེན་པོ་ཡིས། །བརྩེ་བའི་གསུང་གིས་སླར་བརྗོད་པ། །བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཏིང་


DTG027_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་སྦྱོར་སྔགས་གསལ་བ་ཡིས། །རང་གི་གནས་སུ་ལེགས་པར་སྡོད། །དེ་ནས་ཕྱི་ནང་ཁྲུས་སོགས་ཀྱིས། །དམ་ཚིག་ལྷ་མོ་སྤྱང་བྱས་ནས། །ཉུངས་ཀར་སྔགས་ཀྱིས་བགེགས་བསྐྲད་ཅིང༌། །སྦྱོར་བ་རྗེས་སྦྱོར་གྱིས་བསྐྱེད་དེ། །དབང་བསྐུར་བྱིན་བརླབས་རྫོགས་བྱས་ནས། །རོལ་པའི་བརྡས་བསྐུལ་སྤྲོ་བ་བསྐྱེད། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །སློབ་མའི་ཁ་རུ་དབབ་པར་བྱ། །ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །རང་གི་སྲས་མཆོག་དབང་བསྐུར་ཞིང༌། །བྱང་ཆུབ་སེམས་དེ་དག་པའི་ཆུ། །རྟོག་ཚོགས་དྲི་མ་དག་པར་བྱས། །ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང༌། །ལོངས་སྤྱོད་གནས་ལ་གཞུག་བྱས་ཏེ། །རིགས་ཀྱི་ཆ་ལུགས་གསལ་བ་དག །ཆུ་ཟླ་སྒྱུ་མའི་རྣམ་པ་བཞིན། །རྫོགས་རིམ་བཅུད་རྫོགས་བླ་མ་མཆོག །འགྲོ་བ་སྐྱོབ་པའི་བློ་ལྡན་པ། །རྡོ་རྗེ་འཛིན་པའི་གསང་གནས་དོན། །སློབ་མས་རྒྱུད་ལ་རབ་བསྐུལ་མཛད། །མཚན་ལྡན་ཡུལ་བཅས་བླ་མ་ལ། །མཆོད་ཅིང་གསོལ་བ་གདབ་པར་བྱ། །ཀྱེ་ཀྱེ་མགོན་པོ་བདེ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཕྱག་རྒྱ་མི་ཕྱེད་རབ་སྒྲུབ་པ། །མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར། །བདག་ཉིད་ཆེན་པོས་ཇི་ལྟ་བར། །གཙོ་བོས་བདག་ལ་མཛད་དུ་གསོལ། །རྟོག་པའི་དྲི་མས་བསྒྲིབས་པ་རྣམས། །བྱང་ཆུབ་ཆུ་ཡིས་དག་པར་མཛོད། །རིགས་མཐུན་མཚན་ལྡན་བྱིན་བརླབས་པའི། །ལྷ་མོ་བུ་ཡི་ལག་ཏུ་གཏད། །དགའ་པའི་གནས་ཆེན་ལྷ་མོ་འདི། །སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༌། །ལེགས་པར་ཟུང་ཤིག་བློ་གྲོས་མཆོག །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་འདི་དག་ཐམས་ཅད་འགྱུར། །དེ་བས་ཁྱོད་ཀྱིས་འདི་ཉིད་ཏུ། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ལྷ་མོས་གྲོགས་ལ་དགའ་བའི་བཞིན། །རྒྱས་མཛད་པདྨ་ཁ་ཕྱེ་བསྟན། །ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་


