Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་གཉིས་པ།

18 occurrences of རྒྱུད་གསུམ་
[Clear Hits]


18  collapse section
14   
ལེའུ་དང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་རྒྱ་ཆེར་བཤད་པ།
 
  
 
 
  
  
  


18 occurrences of རྒྱུད་གསུམ་
[Clear Hits]

 
no previousལེའུ་དང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་རྒྱ་ཆེར་བཤད་པ།next

ལེའུ་དང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་རྒྱ་ཆེར་བཤད་པ།


DTG032_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ། བོད་སྐད་དུ། །སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ། རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྟོག་པའི་དྲ་བ་དུ་མ་སྣ་ཚོགས་མུན་པའི་ཚོགས་ནི་འཇོམས་བྱེད་ཉི་མ་ནི། །གང་ཞིག་ཡོད་དང་མེད་པ་ཉིད་ཀྱང་ཡོངས་སུ་སྤོང་བ་ལ་བརྩོན་ངོ་བོ་ཉིད་མེད་སྐུ། །ཤིན་ཏུ་རྗེས་ཆགས་ཡིད་ཅན་ལྷ་མོ་རེག་བྱ་རྡོ་རྗེ་མ་ལ་ཡང་དག་པར་འཁྱུད་པ། །དཀྱིལ་འཁོར་པ་རྣམས་དག་གིས་ཡོངས་བསྐོར་དཔེ་མེད་རྡོ་རྗེ་སེམས་དཔའ་དེ་ལ་བདག་གིས་འདུད། །འཁོར་བའི་དགོན་པར་རྟོག་པའི་དྲ་བ་དུ་མས་རྣམ་པར་འཁོར་བ་ནི། །རྐུན་པོ་དང་འདྲ་གང་གིས་ཤིན་ཏུ་དཀའ་བའི་གནས་སུ་འཇིག་རྟེན་ཁྱེར། །གང་ཡོད་པས་ནི་སྲིད་པ་པ་རྣམས་སྐྱེ་ཡིན་ཁམས་ཚོགས་དེ་དག་ནི། །ཡང་དག་སྦྱངས་ཏེ་གསལ་བྱེད་རིགས་བདག་བཙུན་མོ་སྤྱན་སོགས་བདག་གིས་འདུད། །དྲི་མ་དང་བཅས་གཟུགས་སོགས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་དག་བྱས་ནས། །ནམ་མཁའི་དཀྱིལ་མཚུངས་ཤེལ་ལྟར་དངས་ཤིང་ཡེ་ཤེས་ལྔ་པོ་


DTG032_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རོ་གཅིག་རབ་བསྐྱེད་པ། །ཐབས་དང་ཤེས་རབ་བདག་ཉིད་སྐུ་ཡིས་སྐྱེ་དགུ་ཕན་འདོགས་བརྩོན་འགྲུས་བདག་ཉིད་ཅན། །རང་བཞིན་གྱིས་གྲུབ་རྟག་པ་ལ་སོགས་རྒྱལ་བའི་ཚོགས་རྣམས་མཆོག་གྱུར་དེ་ལ་བདག་ཕྱག་འཚལ། །གང་གིས་དབང་པོ་རྣམས་ནི་ངེས་པར་ཉམས་བྱས་པ། །ཆུ་སྐྱེས་དྲི་ཡི་ཚོགས་ཀྱིས་བུང་བའི་ཚོགས་རྣམས་བཞིན། །དེ་དག་གང་གིས་རབ་ཏུ་ཞི་བར་བྱེད་པ་ནི། །གཟུགས་ཀྱི་རྡོ་རྗེ་མ་སོགས་དེ་ལ་བདག་ཕྱག་འཚལ། །གཟུགས་སོགས་སྤྱོད་ཡུལ་ཚོགས་ནི་རབ་ཉམས་རྒྱུ་ཡི་ཕྱིར། །སྐད་ཅིག་བདེ་བའི་སྲེད་པས་གཟུང་བར་བྱེད་པ་གང༌། །དབང་པོ་དེ་རྣམས་གང་གིས་རྒྱལ་བ་ཉིད་བྱེད་པ། །ས་སྙིང་ལ་སོགས་དེ་ལ་སྤྱི་བོས་བདག་རྟག་འདུད། །འགྲོ་བ་མ་ལུས་གཟིར་བྱེད་འཇིག་རྟེན་སྐྱོང་བ་རྣམས། །ཤིན་ཏུ་ཟིལ་གྱིས་མནན་ཅིང་ཐེག་མཆོག་འཇུག་བྱེད་པ། །སྦྲུལ་བདག་ཚོགས་ཀྱིས་ཡན་ལག་བརྒྱན་ཅིང་ཁྲོ་བཅས་པ། །གཤིན་རྗེ་གཤེད་སོགས་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །ཀོང་ཀ་ན་ཡི་གྲོང་ཁྱེར་དུ། །དཔལ་གྱི་རི་ཡི་རྩེ་མོར་ནི། །སྐྱེ་བོས་དབེན་པའི་གནས་ཉིད་དུ། །དང་པོར་དེ་ལ་གནས་བྱས་ན། །མི་དང་ལྷ་ཡི་བདག་པོར་མཚུངས། །མཆོག་ཏུ་གྱུར་པའི་ཆོས་གསུངས་པ། །སྒྲ་གཅན་འཛིན་གྱི་ཞལ་སྔ་ནས། །ས་སྟེང་འདི་ལ་རྒྱལ་གྱུར་ཅིག །མཉེས་


DTG032_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལས་དེ་ཉིད་ནི། །ཐེག་ཆེན་རྣལ་འབྱོར་པས་ཐོབ་པ། །ས་ཐོབ་གཞན་གྱི་དོན་ལ་བརྩོན། །དཔལ་ལྡན་ཀླུ་སྒྲུབ་རྒྱལ་གྱུར་ཅིག །དེ་ལས་དེ་ཉིད་རིན་ཆེན་ནི། །ཐོབ་པ་འཇིག་རྟེན་གསུམ་དུ་གྲགས། །འདུས་པ་རྒྱ་མཚོའི་ཕ་རོལ་ཕྱིན། །ཟླ་གྲགས་གསལ་བྱེད་རྒྱལ་གྱུར་ཅིག །དེ་ཡིས་བྱས་པའི་འགྲེལ་པ་ནི། །མཐའ་དྲུག་བཤད་པས་ཟབ་པ་ཉིད། །དེ་ནི་དེང་བདག་མ་ལུས་པར། །སྐལ་ལྡན་གྲགས་པས་གསལ་བཤད་བྱ། །སྔགས་ཀྱི་ཐེག་པ་ཆེན་པོ་འདི་ལ་ནི་ནཻ་ར་ཉྫ་ནའི་ཆུ་བོའི་འགྲམ་དུ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་དགའ་ལྡན་གྱི་གནས་སུ་གཤེགས་པ་བཞིན་དུ་རྒྱུད་ལ་སོགས་པའི་རིགས་པ་བཞི་ལ་བརྟེན་ཏེ། སྙིགས་མ་རྣམ་པ་ལྔས་རྙོག་པར་བྱས་པའི་སེམས་ཀྱི་རྒྱུད་དང་ལྡན་པའི་མ་འོངས་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་ཆོས་ཀྱི་འབྱུང་གནས་ཀྱི་གཞི་ཅན་གཞལ་ཡས་ཁང་པ་ལ་བཞུགས་ཏེ། དཀྱིལ་འཁོར་པ་རྣམས་སྤྲོ་ཞིང་དེ་བཞིན་གཤེགས་པ་ལྔས་གསོལ་བ་གདབ་པའི་དཔལ་རྡོ་རྗེ་འཆང་ཆེན་པོས་བསམ་པ་དང་བག་ལ་ཉལ་དང་ཁམས་དང་བག་ཆགས་ཀྱི་དབྱེ་བ་ལས་སྔགས་ཀྱི་བསྟན་བཅོས་རྣམ་པ་ལྔ་རུ་གསུངས་ཏེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་གྱི་བླ་མ་དང༌། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སོ། །དེ་ལ་དཀྱིལ་འཁོར་དང་བསྐོར་བ་དང་སྦྱིན་སྲེག་དང་རབ་ཏུ་གནས་པ་དང་དུས་གསུམ་དུ་ཁྲུས་དང་གོས་དུས་ གསུམ་དུ་བརྗེ་བ་དང་བསྙུང་བར་གནས་པ་ལ་སོགས་པ་རྗོད་པར་བྱེད་པའི་རྒྱུད next hit་ནི་བྱ་བའི་རྒྱུད་དེ་སྒྲོལ་མ་བྱུང་བ་ལ་སོགས་པའོ། །བརྟུལ་ཞུགས་དང་དངོས་གྲུབ་དང་རྫུ་འཕྲུལ་གཙོར་གྱུར་པ་ལ་སོགས་པ་སྤྱོད་པའི་རྒྱུད་དེ་དཔལ་མཆོག་དང་པོ་དད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་རྣམས་སོ། །ཕྱག་རྒྱ་བཞི་དང་དཀྱིལ་འཁོར་དང་ཏིང་འཛིན་གཙོར་གྱུར་པའི་རྣལ་འབྱོར་གྱི་རྒྱུད་ནི་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའོ། །བསྐྱེད་པ་དང་རྫོགས་པ་ལ་སོགས་པ་སོ་སོར་བསྟན་པའི་རྒྱུད་ནི་རྣལ་འབྱོར་གྱི་བླ་མ་སྟེ་དཔལ་གསང་བ་འདུས་པ་ལ་སོགས་པའོ། །རིམ་པ་གཉིས་པོ་དེ་ཡང་སྤྲོས་པ་མེད་པར་གང་དུ་ཁྱད་པར་དུ་བསྟན་པ་དེ་དག་ནི་དཔལ་དགྱེས་པའི་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་


DTG032_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྒྱུད་དོ། །དེ་ལ་རབ་དང་འབྲིང་གི་གཏི་མུག་གི་རིགས་ཅན་ལ་དགོངས་ཏེ་བྱ་བའི་རྒྱུད་བསྟན་ཏོ། །གཏི་མུག་དམན་པའི་རིགས་ཅན་རྣམས་ལ་སྤྱོད་པའི་རྒྱུད་བསྟན་ཏོ། །དམན་པ་དང་བར་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་རྒྱུད་བསྟན་ཏོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རབ་གྱི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་བླ་མའི་རྒྱུད་དོ། །རབ་ཀྱི་རབ་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་མའི་རྒྱུད་བསྟན་ཏོ་ཞེས་རྒྱུད་ཀྱི་དབྱེ་བ་དང་ཡུལ་གྱི་བྱེ་བྲག་བསྟན་ཏོ། །ཡུལ་གྱི་དབྱེ་བ་དེ་ལ་ནི་ཙནྡན་དང་ཨུཏྤལ་དང་པདྨ་དཀར་པོ་དང༌། པདྨ་དམར་པོ་དང༌། རིན་པོ་ཆེ་སྟེ་གང་ཟག་རྣམ་པ་ལྔ་ཡོད་དེ། དེ་ལ་ཙནྡན་ནི་བླུན་པོའི་རིགས་ཅན་ནོ། །ཨུཏྤལ་ནི་དབང་པོ་དམན་པའོ། །པདྨ་དཀར་པོ་ནི་དབང་པོ་བར་པའོ། །པདྨ་དམར་པོ་ནི་དབང་པོ་རྣོ་བའོ། །རིན་པོ་ཆེ་ནི་དབང་པོ་རབ་ཀྱི་རབ་བོ། །བག་ཆགས་ཀྱི་བྱེ་བྲག་གིས་གང་ཟག་རྣམས་ལ་རིགས་ཀྱི་བྱེ་བྲག་བསྟན་ཏོ། །དེ་ཡང་གདོད་མ་ནས་ཆགས་པ་ཡིན་ཏེ་དེ་དངུལ་ལ་སོགས་པའི་རིགས་བཞིན་ནོ། །དེའི་ཕྱིར་གང་ཟག་གི་དབྱེ་བ་ལ་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ཀྱི་ངོ་བོ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་འདི་གང་ཟག་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་གསུངས་པ། དེའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་བརྟེན་ཏེ་སྒྲོལ་མ་གསལ་བར་བྱེད་པ་བརྩམས་སོ། །ཇི་སྐད་དུ་རྒྱུད་ཕྱི་མ་ལས། བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པའི་རིམ་པ་ཉིད་དང་ནི། །རིམ་པ་གཉིས་ལ་བརྟེན་བྱས་ནས། །རྡོ་རྗེ་ཅན་གྱིས་ཆོས་གསུངས་སོ། །དེ་ལ་བསྐྱེད་པའི་རིམ་པ་རྣམ་པ་གསུམ་སྟེ། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་བ་མཆོག་དང༌། ལས་རྒྱལ་བ་མཆོག་གོ །རྫོགས་པའི་རིམ་པ་ནི་རྣམ་པ་ལྔ་སྟེ། རྡོ་རྗེ་བཟླས་པའི་རིམ་པ་དང༌། སེམས་ལ་དམིགས་པ་ཐོབ་པའི་རིམ་པ་དང༌། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དང༌། མངོན་པར་བྱང་ཆུབ་པའི་རིམ་པ་དང༌། ཟུང་དུ་འཇུག་པའོ། །དེ་ལ་དང་པོའི་སྦྱོར་བ་ལ་རྣམ་པ་བཞི་སྟེ། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའོ། །རྣལ་འབྱོར་ལ་ནི་རྣམ་པ་བཅུ་སྟེ་སྙིང་རྗེ་ཆེན་པོ་མངོན་


DTG032_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བ་སྔོན་དུ་འགྲོ་བ་ཁྱད་པར་གྱི་གནས་ལ་བརྟེན་པ་དང༌། བགེགས་བསྐྲད་པའི་བདག་ཉིད་ཅན་གནས་བསྲུང་བ་དང༌། སྟོང་པ་ཉིད་ཀྱི་སྒོམ་པས་བདག་ཉིད་བསྲུང་བ་དང༌། ཡེ་ཤེས་ཀྱི་ས་གཞི་བསྒོམ་པ་དང༌། གཞལ་ཡས་ཁང་དང༌། དེའི་ནང་དུ་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ་གནས་པ་ལྷག་པར་མོས་པའི་དཀྱིལ་འཁོར་བསྒོམས་པ་དང༌། དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་དང༌། གཞལ་ཡས་ཁང་གི་ནང་དུ་གདན་དགོད་པ་དང༌། ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་དང༌། ཡི་གེ་གསུམ་ལས་སྐྱེས་པའི་དབུས་ཀྱི་གཙོ་བོ་བསྒོམ་པའོ། །རྗེས་སུ་རྣལ་འབྱོར་ནི་ཡེ་ཤེས་སེམས་དཔའི་དང་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་བྱིན་གྱིས་རློབ་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་བདག་ཉིད་ཅན་ནི་རྣལ་འབྱོར་ཆེན་པོ་སྟེ། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དཀྱིལ་འཁོར་རྒྱལ་བ་མཆོག་ནི་རྣམ་པ་བརྒྱད་དེ། ཕྱག་རྒྱའི་དབྱེ་བ་དང༌། རིགས་ཀྱི་དབྱེ་བས་དེ་དག་ལ་དམིགས་པ་དང༌། རྡོ་རྗེ་པདྨ་སྙོམས་པར་ཞུགས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་འཇུག་པ་དང༌། པདྨའི་ནང་དུ་དམ་ཚིག་གི་དཀྱིལ་འཁོར་དབྱུང་བ་དང༌། སེམས་ཅན་གྱི་ཁམས་སྦྱང་བ་སྔོན་དུ་འགྲོ་བའི་ཕྱིར་སྤྲོ་བ་དང༌། ཕྱིར་མི་ལྡོག་པའི་དབང་དང་རྒྱས་གཏབ་པ་སྟེ་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ལ་བཅུ་གཉིས་ཏེ། ཕྲ་མོའི་རྣལ་འབྱོར་དང༌། བཟླས་པའི་ཆོ་ག་དང༌། བྱ་བ་བྱས་པས་ཞུ་བ་ཉིད་དང༌། ལྷ་མོས་བསྐུལ་བ་ཉིད་དང༌། སླར་ཡང་བཞེངས་པ་དང༌། བཞེངས་པ་ལ་དེ་བཞིན་གཤེགས་པ་ལྔས་བསྟོད་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུ་བ་དང༌། ཚིམ་པར་བྱེད་པའི་ཆོ་ག་དང༌། ནང་གི་སྦྱིན་སྲེག་གི་ཆོ་ག་དང༌། གཤེགས་སུ་གསོལ་བ་དང༌། གཏོར་མའི་ཆོ་ག་དང༌། གཉིད་ལོག་པའི་ཆོ་ག་སྟེ་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །འདི་ནི་བསྐྱེད་པའི་རིམ་པ་སྟེ་ཐ་མལ་པའི་ལུས་རྣམ་པར་དག་པས་ཁྱད་པར་ཅན་གྱི་ལྷའི་རྣམ་པ་རྫོགས་པར་བྱེད་པའི་ཕྱིར་རོ། །རྡོ་རྗེའི་བཟླས་པའི་རིམ་པ་ལ་རྣམ་པ་བཅུ་གཅིག་སྟེ། རྡོ་རྗེ་འཆང་ཆེན་པོ་བཟླས་པ་དང༌། སྐུའི་བཟླས་པ་དང༌། གསུང་གི་བཟླས་པ་དང༌། ཐུགས་ཀྱི་བཟླས་པ་དང༌། རིན་པོ་ཆེའི་


DTG032_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་དང༌། དོན་ཡོད་པའི་བཟླས་པ་དང༌། ཁྲོ་བོའི་བཟླས་པ་དང༌། འདོད་ཆགས་ཀྱི་བཟླས་པ་དང༌། ཞེ་སྡང་གི་བཟླས་པ་དང༌། གཏི་མུག་གི་བཟླས་པ་དང༌། མ་ནིང་གི་བཟླས་པའོ། །སེམས་ལ་དམིགས་པ་ཐོབ་པ་ཡང་རྣམ་པ་གསུམ་སྟེ། སྣང་བ་རྣམ་པར་དག་པ་དང༌། སྣང་བ་མཆེད་པ་རྣམ་པར་དག་པ་དང༌། སྣང་བ་ཉེ་བར་ཐོབ་པ་རྣམ་པར་དག་པའོ། །བདག་ལ་བྱིན་གྱིས་རློབ་པ་ཡང་རྣམ་པ་གསུམ་སྟེ། ཆོས་ཀྱི་སྐུར་བདག་བྱིན་གྱིས་བརླབ་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབ་པ་དང༌། སྤྲུལ་པའི་སྐུར་བྱིན་གྱིས་བརླབ་པའོ། །མངོན་པར་བྱང་ཆུབ་པའི་རིམ་པ་ལ་ཡང་རྣམ་པ་གསུམ་སྟེ། འདོད་ཆགས་རྣམ་པར་དག་པ་དང༌། འདོད་ཆགས་པར་མ་རྣམ་པར་དག་པ་དང༌། འདོད་ཆགས་དང་བྲལ་བ་རྣམ་པར་དག་པའོ། །ཟུང་དུ་འཇུག་པའི་རིམ་པ་ཡང་གཉིས་ཏེ། རྒྱུའི་ཟུང་དུ་འཇུག་པ་དང༌། འབྲས་བུའི་ཟུང་དུ་འཇུག་པའོ། །དེ་ནི་རྫོགས་པའི་རིམ་པ་སྟེ་རང་བཞིན་གྱིས་གྲུབ་པའི་ཕྱིར་དང༌། དབང་པོ་རྣོ་བའི་གདུལ་བྱའི་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བའི་བར་དུའོ། །དེ་ལ་བསྐྱེད་པའི་རིམ་པ་མདོར་བསྡུས་པ་འདི་ཡིན་ཏེ། དང་པོ་རེ་ཞིག་རྣལ་འབྱོར་པས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཏེ། སེམས་ཅན་ཐམས་ཅད་སྡུད་པར་བྱེད་པའི་ཚད་མེད་པའི་སེམས་བསྐྱེད་ལ། དེ་ནས་ཡིད་དུ་འོང་བའི་ས་ཕྱོགས་སུ་བདུད་རྩི་ལྔས་དཀྱིལ་འཁོར་བྱུགས་ཏེ། ནང་ཚངས་ཅན་ལ་སོགས་པའི་སྟན་འཇམ་པོ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ། མྱུར་དུ་ཐ་མལ་པའི་ལུས་རྣམ་པར་དག་པར་བྱ་བའི་ཕྱིར་ཞེ་སྡང་རྡོ་རྗེ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་གནས་བསྲུང་བར་བྱ་བའི་ཕྱིར་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ། སྙོམས་པར་ཞུགས་པའི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ཕྱག་རྒྱའི་ནང་དུ་སྣ་ཚོགས་པདྨ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྲོ་བོ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བ་རྡོ་རྗེའི་ལམ་ནས་ཧཱུཾ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་ལས་བྱུང་བ་ཞལ་གསུམ་པ་ཕྱག་དྲུག་པ། སྤྱན་གསུམ་པ་རིགས་ཀྱི་ཀླུ་བརྒྱད་ཀྱིས་བརྒྱན་པ་སྐུ་མདོག་སྔོན་པོ་དང་དཀར་པོ་དང་དམར་བའི་ཞལ། སྤྱན་ཟླུམ་ཞིང་གཡོ་བ། གཡོན་བརྐྱང་པ་རྡོ་རྗེ་དང་དྲིལ་བུ་རྩ་བའི་ཕྱག་གཉིས་ཀྱིས་བསྣམས་པ། ཞགས་པ་


DTG032_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྕགས་ཀྱུ་དང་རལ་གྲི་དང་རྡོ་རྗེ་ཐོབ་འཛིན་ཞེ་སྡང་རྡོ་རྗེའི་ཅོད་པན་ཅན་སྨིན་མ་ཁམ་པ་ཧ་ཧ་ཧི་ཧིའི་སྒྲོ་སྒྲོགས་པའི་གནོད་མཛེས་ཀྱི་རྒྱལ་པོ་བསྒོམ་པར་བྱ་སྟེ། རྡོ་རྗེ་དང་པདྨའི་ནང་ནས་ཕྱིར་བྱུང་སྟེ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་ཤིང་བཀའ་ནོད་བཞིན་པར་རྣམ་པར་བསམས་ཏེ། དེའི་རྗེས་སུ་སྔ་མ་བཞིན་དུ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ནང་དུ་ཡི་གེ་ཧཱུཾ་བཅུ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་དགྲ་ལ་སོགས་པ་ཁྲོ་བོ་བཅུ་པོ་འོག་ནས་འབྱུང་བའི་ཁ་དོག་དང་མཚོན་ཆ་འཛིན་པ་སྤྲོས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་སུ་བསྒོམ་པར་བྱའོ། །ཁྲོ་བོ་དེ་རྣམས་ཀྱང་སྟོད་ཁྲོ་བོའི་རྣམ་པ་སྨད་ཕུར་བུའི་རྣམ་པར་ཤེས་པར་བྱའོ། །དེའི་རྗེས་སུ་དབུས་ཀྱི་གཙོ་བོའི་བདག་ཉིད་ཀྱིས་སྔགས་འདི་དང་གནོད་མཛེས་ལ་བཀའ་བསྒོ་བར་བྱའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་འདིས་ཕྱོགས་བཅུར་གནས་པའི་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་དགུག་པར་བྱ་བའི་ཕྱིར་བཀའ་བསྒོ་བར་བྱའོ། །བཀའ་ཐོས་མ་ཐག་ཏུ་གནོད་མཛེས་ཀྱི་རྒྱལ་པོས་ཞགས་པ་དང༌། ལྕགས་ཀྱུ་ཕྱོགས་བཅུར་སྤྲོས་ཏེ། བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་རྣམས་ཀྱི་མགྲིན་པར་ཞགས་པས་བཅིངས་ཏེ། ལྕགས་ཀྱུས་སྤྱི་བོར་བཏབ་པ་ལ་ཤར་ལ་སོགས་པའི་ཕྱོགས་དང་མཚམས་སུ་དགོད་པར་བསམ་མོ། །ཕྱོགས་སྐྱོང་བ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་ལ་སོགས་པའི་རིམ་པ་ནི་འདི་ཡིན་ཏེ། ཤར་ཀྱི་ཕྱོགས་སུ་བརྒྱ་བྱིན་མདོག་སེར་པོ་གདོང་གཅིག་པ་ལག་པ་གཉིས་པ་རབ་བརྟན་ལ་ཞོན་པ་ལག་པ་ན་རྡོ་རྗེ་ཐོགས་པ་བསྒོམ་པར་བྱའོ། །ལྷོ་ཕྱོགས་སུ་གཤིན་རྗེ་ཁ་དོག་ནག་པོ་གདོང་གཅིག་པ་ལག་པ་གཉིས་པ་མ་ཧེ་ལ་ཞོན་པ་བེ་ཅོན་ཐོགས་པའོ། །ནུབ་ཀྱི་ཕྱོགས་སུ་ཆུ་ལྷ་སྟེ་མདོག་དཀར་པོ་གདོང་པ་གཅིག་པ་ལག་པ་གཉིས་པ་ཀླུའི་ཞགས་པ་ཐོགས་པ་ཆུ་སྲིན་ལ་ཞོན་པའོ། །བྱང་གི་ཕྱོགས་སུ་ནོར་ལྷ་སྟེ་མདོག་དམར་བ་གདོང་གཅིག་པ་ལག་པ་གཉིས་པ་སེང་གེའི་རྒྱལ་མཚན་དང་ནེའུ་ལེའི་གཏེར་འཛིན་པ་སེང་གེའི་སྟན་ལ་འདུག་པའོ། །མེའི་མཚམས་སུ་མེ་ལྷ་སྟེ་མདོག་དམར་པོ་གདོང་གཅིག་པ་ལག་པ་གཉིས་པ་དབྱུག་པ་དང་བགྲང་ཕྲེང་


DTG032_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་ར་སྐྱེས་ཁམ་པ་ལ་ཞོན་པའོ། །བདེན་བྲལ་གྱི་མཚམས་སུ་སྲིན་པོ་སྟེ་མདོག་ནག་པོ་གདོང་གཅིག་པ་ལག་པ་གཉིས་པ་རལ་གྲི་དང་ཕུབ་འཛིན་ཅིང་ཡི་དགས་ལ་ཞོན་པའོ། །རླུང་གི་མཚམས་སུ་རླུང་ལྷ་སྟེ་མདོག་དུད་ཁ་གདོང་གཅིག་པ་ལག་པ་གཉིས་པ་བ་དན་འཛིན་ཅིང་ཤ་བ་ལ་ཞོན་པའོ། །དབང་ལྡན་གྱི་མཚམས་སུ་འབྱུང་པོའི་བདག་པོ་སྟེ་ཁ་དོག་དཀར་པོ་གདོང་གཅིག་པ་ལག་པ་གཉིས་པ་རྩེ་གསུམ་དང་ས་བོན་རྒྱས་པའི་འབྲས་བུ་འཛིན་ཅིང་ཁྱུ་མཆོག་ལ་ཞོན་པའོ། །སྟེང་དུ་ཚངས་པ་མདོག་དཀར་པོ་གདོང་བཞི་པ་དབྱུག་པ་དང་སྤྱི་བླུགས་འཛིན་པ་ངང་པ་ལ་ཞོན་པའོ། །སྟེང་དུ་ཡང་ཉི་མ་ནི་མདོག་དམར་པོ་གདོང་གཅིག་པ་ལག་པ་གཉིས་པ་པདྨ་ཐོགས་པ་པདྨའི་གདན་ལ་འདུག་པའོ། །ཟླ་བ་ནི་མདོག་དཀར་པོ་གདོང་གཅིག་པ་ལག་པ་གཉིས་པ་མེ་ཏོག་ཀུ་མུ་ད་ཐོགས་ཤིང་ཀུ་མུ་དའི་སྟན་ལ་འདུག་པའོ། །འོག་ཏུ་སྲིན་པོའི་བདག་པོ་ཐགས་བཟངས་རིས་ཏེ་ཁ་དོག་ནག་པོ་གདོང་གཅིག་པ་ལག་པ་གཉིས་པ་སྡིགས་མཛུབ་དང་རལ་གྲི་ཐོགས་པ་གླང་པོ་ཆེ་ལ་ཞོན་པའོ། །སའི་ལྷ་མོ་ཡང་མདོག་སེར་པོ་གདོང་གཅིག་པ་ལག་པ་གཉིས་པ་ལུས་ཀྱི་སྟོད་མངོན་པ་གསེར་གྱི་བུམ་པ་ཐོགས་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་གནོད་མཛེས་རྒྱལ་པོ་ལ་ཡང་ཕྱོགས་སྐྱོང་རྣམས་ལ་ཕུར་བུས་གདབ་པར་བྱ་བའི་ཕྱིར་བཀའ་བསྒོ་བར་བྱའོ། །དེས་ཀྱང་གཤིན་རྗེའི་གཤེད་ལ་སོགས་པ་ཁྲོ་བོ་རྣམས་ཕུར་བུའི་རྣམ་པ་སྤྱི་བོས་བླངས་ཏེ་ཕྱོགས་སྐྱོང་རྣམས་ཀྱི་སྤྱི་བོར་འདེབས་པར་བྱེད་པར་བསམས་ཏེ། དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུ་ཥྚཱ་ན་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷར་ཨཱ་ཛྙཱ་པ་ཡ་ཏེ་སརྦ་བིགྷྣཱ་ན་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཞེས་སྔགས་འདིས་མགོ་བོ་ནས་རྐང་པའི་བར་དུ་ཕུར་བུས་གདབ་པར་བྱའོ། །སླར་ཡང་གནོད་མཛེས་ཀྱི་རྒྱལ་པོས་གཤིན་རྗེ་གཤེད་ལ་སོགས་པའི་ཕུར་བུ་རྣམས་ལ་རྡོ་རྗེ་ཐོ་བས་བརྡུང་བར་བྱ་སྟེ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཞེས་འདིས་བརྡུངས་པས་ས་འོག་བདུན་གྱི་བར་དུ་དེ་དག་ཐམས་ཅད་སོན་པར་གྱུར་པར་བསམ་མོ། །གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱིས་རང་གི་སྐུ་ལས་ངེས་པར་བྱུང་བའི་


DTG032_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྟག་འཕྲོ་བ་ལྟ་བུས་བརྒྱ་བྱིན་ལ་སོགས་པའི་འཁོར་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་ཚིག་ཅིང་ཐལ་བར་བྱས་པར་བསམ་བར་བྱའོ། །དེ་ལྟར་བགེགས་བསྐྲད་པ་བྱས་ལ་རང་གི་སྙིང་གནས་ངེས་པར་འབྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ཁྲོ་བོའི་ཚོགས་དགུག་པར་བྱས་ལ་དེ་ཉིད་དུ་འཇུག་པར་བྱའོ།། ཞུགས་མ་ཐག་ཏུ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱའོ། །ཅིའི་སླད་དུ་ཞེ་ན། གང་གི་ཕྱིར་བསྒོམ་པའི་རིམ་པ་དེས་ཀྱང་གལ་ཏེ་བགེགས་ཞི་བར་མི་འགྱུར་ན་དེའི་ཚེ་དོན་དམ་པའི་བདེན་པ་ལ་འཇུག་པར་བྱའོ། །གང་གི་ཕྱིར་འོད་གསལ་བའི་སེམས་ལ་བགེགས་འཇུག་པ་དེ་ནི་གནས་མ་ཡིན་ཞིང་གླགས་སྐབས་ཡོད་པ་མ་ཡིན་ནོ། །དེ་ལ་སྟོང་པ་ཉིད་ཀྱི་བསྒོམ་པ་འདི་ཡིན་ཏེ། རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པའི་དབང་གིས་བདེ་བ་ཆེན་པོ་སྐྱེ་བ་ནི། དངོས་པོ་མེད་པས་བསྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་དང་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་རྗེས་སུ་དྲན་པར་བྱས་ཏེ། སྣོད་དང་བཅུད་ཀྱི་འཇིག་རྟེན་གཉིས་པོ་འོད་གསལ་ཞིང་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསམ་པར་བྱའོ། །དེ་བརྟེན་པར་བྱ་བའི་ཕྱིར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྔགས་བརྗོད་དོ། །དེའི་རྗེས་ལ་ཀུན་གྱི་གཞིའི་དཀྱིལ་འཁོར་གྲུ་གསུམ་པ་ནག་པོ་དང་དཀར་པོ་དང་དམར་པོ་དབུས་དང་གཡས་པ་དང་གཡོན་པའི་ཆ་བསམ་པར་བྱའོ། །དེའི་དབུས་སུ་ཡི་གེ་ཧཱུཾ་ཁ་དོག་སྔོན་པོར་བསམས་ཏེ། དེའི་ཕྱི་རོལ་ཏུ་དབྱངས་ཀྱི་ཡི་གེ་ཉིས་འགྱུར་གྱི་ཕྲེང་བ་དང༌། དེའི་ཕྱི་སྐོར་ཏུ་གསལ་བྱའི་ཕྲེང་བ་རིམ་པ་ཇི་ལྟ་བ་བཞིན་དུ་དཀར་པོ་དང་དམར་པོ་དང་ཐབས་དང་ཤེས་རབ་ཀྱི་ངོ་བོར་བསམ་པར་བྱའོ། །དབྱངས་ཡིག་གི་ཕྲེང་བ་ལས་གྲུབ་པའི་ལྷ་མོ་རྣམས་དང་གསལ་བྱའི་ཡི་གེ་ལས་གྲུབ་པ་དེ་བཞིན་གཤེགས་པ་དེ་དག་ཀྱང་སྙོམས་པར་ཞུགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་སྙོམས་པར་ཞུགས་པ་ལས་སྐྱེས་པའི་བདེ་བ་ཆེན་པོས་ཐིམ་པར་གྱུར་ནས་ཡི་གེ་ཧཱུཾ་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་ནས་ཆོས་འབྱུང་བའི་ཕྱག་རྒྱའི་ནང་བྱང་ཆུབ་སེམས་ཀྱིས་གང་བ་བསྒོམ་མོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཆོས་འབྱུང་བའི་ཕྱག་རྒྱ་


DTG032_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ཀུན་གྱི་གཞིའི་དཀྱིལ་འཁོར་དུ་བསྒོམ་མོ། །དེའི་སྟེང་དུ་མདོག་སྔོན་པོ་ཡི་གེ་ཡཾ་ལས་སྐྱེས་པ་ཧཱུཾ་གཉིས་ཀྱིས་སྤེལ་བ་ཆོས་མངོན་པ་ལས་བཤད་པའི་ཚད་དང་ལྡན་པའི་གཞུའི་དབྱིབས་ཅན་བ་དན་དག་གིས་མཚན་པ་རླུང་གི་དཀྱིལ་འཁོར་ཧཱུཾ་གཉིས་ལས་སྐྱེས་བའི་རྡོ་རྗེ་སྔོན་པོ་གཉིས་ཀྱིས་བཅིངས་པ་རྣམ་པར་བསམས་ཏེ། དེའི་དབུས་སུ་ཁཾ་སྔོན་པོ་རྣམ་པར་དགོད་ཅིང་དེའི་འོད་ཟེར་གྱིས་མེ་ཏོག་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་དང་བཅས་པ་དེར་འཇུག་པར་བྱས་ལ། དེ་ཡོངས་སུ་གྱུར་པ་ལས་སླར་ཡང་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་སྔོ་བསང་ཞལ་གསུམ་པ་ཕྱག་དྲུག་པ་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་དྲིལ་བུ་འཛིན་པ། དམ་ཚིག་སྒྲོལ་མ་དང་སྙོམས་པར་ཞུགས་པར་བསམས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་ཐིག་ལེའི་འོད་ཟེར་གྱི་ལྕགས་ཀྱུས་སྔ་མ་དང་འདྲ་བའི་དོན་ཡོད་གྲུབ་པ་དགུག་པ་ལ་སོགས་བྱས་པས་གཉིས་ཀ་བདེ་བ་ཆེན་པོའི་དབང་གིས་ཞུ་བའི་གཟུགས་ཐིག་ལེར་གྱུར་པ་དེ་ཉིད་རླུང་གི་དཀྱིལ་འཁོར་དང་ལྷན་ཅིག་ཏུ་འདྲེས་པར་གྱུར་ནས། སླར་ཡང་གཞུའི་དབྱིབས་ཅན་རླུང་གི་དཀྱིལ་འཁོར་དུ་གྱུར་པར་བསམ་མོ། །དེའི་རྗེས་ལ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དམར་པོ་ཧཱུཾ་གཉིས་ཀྱིས་རྣམ་པར་སྤེལ་བ་རྣམ་པར་དགོད་དེ། དེ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་དེ་ཉིད་ཟུར་གསུམ་པ་མེ་འབར་བ་སྤྲོ་བར་བྱེད་པ་མེའི་དཀྱིལ་འཁོར་ཧཱུཾ་གཉིས་ལས་སྐྱེས་པའི་རྡོ་རྗེ་དམར་པོ་གཉིས་ཀྱིས་བཅིངས་པ་རྣམ་པར་བསམས་ཏེ། དེའི་དབུས་སུ་ཨཱཿདྨར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གསུམ་པ་ཕྱག་དྲུག་པ་པདྨ་དང་རྡོ་རྗེ་དང་འཁོར་ལོ་དང་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པ་གོས་དཀར་མོ་དང་སྙོམས་པར་ཞུགས་པ་རྣམ་པར་བསམས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་ཐིག་ལེའི་འོད་ཀྱི་ཚོགས་ཀྱིས་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པ་བཀུག་ལ་དེ་ཉིད་དུ་འཇུག་པར་བྱ་སྟེ། གཉིས་ཀ་བདེ་བ་ཆེན་པོའི་དབང་གིས་ཞུ་ཞིང་ཐིག་ལེའི་གཟུགས་སུ་ཡོངས་སུ་གྱུར་པ་མེའི་


DTG032_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དེ་ཉིད་དང་ལྷན་ཅིག་ཏུ་འདྲེས་པར་གྱུར་པ་སླར་ཡང་མེའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་རྗེས་ལ་དེའི་སྟེང་དུ་ཡི་གེ་བཾ་དཀར་པོ་ཧཱུཾ་གཉིས་ཀྱིས་སྤེལ་བ་རྣམ་པར་དགོད་དེ། དེ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དེ་ཉིད་ཁ་དོག་དཀར་པོ་ཆུའི་དཀྱིལ་འཁོར་ཟླུམ་པོའོ་མ་ཅན་གྱི་རྒྱ་མཚོ་བཞིན་དུ་ཕ་རོལ་མེད་པར་བལྟས་ཏེ། དབའ་རླབས་ཀྱི་ཕྲེང་བ་དཀར་པོ་འཕྲོ་བ་བསམས་ལ། དེའི་དབུས་སུ་ཡི་གེ་ཧཱུཾ་ཁ་དོག་གནག་པ་རྣམ་པར་བཀོད་ནས་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་ནག་པོ་ཞལ་གསུམ་པ་ཕྱག་དྲུག་པ་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པ། མཱ་མ་ཀཱིས་འཁྱུད་པར་རྣམ་པར་བསམས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་ཐིག་ལེའི་འོད་ཟེར་གྱི་ཚོགས་ཀྱིས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་མི་བསྐྱོད་པ་འཁོར་དང་བཅས་པ་བཀུག་ལ། གཉིས་ཀ་བདེ་བ་ཆེན་པོ་འབབ་པའི་དབང་གིས་ཞུ་ཞིང་ཐིག་ལེའི་གཟུགས་སུ་ཡོངས་སུ་གྱུར་པ་ཆུའི་དཀྱིལ་འཁོར་དེ་ཉིད་དང་ལྷན་ཅིག་འདྲེས་པར་གྱུར་པས་མེའི་དཀྱིལ་འཁོར་དེ་ཉིད་སླར་ཡང་ཆུའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེའི་རྗེས་ལ་དེའི་སྟེང་དུ་ཡི་གེ་ལཾ་ལས་སྐྱེ་བའི་ཁ་དོག་སེར་པོ་ཡི་གེ་ཧཱུཾ་གཉིས་ཀྱིས་སྤེལ་པ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་རྣམ་པར་བསམས་ཏེ། དེའི་དབུས་སུ་ཨོཾ་ཁ་དོག་དཀར་པོ་རྣམ་པར་དགོད་ལ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གསུམ་པ་ཕྱག་དྲུག་པ་འཁོར་ལོ་དང་རྡོ་རྗེ་དང༌། པདྨ་དང་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པ། སངས་རྒྱས་སྤྱན་དེ་དང་འདྲ་བས་འཁྱུད་པར་བསམས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་ཐིག་ལེའི་འོད་ཟེར་གྱི་ཚོགས་ཀྱིས་འོག་མིན་གྱི་གནས་ན་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཀུག་ལ་དེ་ཉིད་དུ་འཇུག་པར་བྱ་སྟེ། གཉིས་ཀ་བདེ་བ་ཆེན་པོ་འབབ་པའི་དབང་གིས་ཞུ་བའི་ཐིག་ལེའི་གཟུགས་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་དེ་ཉིད་དང་ལྷན་ཅིག་འདྲེས་པར་གྱུར་ནས། ཆུའི་དཀྱིལ་


DTG032_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དེ་ཉིད་སླར་ཡང་དབང་ཆེན་གྱི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཇི་སྐད་དུ་གསང་བ་ཐམས་ཅད་ཀྱི་རྒྱུད་ལས། གྲུ་བཞི་པ་ལས་ཤིན་ཏུ་རྒྱས། །རིན་ཆེན་སྣ་ཚོགས་རང་བཞིན་བརྟན། །སྤྲོས་པའི་འོད་ཟེར་ཚོགས་ཀྱིས་ནི། །ནམ་མཁའ་མ་ལུས་ལྟོས་ཁྱབ་པ། །རྡོ་རྗེ་ཆེན་པོ་གཉིས་ཀྱིས་ནི། །ཁ་དོག་སེར་པོས་མཛེས་བྱས་པ། །རྣམ་པར་སྣང་མཛད་རང་བཞིན་ཏེ། །ས་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་འབྱུང་ངོ༌། །དེ་ནས་དེའི་སྟེང་དུ་ཡི་གེ་སྭཱ་སེར་པོ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ། རིན་པོ་ཆེ་དང༌། འཁོར་ལོ་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། པདྨ་དང༌། རལ་གྲི་འཛིན་པ། མཱ་མ་ཀཱི་ཉིད་དང་སྙོམས་པར་ཞུགས་པར་བསམས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཁའི་ས་བོན་གྱི་ཐིག་ལེའི་འོད་ཟེར་གྱི་ཚོགས་ཀྱིས་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་བཀུག་ལ་དེ་ཉིད་དུ་འཇུག་པར་བྱ་སྟེ། གཉིས་ཀ་བདེ་བ་ཆེན་པོ་འབབ་པའི་དབང་གིས་ཞུ་བའི་གཟུགས་སུ་བསམས་ཏེ་སའི་དཀྱིལ་འཁོར་དེ་ཉིད་ནམ་མཁའ་ལྟ་བུ་ཤིན་ཏུ་རྒྱས་པར་བསམ་བར་བྱའོ།། ཡེ་ཤེས་ལྔའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་རྣམ་པ་ལྔ་རྣམ་པར་དག་པ་རླུང་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་ཡེ་ཤེས་ཀྱི་ས་གཞིའོ། །དེའི་རྗེས་ལ་དེའི་སྟེང་དུ་ཁ་དོག་སེར་པོ་ཡི་གེ་སྭཱ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་བདུན་གྱི་ངོ་བོ་ཉིད་གྲུ་བཞི་པ་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པ། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་ལྷའི་གནས་རིས་དྲུག་གིས་རྣམ་པར་བརྒྱན་པ་ཡོངས་སུ་འདུ་ཞེས་བྱ་བ་ལ་སོགས་པའི་དཔག་བསམ་གྱི་ཤིང་ལ་སོགས་པས་ཉེ་བར་བརྒྱན་པའི་རིའི་རྒྱལ་པོ་རྣམ་པར་བསམས་ཏེ། དེའི་སྟེང་དུ་ཡི་གེ་བྷྲཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་བྷྲཱུཾ་གྱིས་མཚན་པ་རྣམ་པར་བསྒོམས་ཏེ་དེའི་འོད་ཟེར་གྱི་ཚོགས་ཀྱིས་སྔ་མ་བཞིན་རྣམ་པར་སྣང་མཛད་འཇུག་པར་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་སླར་ཡང་རྣམ་པར་སྣང་མཛད་རིག་མ་དང་བཅས་པར་བསྒོམས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་


DTG032_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་འཇུག་པ་དེ་མ་ཐག་ཏུ་རྣམ་པར་ཐིམ་ཞིང་ཐིག་ལེའི་གཟུགས་སུ་བསྒོམ་པར་བྱའོ། །དེའི་རྗེས་སུ་ཡེ་ཤེས་ཀྱི་ས་གཞི་དང་རི་རབ་དང་ཐིག་ལེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་པ་བསྒོམ་པར་བྱ་སྟེ། ཇི་སྐད་དུ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་པོས་རྣམ་པར་བརྒྱན། །གཡེར་ཀ་དར་དཔྱང་འཕན་ལ་སོགས། །རྔ་ཡབ་ལ་སོགས་དག་གིས་བརྒྱན། །མཚམས་ཀྱི་ཆ་རྣམས་ཐམས་ཅད་དང༌། །སྒོ་དང་སྒོ་ཁྱུད་ཟུར་རྣམས་ལ། །རིན་ཆེན་རྡོ་རྗེ་མཛེས་པར་ནི། །ཕྱི་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ལྷ་ཡི་སྣམ་བུ་ལ་སོགས་ཀྱིས། །ཁྱད་པར་དུ་ནི་རྣམ་པར་བརྒྱན། །བྱང་ཆུབ་ཕྱོགས་ཆོས་ཚོགས་རྣམས་ཀྱི། །རྣམ་པར་དག་ནས་དྲན་པར་བྱ། །ཞེས་གཞལ་ཡས་ཁང་པ་བསྒོམ་པའི་རིམ་པའོ། །དེ་ནས་གཞལ་ཡས་ཁང་པའི་དབུས་སུ་པདྨ་འདབ་མ་སྣ་ཚོགས་པ་དང༌། དེའི་ཤར་ལ་སོགས་པའི་ཕྱོགས་སུ་སྣ་ཚོགས་པདྨ་བཞི་དང༌། ཇི་སྲིད་སྒོ་བའི་བར་དུ་སྣ་ཚོགས་པདྨ་སུམ་ཅུ་རྩ་གཉིས་བསྒོམ་པར་བྱའོ། །དབུས་ཀྱི་གདན་དང་མཱ་མ་ཀཱིའི་གདན་དང༌། ཁྲོ་བོ་བཅུའི་ཉི་མའི་གདན་དུ་ཤེས་པར་བྱའོ། །ལྷག་མ་རྣམས་ནི་ཟླ་བའི་གདན་ནོ། །དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་བཅོམ་ལྡན་འདས་ཁ་དོག་གནག་པ་ཞལ་གསུམ་པ་ཕྱག་དྲུག་པ། ཅུང་ཟད་མཆེ་བ་གཙིགས་ཤིང་ཚམ་ངམ་པ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བཅོམ་ལྡན་འདས་མ་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པ། ཞི་བ་དང་སྒེག་པ་དང་ཁྲོ་བོའི་ཉམས་དང་ལྡན་པ་མྱུར་བའི་ཏིང་ངེ་འཛིན་གྱིས་རྫོགས་པ་མི་བསྐྱོད་རྡོ་རྗེ་བསྒོམ་པར་བྱའོ། །དེ་བཞིན་དུ་ཡང་ཤར་ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པ་ཞལ་གསུམ་པ་ཕྱག་དྲུག་པ་དཀར་བ་ལ་སོགས་པའི་མདོག་དང་ལྡན་པ་ལ་སོགས་པ་དང་སྙོམས་པར་ཞུགས་པ་བསམ་པར་བའོ། །མཚམས་རྣམས་ལ་ཡང་སྤྱན་ལ་སོགས་པའི་རིགས་ཀྱི་ལྷ་མོ་རིགས་དང་རྗེས་སུ་མཐུན་པ་བསྒོམ་པར་བྱའོ། །ཕྱིའི་མཚམས་བཞི་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་དེ་བཞིན་དུ་བསམ་པར་བྱའོ། །ཤར་གྱི་སྣམ་བུ་ལ་སའི་སྙིང་པོ་དང་བྱམས་པ་དག་གོ །ལྷོའི་སྣམ་བུ་ལ་ཕྱག་ན་རྡོ་རྗེ་དང་ནམ་


DTG032_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་སྙིང་པོའོ། །ནུབ་ཀྱི་སྣམ་བུ་ལ་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ །བྱང་གི་སྣམ་བུ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་པོ་དག་བསྒོམ་པར་བྱའོ། །སྒོ་རྣམས་སུ་གཤིན་རྗེ་གཤེད་ལ་སོགས་པ་དང་སྒོའི་མཚམས་སུ་མི་གཡོ་མགོན་ལ་སོགས་པ་དང༌། སྟེང་དང་འོག་ཏུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་ཀྱི་རྒྱལ་པོ་བསྒོམ་པར་བྱའོ། །དེ་དག་གི་ཁ་དོག་དང་ཕྱག་མཚན་ལ་སོགས་པའི་བྱེ་བྲག་འོག་ནས་འཆད་པར་འགྱུར་རོ་ཞེས་ལྷག་པར་མོས་པའི་དཀྱིལ་འཁོར་ཉེ་བར་བསྟན་ཏོ། །དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་དག་ཐམས་ཅད་ལྷའི་ངོ་བོ་ཉིད་ཐ་མལ་པའི་ལུས་རྣམ་པར་དག་པས་ཁྱད་པར་ཅན་གྱི་ལྷའི་རྣམ་པའི་བདག་ཉིད་ཡིན་ཡང་སྤྲོས་པ་ཡིན་པས། དེ་རྣམ་པར་དག་པར་བྱ་བའི་ཕྱིར་ཐམས་ཅད་སྟོང་པ་ཉིད་ངོ་བོ་ཉིད་དོན་དམ་པའི་དཀྱིལ་འཁོར་དུ་ཐིམ་པར་བྱའོ།། དེའི་རིམ་པ་འདི་ཡིན་ཏེ། གཟུགས་ཀྱི་ཕུང་པོ་སྤྱི་བོར་རྣམ་པར་སྣང་མཛད་དང་སྤྱན་མ་དང་གཟུགས་རྡོ་རྗེ་མ་དང་སའི་སྙིང་པོ་དང་བྱམས་པ་དང་གཤིན་རྗེ་མཐར་བྱེད་དང་མི་གཡོ་མགོན་རྣམས་འཇུག་པར་བྱའོ། །ཚོར་བའི་ཕུང་པོ་ལྟེ་བར་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དག་དང་ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་དག་འཇུག་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོའི་མགྲིན་པར་འོད་དཔག་མེད་པ་དང་གོས་དཀར་མོ་དང་རྡོ་རྗེ་དྲི་མ་དང་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་པདྨ་མཐར་བྱེད་དང་དབྱུག་སྔོན་ཅན་འཇུག་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་རྐང་པ་དག་ལ་དོན་ཡོད་གྲུབ་པ་དང་དམ་ཚིག་སྒྲོལ་མ་དང་རོ་རྡོ་རྗེ་མ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་པོ་དང་བགེགས་མཐར་བྱེད་དང་སྟོབས་པོ་ཆེ་རྣམས་འཇུག་པར་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་སྙིང་གར་སྐུའི་དཀྱིལ་འཁོར་དེ་དག་ཐམས་ཅད་དང་གཙུག་ཏོར་དང་གནོད་མཛེས་ཀྱང་འཇུག་པར་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་ཡང་ནམ་མཁའི་དབྱིངས་ཞེས་བྱ་བ་འོད་གསལ་བ་ལ་འཇུག་པར་བྱའོ། །དེའི་རིམ་པ་ནི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པའི་དབང་གིས་ཚངས་པའི་བུ་ག་ན་གནས་པའི་རྩའི་འཁོར་ལོའི་ནང་ནས་བྱང་ཆུབ་ཀྱི་


DTG032_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཕོ་བའི་ཚེ། ཤེས་རབ་ཀྱི་ངོ་བོ་ཉིད་མཚན་མོའི་ཆ་སྟེ་སྣང་བའོ། །ཡན་ལག་ཐམས་ཅད་ལ་ཁྱབ་པའི་དུས་སུ་ཉིན་མོའི་རང་བཞིན་ཐབས་ཀྱི་ངོ་བོ་ཉིད་སྣང་བ་མཆེད་པའོ། །རྡོ་རྗེ་འཆང་ཟུངས་སུ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལ་གསུམ་འཕོ་བའི་གནས་སྐབས་སུ་མཚམས་ཀྱི་ངོ་བོ་ཉིད་ཤེས་རབ་དང་ཐབས་རོ་གཅིག་པའི་ཚུལ་ཅན་སྣང་བ་ཐོབ་པའོ། །དེའི་རྫས་ལ་གསང་བའི་རྡོ་རྗེའི་རྩེ་མོར་ནོར་བུའི་ཆར་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ཉམས་སུ་མྱོང་བ་ཐོབ་པས་ཆགས་པ་དང་ཆགས་པ་དང་བྲལ་བ་དང་ཆགས་པ་བར་པ་རྣམས་སྤངས་པ་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་དང་བྲལ་བ། ཐམས་ཅད་སྟོང་པའི་བདག་ཉིད་སྐད་ཅིག་མ་གང་ཤར་བ་དེ་འོད་གསལ་བའི་བདག་ཉིད་ཅན་སྐད་ཅིག་མ་ཡིན་པར་ཤེས་པར་བྱའོ། །སྣང་བ་ཉེ་བར་ཐོབ་པ་དང་འོད་གསལ་བའི་སྐད་ཅིག་མ་གཉིས་ཀྱི་བར་དུ་རྟགས་རྣམ་པ་ལྔ་དེ་ཁོ་ན་ཉིད་ལ་མཐོང་བ་ལ་མི་སླུ་བར་བྱེད་པ་དེ་དག་བཤད་པར་བྱ་སྟེ། དེ་ལ་དང་པོ་སྨིག་རྒྱུའི་རྣམ་པ་དང༌། གཉིས་པ་དུ་བའི་རྣམ་པ་དང༌། གསུམ་པ་མཁའ་སྣང་གི་རྣམ་པ་དང༌། བཞི་པ་མར་མེའི་རྣམ་པ་དང༌། ལྔ་པ་སྤྲིན་མེད་པའི་ནམ་མཁའ་དང་མཚུངས་པར་ཤེས་པར་བྱའོ། །དེ་ལས་ཆུ་ལ་ཐིམ་པས་སྨིག་རྒྱུའི་རྣམ་པ་དང༌། ཆུ་མེ་ལ་ཐིམ་པས་དུ་བའི་རྣམ་པ་དང༌། མེ་རླུང་ལ་ཐིམ་པས་མཁའ་སྣང་གི་རྣམ་པ་དང༌། རླུང་ནམ་མཁའ་ལ་ཐིམ་པས་མར་མེའི་རྣམ་པ་དང༌། ནམ་མཁའ་འོད་གསལ་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྐྱེ་བར་འགྱུར་ཞེས་རྟགས་ཀྱི་དབྱེ་བའོ། །དེ་ནས་བདེ་བ་ཆེན་པོ་ཞེས་བྱ་བའི་རྣམ་གྲངས་ཅན་འོད་གསལ་བ་འབྱུང་བར་འགྱུར་རོ། །དེ་ཉིད་ཀྱི་ཡབ་ཡུམ་གཉིས་ཀ་ཞུ་བར་གྱུར་ནས་ཟླ་བ་ཉ་བ་བཞིན་དུ་གནས་པ་སྟོང་པ་ཉིད་གཅིག་པུའི་བདག་ཉིད་ཅན་དུ་གྱུར་པ། འོད་གསལ་བའི་རང་བཞིན་དུ་བསྒོམ་པར་བྱ་ཞེས་པ་འདི་ནི་དོན་དམ་པའི་བདེན་པ་ལ་འཇུག་པའོ། །དེ་བརྟན་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་དོན་དམ་པའི་དཀྱིལ་འཁོར་ཉེ་བར་བསྟན་པའོ། །ཇི་སྐད་དུ་རྩ་བའི་རྒྱུད་ལས་ཀྱང༌། སྐུ་ཡི་རྡོ་རྗེར་ཆུད་པ་ཡི། །སངས་རྒྱས་ཆོ་ག་བཞིན་བསམས་ཏེ། །དོན་དམ་པ་ཡི་རྡོ་རྗེ་ཡིས། །དེ་


DTG032_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་དུ་འཇུག་པར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་འབྱུང་ངོ༌། །དེའི་རྗེས་ལ་སྔོན་དུ་བཤད་པའི་པདྨའི་སྟེང་དུ་ཡི་གེ་གསུམ་ལས་བྱུང་བའི་ཉི་མ་དང་པདྨ་དང་ཟླ་བའི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་རིགས་དང་རྗེས་སུ་མཐུན་པའི་ཁ་དོག་རྣམ་པར་བསྒོམས་ཏེ། དེའི་སྟེང་དུ་ཡི་གེ་གསུམ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། འོག་གི་ཟླ་བ་དང་ཉི་མ་དང་པདྨ་དང་ཟླ་བའི་དཀྱིལ་འཁོར་དེ་ཉིད་དུ་བཞུགས་པར་བསམ་མོ། །རྣམ་པར་བྱང་བའི་ཞེན་པ་ཡོངས་སུ་བཟློག་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་པོ་སྔར་བཤད་པའི་ཁ་དོག་ཅན་རྣམ་པར་དགོད་དེ། ཡི་གེ་གཉིས་ཐུགས་ཀྱི་རྡོ་རྗེའི་ས་བོན་ལ་ངེས་པར་འཇུག་ཅིང་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དམར་པོ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ། དེའི་འོད་ཟེར་རྣམས་ཀྱིས་ནམ་མཁའི་དབྱིངས་ན་གནས་པའི་དེ་བཞིན་གཤེགས་པའི་ཚོགས་དེ་ཉིད་དུ་འཇུག་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་སྟེ། བཅོམ་ལྡན་འདས་ཆུ་ཤེལ་གྱི་ནོར་བུའི་འོད་དང་འདྲ་བ་ཞལ་གསུམ་པ་ཕྱག་དྲུག་པ། ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ། དཀར་པོ་དང༌། ནག་པོ་དང༌། དམར་པོ་སྟེ། ཞལ་གསུམ་མཛེས་པ། རལ་པའི་ཐོར་ཚུགས་འཛིན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་ཅན། རྡོ་རྗེ་དང༌། འཁོར་ལོ་དང༌། པདྨ་གཡས་ན་བསྣམས་པ། དྲིལ་བུ་དང༌། ཡིད་བཞིན་གྱི་ནོར་བུ་དང༌། རལ་གྲི་གཡོན་ན་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བདག་ཉིད་བསྒོམ་པར་བྱ་ཞེས་དབུས་ཀྱི་བདག་པོ་བསྐྱེད་པའི་མཚན་ཉིད་ཡན་ལག་བཅུ་དང་ལྡན་པའི་རྣལ་འབྱོར་རོ། །དེའི་རྗེས་སུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བཅོམ་ལྡན་འདས་མི་བསྐྱོད་པ་སྤྲོས་ཏེ་སེམས་ཅན་གྱི་ཁམས་མ་ལུས་པའི་ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པར་བྱས་ཏེ། སླར་ཡང་གཤེགས་ཤིང་བདག་རྡོ་རྗེ་འཛིན་པ་ལ་ཞུགས་ཏེ་འོ་མ་དང་ཆུ་བཞིན་དུ་གཅིག་གི་དངོས་པོར་གྱུར་པར་བསམ་མོ་།དེ་ཞུགས་མ་ཐག་ཏུ་ཉི་མའི་དཀྱིལ་འཁོར་ལ་བ་ཞུགས་པ་ནོར་བུ་ཨི་ནྡྲ་ནཱི་ལའི་མདོག་ཅན་བཅོམ་


DTG032_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཞེ་སྡང་རྡོ་རྗེ་མི་བསྐྱོད་པ་ཞེས་བྱ་བ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་བཾ་ལས་སྐྱེས་པའི་པདྨའི་སྟེང་དུ་ཨ་ལས་སྐྱེས་པའི་ཟླ་བ་ལ་ས་བོན་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ལས་བྱུང་བའི་ཐུགས་རྡོ་རྗེ་འཛིན་པ་དེ་དང་འདྲ་བར་བསམས་ཏེ། དེའི་ཐུགས་ཀར་དེ་བཞིན་དུ་པདྨ་དང་ཟླ་བ་ལ་གནས་པ། རང་གི་ཆོས་ཀྱི་ཡི་གེ་ཧཱུཾ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ་རྣམ་པར་དགོད་དེ། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་བདག་ཉིད་བསྒོམ་པར་བྱ་ཞེས་རྗེས་སུ་རྣལ་འབྱོར་རོ། །དེའི་རྗེས་སུ་མིག་གཉིས་ལ་ཐླིཾ་ལས་སྐྱེས་པའི་སའི་སྙིང་པོའོ། །རྣ་བ་གཉིས་ལ་ཨོཾ་ལས་སྐྱེས་པའི་ཕྱག་ན་རྡོ་རྗེའོ། །སྣ་བུག་གཉིས་ལ་ཨོཾ་ལས་སྐྱེས་པའི་ནམ་མཁའི་སྙིང་པོའོ། །ལྕེ་ལ་ཨོཾ་ལས་སྐྱེས་པའི་སྤྱན་རས་གཟིགས་དབང་ཕྱུག་གོ །ལུས་ལ་ཨོཾ་ལས་སྐྱེས་པའི་སྒྲིབ་པ་རྣམ་པར་སེལ་བའོ། །ཡིད་ལ་ཨོཾ་ཧཱུཾ་ལས་སྐྱེས་པའི་འཇམ་པའི་དབྱངས་སོ། །རྩ་རྒྱུས་ཐམས་ཅད་ལ་ཡི་གེ་མཻཾ་ལས་སྐྱེས་པའི་བྱམས་པའོ། །ཡི་གེ་སཾ་ལས་ཀུན་ཏུ་བཟང་པོ་ཚིག་གིས་ཐམས་ཅད་ལ་དགོད་པར་བྱའོ། །ཞེས་མིག་ལ་སོགས་པ་སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །སྲ་བའི་མཚན་ཉིད་ཇི་སྲིད་ཤ་དང་རུས་པ་ལ་སོགས་པའི་ཚོགས་དེ་ལ་ཡི་གེ་ལཾ་ལས་སྐྱེས་པའི་སངས་རྒྱས་སྤྱན་མའོ། །ཇི་སྲིད་གཤེར་བའི་མཚན་ཉིད་ཁྲག་ལ་སོགས་པ་དེ་དག་ལ་ཡི་གེ་ཨེ་ཝཾ་ལས་སྐྱེས་པའི་མཱ་མ་ཀཱིའོ། །ཇི་སྲིད་དྲོད་ཀྱི་ཆ་དེ་དག་ཏུ་ཡི་གེ་བཾ་ལས་སྐྱེས་པའི་གོས་དཀར་མོའོ། །ཇི་སྲིད་གཡོ་འགུལ་ལ་སོགས་པ་དེ་དག་ལ་ཡི་གེ་ཏམ་ལས་སྐྱེས་པའི་དམ་ཚིག་སྒྲོལ་མ་དགོད་ཅེས་ཁམས་བྱིན་གྱིས་བརླབ་པའོ། །སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་ལས་སྐྱེས་པའི་རྣམ་པར་སྣང་མཛད་དོ། །མགྲིན་པར་པདྨའི་སྟེང་དུ་ཡི་གེ་ཨཱཿལས་སྐྱེས་པའི་འོད་དཔག་ཏུ་མེད་པའོ། །ཐུགས་ཀའི་རྡོ་རྗེ་དང་ཉི་མའི་སྟེང་དུ་ཡི་གེ་ཧཱུཾ་ལས་སྐྱེས་པའི་མི་བསྐྱོད་པའོ། །ལྟེ་བར་ཡི་གེ་སྭཱ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་ནོ། །རྐང་པ་དག་ལ་ཡི་གེ་ཧཱ་ལས་སྐྱེས་པ་དོན་ཡོད་གྲུབ་པ་དགོད་པར་བྱ་ཞེས་ཕུང་པོ་བྱིན་གྱིས་བརླབ་པའོ། །སླར་ཡང་གཤིན་རྗེ་གཤེད་དཔུང་པ་གཡས་ལའོ། །ཤེས་རབ་མཐར་བྱེད་དཔུང་པ་གཡོན་ལའོ། །ཁ་ལ་རྟ་མགྲིན་ནོ། །རྡོ་རྗེ་ལ་བདུད་རྩི་འཁྱིལ་པའོ། །ལག་པ་གཡས་པ་ལ་མི་གཡོ་མགོན་ནོ། །གཡོན་


DTG032_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འདོད་པའི་རྒྱལ་པོའོ། །པུས་མོ་གཡས་པ་ལ་དབྱུག་སྔོན་ཅན་ནོ། །གཡོན་པ་ལ་སྟོབས་པོ་ཆེའོ། །སྤྱི་བོ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །རྐང་པའི་འོག་ཏུ་གནོད་མཛེས་ཀྱི་རྒྱལ་པོ་དགོད་པར་བྱ་ཞེས་ཡན་ལག་དང་ཉིང་ལག་ཐམས་ཅད་དུ་དགོད་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །དེའི་སྤྱི་བོར་ཡི་གེ་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་ཁ་དོག་དཀར་པོ་དགོད་དེ། དེའི་འོད་ཟེར་གྱི་ཚོགས་ལས་ཕྱི་རོལ་དུ་སངས་རྒྱས་སྤྱན་མའི་ཚོགས་སྤྲོས་ཏེ། ནམ་མཁའི་ཁམས་ན་འོག་མིན་གྱི་གནས་སུ་བཞུགས་པའི་བཅོམ་ལྡན་འདས་སྐུ་རྡོ་རྗེ་འཁོར་དང་བཅས་པ་སངས་རྒྱས་སྤྱན་མའི་ཚོགས་དེས་རྗེས་སུ་ཆགས་པར་བྱས་ལ་ཕྱག་གི་ཞགས་པས་མགྲིན་པར་བཅིངས་ཏེ་བཀུག་པ་གཞལ་ཡས་ཁང་པའི་མདུན་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསམས་ཏེ། འདི་ལྟར་གསོལ་བ་གདབ་པར་བྱ་སྟེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་བརླབས་གོ་འཕང་ནི། །སྐུ་ཡི་རྡོ་རྗེར་མཛད་དུ་གསོལ། །ཞེས་བདག་པོའི་ཚིགས་སུ་བཅད་པའི་གསོལ་བ་གདབ་པའོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །དེང་བདག་བྱིན་བརླབས་གོ་འཕང་ནི། །སྐུ་ཡི་རྡོ་རྗེར་མཛད་དུ་གསོལ། །ཞེས་དེའི་འཁོར་རྣམས་ལ་གསོལ་བ་གདབ་པའི་ཚིགས་སུ་བཅད་པའོ། །དེའི་རྗེས་ལ་མཆོད་པ་རྣམ་པ་ལྔས་དེ་མཆོད་ནས་སྤྱན་གྱི་ཚོགས་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་ཚོགས་ཡི་གེ་ཨོཾ་ལ་འཇུག་པར་བྱའོ། །ཞུགས་པའི་དེ་མ་ཐག་ཏུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་བདག་ཉིད་ཀྱི་ལུས་མཐོང་ནས་ང་རྒྱལ་བྱའོ། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་རྫོགས་པ། །སངས་རྒྱས་ཀུན་གྱི་རང་བཞིན་ནི། །བདག་ལའང་དེ་དང་འདྲ་བར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧམ། དེའི་འོག་ཏུ་མགྲིན་པའི་ཕྱོགས་སུ་ཨཱཿ་ལས་སྐྱེས་པའི་པདྨའི་སྟེང་དུ་ཨ་རྣམ་པར་དགོད་དེ། དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་གོས་དཀར་མོའི་ཚོགས་སྤྲོས་པ་དེས་ནམ་མཁའི་དབྱིངས་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་བཞུགས་


DTG032_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པ་བཀུག་ལ། ཤར་གྱི་སྒོར་མངོན་པར་ཕྱོགས་པ་པདྨ་དང་ཟླ་བའི་དཀྱིལ་འཁོར་དུ་བཞུགས་པར་ལྟ་སྟེ། ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱའོ། །དཔལ་ལྡན་ཆོས་ཀྱི་གསུང་ལམ་ཉིད། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་བརླབས་གོ་འཕང་ནི་།གསང་གི་རྡོ་རྗེར་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་བརླབས་གོ་འཕང་ནི། །གསུང་གི་རྡོ་རྗེར་མཛད་དུ་གསོལ། །དེའི་རྗེས་སུ་མཆོད་པ་རྣམ་པ་ལྔས་མཆོད་ལ། །འོད་ཟེར་གྱི་སྒོ་ནས་ཡི་གེ་ཨཱཿ་ལ་འཇུག་པར་བྱའོ། །ཞུགས་མ་ཐག་ཏུ་དུང་གཡས་སུ་འཁྱིལ་བའི་དབྱིབས་ཅན་གྱི་མགྲིན་པའི་གནས་ལས་བྱུང་བའི་པདྨའི་འདབ་མ་དང་མཚུངས་པའི་ཡན་ལག་དྲུག་ཅུ་དང་གསུང་རབ་ཡན་ལག་བཅུ་གཉིས་དང་ལྡན་པ་ཚངས་པའི་དབྱངས་ཅན་རང་གི་ལྕེ་ལ་བལྟས་ཏེ། ཚིགས་སུ་བཅད་པ་འདིས་འདི་ལྟར་ང་རྒྱལ་འཛིན་པར་བྱ་སྟེ། གང་ཞིག་རྡོ་རྗེ་ཆོས་ཀྱིས་ནི། །གསུང་གི་ངེས་ཚིག་ཕུན་སུམ་ཚོགས། །བདག་ལའང་དེ་དང་འདྲ་བའི་དག །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །བརྟན་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་སུ་རང་གི་ཐུགས་ཀར་པདྨ་དང་ཉི་མ་དང་རྡོ་རྗེའི་སྟེང་དུ་སྤྲིན་གྱི་མདོག་ཅན་ཡི་གེ་ཧཱུམ་རྣམ་པར་བཀོད་ནས། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ལས་སྤྲོས་པའི་མཱ་མ་ཀཱིའི་ཚོགས་དེས་ནམ་མཁའི་དབྱིངས་ན་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ། །དཔལ་མི་བསྐྱོད་པ་འཁོར་དང་བཅས་པ་རྗེས་སུ་ཆགས་པར་བྱ་སྟེ། ཕྱག་གི་ཞགས་པ་དག་གིས་བཀུག་ལ་ཤར་གྱི་སྒོར་མངོན་པར་ཕྱོགས་པ་པདྨ་དང་ཉི་མ་ལ་བཞུགས་ཏེ། ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱ་སྟེ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་རློབ་པ་ནི། །ཐུགས་ཀྱི་རྡོ་རྗེ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་རློབ་པ་ནི། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །སྔ་མ་བཞིན་དུ་མཆོད་


DTG032_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པ་ལྔས་མཆོད་ཅིང་འོད་ཟེར་གྱི་སྒོ་ནས་མཱ་མ་ཀཱིའི་ཚོགས་དང་བཅས་པ་དཔལ་མི་བསྐྱོད་པ་འཁོར་དང་བཅས་པ་ཧཱུཾ་དེ་ཉིད་དུ་འཇུག་པར་བྱའོ། །ཞུགས་མ་ཐག་ཏུ་མེ་ལོང་དྲི་མ་མེད་པ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཟླ་བའི་བདུད་རྩི་དང་མཚུངས་ཤིང་དངས་པར་རང་གི་སེམས་བལྟ་སྟེ། ཚིགས་སུ་བཅད་པ་འདིས་ང་རྒྱལ་འཆང་བ་ནི། །གང་ཞིག་ཀུན་ཏུ་བཟང་པོའི་ཐུགས། །བློ་ལྡན་གསང་བའི་དབང་པོ་ནི། །བདག་ལའང་དེ་དང་འདྲ་བའི་ཐུགས། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །བརྟན་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ལྟར་སྐུ་ལ་སོགས་པ་ཐ་དད་པར་བྱིན་གྱིས་བརླབས་ནས། སྔགས་འདིས་ཅིག་ཅར་དུ་ཡང་བྱིན་གྱིས་བརླབ་པར་བྱ་བ་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ལྟར་བདག་ཉིད་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ཞལ་གསུམ་པ་ཕྱག་དྲུག་པ་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པ་ཨི་ནྡྲ་ནཱི་ལའི་མདོག་ཅན། རྡོ་རྗེ་དང༌། དྲིལ་བུ་དང༌། འཁོར་ལོ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རལ་གྲི་འཛིན་པ་ཅུང་ཟད་མཆེ་བ་གཙིགས་པ་སྤྲོ་བ་དང་བསྡུ་བའི་རིམ་པས་རང་དང་འདྲ་བའི་ལྷག་པའི་བདག་པོ་དང་བཅས་པའི་གསལ་གྱིན་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་སྐྱེད་པར་བྱེད་པ་བཅོམ་ལྡན་འདས་ཡེ་ཤེས་ལྔའི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའ་བསམ་པར་བྱའོ་ཞེས་རྣལ་འབྱོར་ཆེན་པོའོ། །དེ་ལྟར་རྣལ་འབྱོར་བཞིའི་བདག་ཉིད་ཅན་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ངོ་བོ་ཉིད་ཀྱི་སྐུའོ། །དེའི་རྗེས་ལ་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བརྩམ་པའི་དུས་སུ་ཕྱག་རྒྱ་ལེགས་པར་སྦྱང་བའི་ཆོ་ག་ནི་འདི་ཡིན་ཏེ། དེ་ལ་ཕྱག་རྒྱ་མཐའ་ཡས་པ་ཡིན་པས་རིགས་ཀྱི་དབྱེ་བས་ལྔ་རུ་གྱུར་པའོ། །དེ་ལ་ཡང་མདོར་བསྡུ་ན་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་གསུམ་དུ་འགྱུར་རོ། །དེ་ལ་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་པ་ལ་སྨེ་ཤ་ཅན་གྱི་བུ་མོ་ཨུཏྤལ་སྔོན་པོའི་མདོག་འདྲ་བ། ལོ་བཅུ་གཉིས་ལོན་པ་བསྔགས་སོ། །གསུང་གི་རྡོ་རྗེའི་རྣལ་འབྱོར་པ་ལ་ལོ་བཅུ་དྲུག་པ་གར་མཁན་མོ་དམར་མོ་བསྔགས་སོ། །སྐུའི་རྡོ་རྗེའི་རྣལ་འབྱོར་པ་ལ་བཙོ་བླག་མཁན་གྱི་བུ་མོ་ལོ་ཉི་ཤུ་ལོན་


DTG032_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་མདོག་དཀར་མོ་བསྔགས་སོ། །འདིར་ཡང་སྨེ་ཤ་ཅན་གྱི་བུ་མོ་ཨུཏྤལ་སྔོན་པོའི་མདོག་དང་འདྲ་བ་བྲང་སྐྱེས་སྲ་ཞིང་མཐོ་བ་རྒྱས་པ་དང་ལྡན་པ་ལོ་བཅུ་གཉིས་པ་བླངས་ཏེ། མདུན་དུ་མེའི་དཀྱིལ་འཁོར་ཟུར་གསུམ་པ་ལ་གནས་པར་བསམས་ཏེ། རང་གི་སྙིང་ག་ནས་སྤྲོས་པའི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པའི་བདག་ཉིད་བསྒོམས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོ་དེའི་ཆང་ཟུངས་ན་གནས་པའི་ཧཱུཾ་དམར་པོ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོ་མེ་འབར་བ་སྤྲོ་བའི་སྣ་བུག་གཡས་པ་ནས་ངེས་པར་འབྱུང་བ་དེས་སྨེ་ཤ་ཅན་གྱི་བུ་མོའི་ལུས་པོ་བསྲེགས་ཏེ་ཐལ་བར་གྱུར་པ་ལས་ཐལ་བ་དེ་ཡང་རླུང་དྲག་པོའི་ཤུགས་ཅན་གྱིས་ཕྱོགས་བཅུར་ཁྱེར་ཞིང་དེའི་རྣམ་པར་སྨིན་པ་མར་མེ་དང་འདྲ་བ་དང༌། ནོར་བུ་དད་པའི་འོད་ཟེར་དང་འདྲ་བ་མི་གཡོ་བར་བསྒོམ་སྟེ། སྔར་བྱུང་བའི་འོད་ཟེར་གྱིས་སྣ་བུག་གཡོན་པ་ནས་ནང་དུ་བསྡུས་ཏེ། ལམ་དབུས་མ་འདོད་པའི་གདུགས་ཞེས་བྱ་བའི་རྩ་ནས་ཟླ་བ་ཞུ་བའི་གཟུགས་སུ་སྤྲོས་ཏེ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ཕྱག་རྒྱའི་ནང་དུ་གནས་པའི་འདབ་མ་སྣ་ཚོགས་པའི་པདྨའི་ལྟེ་བ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདེ་བ་ཆེན་པོ་འབབ་པས་དབང་དུ་གྱུར་པས་བྱང་ཆུབ་ཀྱི་སེམས་ཐིག་ལེའི་ཚུལ་དུ་དགོད་པར་བྱའོ། །དགོད་པའི་དེ་མ་ཐག་ཏུ་ལྷ་མོ་རེག་བྱ་རྡོ་རྗེ་མ་དང་འདྲ་བ་ཞལ་གསུམ་ཕྱག་དྲུག་པ་མདོག་སྔོ་བསངས་མ་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་དྲིལ་བུ་དང་ཡིད་བཞིན་ནོར་བུ་དང་རལ་གྲི་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་གནས་པ། སྒེག་པ་དང་བཞད་པ་དང་རྣམ་པར་རོལ་པ་ཅན་འབྱུང་བར་བསམས་ཏེ། དེའི་སྙིང་ཁར་རང་གི་ཆོས་ཀྱི་ཡི་གེ་ལས་འབྱུང་བའི་པདྨ་དང་ཟླ་བ་ལ་གནས་པའི་ཡེ་ཤེས་ཀྱི་ལྷ་མོ་དེའི་རྣམ་པར་བཀོད་ལ། དེ་ཡང་སྙིང་ཁར་སྔ་མ་བཞིན་དུ་རང་གི་ཆོས་ཀྱི་ཡི་གེ་ལས་བྱུང་བའི་རྡོ་རྗེའི་སྟེང་དུ་རང་གི་ཆོས་ཀྱི་ཡི་གེ་ལ་བལྟས་ཏེ། གསང་བའི་རྡོ་རྗེ་དང་ཆུ་སྐྱེས་ཀྱི་བྱ་བ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་ཕྱི་རོལ་ཏུ་སྤྲོས་ཏེ་དེ་དང་ལྷན་ཅིག་ཏུ་མར་ལ་མར་ཐིམ་པ་བཞིན་དུ་རོ་གཅིག་པར་བྱས་ལ། སྤྱི་བོ་དང་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་རྐང་པའི་བོལ་དག་ཏུ་རིམ་


DTG032_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། ཨོཾ་ཨཱཿ་ཧཱུཾ་སྭཱ་ཧཱ་ས་བོན་འདི་དག་དགོད་དེ། ནུ་མ་གཉིས་ཀྱི་སྟེང་དུ་སའི་རང་བཞིན་ས་བོན་ལཾ་ལས་སྐྱེས་པའི་སངས་རྒྱས་སྤྱན་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་སླར་ཡང་ནུ་མ་གཉིས་སུ་བསྒོམ་མོ། །མ་མཆུ་ལ་ཡང་ཆོས་ཀྱི་ཡི་གེ་མཾ་ལས་འབྱུང་བའི་མཱ་མ་ཀཱི་ཡོངས་སུ་གྱུར་པ་ལས་སླར་ཡང་མ་མཆུར་བསྒོམ་མོ། །གསང་བའི་པདྨ་ལ་ཡང་ཡི་གེ་བཾ་ལས་སྐྱེས་པའི་གོས་དཀར་མོ་མེའི་ཁམས་ཀྱི་རང་བཞིན་ཅན་རྣམ་པར་བསྒོམས་ཏེ། དེའི་ནང་གི་ཁོང་སྟོང་ལ་ཡང་རླུང་གི་ཁམས་ཀྱི་ངོ་བོ་ཉིད་ཡི་གེ་ཏཾ་ཡོངས་སུ་གྱུར་པ་ལས་དམ་ཚིག་སྒྲོལ་མ་ཡཾ་ཡོངས་སུ་གྱུར་པ་ལས་ཁོང་སྟོང་ནམ་མཁའ་ལྟ་བུ་བསྐྱེད་པར་བྱའོ། །དེའི་གཟུགས་ལ་གཟུགས་རྡོ་རྗེ་མ་དང༌། དེའི་པདྨ་ལ་སོགས་པའི་དྲི་རྣམས་ལ་ཡང་དྲི་རྡོ་རྗེ་མ་དང༌། དེའི་སྐད་སྙན་པ་ལ་སྒྲ་རྡོ་རྗེ་མ་དང༌། དེའི་ཁ་མཚན་ཁུང་གཉིས་ནུ་མ་གཉིས་ལྟེ་བ་ལ་སོགས་པའི་རོ་དྲུག་ལ་རྡོ་རྗེ་མ་དེ་དག་ཛཿ་ཧཱུཾ་བ་ཧོཿ་།ས་བོན་ལས་སྐྱེས་པ་རྣམ་པར་དགོད་དོ། །དེ་རྣམས་དང་ལྷན་ཅིག་ཏུ་སའི་སྙིང་པོ་ལ་སོགས་པ་དང་སྙོམས་པར་ཞུགས་པར་བསམས་ཏེ། གཡས་པ་དང་གཡོན་པའི་ཕྱག་གཉིས་དང་ཁ་དང་གསང་བ་དང༌། གཡས་པ་དང་གཡོན་པའི་དཔུང་པ་གཉིས་དང་དེ་བཞིན་དུ་གཡས་དང་གཡོན་པའི་པུས་མོ་དང༌། སྤྱི་བོ་དང་རྐང་པའི་མཐིལ་དུ་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རོ་ལངས་མ་དང༌། གཞན་གྱིས་མི་ཐུབ་མ་དང༌། ཁྲོ་གཉེར་མ་དང༌། རལ་པ་གཅིག་མ་དང༌། སྣ་ཚོགས་རྡོ་རྗེ་མ་དང༌། རིན་ཆེན་སྣ་ཚོགས་མ་དང་། པདྨ་སྣ་ཚོགས་མ་དང༌། ལས་སྣ་ཚོགས་མ་དང༌། ནམ་མཁའ་རྡོ་རྗེ་མ་དང༌། ས་འཛིན་མ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་བཙུན་མོ། །གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུའི་མདོག་དང་མཚུངས་པ་ཞལ་གསུམ་པ་ཕྱག་དྲུག་པ་དགོད་པར་བྱའོ། །དེའི་རྗེས་ལ་བདག་ཉིད་ཀྱི་རྡོ་རྗེ་ས་བོན་ཧཱུཾ་ལས་ཡོངས་སུ་རྫོགས་པའི་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཚངས་པས་བྱིན་གྱིས་བརླབས་པའི་ནོར་བུའི་ཆ་དང་ལྡན་པར་བྱ་སྟེ། ལྷ་མོ་ལ་ཡང་ཨ་ལས་སྐྱེས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་ལྟེ་བར་ཆར་འབབ་པ་དགག་པར་བྱ་བའི་ཕྱིར་ཡི་གེ་ཕཊ་ཀྱིས་བྱིན་གྱིས་བརླབས་ཏེ་


DTG032_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀ་ལས་ཀྱང་ཁ་དོག་སྣ་ལྔ་པའི་འོད་ཟེར་གྱི་འཁོར་ལོ་བྱུང་བར་བསམས་ཏེ། བསྙེན་པ་མཆོག་ལ་སོགས་པའི་རིམ་གྱིས་བསྒྲུབ་པ་ལ་བརྩམ་པར་བྱའོ། །དེ་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་སྦྱོར་བ་ནི་བསྙེན་པའོ། །རྡོ་རྗེ་དང་པདྨ་འདུས་པ་ནི་ཉེ་བར་སྒྲུབ་པའོ། །ས་བོན་གྱི་བྱིན་གྱིས་བརླབས་པ་དེ་དག་གིས་བསྐྱོད་པ་ནི་སྒྲུབ་པའོ། །དེ་ལས་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོའོ། །ཇི་སྐད་དུ་རྒྱུད་ཕྱི་མ་ལས། གང་ཕྱིར་བསྒྲུབ་བྱ་སྒྲུབ་བྱེད་ཀྱི། །སྦྱོར་བ་བསྙེན་པ་ཡིན་པར་འདོད། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཉེ་བར་སྒྲུབ་པར་གསུངས་པ་ཡིན། །སྒྲུབ་པ་བསྐྱོད་པ་རབ་བཤད་པ། །ཧཱུཾ་ཕཊ་ཡང་དག་ལྡན་པ་སྟེ། །རང་ངོ་རང་བདེ་ཞི་བ་ནི། །སྒྲུབ་པ་ཆེན་པོ་ཡིན་པར་འདོད། །ཅེས་འབྱུང་ངོ༌། །དེའི་འོག་ཏུ་འདོད་ཆགས་ཆེན་པོའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བ་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའི་དུས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཕྱུང་ཞིང་རྡོ་རྗེའི་ཆང་ཟུངས་སུ་གནས་པའི་བྱང་ཆུབ་ཀྱི་སེམས། ཧཱུཾ་གི་སྒྲ་བརྗོད་ཅིང་དེའི་འོག་ཏུ་ཕཊ་ཀྱི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བློས་པདྨའི་ནང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དབྱུང་བར་བྱའོ། །དེའི་སྔགས་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་སྔགས་སོ། །བྱང་ཆུབ་ཀྱི་སེམས་དེ་ཉིད་ཨོཾ་བཛྲ་དྷྲྀ་ཀ་ཅེས་སྔགས་ཀྱི་ཚུལ་དུ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་སྔོན་པོ་མཆེ་བ་གཙིགས་པ་ཚམ་ངམ་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ཕྱིར་སྤྲོས་པ་དེས་ཞེ་སྡང་ལ་སོགས་པའི་སེམས་ཅན་གྱི་ཁམས་སྦྱངས་ལ། མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་རབ་ཏུ་དགོད་དེ། སླར་ཡང་གཤེགས་ནས་ཕྱོགས་བཅུ་ལ་གཟིགས་ཏེ་རྡོ་རྗེ་སེམས་དཔའ་དེ་ཉིད་དང་ལྷན་ཅིག་ཏུ་མར་ལ་མར་ཐིམ་པ་བཞིན་དུ་གཅིག་ཏུ་གྱུར་པ་དཔལ་མི་བསྐྱོད་རྡོ་རྗེ་བསྒོམ་པར་བྱའོ། །ཕྱག་ལ་སོགས་པའི་བཤད་