DTG027_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏུང་དང༌། །རཀ་ཏ་ག་པུར་མཱཾས་དང༌། །བུད་མེད་རྣམས་ལ་དད་གུས་དང༌། །བྷ་གར་འོ་བྱེད་མི་རྟོག་པ། །སྨྲོས་ཤིག་གྲོགས་པོ་བདེ་བ་ཅན། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་བཟའ་བ་དང༌། །བུད་མེད་རྣམས་ལ་རྟག་གུས་ཤིང༌། །བྷ་གའི་པདྨར་འོ་བགྱིད་ཅིང། །རྨད་བྱུང་གསང་བའི་པདྨ་འདི། །ཐམས་ཅད་བདེ་བར་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་སྤྱོད་ན། །དེ་ཉིད་བདེ་ཆེན་འབྲལ་མི་འགྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རྣམ་པར་གྲོལ། །བདེ་ཆེན་རྒྱལ་བ་འདི་ཉིད་ནི། །དངོས་པོ་ཀུན་གྱི་རང་བཞིན་གནས། །ནང་གི་རྩ་ཡི་འཁོར་ལོའི་ཚོགས། །པདྨ་ལ་བཞུགས་རབ་ཏུ་རྒྱས། །བྷ་གའི་མཁའ་དབྱིངས་ནམ་མཁའི་དབྱིངས། །འབྱུང་བ་ལྔ་པོ་རྒྱན་བཞིན་དགོད། །ལྟེ་བ་ཟེའུ་འབྲུ་གེ་སར་ཟླུམ། །འདབ་མ་བརྒྱད་སོགས་རྣམ་པར་མཛེས། །དེ་ཡི་དབུས་སུ་གནས་པ་ནི། །དེ་ཉིད་བདུད་རྩི་བདེ་ཆེན་གཟུགས། །བྷཉྫ་མོཀྵ་ཧོ། །དབེན་པའི་གནས་མཆོག་དྲི་བཅས་བརྒྱན། །ཡོལ་བའི་རབ་སྟན་བདེ་ལ། །ཐབས་ཤེས་སྦྱོར་བའི་ཏིང་འཛིན་དང༌། །རྗེས་སུ་སྦྱོར་དང་སྦྱོར་ཆེན་བསྒོམ། །ཀ་མ་ལ་ཡི་གཙུག་ལག་གཞུང༌། །རིམ་གྱིས་བདེ་བའི་ཡེ་ཤེས་བསྐྱེད། །དངོས་གྲུབ་ཤིས་དང་མི་ཤིས་ལས། །ཡི་གེ་ལྔ་བཅུའི་མཚན་མ་བརྟག །ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །སྙིང་རྗེ་ཆན་པོ་མཁའ་འདྲ་ཞིང༌། །རྡུལ་བྲལ་ཐར་པ་ཞི་བ་ཆོས། །རང་གི་རང་བཞིན་དེ་ཉིད་དོ། །བྱང་སེམས་རྡོ་རྗེ་ལྕེ་ཡིས་བླང༌། །མཆོད་ཡོན་དབུལ་བསྐོར་གཏང་རག་གཏང༌། །བླ་མ་དམ་པའི་མན་ངག་གིས། །དབང་བཞིའི་རིམ་པ་བསྟན་པའི་ཕྱིར། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྣམ་གསུམ་ཕྱག་རྒྱ་གང་རུང་ལས། །གཉིས་མེད་བདེ་བའི་ཡེ་ཤེས་དོན། །མངོན་སུམ་ཉམས་མྱོང་རྒྱུད་ལས་བསྐྱེད། །རྣལ་འབྱོར་བདེ་བ་ཐམས་ཅད་ཀྱིས། །དབང་བསྐུར་བདེ་ཆེན་ལས་བྱུང་བའི། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱིས། །རབ་ཏུ་མྱོས་པས་དབང་བསྐུར་འགྱུར། །དེ་དོན་རྟོག་པ་བདུན་པ་ལས། །རྒྱས་པར་བསྟན་པའི་གཞུང་


DTG027_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་བསླབ། །ཕྱི་ནང་གསང་བ་གསང་ཆེན་གྱི། །དབང་བསྐུར་དམ་པ་བཞི་དག་ལས། །རྒྱུད་གཞན་ལ་ལས་བུམ་པ་དང༌། །གསང་བ་ཤེས་རབ་ཡེ་ཤེས་དང༌། །བདེ་ཆེན་བཞི་པ་ཞེས་བརྗོད་དེ། །དེ་དོན་རང་བཞིན་མཚུངས་པའོ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །རྡོ་རྗེ་བླ་མ་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །དྲན་པ་གསལ་བས་གཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཆེན་ཏོག ། ཕྱི་དང་ནང་གི་སྦྱིན་སྲེག་དང༌། །གཏོར་མའི་ལས་རྣམས་རྫོགས་བྱས་ནས། །རབ་ཏུ་གཅེས་པའི་རིན་ཆེན་སོགས། །བླ་མའི་ཞབས་ལ་བཏུད་ཏེ་དབུལ། །དེང་ནས་བརྩམས་ཏེ་དུས་ཀུན་དུ། །བླ་མ་བཟང་ལ་རབ་གུས་དང༌། །ཐུགས་རྗེ་བརྩེ་བ་ཉེར་བཞག་ནས། །བདག་ལ་དགོངས་ཤིང་གཟིགས་པར་མཛོད། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །སོན་ལམ་རྒྱ་ཆེན་གདབ་པར་བྱ། །དཀྱིལ་འཁོར་རྣམ་གསུམ་རིམ་པ་བཞིན། །བསྡུ་བའི་ཆོ་ག་རྒྱ་ཆེར་བྱ། །སྦྱིན་པ་རྣམ་བཞིའི་བྱེ་བྲག་གིས། །མགྲོན་ཚོགས་མ་ལུས་དགུག་པར་བྱ། །བཀྲ་ཤིས་གླུ་གར་རོལ་མོའི་ཆོགས། །དེ་ཉིད་ལོངས་སྤྱོད་ཉེ་བར་གནས། །མགོན་པོས་ཇི་ལྟར་རྣམ་བཀོད་པ། །དེ་དོན་གསང་བ་རྒྱ་མཚོའི་རྒྱུད། །རབ་བསྡུས་དཀྱིལ་འཁོར་ཆོ་ག་བཞིན། །དྲི་མེད་ཡན་ལག་རྒྱས་པའི་ཚུལ། །རྣལ་འབྱོར་འཇུག་པའི་ཡན་ལག་ཏུ། །བསྟན་པའི་དགེ་བས་འགྲོ་བ་རྣམས། །རང་གི་ཡེ་ཤེས་ཟག་པ་མེད། །བདུད་རྩིའི་བཅུད་ཀྱིས་རྒྱས་པར་ཤོག །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གུ་ལེནྡྲ་གུབྟ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དྲན་བ་ནམ་མཁས་བསྒྱུར་བ། ཕྱིས་ཀྱི་ལོ་ཙཱ་བ་ལྷ་རིན་པོ་ཆེས་བཅོས་ཤིང་གཏན་ལ་ཕབ་པའོ། །


previousདཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།next