DTG032_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས་གསུངས་པ་ནི་ཇི་སྐད་དུ། ཨི་ནྡྲ་ནཱི་ལའི་མདོག་དང་མཚུངས། །ཅུང་ཟད་མཆེ་བ་གཙིགས་པ་སྟེ། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །ཞལ་གསུམ་ཕྱག་དྲུག་གཟི་བརྗིད་ཆེ། །རྡོ་རྗེ་འཁོར་ལོ་ཆུ་སྐྱེས་ནི། །གཡས་པའི་ཕྱག་དུ་བསྒོམ་པར་བྱ། །དྲིལ་བུ་ཡིད་བཞིན་ནོར་བུ་དང༌། །དེ་བཞིན་རལ་གྲི་ཕྱག་གཡོན་ནའོ། །མགོན་པོ་རྡོ་རྗེ་སྐྱིལ་ཀྲུང་ཅན། །རལ་བའི་ཐོར་ཚུགས་འཛིན་པ་མཆོག །ཞི་བ་རྗེས་ཆགས་སྒེག་པ་དང༌། །ཞལ་གསུམ་པོ་ནི་རྣམ་པར་མཛེས། །སྤྲོས་པའི་འོད་ཟེར་འཁོར་ལོས་ནི། །ནམ་མཁའི་གཏོས་ནི་མ་ལུས་ཁྱབ། །ཞེ་སྡང་རྡོ་རྗེའི་གོ་འཕང་གནས། །བདག་ཉིད་དེ་ལྟར་བསྒོམ་པར་བྱ། །ཞེས་འབྱུང་ངོ༌། །དེའི་རྗེས་ལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཉིས་པ་ཛི་ན་ཛྀ་ཀ་ཞེས་སྔགས་ཀྱི་ཚུལ་དུ་སྤྲོས་ཏེ། པདྨའི་ནང་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་ཡོངས་སུ་གྱུར་པ་ཕྱི་རོལ་དུ་སྤྲོས་ཏེ་གཏི་མུག་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་ནས་འོག་མིན་གྱི་གནས་སུ་དགོད་དེ། སླར་ཡང་གཤེགས་ནས་ཕྱོགས་བཅུར་གཟིགས་པ་སྔོན་དུ་འགྲོ་བས་མདུན་དུ་ཟླ་བའི་དཀྱིལ་འཁོར་འཁོར་ལོས་མཚན་པ་ལ་བཞུགས་པར་བསྒོམ་པར་བྱའོ། །རྡོ་རྗེ་ཕྲེང་བ་ལས་ཀྱང༌། དེ་ཡི་རྩ་བའི་ཕྱག་ལ་ནི། །འཁོར་ལོ་རྩིབས་ནི་བརྒྱད་པ་མཆོག །ཁ་དོག་དཀར་ཞིང་ཀུནད་འདྲ། །ཞི་བ་ཡི་ནི་གཟུགས་འཆང་བ། །ལྷག་མ་ཐམས་ཅད་སྔོན་བཞིན་དུ། །མདོར་བསྡུས་པར་ནི་ཤེས་པར་བྱ། །ཞེས་འབྱུང་ངོ༌། །དེའི་རྗེས་སུ་སླར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རདྣ་དྷྲྀ་ཀ་ཅེས་བྱ་བའི་སྔགས་ཀྱི་ཚུལ་དུ་ཡོངས་སུ་གྱུར་པའི་རིན་ཆེན་འབྱུང་ལྡན་དེ་ཉིད་དུ་སྤྲོས་ཏེ་ཕྱིར་གཤེགས་ཤིང་ང་རྒྱལ་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ། རིན་ཆེན་འབྱུང་ལྡན་གྱི་འཇིག་རྟེན་གྱི་ཁམས་སུ་རབ་ཏུ་བཀོད་དེ། སླར་ཡང་གཤེགས་ནས་ཕྱོགས་བཅུར་གཟིགས་ནས་ལྷོའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་རྩིབས་དྲུག་པའི་རིན་པོ་ཆེའི་སྟེང་དུ་བཞུགས་པར་བསམ་མོ། །དེའི་རྩ་བའི་ཕྱག་ན་ཡིད་བཞིན་གྱི་ནོར་བུ། སྐུ་མདོག་སེར་པོ་


DTG032_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེའི་རྗེས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཨཱ་རོ་ལྀ་ཀ་ཅེས་བྱ་བའི་སྔགས་ཀྱི་ཚུལ་དུ་ཡོངས་སུ་གྱུར་པ་འོད་དཔག་ཏུ་མེད་པའི་གཟུགས་དེ་ཉིད་དུ་སྤྲོས་ཏེ། ཕྱི་རོལ་ཏུ་གཤེགས་ནས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་བཀོད་དེ། སླར་ཡང་གཤེགས་ནས་ཕྱོགས་བཅུ་ལ་གཟིགས་ཏེ་ནུབ་ཀྱི་ཕྱོགས་སུ་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པར་བསམ་མོ། །འདིའི་རྩ་བའི་ཕྱག་གཉིས་ཀྱིས་པདྨ་བསྐུམ་པ་རྒྱས་པར་བྱེད་པ་སྐུ་མདོག་དམར་པོ་བསྒོམ་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེའི་རྗེས་སུ་ཡང་སླར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་པྲཛྙཱ་དྷྲྀ་ཀ་ཅེས་པའི་སྔགས་ཀྱི་ཚུལ་དུ་ཡོངས་སུ་གྱུར་པ་དེ་ལས་དོན་ཡོད་གྲུབ་པ་དེ་ཉིད་དུ་སྤྲོས་ཏེ་ཕྱི་རོལ་དུ་གཤེགས་ནས་ཕྲག་དོག་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་ནས། མེ་ཏོག་ཅན་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་དུ་རབ་ཏུ་གནས་པར་མཛད་ནས་སླར་ཡང་གཤེགས་ཏེ། ཕྱོགས་བཅུར་གཟིགས་ནས་བྱང་གི་ཕྱོགས་སུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསམ་མོ། །དེའི་རྩ་བའི་ཕྱག་གཡས་པ་ལ་རལ་གྲི་དང་སྐུ་མདོག་སྔོ་བསངས་སུ་བསམ་པར་བྱ་ཞེས་ལྷག་མ་རྣམས་སྔ་མ་བཞིན་ནོ། །དེ་དག་ནི་ཕུང་པོ་ལྔ་དང༌། འབྱུང་བ་ཆེན་པོ་ལྔ་དང༌། དབང་པོ་ལྔ་དང༌། རྣམ་པར་ཤེས་པ་ལྔ་དང༌། ནམ་མཁའ་རྣམ་པར་དག་པའི་ཡེ་ཤེས་ལྔའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ལྔ་པོ་ཤེས་པར་བྱའོ། །ཇི་སྐད་དུ། ཞེ་སྡང་གཏི་མུག་འདོད་ཆགས་དང༌། །དམ་ཚིག་ནོར་བུའི་རིགས་དེ་བཞིན། །དེ་དག་རིགས་ནི་ལྔ་ཉིད་དེ། །འདོད་དང་གྲོལ་བ་རབ་སྒྲུབ་བྱེད། ཅེས་འབྱུང་ངོ༌། །དེའི་རྗེས་ལ་མོ་ཧ་ར་ཏི་ཞེས་སྔགས་ཀྱི་ཚུལ་དུ་ཡོངས་སུ་གྱུར་པའི་ཐིག་ལེ་ལས་སངས་རྒྱས་སྤྱན་མ་དེ་ཉིད་དུ་བསྐྱེད་པའི་ཕྱིར་སྤྲོས་ཏེ། བདག་ཏུ་གཏི་མུག་པའི་རྣམ་པར་རྟོག་པ་སྦྱངས་ཏེ་སའི་ཁམས་ལ་མངོན་པར་ཞེན་པ་རྣམས་རྣམ་པར་སྣང་མཛད་ཀྱི་ཞིང་ལ་བཀོད་དེ། །སླར་ཡང་གཤེགས་ནས་མེའི་མཚམས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་


DTG032_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་མོ། །དེའི་རྗེས་སུ་དྭེ་ཥ་ར་ཏི་ཞེས་བྱ་བའི་སྔགས་ཀྱི་ཚུལ་དུ་ཡོངས་སུ་གྱུར་པའི་ཐིག་ལེ་ལས་མཱ་མ་ཀཱི་དེ་ཉིད་དུ་བསྐྱེད་ལ་ཆུའི་ཁམས་ལ་མངོན་པར་ཞེན་པ་རྣམས་ཀྱི་བདག་ཏུ་ང་རྒྱལ་བའི་རྣམ་པར་རྟོག་པ་སྦྱངས་ཏེ། རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་རྣམ་པར་དཀོད་དེ་སླར་ཡང་གཤེགས་ཤིང་བདེན་བྲལ་གྱི་མཚམས་སུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །དེའི་འོག་ཏུ་རཱ་ག་ར་ཏི་ཞེས་བྱ་བའི་སྔགས་ཀྱི་ཚུལ་དུ་ཡོངས་སུ་གྱུར་པ་ལས་གོས་དཀར་མོ་དེ་ཉིད་དུ་བསྐྱེད་དེ་ཕྱིར་སྤྲོས་ལ་མེའི་ཁམས་ལ་མངོན་པར་ཞེན་པ་རྣམས་ཀྱི་བདག་ཏུ་ཆགས་པའི་རྣམ་པར་རྟོག་པ་སྦྱངས་ཏེ། སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་བཀོད་པར་བྱས་ལ། སླར་ཡང་གཤེགས་ཏེ་རླུང་གི་མཚམས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་མོ། །དེ་ནས་བཛྲ་ར་ཏི་ཞེས་བྱ་བའི་སྔགས་ཀྱི་ཚུལ་དུ་ཡོངས་སུ་གྱུར་པ་ཐིག་ལེ་ལས་ལྷ་མོ་སྒྲོལ་མ་དེ་ཉིད་དུ་བསྐྱེད་དེ་དེ་ཕྱིར་སྤྲོས་ལ་རླུང་གི་ཁམས་ལ་མངོན་པར་ཞེན་པ་རྣམས་ཀྱི་བདག་ཏུ་ལྟ་བའི་རྣམ་པར་རྟོག་པ་འཇོམས་ཤིང་དོན་ཡོད་གྲུབ་པའི་ཞིང་དོན་ཡོད་གྲུབ་པའི་ཞིང་དུ་རྣམ་པར་དཀོད་དེ་སླར་ཡང་གཤེགས་ནས་དབང་ལྡན་གྱི་མཚམས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་དུ་བཞུགས་པར་བསམ་མོ། །རིགས་ཀྱི་བཙུན་མོ་བཞི་པོ་དེ་དག་གཞལ་དང་ཕྱག་དང་མཚོན་ཆ་དང་སྐུ་མདོག་དང་གནས་སྟབས་གཙོ་བོ་བཞིན་དུ་འཛིན་པ། ལྷའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདོད་ཀྱང༌། ཁྱད་པར་དུ་ནི་མཱ་མ་ཀཱིའི་ཕྱག་མཚན་ནི་རྡོ་རྗེས་མཚན་པའི་ཨུཏྤལའོ། །ལྷ་མོ་སྒྲོལ་མའི་ཨུཏྤལ་སེར་པོའོ། །དེ་དག་ཀྱང་སྟོང་པ་ཉིད་རྣམ་པར་ཐར་པ་བཞི་དང༌། ཚད་མེད་པ་བཞི་དང༌། ཕྲིན་ལས་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་བཞི་དང༌། བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་དུ་ཤེས་པར་བྱའོ་ཞེས་ནང་གི་ཕོ་བྲང་གཅིག་གོ །དེའི་ཕྱི་རོལ་དུ་གྲུ་བཞི་པ་དེའི་ཟུར་བཞིའི་ནང་དུ། ཛཿ་ཧཱུཾ་བཾ་ཧོཿ་།ཞེས་བྱ་བའི་སྔགས་ཀྱི་ཚུལ་དུ་ཐིག་ལེ་ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ལྷ་མོ་བཞི་དེ་ཉིད་དུ་བསྐྱེད་


DTG032_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཕྱི་རོལ་དུ་སྤྲོས་ཏེ་གཟུགས་ལ་སོགས་པའི་མངོན་པར་ཞེན་པ་རྣམས་ལ་འདོད་པའི་ཡོན་ཏན་སྦྱངས་ཏེ། རང་གི་རིགས་ཀྱི་བདག་པོའི་ཞིང་ཁམས་སུ་བཀོད་པར་བྱས་ལ། སླར་ཡང་གཤེགས་ཏེ་སྔ་མ་བཞིན་དུ་ཟུར་བཞིར་ཟླ་བ་རྣམས་ལ་བཞུགས་པར་བསམ་མོ། །དེ་རྣམས་ཀྱི་རྩ་བའི་ཕྱག་གཡས་པའི་དང་པོ་རྣམས་ལ་མེ་ལོང་དང་རྒྱུད་མངས་དང་དྲིའི་དུང་ཆོས་དང་བདུད་རྩི་ལྔས་གང་བའི་སྣོད་བསྒོམ་པར་བྱའོ། །ལྷག་མ་ནི་སངས་རྒྱས་སྤྱན་ལ་སོགས་པ་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ཐླིཾ་མམ་ས་བོན་ལས་ཡོངས་སུ་རྫོགས་པ་སའི་སྙིང་པོ་དང་བྱམས་པ་དག་གིས་ཐིག་ལེའི་གཟུགས་ལས་དེ་ཉིད་དུ་སྤོས་ཏེ་དེའི་ཕྱི་རོལ་དུ་གཤེགས་ནས་སེམས་ཅན་ཐམས་ཅད་ཀྱི་མིག་ལ་སོགས་པའི་དབང་པོ་ལྷའི་མིག་ཏུ་བྱས་པ་དང༌། རྩ་རྒྱུས་ཀྱི་དྲ་བ་ཡང་སངས་རྒྱས་ཀྱི་སྐུ་དང་འདྲ་བར་བསྐྱེད་དེ། རང་གི་རིགས་ཀྱི་བདག་པོའི་ཞིང་ཁམས་སུ་རབ་ཏུ་བཀོད་ཅིང་སླར་ཡང་གཤེགས་ནས་ཤར་གྱི་སྣམ་བུ་ལ་ཟླ་བའི་དཀྱིལ་འཁོར་བདག་པོ་ལ་འདུད་པར་བྱེད་ཅིང་གནས་པར་བསྒོམ་མོ། །དེ་དག་རིམ་པ་བཞིན་དུ་དཀར་པོ་དང་སེར་པོར་སྐུ་མདོག་ཤེས་པར་བྱའོ། །རྩ་བའི་ཕྱག་དང་པོའི་ཕྱག་མཚན་ནི་རང་རང་གི་རིགས་ཀྱི་བདག་པོའི་བཞིན་ནོ། །འོན་ཀྱང་བྱམས་པའི་ཕྱག་དུ་ནཱ་ག་གེ་སར་གྱི་ཤིང་གི་ཡལ་གའོ། །དེའི་རྗེས་སུ་ཨོཾ་གཉིས་ཐིག་ལེའི་གཟུགས་སུ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དེ་ཉིད་དུ་སྤྲོས་ཏེ། ཕྱི་རོལ་དུ་གཤེགས་ནས་སེམས་ཅན་ཐམས་ཅད་ཀྱི་རྣ་བ་དང་སྣའི་དབང་པོ་སྦྱངས་ཏེ་ལྷའི་དབང་པོར་བྱས་ལ། རང་གི་རིགས་ཀྱི་བདག་པོའི་ཞིང་ཁམས་སུ་གནས་པར་མཛད་ཅིང་སླར་ཡང་གཤེགས་ཏེ་ལྷའི་སྣམ་བུ་ལ་ཟླ་བའི་དཀྱིལ་འཁོར་དུ་བདག་པོ་ལ་འདུད་པ་སྔོན་དུ་འགྲོ་བར་བཞུགས་པར་བསམ་མོ། །འདི་དག་གི་ཞལ་ལ་སོགས་པ་ནི་ལྷག་པའི་ལྷའི་བདག་པོ་བཞིན་ནོ། །འོན་ཀྱང་ཕྱག་ན་རྡོ་རྗེ་ནག་པོ་དང༌། ནམ་མཁའི་སྙིང་པོ་སེར་པོའོ། །དེའི་རྗེས་སུ་ཧཱུཾ་དང་ཨོཾ་ས་བོན་ལས་ཐིག་ལེའི་གཟུགས་དེ་དག་ལས་བྱུང་བ་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དེ་ཉིད་


DTG032_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྤྲོས་ཏེ་ཕྱི་རོལ་དུ་གཤེགས་ནས་སེམས་ཅན་གྱི་ལྕེ་དང་ཡིད་ཀྱི་དབང་པོ་དག་ལྷའི་རང་བཞིན་དུ་བྱས་ནས་རང་གི་རིགས་ཀྱི་བདག་པོའི་ཞིང་ཁམས་སུ་རབ་ཏུ་བཀོད་དེ། སླར་ཡང་གཤེགས་ནས་ནུབ་ཀྱི་སྣམ་བུ་ལ་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་རང་གི་བདག་པོ་ལ་འདུད་པ་སྔོན་དུ་འགྲོ་བར་བཞུགས་སོ། །སྐུ་མདོག་ནི་དམར་པོ་དང་དཀར་པོ་སྟེ་ལྷག་མ་ནི་བདག་པོ་བཞིན་ནོ། །དེའི་འོག་ཏུ་སཾ་དང་ཨོཾ་ས་བོན་དག་ལས་གྲུབ་པ་ཀུན་དུ་བཟང་པོ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་ཉིད་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཡན་ལག་གི་ཚིགས་དང༌། ལུས་ཀྱི་དབང་པོ་རྣམ་པར་སྦྱངས་ཏེ་ལྷའི་གཟུགས་སུ་བསྐྱེད་ལ་རང་གི་རིགས་ཀྱི་བདག་པོའི་ཞིང་ཁམས་སུ་རབ་ཏུ་བཀོད་དེ། སླར་ཡང་གཤེགས་ནས་བྱང་གི་སྣམ་བུར་ཟླ་བའི་སྟེང་དུ་བདག་པོ་ལ་འདུད་པ་མཛད་ཅིང་བཞུགས་སོ། །སྐུ་མདོག་ནི་དམར་པོ་དང་ལྗང་གུ་དག་གོ །ལྷག་མ་ནི་བདག་པོ་བཞིན་ནོ། །བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་ནི་ལེའུ་བཅུ་གཉིས་པ་ལས་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་གནས་སྐབས་སུ་གསུངས་པའི་ས་བོན་ལས་ཤེས་པར་བྱའོ། །འདིར་ཡང་འཆད་པར་འགྱུར་ཏེ། དེ་ལྟར་ལས་ཀྱི་ལམ་རྣམ་པར་དག་པ་སོ་སོར་བསྟན་ཞེས་བྱ་བ་ལ་སོགས་པས་སོ། །དེའི་རྗེས་སུ་ཡ་མཱ་ནྟ་ཀྲྀ་ཏ་ཅེས་བྱ་བའི་སྔགས་ལས་རྫོགས་པ་གཤིན་རྗེ་གཤེད་པོ་དེ་ཉིད་དུ་སྤྲོས་ཏེ་ཕྱི་རོལ་དུ་གཤེགས་ནས་ཕུང་པོའི་བདུད་དང་ཉོན་མོངས་པའི་སྒྲིབ་པ་དང་འཇིག་ཚོགས་ལ་ལྟ་བ་དང་མ་དད་པ་རྣམ་པར་བཅོམ་སྟེ། སེམས་ཅན་ཐམས་ཅད་དད་པའི་དབང་པོ་ལ་ངེས་པར་བཀོད་དེ། སླར་ཡང་གཤེགས་ནས་ཤར་གྱི་སྒོར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསམ་མོ། །འདིའི་རྩ་བའི་ཕྱག་གཡས་པ་ལ་ཐོ་བའོ། །སྐུ་མདོག་ནག་པོ་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དེའི་འོག་ཏུ་པྲཛྙཱནྟ་ཀྲྀཏ་ཅེས་བྱ་བའི་སྔགས་ལས་རྫོགས་པའི་ཤེས་རབ་མཐར་བྱེད་དེ་ཉིད་དུ་སྤྲོས་ཏེ་ཕྱི་རོལ་དུ་གཤེགས་ནས་འཆི་བདག་གི་བདུད་དང་ཤེས་བྱའི་སྒྲིབ་པ་དང་མཐར་འཛིན་པའི་ལྟ་བ་དང་ལེ་ལོ་རྣམ་པར་འཇོམས་


DTG032_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་དབང་པོ་ལ་རྣམ་པར་བཀོད་དེ། སླར་ཡང་གཤེགས་ནས་ལྷོའི་སྒོར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསམ་མོ། །རྩ་བའི་ཕྱག་གཡས་པས་དབྱུག་པ་བསྣམས་པའོ། །སྐུ་མདོག་དཀར་པོའོ། །ལྷག་མ་སྔ་མ་བཞིན་ནོ། །དེའི་འོག་ཏུ་པདྨ་མཱནྟ་ཀྲྀཏ་ཅེས་བྱ་བའི་སྔགས་ལས་གྲུབ་པ་པདྨ་མཐར་བྱེད་དེ་ཉིད་དུ་སྤྲོས་ཏེ་ཕྱི་རོལ་དུ་གཤེགས་ནས་ཉོན་མོངས་པའི་བདུད་དང་ལས་ཀྱི་སྒྲིབ་པ་དང་ལྟ་བ་ལོག་པ་དང་བརྗེད་ངས་པ་རྣམ་པར་འཇོམས་ཤིང༌། སེམས་ཅན་གྱི་ཁམས་དྲན་པའི་དབང་པོ་ལ་གནས་པར་བྱས་ནས། སླར་ཡང་གཤེགས་ཏེ་ནུབ་ཀྱི་སྒོར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་སོ། །རྩ་བའི་ཕྱག་གཡས་པས་པདྨ་བསྣམས་པའོ། །སྐུ་མདོག་དམར་པོའོ། །ལྷག་མ་ནི་བདག་པོ་བཞིན་ནོ། །དེ་ནས་བིགྷྣཱནྟ་ཀྲྀཏ་ཅེས་བྱ་བའི་སྔགས་ལས་སྐྱེས་པ་བགེགས་མཐར་བྱེད་དེ་ཉིད་དུ་སྤྲོས་ནས་ཕྱིར་གཤེགས་ཏེ། ལྷའི་བུའི་བདུད་དང་རྣམ་པར་སྨིན་པའི་སྒྲིབ་པ་དང་ལྟ་བ་མཆོག་ཏུ་འཛིན་པ་དང༌། གཡེང་བ་རྣམས་རྣམ་པར་འཇོམས་ཤིང་ཏིང་ངེ་འཛིན་གྱི་དབང་པོ་ལ་སེམས་ཅན་ཐམས་ཅད་རབ་ཏུ་བཀོད་དེ། སླར་ཡང་གཤེགས་ནས་བྱང་ཕྱོགས་ཀྱི་སྒོར་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་བཞུགས་སོ། །རྩ་བའི་ཕྱག་གཡས་པས་རྡོ་རྗེ་འཛིན་པ་སྐུ་མདོག་མངྒད་ལྟ་བུ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །ཁྲོ་བོ་དེ་རྣམས་གཡས་བརྐྱང་པ་དང་གཡོན་བརྐྱང་པ་དང་མཉམ་པ་དང་མི་མཉམ་པའི་སྟང་སྟབས་ཀྱིས་བཞུགས་པར་བསམ་མོ། །དེའི་འོག་ཏུ་སྭཱ་ཧཱ་ཨཱཿ་ཨོཾ་ཧཱུཾ་བྷྲཱུཾ་ས་བོན་དྲུག་ལས་རྫོགས་པ་མི་གཡོ་མགོན་དང༌། དབྱུག་སྔོན་ཅན་དང༌། འདོད་པའི་རྒྱལ་པོ་དང༌། སྟོབས་པོ་ཆེ་དང༌། གནོད་མཛེས་ཀྱི་རྒྱལ་པོ་དང༌། གཙུག་ཏོར་འཁོར་ལོས་སྒྱུར་བ་སྔ་མ་བཞིན་དུ་སྤྲོས་ནས་ཕྱིར་གཤེགས་ཏེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གི་རྣམ་པར་རྟོག་པའི་དྲི་མ་སྦྱངས་ཏེ། སེམས་ཅན་གྱི་ཁམས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མངོན་པར་ཤེས་པ་དྲུག་ཐོབ་པར་བྱས་ཏེ། སླར་ཡང་གཤེགས་ཏེ་


DTG032_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལ་སོགས་པའི་སྒོའི་མཚམས་རྣམས་དང༌། སྟེང་དང་འོག་དག་ཏུ་བཞུགས་པར་བསམ་མོ། །དེ་རྣམས་ཀྱི་སྐུ་མདོག་ནི་རང་རང་གི་རིགས་དང་མཐུན་པ་ཞེས་ལ་ལ་འདོད་དོ། །དྲུག་ཅར་སྐུ་མདོག་ནག་པོ་ཡིན་ཞེས་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བཞེད་དོ། དེ་དག་གཡོན་བརྐྱང་པའི་སྟང་སྟབས་ཅན་ནོ། །ཁྲོ་བོ་བཅུ་པོ་མིག་གཡོ་ཞིང་ཟླུམ་པའི་སྨིན་མ་ཁམ་པ། ཤངས་ཟླུམ་པ། དབུ་སྐྲ་འབར་ཞིང་གྱེན་དུ་བརྫེས་པ། ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་དྲུག་པ། མིའུ་ཐུང་གི་རྣམ་པ་ཅན། མཆེ་བ་གཙིགས་ཤིང་ཚམ་ངམ་པ། ལྗགས་བསྒུལ་ཞིང་མེ་སྟག་འཕྲོ་བ་རིགས་ཀྱི་ཀླུ་བརྒྱད་ཀྱིས་རྒྱན་བྱས་པ། འཇིགས་པའི་གཟུགས་ཅན་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རོ་ལངས་མ་དང༌། ཁྲོ་གཉེར་མ་དང༌། གཞན་གྱིས་མི་ཐུབ་མ་དང༌། རལ་པ་གཅིག་མ་དང༌། རྡོ་རྗེ་སྣ་ཚོགས་མ་དང༌། རིན་ཆེན་སྣ་ཚོགས་མ་དང༌། པདྨ་སྣ་ཚོགས་མ་དང༌། ལས་སྣ་ཚོགས་མ་དང༌། ས་འཛིན་མ་དང༌། ནམ་མཁའ་རྡོ་རྗེ་མ་ཁྲོ་བོའི་རྒྱལ་པོའི་བཙུན་མོ་རྣམས་དེ་དག་གི་ཆོས་ཉིད་དག་གིས་འཁྱུད་པར་བསམ་མོ། །མི་གཡོ་མགོན་ལ་སོགས་པའི་ཁྲོ་བོ་དྲུག་གི་རྩ་བའི་ཕྱག་གཡས་པའི་དང་པོ་རྣམས་ལ་ལྕགས་ཀྱུ་དང༌། དབྱུག་པ་དང༌། རྩེ་གསུམ་དང༌། རལ་གྲི་དང༌། རྡོ་རྗེ་དང༌། འཁོར་ལོ་དག་ཤེས་པར་བྱའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །རྒྱུད་ཕྱི་མ་ལས་ཀྱང༌། ལྕགས་ཀྱུ་དབྱུག་པ་རྩེ་གསུམ་དང༌། །རལ་གྲི་རྡོ་རྗེ་འཁོར་ལོ་སྟེ། །འདོད་པ་དབྱུག་སྔོན་མི་གཡོ་སྟོབས། །སྟེང་འོག་གནོད་མཛེས་གཙུག་ཏོར་གྱིའོ། །ཞེས་འབྱུང་ངོ༌། །སྲུང་བའི་འཁོར་ལོ་འདི་ནི་ནང་གི་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་སྙོམས་པར་ཞུགས་པ་རྣམས་ཀྱི་ཏིང་ངེ་འཛིན་བསྲུང་བའི་དོན་དང༌། བགེགས་རྣམ་པར་འཇིགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གསུངས་སོ། །ལེའུ་བཅུ་གསུམ་པ་ལས་ཀྱང༌། །འགོག་པའི་རྡོ་རྗེ་ཁྲོ་བོ་ནི། །སངས་རྒྱས་འཁོར་ལོ་ལ་བརྟེན་པས། །ཏིང་འཛིན་ཡེ་ཤེས་རྡོ་རྗེ་རྣམས། །རྡོ་རྗེ་ཁྲོ་བོས་ལས་འགྲུབ་འགྱུར། །ཞེས་འབྱུང་ངོ༌། །དེ་ལྟར་ཡོངས་


DTG032_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ལ་བལྟས་ཏེ། གཞལ་ཡས་ཁང་པའི་ཕྱི་རོལ་དུ་ཡི་གེ་སྭཱ་ལས་བྱུང་བའི་བཻ་ཌཱུ་ཪྻ་དང་པདྨ་རཱ་ག་དང་ཨིནྡྲ་ནཱི་ལའི་ནོར་བུའི་ཁྱད་པར་རྣམས་ཀྱིས་སྤྲུལ་པའི་སྐས་ཀྱི་རིམ་པ་ཅན་ཆུ་དང་ས་པའི་ནང་དུ་སྐྱེས་པའི་གསེར་གྱི་པདྨ་ཅན་གྱི་རྫིང་རྣམས་དང༌། དེ་བཞིན་དུ་ཡང་དེ་ལས་སྐྱེས་པའི་བཻ་ཌཱུ་ཪྻའི་སྡོང་པོ་ཅན་གསེར་བཙོ་མའི་ཁ་དོག་དང་ལྡན་པའི་པདྨའི་ལྟེ་བ་ལ་བཞུགས་པ་བསམ་གཏན་ལ་འཇུག་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་ཡང་ཕྱི་རོལ་ཏུ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡོངས་སུ་འདུ་ལ་སོགས་པའི་ཤིང་སྣ་ཚོགས་པ་རྣམས་ཀྱི་རྩ་བར་ཀྲྀཥྞ་ས་ལེའི་པགས་པའི་གདན་ལ་བཞུགས་པའི་རང་སངས་རྒྱས་དང་དགྲ་བཅོམ་པ་མཐའ་ཡས་པས་མཛེས་པའོ། །དེའི་ཡང་ཕྱི་རོལ་ཏུ་གདུགས་དང་རྒྱལ་མཚན་དང་བ་དན་དང་གཡེར་ཀ་དང་རྭ་དུང་དང་རྫ་རྔ་དང་རྔ་ཟླུམ་དང་པི་ཝང་དང་གླིང་བུ་དང་རྒྱུད་མངས་དང་ཆལ་ཅུང་བི་རིལ་དང༌། ཏམ་བུ་ར་དང་རྐེད་ཕྲན་ལ་སོགས་པ་རོལ་ཆ་སྣ་ཚོགས་པ་འཛིན་པའི་ལྷ་མོ་རྣམས་ཀྱིས་བརྒྱན་པའོ། །དེའི་ཡང་ཕྱི་རོལ་དུ་རིན་པོ་ཆེ་སྣ་བདུན་ནི་འཁོར་ལོ་རྩིབས་བརྒྱད་ལ་ཁ་དོག་སེར་པོ་དང་གླང་པོ་རིན་པོ་ཆེ་ནི་མཆེ་བ་དྲུག་པ་ཁ་དོག་དཀར་པོ་དང༌། རྟ་རིན་པོ་ཆེ་ནི་ཁ་དོག་ལྗང་ཁུ་དང་བུད་མེད་རིན་པོ་ཆེ་ནི་ལོ་བཅུ་དྲུག་གི་རྣམ་པ་སྔོ་བསངས་མ་ཚུལ་ཁྲིམས་དང་ལྡན་པ་དང༌། ཡིད་བཞིན་ནོར་བུ་རིན་པོ་ཆེ་ནི་རྩིབས་དྲུག་པ་ཁ་དོག་སེར་པོ་དང༌། ཁྱིམ་བདག་རིན་པོ་ཆེ་ནི་མདོག་དམར་པོ་མཛོད་མི་ཟད་པ་དང་ལྡན་པ་དང༌། དམག་དཔོན་རིན་པོ་ཆེ་ནི་མདུང་དང་རལ་གྲི་འཛིན་ཞིང་ཁ་དོག་ནག་པོ་གོ་ཆ་དང་བཅས་པ་བསྒོམ་པར་བྱའོ། །དེའི་ཕྱི་རོལ་དུ་ལྷའི་གནས་རིས་དྲུག་གི་ལྷའི་བུ་མོ་སྣ་ཚོགས་པ་དང་བཅས་པ་མཆོད་རྫས་སྣ་ཚོགས་ཐོགས་པར་བསམ་མོ། །དེའི་ཡང་ཕྱི་རོལ་དུ་གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། གྲུལ་བུམ་དང༌། བརྗེད་བྱེད་དང༌། མཁའ་འགྲོ་མ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་དང༌། མི་དང༌། མི་མ་ཡིན་དང༌། རྐང་མེད་དང༌། རྐང་གཉིས་པ་དང༌། རྐང་བཞི་པ་དང༌།


DTG032_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་མང་བ་རྣམས་སྟེང་དུ་ལག་པ་ཚོལ་བ་ལ་བརྩོན་པ་ཀི་ལི་ཀི་ལིའི་སྒྲ་རྗོད་པར་བྱེད་པ་རྣམས་ཀྱིས་བསྐོར་བའོ། །གཞལ་ཡས་ཁང་པའི་འོག་ཏུ་ཡང་ས་འོག་བདུན་གྱི་བར་དུ་ཁྱབ་པར་བྱེད་པ་ཡི་གེ་ཧཱ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་བསམ་མོ། །སྟེང་དུ་ཡང་བ་དན་དང་གཡེར་ཁ་རྣམས་སྲིད་པའི་རྩེ་མོའི་བར་དུ་སླེབས་པར་བསམ་མོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་མཐོང་ནས་དབུས་ཀྱི་བདག་པོར་གྱུར་པའི་རྣལ་འབྱོར་པས་སྔ་མ་བཞིན་དུ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ཕྱག་རྒྱའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདེ་བ་ཆེན་པོ་འདོད་པའི་དབང་གིས་གསང་བའི་རྡོ་རྗེ་རབ་ཏུ་འཇུག་པས་བ་སྤུའི་ཁུང་བུ་ནས་ངེས་པར་འབྱུང་བའི་འོད་ཟེར་ལྕགས་ཀྱུའི་རྣམ་པས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་དབང་བསྐུར་བའི་དོན་དུ་འགུགས་ཤིང་གསོལ་བ་གདབ་པར་བྱའོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བླ་ན་མེད་པའི་དབང་བསྐུར་བས་བདག་ལ་དབང་བསྐུར་བ་མཛོད་ཅིག་པའོ། །གསོལ་བ་བཏབ་པ་གསན་མ་ཐག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་འཁོར་དང་བཅས་པ་གསེར་གྱི་མེ་ཏོག་སྣ་ཚོགས་པ་ཐོགས་པ་དང༌། ལ་ལ་ནི་རོལ་ཆ་སྣ་ཚོགས་པའི་སྒྲས་ཕྱོགས་ཀྱི་ཆ་རྣམས་ཁྱབ་པར་བྱས་ལ་ཁ་ཅིག་ཀྱང་མཆོད་པ་རྣམ་པ་ལྔ་ལག་ན་ཐོགས་པ་དང༌། ལ་ལ་ཡང་བདུད་རྩི་ལྔས་བཀང་བའི་སྣོད་འཛིན་པ། དེ་བཞིན་དུ་ཡང་ཁ་ཅིག་དྲི་བཟང་པོའི་ཆུས་བཀང་བའི་རིན་པོ་ཆེའི་བུམ་པ་ཐོགས་པ་གཞན་དག་ཀྱང་བསྟོད་པའི་ཚིག་རྣམས་བརྗོད་པ་ལ་བརྩོན་པ། གཞན་དག་ཀྱང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྗོད་པར་བྱེད་པ། ལ་ལ་ནི་རྡོ་རྗེའི་གླུ་ལེན་པ། ལ་ལ་ནི་གར་བྱེད་ཅིང་ནམ་མཁའི་དབྱིངས་ནས་གཤེགས་ཤིང་སྒྲུབ་པ་པོ་ལ་མངོན་པར་ཕྱོགས་པ། དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་འཁོར་དང་བཅས་པ་ལ་དབང་བསྐུར་བ་མཛད་པར་བསམ་མོ། །དེའི་དུས་སུ་ཡང་སྔགས་དང་ཚིགས་སུ་བཅད་པ་བརྗོད་པར་མཛད་དེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། དེ་བཞིན་གཤེགས་ཀུན་དབང་བསྐུར་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །


DTG032_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཁྱོད་ལ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དབང་བསྐུར་མ་ཐག་ཏུ་དབུས་ཀྱི་བདག་པོའི་ཅོད་པན་དུ་རྡོ་རྗེ་འཆང་བའོ། །རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞི་ལ་རྡོ་རྗེ་འཆང་བ་ཉིད་དོ། །སྤྱན་ལ་སོགས་པ་བཞི་ནི་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པའོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་ཡང་དེ་བཞིན་ནོ། །སའི་སྙིང་པོ་དང་བྱམས་པ་དག་ལ་རྣམ་པར་སྣང་མཛད་ཉིད་དོ། །ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དག་ལ་རིན་ཆེན་འབྱུང་ལྡན་ནམ་མི་བསྐྱོད་པའོ། །འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་འོད་དཔག་ཏུ་མེད་པའོ། །ཀུན་དུ་བཟང་པོ་དང་སྒྲིབ་པ་རྣམ་པར་སེལ་བ་ལ་དོན་ཡོད་གྲུབ་པའོ། །གཤིན་རྗེ་གཤེད་ལ་སོགས་པ་བཞི་ལ་རྣམ་པར་སྣང་མཛད་ལ་སོགས་པའོ། །འདོད་པའི་རྒྱལ་པོ་ལ་སོགས་པ་བཞི་ལ་རྣམ་པར་སྣང་མཛད་ལ་སོགས་པའམ་མི་བསྐྱོད་པའོ། །ཇི་སྐད་དུ། ཁྲོ་བོ་ཞེ་སྡང་གནས་ལས་འབྱུང༌། །ཞེས་གསུངས་སོ། །རྡོ་རྗེ་རོ་ལངས་མ་ལ་སོགས་པ་རྣམས་ལ་གཤིན་རྗེ་གཤེད་ཁོ་ནའོ། །རྒྱས་གདབ་པ་དེ་རང་གི་རིགས་རྣལ་འབྱོར་པས་རྗེས་སུ་དྲན་པར་འགྱུར་རོ། །ཇི་སྐད་དུ། རྒྱས་གདབ་པས་ནི་ལྷར་འགྲུབ་དང༌། །རིགས་ལའང་བྱིན་གྱིས་རློབ་པ་སྟེ། །རིགས་འཆོལ་པ་ཡི་སྦྱོར་བ་ཡིས། །དངོས་གྲུབ་མེད་ཅིང་སྒྲུབ་པའང་མེད། །ཅེས་འབྱུང་ངོ༌། །འདིར་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བས་ས་བརྒྱད་པ་ཐོབ་པ་དང༌། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་ཞེས་བྱ་བའི་བར་རོ། །དེའི་རྗེས་སུ་སྔར་བཤད་པའི་རིམ་པས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་བཀུག་ལ་ཞལ་དུ་འཇུག་པར་བྱ་སྟེ། འདོད་པའི་གདུགས་ཞེས་བྱ་བའི་རྩའི་དབུས་ནས་བྱང་ཆུབ་ཀྱི་གཟུགས་སུ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ནང་དུ་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རིམ་གྱིས་སྤྲོས་ཏེ་སྔ་མ་བཞིན་དུ་སེམས་དཔའ་གསུམ་གྱིས་བདག་ཉིད་དང༌། དབང་བསྐུར་བ་རྒྱས་གདབ་པའི་བར་ཤིན་ཏུ་མངོན་


DTG032_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུས་བྱས་ལ། ཕན་ཚུན་སྙོམས་པར་ཞུགས་པས་ཞུ་བའི་བྱང་ཆུབ་ཀྱི་སེམས་དེ་ཡོངས་སུ་གྱུར་པ་ལས་མཆོད་པའི་ལྷ་མོ་རྣམས་པདྨའི་ནང་ནས་ཕྱུང་སྟེ་དཀྱིལ་འཁོར་གྱི་སྒོ་རྣམས་ཀྱི་བར་དུ་ཡོངས་སུ་བསྐོར་བར་བསམ་མོ། །དེ་དག་གིས་ཀྱང་མཆོད་པ་རྣམ་པ་ལྔ་དང་ནང་གི་མཆོད་པ་དང་གསང་བའི་མཆོད་པ་ལ་བརྩོན་པ། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རྔ་ཡབ་ལ་སོགས་པ་ཐོགས་ཤིང་ཕྱག་འཚལ་བ་སྔོན་དུ་འགྲོ་བས་པུས་མོ་གཡས་པ་ས་ལ་བཙུགས་ཏེ། དབུས་ཀྱི་བདག་པོ་ནས་བརྩམ་ཞིང་སྒོ་བ་རྣམས་ཀྱི་བར་དུ་རང་གི་བདག་ཉིད་མཆོད་པར་བྱ་སྟེ། དེ་ལ་རིམ་པ་ནི་མེ་ཏོག་མས་མེ་ཏོག་དབུལ་བའི་དུས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་བཞིན་དུ་ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚོགས་བརྗོད་པར་བྱའོ། །མཆོད་པ་ཡོངས་སུ་རྫོགས་པ་ན་སྔ་མ་བཞིན་དུ་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ལ་མཆོད་པའི་ལྷ་མོ་རྣམས་སྙིང་གར་འཇུག་པར་བྱ་ཞེས་མཆོད་པའི་རིམ་པའོ། །དེ་བཞིན་དུ་ཡང་སྤྲོས་ཏེ་སྙན་པའི་སྐད་རྣམས་ཀྱིས་ལྷ་མོའི་ཚོགས་ཀྱིས་བདག་ཉིད་ཀྱི་འཁོར་ལོ་ལ་བསྟོད་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་འདི་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དང་ལོངས་སྤྱོད་རྫོགས་པའི་སྐུའོ།། །།ད་ནི་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ལས་ཐམས་ཅད་དག་པར་བྱ་བའི་ཕྱིར་བརྩམ་པར་བྱ་སྟེ། དེའི་རིམ་པ་ནི་རེ་ཞིག་དང་པོ་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེ་ལ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ཕྱག་རྒྱའི་ནང་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་དཀྱིལ་འཁོར་མ་ལུས་པའི་རྣམ་པར་རྟོག་པ་སྤངས་པས་ན་རའི་སྣ་དང་འདྲ་བའི་པདྨའི་སྣའི་རྩེ་མོར་ཡུངས་ཀར་ཕྲ་བ་ཙམ་གྱི་ཚོད་ཐིག་ལེར་བསྒོམས་ལ། དེའི་དབུས་སུ་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པའམ་གསང་བ་ལྔའི་དཀྱིལ་འཁོར་ཆེན་པོ་རྣམ་པར་བསྒོམས་ཏེ། དེ་སྲིད་གནས་པའི་ཇི་སྲིད་སེམས་རྩེ་གཅིག་པར་གྱུར་


DTG032_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་རོ། །སེམས་རྩེ་གཅིག་པའི་རྟགས་ནི་གམ་ན་གནས་པའི་སྒྲ་ལ་སོགས་པའི་མཚན་ཉིད་གཟུང་བར་མི་ནུས་པ་དང་དེ་ལྟར་གྱུར་པའི་རྣལ་འབྱོར་པ་ལ་ཤིན་ཏུ་གསང་བའི་རྔ་དང་རྭ་དུང་དང༌། འབྲུག་སྒྲའམ་ཡན་ལག་མཆོག་དང་ལྡན་པའི་རོལ་མོ་བྱེད་པའི་རེག་པའམ་ཤིན་ཏུ་སྲ་བའི་བྲག་དང༌། གནམ་ལྕགས་ལ་སོགས་པ་རྣམས་ཀྱིས་ཀྱང་སེམས་རྩེ་གཅིག་པ་ལས་ཉམས་པར་མི་འགྱུར་ཏེ་ཕྲ་མོའི་རྣལ་འབྱོར་དང་ལྡན་པའི་ཕྱིར་རོ། །རྡུལ་ཕྲ་རབ་བམ་ཤིན་ཏུ་ཆེ་བའི་མཐའ་ལ་གནས་པའི་སེམས་དབང་དུ་འགྱུར་ཞེས་གཞན་ནས་འབྱུང་ངོ༌། །དེ་ལྟ་བུར་གྱུར་པའི་བརྟན་པའི་རྟགས་མཐོང་ནས་སྤྲོ་བར་བྱའོ། །དང་པོ་ཁ་དོག་སྣ་ལྔ་པ་འོད་ཟེར་གྱི་ཚོགས་དེ་གསལ་བར་གྱུར་ན་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་རྣམས་སྤྲོ་བ་དང༌། དེའི་རྗེས་སུ་དེ་ཡོངས་སུ་གྱུར་པའི་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་སོ། །དེ་རྣམས་ལས་ཀྱང་དེ་བཞིན་གཤེགས་པའི་གཟུགས་དུ་མ་སྤྲོས་ཏེ། སླར་ཡང་ཐིག་ལེ་དེ་ཉིད་དུ་འཇུག་པར་བྱའོ་ཞེས་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་བའི་ཕྲ་མོའི་རྣལ་འབྱོར་རོ། །ཞེ་སྡང་རྡོ་རྗེའི་རྣལ་འབྱོར་པས་ཙ་ན་ཀའི་འབྲུའི་ཚོང་ཙམ་ཨིནྡྲ་ནཱི་ལའི་མདོག་ཅན་ཆོས་འབྱུང་བའི་ཕྱག་རྒྱའི་ནང་དུ་ཕྲ་བའི་རྡོ་རྗེ་རྣམ་པར་བསྒོམས་ཏེ། དེའི་ཆང་ཟུངས་ཀྱི་ནང་དུ་སྔ་མ་བཞིན་དུ་བདག་ཉིད་བསྒོམས་ཏེ། བརྟན་པར་བྱེད་པའི་མཚན་མ་མཐོང་བ་སྔོན་དུ་འགྲོ་བས་རྡོ་རྗེའི་རིགས་རྣམས་སྤྲོ་བ་དང་བསྡུ་བར་བྱའོ་ཞེས་རིགས་ཀྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །སྐུའི་རྡོ་རྗེའི་རྣལ་འབྱོར་པས་ནི་ཡུངས་ཀར་གྱི་འབྲུའི་ཚོད་ཙམ་འཁོར་ལོའི་མཚན་མ་དེ་ཉིད་དུ་བསྒོམས་ཏེ། དེའི་ལྟེ་བ་ལ་བདག་ཉིད་སྔ་མ་བཞིན་དུ་བསམས་ཏེ་བརྟན་པར་བྱེད་པའི་མཚན་མ་མཐོང་ནས་སྐུ་རྡོ་རྗེ་རྣམས་སྤྲོ་བ་དང་བསྡུ་བར་བྱའོ་ཞེས་སྐུ་རྡོ་རྗེའི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་གསུང་གི་རྡོ་རྗེའི་རྣལ་འབྱོར་པས་ཆོས་འབྱུང་བའི་ནང་དུ་ཙ་ན་ཀའི་འབྲུའི་ཚོད་ཙམ་པདྨ་དམར་པོ་རྣམ་པར་བསམས་ཏེ། དེའི་ལྟེ་བ་ལ་སྔ་མ་བཞིན་དུ་བདག་ཉིད་རྣམ་པར་བཀོད་དེ། བརྟན་པར་བྱེད་པའི་མཚན་མ་བྱུང་བ་ན་གསུང་གི་རྡོ་རྗེའི་ལྷ་རྣམས་སྤྲོ་བ་དང་བསྡུ་བར་


DTG032_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་གསུང་གི་རྡོ་རྗེའི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །དེའི་རྗེས་སུ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཟུར་དྲུག་པ་མདོག་སེར་པོ་ཙ་ན་ཀའི་འབྲུའི་ཚོད་དམ་ནས་འབྲུའི་ཚོད་ཀྱི་རིན་པོ་ཆེ་རྣམས་བརྟགས་ལ། དེའི་དབུས་སུ་བདག་ཉིད་སྔ་མ་བཞིན་དུ་བསམས་ཏེ། བརྟན་པར་བྱེད་པའི་མཚན་མ་རྙེད་ནས་རིན་པོ་ཆེའི་རིགས་ཀྱི་ལྷ་རྣམས་སྤྲོ་བ་དང་བསྡུ་བར་བྱའོ་ཞེས་རིན་པོ་ཆེའི་རིགས་ཀྱི་རྣལ་འབྱོར་བའི་ཕྲ་མོའི་རྣལ་འབྱོར་རོ། །དེའི་རྗེས་སུ་དམ་ཚིག་གི་རྡོ་རྗེའི་རྣལ་འབྱོར་པས་ཆོས་འབྱུང་བའི་ནང་དུ་ཡུངས་ཀར་ཀྱི་འབྲུའི་ཚོད་ཙམ་གྱི་རལ་གྲི་ལ་དམིགས་ཏེ། དེའི་ཆང་ཟུངས་ཀྱི་ནང་དུ་སྔ་མ་བཞིན་བདག་ཉིད་བསམས་ཏེ། བརྟན་པའི་མཚན་མ་བྱུང་བ་ན་དམ་ཚིག་གི་རྡོ་རྗེའི་རིགས་ཀྱི་ལྷ་རྣམས་སྤྲོ་བ་དང་བསྡུ་བར་བྱའོ་ཞེས་དམ་ཚིག་གི་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་ཡང་ཕྲ་མོའི་རྣལ་འབྱོར་ནི་འོག་ནས་འཆད་པར་འགྱུར་རོ་ཞེས་ཕྲ་མོའི་རྣལ་འབྱོར་གྱི་བསྒོམ་པའི་རིམ་པ་བསྟན་ཏོ། །དེ་ནས་བཟླས་བརྗོད་བཤད་པར་བྱ་སྟེ། རེ་ཞིག་དང་པོར་ཡེ་ཤེས་སེམས་དཔའི་སྙིང་གའི་པདྨའི་ལྟེ་བར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྙིང་པོའམ་ཉེ་བའི་སྙིང་པོ་ལ་སོགས་པ་གང་ཡང་རུང་བ་ཁ་གྱེན་དུ་ལྟ་བ། ཤེལ་གྱི་ཕྲེང་བ་ལྟ་བུ་འོད་དང་བ་དེའི་ནང་ན་སྲོག་དང་རྩོལ་བ་མདོག་དམར་པོ་སྐུད་པ་ལྟ་བུས་བརྒྱུས་པ་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་བྱུང་ཞིང་ཁའི་ལམ་ནས་ངེས་པར་སྤྲོས་ཏེ། དམ་ཚིག་སེམས་དཔའི་སྙིང་གར་ཕྱིན་ནས་དེ་ལས་ཀྱང་དམ་ཚིག་སེམས་དཔའི་ཁ་ནས་ངེས་པར་བྱུང་སྟེ། དམ་ཚིག་གི་ལྷ་མོའི་ཁ་ནས་ཞུགས་ཏེ་དེ་ལས་ཀྱང་ཡེ་ཤེས་ཀྱི་ལྷ་མོའི་ཁ་ནས་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀར་ཐིམ་ནས་དེ་ལས་ཀྱང་དེ་ཉིད་ཀྱི་ཆོས་འབྱུང་བའི་ཕྱག་རྒྱར་ཕྱིན་ཏེ། དེ་ལས་ངེས་པར་བྱུང་ནས་དམ་ཚིག་གི་ལྷ་མོའི་པདྨར་ཕྱིན་ཞིང་དེ་ལས་ཀྱང་དམ་ཚིག་སེམས་དཔའི་རྡོ་རྗེར་ཞུགས་ནས་ཡེ་ཤེས་སེམས་དཔའི་རྡོ་རྗེ་ནས་དེའི་ཐུགས་ཀར་ཕྱིན་ཅིང་ཐུགས་ཀ་དེ་ཉིད་དུ་གནས་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་མུ་ཏིག་ཕྲེང་བ་ལྟར་


DTG032_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བ་ཡོངས་སུ་འཁོར་བར་བསམ་པར་བྱའོ། །ཁ་ཅིག་ནི་ཡེ་ཤེས་སེམས་དཔའ་རྡོ་རྗེའི་ལམ་ནས་ངེས་པར་བྱུང་ཞིང་སླར་ཡང་དམ་ཚིག་སེམས་དཔའི་རྡོ་རྗེའི་ལམ་ནས་བྱུང་སྟེ། དམ་ཚིག་སེམས་མའི་པདྨར་ཞུགས་ཤིང་ཡེ་ཤེས་སེམས་མའི་པདྨའི་སྒོ་ནས་དེའི་ཐུགས་ཀ་དང་ཁ་ལ་ཕྱིན་ཏེ། དེ་ལས་ཀྱང་དམ་ཚིག་སེམས་མའི་ཁ་ནས་དམ་ཚིག་སེམས་དཔའི་ཁ་ལ་ཕྱིན་ཏེ། དེ་ལས་ཀྱང་ཡེ་ཤེས་སེམས་དཔའི་ཁར་ཞུགས་ཤིང་དེའི་ཐུགས་ཀར་ཕྱིན་ཏེ་དེ་ཉིད་དུ་གནས་པར་བྱའོ། །སྟེང་དང་འོག་གི་བྱེ་བྲག་ནི་ཞེ་སྡང་དང་འདོད་ཆགས་ཀྱི་རྣལ་འབྱོར་པའི་དབྱེ་བས་རྟོགས་པར་བྱའོ། །ཞེས་རྡོ་རྗེ་འཆང་ཆེན་པོའི་བཟླས་པ་འདི་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་བཟླ་བར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཀྱང་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་དང་འཁོར་ལོའི་སྟེང་དུ་ཛི་ན་ཛི་ཀ་ཅེས་བྱ་བའི་སྔགས་སྔ་མ་བཞིན་དུ་བཀོད་ལ། དེ་ཉིད་མུ་ཏིག་གི་ཕྲེང་བ་བཞིན་དུ་སྤྲོ་བ་དང་བསྡུ་བའི་རིམ་པས་བཟླ་བར་བྱའོ། །དེ་བཞིན་དུ་ཡང་རིན་པོ་ཆེ་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་རང་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་རང་རང་གི་རིགས་ཀྱི་མཚན་མ་རྣམས་སུ་རཏྣ་དྷྲྀཀ་ཅེས་བྱ་བའི་སྔགས་རྣམས་རྣམ་པར་བཀོད་ལ། སྤྲོ་བ་དང་བསྡུ་བའི་རིམ་པས་སོ་སོར་བཟླ་བར་བྱའོ་ཞེས་རིགས་དྲུག་གི་དབྱེ་བས་དམ་ཚིག་གི་བཟླས་པ་བསྟན་ཏོ། །དེ་ལྟར་དབུས་ཀྱི་གཙོ་བོའི་བཟླས་བརྗོད་བྱས་ནས་དཀྱིལ་འཁོར་པ་རྣམས་ལ་ཡང་སྔར་བཤད་པའི་རིམ་པས་སྤྲོ་བ་དང༌། བསྡུ་བ་སྔོན་དུ་འགྲོ་བའི་སྔགས་བཟླས་བརྗོད་བྱའོ། །རྟག་ཏུ་བཟླས་པའི་དུས་སུ་དབུས་ཀྱི་གཙོ་བོ་ལ་བརྒྱ་རྩ་བརྒྱད་དམ་དེའི་ཕྱེད་དམ་ཕྱེད་ཀྱི་ཕྱེད་བཟླས་པར་བྱའོ། །དཀྱིལ་འཁོར་པ་རྣམས་ལ་ཡང་ལན་བདུན་ནམ་གསུམ་མམ་རེ་རེ་བཟླས་པར་བྱའོ། །དཀྱིལ་འཁོར་བྲི་བའི་དུས་དང་རབ་ཏུ་གནས་པ་དང༌། སྦྱིན་སྲེག་གི་ཆོ་གའི་དུས་སུ་བཟླས་པ་དེ་ཉིད་ཁྱད་པར་དུ་བྱ་བ་ཡིན་ཏེ། ཇི་སྐད་དུ། འཁོར་ལོ་ཅན་ལ་འབུམ་བཟླ་ཞིང༌། །རང་འདོད་ལྷ་ཡི་འབུམ་དེ་བཞིན། །གཞན་དག་ལ་ནི་ཁྲི་ཕྲག་གཅིག །སྔོན་དུ་བསྙེན་པ་འདི་བཤད་དོ། །ཞེས་


DTG032_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ༌། །ཡང་ན་རྡོ་རྗེ་འཆང་ཆེན་པོའི་བཟླས་པ་ཇི་ལྟར་བཤད་པ་བཞིན་དུ་ཡིན་ཏེ། འོན་ཀྱང་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱི་བཟླས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་ལ་རང་གི་ཆོས་ཀྱི་ཡི་གེ་རྣམ་པར་བཀོད་དེ། དེ་ལས་སྔ་མ་བཞིན་དུ་འོད་ཟེར་གྱི་འཁོར་ལོ་སྤྲོ་བ་དང་བསྡུ་བར་བྱ་ཞིང་ཇི་སྲིད་སེམས་རྩེ་གཅིག་པར་གྱུར་པ་དེ་སྲིད་དུ་གནས་ཀྱི་བར་དུ་གནས་པར་བྱའོ་ཞེས་དམ་ཚིག་གི་བཟླས་པའི་རྣམ་པའོ། །ངག་གི་བཟླས་བརྗོད་གཉིས་པའི་རིམ་པ་ནི་ལག་པ་གཡས་པ་གཡོན་པ་དག་ལ་དབྱངས་དང་གསལ་བྱེད་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དུ་བསྒོམས་ཏེ། དེ་དག་གི་སྟེང་དུ་དབྱངས་དང་གསལ་བྱའི་ཡི་གེ་ཕྲེང་བ་གཉིས་པོ་དགོད་དེ། ཨོཾ་ལ་སོགས་པའི་ས་བོན་ཡོངས་སུ་གྱུར་པའི་ཕྱག་མཚན་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལག་པ་གཡས་པའི་སོར་མོར་གྱུར་པ་དང༌། དེ་བཞིན་དུ་ལཾ་ལ་སོགས་པའི་ས་བོན་ཡོངས་སུ་གྱུར་པའི་རང་རང་གི་མཚན་མ་ལས་སྐྱེས་པའི་སྤྱན་ལ་སོགས་པ་རིགས་ཀྱི་བཙུན་མོ་རྣམས་ལག་པ་གཡོན་པའི་སོར་མོ་ལ་དགོད་དེ། སེམས་རྩེ་གཅིག་པ་ཉིད་ལ་དམིགས་ཏེ་ཤེལ་ལ་སོགས་པའི་རང་བཞིན་དུ་བགྲང་ཕྲེང་བླངས་ལ། དལ་བ་དང་མྱུར་བ་སྤངས་པའི་སྲོག་དང་རྩོལ་བའི་རླུང་རྒྱུ་བའི་ཚོད་དུ་དབུས་མ་ཞི་བའི་རང་བཞིན་དུ་བཟླས་བརྗོད་བྱའོ། །ཇི་སྐད་དུ་གདན་བཞི་ལས་ཀྱང༌། གྲངས་ལ་རབ་ཏུ་འཇུག་པ་ནི། །བགྲང་ཕྲེང་ཡང་དག་བསྟེན་པར་བྱ། །ཤེལ་དང་དུང་དང་མུ་ཏིག་དང༌། །དེ་བཞིན་དཀར་པོ་ཁམས་ལས་བྱུང༌། །ཞི་བ་ཡི་ནི་ལས་རྣམས་ལ། །ཤེས་རབ་ཅན་གྱི་གཟུང་བར་བྱ། །དངུལ་དང་གསེར་དང་ཟངས་དག་ནི། །རྒྱས་པ་ལ་ནི་རྒྱལ་བས་གསུངས། །དབང་ལ་གུར་ཀུམ་གླ་རྩི་དང༌། །བཞི་མཉམ་རང་བཞིན་ཤེས་པར་བྱ། །དགུག་པ་ལ་ནི་རུ་དྲཱ་ཀྵ། །སྡང་བ་ལ་སོགས་གླང་པོའི་རུས། །རྩ་བའི་སྔགས་ཀྱི་བཟླས་བརྗོད་ལ། །མི་རུས་རང་བཞིན་ཡིན་པར་འདོད། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །བོ་དྷེ་ཙེ་ཡི་ཕྲེང་བར་འདོད། །ཅེས་བྱ་བ་ལ་སོགས་


DTG032_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་ངོ་ཞེས་བྱ་བ་འདི་ནི་བསྐྱེད་པའི་རིམ་པའི་བཟླས་བརྗོད་ཀྱི་ཆོ་གའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ་ཡང་ཕྲ་མོའི་རྣལ་འབྱོར་དང་རྡོ་རྗེ་བཟླས་པ་དག །རྡོ་རྗེ་བཟླས་པའི་རིམ་པ་གཏན་ལ་དབབ་པའི་དུས་སུ་འཆད་པར་འགྱུར་རོ། །ཕྲ་མོའི་རྣལ་འབྱོར་དང་དམ་ཚིག་གི་བཟླས་པ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ན་དེ་བཞིན་གཤེགས་པ་རྣལ་འབྱོར་པ་ལ་ལུང་སྟོན་པ་ཡིན་ནོ། །དུས་དེ་ནས་བརྩམས་ཏེ་དཀྱིལ་འཁོར་འབྲི་བ་དང་རབ་ཏུ་གནས་པ་དང་སྦྱིན་སྲེག་དང་མཆོད་པའི་ཆོ་ག་དང༌། སློབ་མ་ལྷག་པར་གནས་པ་དང༌། དབང་བསྐུར་བ་ལ་སོགས་པ་ལ་རྣལ་འབྱོར་པ་སྣོད་དུ་རུང་བར་འགྱུར་རོ། །དེའི་རྗེས་སུ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པ་ལ་བལྟས་ཏེ། བྱ་བ་བྱས་པ་ཕྱེད་པ་རྫོགས་པ་བདག་ཡིན་ཞེས་བདག་རྣམ་པར་དཔྱོད་ཅིང་སྤྲོས་པ་འདི་ཅི་ཞིག་བྱ་ཞེས་བསམས་ཏེ། དབུས་ཀྱི་གཙོ་བོ་རེག་བྱ་རྡོ་རྗེ་མ་དང་ལྷན་ཅིག་ཏུ་བདེ་བ་ཆེན་པོའི་དབང་གིས་མར་གྱི་བུམ་པ་ཐིམ་པ་དང་འདྲ་བར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་ཡོངས་སུ་གྱུར་པར་བསམ་པར་བྱ། ལེའུ་བཅུ་བདུན་པ་ལས་ཀྱང༌། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་འོད་ཀྱིས་ནམ་མཁའི་དབྱིངས་ཀུན་ཏུ་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་དཔལ་དེས་རེག་པས་ཀུན་ཏུ་བཟང་ཞིང་ཀུན་ཏུ་བཟང་པོས་ཞེས་ཡང་དག་པར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་འདི་རྡོ་རྗེའི་ཆུའི་བུམ་པ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་ནས་བཅོམ་ལྡན་འདས་མ་སྤྱན་ལ་སོགས་པའི་རིགས་ཀྱི་བཙུན་མོ་བཞི་པོས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐིམ་པར་མཐོང་ནས་གཞན་གྱི་དོན་མེད་པས་སྔོན་གྱི་སྨོན་ལམ་དང་མི་ལྡན་པའི་ཕྱིར་དང༌། ཆད་པའི་ལྟ་བ་བཞིན་དུ་དབང་ཕྱུག་པའི་བསྟན་པར་ཐལ་བར་འགྱུར་བས་ཚད་མེད་པའི་ངོ་བོ་ཉིད་ཀྱི་ལྷ་མོས་བཅོམ་ལྡན་འདས་བདག་པོ་མ་མཐོང་བའི་


DTG032_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བའི་ཡིད་ཅན་རྣམས་ཀྱིས་དེ་བསླང་བའི་དོན་དུ་གླུ་སྙན་པས་འདི་ལྟར་སད་པར་བྱེད་དེ། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབ་དུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོས་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་སྟོན་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོ་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོ་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་བའི་གླུ་རྨི་ལམ་བཞིན་དུ་གསན་ནས་མི་དམིགས་པའི་སྙིང་རྗེས་བསྐུལ་ནས་སྔོན་གྱི་སྨོན་ལམ་འབྲས་བུ་དང་བཅས་པར་བྱ་བའི་ཕྱིར་དང༌། མ་འོངས་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་སླད་དུ་བཅོམ་ལྡན་འདས་དོན་དམ་པའི་བདེན་པ་ལས་བཞེངས་པར་གྱུར་ཏོ། །སྒྲོན་གསལ་ལས་ཀྱང་བཤད་པ། ཚད་མེད་པ་བཞིའི་ལྷ་མོ་རྣམས་ཀྱིས་བསྐུལ་བར་གྱུར་པ་དང༌། སྔོན་གྱི་སྨོན་ལམ་རྒྱུན་གྱི་ཤུགས་ཀྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་བཞེངས་ནས་དཔལ་རབ་ཏུ་དགའ་བའི་འདོད་ཆགས་ལ་སྤྱོད་པ་བརྟན་པར་བྱ་བའི་ཕྱིར། འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབ་པ་དང༌། ཐལ་མོས་བརྡབ་པ་དང༌། སོ་དང་སེན་མོས་འདེབ་པ་དང༌། ཉེད་པ་དང༌། ཕྱང་ཐག་དང༌། བརྐྱང་བ་དང༌། གྲོང་གི་འདུག་སྟངས་དང༌། བརྒྱལ་བ་དང༌། མུ་ཏིག་ཕྲེང་བ་གཡོ་བ་དང༌།


DTG032_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གདུ་བུ་དང༌། འཁོར་གདུབ་དང༌། རྐང་གདུབ་ཀྱི་སྒྲ་དང༌། ཡུལ་དང༌། དབང་པོ་སྟེ་རྡོ་རྗེ་དང༌། པདྨ་མཉམ་པར་སྦྱོར་ཞིང་ཤེས་རབ་དང་ཐབས་ཀྱི་སྙོམས་པར་ཞུགས་པས་ཨཱ་ལི་དང་ཀཱ་ལི་དང༌། འདོད་པའི་གདུགས་དང་རུས་སྦལ་དང༌། ཟླ་བས་གང་བ་སྟེ། རྩ་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་རབ་ཏུ་བསྒུལ་བའི་དགའ་བའི་སྒྱུ་མའི་སྒྲས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱི་བོ་ནས་བརྩམས་ཏེ། དྲི་མ་མེད་པའི་ཆུའི་རྒྱུན་བཞིན་དུ་བཞུས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་འཛག་པས་ཆོས་འབྱུང་བའི་ནང་དུ་ཡང་དག་པར་བཞག་སྟེ། དེས་ཞེ་སྡང་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྣམ་པར་སྦྱང་བའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་ཕྱུང་སྟེ། སླར་ཡང་འོད་གསལ་བར་ཞུགས་ནས་རྣམ་པར་རྟོག་པ་མེད་པ་ཉིད་དུ་གྱུར་པ་དེ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཞལ་གསུམ་ལ་སོགས་པའི་རྣམ་པ་ལ་དམིགས་ཏེ། འདོད་པའི་ཡོན་ཏན་ཐམས་ཅད་ཀྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བསམ་པར་བྱའོ། །དེའི་དགོངས་པ་ནི་བཅོམ་ལྡན་འདས་དང་ལྷ་མོ་རྣམས་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་ནོ། །དེ་དག་ཕན་ཚུན་དབྱེར་མེད་པ་ཡིན་ཏེ་བྱས་པ་དང་མི་རྟག་པ་བཞིན་ནོ། །དེ་བས་ན་བཅོམ་ལྡན་འདས་གང་གི་ཚེ་དོན་དམ་པའི་བདེན་པ་ལ་རབ་ཏུ་ཞུགས་པ་དེའི་ཚེ་སྙིང་རྗེའི་ཆ་ལྷ་མོ་རྣམས་ལ་གཟུགས་བརྙན་གྱི་ཚུལ་དུ་རབ་ཏུ་ཞུགས་སོ། །ལྷ་མོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཆ་གང་ཡིན་པ་དེ་བཅོམ་ལྡན་འདས་ལ་གཟུགས་བརྙན་དུ་ཞུགས་ཏེ། མེ་ལོང་གཉིས་ཀྱི་གཟུགས་བརྙན་ཕན་ཚུན་སྣང་བ་བཞིན་ནོ། །དེ་བས་ན་བཅོམ་ལྡན་འདས་ལ་གནས་པའི་སྙིང་རྗེའི་ཆ་གཟུགས་བརྙན་དུ་ཞུགས་པའི་སྟོང་པ་ཉིད་ཀྱི་ངོ་བོ་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་འདས་རང་གི་ཆོས་ཉིད་ཀྱིས་ཁོ་ན་བསྐུལ་བར་བྱེད་པ་ཡིན་ཏེ། ཡེ་ཤེས་ཆ་ཤས་མེད་པས་གཅིག་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཐ་དད་པར་སྨྲ་བར་འགྱུར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་ཐ་མི་དད་པ་ཡིན་ཏེ། རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་གལ་ཏེ་ཡེ་ཤེས་ལ་གཉིས་


DTG032_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ན་དེའི་ཚེ་སྐྱེས་པ་དང་བུད་མེད་ཀྱི་དབྱེ་བ་ཇི་ལྟར་འགྱུར་ཞེ་ན། སྨྲས་པ་འདོད་ཆགས་ཀྱིས་འདུལ་བའི་སེམས་ཅན་གྱི་ཁམས་སྦྱང་བར་བྱ་བ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །གང་གི་ཕྱིར་དོན་དམ་པར་ནི་གཟུགས་མེད་ཅིང་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་ཞིང་རང་གི་རིག་པའོ། །འོག་ནས་ཀྱང་འཆད་པར་འགྱུར་ཏེ། འདོད་པའི་ཁམས་ན་གནས་པའི་ཡུལ་ལ་ཞེན་པའི་སེམས་ཅན་རྣམས་ལ་འདོད་པའི་ཡོན་ཏན་ལྔ་ལོངས་སྤྱོད་པའི་སྒོ་ནས་ཐར་པ་བསྟན་པར་བྱ་བའི་ཕྱིར་གསུངས་སོ་ཞེས་བྱ་བ་ལ་སོགས་པའོ། །ལེའུ་དང་པོ་ལས་ཀྱང༌། རང་གི་གཟུགས་བརྙན་བུད་མེད་ཀྱི་གཟུགས་བརྙན་དུ་སྤྲུལ་ཞེས་གསུངས་སོ། །དེའི་ཕྱིར་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ལས་དབྱེར་མེད་པའི་ལྷ་མོ་རྣམས་ཀྱིས་བསྟོད་དེ་ཐལ་ཆེས་པས་ཆོག་གོ །དེའི་རྗེས་སུ་སྔ་མ་བཞིན་དུ་བཅོམ་ལྡན་འདས་ཞལ་དང་ཕྱག་མཚན་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་ཕྱག་རྒྱས་འཁྱུད་པ་བཞེངས་པར་མཐོང་ནས་དེ་བཞིན་གཤེགས་པ་ལྔའི་སྒོ་ནས་རྣམ་པར་སྣང་མཛད་ལ་སོགས་པས་བསྟོད་པར་འགྱུར་ཏེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དགའ་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་གྱིས་དག་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འཆི་མེད་རྒྱལ་ཆེན་པོ། །རྟོག་མེད་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་ཐོབ་པ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །རྣམ་དག་ངོ་བོ་ལས་བྱུང་བ། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །དེའི་རྗེས་ལ་བསྟོད་པའི་ཚིག་ཐོས་མ་ཐག་ཏུ་ང་རྒྱལ་བརྟན་པར་གྱུར་པས་ཀྱང་གལ་ཏེ་སྐྱོ་བར་གྱུར་ན། དེའི་ཚེ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་གྱི་ལུས་ཚིམ་


DTG032_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་ཆོ་ག་འདི་བརྩམ་པར་བྱ་སྟེ། མཚོགས་མའི་བུག་པ་ནས་མཐོ་གང་ཙམ་གྱི་སྟེང་དུ་ཀུནད་དག་པའི་འོད་དང་མཚུངས་པའི་ཡི་གེ་ཨོཾ་རྣམ་པར་དགོད་དེ། དེ་ཡོངས་སུ་གྱུར་པའི་དྲི་མ་མེད་པའི་ནམ་མཁའི་ཟླ་བའི་དཀྱིལ་འཁོར་དང་མཚུངས་པའི་ལྷའི་བདུད་རྩིའི་རང་བཞིན་གྱི་གཟུགས་བརྙན་རྣམ་པར་བསྒོམས་ཏེ། དེའི་དབུས་སུ་ཐུར་དུ་འཕྱང་བ་འབར་བའི་ཕྲེང་བ་ཅན་ཨོཾ་རྣམ་པར་དགོད་དེ། དེའི་འོད་ཟེར་གྱིས་བཞུ་བར་བྱ་སྟེ། དེའི་བདུད་རྩི་འབབ་ཆུའི་རྒྱུན་གྱིས་རྣམ་པས་མཚོགས་མའི་བུ་གའི་ལམ་ནས་འོངས་པ་དེ་རྐན་གྱི་ཕུགས་ལ་གཏད་པའི་ལྕེས་ཀུན་ཏུ་མྱང་བར་བྱས་ལ། རྩ་ཀུན་ཏུ་སྤྱོད་པའི་རིམ་པས་ཡན་ལག་དང་ཉིང་ལག་ཐམས་ཅད་རྒྱས་པར་བྱའོ། །དེ་ལྟར་བྱས་པས་བསམ་གཏན་གྱི་ཟས་ཅན་དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པ། ཁམ་གྱི་ཟས་ལ་ལྟོས་པ་མེད་ཅིང་གནས་པར་འགྱུར་རོ་ཞེས་ཚིམ་པར་བྱེད་པའི་ཆོ་ག་གཅིག་གོ །ཆོ་ག་གཉིས་པ་ཡང་ཡོད་དེ། མཆུ་གཉིས་ཀྱི་རྩེ་མོར་ཨོཾ་ཡོངས་སུ་གྱུར་པའི་ཁ་དོག་སེར་པོ་བུམ་པ་བཟང་པོ་བཀོད་དེ། དེའི་ནང་དུ་སཾ་ཡོངས་སུ་གྱུར་པ་ལས་བདུད་རྩིས་ཁའི་བར་དུ་ཡོངས་སུ་བཀང་བ་ལ་དམིགས་ཏེ། ལྕེའི་རྩེ་མོར་ཧཱུཾ་ཕྲ་མོ་ཡོངས་སུ་གྱུར་པའི་རྡོ་རྗེ་ཕྲ་མོས་དེའི་ནང་ནས་བདུད་རྩི་བཀུག་ལ་སྔ་མ་བཞིན་དུ་ཕུང་པོ་ལ་སོགས་པ་ཚིམ་པར་བྱའོ་ཞེས་ཁྱད་པར་རོ། །དེའི་རྗེས་སུ་ཕྱིའི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་ལ་རབ་ཏུ་འཇུག་ཅིང་བདུད་རྩི་མྱང་བར་བྱ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ལྕགས་ཀྱུའི་རྣམ་པས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་འཁོར་ལོ་སྔ་མ་བཞིན་དུ་བཀུག་ལ། ཡན་ལག་དང་ཚིགས་ཐམས་ཅད་དུ་ངེས་པར་དགོད་དེ། དེ་ལས་ཀྱང་སྐུའི་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་ལྷའི་འཁོར་ལོ་སྤྱི་བོར་ཨོཾ་ལ་བསྡུ་བ་དང༌། གསུང་གི་རྡོ་རྗེའི་ངོ་བོ་ཉིད་ལྷའི་འཁོར་ལོ་མགྲིན་པར་ཡི་གེ་ཨཱཿ་ལ་བསྡུ་བ་དང༌། ཐུགས་ཀྱི་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་ཀྱི་ལྷའི་འཁོར་ལོ་ཐུགས་ཀ་ན་གནས་པའི་ཡི་གེ་ཧཱུཾ་ལ་བསྡུ་བར་བྱའོ། །དེའི་


DTG032_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ལ་ཡི་གེ་ཨོཾ་ཨཱཿ་ལ་ཐིམ་པ་དང་ཨཱཿཡི་གེ་ཧཱུཾ་ལ་ཐིམ་པ་དང༌། ཧཱུཾ་དེ་ཉིད་ལ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་རང་གི་ལྷའི་གཟུགས་བརྙན་བསྡུས་ཏེ། སླར་ཡང་ཧཱུཾ་དེ་ཉིད་ལ་ཁམས་གསུམ་མ་ལུས་པ་བསྡུས་ཏེ། །དེ་ཉིད་ཡོངས་སུ་གྱུར་བ་ལས། སླར་ཡང་བདེ་བ་ཆེན་པོའི་རང་བཞིན་ཅན། རྡོ་རྗེ་འཆང་ཆེན་པོའི་གཟུགས་བརྙན་བསྒོམ་པར་བྱའོ། །ཞེས་དཔའ་བོ་གཅིག་ཏུ་བསྒོམ་པའི་བདག་ཉིད་ཅན་གྱི་འཁོར་ལོ་ཉེ་བར་བསྡུ་བའི་བསྒོམ་པའི་ཆོ་གའོ། །དེའི་རྗེས་ལ་ཁ་དོག་སྔོན་པོ་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས། མདུན་དུ་གཞུའི་དབྱིབས་ཅན་རླུང་གི་དཀྱིལ་འཁོར་རྣམ་པར་བསམས་ཏེ། དེའི་སྟེང་དུ་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པ་མེའི་ཕྲེང་བས་དཀྲུགས་པར་བསམས་ལ། དེའི་སྟེང་དུ་ཡི་གེ་ཨ་དམར་པོ་ཡོངས་སུ་གྱུར་པ་ལས་དུམ་བུ་གཅིག་པ་པདྨའི་སྣོད་བསམས་ཏེ། དེའི་དབུས་སུ་མ་ར་བི་ཤུ་མུའི་ས་བོན་དང་གོ་ཀུ་ད་ཧ་ན་ཞེས་བྱ་བའི་ས་བོན་ལྔ་བཀོད་དེ། ཡི་གེ་བཅུ་འདྲེས་པར་གྱུར་པས་ལྔ་རུ་སོང་བར་རྣམ་པར་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་རྟག་པ་ལ་སོགས་པའི་རང་བཞིན་ཅན་གྱི་རྫས་རྣམ་པ་ལྔ་པོ་དེའི་སྟེང་དུ་རིམ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ལྔའི་ས་བོན་ཨོཾ་ལ་སོགས་པ་རྣམ་པར་དགོད་དེ། སྤྲོ་བ་དང་བསྡུ་བའི་རིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བསྒྲུབས་ལ། ས་བོན་དང་རྫས་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔ་ཞལ་གསུམ་པ་ལ་སོགས་པའི་རྣམ་པ་ཅན། སེམས་དཔའ་གསུམ་གྱི་བདག་ཉིད་རང་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་འོད་གསལ་བའི་རང་བཞིན་ཅན་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའི་དུས་སུ་དེ་རྣམས་ཀྱི་རྗེས་སུ་ཆགས་པའི་སྒྲ་དམ་པས་བཀུག་པ་དེ་བཞིན་གཤེགས་པ་རྣམས་ནང་དུ་ཞུགས་པར་བསམ་ལ་ཞུགས་པའི་དེ་མ་ཐག་ཏུ་དེ་དག་ཞུ་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་འོ་མ་ཅན་གྱི་རྒྱ་མཚོ་ལྟ་བུ་བདུད་རྩི་དེ་ཉིད་


DTG032_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པར་བལྟ་བར་བྱའོ། །དེ་ལ་བལྟས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡི་གེ་ཧཱུཾ་གིས་སྦྱངས་པས་ཐ་མལ་པའི་རྣམ་པར་རྟོག་པ་བཟློག་པར་བྱའོ། །ཡི་གེ་ཨཱཿ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་སད་པར་བྱ་བ་གཡས་དང་གཡོན་དུ་འཁོར་བར་བསམ་པར་བྱའོ། །ཡི་གེ་ཨོཾ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱིས་སྤར་ཞིང་འོད་ཀྱི་ཚོགས་སྤྲོ་བར་གྱུར་པར་བསམ་མོ་ཞེས་བདུད་རྩི་སྦྱང་བ་ལ་སོགས་པའི་རིམ་པའོ། །ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷ་རྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་སྔགས་སམ་ཡང་ན། ཨོཾ་བཛྲ་དྷྲྀ་ཀ་ཅེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་མེ་ལྕེ་བདུན་དང་ལྡན་པ་ལྟ་བུར་བསམས་ཏེ། མགྲིན་པར་ཡི་གེ་ཨཱཿ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་དང་དམར་པོ་དེའི་འདབ་མ་གཅིག་ལྕེ་རུ་བསམས་ལ། དེ་ལ་ཡང་ས་བོན་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་དཀར་པོ་ཕྲ་མོ་དེའི་དབུས་ཀྱི་རྩེ་ལ་ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབ་པར་བྱ་སྟེ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་དང་ཡུམ་གྱིས་བྱིན་གྱིས་བརླབས་ལ་དགང་གཟར་དང་བླུགས་གཟར་དུ་ལག་པ་གཉིས་བསམས་ཏེ། དེ་དག་གིས་བདུད་རྩིའི་སྣོད་ཕྱག་འཚལ་བ་སྔོན་དུ་འགྲོ་བར་བླངས་ཏེ། དབྱེ་བ་རྣམ་པར་སྤངས་པའི་བློས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོ་ཉིད་ཨོཾ་བཛྲ་ཨ་མྲྀ་ཏེ་ས་མཱ་དྷི་དྷཱ་ན་པྲྀ་ཎ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ཁའི་ཐབ་ཁུང་གི་ལམ་ནས་ཡེ་ཤེས་ཀྱི་མེ་ལ་བསྲེག་པར་བྱའོ། །འདིའི་ཕན་ཡོན་ནི་ལྷ་མོ་བཞིས་ཞུས་པའི་རྒྱུད་ལས། རྒ་བ་མེད་ཅིང་ནད་མེད་དང༌། །འཆི་བ་མེད་ཅིང་དུག་སོགས་མེད། །དེ་ནི་དུས་མིན་འཆི་བ་མེད། །གནོད་པ་ཐམས་ཅད་འཇོམས་པར་བྱེད། །ཅེས་འབྱུང་ངོ༌། །ཟླ་གསང་ཐིག་ལེ་ལས་ཀྱང༌། དུས་དེ་བརྩམས་ནས་དེ་ནི་རྟོག་མེད་དེ། །དེ་ཡི་ཁ་དོག་དབྱིབས་དང་མཚན་མ་འཛིན། །བསམ་མི་ཁྱབ་པའི་ངོ་བོ་རྣམ་སྨིན་སྐུ། །སྡོམ་པ་དེ་ལས་བྱ་བ་བྱས་པས་བསྒོམ། །ཞེས་འབྱུང་ངོ༌། །བཟའ་བ་དང་བཏུང་བ་ལ་སོགས་པ་གང་ཅི་ཡང་རུང་བ་


DTG032_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ཟས་ཀྱི་དུས་སུ་རང་འདོད་པའི་ལྷའི་རྣལ་འབྱོར་པ་དང་ལྡན་པས་བདུད་རྩི་ལྔ་བཞིན་དུ་སྦྱངས་ཏེ་བཟའ་བར་བྱའོ། །དེ་ལ་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དག་ཏུ་ཁམས་བཞིའི་རང་བཞིན་དཀྱིལ་འཁོར་བཞི་སྟེ། མེ་དང་ཆུ་དང་རླུང་དང་དབང་ཆེན་ནོ། །དེ་ལ་མེའི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་གྱིས་སྤར་བ་ཡིན་ཏེ། ཆུའི་དཀྱིལ་འཁོར་གྱིས་ཡོངས་སུ་སྨིན་པར་བྱེད་དེ། དབང་ཆེན་གྱི་དཀྱིལ་འཁོར་སྣོད་ཀྱི་འཇིག་རྟེན་གྱི་ངོ་བོར་བསྲེག་བྱ་གནས་པར་གྱུར་ཏེ། དེ་ཉིད་དུ་འཇུག་གོ་འཇུག་པའི་ཐ་མར་བཤང་ལམ་ལས་ཐལ་བར་གྱུར་པ་ངེས་པར་འབྱུང་བར་འགྱུར་ཞེས་ནང་གི་སྦྱིན་སྲེག་གི་ཆོ་གའོ། །དེའི་རྗེས་སུ་མཆོད་པའི་ཆོ་ག་བརྩམ་པར་བྱ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གང་ཡིན་པ་དེ་ཉིད་སྲོག་དང་རྩོལ་བས་བསྐུལ་བ་ན་གཡས་དང་གཡོན་པའི་སྣའི་བུག་པ་ཁ་སྦྱར་གྱི་ནང་ནས་ཕྱིའི་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་དག་ཏུ་རྣམ་པར་སྤྲོ་ཞིང་དགོད་ལ། སྔ་མ་བཞིན་དུ་ཁ་སྦྱར་དུ་བྱས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་གསལ་བར་མཐོང་ནས་ཡན་ལག་ལྔས་ཕྱག་འཚལ་བ་བཞི་པོ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྐུའི་རིགས་ཀྱི་དཀྱིལ་འཁོར་བ་རྣམས་ལ་ཀཱ་ཡ་བཱ་ཀ་ཙི་ཏྟ་པྲ་ན་མེ་ན་པཱ་དཱ་བ་ནྡཱ་ནཱཾ་ཀ་རོ་མི། ཞེས་ཤར་ནས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་པ་རྣམས་ལ་ཀཱ་ཡ་བཱ་ཀ་ཙི་ཏྟ་པྲ་ན་མེ་ན་པཱ་དཱ་བ་ནྡཱ་ནཱཾ་ཀ་རོ་མི། ཞེས་ལྷོ་ནས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨའི་རིགས་ཀྱི་དཀྱིལ་འཁོར་པ་རྣམས་ལ་ཀཱ་ཡ་བཱ་ཀ་ཙི་ཏྟ་པྲ་ན་མེ་ན་པཱ་དཱ་བ་ནྡཱ་ནཱཾ་ཀ་རོ་མི། ཞེས་ནུབ་ནས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་པ་རྣམས་ལ་ཀཱ་ཡ་བཱ་ཀ་ཙི་ཏྟ་པྲ་ན་མེ་ན་པཱ་དཱ་བ་ནྡཱ་ནཱཾ་ཀ་རོ་མི། ཞེས་བྱང་ནས་སོ། །དེ་ལྟར་ཕྱག་བཞི་བྱས་ལ་སྡིག་པ་བཤགས་པ་ལ་སོགས་པ་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་བྱས་ལ་སླར་ཡང་འདུད་དེ་སྐུ་ཁྲུས་ཀྱི་ཆོ་ག་སྔོན་དུ་འགྲོ་བར་རང་རང་གི་མཆོད་པའི་སྔགས་དང་བཅས་པའི་སྔགས་དག་གིས་མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བྱ་སྟེ། །ཨོཾ་བཛྲ་པུ་ཥྤེ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ།


DTG032_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་དྷཱུ་པྤེ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏེ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། མཆོད་པ་རྣམ་ལྔའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏྱཾ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་རྒྷཾ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞབས་བསིལ་དང་ཡོན་ཆབ་དག་གི་སྔགས་སོ། །དེའི་རྗེས་སུ་རང་རང་གི་སྔགས་བརྗོད་པར་བྱ་སྟེ། ཨོཾ་བཛྲ་དྷྲྀ་ཀ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཛི་ན་ཛི་ཀ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀ་ཀ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་པྲཛྙཱ་དྷྲྀ་ཀ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མོ་ཧ་ར་ཏི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་དྭེ་ཥ་ར་ཏི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་རཱ་ག་ར་ཏི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ར་ཏི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཛཿ་རུ་པ་བཛྲི་ནི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧཱུཾ་ཤ་བཏ་བཛྲི་ནི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཾ་གནྡྷ་བཛྲི་ནི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧོཿ་ར་ས་བཛྲི་ནི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧཱུཾ་སྤ་ཪྵེ་བཛྲི་ནི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཐླིཾ་ཀྴི་ཏི་གརྦ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་མཾ་མཻ་ཏྲི་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཾ་བཛྲ་པཱ་ཎི་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་ཨ་ཀཱ་ཤ་གརྦྷ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་མཾ་མ་ཉྫུ་ཤྲཱི་བཛྲ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་ལོ་ཀེ་ཤྭ་ར་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་སཾ་ས་མནྟ་བྷ་དྲ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་སརྦ་ཎི་ཝ་ར་ཎི་བེ་ཥཾ་བི་ནི་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཡ་མཱ་ནྟ་ཀྲྀ་ཏ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་པྲ་ཛྙཱ་ནྟ་ཀྲྀ་ཏ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་པདྨ་ནྟ་ཀྲྀ་ཏ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བི་གྷྣཱ་ནྟ་ཀྲྀ་ཏ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨ་ཙ་ལ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་ཊ་ཀྐི་རཱ་ཛ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿ་ནི་ལ་ད་ཎྜ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཧཱུཾ་མ་ཧཱ་བ་ལ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཧཱུཾ་སུ་མྦྷ་རཱ་ཛ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བྷྲཱུཾ་ཨུ་ཥྞཱི་ཥ་ཙ་ཀྲ་བ་རྟི་ནི་ཨཱཿ་ཧཱུཾ་སྭཱ་ཧཱ། འདི་དག་མཆོད་པ་དང་བཟླས་པའི་སྔགས་སོ། །མཆོད་པའི་མཐའ་རུ་དཀྱིལ་འཁོར་སྔ་མ་བཞིན་དུ་བསྟོད་ཅིང་བསྐོར་བར་བྱ་སྟེ། འདུད་དེ་བསོད་ནམས་ཡོངས་སུ་བསྔོས་ལ། སྨོན་ལམ་བྱས་ལ་སླར་ཡང་དཀྱིལ་འཁོར་སངས་རྒྱས་ཀྱི་ཞིང་དུ་གཤེགས་སུ་གསོལ་ནས་དམ་ཚིག་གི་དཀྱིལ་འཁོར་སྔ་མ་བཞིན་དུ་སྐུའི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོ་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། འབྱུང་པོ་ཐམས་ཅད་དང༌། ཁྲོ་བོ་རྣམས་ལ་


DTG032_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་སྦྱིན་པར་བྱའོ་ཞེས་མཆོད་པའི་ཆོ་གའོ། །དེ་ལ་རེ་ཞིག་དང་པོར་མདུན་དུ་འདབ་གསུམ་ཅུ་རྩ་གཉིས་པའི་པདྨ་བསམས་ཏེ། དེའི་དབུས་ཀྱི་ལྟེ་བ་ནས་བརྩམས་ཏེ། འདབ་མ་ཐམས་ཅད་ཀྱི་བར་དུ་རང་བྱིན་གྱིས་རློབ་པའི་རིམ་པས་ལྷ་སུམ་ཅུ་རྩ་གཉིས་ལ་དམིགས་ཤིང༌། སྔ་མ་བཞིན་དུ་བཏུད་ལ་སྔར་བཤད་པའི་བསྒོམ་པའི་རིམ་པས་པདྨའི་སྣོད་ཀྱི་ནང་དུ་ཡེ་ཤེས་ཀྱི་བདུད་རྩི་བསྒོམས་ཏེ་ཞབས་བསིལ་དང་ཞལ་བསིལ་དང་ཡོན་ཆབ་སྔོན་དུ་འགྲོ་བར་དྲིལ་བུའི་སྒྲ་སྒོགས་ཤིང་བདུག་སྤོས་བསྲེགས་ཏེ། ཨོཾ་བཛྲ་དྷྲྀ་ཀ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སྤྱན་དྲངས་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་འཆད་པར་འགྱུར་བའི་སྔགས་ཀྱིས་གཏོར་མ་སྦྱིན་པར་བྱའོ། །ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་དང་མཐེ་ཆུང་གཉིས་ལྕགས་ཀྱུའི་རྣམ་པར་བཅས་ཏེ། གུང་མོ་དང་སྲིན་ལག་གཉིས་བཀུག་པ་དག་གིས་རྩ་བའི་ཚིགས་གཉིས་སུ་མཐེ་བོང་གཏད་ལ་ལག་པ་གཡོན་པའི་མཁྲིག་མ་ལག་པ་གཡས་པའི་མཁྲིག་མས་འཁྱུད་ཅིང་སྙིང་ཁར་བཅང་ལ་སྔགས་འདི་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ཀྲཾ་ཀྲཾ་པྲཱི་ཎ་ཡེ་སྭཱ་ཧཱ། ཞེས་འདི་གཏོར་མའི་སྣོད་ཕུལ་ནས། དེའི་རྗེས་སུ་ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། ཞེས་བྱ་བ་ལ་སོགས་པའི་ཡི་གེ་བརྒྱ་པ་དང༌། བདུད་རྩི་འཁྱིལ་པའི་སྔགས་དག་གིས་ཤིང་གཅིག་གམ་ལམ་གྱི་སུམ་མདོ་ལ་སོགས་པར་སྤྱི་གཙུག་ཏུ་བཅིངས་ཏེ་གཏོར་མ་སྦྱིན་པར་བྱའོ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གཤེགས་སུ་གསོལ་བར་བྱའོ་ཞེས་དཀྱིལ་འཁོར་གྱི་གཏོར་མའི་ཆོ་གའོ། །དེའི་རྗེས་སུ་གླིང་བཞིའི་བདག་པོ་རྒྱལ་པོ་ཆེན་པོ་བཞི་ལ་རིམ་པ་འདིས་གཏོར་མ་སྦྱིན་པར་བྱ་བ་ཡིན་ཏེ། མདུན་དུ་ཌྷྲི་དང་བི་དང་བཱི་དང་བཻ་ཞེས་བྱ་བ་རྣམས་ལས་བྱུང་བ། གདོང་གཅིག་པ་ལག་པ་གཉིས་པ་དཀར་པོ་དང་སེར་པོ་དང་ནག་པོ་དང་དམར་པོའི་མདོག་ཅན་ལུས་ལ་གོ་ཆ་བགོས་པ་སྤྱི་བོར་རྨོག་གིས་བརྒྱན་པ། མདུང་དང་རལ་གྲི་ལག་ན་ཐོགས་པ། ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། རྣམ་ཐོས་སྲས་ཏེ་རྒྱལ་པོ་ཆེན་


DTG032_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞི་དེ་རྣམས་ལ་སྣོད་བཞི་པོ་ནི་ཆང་དང༌། ཤ་དང་འོ་མ་དང་འབྲས་ཐུག་ལ་སོགས་པ་ཁ་ཟས་རྣམས་ཀྱིས་བཀང་བར་བྱས་ཏེ། དཀྱིལ་འཁོར་གྱི་ཕྱོགས་བཞིའི་མཐར་དགོད་པར་བྱས་ལ་སྔགས་འདི་དག་གིས་སྦྱིན་པར་བྱ་སྟེ། ཨོཾ་ཌྷྲི་ཏ་རཱ་ཥྚ་ཡ་གན་དྷ་རྦ་སེ་ནཱ་དྷཱི་པཱ་ཏ་ཡེ་ཨི་མཾ་བ་ལིཾ་པྲ་ཏཱི་ཙྪ་ཡ་ས་མ་ཡ་མ་ནུ་སྨ་ར་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བི་རུ་ཌྷ་ཀཱ་ཡ་མ་ཧཱ་ཀུཾ་བྷཱ་ན་ཌཱ་དྷི་པ་ཏ་ཡེ་ཨི་མཾ་བ་ལི་པྲ་ཏཱི་ཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བི་རཱུ་པཱ་ཀྵ་ཡ་མ་ཧཱ་ནཱ་གཱ་དྷི་པ་ཏ་ཡེ་ཨི་མཾ་བ་ལིཾ་པྲ་ཏཱི་ཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ཡ་མ་ཧཱ་ཡ་ཀྵ་སེ་ནཱ་དྷི་པ་ཏ་ཡེ་ཨི་མཾ་བ་ལིཾ་པྲ་ཏཱི་ཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་དེ་དག་གིས་བྱིན་གྱིས་བརླབས་ཏེ་ཤར་ལ་སོགས་པའི་ཕྱོགས་སུ་གཏོར་བར་བྱའོ་ཞེས་རྒྱལ་པོ་བཞི་པོའི་གཏོར་མའི་ཆོ་གའོ། །དེའི་རྗེས་སུ་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་འདིས་སྦྱིན་པར་བྱ་སྟེ། རེ་ཞིག་དང་པོར་ཕྱོགས་བཞི་དག་ཏུ་གླིང་བཞི་བྲིས་ཏེ། ཟླ་བ་ཕྱེད་པ་དང་སོག་ཁའི་རྣམ་པ་དང་ཟླུམ་པོ་དང་གྲུ་བཞི་རྣམས་ཀྱི་དཀྱིལ་འཁོར་དུ་ཡི་གེ་སུཾ་ལས་རི་རབ་བསྐྱེད་དེ་ལྷའི་གནས་རིགས་དྲུག་གིས་བརྒྱན་པ། དབུས་ཀྱི་ཆ་རུ་ཟླ་བ་དང་ཉི་མ་དག་གིས་འཁོར་བར་བསམས་ཏེ། དེའི་འོག་ཏུ་འཇོག་པོ་དང་རིགས་ལྡན་དང་མཐའ་ཡས་དང༌། པདྨ་དང་པདྨ་ཆེན་པོ་དང་ནོར་རྒྱས་དང་དུང་སྐྱོང་དང་སྟོབས་ཀྱི་རྒྱུ་ཞེས་བྱ་བའི་ཀླུའི་རྒྱལ་པོ་རྣམས་ཀྱིས་བསྐོར་བ། དེ་རྣམས་ཀྱི་ཡང་འོག་ཏུ་གསེར་མིག་ལ་སོགས་པའི་ལྷ་མ་ཡིན་གྱི་རྒྱལ་པོ་འཁོར་དང་བཅས་པའོ། །དེ་རྣམས་ཀྱི་ཡང་འོག་ཏུ་ཡི་དགས་གཅེར་བུ་སྐམ་ཞིང་སྐྲ་གྱེན་དུ་སོང་བའོ། །དེ་རྣམས་ཀྱི་ཡང་འོག་ཏུ་དམྱལ་བ་ཆེན་པོ་བརྒྱད། འབར་བའི་མེས་བཟོད་པར་དཀའ་བ་དང༌། གྲང་བའི་དམྱལ་བ་ཡང་ཤུགས་དྲག་པོ་ཅན་རླུང་གི་རེག་པ་དང་བཅས་པར་བསམས་ཏེ། གླིང་བཞི་ལ་གནས་པའི་སྐྱེ་བོ་སྣ་ཚོགས་པའི་མི་རྣམས་དང་ངང་པ་དང་ཕུག་རོན་ལ་སོགས་པ་དང་རྐང་མེད་དང་རྐང་གཉིས་པ་དང་རྐང་བཞི་པ་དང་རྐང་མང་ལ་སོགས་པ་བྱོལ་སོང་དང་བཅས་པར་དམིགས་ཤིང་དེ་རྣམས་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར་ཤིན་ཏུ་རྒྱས་པའི་སྣོད་ཆེན་པོའི་ནང་དུ་འབྲས་ཆན་དང་ཤ་ཆང་དང་མྱོས་བྱེད་དང་བག་ཕྱེའི་འབྲས་བུ་དང་ཉ་སྐམ་པོ་དང་རློན་པ་དང་


DTG032_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལྔའི་ཆན་དང་གླ་གོར་ཞོ་ཤ་དང༌། ཟངས་ལ་སོགས་པའི་ཕྱེ་མ་དང་དར་དང་དངུལ་གྱི་དོང་ཙེ་དང༌། འགྲོན་བུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བཀང་བར་བྱས་ལ། སྔར་བཤད་པའི་བདུད་རྩིའི་ཆོ་གས་མི་འཆི་བར་བྱ་སྟེ། དྲིལ་བུ་དཀྲོལ་ཞིང་སྤོས་པ་དུགས་ལ་གོང་དུ་བཤད་པའི་ཕྱག་རྒྱ་དང༌། གདན་བཞི་ལས་གསུངས་པའི་སྔགས་ཀྱིས་དེ་རྣམས་དགུག་པར་བྱ་སྟེ། སྙིང་རྗེ་ཆེན་པོ་བསྐྱེད་ལ་སྔགས་འདིས་གཏོར་མ་སྦྱིན་པར་བྱ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱ་དྱ་ནུ་ཏྤ་ན་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་འབྱུང་པོ་ལ་སོགས་པའི་གནས་སུ་གཏོར་མ་གཏང་ངོ༌། །གཏོར་མས་ཚིམ་པར་བྱས་མ་ཐག་ཏུ་དེ་དག་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན་པདྨའི་གདན་ལ་བཞུགས་པ་ཤིན་ཏུ་མཉམ་པར་གཞག་པ། མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་གཤེགས་ཤིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཆོས་སྟོན་པར་བྱེད་པར་བསྒོམ་པར་བྱའོ་ཞེས་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་གའོ། །ཉལ་བའི་དུས་དང་རབ་གནས་མཐར། །དེ་བཞིན་སྦྱིན་སྲེག་ཐ་མར་ནི། །ཕྱོགས་བཅུར་ཚིམ་པར་བྱ་བའི་ཕྱིར། །ཁྲོ་རྒྱལ་རྣམས་ལ་གཏོར་མ་སྦྱིན། །རེ་ཞིག་དང་པོར་རྣལ་འབྱོར་བས། །མདུན་དུ་ཁྲོ་བོའི་དཀྱིལ་འཁོར་ནི། །རང་གི་ས་བོན་ལས་བྱུང་བའི། །ཇི་ལྟར་བཤད་པའི་མདོག་ལྡན་པ། །པདྨའི་སྟེང་དུ་བསྒོམ་པར་བྱ། །འཁོར་ལོས་སྒྱུར་དང་གནོད་མཛེས་དག །སྟེང་དང་འོག་ཏུ་བསྒོམ་པར་བྱ། །དྲག་པོའི་གཟུགས་ཅན་བསྒོམ་བྱས་ནས། །དེ་ནས་གཏོར་མ་སྦྱིན་པར་བྱ། །ཤ་ཆང་མྱོས་བྱེད་དག་གིས་ནི། །སྣོད་བཅུ་པོ་ནི་དགང་བར་བྱ། །མཆོད་པ་རྣམ་ལྔས་མཆོད་བྱས་ནས། །ཚིགས་སུ་བཅད་པ་འདི་རྣམས་བརྗོད། །གཙང་ཞིང་གཙང་མའི་གནས་ལས་བྱུང༌། །ལྷ་ཡི་མེ་ཏོག་དགེ་བ་འདི། །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་བཀའ་དྲིན་བདག་ལ་གསོལ། །དེ་བཞིན་དུ་སྤོས་དང༌། མར་མེ་དང༌། དྲི་དང༌། ལྷ་བཤོས་ཀྱི་ཚིག་རྣམས་བརྗོད་པར་བྱའོ། །དེ་ནས་ཡོན་ཆབ་དང༌།


DTG032_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བསིལ་དང༌། མཐོར་འཐུང་ཕུལ་ལ། དྲིལ་བུའི་དབྱངས་ཀྱིས་སྤོས་བསྲེག་ཅིང་སྤྱན་དྲང་བར་བྱའོ། །ཨོཾ་ཨཱ་ཡན་ཏོ་ཨཱ་ཡན་ཏོ་ཀྲུ་དྷ་རཱ་ཛ་ཨེ་ཧ་སན་ནེ་ཧི་སྭ་བྷཱ་བན་ཏོ་སྭཱ་ཧཱ། དེ་ནས་རང་རང་གི་སྔགས་ཀྱིས་སྣོད་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། ན་མཿ་ས་མ་ནྟ་ཏ་བུདྡྷེ་བྷྱོ་ན་མོ་བཛྲ་མུངྒ་ར་ཧ་སྟ་ཡ་ཙ་ཎྜ་མཎྜལ་ཨ་ཀྵེ་བ་ཀཱ་རཱ་ཡ་ཧཱུཾ་ཕཊ། གཤིན་རྗེ་གཤེད་ཀྱིའོ། །ན་མཿ་ས་མནྟ་བུདྡྷེ་བྷྱོ་ན་མོ་མ་ཧཱ་དཎྜ་དྷ་ར་བི་བི་དྷ་སུ་ར་ཨ་སུ་ར་མ་ར་དྷ་ན་བྷྲུཾ་ཏན་ནི་ར་མ་ཐ་ཧཱུཾ་ཕཊ། ཤེས་རབ་མཐར་བྱེད་ཀྱིའོ། །ན་མཿ་ས་མནྟ་བུདྡྷེ་བྷྱོ་ཧུ་ལུ་ཧུ་ལུ་མ་ཧཱ་པདྨ་ཨ་མྲྀ་ཏེ་ཀུ་རུ་མ་ཧཱ་བཱ་ཥཱ་ན་ཨ། པདྨ་མཐར་བྱེད་ཀྱིའོ། །ན་མཿ་ས་མནྟ་བུདྡྷེ་བྷྱོ་ན་མཿ། བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾ་ཥྚྲོ་ད་ཀ་ཊ་བྷཻ་ར་ཝཱ་ཡ་བཛྲ་སནྟོ་ཧ་ད་རྤཱ་ཡ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུཾ་ཕཊ། བགེགས་མཐར་བྱེད་ཀྱིའོ། །ན་མཿ་ས་མནྟ་བུདྡྷེ་བྷྱོ་ཨོཾ་ཡ་མ་ད་ཎྜཱ་ཡ་ནཱི་ལ་དཎྜཱ་ཡ། ཏུ་རུ་ཏུ་རུ་མུ་རུ་མུ་རུ་སརྦ་དུ་ཥྚ་ན་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། དབྱུག་སྔོན་ཅན་གྱིའོ། །ན་མཿ་ས་མནྟ་བུདྡྷེ་བྷྱོ་ན་མོ་མ་ཧཱ་བ་ལཱ་ཡ་ཨུ་ཙུ་ཤྨ་ཀོ་དྷ་རཱ་ཛ་ཡ། སརྦ་ན་གཱ་ནཾ་ཧྲྀ་ད་ཡཾ་ཏཱ་ཌཱ་ཡ་ཧཱུཾ་ཕཊ། སྟོབས་པོ་ཆེའིའོ། །ན་མཿ་ས་མནྟ་བུདྡྷེ་བྷྱོ་ན་མོ་ཨ་ཙ་ལ་ཀཱ་ཎ་ཙེ་ཏྟ་ཙེ་ཏྟ་མོ་ཊྚ་མོ་ཊྚ། གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། མི་གཡོ་མགོན་གྱིའོ། །ཨོཾ་ཊ་ཀྐི་ཧཱུཾ་ཛ། འདོད་པའི་རྒྱལ་པོའིའོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུཾ་ཧཱུཾ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བི་དྱཱ་རཱ་ཛ་ཧཱུཾ་ཕཊ། གནོད་མཛེས་ཀྱི་རྒྱལ་པོ་ཡིའོ། །ན་མཿ་ས་མནྟ་བུད་དྷཱ་ནཱཾ་ན་མ་ས་མནྟ་དྷརྨཱ་ནཾ་ན་མ་ས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ་ཨོཾ་བི་མ་ལེ་ཨོཾ་ཤཾ་ཀ་རེ། ཨོཾ་པྲ་ཏྱཾ་གི་ར་བཛྲ་ཨུཥྞཱི་ཥ་ཙ་ཀྲ་ཝ་རྟི་སརྦ་ཡ་ནྟྲ་མ་ནྟྲ་མཱུ་ལ་ཀརྨ་བནྡྷཱ་ནཱཾ་ཏེ་ཌ་ནཾ་ཀི་ལ་ནཾ་ཝཱཾ། མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏྟ་ཀྲྀ་ཏ་ནྟ་སརྦ་ནྟུ། ཚི་ནྡ་ཚི་ནྡ། བི་ནྡྷ་བི་ནྡྷ། ཙི་རི་ཙི་རི་གི་རི་གི་རི་མ་ར་མ་ར་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། གཙུག་ཏོར་འཁོར་ལོས་སྒྱུར་བའིའོ། །སྔགས་མཆོག་དམ་པ་དེ་རྣམས་ཀྱིས། །གཏོར་མའི་སྣོད་ལ་སྔགས་བཏབ་ཅིང༌། ཤར་ལ་སོགས་པར་གཏོར་བྱས་ནས། །རང་གི་གནས་སུ་འཇུག་པར་བྱ། །གཏོར་མའི་སྦྱིན་པ་འདི་ཡིས་ནི། །ཕྱོགས་བཅུར་གནས་པའི་འབྱུང་པོ་རྣམས། །ཁྲོ་བོའི་རྒྱལ་པོ་ཚིམ་བྱས་པས། །དེ་དག་མ་ལུས་ཚིམ་པར་འགྱུར། །གང་ཕྱིར་


DTG032_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་ཐམས་ཅད་ནི། །ཕྱོགས་བཅུ་པོས་ནི་ཡོངས་བསྐོར་བ། །ཁྲོ་བོའི་རྒྱལ་པོ་རང་ནུས་པས། །ཐམས་ཅད་རྟག་ཏུ་སྐྱོང་བར་བྱེད། །རབ་གནས་མཐར་ནི་འདི་བྱས་པས། །གཏོར་མ་ཡིས་ནི་བརྟན་པར་འགྱུར། །གཟུགས་བརྙན་རས་རིས་མཆོད་རྟེན་སོགས། །བསྐལ་པའི་བར་དུ་གནས་པར་འགྱུར། །སྦྱིན་སྲེག་མཐར་ནི་ལྷ་མོ་རྣམས། །དེ་བཞིན་གཤེགས་པ་མཉེས་པར་འགྱུར། །ཉལ་བའི་དུས་སུ་ཆོ་ག་བཞིན། །གཏོར་མ་སྦྱིན་པ་འདི་ཉིད་ཀྱིས། །རྨི་ལམ་ངན་པ་སྒྲུབ་པ་པོས། །ནམ་ཡང་མཐོང་བར་མི་འགྱུར་རོ། །རྣལ་འབྱོར་དབང་པོ་རྨི་ལམ་ནི། །བཟང་པོ་ཁོ་ནར་མཐོང་བར་འགྱུར། །ཞེས་ཁྲོ་བོའི་རྒྱལ་པོའི་གཏོར་མའི་ཆོ་གའོ། །དེའི་རྗེས་སུ་རང་དད་པའི་ལྷའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་བས་རང་གི་སྙིང་གར་ཡི་གེ་ཁཾ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་ཆང་ཟུངས་ལ་གནས་པའི་ཡི་གེ་ཁཾ་གི་ཐིག་ལེ་ལ་ངལ་བསོ་ཏེ། དེའི་རྗེས་སུ་སྔར་བཤད་པའི་ཁྲོ་བོའི་རྒྱལ་པོའི་སྔགས་བཅུ་བརྗོད་ཅིང་སེ་གོལ་བརྡབས་ཏེ་ཕྱོགས་བཅིང་བར་བྱས་ལ་ཉལ་བར་བྱའོ། །དེའི་ཚེ་རྨི་ལམ་བཟང་པོ་མཐོང་བ་སློབ་དཔོན་ལ་བཟླ་བར་བྱའོ། །དེ་མེད་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་བྱ་ཡི་གཞན་དུ་ནི་མ་ཡིན་ནོ། །ཐོ་རངས་ལྡང་བའི་དུས་སུ་ཁྱོད་ནི་རྡོ་རྗེ་ཐུགས་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་སྤྱན་ལ་སོགས་པ་རྣམས་ཀྱིས་བདག་ལ་སད་པར་བྱེད་པར་བསམ་མོ། །སླར་ཡང་ཐོ་རངས་ནས་བརྩམས་ཏེ་སྔ་མ་བཞིན་དུ་གནས་གཟུང་བ་ལ་སོགས་པ་སྔོན་དུ་འགྲོ་བར་བསྒོམ་པར་བྱའོ་ཞེས་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དང་སྤྲུལ་པའི་སྐུ་བསྟན་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ། །དེ་ལྟར་ཕུན་སུམ་ཚོགས་པ་གཉིས་ཀ་གཙོར་གྱུར་པའི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་བསྐྱེད་པའི་རིམ་པ་བསྟན་ཏོ། །ད་ནི་རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། དེ་ཡང་བསྐྱེད་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པས་བསྒོམ་པར་བྱ་བ་འདི་ཡིན་ཏེ། དབང་པོ་རྣོ་བས་དབང་བ་དང་རང་བཞིན་གྱིས་གྲུབ་པའི་ཕྱིར་བསྐྱེད་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པའི་རྟགས་ནི་འདི་དག་ཡིན་ཏེ། རང་གི་


DTG032_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱིས་ཇི་བཞིན་བསྒོམས་པའི་རང་འདོད་པའི་ལྷའི་རྣམ་པ་གང་ཡིན་པ་དེ་མ་འཁྲུལ་ཞིང་གསལ་བར་སྣང་བ་དང༌། གཞན་རྣམས་ཀྱང་དེ་བཞིན་དུ་མངོན་པར་མཐོང་བ་དང་ལྡང་བ་དང་འདུག་པ་དང་ཉལ་བ་དང་འཆག་པའི་མཚན་ཉིད་སྤྱོད་ལམ་བཞི་པོའི་དུས་སུ་ལྷའི་རྣམ་པར་དག་པ་མཐོང་བ་དང༌། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དགུག་པ་དང༌། རྣམ་པར་ལྡང་བ་དང༌། རེངས་པ་དང༌། བསྐྲད་པ་དང༌། མངོན་སྤྱོད་ཅེས་བྱ་བ་དངོས་གྲུབ་བརྒྱད་དང༌། དེ་བཞིན་དུ་སྨན་མཆོག་དང་རོ་དང་བཅུད་ཀྱིས་ལེན་པ་དང༌། གསེར་འགྱུར་གྱི་རྩི་སྦྱོར་བ་དང༌། ནམ་མཁའ་ལྡིང་གི་སྦྱོར་བ་དང༌། ས་འོག་གི་དངོས་གྲུབ་དང༌། །རོ་ལངས་དང་རལ་གྲི་དང་རི་ལུ་དང་མིག་སྨན་དང་རྐང་མགྱོགས་དང༌། འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་དངོས་གྲུབ་རྣམ་པ་དུ་མ་གང་ཡིན་པ་དེ་རྣམས་གཞན་གྱི་དོན་དུ་མི་སླུ་བར་འགྲུབ་པ་དང༌། རང་གི་ལུས་ལ་ཨུཏྤ་ལ་སྔོན་པོའི་དྲི་བྲོ་བ་དང༌། ཆོས་གོས་ལ་སོགས་པ་དང་རྡུལ་དང་ལུས་ལ་ཤིག་དང་འབུ་མེད་པ་དང༌། ཕྱིའི་ཁམ་གྱི་ཟས་ལ་ལྟོས་པ་མེད་པ་དང༌། བཟའ་བཅའ་ཐོབ་ནས་ཀྱང་སྲེད་པ་མེད་པ་དང༌། ཤིང་ཏོག་ལ་སོགས་པ་གང་ཅི་ཡང་རུང་བས་ཆོག་ཤེས་པ་དང༌། ཡུལ་ལ་འདོད་པ་ཆུང་བ་དང༌། མི་སློང་ཞིང་སྦྱིན་པ་གཏོང་བ་དང༌། བཤང་བ་དང་གཅི་བ་ཆུང་བའོ། །ངེས་པ་ཅན་གྱི་རྟགས་དེ་དག་གིས་བསྐྱེད་པའི་རིམ་པའི་རྣལ་འབྱོར་ལ་མཐར་ཕྱིན་པར་ཤེས་པར་བྱའོ། །ཇི་སྐད་དུ། ལང་ཀར་གཤེགས་པ་ལས། དུ་བ་ལས་ནི་མེར་ཤེས་ཏེ། ཆུ་སྐྱར་ལས་ནི་ཆུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་འབྱུང་ངོ༌། །དེ་ལྟར་བསྐྱེད་པའི་རིམ་པ་མཐར་ཕྱིན་ནས་རྫོགས་པའི་རིམ་པ་ལ་གོམས་པར་བྱ་སྟེ། རབ་ཏུ་བྱེད་པའི་མཁན་པོས་ཀྱང༌། །བསྐྱེད་པའི་རིམ་པ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་འབྱུང་ངོ༌། །དེ་ལ་བསྐྱེད་པའི་རིམ་པ་ལ་ལེགས་པར་གནས་པ་གང་ཞེ་ན། གང་དང་པོའི་སྦྱོར་བ་ལ་སོགས་པའི་བསྒོམ་


DTG032_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པས། རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པ་ལ་ཞུགས་པའོ། །རིགས་བརྒྱའི་དབྱེ་བ་ནི་གཟུགས་ཀྱི་ཕུང་པོའི་ཚོགས་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོའི་ཚོགས་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོའི་ཚོགས་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ཀྱི་ཕུང་པོའི་ཚོགས་ནི་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའི་ཕུང་པོའི་ཚོགས་ནི་མི་བསྐྱོད་པའོ། །དེ་རྣམས་རེ་རེ་རིགས་ལྔའི་དབྱེ་བས་ཉི་ཤུ་རྩ་ལྔར་འགྱུར་རོ། །ས་ནི་སངས་རྒྱས་སྤྱན་ཡིན་ཏེ། །ཆུ་ཁམས་མཱ་མ་ཀཱི་རུ་བཤད། །གཟི་བརྗིད་གོས་དཀར་མོ་ཡིན་ཏེ། །རླུང་ནི་དམ་ཚིག་སྒྲོལ་མར་བཤད། །དེ་རྣམས་རེ་རེ་རིགས་ལྔ་ལྔའི་དབྱེ་བས་ཉི་ཤུར་འགྱུར་རོ། །རྡོ་རྗེ་སྐྱེ་མཆེད་འདི་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་བྱ་བས་མིག་ལ་སོགས་པའི་དབང་པོ་རྣམས་རེ་རེའང་རིགས་ལྔ་ལྔའི་དབྱེ་བས་ཉི་ཤུ་རྩ་ལྔར་ཤེས་པར་བྱའོ། །ཡུལ་གྱི་ལྷ་མོ་རྣམས་རེ་རེ་རིགས་ལྔ་ལྔའི་དབྱེ་བས་ཉི་ཤུ་རྩ་ལྔའོ། །ཁྱབ་པར་བྱེད་པ་ཡེ་ཤེས་ལྔ་ནི་རིགས་བརྒྱའི་བྱེ་བྲག་གོ །ཇི་སྐད་དུ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་ནི། །ལྔ་པོའི་དབྱེ་བས་ལྔ་རུ་བྱས་པ་ལ། །དེ་བཞིན་གཤེགས་པས་སོ་སོར་བྱིན་གྱིས་བརླབས། །འཁོར་བའི་ལས་རྣམས་དག་ནི་གང་ལས་འབྱུང༌། །དེ་བཞིན་དབང་པོ་ཕྱི་རོལ་ཡུལ་བཅས་ལྔ། །རེ་རེ་ཞིག་ཀྱང་བདེ་གཤེགས་ལྔ་རྣམས་ཀྱིས། །དེ་ལ་རང་རང་རྟག་ཏུ་བྱིན་རློབ་ཅིང༌། །ཡེ་ཤེས་ལྔ་དང་གསུམ་དུ་ཡང་དག་གནས། །ཞེས་འབྱུང་ངོ༌།། དེ་བཞིན་དུ་ཡང༌། རིགས་ནི་རྣམ་པ་བརྒྱར་བཤད་པ། །མདོར་བསྡུས་པ་ནི་རྣམ་པ་ལྔ། །ལུས་ངག་ཡིད་ཀྱི་དབྱེ་བ་ཡིས། །ཕྱིས་ནི་རྣམ་པ་གསུམ་དུ་འགྱུར། །ཞེས་འབྱུང་བས་སོ། །རིགས་བརྒྱའི་དབྱེ་བས་ལྷའི་གཟུགས་སུ་ལུས་རྣམ་པར་དབེན་པར་བྱས་ལ། ཐམས་ཅད་སྟོང་པའི་རང་བཞིན་དེ་ཁོ་ན་ཉིད་རྣལ་འབྱོར་པས་མངོན་དུ་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རིགས་བརྒྱ་པོ་གང་བཤད་པ་དེ་མདོར་བསྡུས་པས་ལྔ་རུ་འགྱུར་ཏེ་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་དང་འབྱུང་བ་ཆེན་པོ་ལྔ་དང་ཡེ་ཤེས་ལྔས་རྣམ་པར་དག་པའི་ཕྱིར་རོ། །རིགས་ལྔ་པོ་དེ་ཡང་སླར་ཡང་གསུམ་དུ་འགྱུར་ཏེ།


DTG032_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་གསུང་དང་ཐུགས་ཀྱིས་སོ། །རིན་ཆེན་དང་དོན་ཡོད་པའི་རིགས་དག་ནི་སྐུའི་རིགས་དང་གསུང་ངམ་ཐུགས་ཀྱི་རིགས་སུ་བསྡུ་བར་བྱའོ། །དེ་ལ་ང་རྒྱལ་གྱི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་ནི་གཏི་མུག་ལས་འབྱུང་བའི་ཕྱིར་སྐུའི་རིགས་སུ་བསྡུ་བར་བྱའོ། །དོན་ཡོད་གྲུབ་པ་ཕྲག་དོག་གི་ངོ་བོ་ཉིད་ནི་འདོད་ཆགས་སམ་ཞེ་སྡང་ལས་འབྱུང་བའི་ཕྱིར་འདོད་ཆགས་ཀྱི་རིགས་སམ་ཞེ་སྡང་གི་རིགས་སུ་བསྡུའོ། །རིགས་གསུམ་པོ་དེ་གཅིག་པ་ཉིད་དུ་ཤེས་པར་བྱའོ། །གང་གི་ཕྱིར་ལུས་དང་ངག་ནི་ཐུགས་ཀྱི་རྡོ་རྗེ་ལ་བསྡུ་བ་ཡིན་ཏེ་སྣང་བ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །སེམས་དེ་ཡང་སྣང་བ་དང་སྣང་བ་མཆེད་པ་སྣང་བ་ཉེ་བར་ཐོབ་པའི་དབྱེ་བས་དཔྱད་པ་ན་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དུ་འགྱུར་ཏེ། ཇི་སྐད་དུ། སྟོང་པའི་ཆོས་ལས་སྟོང་པའི་ཆོས་རྣམས་འབྱུང༌། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་གསུངས་སོ། །རབ་ཏུ་བྱེད་པ་ལས་ཀྱང༌། །ཇི་ལྟར་ཆུ་ཀླུང་དངས་པ་ལས། །ཉ་དག་མྱུར་དུ་ལྡང་གྱུར་ཏེ། །དེ་བཞིན་ཐམས་ཅད་སྟོང་གསལ་ལ། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་འབྱུང་ངོ༌། །རིགས་བརྒྱའི་དབྱེ་བ་བསྒོམ་པའི་རིམ་པ་འདིས། །རྣལ་འབྱོར་པ་ཕྱིར་མི་ལྡོག་པའི་ས་བརྒྱད་པ་ལ་གནས་པར་འགྱུར་རོ། །དེ་ལྟར་བསྐྱེད་པའི་རིམ་པ་ལ་མཐར་ཕྱིན་ནས་རྫོགས་པའི་རིམ་པའི་དང་པོ་རྡོ་རྗེ་བཟླས་པ་ལ་གོམས་པར་བྱའོ། །དེ་ལ་དང་པོ་རླུང་གི་དེ་ཁོ་ན་ཉིད་ལ་དམིགས་ནས་སྔགས་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པར་རོ། །རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་གདོང་གི་སྣ་ལ་སོགས་པར་གནས་པའི་ཡུངས་ཀར་ཕྲ་མོ་ཙམ་གྱི་ཐིག་ལེ་བསྒོམ་པའོ། །གང་གི་ཕྱིར་རླུང་ནི་ལུས་ཐམས་ཅད་ལ་ཁྱབ་པ་དང༌། ལས་ཐམས་ཅད་བྱེད་ཅིང་སྲོག་ཆགས་ཐམས་ཅད་ཀྱི་སྲོག་ཏུ་གྱུར་པ་རྣམ་ཤེས་ཀྱི་བཞོན་པ་གཅིག་པུ་ཁོ་ནའོ། །དེ་ཡང་ཕུང་པོ་ལྔའི་དབྱེ་བས་ལྔ་རུ་འགྱུར་ཏེ། སྲོག་དང༌། ཐུར་དུ་སེལ་བ་དང༌། མེ་དང་མཉམ་པ་དང༌། གྱེན་དུ་རྒྱུ་བ་དང༌། ཁྱབ་པའོ། །དེ་ལ་སྲོག་ནི་ལྟེ་བ་ལ་གནས་ཤིང་རྣམ་པར་ཤེས་པའི་ཕུང་པོ་མངོན་པར་སྐྱེད་བར་བྱེད་པའི་ལས་ཅན་ནོ། །ཐུར་དུ་སེལ་བ་ནི་བཤང་ལམ་ལ་གནས་ཤིང་ཚོར་བའི་ཕུང་པོ་མངོན་པར་སྐྱེད་པའི་ལས་ཅན་ནོ། །གྱེན་དུ་རྒྱུ་བ་ནི་མགྲིན་པ་ལ་གནས་ཤིང་འདུ་ཤེས་ཀྱི་ཕུང་པོ་མངོན་


DTG032_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐྱེད་པའི་ལས་ཅན་ནོ། །མེ་དང་མཉམ་པ་ནི་སྙིང་ག་ན་གནས་ཤིང་འདུ་བྱེད་ཀྱི་ཕུང་པོ་མངོན་པར་སྐྱེད་པའི་ལས་ཅན་ནོ། །ཁྱབ་པར་བྱེད་པ་ནི་ལུས་ཀྱི་ཚིགས་ཐམས་ཅད་ལ་གནས་ཤིང་གཟུགས་ཀྱི་ཕུང་པོ་མངོན་པར་སྐྱེད་པའི་ལས་ཅན་ནོ། །དེ་དག་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་དང༌། དེ་བཞིན་གཤེགས་པ་ལྔ་དང༌། ཁ་དོག་ལྔ་དང་ལྡན་ཞིང་ཞི་བ་ལ་སོགས་པའི་ལས་བྱེད་པའི་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་ཤེས་པར་བྱའོ། །ཡན་ལག་གི་རླུང་ནི་རྒྱུ་བ་དང་རྣམ་པར་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་དང༌། རབ་ཏུ་རྒྱུ་བ་དང༌། ངེས་པར་རྒྱུ་བའོ། དེ་དག་གི་མིག་ལ་སོགས་པའི་དབང་པོ་ལྔ་ལ་བརྟེན་ཏེ་གཟུགས་ལ་སོགས་པ་གཟུང་བའི་མཚན་ཉིད་ཅན་གྱི་ལས་བྱེད་དོ། །དེ་རྣམས་ཀྱང་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དོ། །བཅུ་པོ་དེ་རྣམས་ཀྱི་མིང་ནི་སྒྲ་ཇི་བཞིན་མ་ཡིན་པས་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཀུ་ཊ་ཁྱ་དང་ཀུ་ཌ་དང༌། །ཀུ་ཌ་བྷ་དང་ཀུ་ཊི་ར། །ཀ་ཀུ་ལཱ་ཚ་ཀུ་ལ་ཝ། །ཀུ་ལཱ་བྷ་ཀོ་ལི་ར་བ། །སྲོག་དང་ཐུར་སེལ་མེ་མཉམ་དང༌། །གྱེན་དུ་དེ་བཞིན་ཁྱབ་བྱེད་དང༌། །གླང་པོ་རུས་སྦལ་རྩངས་པ་དང༌། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་འབྱུང་ངོ༌། །རླུང་བཅུ་པོ་དེ་དག་གནས་དང་ཉོན་མོངས་པ་དང་ལས་ཀྱི་བྱེ་བྲག་ལ་བརྟེན་ཏེ་ཉིན་མཚན་དུ་ཟོ་ཆུན་བཞིན་དུ་སེམས་ཅན་གྱི་ཁམས་འཇུག་པར་བྱེད་པ་ན་འཁོར་བར་བྱེད་ཅིང༌། ཡང་དང་ཡང་དུ་འཁོར་བའི་སྒོ་ནས་ཉིང་མཚམས་སྦྱོར་བ་ལ་བཅིངས་པས་ཉོན་མོངས་པར་བྱེད་དོ། །རླུང་དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་གྲོལ་བར་འགྱུར་བས་དེ་བཤད་པར་བྱ་སྟེ། དེའི་དེ་ཁོ་ན་ཉིད་ནི་ཐིག་ལེ་བསྒོམ་པའོ། །གང་གི་ཕྱིར་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་དུས་སུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་འཁོར་ལོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་གོང་བུར་གྱུར་པ་ན། རླུང་དང་ཉེ་བའི་རླུང་ཐམས་ཅད་རབ་ཏུ་ཞི་བར་གྱུར་པས་ན། གསལ་བ་དང་དགའ་བའི་རང་བཞིན་ཅན་གྱི་འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་འགྱུར་རོ། །དེའི་ཕྱིར་བདེ་བ་ཆེན་པོའི་དབང་གིས་


DTG032_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གཟུགས་མེད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་འགྱུར་ཏེ། ཤིན་ཏུ་གྲང་བའི་དབང་གིས་ཆུའི་སྲ་བ་ཉིད་བཞིན་ནོ། །ཐིག་ལེ་དེ་ཡང་རྣམ་པ་གསུམ་སྟེ། གསང་བའི་སྣའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གསུང་གི་རྡོ་རྗེའི་རྣལ་འབྱོར་པས་བསྒོམ་པར་བྱ་བ་དང༌། སྙིང་གའི་པདྨའི་སྣའི་རྩེ་མོར་སྔགས་ཀྱི་ཐིག་ལེ་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་པས་བསྒོམ་པར་བྱ་བ་དང༌། གདོང་གི་སྣའི་རྩེ་མོར་རླུང་གི་ཐིག་ལེ་འོད་ཟེར་ཅན་སྐུའི་རྡོ་རྗེའི་རྣལ་འབྱོར་བས་བསྒོམ་པར་བྱ་བའོ། །དེ་ལ་སྙོམས་པར་ཞུགས་པ་ལས་འབྱུང་བ་ཡན་ལག་དང་ཉིང་ལག་ཐམས་ཅད་ནས་འཕོ་བས་དམ་པ་དགའ་བའི་གནས་སྐབས་སུ། །རྡོ་རྗེ་དང་པདྨའི་སྣ་རུ་འཛིན་པར་གྱུར་པ་ན་ངག་གི་སྤྲོས་པ་ཐམས་ཅད་སྤངས་པ། བརྗོད་དུ་མེད་པའི་ཐིག་ལེ་འདོད་ཆགས་ཅན་གྱི་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་གསུང་གི་རྡོ་རྗེའི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །སྤྱི་བོ་དང་ལྐོག་མ་དང༌། སྙིང་ག་ན་གནས་པའི་ཡི་གེ་གསུམ་པོ་ལ་དམིགས་ཏེ། སྐུའི་རྡོ་རྗེའི་ས་བོན་གྱི་ཆ་རྣམས་སྟེང་ནས་བརྩམས་ཏེ་གཅིག་ནས་གཅིག་ཏུ་ཐིམ་པར་བྱས་ཏེ། འོག་གི་ཆ་གསུང་གི་རྡོ་རྗེའི་ཆ་རྣམས་ལ་འཇུག་པར་བྱ་སྟེ། དེའི་ཆ་རྣམས་ཀྱང་སྔ་མ་བཞིན་དུ་འཇུག་པར་བྱས་ལ་ཡི་གེ་ཧཱུཾ་དུ་ཐིམ་པར་བསམ་མོ། །ཡི་གེ་ཧཱུཾ་ཆ་བཞི་པ་ཡང་ཞབས་ཀྱུ་ནི་ལ་ལ་ཐིམ་པ་དང༌། འ་ཧ་ལ་ཐིམ་པ་དང༌། ཧ་མགོ་བོ་ལ་ཐིམ་པ་དང༌། མགོ་བོ་ཟླ་ཚེས་ལ་ཐིམ་པ་དང༌། ཟླ་ཚེས་ཐིག་ལེ་ལ་ཐིམ་པ་དང༌། ཐིག་ལེ་སེམས་རྩེ་གཅིག་པར་བྱས་པས་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དུ་གནས་པ་ནི་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ལུས་འདི་ལ་ཁམས་བཞིའི་རང་བཞིན་དཀྱིལ་འཁོར་བཞི་ཡོད་དེ། དེ་ཡང་མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བར་གནས་པ་སྟེ། གྲུ་གསུམ་དང༌། ཟླུམ་པོ་དང༌། གཞུའི་དབྱིབས་ཅན་དང༌། གྲུ་བཞིའོ། །དམར་པོ་དང༌། དཀར་པོ་དང༌། དུད་ཁ་དང༌། སེར་པོའི་མདོག་ཅན། མེ་དང༌། ཆུ་དང༌། རླུང་དང༌། སའི་ངོ་བོ་ཉིད་དོ། །ཡཾ་རཾ་བཾ་ཁཾ་ཞེས་བྱ་བའི་ས་བོན་ལས་བྱུང་བ་དང༌། སྣང་བ་མཐའ་ཡས་དང༌། མི་བསྐྱོད་པ་དང༌། དོན་ཡོད་གྲུབ་


DTG032_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པ་སྟེ་ཐབས་བསྟན་ནོ། །དེ་ནས་གོས་དཀར་མོ་དང༌། མཱ་མ་ཀཱི་དང༌། སྒྲོལ་མ་དང༌། སངས་རྒྱས་སྤྱན་གྱིས་བྱིན་གྱིས་རློབ་པ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །གཡས་པ་དང༌། གཡོན་པ་དང༌། གཉིས་ཀ་དང༌། དམན་པར་རྒྱུ་བ་རྣམས་ཀྱི་སྣའི་སྒོར་བསྟན་ཏོ། །སྔ་དྲོ་དང༌། ཉི་མ་ཕྱེད་དང༌། ཕྱི་དྲོ་དང༌། མཚམས་དག་གི་དུས་བསྟན་པ་དེ་བཞིན་དུ་ཡང་མཚན་མོར་རོ། །དབང་དང་ཞི་བ་དང༌། དགུག་པ་དང༌། རྒྱས་པ་ནི་ཕྲིན་ལས་སོ། །དཀྱིལ་འཁོར་དེ་རྣམས་ལས་ཐོ་རངས་ནས་བརྩམས་ཏེ། ཁ་དོག་དམར་པོའི་འོད་ཟེར་སྣའི་བུག་པ་གཡས་པ་ནས་འབྱུང་བར་འགྱུར་ཞིང་སྣའི་རྩེ་མོར་ཐུན་གྱི་ཕྱེད་ཀྱི་ཕྱེད་ཀྱི་བར་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་ཐུན་གཉིས་པ་ལ་ཁ་དོག་ལྗང་སེར་ཅན། །འོད་ཟེར་སྣའི་བུག་པ་གཡོན་ནས་འབྱུང་ཞིང་དེ་ཉིད་དུ་ཐུན་གྱི་ཕྱེད་ཀྱི་ཕྱེད་ཀྱི་བར་དུ་གནས་པའོ། །ཐུན་གསུམ་པ་ལ་ཡང་ཁ་དོག་སེར་པོ་འོད་ཟེར་གྱིས་ཀ་ལས་འབྱུང་ཞིང་སྣའི་བུག་པ་དེ་ཉིད་དུ་ཐུན་གྱི་ཕྱེད་ཀྱི་ཕྱེད་ཀྱི་བར་དུ་གནས་སོ། །ཐུན་བཞི་པ་ལ་ཡང་གཉིས་ཀ་ཁ་ནས་འབྱུང་ཞིང་འོན་ཀྱང་དལ་ཞིང་དམན་པར་རྒྱུ་བ་ཁ་དོག་དཀར་པོའི་འོད་ཟེར་འབྱུང་ཞིང༌། དེ་ཡང་ཐུན་གྱི་ཕྱེད་ཀྱི་ཕྱེད་ཀྱི་པར་དུ་གནས་པ་སྟེ། མཚན་མོ་ཡང་དེ་བཞིན་ནོ། །དེ་ལྟར་ཉིན་མོ་དང་མཚན་མོ་ཐུན་བརྒྱད་ལ་ཆུ་ཚོད་དྲུག་ཅུའི་བར་དུ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་དཀྱིལ་འཁོར་སོ་སོ་དག་ཏུ་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་གྱིས་རྒྱུ་བའོ། །དཀྱིལ་འཁོར་རེ་རེ་དག་ལ་བཞི་བཞིའི་བདག་ཉིད་ཡོད་དོ། །ཆ་དེ་རྣམས་སུ་འཇུག་པ་ལ་སོགས་པའི་ས་ཡ་བདུན་ཅུ་རྩ་གཉིས་གསུངས་སོ། །དེ་དག་ཐམས་ཅད་ཀྱི་རྩ་བ་ནི་བཅོམ་ལྡན་འདས་མ་ཕྱི་མོའི་ཡི་གེ་བཞི་བཅུ་རྩ་དགུ་པའོ། །དེ་ཡི་ཡང་རྩ་བ་ནི་ལྟ་བའི་འོག་འོད་གསལ་བའི་གནས་ལས་བྱུང་བ་སྲོག་ཅེས་བྱ་བའི་རླུང་ངོ༌། །ཇི་སྐད་དུ། ནམ་མཁའི་རླུང་ནི་ལུས་ལ་འབྱུང་བ་སྟེ། །ཡང་དག་བརྗོད་པས་དབྱངས་ནི་ཁར་ཕྱིན་པ། །གནས་གཞན་དག་ཏུ་རབ་ཏུ་ཕྱེ་བས་ན། །ཡི་གེ་ཉིད་དུ་གྱུར་པ་གང་ཡིན་དེ་སྒྲ་ཡིན། །དེ་ནི་ཚངས་པའི་ཡི་གེ་དག་བྱེད་མཆོག །ཕུགས་ན་གནས་


DTG032_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་དག་བྲམ་ཟེས་འདོད། །དེ་ནི་ཡང་དག་རབ་ཏུ་སྦྱོར་གྱུར་ན། །ངེས་ལེགས་མངོན་པར་མཐོ་བས་སྐྱེས་བུར་སྦྱོར། །ཞེས་སོ། །དེ་བས་ན་སྲོག་དེ་ཉིད་སྙིང་ལ་སོགས་པའི་གནས་བརྒྱད་ལ་རིག་པས་དབྱངས་དང་གསལ་བྱའི་སྡེ་ཚན་རྣམས་སྐྱེད་པར་བྱེད་དོ། །ཇི་སྐད་དུ། ཡི་གེ་རྣམས་ཀྱི་གནས་བརྒྱད་དེ། བྲང་དང་མགྲིན་པ་མགོ་དེ་བཞིན། །ལྕེ་ཡི་རྩ་བ་སོ་དང་ནི། །སྣ་དང་མཆུ་དང་རྐན་དག་གོ །ཞེས་འབྱུང་ངོ༌། །གནས་བརྒྱད་པོ་དེ་དག་ལས་སྡེ་ཚན་བརྒྱད་སྐྱེ་བར་འགྱུར་ཏེ་དབྱངས་ཀྱི་སྡེ་ཀ་ལ་སོགས་པ་མའི་བར་དུ་སྡེ་ཚན་ལྔ་དང་བར་ན་གནས་པ་དང་དྲོད་ཀྱི་ཡི་གེའི་སྡེ་ཚན་གཉིས་ཏེ། རྣམ་པ་ཤེས་པ་ཚོགས་བརྒྱད་རྣམ་པར་དག་པའི་ངོ་བོ་ཡིན་ཞེས་བར་དུའོ། །དེ་ལས་ཀྱང་ཚིགས་རྣམས་ནི་བ་ལང་དང་རྟ་ལ་སོགས་པའི་སྒྲ་འབྱུང་ངོ༌། །དེ་རྣམས་ལས་ཀྱང་ངག་སྐྱེ་བ་ཡིན་ཏེ། དཔེར་ན་ཀྱེ་ལྷས་བྱིན་པ་དཀར་མོ་དང་དབྱུག་པས་རྡུངས་ཤིག །ཅེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱང་ངག་ཆེན་པོར་འགྱུར་ཏེ། དཔེར་ན་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པའོ། །ངག་ཆེན་པོ་ལས་ཀྱང་བསྟན་བཅོས་རྩོམ་པ་དང༌། གར་གྱི་བསྟན་བཅོས་དང༌། རབ་ཏུ་བྱེད་པ་དང༌། རླུང་དང་ལུང་བསྟན་པ་དང༌། རྟོག་གེ་དང༌། གྲངས་ཅན་པ་དང༌། མཆོད་འོས་དང༌། ཕྱུགས་ཀྱི་བདག་པོ་པ་དང༌། རིགས་པ་པ་དང༌། ཁྱད་པར་པ་དང༌། དཔྱོད་པ་པ་དང༌། བདེ་བར་གཤེགས་པ་ལ་སོགས་པའི་བསྟན་བཅོས་དང༌། འཇིག་རྟེན་གྱི་ཐ་སྙད་ཀྱི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་བྱུང་བ་དེ་དག་ཐམས་ཅད་ཀྱི་རྒྱུར་གྱུར་པ་ནི་ཕྱི་མོའི་ཡི་གེ་ཁོ་ནའོ། །དེ་ལ་སྔགས་ཐམས་ཅད་བཏུ་བས་ན་སྔགས་ཀྱི་བཏུ་བ་སྟེ་ཕྱི་མོའོ། །དེ་ནི་སྤྲོ་བའི་རིམ་པས་སྔགས་བཏུ་བའོ། །བསྡུ་བའི་རིམ་པས་ཀྱང་འདི་ལྟ་སྟེ། ཨ་ལ་སོགས་པ་ནས་ཧའི་བར་དུ་སྡེ་ཚན་བརྒྱད་པ་དང་པོའི་ཡི་གེ་རྣམས་ཀྱིས་བསྡུས་པ་ཡིན་ཏེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའོ། །དེ་དག་ཀྱང་འབྱུང་བའི་ཡི་གེ་བཞི་ལ་བསྡུས་པས་ཨ་ཀ་ཡ་ཤའོ། །དེ་དག་ཀྱང་གསུམ་དུ་བསྡུས་པ་ལས་ཨ་ཀ་ཡའོ། །དེ་རྣམས་ཀྱང་ཡི་གེ་གསུམ་དུ་འགྱུར་ཏེ། དེ་ལ་ཤེས་རབ་ཀྱི་རང་བཞིན་ཡི་གེ་ཨ། འདོད་ཆགས་ཀྱི་ས་བོན་ཡི་གེ་ཨ་ཡའོ། །ཐབས་


DTG032_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་ཉིད་ཀྱི་ཡི་གེ་ཀ་ཡོངས་སུ་གྱུར་པའི་ཐུགས་ཀྱི་རྡོ་རྗེའི་ས་བོན་ཡི་གེ་ཧཱུཾ་ངོ༌། །གཉིས་ཀ་སྙོམས་པར་ཞུགས་པའི་མཚན་ཉིད་ཡི་གེ་ཡ་ཡོངས་སུ་གྱུར་པ་གཏི་མུག་རྡོ་རྗེའི་ས་བོན་ཡི་གེ་ཨཱའོ། །དེ་རྣམས་ཁམས་གསུམ་དང༌། སྲིད་པ་གསུམ་དང༌། སྐུ་གསུམ་དང༌། ཡེ་ཤེས་གསུམ་དང༌། རྩ་གསུམ་དང༌། རྫས་གསུམ་དང༌། སེམས་དཔའ་གསུམ་དང༌། དེ་བཞིན་གཤེགས་པ་གསུམ་དང༌། ལྷ་མོ་གསུམ་དང༌། དཀྱིལ་འཁོར་གསུམ་གྱི་ངོ་བོ་ཉིད་བུད་མེད་དང་སྐྱེས་པ་དང་མ་ནིང་དང༌། ཐབས་དང་ཤེས་རབ་དང་གཉིས་ཀ་སྙོམས་པར་ཞུགས་པ་དང༌། ཟླ་བ་དང༌། ཉི་མ་དང༌། མེ་དང༌། ཉིན་མོ་དང༌། མཚན་མོ་དང༌། མཚམས་ཀྱི་རང་བཞིན་ཡི་གེ་གསུམ་སྐྱེ་བར་འགྱུར་ཏེ། དེ་ཡང་ཕན་ཚུན་ཡི་གེ་ཨོཾ་ཨཱཿ་ལ་ཞུགས་པ་དང༌། ཨཱཿ་ཧཱུཾ་ལ་ཞུགས་པ་དང༌། ཧཱུཾ་ཐིག་ལེ་དང་བཅས་པ་ལ་དམིགས་ཏེ། ཐིག་ལེ་ནི་ཟླ་ཚེས་ལ་ཐིམ་པ་དང༌། ཟླ་ཚེས་མགོ་བོ་ལ་ཐིམ་པ་དང༌། མགོ་བོ་ཧ་ལ་ཐིམ་པ་དང༌། ཧ་ཞབས་བསྐྱེད་ལ་ཐིམ་པ་དང༌། ཞབས་བསྐྱེད་ཐུང་དུ་ཨ་རུ་གྱུར་པས་ངག་མ་ལུས་པའི་ངོ་བོ་ཉིད་གནས་པར་འགྱུར་རོ་ཞེས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་ཁྱབ་པའི་སྔགས་ཀྱི་བཏུ་བའོ། །སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་འབྱུང་ངོ༌། །རྡོ་རྗེ་དཀྱིལ་འཁོར་གྱི་རྒྱན་ལས་ཀྱང༌། སྙིང་གི་དཀྱིལ་ན་མི་ཤིགས་པའི། །འབར་བའི་མར་མེ་དག་དང་མཚུངས། །ཡི་གེ་དམ་པ་ཕྲ་བ་ནི། །ཨ་ནི་ཁྱབ་བདག་གཙོ་བོར་གནས། །ཞེས་འབྱུང་ངོ༌། །གང་ལས་འབྱུང་བ་དང་ཐིམ་པ་དེ་ནི་ཡི་གེ་ཨ་སྟེ། དེའི་རྒྱུ་ཅན་སྔགས་ཐམས་ཅད་ཡིན་པས་བཏུ་བ་ཡང་དེ་ཁོ་ན་ཉིད་ཀྱིས་ཁྱབ་པའོ། །གང་གི་ཚེ་མ་ནིང་གི་བཟླས་པའི་དུས་སུ་ལྟེ་བར་ཐིམ་པར་གྱུར་པ་དེའི་ཚེ་འགྲོ་བ་དང་འོང་བ་དང་བྲལ་བ་དང༌། འོད་གསལ་བ་ཉིད་སྔགས་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུ་ཡིན་པས་དེ་ཉིད་ལས་བཏུ་བར་བྱའོ། །བཏུ་བ་ནི་རྣམ་པ་གསུམ་སྟེ། གང་གི་ཕྱིར་ཕྱི་མོའི་ཡི་གེ་དང་ཨ་དང་འོད་གསལ་བ་ཉིད་དེ། སྤྲོས་པ་དང་


DTG032_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིར་སྤྱོད་པ་བཞིན་ཞེས་བཏུ་བའོ། །སྔགས་ཀྱི་དོན་ཞེས་བྱ་བ་ནི་ཡི་གེ་ཨོཾ་གྱི་དོན་ནི་རྣམ་པར་སྣང་མཛད་དོ། །ཨཱཿའི་དོན་ནི་སྣང་བ་མཐའ་ཡས་སོ། །ཡི་གེ་ཧཱུཾ་གི་དོན་ནི་མི་བསྐྱོད་པའོ། །སྭཱ་དང་ཧཱ་དག་གི་དོན་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའོ། །དེ་བཞིན་དུ་གཞན་རྣམས་ཀྱི་བརྗོད་པར་བྱ་བའི་དོན་ལ་བརྟེན་ཏེ་རང་རང་གི་ལྷའི་བདག་ཉིད་ཀྱི་དོན་བརྟག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་བརྡ་ཞེས་བྱ་བ་ནི་སྤྲུལ་དང་མགོ་མེད་དང་མཐའ་མེད་དང་བཏུ་བའོ། །དེ་ལ་ཨོཾ་དང་སྭཱ་ཧཱ་ལྡན་པ་ནི་སྤྲུལ་ལོ། །ཨོཾ་མེད་ཅིང་སྭཱ་ཧཱ་དང་ལྡན་པ་ནི་མགོ་མེད་དོ། །སྭཱ་ཧཱ་མེད་ཅིང་ཨོཾ་དང་ལྡན་པ་ནི་མཐའ་མེད་པའོ། །གཉིས་ཀ་སྤངས་པ་ནི་བཏུས་པའོ། །དེ་རྣམས་ཀྱི་དཔེ་ནི་ལེའུ་བཅུ་བཞི་པ་ལས་འཆད་པར་འགྱུར་རོ། །དེ་ཡང་ལས་ཀྱི་དབྱེ་བས་བརྡའི་དབྱེ་བ་སྟེ། ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་ལ་སོགས་པ་དག་ཏུ་དགོས་པའི་ཕྱིར་རོ། །གཞན་ཡང་བརྡ་བཅུ་གཅིག་པོ་ནི་སྤེལ་བ་དང་འདྲེས་པ་དང་ཁ་སྦྱར་ལ་སོགས་པ་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་རྟོགས་པར་བྱའོ། །དེ་བཞིན་དུ་ཡང་སྙིང་པོ་དང༌། ཉེ་བའི་སྙིང་པོ་དང༌། སྙིང་པོ་སྐུལ་བར་བྱེད་པ་དང༌། རྩ་བའི་སྔགས་དང༌། ཕྲེང་བའི་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་དང༌། ས་བོན་དང༌། མིང་གི་ཡི་གེ་དང་པོ་དང༌། ཕྱུང་བའི་སྔགས་རྣམས་ནི་ལས་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་སྙིང་པོ་ནི་བཅོམ་ལྡན་འདས་མངོན་དུ་རྗོད་པར་བྱེད་པའོ། །ཉེ་བའི་སྙིང་པོ་ནི་ཡན་ལག་གི་སྒོ་ནས་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །དེ་དག་ནི་འདས་པའི་དུས་དང་ལས་ཀྱི་རབ་འབྱམས་སྒྲུབ་ལ་ཤེས་པར་བྱའོ། །སྙིང་པོ་བསྐུལ་བ་ནི་ལྷའི་ཐུགས་ཀྱི་ནུས་པ་ནན་ཏན་གྱིས་བཀུག་ལ་བདག་ཉིད་ལ་འཇུག་པའོ། །རྩ་བའི་སྔགས་ནི་མངོན་པར་འདོད་པའི་ལྷ་མངོན་དུ་བྱེད་པའོ། །ཕྲེང་བའི་སྔགས་ནི་མཆོད་པའི་མཐར་ཆུན་འཕྱང་འབུལ་བའོ། །རིག་པའི་སྔགས་ནི་ས་འོག་ལ་སོགས་པའི་དངོས་གྲུབ་སྒྲུབ་པའོ། །གཟུངས་སྔགས་ནི་རྒྱལ་པོ་ལ་སོགས་པའི་འཇིགས་པ་ཟློག་པའོ། །ས་བོན་གྱི་སྔགས་ནི་དེ་བཞིན་གཤེགས་པ་དང་ལྷ་མོ་


DTG032_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྐྱེད་པའོ། །ཕྱུང་བའི་སྔགས་ནི་གསང་བའི་གནས་སུ་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བར་བྱེད་པའོ། །མིང་གི་དང་པོའི་ཡི་གེ་རྣམས་ནི་ས་བོན་གྱི་སྔགས་ཀྱི་ཁྱད་པར་རོ། །དེ་བས་ན་བརྡའི་སྒོ་ནས་འདོད་པའི་དོན་ཐམས་ཅད་འགྲུབ་པ་ཡིན་ཞེས་སྔགས་ཀྱི་བརྡའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དོན་དམ་པའི་འོད་གསལ་བས་བརྟགས་ཤིང་ཆོས་ཉིད་ཀྱི་མཚན་ཉིད་དོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་མེད་པར་ཞི་བ་ལ་སོགས་སྒྲུབ་པ་ལ་སྔགས་ཐམས་ཅད་དོན་དང་ལྡན་པར་མི་འགྱུར་རོ།། ཇི་སྐད་དུ། ཡི་གེའི་གཟུགས་ཅན་སྔགས་རྣམས་ནི། །དེ་བས་དམ་པ་རྣམས་མི་འདོད། །གང་ཕྱིར་རྩྭ་མཆོག་ཙམ་ཉིད་ནི། །འགུགས་པར་བྱེད་པར་མི་ནུས་སོ། །ཞེས་འབྱུང་ངོ༌། །མཐར་ཐུག་པའི་རིམ་པ་ལས་ཀྱང༌། །སོ་མཆུ་རྐན་དང་ལྕེ་སོགས་ཀྱིས། །ངག་ནི་བསྐྱོད་པ་དང་ལྡན་པ། །དེ་ནི་འགྱུར་བ་ཉིད་ཡིན་ཏེ། །མི་ཤིགས་པ་ཉིད་ག་ལས་འགྱུར། །ཞེས་པ་དང༌། རྒྱུད་ཕྱི་མ་ལས་ཀྱང་སྔགས་ཀྱི་སྒྲ་མན་ཏྲའི་ཚིག་གི་སྒོ་ནས་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ཏེ། ཇི་སྐད་དུ། དབང་པོ་དང་ནི་ཡུལ་དག་ལ། །བརྟེན་ཏེ་ཡིད་ནི་གང་སྐྱེས་པ། །དེ་ནི་མན་ཞེས་བརྗོད་པ་སྟེ། །སྐྱོབ་པའི་དོན་གྱིས་ཏྲ་ཞེས་བྱ། །ཞེས་སོ། །ལུང་བསྟན་པ་ལས་ཀྱང༌། །མན་ཏྲ་གསང་བར་བརྗོད་པའི་དོན་ཏོ། །དེ་བས་ན་སྔགས་ཀྱི་དེ་ཁོ་ན་ཉིད་མི་ཤེས་ན་གང་ལས་བྱེད་པ་དེའི་ལས་དེ་རྣམས་འགྲུབ་པར་མི་འགྱུར་ཏེ། ངོ་བོ་ཉིད་ཡོངས་སུ་མི་ཤེས་པའི་ཕྱིར་བྱེ་མ་ལ་མར་བཞིན་ནོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་རྣལ་འབྱོར་པས་ཞི་བ་ལ་སོགས་པ་འབད་པ་མེད་པར་འགྲུབ་པར་འགྱུར་ཏེ། དེ་རྣམས་ཞར་ལ་འབྱུང་བའི་ཕྱིར་རོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་བླ་མའི་དྲིན་ལ་བརྟེན་ཏེ་སྔགས་ཀྱི་དེ་ཁོ་ན་ཉིད་བཙལ་བར་བྱའོ། །དེ་ལྟར་རྣམ་པ་བཞིས་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ། །རླུང་གི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། རྡོ་རྗེ་བཟླས་པ་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་རྡོ་རྗེ་འཆང་ཆེན་པོའི་བཟླས་པ་ཞེས་བྱ་བ་ནི་དང་པོ་རྣལ་འབྱོར་པས་མྱུར་དུ་རྡོ་རྗེ་འཆང་ཆེན་པོའི་གཟུགས་རེག་བྱ་རྡོ་རྗེ་


DTG032_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་སྙོམས་པར་ཞུགས་པར་བསམས་ཏེ། ལྟེ་བར་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་མར་མེ་འབར་བའི་འོད་དང་མཚུངས་པའི་ཡི་གེ་ཨ་ལ་དམིགས་ཏེ། དེའི་འོད་ཟེར་གྱིས་མེ་སྟག་དང་འདྲ་བའི་ཡི་གེ་གསུམ་མདོག་ཇི་ལྟ་བ་བཞིན་དུ་སྤྲོས་ཏེ། སྙིང་ལ་སོགས་པའི་གནས་གསུམ་དུ་དགོད་དེ། འཇུག་པ་ལ་སོགས་པའི་རིམ་པས་ཡན་ལག་མ་ཉམས་པར་བཟླས་ཏེ། ཇི་སྲིད་སེམས་རྩེ་གཅིག་པར་གྱུར་གྱི་བར་དུ་ཐ་མར་མར་མེ་དང་འདྲ་བའི་འོད་གསལ་བའི་ཡི་གེ་ལ་གནས་པར་བྱའོ། །གདོད་མ་ནས་མ་སྐྱེས་པའི་ཡི་གེ་ཙམ་ལ་དམིགས་ཏེ་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ། སྲོག་ལ་སོགས་པའི་འཁོར་ལོ་དང༌། ཡིད་དང་དེ་ཉིད་དུ་ཞུགས་པས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ཞི་བས། ཡེ་ཤེས་ལྔའི་ངོ་བོ་ཉིད་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་འོད་གསལ་བ་ལ་རྣལ་འབྱོར་པས་གནས་པར་བྱའོ་ཞེས་རྡོ་རྗེ་འཆང་ཆེན་པོའི་བཟླས་པའོ། །དེ་བཞིན་དུ་ཡང་མྱུར་བའི་ཏིང་ངེ་འཛིན་གྱིས་སངས་རྒྱས་སྤྱན་དང་སྙོམས་པར་ཞུགས་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ཏེ། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་རྣམ་པར་དགོད་དེ། དེའི་འོད་ཟེར་སྤྲོ་བ་དང་བསྡུ་བའི་རིམ་པས་སེམས་ཅན་གྱི་དོན་བྱས་ལ། ཐུགས་དང་གསུང་གི་ས་བོན་སྐུའི་ས་བོན་ལ་འཇུག་པར་བྱ་སྟེ། ཡི་གེ་ཨོཾ་གཅིག་པུ་ལ་དམིགས་ཤིང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་ཞི་བར་གྱུར་པར་གནས་པར་བྱའོ་ཞེས་སྐུའི་བཟླས་པའོ། །དེ་བཞིན་དུ་ཡང་མྱུར་བའི་ཏིང་ངེ་འཛིན་གྱི་གོས་དཀར་མོ་དང་སྙོམས་པར་ཞུགས་པ་འོད་དཔག་ཏུ་མེད་པར་བདག་ཉིད་བསྒོམས་ཏེ། ཡི་གེ་གསུམ་ལྐོག་མ་ལ་སོགས་པར་དགོད་དེ། དེའི་འོད་ཟེར་སྤྲོ་བ་དང་བསྡུ་བས་སེམས་ཅན་གྱི་དོན་བྱས་པས། ཐུགས་དང་སྐུའི་ས་བོན་གསུང་གི་ས་བོན་ལ་འཇུག་པར་བྱས་ཏེ། ཡི་གེ་ཨཱཿ་གཅིག་པུ་ལ་དམིགས་ཤིང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་རྟོག་པ་ཐམས་ཅད་ཉེ་བར་ཞི་བར་གནས་པར་བྱའོ་ཞེས་གསུང་གི་བཟླས་པའོ། །དེ་བཞིན་དུ་ཡང་མྱུར་བའི་ཏིང་ངེ་འཛིན་གྱིས་མཱ་མ་ཀཱི་དང་སྙོམས་པར་ཞུགས་པའི་


DTG032_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་རྡོ་རྗེར་བདག་ཉིད་རྣམ་པར་བསྒོམས་ཏེ། ཐུགས་ལ་སོགས་པའི་ཡི་གེ་གསུམ་དགོད་དེའི་འོད་ཟེར་སྤྲོ་བ་དང་བསྡུ་བས་སེམས་ཅན་གྱི་དོན་བྱས་ལ་ལུས་དང་ངག་གི་ས་བོན་ཐུགས་ཀྱི་ས་བོན་ལ་འཇུག་པར་བྱ་སྟེ། ཡི་གེ་ཧཱུཾ་གཅིག་པུ་ལ་དམིགས་ཤིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་རྟོག་པ་མ་ལུས་པར་རབ་ཏུ་ཞི་བར་གནས་པར་བྱའོ་ཞེས་ཐུགས་ཀྱི་བཟླས་པའོ། །དེ་བཞིན་དུ་ཡང་མྱུར་བའི་ཏིང་ངེ་འཛིན་གྱིས་མཱ་མ་ཀཱི་དང་སྙོམས་པར་ཞུགས་པ་རིན་ཆེན་འབྱུང་ལྡན་དུ་བདག་ཉིད་རྣམ་པར་བསྒོམས་ཏེ། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་དགོད་དེ། འོད་ཟེར་སྤྲོ་བ་དང་བསྡུ་བའི་རིམ་པས་སེམས་ཅན་ཐམས་ཅད་ལ་དབུལ་བའི་སྡུག་བསྔལ་ཕྲོགས་ཏེ། ཡི་གེ་གསུམ་པོ་ཐིག་ལེ་ལ་འཇུག་པར་བྱ་སྟེ། ནམ་མཁའ་དང་མཚུངས་པའི་ཐིག་ལེ་ལ་སེམས་གཏད་དེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་བྱའོ་ཞེས་རིན་པོ་ཆེའི་བཟླས་པའོ། །དེ་བཞིན་དུ་ཡང་མྱུར་པའི་ཏིང་ངེ་འཛིན་གྱིས་དམ་ཚིག་སྒྲོལ་མ་དང་སྙོམས་པར་ཞུགས་པ་དོན་ཡོད་གྲུབ་པར་བདག་ཉིད་བསྒོམས་ཏེ། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་དགོད་དེ། འོད་ཟེར་སྤྲོ་བ་དང་བསྡུ་བའི་རིམ་པས་གཞལ་ཡས་ཁང་པ་དང་བཅས་པའི་དེ་བཞིན་གཤེགས་པ་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ལ་ཐོ་རངས་ཀྱི་སྐར་མ་ལྟ་བུའི་ཐིག་ལེ་ལ་ཡི་གེ་གསུམ་བསྡུས་ཏེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བྱ་བ་བྱས་པ་ཉིད་ཀྱིས་གནས་པར་བྱའོ་ཞེས་དོན་ཡོད་བཟླས་པའོ། །དེ་བཞིན་དུ་ཡང་མྱུར་བའི་ཏིང་ངེ་འཛིན་གྱིས་བདག་ཉིད་གཏི་མུག་རྡོ་རྗེར་སྙོམས་པར་ཞུགས་པར་བསམས་ཏེ། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་དགོད་དེ། ས་བོན་གཉིས་ཡི་གེ་ཨོཾ་ལ་འཇུག་པར་བྱ་སྟེ། དེའི་འོད་ཟེར་གྱིས་གཏི་མུག་གི་རིགས་ཅན་གྱི་སེམས་ཅན་ཐམས་ཅད་བཀུག་ལ་དེ་ཉིད་དུ་འཇུག་པར་བྱ་སྟེ། གཏི་མུག་རྣམ་པར་དག་པའི་གནས་སུ་སེམས་ཅན་འཇོག་པར་བྱའོ་ཞེས་ལྷག་པར་མོས་པས་གཏི་མུག་ཅེས་བྱ་བ་གཅིག་པ་དང་དུ་མ་མ་ཡིན་ཞེས་དཔྱོད་པས་གང་སེམས་རྩེ་གཅིག་པ་ཉིད་དེ་ནི་གཏི་མུག་གི་བཟླས་པའོ། །དེ་བཞིན་དུ་ཡང་མྱུར་བའི་ཏིང་ངེ་འཛིན་གྱིས་འདོད་ཆགས་རྡོ་རྗེར་བདག་ཉིད་སྙོམས་པར་ཞུགས་པར་བསྒོམས་ཏེ། སྤྱི་བོ་ལ་


DTG032_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་ཡི་གེ་གསུམ་དགོད་ཅིང་ས་བོན་གཉིས་གསུང་གི་ཡི་གེ་ལ་བསྡུས་ཏེ། དེའི་འོད་ཟེར་གྱིས་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་བཀུག་ཅིང་དེ་ཉིད་དུ་འཇུག་པར་བྱས་ལ། འདོད་ཆགས་རྣམ་པར་དག་པའི་གནས་སུ་དགོད་པར་བྱའོ་ཞེས་ལྷག་པར་མོས་པས་འདོད་ཆགས་ཞེས་བྱ་བ་གཅིག་པ་དང་དུ་མ་མ་ཡིན་ཞེས་སྤྱོད་པས་གང་སེམས་རྩེ་གཅིག་པ་དེ་ནི་འདོད་ཆགས་ཀྱི་བཟླས་པའོ། །དེ་བཞིན་དུ་མྱུར་བའི་ཏིང་ངེ་འཛིན་གྱིས་བདག་ཉིད་ཞེ་སྡང་རྡོ་རྗེར་སྙོམས་པར་ཞུགས་པར་བསྒོམས་ཏེ། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་དགོད་དེ་ས་བོན་གཉིས་ཧཱུཾ་ལ་འཇུག་པར་བྱས་ལ། དེའི་འོད་ཟེར་གྱིས་ཞེ་སྡང་གི་རིགས་ཅན་གྱི་སེམས་ཅན་བཀུག་ལ་དེ་ཉིད་དུ་འཇུག་པར་བྱ་སྟེ། ཞེ་སྡང་རྣམ་པར་དག་པའི་གནས་སུ་དགོད་པར་བྱ་ཞེས་ལྷག་པར་མོས་པས་ཞེ་སྡང་ཞེས་བྱ་བ་ནི་གཅིག་གམ་དུ་མར་མེད་ཅེས་དཔྱོད་པས་གང་སེམས་རྩེ་གཅིག་པ་དེ་ནི་ཞེ་སྡང་གི་བཟླས་པའོ། །དེ་བཞིན་དུ་ཡང་མྱུར་བའི་ཏིང་ངེ་འཛིན་གྱིས་རང་འདོད་པའི་ལྷ་གང་ཡང་རུང་བ་སྙོམས་པར་ཞུགས་པར་བདག་ཉིད་རྣམ་པར་བསྒོམས་ཏེ། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་པོ་བཀོད་པ་དེ་ལ་དམིགས་པས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་གིས་སྔགས་བརྗོད་པར་གྱུར་པ་འདི་ཉོན་ཅིག་ཅེས་ལྷག་པར་མོས་པས་དངོས་གྲུབ་འདོད་པའི་སྒྲུབ་པ་པོས་རང་ངམ་གཞན་གྱིས་ཐོས་པར་གྱུར་པ་ཁྲོ་བར་བརྗོད་པས་ན་ཁྲོ་བོའི་བཟླས་པའོ། །དེ་བཞིན་དུ་མྱུར་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་གང་ཡང་རུང་བ་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པར་བདག་ཉིད་བསམས་ཏེ། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་པོ་དགོད་ཅིང༌། ལྟེ་བར་རྩིབས་བརྒྱད་པ་ཁ་དོག་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་དེའི་ལྟེ་བར་དབྱངས་ཡིག་དང་པོ་མར་མེ་དང་འདྲ་བ་ལ་དམིགས་ཏེ། དེའི་འོད་ཟེར་སྤྲོ་བ་དང་བསྡུ་བའི་རིམ་པས་སེམས་ཅན་མ་ལུས་པའི་དོན་བྱས་ལ། སེམས་རྩེ་གཅིག་པར་གྱུར་པས་ཆ་དང་ཆའི་དབྱེ་བས་ཡི་གེ་གསུམ་པོ་སྐྱེ་བ་མེད་པའི་ཡི་གེ་ཨ་ལ་འཇུག་པར་བྱ་སྟེ། དེ་ཡང་རྩིབས་བརྒྱད་པའི་འཁོར་ལོ་ལ་ཐིམ་ཞིང་དེ་ཡང་ལྟེ་བའི་ནམ་མཁའ་ལ་དབྱེར་མེད་པར་


DTG032_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། རྣམ་པར་རྟོག་པའི་བག་ཆགས་རབ་ཏུ་ཞི་བ་སྒོ་ཐམས་ཅད་འགགས་པ་འགྲོ་བ་དང་འོང་བ་ལས་ངེས་པར་གྲོལ་བ་སྲོག་ལ་སོགས་པའི་རླུང་གི་འཁོར་ལོ་ཐམས་ཅད་རོ་གཅིག་པར་གྱུར་ན། དྲི་མ་མེད་པའི་མཐའ་ཡས་པའི་ནམ་མཁའ་དང་མཚུངས་པ་འོད་གསལ་བའི་དེ་ཁོ་ན་ཉིད་འབའ་ཞིག་ཏུ་རྣལ་འབྱོར་པས་གནས་པར་བྱའོ། །འདི་ནི་ཐབས་དང་ཤེས་རབ་རོ་གཅིག་པའི་བདག་ཉིད་བུད་མེད་དང་སྐྱེས་པའི་ཐ་སྙད་དང་བྲལ་བའི་མ་ནིང་གི་བཟླས་པར་བཤད་དོ་ཞེས་རྡོ་རྗེ་བཟླས་པ་རྣམ་པ་བཅུ་གཅིག་པའོ། །རྡོ་རྗེ་འཆང་ཆེན་པོའི་བཟླས་པ་ལ་ཡང་དབྱེ་བ་གཞན་བཤད་པར་བྱ་སྟེ། རེ་ཞིག་དང་པོ་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཉིད་བསམས་ཏེ། ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དག་ཏུ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་གྱི་དཀྱིལ་འཁོར་མྱུར་དུ་དགོད་དེ། དེ་རྣམས་ཀྱི་སྟེང་དུ་ཐུགས་ཀྱི་རྡོ་རྗེའི་ས་བོན་གྱི་ཆ་རེ་རེ་རྣམ་པར་བཀོད་ལ། འཇུག་པ་ལ་སོགས་པའི་རིམ་པས་ཇི་སྲིད་སེམས་རྩེ་གཅིག་པའི་བར་དུ་བསམ་པར་བྱའོ། །དེ་ལ་ཆ་དགོད་པའི་རིམ་པ་འདི་ཡིན་ཏེ། སྙིང་གའི་པདྨར་ཡི་གེ་མགོ་མེད་དེ་དཔེར་ན་ཧའོ། །ལྐོག་མའི་པདྨར་མགོ་བོ་སྟེ། དཔེར་ན་ཨའོ། །གསང་བའི་པདྨར་དབྱངས་ཏེ་དཔེར་ན་ཨུའོ། །ལྟེ་བའི་པདྨར་དབྱངས་ཀྱི་མཐའ་སྟེ་དཔེར་ན་དབྱངས་ཀྱི་མཐའོ། །ཇི་སྐད་དུ། ལྷ་མོ་བཞི་ཡིས་ཞུས་པ་ལས་ཀྱང༌། མགོ་མེད་སྙིང་གའི་པདྨར་གནས། །ཁ་ཡིག་པདྨར་མགོ་བོ་སྟེ། །གསང་བའི་པདྨར་དབྱངས་གནས་པ། །ལྟེ་བའི་པདྨར་དབྱངས་མཐའོ། །འདི་ཉིད་འགྲོ་དང་འོང་བ་ཡིས། །ཐིག་ལེ་རྣལ་འབྱོར་ལ་འཇུག་པའོ། །ཞེས་འབྱུང་ངོ༌། །རབ་ཏུ་བྱེད་པ་ལས་ཀྱང༌། །ཐབས་ཀྱི་དམ་པ་རབ་འཇུག་པའོ། །རྣལ་འབྱོར་དངོས་གྲུབ་རབ་སྟེར་བའི། །གསང་བའི་ཡི་གེ་བཤད་པར་བྱ། །གང་ཞིག་བསམས་པ་ཙམ་གྱིས་ནི། །རྣལ་འབྱོར་ཅན་ལ་མཆོག་སྟེར་འགྱུར། །དང་པོའི་ཡི་གེའི་སྦྱོར་བ་ཡིས། །རྟག་ཏུ་དབུགས་ནི་རྔུབ་པར་བྱེད། །བརྒྱད་པའི་མཐའ་དང་ཡང་དག་ལྡན། །ཡི་གེ་ཨུ་དང་ཐིག་ལེར་བཅས། །རྣལ་འབྱོར་བ་ཡིས་དབུགས་གཏོང་བྱེད། །འདི་ནི་ཅི་དགའི་བཟླས་


DTG032_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད། །རྡོ་རྗེ་བཟླས་པ་རྣམ་པ་བཅུ་གཅིག་པོ་འདིས་ཐ་མལ་པའི་ངག་གི་བརྗོད་པའི་རྣམ་པར་རྟོག་པ་བཟློག་པས་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ན། གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་རོ། །ཐ་མལ་པའི་ངག་ནི་རྣམ་པ་བཞི་སྟེ། མཚན་ཉིད་ཀྱི་ངག་དང༌། རྨི་ལམ་གྱི་ངག་དང༌། གནས་ངན་ལེན་པའི་མངོན་པར་ཞེན་པའི་ངག་དང༌། ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ངག་གོ །ཇི་སྐད་དུ། དེ་ལ་བློ་གྲོས་ཆེན་པོ་མཚན་ཉིད་ཀྱི་ངག་ནི་རང་གི་རྣམ་པར་རྟོག་པའི་གཟུགས་ཀྱི་མཚན་མ་ལ་མངོན་པར་ཞེན་པ་ལས་འབྱུང་བའོ། །བློ་གྲོས་ཆེན་པོ་རྨི་ལམ་གྱི་ངག་ནི་སྔར་མྱོང་བའི་ཡུལ་རྗེས་སུ་དྲན་པས་རྟོག་པའི་ཡུལ་མེད་བཞིན་དུ་འབྱུང་བའོ། །བློ་གྲོས་ཆེན་པོ་གནས་ངན་ལེན་པའི་མངོན་པར་ཞེན་པས་བྱུང་བའི་ངག་ནི་སེམས་ཅན་གྱི་སྔོན་བྱས་པའི་ལས་ཀྱི་དབང་ལས་འབྱུང་ངོ༌། །བློ་གྲོས་ཆེན་པོ་ཐོག་མ་མེད་པའི་དུས་ནས་རྣམ་པར་རྟོག་པའི་ཚིག་ནི་ཐོག་མ་མེད་པའི་སྤྲོས་པ་ལ་མངོན་པར་ཞེན་པའི་གནས་ངན་ལེན་གྱི་རང་གི་ས་བོན་གོམས་པ་ལས་བྱུང་བ་སྟེ། བློ་གྲོས་ཆེན་པོ་ངག་གི་རྣམ་པར་རྟོག་པའི་མཚན་ཉིད་བཞི་པོ་འདི་དག་གོ་ཞེས་མིའམ་ཅིའི་རྒྱལ་པོས་ཞུས་པ་ལས་བྱུང་ངོ༌། །དེ་བཟློག་པས་འཇིག་རྟེན་ལས་འདས་པའི་ངག་མངོན་དུ་གྱུར་པས་རྡོ་རྗེ་ལྟ་བུའི་ངག་རྫོགས་པར་གྱུར་པ་དང༌། བསྟོད་པ་དང་སྨད་པ་ལ་སོགས་པའི་ཚིག་གི་ཚོགས་ཐོས་ནས། ཡིད་བདེ་བ་དང་ཡིད་མི་བདེ་བར་མི་འགྱུར་རོ་ཞེས་རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ། །ངག་རྣམ་པར་དག་པའི་འོག་ཏུ་སེམས་རྣམ་པར་དག་པ་ལ་འབད་པར་བྱ་སྟེ། དེ་ལ་ཐབས་ནི་གཉིས་ཏེ། སྔགས་ཀྱི་རིམ་པ་དང༌། ཕྱག་རྒྱའི་རིམ་པའོ། །དེ་ལ་སྔགས་ཀྱི་རིམ་པ་ནི་འདི་ལྟར་རིག་པར་བྱ་སྟེ། དང་པོ་སེམས་ནི་རྣམ་པ་བརྒྱད་དེ་ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་དང༌། སྒོ་ལྔ་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་བརྒྱད་པོ་དེ་དག་མདོར་བསྡུས་པས་གསུམ་དུ་འགྱུར་ཏེ། རྣམ་པར་སྨིན་པའི་རྣམ་ཤེས་དང༌། །ཉོན་མོངས་པ་ཅན་གྱི་ཡིད་དང༌། །འཇུག་པའི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་གསུམ་པོ་དེས་ནི་སེམས་ཅན་གྱི་ཁམས་འཁོར་བའི་ས་རུ་འགྲོ་བ་དང༌། འོང་བ་དག་གིས་


DTG032_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་བྱེད་དོ། །ཇི་སྐད་དུ། དམྱལ་བ་ནས་ནི་ཡི་དགས་གནས་སུ་འགྲོ། །སླར་ཡང་ལྷ་ཡི་གནས་སུ་སྐྱེ་བར་འགྱུར། །ཞེས་འབྱུང་ངོ༌། །དེ་རྣམས་གནས་གྱུར་པ་ལས་འོད་གསལ་བའི་དེ་ཁོ་ན་ཉིད་སྔོན་དུ་བྱས་པས་ཐར་བར་འགྱུར་ཏེ། ཇི་སྐད་དུ། འདོད་ཆགས་ལ་སོགས་ཀྱིས་གོས་པའི། །སེམས་ཉིད་འཁོར་བར་བཤད་པ་སྟེ། །དེ་ལས་རྣམ་པར་དབེན་པ་ནི། །རྒྱལ་བས་མདོར་བསྡུས་ཐར་བ་གསུངས། །ཞེས་འབྱུང་ངོ༌། །རྣམ་པར་ཤེས་པ་གསུམ་པོ་དེའི་བརྡ་འདི་དག་ཡིན་ཏེ། སེམས་དང་ཡིད་དང་རྣམ་ཤེས་དང༌། སྣང་དང་སྣང་བ་མཆེད་པ་དང་སྣང་བ་འཐོབ་པ་དང༌། ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའོ། །ཟླ་བ་དང་ཉི་མ་དང་མུན་པའོ། །མཚན་མོ་དང་ཉིན་མོ་དང་མཚམས་དང་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ཞེས་བྱའོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ་ལ་གཉེན་པོ་ནི་སྟོང་པ་ཉིད་དང་སྣང་བའི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ལ་གཉེན་པོ་ནི་སྣང་བ་མཆེད་པ་དང་ཤིན་ཏུ་སྟོང་པའོ། །ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་ལ་གཉེན་པོ་ནི་སྣང་བ་ཐོབ་པ་དང་ཆེན་པོ་སྟོང་པའོ། །ཡེ་ཤེས་གསུམ་པོ་དེ་རོ་གཅིག་པར་བྱེད་པ་འོད་གསལ་བའི་ཡེ་ཤེས་ཐམས་ཅད་སྟོང་པའི་ངོ་བོའོ། །རྣམ་པར་ཤེས་པ་གསུམ་པོའི་རང་བཞིན་ནི་བརྒྱད་ཅུའོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པའི་རང་བཞིན་ཤེས་རབ་ཀྱི་ངོ་བོ་སྟེ་སུམ་ཅུ་རྩ་གསུམ་མོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རང་བཞིན་ནི་བཅུ་སྟེ། ཐབས་ཀྱི་རང་བཞིན་ནོ། །ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་བདུན་པོ་ནི་མ་རིག་པའི་ངོ་བོ་ཉིད་དོ། །དེ་རྣམས་ཁོ་ན་ཉིན་མོ་དང་མཚན་མོའི་དབྱེ་བས་བརྒྱ་དྲུག་ཅུར་འགྱུར་རོ། །དེ་རྣམས་སྤང་བར་བྱ་བའི་ཕྱིར་སྔགས་ཀྱི་རིམ་པ་བསྟན་པར་བྱ་སྟེ། དང་པོར་ལྟེ་བར་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་ལྟེ་བར་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཐིག་ལེས་བརྒྱན་པའི་དབྱངས་ཡིག་དང་པོ་དགོད་པར་བྱས་ལ། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་ལ་དམིགས་ཏེ་ཨའི་ཐིག་ལེ་ལས་བྱུང་བའི་འོད་ཟེར་དཀར་པོས་སྤྱི་བོ་ནས་ཡི་གེ་ཨོཾ་འཇུག་པའི་རྣམ་པར་ཤེས་པའི་ངོ་བོ་ཉིད་བཀུག་ཅིང་དེ་ཉིད་དུ་འཇུག་པར་བྱ་སྟེ།


DTG032_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡིད་རྩེ་གཅིག་པར་གནས་པར་བྱའོ། །དེའི་ཚེ་རང་བཞིན་སུམ་ཅུ་རྩ་གསུམ་དང་ལྡན་པའི་འཇུག་པའི་རྣམ་པར་ཤེས་པ་ལོག་པ་ལས་ཟླ་བའི་སྣང་པ་དང་འདྲ་བའི་སྣང་བའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་དེ་ཉིད་དུ་ཉི་མའི་དཀྱིལ་འཁོར་དང་རྡོ་རྗེའི་ཆང་ཟུངས་ཀྱི་ནང་ན་གནས་པའི་ཐིག་ལེ་གཉིས་ཀྱིས་བརྒྱན་པའི་དང་པོའི་དབྱངས་ཡིག་ཁ་དོག་དམར་པོ་རྣམ་པར་བསམས་ཏེ། དེ་ལས་བྱུང་བའི་འོད་ཟེར་དམར་པོ་མགྲིན་པ་ན་གནས་པའི་ཡི་གེ་ཨ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ཉིད་བཀུག་ལ་དེ་ཉིད་དུ་འཇུག་པར་བྱ་སྟེ། དེ་ཉིད་དུ་ཡིད་རྩེ་གཅིག་པར་གནས་པར་བྱའོ། །དེའི་ཚེ་རང་བཞིན་བཞི་བཅུ་དང་ལྡན་པའི་ཉོན་མོངས་པ་ཅན་གྱི་ཡིད་ལོག་པས་ཉི་མའི་སྣང་བ་དང་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེའི་རྗེས་ལ་ས་བོན་དང་པདྨ་དང་ཟླ་བ་དང་ཉི་མ་དང་རྡོ་རྗེའི་དམིགས་པ་སྤངས་ཏེ། འཁོར་ལོ་ལ་གནས་པའི་ཐིག་ལེ་ཙམ་ལ་བལྟས་ཏེ། དེ་ལས་བྱུང་བའི་མཚམས་ཀྱི་སྣང་བ་དང་མཚུངས་པའི་འོད་ཟེར་གྱི་སྙིང་ག་ན་གནས་པའི་ཐུགས་ཀྱི་རྡོ་རྗེའི་ས་བོན་བཀུག་ལ་དེ་ཉིད་དུ་འཇུག་པར་བྱ་སྟེ་དེ་ཉིད་དུ་ཡིད་རྩེ་གཅིག་པར་གནས་པར་བྱའོ། །དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་རང་བཞིན་བདུན་དང་ལྡན་པ་ལོག་པས་མཚམས་ཀྱི་སྣང་བ་དང་མཚུངས་པའི་སྣང་བ་ཐོབ་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ནས་ཀྱང་རིམ་གྱིས་ཐིག་ལེ་དང་འཁོར་ལོ་ལྟེ་བའི་མཁའ་ལ་ཐིམ་པས་རྟགས་ལྔའི་སྣང་བ་སྔོན་དུ་འགྲོ་བར་ལུས་ལ་སོགས་པའི་རྣམ་པར་རྟོག་པའི་བག་ཆགས་མ་ལུས་པ་ཟད་པས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འོད་གསལ་བའི་དེ་ཁོ་ན་ཉིད་སྐྱེ་བར་འགྱུར་རོ། །དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་དང་ཐམས་ཅད་སྟོང་པ་སྟེ། སྣང་བ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱི་རྣམ་གྲངས་སུ་ཤེས་པར་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་རང་བཞིན་གཅིག་པ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སྔགས་ཀྱི་རིམ་པས་སེམས་རྣམ་པར་དག་པའི་རིམ་པ་བསྟན་ཏོ། །ད་ནི་ཕྱག་རྒྱའི་རིམ་པ་བཤད་པར་བྱ་སྟེ། རེ་ཞིག་དང་པོ་རྣལ་འབྱོར་པས་མྱུར་བའི་ཏིང་ངེ་འཛིན་གྱིས་


DTG032_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བསྒོམས་ཏེ། སྨེ་ཤ་ཅན་ལ་སོགས་པའི་བུ་མོ་ལོ་བཅུ་གཉིས་པ་ལ་སོགས་པ་ན་སོ་དང་ལྡན་པའི་ཕྱག་རྒྱ་བླངས་ཏེ་དེ་ནི་མཱ་མ་ཀཱི་ལ་སོགས་པར་ལྷག་པར་མོས་ཏེ་མཆོག་གི་བསྙེན་པ་ལ་སོགས་པས་བདེ་བ་ཆེན་པོ་ཉེ་བར་མཚོན་པར་བྱ་བའི་ཕྱིར་དེ་དང་ལྷན་ཅིག་སྙོམས་པར་ཞུགས་པར་བྱའོ། །དེ་ལ་རྡོ་རྗེ་དང་པདྨ་བསྐྱོད་པ་ལ་འཇུག་པ་ཚངས་པའི་བུ་ག་ནས་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་གནས་སྐབས་སུ་སྣང་བའི་ཡེ་ཤེས་དང་རྣམ་པ་སྣ་ཚོགས་པའི་སྐད་ཅིག་དང༌། འདོད་ཆགས་དང་བྲལ་བ་ལ་སོགས་པའི་རང་བཞིན་རྣམས་དང༌། མཚན་མོ་དང་ཤེས་རབ་དང་ཟླ་བའི་སྣང་བ་ལྟ་བུ་དང་འཇུག་པའི་རྣམ་པར་ཤེས་པ་རང་གི་རང་བཞིན་དང་ལྡན་པ་རྣམས་འགོག་པར་འགྱུར་རོ། །ཡན་ལག་གི་ཚིགས་ཐམས་ཅད་ཁྱབ་པའི་དུས་སུ་སྣང་བ་མཆེད་པའི་ཡེ་ཤེས་དང༌། རྣམ་པར་སྨིན་པའི་སྐད་ཅིག་མ་དང༌། འདོད་ཆགས་དང་འདོད་ཆགས་ཀྱི་རང་བཞིན་དང་བཅས་པ་དང༌། ཉིན་མོ་དང་ཐབས་དང་ཉི་མའི་འོད་ཟེར་སྣང་བ་ལྟ་བུ་དང༌། ཉོན་མོངས་པ་ཅན་གྱི་ཡིད་རང་གི་རང་བཞིན་དང་བཅས་པ་འགོག་པར་འགྱུར་རོ། །དེའི་རྗེས་སུ་རྡོ་རྗེའི་ཆང་ཟུངས་སུ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གསུམ་གྱི་བདག་ཉིད་ཀྱི་སྐབས་སུ་སྣང་བ་ཐོབ་པའི་ཡེ་ཤེས་དང་རྣམ་པར་འཇོམས་པའི་སྐད་ཅིག་མ་དང༌། ཆགས་པ་བར་མ་རང་བཞིན་དང་བཅས་པ་དང༌། མཚམས་ཀྱི་དུས་དང༌། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་དང༌། མུན་པ་ལྟ་བུའི་སྣང་བ་དང༌། ཀུན་གཞི་རྣམ་པར་ཤེས་པ་རང་གི་རང་བཞིན་བདུན་དང་བཅས་པ་འགོག་པར་འགྱུར་རོ། །དེའི་རྗེས་སུ་རྡོ་རྗེའི་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཕྱིན་པའི་གནས་སྐབས་སུ་སྔ་མ་བཞིན་དུ་རྟགས་ལྔ་སྔོན་དུ་འགྲོ་བའི་ཐབས་དང་ཤེས་རབ་དང༌། ཉེ་བར་ཐོབ་པ་དང་བྲལ་བ། ཟླ་བ་དང་ཉི་མ་དང་མཚམས་ཀྱི་མུན་པའི་སྣང་བ་ལ་སོགས་པ་ཆགས་པ་དང་ཆགས་བྲལ་དང༌། ཆགས་པ་བར་མ་དང་བྲལ་ཞིང༌། །སྒོ་འགགས་པ་དང་འགྲོ་བ་དང་འོང་བ་དང་བྲལ་བ་སྣང་བ་ལ་སོགས་པའི་ཡེ་ཤེས་སྤངས་པ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་འོད་གསལ་བའི་ཡེ་ཤེས་རྣལ་འབྱོར་བས་མཐོང་བར་འགྱུར་རོ། །ཇི་སྐད་དུ། །དེ་ཉིད་ཡེ་ཤེས་གཉིས་མེད་དེ། །ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན། །


DTG032_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་ངོ༌། །རབ་ཏུ་བྱེད་པ་ལས་ཀྱང༌། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ན། །འདི་ཉིད་དུ་ནི་གསལ་བར་མཚོན། །ཞེས་འབྱུང་ངོ༌། །སེམས་རྣམ་པར་དག་པའི་རིམ་པ་འདིས་རྣལ་འབྱོར་པ་ས་བཅུ་པ་ལ་གནས་པར་འགྱུར་རོ། །རབ་ཏུ་བྱེད་པ་ལས་ཀྱང༌། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། སྣང་བ་གསུམ་པོ་མཐོང་བ་ནི། །ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་འབྱུང་ངོ༌། །ས་བཅུའི་དབང་ཕྱུག་རྣལ་འབྱོར་པས་ཡེ་ཤེས་ལ་དབང་ཐོབ་པའི་དབང་གིས་ཀུན་ལ་དབང་བྱེད་པར་འགྱུར་རོ་ཞེས་ཕྱག་རྒྱའི་རིམ་པས་སེམས་ལ་དམིགས་པ་ཐོབ་པའོ། །ད་ནི་ལུས་དང་ངག་དང་ཡིད་རྣམ་པར་དག་པས་དོན་དམ་པའི་བདེན་པ་ལ་འཇུག་པ་ཉིད་ཀྱིས་གཞན་གྱི་དོན་དང་བྲལ་བ་དང༌། ཆད་པར་ཐལ་བར་འགྱུར་བ་དང༌། སྔོན་གྱི་སྨོན་ལམ་གྱི་འབྲས་བུ་མེད་པ་དང༌། འགྲོ་བའི་དོན་མི་བྱེད་པས་ཉན་ཐོས་ཀྱི་བྱང་ཆུབ་བཞིན་དུ་རང་གི་དོན་ཙམ་ལ་ལྟ་བདེ་དག་བཟློག་པར་བྱ་བའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་ཡང་དག་པར་མཐོང་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་བདག་བྱིན་གྱིས་རློབ་པ་མྱུར་བའི་རྣམ་པས་ཡོངས་སུ་རྫོགས་པ་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱའི་གཟུགས་རིམ་པ་འདིས་བསྒོམ་པར་བྱའོ། །དེ་ལ་རྣལ་འབྱོར་གཉིས་ཏེ། མྱུར་བའི་རྣམ་པའི་རྣལ་འབྱོར་དང༌། སྣང་བ་ཐོབ་པ་ལ་སོགས་པའི་རྣལ་འབྱོར་རོ། །དེ་ལ་དང་པོ་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བ་ཐོབ་པ་གང་ཡིན་པ་དེ་ལས་མི་དམིགས་པའི་སྙིང་རྗེའི་དབང་གིས་འབད་པ་མེད་པར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཞལ་གསུམ་པ་ལ་སོགས་པ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གཞལ་ཡས་ཁང་པ་ལ་པདྨ་དང་ཟླ་བ་ལ་སོགས་པའི་གདན་ལ་བཞུགས་པ། དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེའི་བ་སྤུའི་ཁུང་བུ་ནས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་ཁམས་གསུམ་པ་རྣམས་ཀྱི་རེ་བ་སྐོང་བར་བྱེད་ལ། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་དུ་འདོད་པའི་དོན་སྟོབས་ཀྱིས་སྟེར་


DTG032_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་སར་ཞིང་སར་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པས་ནམ་མཁའི་དབྱིངས་མཐའ་མེད་པ་མ་ལུས་པ་ཁྱབ་པར་བྱེད་པ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་མྱུར་དུ་སྤྲོས་ཏེ། དེ་ཉིད་སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་ཡང་དག་པར་བལྟས་ཏེ། ཁམས་གསུམ་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུར་ཤེས་ནས་སྔགས་དང་ཕྱག་རྒྱ་ལ་སོགས་པའི་སྦྱོར་བ་དང༌། རབ་ཏུ་གནས་པ་དང༌། སྦྱིན་སྲེག་དང༌། དཀྱིལ་འཁོར་དང༌། བཟླས་པ་དང༌། སྐུ་ཁྲུས་དང༌། གཏོར་མ་དང༌། སྤྱན་དྲང་བ་དང༌། བཞུགས་སུ་གསོལ་བ་དང་། གཤེགས་སུ་གསོལ་བ་དང༌། རིམ་པ་གཉིས་བསྒོམ་པ་ལ་སོགས་པ་དང༌། ཕྲིན་ལས་ཐམས་ཅད་དང༌། དེ་བཞིན་དུ་ཡང་གར་དང་གླུ་དང་རོལ་མོ་དང༌། སྒེག་པ་ལ་སོགས་པ་ལོངས་སྤྱོད་པ་དང༌། ཇི་སྲིད་སྤྱོད་ལམ་བཞིའི་བར་དུ་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང༌། བྲག་ཅ་དང་སྨིག་རྒྱུ་དང༌། ཆུ་ཟླ་དང་མེ་ལོང་གི་གཟུགས་བརྙན་དང༌། ཆུ་ཤིང་དང་སེང་གེ་ཟླ་བའི་གྲོང་ཁྱེར་ལ་སོགས་པ་དང་འདྲ་བར་བལྟ་བར་བྱའོ། །ཏིང་ངེ་འཛིན་འདི་སྤྱོད་པར་གྱུར་པའི་རྣལ་འབྱོར་པས་རང་དང་གཞན་གྱི་དོན་ཐམས་ཅད་འབད་པ་མེད་པར་འགྲུབ་པར་འགྱུར་རོ།། བསྐལ་པ་དང་བསྐལ་པ་སྟོང་གི་བར་དུ་གནས་པར་འགྱུར་རོ་ཞེས་འདི་ནི་མྱུར་བའི་ཏིང་ངེ་འཛིན་གྱིས་བདག་བྱིན་གྱིས་རློབ་པའི་རིམ་པ་གཅིག་གོ །གཉིས་པ་ནི་རེ་ཞིག་དང་པོ་སྤྲིན་མེད་པའི་ནམ་མཁའ་འདྲ་བའི་འོད་གསལ་བ་ལ་དམིགས་ཏེ། དེ་ལས་མཚམས་ཀྱི་སྣང་བ་དང་འདྲ་བའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་གནས་པའི་ཐིག་ལེ་ལ་བལྟས་ཏེ། དེའི་རྗེས་སུ་ཉི་མ་དང་རྡོ་རྗེའི་སྟེང་དུ་ཨཿ་ཚེག་དྲག་ཅན་དམར་པོ་བསམས་ཏེ། དེའི་རྗེས་ལ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དང་བཅས་པ་དབྱངས་ཡིག་དང་པོ་དཀར་པོ་ལ་བལྟས་ཏེ། དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྔ་མ་བཞིན་དུ་ལྷའི་གཟུགས་ཡོངས་སུ་རྫོགས་པ་ཞེས་བྱ་བའི་སྣང་བ་ཐོབ་པ་ལ་སོགས་པའི་རིམ་པས་བདག་བྱིན་གྱིས་རློབ་པའོ། །གལ་ཏེ་ཡང་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྣམ་པ་ཡིན་ཡང༌། འོན་ཀྱང་སྒྱུ་མ་ལ་སོགས་པའི་དཔེ་རྣམས་ཀྱིས་ཉེ་བར་བརྒྱན་པས་ན་བསྐྱེད་པའི་རིམ་པ་ལས་


DTG032_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་གྱུར་པའོ། །གང་གི་ཕྱིར་བསྐྱེད་པའི་རིམ་པ་ལས་སྒྱུ་མ་ཉིད་དུ་མཐོང་བ་མེད་དོ། །ལྷའི་ང་རྒྱལ་ཁོ་ན་དེར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ལྷའི་ང་རྒྱལ་དང་སྒྱུ་མ་ལྟ་བུར་མཐོང་བ་དག་ནི་ཕན་ཚུན་འགལ་བ་ཡིན་ནོ། །དེ་བས་ན་ལྷའི་རྣལ་འབྱོར་རྣམ་པ་གཉིས་ཏེ། རྟོག་པ་དང་ཡོངས་སུ་རྫོགས་པའོ། །དེ་ལ་རྟོག་པའི་རྣལ་འབྱོར་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐྱེས་པ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པའི་སྤྱོད་ཡུལ་སྔགས་ཀྱི་སྐུའོ། །ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི་མྱུར་བའི་ཏིང་ངེ་འཛིན་གྱིས་རྫོགས་པའམ། སྣང་བ་ཐོབ་པ་ལ་སོགས་པའི་རིམ་པ་ལས་བསྐྱེད་པའི་ཡེ་ཤེས་ཀྱི་སྐུ་ཡིན་པས་ཁྱད་པར་ཡོད་པ་ཁོ་ནའོ་ཞེས་བདག་ལ་བྱིན་གྱིས་རློབ་པའོ། །ད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡང་རྣམ་པར་དག་པར་བྱ་བ་ཡིན་ཏེ། རྟོག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དོན་དམ་པའི་བདེན་པའི་ངོ་བོ་ཉིད་མངོན་པར་བྱང་ཆུབ་པའི་རིམ་པས་དེ་བཞིན་ཉིད་ཀྱིས་སྦྱང་བར་བྱ་བའི་ཕྱིར་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པར་བྱ་སྟེ། དེ་ལ་ཡང་རྣམ་པ་གཉིས་ཡིན་ཏེ། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་བྱེ་བྲག་གིས་སོ། །ཕྱག་རྒྱའི་རིམ་པ་ལ་རྣམ་པ་གཉིས་ཏེ། ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གི་མངོན་པར་བྱང་ཆུབ་པའོ། །ཏིང་ངེ་འཛིན་གྱི་མངོན་པར་བྱང་ཆུབ་པ་རྣམ་པ་གཉིས་ཏེ། རིལ་པོ་འཛིན་པ་དང༌། རྗེས་སུ་གཞིག་པའོ། །དེ་ལ་ཕྱག་རྒྱའི་རིམ་པ་བསྟན་པར་བྱ་སྟེ། དང་པོ་རེ་ཞིག་སྒྲུབ་པ་པོས་སློབ་དཔོན་དང་གསང་བའི་དབང་ཐོབ་པས་ཤེས་རབ་ཀྱི་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར་ཕྱི་དང་ནང་དང་གསང་བའི་མཆོད་པ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་མཆོད་པར་བྱ་སྟེ། དེ་ལ་ཕྱིའི་མཆོད་པ་ནི་མཆོད་པ་རྣམ་པ་ལྔའོ། །ནང་གི་མཆོད་པ་ནི་གོ་ཀུ་ད་ཧ་ན། མ་ར་བི་ཤ་མུ་ཞེས་བྱ་བའི་མཚན་ཉིད་དོ། །གསང་བའི་མཆོད་པ་ནི་ལོ་བཅུ་གཉིས་པ་གཟུགས་བཟང་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། དྲི་དང་མེ་ཏོག་གིས་ཉེ་བར་མཛེས་པའི་ལུས་ཅན་རྡོལ་བའི་རིགས་ཀྱི་བུ་མོ་དམ་ཚིག་དང་སྡོམ་པ་ལ་གནས་པ། ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་མ་རྡོ་རྗེ་སློབ་དཔོན་ལ་དབུལ་བར་བྱའོ། །


DTG032_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་སུ་དཀོན་མཆོག་གསུམ་ཚིམ་པར་བྱ་བའི་ཕྱིར་ཚོགས་ཀྱི་འཁོར་ལོའི་ནང་དུ་ཡང་དེ་མཆོད་པར་བྱའོ། །དེ་ལ་དང་པོ་རེ་ཞིག་ཉན་ཐོས་ཀྱི་རིགས་མ་གཏོགས་པ་དགེ་སློང་དང་དགེ་ཚུལ་དང་རྡོ་རྗེ་སློབ་དཔོན་དང་དགེ་བསྙེན་རྣམས་སྤྱན་དྲངས་ཏེ། དེ་རྣམས་ལ་གོ་རིམས་བཞིན་དུ་བརྟུལ་ཞུགས་ཀྱི་རྒན་གཞོན་གྱི་རིམ་པས་གདན་རྣམས་དབུལ་བར་བྱའོ། །དེ་ལ་རིམ་པ་གཅིག་ལ་དགེ་སློང་གི་ཚོགས་དགོད་པ་དང༌། གཉིས་པ་ལ་དགེ་ཚུལ་གྱི་ཚོགས་དང༌། གསུམ་པ་ལ་རྡོ་རྗེ་སློབ་དཔོན་གྱི་ཚོགས་དང༌། དགེ་བསྙེན་གྱི་ཚོགས་སོ། །གལ་ཏེ་དགེ་སློང་རྣམས་རྡོ་རྗེ་སློབ་དཔོན་དུ་གྱུར་ན་དེ་རྣམས་ཀྱི་མདུན་དུ་བརྟུལ་ཞུགས་ཅན་དང་བརྟུལ་ཞུགས་ཅན་མ་ཡིན་པ་རྣམས་དགོད་པར་བྱའོ། །གལ་ཏེ་དགེ་བསྙེན་རྡོ་རྗེ་སློབ་དཔོན་དུ་གྱུར་ན། དེའི་མདུན་དུ་དགེ་སློང་སློབ་མ་དང་སློབ་མ་མ་ཡིན་པ་རྣམས་དགོད་པར་བྱའོ། །རྣལ་འབྱོར་པའི་ཚོགས་རྣམས་ནི་རབ་ཏུ་བྱུང་བའམ། རབ་ཏུ་མ་བྱུང་བ་རྣམས་རྣམ་པ་ཐམས་ཅད་དུ་གོང་དུ་དགོད་པར་བྱའོ། །དགེ་སློང་ངམ་དགེ་ཚུལ་ལམ་དགེ་བསྙེན་ཡིན་ཡང་རུང་ལ། རྣལ་འབྱོར་པས་རྟགས་དང་ལྡན་པ་ཡིན་ན་ཚོགས་ཀྱི་བདག་པོར་བྱའོ། །ཐམས་ཅད་རིམ་པ་བཞིན་དུ་བཞུགས་པར་མཐོང་ནས་ལས་ཀྱི་རྡོ་རྗེ་མདུན་དུ་ཕྱིན་ཏེ་ཕྱག་འཚལ་བ་སྔོན་དུ་འགྲོ་བར་རྒན་གཞོན་གྱི་རིམ་པས་རེ་རེ་ལ་ཞབས་བསིལ་དབུལ་བར་བྱའོ། །དེའི་རྗེས་སུ་མཆོད་པ་རྣམ་པ་ལྔས་མཆོད་དེ་ལག་པ་གཡས་པས་བདུད་རྩི་ལྔས་བཀང་བའི་པདྨའི་སྣོད་བླངས་ཏེ། ལག་པ་གཡོན་པའི་སྲིན་ལག་དང་མཐེ་བོང་གིས་དེ་རྣམས་ཀྱི་མདུན་དུ་གྲུ་གསུམ་པ་ཆོས་འབྱུང་བའི་ཕྱག་རྒྱ་བྲི་བར་བྱའོ། །དེའི་ནང་དུ་ཐིག་ལེ་ཟླུམ་པོ་བྲིས་ཏེ། དེའི་ཡང་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་དག་བལྟ་བར་བྱའོ། །དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པའི་ཐུགས་ཀར་སེམས་དཔའ་གཉིས་པོ་སྣོད་དང་བཅུད་ཀྱི་ངོ་བོ་ཉིད་མ་ལུས་པར་བལྟ་བར་བྱའོ། །དེའི་ཤར་གྱི་ཟུར་གྱི་སྟེང་དུ་བདུད་རྩི་ལྔས་གང་བའི་སྣོད་དང༌། ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་ཧྲི་ཧཱུཾ་དག་གིས་བྱིན་གྱིས་བརླབས་པ་མྱོས་བྱེད་དང་སྦྱར་བའི་ཆང་གིས་བཀང་བའི་སྣོད་གཉིས་ནི་དབུས་ཀྱི་སྣོད་ཀྱི་ལོགས་གཉིས་སུ་གཞག་པར་བྱས་ལ། ནག་པོ་དང་དམར་པོ་དང་


DTG032_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་རས་ཀྱིས་ཁ་བཀབ་ལ་མེ་ཏོག་སྙིམ་པས་གཏོར་བར་བྱས་ཏེ། ཐུགས་རྡོ་རྗེ་ལ་སོགས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་བར་བྱའོ། །དེ་ནས་ཕྱག་བྱས་ཏེ་དབུས་ཀྱི་སྣོད་ལས་ཐིགས་པ་གསུམ་གསུམ་བླངས་ཏེ། གཡས་གཡོན་གྱི་སྣོད་དག་ཏུ་གཏོར་བར་བྱ་ཞིང་མྱོས་བྱེད་ཀྱི་སྣོད་དམ་ཆང་གི་སྣོད་བླངས་ལ་རྣལ་འབྱོར་པ་རྣམས་ལ་ལས་ཀྱི་རྡོ་རྗེས་དང་པོ་བསྙོད་པར་བྱའོ། །དེའི་རྗེས་སུ་དགེ་སློང་དང༌། དགེ་ཚུལ་དང་དགེ་བསྙེན་གྱི་ཚོགས་ལའོ། །གང་ལས་བཏུང་བ་བརྩམ་པ་ཐ་མར་དེ་ཉིད་ལ་བསྙོད་པར་བྱའོ། །དེ་ནས་རེ་རེའི་མདུན་དུ་ཚོད་མ་སྣ་ཚོགས་པ་དང༌། ཤ་སྣ་ཚོགས་པ་དང་རོ་དྲུག་དང་ལྡན་པའི་རྒྱལ་པོའི་སཱ་ལུ་ལ་སོགས་པས་བཀང་བའི་སྣོད་རྣམས་འབུལ་བས་ཚིམ་པར་བྱའོ། །ཕྱེད་ཟོས་པས་བཟའ་བཅའ་ཐམས་ཅད་སྣོད་གཅིག་ཏུ་བསྡུས་ཏེ་ཐམས་ཅད་ཀྱིས་གཅིག་ཏུ་བཟའ་བར་བྱའོ། །དེ་ནས་བཏུང་བའི་སྣོད་རྣམས་གཅིག་ཏུ་བསྲེས་ཏེ་བཏུང་བར་བྱའོ། །ལས་ཀྱི་རྡོ་རྗེས་ཀྱང་ཅང་ཏེའུ་ལ་ཡི་གེ་གསུམ་གྱིས་མཆོད་པར་བྱ་སྟེ། ལག་པ་གཡས་པས་བླངས་ལ་ཧཱུཾ་ཕཊ་ཅེས་བྱ་བའི་སྒྲ་སྒྲོགས་པར་བྱའོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གར་སྣ་ཚོགས་བྱའོ། །ཚོགས་ཀྱི་བདག་པོས་གར་བྱ་བ་དང༌། གཞན་མ་རྣམས་ཀྱིས་གླུ་ངང་རོལ་མོ་བྱའོ་ཞེས་ལ་ལ་འདོད་དོ། །ཐམས་ཅད་ཀྱིས་ཀྱང་གར་བྱའོ་ཞེས་ལ་ལ་འདོད་དོ། །དམ་པར་དགའ་བ་སྐྱེས་པ་ན་གར་བྱ་བ་ཡིན་གྱི། གཞན་དུ་ན་སེམས་རྩེ་གཅིག་པར་གནས་པར་བྱའོ། །ཚོགས་ཀྱི་འཁོར་ལོའི་ཕྱིན་གྱིས་རློབ་པའི་རྟགས་ནི་ངང་པ་དང་བུང་བ་དང་ཁྱུ་མཆོག་དང་འུག་པ་ལ་ཞོན་པའི་མཁའ་འགྲོ་མ་རྣམས་འོང་བར་གྱུར་པ་ན་དེ་རྣམས་ཀྱི་ལུས་ཀྱི་དྲི་སྒོག་སྐྱ་དང་ག་བུར་དང་པདྨ་དང༌། ཤའི་དྲི་བྲོ་བ་དང༌། ངང་པ་ལ་སོགས་པའི་སྒྲ་ཐོས་པས་སོ། །དེའི་ཚེ་དེ་རྣམས་ལ་ལྷག་མའི་གཏོར་མ་རྒྱས་པར་སྦྱིན་པར་བྱའོ། །ཚོགས་ཀྱི་ནང་དུ་རྩོད་པའམ་རྒོད་པའམ་རྟོག་པ་གང་གིས་བྱེད་པ་དེ་དེ་མ་ཐག་ཏུ་ཕྱི་རོལ་དུ་དབྱུང་བར་བྱའོ། །བཟོད་པར་གསོལ་བ་བྱེད་ན་མཆོད་པའི་ལས་བྱེད་དུ་བཞུགས་སོ། །དེ་ནས་ལག་པ་ལ་སོགས་པ་བཀྲུས་ལ་མེ་ཏོག་གི་གཅལ་བཀྲམ་པར་བྱ་སྟེ། སོ་རྩི་ཕུལ་ལ་ཡོན་རྣམ་པ་བཞི་པོས་མཉེས་པར་བྱ་སྟེ། གཤེགས་སུ་གསོལ་བས་ཚིགས་སུ་བཅད་པས་ཚོགས་ཀྱི་འཁོར་ལོ་གཤེགས་


DTG032_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ་ལོ། །ཨོཾ་ཀུ་རུ་ཀུ་རུ་བ་ཏྟ་ལེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ལྷག་མའི་གཏོར་མ་དུར་ཁྲོད་དུ་བསྐྱལ་བར་བྱའོ་ཞེས་ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པའོ། །དེ་ལྟ་བུའི་མཆོད་པ་རྡོ་རྗེ་སློབ་དཔོན་ལ་བྱས་པས་མཉེས་པར་གྱུར་པའི་སློབ་དཔོན་གྱིས་ཀྱང་སློབ་མས་ཕུལ་བའི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་ཏེ་ཕྱག་རྒྱ་དེ་ཉིད་དམ། ཕྱག་རྒྱ་གཞན་གྱིས་སློབ་མ་དེ་ལ་ཤེས་རབ་ཀྱི་དབང་བསྐུར་བར་བྱའོ། །དེ་ལ་སློབ་མ་རྡོ་རྗེ་སློབ་དཔོན་ལ་འདུད་ཅིང་ཚིགས་སུ་བཅད་པ་འདིས་བསྟོད་པར་བྱ་སྟེ། ཁམས་གསུམ་ལས་ནི་ངེས་སྒྲོལ་ཞིང༌། །མཁའ་དང་མཉམ་པ་ཉིད་གྱུར་པ། །ཁྱོད་ནི་འདོད་པས་མ་གོས་པས། །མི་དམིགས་ཁྱོད་ལ་ཕྱག་འཚལ་བསྟོད། །ཕུང་པོ་དང་ནི་ཁམས་རྣམས་དང༌། །སྐྱེ་མཆེད་རྣམས་ལ་མི་བརྟེན་པ། །ཕྱིན་ཅི་ལོག་ལས་ངེས་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ནམ་མཁའ་གཞི་མེད་ཅིང༌། །སྤྲོས་པ་མེད་ཅིང་སྣང་བ་མེད། །ཁྱོད་ཀྱི་ཐུགས་ནི་མཁའ་དང་མཚུངས། །མི་དམིགས་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་ནས་སླར་ཡང་མངོན་པར་བྱང་ཆུབ་པ་མཐོང་བར་འདོད་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གིས་གསོལ་བ་གདབ་པར་བྱ་སྟེ། མངོན་པར་བྱང་ཆུབ་མཐོང་བ་ནི། །མགོན་པོ་ཆེན་པོ་བདག་ལ་སྩོལ། །ལས་དང་སྐྱེ་བ་ལས་གྲོལ་ཞིང༌། །སྣང་བ་གསུམ་པོ་རྣམ་པར་སྤངས། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ལུས་ངག་ཡིད་ནི་དག་བྱེད་པ། །རྡོ་རྗེ་ཆེན་པོ་བདག་ལ་སྩོལ། །ཐོག་མ་ཐ་མ་མེད་ཞི་བ། །ཉོན་མོངས་ཐམས་ཅད་སྦྱོང་བྱེད་པ། །ཞེས་ཚིགས་སུ་བཅད་པས་མཉེས་པའི་སློབ་དཔོན་གྱིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་ཉིད་ཀྱི་ཕྱག་རྒྱ་རྡོ་རྗེ་འཆང་གི་རང་བཞིན་སློབ་མ་དེ་ལ་སྦྱིན་པར་བྱའོ། །དེ་ནས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དམ་ཚིག་གི་ཕྱག་རྒྱ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐྲ་གྲོལ་བ་གཅེར་བུར་གྱུར་ནས་ཁྲིའི་ཐོག་ཏུ་བཞུགས་ཏེ་སློབ་མ་བཀུག་ལ་འདི་ལྟར་དྲི་བར་བྱ་སྟེ། བཤང་གཅི་ལ་སོགས་བཟའ་བ་ནི། །རྡོ་རྗེ་ཅན་


DTG032_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཅི་ནུས་སམ། ཁྲག་དང་ཁུ་བ་ཤ་དག་དང༌། །བུད་མེད་རྣམས་ལ་དད་པ་དང༌། །བྷ་གའི་འོ་བྱེད་མི་རྟོག་གམ། །བུ་ཁྱོད་སྨྲོས་ཤིག་རྡོ་རྗེ་ཅན། །སློབ་མས་ཀྱང་འདི་ལྟར་བརྗོད་དེ། །ཤུ་ཀྲ་ཁྲག་སོགས་བཟའ་བ་ནི། །ལྷ་མོ་ཅི་ཕྱིར་བདག་མི་ནུས། །ར་གཏ་ཤུ་ཀྲ་ཤ་ཆེན་དང༌། །བུད་མེད་རྣམས་ལ་དད་དེ་བཞིན། །བྷ་གའི་པདྨར་ཙུམ་པ་ན། །ཐམས་ཅད་བདག་གི་ནུས་པ་ཉིད། །ཅེས་སློབ་མའི་ཚིག་ཐོས་ནས་ལག་པ་གཉིས་ཀྱིས་པདྨ་ཕྱེ་བར་བྱས་ཏེ། ནང་དུ་གནས་པའི་རྩའི་འཁོར་ལོ་བསྟན་པར་བྱེད་དེ། སྐྱེས་བུ་གསང་བའི་པདྨ་འདི་ལ་རེ་ཞིག་བལྟ་བར་གྱིས་ཤིག །གང་གི་ནང་དུ་རྩ་རྣམ་པ་ལྔ་པོ་འདི་དག་ནམ་མཁའ་ལྔའི་ངོ་བོ་ཉིད་དུ་གནས་སོ། །དེ་ལ་འདོད་པའི་གདུགས་ཞེས་བྱ་བའི་རྩ་དབུ་མ་འདི་ནི་ཆུ་རྒྱུ་བ་ཐུགས་ཀྱི་རྡོ་རྗེའི་ངོ་བོ་ཉིད་དུ་ཤེས་པར་བྱའོ། །འདི་ནི་གཡོན་པའི་རྩ་སྟེ་རི་བོང་འཛིན་མ་ཞེས་བྱ་བ་ཤུ་ཀྲ་རྒྱུ་བ་སྟེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་བདག་ཉིད་དུ་ཤེས་པར་བྱའོ། །གཡས་པའི་རྩ་འདི་ཡང་ཁྲག་རྒྱུ་བ་སྟེ་རུས་སྦལ་མོ་ཞེས་བྱ་བ་བཅོམ་ལྡན་འདས་རིན་འབྱུང་གི་ངོ་བོ་ཉིད་དུ་ཤེས་པར་བྱའོ། །དེ་བཞིན་དུ་མདུན་ན་གནས་པའི་རྩ་འདི་ཡང་ལྷ་སྦྱིན་མོ་ཞེས་བྱ་བ་དྲི་ཆེན་རྒྱུ་བ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དུ་ཤེས་པར་བྱའོ། །དེ་བཞིན་དུ་ནུབ་ཀྱི་ཆ་ལ་གནས་པ་ནོར་རྒྱལ་མོ་ཞེས་བྱ་བ་རྩ་འདི་ནི་ཤ་རྒྱུ་བ་སྟེ་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་རང་བཞིན་དུ་ཤེས་པར་བྱའོ། །ནམ་མཁའ་ལྔའི་བདག་ཉིད་དེ་རྩ་བའི་འཁོར་ལོའི་ཕྱི་རོལ་དུ་འདབ་མ་བརྒྱད་པའི་པདྨ་འདི་འོད་གསལ་བའི་རྡོ་རྗེ་འཆང་ཆེན་པོའི་གཞལ་ཡས་ཁང་ཡིན་པར་ཤེས་པར་བྱའོ། །ཇི་སྐད་དུ་རྡོ་རྗེ་བདུད་རྩི་ལས། བྷ་གའི་དབུས་སུ་ནམ་མཁའ་གང༌། །ནམ་མཁའ་ལྔ་པོ་རྣམ་པར་བརྒྱན། །ལྟེ་བ་ཟེ་འབྲུ་རྣམས་དང་ལྡན། །འདབ་མ་བརྒྱད་པོས་ཉེ་བར་མཛེས། །དེར་གནས་རྟག་ཏུ་ཟག་པ་ནི། །ཐིག་ལེ་བདུད་རྩིའི་ཚུལ་ཅན་ནོ། །ཞེས་འབྱུང་ངོ༌། །དེ་བཞིན་དུ་དེ་ཉིད་ལས་ཀྱང་གསུངས་ཏེ། བདུད་རྩི་རྒྱུ་བའི་རྩ་གང་ནི། །བྷ་གའི་གནས་སུ་རྣམ་པར་གནས། །སུམ་ཅུ་རྩ་གཉིས་རྩ་གཞན་དག །དེ་རྣམས་ཀྱི་ནི་གཙོ་བོ་ཡིན། །ཞེས་འབྱུང་ངོ༌། །གཞན་ཡང༌། ཀྱེ་མའོ་ངའི་པདྨ་


DTG032_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །ཆོ་ག་བཞིན་དུ་གང་བསྟེན་པ། །དེ་ཡི་མདུན་ན་བདག་གནས་སོ། །འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ནི་གྲོལ་བར་བྱེད། །བདེ་ཆེན་རྡོ་རྗེ་རྒྱལ་པོ་ཉིད། །དངོས་ཀུན་གྱིས་ནི་འདི་ལ་གནས། །ཞེས་སོ། །གཞན་ཡང་ནུ་མའི་སྣ་དང་པགས་པས་གཡོགས་པ་སོར་བཞི་པའི་ལྟེ་བ་འཇམ་པ་དེ་ཉིད་བུད་མེད་ཀྱི་དབང་པོའོ། །གང་གི་ཕྱིར་དེ་ལ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དེ་ཉིད་དུ་འདུས་པ་དེའི་ཕྱིར་བདེ་བ་ཆེན་པོའི་མཚན་ཉིད་ཅན་གསང་བ་འདུས་པ་ཞེས་བྱའོ། །དེ་ལྟར་གཏམ་དག་སྨྲས་ཏེ་ལྷ་མོ་ཅང་མི་སྨྲ་བར་གྱུར་ཏོ། །སློབ་མས་ཀྱང་དེའི་པདྨར་ལག་པ་གཡོན་པའི་སོར་མོ་ཕྱག་རྒྱར་བཅིངས་ཏེ་འཇུག་པར་བྱ་སྟེ། མིག་དང་ལྕགས་ཀྱུ་དང་སྣམ་བུ་དང་བ་དན་ནོ། །ཕྱག་རྒྱའི་སྦྱོར་བ་དེས་དེ་སྲིད་བསྐྱོད་པར་བྱ་བ་ནི་ཇི་སྲིད་མཁུར་ཚོས་དམར་བ་དང་བ་སྤུ་ལྡང་བ་དང༌། །དགའ་བ་དམ་པ་སྐྱེས་པའི་དམ་ཚིག་གི་ཕྱག་རྒྱ་སློབ་པའི་མགྲིན་པར་རང་ཉིད་ཀྱིས་འཁྱུད་པའི་བར་དུ་བྱའོ། །དེའི་རྗེས་སུ་རྡོ་རྗེ་མཁྲེགས་མོའི་སྟེང་དུ་ཉེ་བར་འདུས་སྟེ་མཆོག་གི་བསྙེན་པ་ལ་སོགས་པའི་རིམ་པ་ཡང་དག་པར་བཟླ་བར་བྱའོ། །དེ་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་སྦྱོར་བ་ནི་བསྙེན་པའོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ནི་ཉེ་བར་བསྒྲུབ་པའོ། །ས་བོན་གྱི་བྱིན་གྱིས་བརླབས་པའི་རྡོ་རྗེ་དང་པདྨས་བསྐྱོད་པ་ནི་སྒྲུབ་པའོ། །བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོའོ་ཞེས་མཆོག་གི་བསྙེན་པ་ལ་སོགས་པའོ། །རྒྱུད་ཕྱི་མ་ལས་ཀྱང༌། བསྒྲུབ་བྱ་སྒྲུབ་བྱེད་སྦྱོར་བ་ནི། །གང་ཕྱིར་བསྙེན་པར་བརྗོད་པ་སྟེ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཉེ་བར་སྒྲུབ་པ་ཞེས་སུ་བསྟན། །ཡི་གེ་ཧཱུཾ་དང་ཕཊ་ལྡན་པའི། །བསྐྱོད་པ་སྒྲུབ་པར་རབ་ཏུ་གྲགས། །རང་ཞི་རང་བདེ་རང་ངོ་བོ། །སྒྲུབ་པ་ཆེན་པོར་རབ་ཏུ་བཤད། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བའི་གོ་འཕང་ཆེ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་འབྱུང་ངོ༌། །གནས་སྐབས་དེ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། སྙོམས་པར་ཞུགས་པའི་སློབ་མ་མཐོང་ནས་རང་གི་སྙིང་ག་ནས་གཏི་མུག་དགའ་མ་ལ་སོགས་པ་བཞི་


DTG032_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་ཏེ་སློབ་མའི་ཁ་ལ་འཇུག་པར་བྱས་ལ། །གཏི་མུག་དང་ཞེ་སྡང་དང་འདོད་ཆགས་དང་ཕྲག་དོག་གི་རྒྱུན་རྣམས་ཀྱིས་སློབ་དཔོན་གྱིས་རིམ་པ་འདིས་དབང་བསྐུར་བར་བྱ་སྟེ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཕྱག་མཚན་གྱི་ས་བོན་གྱི་ཐིག་ལེ་ལས་འོད་ཟེར་གྱི་སྒོ་ནས་སངས་རྒྱས་སྤྱན་མ་དང་སྙོམས་པར་ཞུགས་པའི་རྣམ་པར་སྣང་མཛད་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་རྣམ་པར་སྤྲོ་ཞིང་སློབ་མའི་ཁ་ལ་འཇུག་པ་སྟེ། དེའི་ཡང་སྙིང་གར་ནམ་མཁའི་དབྱིངས་ནས་རྣམ་པར་སྣང་མཛད་ཀྱི་ཚོགས་འཇུག་པར་བྱས་ལ། །བདེ་བ་ཆེན་པོ་འབབ་པའི་དབང་གིས་ཞུ་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་གྱུར་པ་གཏི་མུག་གི་རྒྱུན་དེས་དབང་བསྐུར་བར་བྱའོ་ཞེས་གཏི་མུག་གི་རྒྱུན་གྱི་དབང་ངོ༌། །དེ་བཞིན་དུ་སྙིང་གའི་འོད་ཟེར་གྱིས་གོས་དཀར་མོ་དང་སྙོམས་པར་ཞུགས་པའི་སྣང་བ་མཐའ་ཡས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་རྣམ་པར་སྤྲོས་ཤིང༌། སློབ་མའི་ཁ་ལ་བཅུག་སྟེ། དེའི་ཡང་སྙིང་གར་སྣང་བ་མཐའ་ཡས་ཀྱི་ཚོགས་ནམ་མཁའི་དབྱིངས་ནས་བཀུག་ཅིང་བཅུག་ལ་བདེ་བ་ཆེན་པོ་འབབ་པའི་དབང་གིས་ཞུ་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་གྱུར་པ་འདོད་ཆགས་ཀྱི་རྒྱུན་དེས་དབང་བསྐུར་བར་བྱའོ་ཞེས་འདོད་ཆགས་ཀྱི་རྒྱུན་གྱི་དབང་ངོ༌། །དེ་བཞིན་དུ་སྙིང་གའི་འོད་ཟེར་གྱིས་མཱ་མ་ཀཱི་དང་སྙོམས་པར་ཞུགས་པའི་མི་བསྐྱོད་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་རྣམ་པར་སྤྲོ་ཞིང་སློབ་མའི་ཁ་ལ་བཅུག་སྟེ། དེའི་ཡང་སྙིང་གར་མི་བསྐྱོད་པའི་ཚོགས་ནམ་མཁའི་དབྱིངས་ནས་བཀུག་ཅིང་བཅུག་ལ་བདེ་བ་ཆེན་པོ་འབབ་པའི་དབང་གིས་ཞུ་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་གྱུར་པ་ཞེ་སྡང་གི་རྒྱུན་དེས་དབང་བསྐུར་བར་བྱའོ་ཞེས་ཞེ་སྡང་གི་རྒྱུན་ཀྱི་དབང་ངོ༌། །དེ་བཞིན་དུ་ཡང་སྙིང་གའི་འོད་ཟེར་གྱིས་དམ་ཚིག་སྒྲོལ་མ་དང་སྙོམས་པར་ཞུགས་པའི་དོན་ཡོད་གྲུབ་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་རྣམ་པར་སྤྲོས་ཞིང་སློབ་མའི་ཁ་ལ་བཅུག་སྟེ། དེའི་སྙིང་གར་དོན་ཡོད་གྲུབ་པའི་ཚོགས་ནམ་མཁའི་དབྱིངས་ནས་བཀུག་ཅིང་བཅུག་ལ་བདེ་བ་ཆེན་པོ་འབབ་པའི་དབང་གིས་ཞུ་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་གྱུར་པ་ཕྲག་དོག་གི་རྒྱུན་དེས་དབང་བསྐུར་བར་བྱའོ་ཞེས་ཕྲག་


DTG032_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དོག་གི་རྒྱུན་གྱི་དབང་ངོ༌། །དེ་ལྟར་དབང་བསྐུར་བ་བཞིས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཕུང་པོ་དང་ཁམས་རྒྱས་པར་བྱས་པ་ཞེས་འབྱུང་བ་རྒྱས་པ་སྔོན་དུ་འགྲོ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེའི་རྗེས་སུ་སློབ་མ་ལངས་ཏེ་ཐལ་མོ་སྦྱར་ཞིང་སློབ་དཔོན་གྱི་མདུན་དུ་འདུག་ནས་གསོལ་བ་འདེབས་པའི་སློབ་མ་ལ་མན་ངག་ག་དབང་བཞི་པ་འདི་བསྟན་པར་བྱ་སྟེ། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་དུས་སུ་ཚང་བའི་བུ་གནས་འཕོ་བའི་བྱང་ཆུབ་ཀྱི་སེམས་ལས་འབྱུང་བ་ཁྱོད་ཀྱིས་གང་མྱོང་བ་དེ་ནི་སྣང་བའི་ཡེ་ཤེས་དང་འདོད་ཆགས་དང་བྲལ་བ་དང༌། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་བདག་ཉིད་དང༌། དེ་ནས་བསྙེན་པ་དང་དགའ་བའི་རྣམ་གྲངས་ཅན་དུ་ཤེས་པར་གྱིས་ཤིག །དེའི་རྗེས་ལ་བྱང་ཆུབ་ཀྱི་སེམས་ཡན་ལག་ཐམས་ཅད་དུ་ཁྱབ་པ་ན་ཁྱོད་ཀྱིས་བདེ་བ་གང་མྱོང་བ་དེ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཏེ་རྣམ་པར་སྨིན་པའི་སྐད་ཅིག་མའི་བདག་ཉིད་ཅན་ཉེ་བར་སྒྲུབ་པ་དང༌། མཆོག་ཏུ་དགའ་བའི་ངོ་བོ་ཉིད་དུ་ཤེས་པར་གྱིས་ཤིག །དེའི་འོག་ཏུ་རྡོ་རྗེའི་ནང་དུ་སོན་པའི་བྱང་ཆུབ་ཀྱི་སེམས་ལས་ཁྱོད་ཀྱིས་བདེ་བ་གང་མྱོང་བ་དེ་ནི་སྣང་བ་ཐོབ་པའི་ཡེ་ཤེས་ཏེ་རྣམ་པར་འཇོམས་པའི་སྐད་ཅིག་མའི་བདག་ཉིད་ཅན་སྒྲུབ་པ་དང༌། འདོད་ཆགས་བར་བའི་ངོ་བོ་ཉིད་དུ་ཤེས་པར་གྱིས་ཤིག །དེ་ནས་ཡང་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་སྒོ་རྣམས་འགགས་པས་སེམས་ཀྱི་རྣམ་པར་རྟོག་པའི་ཚོགས་ཐིམ་ཞིང་རབ་ཏུ་ཞི་བའི་གནས་ལ་སོགས་པའི་ཚོགས་རོ་གཅིག་པར་གྱུར་པ་ཡེ་ཤེས་མཐོང་བ་གང་ཡིན་པ་དེ་ནི་སྣང་བ་ལ་སོགས་པ་གསུམ་དང་བྲལ་བ། འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་པར་སྤངས་པ་ཐབས་དང་ཤེས་རབ་གཉི་ག་ལས་འདས་པ་དེ་ནི་འོད་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་སྒྲུབ་པ་ཆེན་པོ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་བདེ་བ་ཆེན་པོར་ཤེས་པར་གྱིས་ཤིག །དེ་ལྟར་དྲི་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་ཤེས་པར་གྱིས་ཤིག །སྐྱེས་བུ་མཚན་མོ་ཡང་མ་ཡིན། ཉིན་མོ་ཡང་མ་ཡིན།


DTG032_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱང་མ་ཡིན་ཏེ། སྣང་བ་ཡང་མ་ཡིན། སྣང་བ་མཆེད་པ་ཡང་མ་ཡིན། སྣང་བ་ཐོབ་པ་ཡང་མ་ཡིན་པ། གཉིད་ལོག་པ་ཡང་མ་ཡིན་པ། སད་པ་ཡང་མ་ཡིན། ཆགས་པ་དང༌། ཆགས་པ་དང་བྲལ་བ་དང༌། ཆགས་པ་བར་མའི་རང་བཞིན་རྣམས་དང་བྲལ་བའི་འོད་གསལ་བའི་ཡེ་ཤེས་ལ་དུས་ཐམས་ཅད་དུ་གནས་པར་གྱིས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་ཐོབ་པའི་སློབ་མ་ཐལ་མོ་སྦྱར་བར་གྱུར་པས་དེ་ཁོ་ན་ཉིད་ཐོབ་པ་ལ་རྗེས་སུ་ཡི་རང་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་འདི་རྗོད་པར་བྱེད་དེ། ཨོཾ་དངོས་པོ་ཐམས་ཅད་ལས་འདས་ཤིང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་བྲལ། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་རྣམས་བདག་མེད་མཉམ་ཉིད་ཀྱིས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ངོ་བོ་ཡིན། །ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་ཀྱི་སྔགས་འདི་བརྗོད་ཅིང༌། བླ་མའི་ཞབས་ཀྱི་རྩ་བར་སྙིམ་པའི་མེ་ཏོག་དབུལ་བར་བྱའོ་ཞེས་འདི་ནི་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེའི་དཔེ་ནི་ཉིན་མོ་སྣང་བ་མཆེད་པའི་ཡེ་ཤེས་སོ། །མཚན་མོ་ནི་སྣང་བའི་ཡེ་ཤེས་སོ། །ནུབ་ཀྱི་དུས་ཀྱི་མཚམས་ནི་སྣང་བ་ཐོབ་པའི་ཡེ་ཤེས་སོ། །སྐྱ་རེངས་ཀྱི་དུས་སུ་བཞི་པ་འོད་གསལ་བའི་ཡེ་ཤེས་ཏེ་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པའོ། །རིམ་པ་འདིས་ཀྱང་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པ་ཡིན་ཏེ། དཔེར་ན། སྨིག་རྒྱུ་དང༌། དུ་བ་དང༌། མཁའ་སྣང་དང༌། མར་མེ་དང༌། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་རྟགས་རྣམ་བ་ལྔའོ། །ཇི་སྐད་དུ། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ལས། དང་པོ་ས་ནི་ཆུར་ཐིམ་ཞིང༌།། ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་གི་རྗེས་འགྲོ་ཞིང༌། །རླུང་ནི་ནམ་མཁར་ཡང་དག་འཇུག །ནམ་མཁའ་འཛིན་པ་དེ་ཉིད་དེ། །ཡེ་ཤེས་གསུམ་པོ་རྣམ་སྤངས་པའོ། །ཞེས་འབྱུང་ངོ༌། །ཡང་ན་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོའི་སྒོ་ནས་ནི་ནང་གི་མངོན་པར་བྱང་ཆུབ་པར་ཤེས་པར་བྱའོ། །རིམ་པ་དེ་དག་གིས་དེ་ཁོ་ན་ཉིད་རྟོགས་པའི་རྣམ་འབྱོར་པས་བརྟན་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་རྣམ་པ་གཉིས་ཀྱིས་ཀྱང་དེ་བཞིན་ཉིད་ལ་འདུན་པར་བྱའོ། །དེ་ལ་ལྟེ་བའི་ཕྱོགས་སུ་རྩིབས་བརྒྱད་པའི་ཆོས་


DTG032_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་མེའི་འོད་འཕྲོ་བའི་ཡི་གེ་རཾ་འབར་བ་བསྒོམས་ཏེ། དེའི་སྣང་བས་སྤྱི་བོ་ནས་ལུས་མ་ལུས་པ་ལ་ཁྱབ་པར་བྱ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་འོད་གསལ་བར་གནས་པར་བྱའོ་ཞེས་རིལ་པོར་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་དུ་ཡང་བརྟན་པ་དང་གཡོ་བའི་རང་བཞིན་ཁམས་གསུམ་པོ་དང་པོ་འོད་གསལ་བར་བྱ་སྟེ། ཕྱིས་དེ་བཞིན་དུ་བདག་ཉིད་ལ་བྱ་བ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་གཉིས་ཀྱི་དཔེ་ནི་ཇི་སྐད་དུ། །ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་ལ་ཟླ་བ་གནས་པ་ལྟར། །དེ་བཞིན་དེ་ལ་རྗེས་སུ་འཇིག་བར་བྱེད་པ་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་དབུགས་རླུང་རིམ་གྱིས་ཟད་འགྱུར་དེ་བཞིན་ཡང་དག་བལྟ། །རིལ་པོར་འཛིན་པའི་རིམ་པ་འདི་ཡང་རྣལ་འབྱོར་པ་ཡིས་རྟག་ཏུ་བརྟག །ཅེས་འབྱུང་ངོ༌། །མངོན་པར་བྱང་ཆུབ་པའི་རིམ་པས་འདིས་ཡེ་ཤེས་ལྔའི་ངོ་བོ་ཉིད་རྣམ་པར་རྟོག་པ་མ་ལུས་པ་རིང་དུ་སྤངས་པ་མཆོག་ཏུ་དགའ་བའི་རང་བཞིན་རྣལ་འབྱོར་པ་གསོན་བཞིན་གྲོལ་བར་གནས་པར་བྱའོ་ཞེས་མངོན་པར་བྱང་ཆུབ་པའི་རིམ་པའོ། །ད་ནི་ཟུང་དུ་འཇུག་པའི་རིམ་པ་བསྟན་པར་བྱ་སྟེ། དེ་ཡང་གཉིས་སོ། །རྒྱུའི་ཟུང་དུ་འཇུག་པ་དང༌། འབྲས་བུའི་ཟུང་དུ་འཇུག་པའོ། །རྒྱུའི་ཟུང་དུ་འཇུག་པ་ལ་རྣམ་པ་བཞི་སྟེ། ཉན་ཐོས་དང༌། རང་སངས་རྒྱས་དང༌། དབུ་མ་དང༌། སྔགས་ཀྱི་ལྟ་བའི་བྱེ་བྲག་གིས་སོ། །དེ་ལ་རིམ་པ་བཞི་པོ་འོད་གསལ་བ་ཐོབ་ནས་དེའི་རྗེས་སུ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་དཔལ་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོ་རྣམ་བ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སེམས་ཅན་མ་ལུས་པའི་དོན་བྱེད་པ་མྱུར་དུ་སྤྲོས་ཏེ་གཉིས་པ་ཐམས་ཅད་ཀྱི་སྣང་བ་དང་བྲལ་ཞིང༌། བླ་ན་མེད་པའི་སྐུ་ཐོབ་པར་འགྱུར་ཞེས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་མདོར་བསྡུས་པའོ། །དེ་ལ་ནི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གཉིས་ཀྱི་རྣམ་པར་རྟོག་པ་དང༌། གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་ཉིད་དང༌། འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་དང་འགོག་པའི་སྙོམས་པར་ཞུགས་པ་དང༌། རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པ་དང༌། རྟག་པ་དང་ཆད་པ་དང༌།


DTG032_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་དང༌། དོན་དམ་པ་དང༌། རྟག་པ་དང༌། མི་རྟག་པ་དང༌། གཙང་བ་དང་མི་གཙང་བ་དང༌། ཡོད་པ་དང་མེད་པ་དང༌། དངོས་པོ་དང་དངོས་པོ་མེད་པ་དང༌། སྔགས་ཀྱི་སྐུ་དང༌། ཡེ་ཤེས་ཀྱི་སྐུ་དང༌། བསྐྱེད་པ་དང༌། རྫོགས་པ་དང༌། རྟོག་པའི་རྣལ་འབྱོར་དང༌། ཡོངས་སུ་རྫོགས་པ་དང༌། སྟོང་པ་ཉིད་དང་སྙིང་རྗེ་དང༌། ཐབས་དང་ཤེས་རབ་ལ་སོགས་པའི་གཉིས་པར་འཛིན་པའི་བག་ཆགས་ཐམས་ཅད་མེད་པས་བཅུ་གཉིས་པ་ཀུན་ཏུ་འོད་ཅེས་བྱ་བ་ལ་གནས་པའོ། །དེ་བས་ན་དེ་ལས་ལྡང་བའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་གནས་པ་ས་བཅུ་གསུམ་པ་ཐོབ་པ་ཡོངས་སུ་རྫོགས་པའི་སྤྱོད་པ་ཟུང་དུ་འཇུག་པའི་ངོ་བོ་ཉིད་དོ། །དཔེར་ན་བྲམ་ཟེ་དང་གདོལ་པ་དང༌། སྨད་འཚོད་མ་དང༌། བུ་མོ་དང་ཆུང་མ་དང༌། ག་བུར་དང༌། བཤང་བ་དང༌། དྲག་པོ་དང༌། རྡོ་རྗེ་འཆང་བ་དང༌། མཐོ་རིས་དང་ངན་སོང་དང༌། བདེ་བ་དང་སྡུག་བསྔལ་བ་དང༌། གྲགས་པ་དང་གྲགས་པ་མ་ཡིན་པ་དང༌། རྙེད་པ་དང་རྙེད་པ་མ་ཡིན་པ་དང༌། བསྟོད་པ་དང་སྨད་པ་ལ་སོགས་པ་དང་བྲལ་བ། རྗེས་སུ་དྲན་པ་དང་མ་འདྲེས་པའི་ཆོས་དང་ལྡན་པ། སངས་རྒྱས་ཀྱི་སྐུ་འཛིན་པ། སངས་རྒྱས་ཀྱི་ཞིང་གཅིག་ནས་གཅིག་ཏུ་སེམས་ཅན་གྱི་དོན་མཛད་པ་ལ་བརྩོན་པ་དཔལ་བདེ་བ་ཆེན་པོའི་རྣམ་གྲངས་ཅན་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་རོ། །དེ་ལྟ་ན་གལ་ཏེ་འབྲས་བུ་དེ་ཡིན་ན་རྒྱུ་ཉིད་དུ་ཇི་ལྟར་འགྱུར་ཏེ། གང་གི་ཕྱིར་རིམ་པ་བཞི་པོ་ནི་ཐབས་ཏེ་རྒྱུའོ། །ལྔ་པ་ནི་མི་སློབ་པའི་ངོ་བོ་ཉིད་འབྲས་བུའོ། །དེ་ཅིའི་ཕྱིར་གཅིག་ལ་རྒྱུ་ཉིད་དང་འབྲས་བུ་ཉིད་འཐད་ཅེ་ན། སྨྲས་པ་རོ་གཅིག་པའི་ཟུང་དུ་འཇུག་པ་ལ་བློས་བརྟགས་པའི་རྒྱུ་དང་འབྲས་བུའི་ཐ་སྙད་ཡིན་གྱི་དམ་པའི་དོན་དུ་ནི་མ་ཡིན་ནོ། །དེ་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་ལ་རྒྱུ་དང་འབྲས་བུའི་བྱེ་བྲག་ཏུ་གནས་པའི་དངོས་པོ་ཐམས་ཅད་ངོ་བོ་གཅིག་ཁོ་ན་ཡིན་གྱི་བྱེ་བྲག་ཏུ་དེ་ལ་དེ་རྣམས་སྣང་བ་མ་ཡིན་ནོ། །བདག་ཅག་ལྟ་བུ་གཞལ་བར་བྱེད་པ་རྣམས་ཀྱིས་དེ་ལྟར་འདོད་པ་ལ་སྐྱོན་མེད་དོ། །ཡང་ན་སྲིད་པ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་ཕན་ཚུན་བྱེ་བྲག་ཏུ་རབ་ཏུ་འཇུག་པ་དེ་རྣམས་ཁོ་ན་རོ་གཅིག་པར་ཤེས་པས་ཏིང་ངེ་འཛིན་མངོན་དུ་འགྱུར་ཞེས་རྒྱུ་དང་


DTG032_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་བྱེ་བྲག་འདི་ནི་བརྟགས་པ་ཡིན་པས་གནོད་པ་གང་ཡང་མེད་དོ། །དེ་ལྟ་ན་གལ་ཏེ་ཏིང་ངེ་འཛིན་འདི་ཡིན་ན། ཇི་ལྟར་ལྡང་བར་འགྱུར་ཏེ། ལྡང་བ་མེད་ན་དེའི་ཚེ་སེམས་ཅན་གྱི་དོན་མེད་ཅེས་ཕན་ཚུན་འགལ་བ་ཐོབ་པར་འགྱུར་ཞེ་ན། སྨྲས་པ་ལྡང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཉམས་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་ཏིང་ངེ་འཛིན་ལ་ཞུགས་པ་ཉིད་ཀྱིས་འགྲོ་བའི་དོན་མཛད་པའོ། །གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ལམ་རྣམ་པ་བཞི་སྟེ། སྤྱོད་ལམ་གྱི་བཞུགས་པ་དང༌། བསྟན་པའི་བཞུགས་པ་དང༌། ཏིང་ངེ་འཛིན་གྱི་བཞུགས་པ་དང༌། སོ་སོར་ཡང་དག་པའི་འཇུག་པའི་བཞུགས་པའོ། །དེ་ལ་སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་རྟག་ཏུ་མཉམ་པར་གཞག་པ་གང་ཡིན་པ་དེ་ནི་སྤྱོད་ལམ་གྱི་བཞུགས་པའོ། །གང་གསུང་གི་ཕྲིན་ལས་རྟག་ཏུ་མཉམ་པར་གཞག་པ་གང་ཡིན་པ་དེ་ནི་བསྟན་པའི་བཞུགས་པའོ། །གང་ཐུགས་ཀྱི་ཕྲིན་ལས་རྟག་ཏུ་མཉམ་པར་གཞག་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་གྱི་བཞུགས་པའོ། །གང་སངས་རྒྱས་རྣམས་ཀྱིས་མཐོང་བའི་ཆོས་ཀྱི་བདེ་བའི་བཞུགས་པ་དང༌། ལྷ་ལ་སོགས་པའི་གནས་སུ་ཉེ་བར་གཤེགས་པ་ལ་ཐུགས་ཀྱི་ཕྲིན་ལས་རྟག་ཏུ་མཉམ་པར་གཞག་པ་གང་ཡིན་པ་དེ་ནི་སོ་སོར་ཡང་དག་པར་འཇུག་པའི་བཞུགས་པའོ། །མཉམ་པར་གཞག་པའི་སྤྱོད་པ་ནི་བཞུགས་པ་སྟེ་གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྟག་ཏུ་མཉམ་པར་གཞག་པས་སོ། །དེ་ལྟར་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་ལས་ལྡང་ཡང་རུང་མི་ལྡང་ཡང་རུང་ཁྱད་པར་གང་ཡང་མེད་དེ་ཞེས་ཏིང་ངེ་འཛིན་ཁོ་ན་ཡིན་ཏེ། ཏིང་ངེ་འཛིན་མ་ཡིན་པ་ལས་ལོག་པའི་ཕྱིར་རོ། །གལ་ཏེ་ཕྱོགས་གཉིས་ཀ་ལ་མཚུངས་པ་ཡིན་ན་དེ་ཅིའི་ཕྱིར་རྣམ་པར་མི་རྟོག་པར་གྱུར་ནས་ཀྱང་སེམས་ཅན་གྱི་དོན་བྱེད་ཅེ་ན། སྨྲས་པ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་གྱི་རྣམ་པར་རྟོག་པས་ནི་མ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཡང་དེ་ཕྲད་པ་ཙམ་གྱིས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་བཞིན་ནོ། །ཇི་སྐད་དུ། དེ་ནི་ཕྲད་པ་ཙམ་གྱིས་ནི། །སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར།།


DTG032_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་ལ་སོགས་རྣམས་ལས་ཀྱང༌། །ཇི་འདོད་བསྟན་པ་རྣམས་ནི་འབྱུང༌། །ཞེས་འབྱུང་ངོ༌། །དེ་བས་ན་སངས་རྒྱས་ཀྱི་ས་ལ་ཉོན་མོངས་པའི་དྲ་བ་ཟད་ནས་ཀྱང་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་དབང་གིས་སྐུར་བྱུང་བ་དང་སེམས་ཅན་གྱི་དོན་ཡང་འབྱུང་སྟེ། རྫ་མཁན་གྱི་འཁོར་ལོ་བཞིན་ནོ། །ཇི་སྐད་དུ། སྐྱོན་རྣམས་སྐྱེད་བྱེད་འཇིག་ཚོགས་ལྟ་བུའི་བུད་ཤིང་སྲེག་བྱེད་གང༌། །རང་གཞན་བྱེ་བྲག་ཡུལ་རྣམས་རྩ་ནས་འདོན་བྱེད་དེ་རྣམས་སྐྱོན་མེད་དེ། །སྐྱོན་མེད་པ་ཡང་ཐུགས་རྗེས་སྒྱུ་མའི་སྐྱེས་བུ་ལས་ལ་འཇུག །བློ་བཟང་སྔོན་གྱི་སྨོན་ལམ་དབང་གིས་འཁོར་ལོ་འཁོར་བཞིན་གནས།། ཞེས་འབྱུང་ངོ༌། །ཀམ་པ་ལའི་ཞལ་སྔ་ནས་ཀྱིས་ཀྱང་གསུངས་ཏེ། མི་ཤིགས་ཁྱོད་ཀྱིས་མངོན་པར་བྱང་ཆུབ་ཐོབ་ནས་ནི། །གང་ཚེ་མི་ཤིགས་ཉིད་ཀྱང་ཡི་གེར་གསུངས་པ་ནི། །དེ་ཚེ་རིང་དུ་ཉམས་པ་རྣམས་ཀྱི་ཇི་ལྟར་ནི། །ལྕགས་ཀྱུ་མེད་པ་རྣམས་ཀྱིས་ལོག་པའི་རྩོལ་བ་བྱེད། །ཅེས་འབྱུང་ངོ༌། །ཟུང་དུ་འཇུག་པའི་རིམ་པའི་ཏིང་ངེ་འཛིན་ཏེ་རྫོགས་པའི་རིམ་པའོ། །དེ་ལྟར་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་ཡན་ལག་དང་དབྱེ་བར་བཅས་པ་ནི་རབ་ཏུ་བསྟན་ཏོ། །འགྲེལ་པ་མ་ལུས་པའི་དོན་དེ་ཉིད་ལ་བརྟེན་ཏེ་སློབ་དཔོན་ཟླ་བ་གྲགས་པས་འགྲེལ་པ་ལས་དོན་བསྟན་ཏོ། །དེ་བརྩམ་པ་ལ་དང་པོ་རྣམ་པ་གསུམ་ཡིན་ཏེ། བྱ་བ་དང་བྱ་བའི་འབྲས་བུ་དང༌། བྱ་བའི་འབྲས་བུའི་འབྲས་བུའོ། །དེ་ལ་རྡོ་རྗེ་ཕྲེང་བ་དང༌། ལྷ་མོ་བཞིས་ཡོངས་སུ་ཞུས་པ་དང༌། དགོངས་པ་ལུང་བསྟན་པ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣལ་འབྱོར་གྱི་རྒྱུད་ཆེན་པོའི་བཤད་པའི་རྒྱུད་བཞི་པོ་ལས་ཡང་དག་པར་བཏུས་ཏེ། དཔལ་གསང་བ་འདུས་པའི་འགྲེལ་པ་བྱེད་པ་གང་ཡིན་པ་དེ་བྱའོ། །བཤད་པའི་རྒྱུད་རྒྱས་པ་རྣམས་ལས་བློ་དམན་པ་རྣམས་ཀྱིས་དོན་གཟུང་བར་མི་ནུས་ཏེ། དེ་རྣམས་ཀྱིས་བདེ་བླག་ཏུ་གོ་བ་ནི་བྱ་བའི་འབྲས་བུའོ། །བདེ་བླག་ཏུ་གོ་བས་ཕན་ཚུན་སློབ་དཔོན་དང་སློབ་མ་དག་གི་འཆད་པ་པོ་དང་ཉན་པ་པོའི་འབྲེལ་པ་དང་བསྙེན་བཀུར་བྱེད་པ་དང༌། བསྙེན་བཀུར་བྱ་བ་དང༌། ཐོས་པ་དང་བསམ་པ་དང་བསྒོམ་པས་རྟོགས་པས་ཟབ་ཅིང་རྒྱ་ཆེ་བ་བླ་ན་མེད་པས་སེམས་ཅན་མ་ལུས་པ་ལ་རྗེས་སུ་གཟུང་བར་བྱེད་པ་དཔལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ནི་བྱ་བའི་འབྲས་བུའི་འབྲས་བུའོ།།


DTG032_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོད་པས་ཉན་པ་པོ་འཇུག་པར་འགྱུར་རོ། །དེ་བཞིན་དུ་གཞན་ཡང་བརྗོད་པ་ལ་སོགས་པ་རྣམ་པ་ལྔ་བོ་ཉན་པ་པོ་འཇུག་པར་བྱ་བའི་ཕྱིར་སྨྲ་བར་བྱ་སྟེ། རྗོད་པ་དང་བརྗོད་པར་བྱ་བ་དང༌། འབྲེལ་པ་དང༌། དགོས་པ་དང༌། དགོས་པའི་དགོས་པའོ། །དེ་ལ་རྗོད་པར་བྱེད་པ་འགྲེལ་པའི་མིང་ནི་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའོ། །དཔལ་གསང་བ་འདུས་པའི་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ཐོས་པ་ཆུང་བའི་སློབ་དཔོན་གྱིས་བཤད་པའི་མུན་པས་ཁེབས་པའི་རྡོ་རྗེའི་ཚིག་རྣམས་སྒྲོན་མ་ལྟར་གསལ་བར་བྱེད་ཅིང་ཇི་ལྟ་བ་བཞིན་དུ་མངོན་པར་གསལ་བར་བྱེད་པས་ན་སྒྲོན་མ་གསལ་བའོ། །མཐའ་དྲུག་ཅེས་བྱ་བ་ནི་དེ་ཉིད་ཀྱི་དོན་གྱི་སྒོ་ནས་མིང་ཡིན་ཏེ། བརྗོད་པར་བྱ་བ་དྲུག་དུ་བསྟན་པའི་ཕྱིར་རྗོད་པར་བྱེད་པའོ། །བརྗོད་པར་བྱ་བ་ནི་སྔོན་དུ་བཤད་པའི་རིམ་པ་གཉིས་ཏེ། དེ་ལ་ཡང་དང་པོ་ལ་རྣམ་བ་གསུམ་སྟེ། ལུས་རྣམ་པར་དབེན་པའི་བར་དུའོ། །གཉིས་པ་ནི་རྣམ་པ་ལྔ་སྟེ་ངག་རྣམ་པར་དབེན་པ་ནས་བརྩམས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་བར་དུའོ་ཞེས་བརྗོད་པར་བྱའོ། །འབྲེལ་པ་ཞེས་བྱ་བ་ནི་སྒྲ་དང་དོན་དག་གིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དམ། །རྒྱུ་དང་འབྲས་བུའི་ཚུལ་ལམ། རྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ངེས་པར་ཤེས་པར་བྱའོ། །གལ་ཏེ་སྒྲ་དང་དོན་དག་གིས་འབྲེལ་པ་གཙོ་བོ་ཡོད་པ་མ་ཡིན་ཡང་བློས་བྱས་པ་ཁོ་ནའོ། །གང་གི་ཕྱིར་སྒྲ་དང་དོན་དག་ལ་འབྲེལ་པ་མེད་དེ་རང་གི་མཚན་ཉིད་སྟོན་མི་ནུས་པའི་ཕྱིར་རོ། །འབྲེལ་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། དེའི་བདག་ཉིད་དང༌། དེ་ལས་བྱུང་བའོ། །དེ་ལས་དེའི་བདག་ཉིད་ཅེས་བྱ་བ་ནི་དབྱེར་མེད་པའི་དངོས་པོ་གཅིག་པོ་ཁོ་ན་ལ་ལྡོག་པས་བྱས་པའི་བྱེ་བྲག་ལ་བརྟེན་ཏེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དང༌། རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་བསྒྲུབ་པ་དག་སོ་སོར་བསྟན་པ་ནི་རྨོངས་པའི་བློ་ཅན་རྣམས་ཀྱི་རྨོངས་པ་སེལ་བར་བྱེད་པའོ། །དཔེར་ན་ཤིང་དང་ཤ་བ་དག་དང༌། བྱས་པ་དང་མི་རྟག་པ་དག་གི་དབྱེར་མེད་པ་ནི་ཤིང་དང་ཤ་བ་དག་དང་བྱས་པ་དང་མི་རྟག་པ་བཞིན་དུ་སྒྲ་དང་དོན་དག་ལ་དབྱེར་མེད་པ་ཉིད་མེད་དོ། །དཔེར་ན་སྒྲ་རྗོད་པར་གྱུར་པ་ན་སྐྱེས་བུའི་ཁ་ཡོངས་སུ་ཁེངས་པར་འགྱུར་བའི་དོན་གྱིས་ནི་མ་ཡིན་ནོ། །སྒྲ་ནི་སྐད་ཅིག་མ་ཡིན་པའི་


DTG032_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བརྗོད་མ་ཐག་ཏུ་རྣམ་པར་འཇིག་གོ །དོན་ནི་བུམ་པ་ལ་སོགས་པའི་མཚན་ཉིད་ཕྱི་རོལ་དུ་ཡོད་པ་དེ་ཡང་སྐད་ཅིག་མ་ཅན་མ་ཡིན་ཞེས་དེ་དག་ཐ་དད་པའོ། །ཐ་དད་པ་དང་ཐ་མི་དད་པ་དག་གིས་ཕན་ཚུན་སྤངས་པའི་མཚན་ཉིད་ཅན་གྱི་འགལ་བས་དེའི་བདག་ཉིད་མེད་དོ། །གལ་ཏེ་སྐྱོན་དེ་བསལ་བར་བྱ་བའི་ཕྱིར་ཐ་དད་པའི་དོན་ལ་ཡང་དོན་སྒྲར་མཚན་བརྡའི་སྒོ་ནས་རྗོད་པར་བྱེད་ཅེ་ན། དེ་ཡང་མི་རིགས་ཏེ། གང་གི་ཕྱིར་དངོས་པོའི་ཆོས་ཉིད་དུ་གནས་པའི་རང་གི་མཚན་ཉིད་མི་རྟོག་པའི་ཡེ་ཤེས་པའི་སྤྱོད་ཡུལ་ནི་བརྡས་བསྟན་པར་མི་ནུས་ཏེ། ཐ་དད་པ་དང་ཐ་མི་དད་པ་དང༌། མིང་དང་རིགས་ལ་སོགས་པའི་དབྱེ་བས་ཀྱང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རེ་ཞིག་བརྗོད་བྱ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་མི་གནས་ཏེ། རྗོད་པར་བྱེད་པ་དེ་ཡང་དེ་བཞིན་ཏེ། དངོས་པོ་ཐམས་ཅད་སྐད་ཅིག་མས་ཁྱབ་པའི་ཕྱིར་རོ། །བརྡ་ནི་ཐ་སྙད་ལ་དགོས་པ་སྟེ། །གང་ལ་བརྟེན་པའི་ཐ་སྙད་དེ། །གལ་ཏེ་གནས་པར་མི་འགྱུར་ན། །དེའི་ཚེ་གང་གི་བརྡ་ཡིན་ཏེ། །མོ་གཤམ་གྱི་བུའི་བརྡ་བཞིན་ནོ། །ཇི་སྐད་དུ་ཚད་མ་རྣམ་འགྲེལ་ལས། །སྒྲ་རྣམས་ཀྱིས་ནི་བརྡ་ཅན་སྟོན། །དེ་ནི་ཐ་སྙད་ཕྱིར་བཤད་པ། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡ་མེད་དོ། །ཞེས་འབྱུང་ངོ༌།། དེ་བས་ན་དེའི་བདག་ཉིད་ཀྱི་འབྲེལ་པ་མེད་པ་ཁོ་ནའོ། །དེ་ལས་བྱུང་བའི་འབྲེལ་པ་ཡང་མེད་དེ། ཅིའི་ཕྱིར་ཞེ་ན། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ནི་ཐ་དད་པའི་དངོས་པོ་དག་ལ་ཡོད་དེ། དོན་གྱི་རྗེས་སུ་འགྲོ་བ་དང༌། ལྡོག་པ་རྗེས་སུ་འཇུག་པའི་ཕྱིར་ཏེ། དུ་བ་དང་མེ་བཞིན་ནོ། །མེ་ཡོད་པས་དུ་བ་ཡོད་པ་དང༌། མེ་མེད་པས་བུད་ཤིང་ལ་སོགས་པ་རྒྱུ་རྣམས་མ་ཚང་བ་མེད་པ་ཡོད་པས་ཀྱང་དུ་བ་ཡོད་པར་མི་འགྱུར་ཞེས་རྒྱུ་ཡོད་པ་དང་མེད་པ་དག་གིས་འབྲས་བུ་ལ་ཡང་ཡོད་པ་དང་མེད་པ་ཉིད་དེ། དེ་ནི་རྒྱུའི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་བས་ན་ཡོད་པ་དང་མེད་པ་དག་གིས་བྱས་པའི་བདག་ཉིད་ཡོད་པ་དང་མེད་པ་ཅན་གྱི་དུ་བས་མེ་རྟོགས་པར་བྱེད་དོ། །རྟོགས་པ་དང་རྟོགས་པར་བྱ་བའི་དངོས་པོའམ། བསྒྲུབ་བྱ་དང་སྒྲུབ་པར་བྱེད་པ་དངོས་པོ་དག་གི་རྗེས་སུ་འགྲོ་བ་དང་ལྡོག་པ་ཁོ་ན་རྒྱུ་ཡིན་ནོ། །དེ་ལྟ་བུའི་རིགས་པ་སྒྲ་དང་དོན་དག་ལ་མེད་དེ། ཅིའི་ཕྱིར་ཞེ་ན། བུམ་པ་ལ་སོགས་པའི་དོན་ཡོད་པས་ཀྱང་


DTG032_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་གཅིག་ལ་ཡིད་འབྲེལ་པ་ཅན་གྱི་སྐྱེས་བུས་སྒྲ་བརྗོད་པར་མི་ནུས་པ་དང༌། དོན་མེད་པས་ཀྱང་རྟོག་པ་དང་བཅས་བའི་རྣམ་པར་ཤེས་པ་རང་དབང་དུ་སྒྲ་རྗོད་པར་བྱེད་པ་སྟེ། འཁོར་ལོས་སྒྱུར་བ་དང་རྒྱ་མཚོ་ལ་སོགས་པའི་སྒྲ་བཞིན་ནོ། །དེའི་ཕྱིར་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པས་སྒྲ་དང་དོན་དག་གིས་དེ་ལས་བྱུང་བའི་འབྲེལ་པ་མེད་དོ། །དེ་ལ་སྨྲས་པ། རང་གི་མཚན་ཉིད་ཀྱི་འབྲེལ་པ་མེད་དེ་སྤྱིའི་མཚན་ཉིད་ཀྱིས་བྱས་པའི་འབྲེལ་པ་ཡོད་པ་ཉིད་དེ་དཔེར་ན་རྟོག་བཅས་ཀྱི་ཤེས་པ་ལ་སྤྱིའི་ཚུལ་དུ་དོན་གྱི་རྣམ་པ་གང་སྣང་བ་དེ་ཉིད་ཀྱིས་ཕ་རོལ་པོ་ལ་རྟོགས་པར་བྱ་བའི་ཕྱིར་འབྲས་བུར་གྱུར་པའི་སྒྲ་སྐྱེད་པར་བྱེད་དོ། །སྤྱིའི་སྒྲའི་རྣམ་པ་དེས་ཀྱང་ཉན་པ་པོའི་རྒྱུད་ལ་རྟོག་པ་སྐྱེད་པར་བྱེད་དོ། །དེའི་ཕྱིར་སྒྲའི་ཡུལ་གང་ཡིན་པ་དེ་ཉིད་རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་ལོ། །དེ་བས་སྒྲ་དང་དོན་རྣམས་ཀྱི་བཏགས་པ་པའི་འབྲེལ་པ་ཡོད་པ་ཁོ་ནའོ། །དེ་ཉིད་ལ་བརྟེན་ཏེ་ཉེ་བར་བརྟགས་པས་རང་གི་མཚན་ཉིད་ལ་ཡང་སྒྲ་འཇུག་གི་འཇུག་པ་གཙོ་བོས་ནི་མ་ཡིན་ནོ། །འབྲེལ་པ་དེ་ཡང་རྣམ་པ་དྲུག་ཏུ་འགྱུར་ཏེ། དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང༌། ལྷ་དང༌། མི་འམ་ཅི་དང༌། མི་རྣམས་ཀྱིའོ། །དེ་ལ་དང་པོ་འགྲོ་བ་འདི་དག་མུན་པར་གྱུར་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡོད་དེ། དེ་ནས་བསམ་གཏན་བཞི་པའི་གཟུགས་ཁམས་སུ་གནས་པ་དང༌། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དུ་གནས་པ་དང༌། རྣམ་པར་ཤེས་པ་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་ཡོད་མིན་མེད་མིན་སྐྱེ་མཆེད་དུ་གནས་པ་རྣམས་ཀྱི་ཡུན་རིང་བའི་དབང་གིས། ཆང་གིས་མྱོས་པའི་ནུས་པ་བཞིན་དུ་འདོད་ཆགས་ཀྱི་བག་ཆགས་འབྱུང་བར་འགྱུར་རོ། །དེའི་དེ་མ་ཐག་ཏུ་དེ་རྣམས་གཟུགས་ཅན་དུ་གྱུར་ཏོ།། དེ་ནས་ཆགས་པ་དང་མངོན་པར་འབྲེལ་པའི་དབང་གིས་རང་གི་ལུས་ལས་བཅུད་ཀྱི་རང་བཞིན་ཆར་གྱི་རྒྱུན་འབབ་པར་འགྱུར་རོ། །བབ་པ་དེ་རྣམས་ཀྱིས་ཀྱང་ཁ་དོག་སེར་པོ་སའི་ཆ་འདམ་དུ་ཆགས་སོ། །ཡང་དུས་ཀྱི་དབང་གིས་དེ་དུམ་བུ་བཞིར་གས་ནས་གླིང་བཞི་དང་དཀྱིལ་དུ་རི་


DTG032_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་རྒྱལ་པོ་ཡང་དག་པར་བྱུང་བར་གྱུར་ཏོ། །དེ་ནས་དེ་དག་ཀྱང་དེ་ཉིད་དུ་བབས་སོ། །བག་ཆགས་ལྡང་བའི་ཤུགས་ཀྱིས་བུད་མེད་དང་སྐྱེས་པའི་རྟགས་སུ་གྱུར་པས་ཕན་ཚུན་འབྲེལ་པའི་དབང་གིས་སྐྱེ་དགུ་དང་རིགས་བཞིའི་ཐ་སྙད་ཀྱང་འབྱུང་ངོ༌། །མ་རྨོས་པར་སྨིན་པའི་འབྲས་ལ་སོགས་པའི་འབྲུ་རྣམས་དང༌། དེ་དག་བསྲུང་བར་བྱ་བའི་ཕྱིར་མཐའ་ཡས་གྲགས་པ་ལ་སོགས་པ་རྒྱལ་པོ་རྣམས་བྱུང་ངོ༌། །བདག་དང་གཞན་གྱི་དབྱེ་བའི་དབང་གིས་ང་དང་བདག་ཏུ་འཛིན་པ་བྱུང་ངོ༌། །དེའི་རྩ་བ་ཅན་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་དེ་ལས་བྱུང་བའི་དགེ་བ་དང་མི་དགེ་བའི་ལས་དང༌། དེའི་རྒྱུ་ཅན་བདེ་འགྲོ་དང་ངན་འགྲོ་དག་ཅེས་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་ཡོངས་སུ་འཁོར་བའི་དགོན་པར་འཁོར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སྙིགས་མ་ལྔའི་དུས་སུ་ཉོན་མོངས་པ་ལྔས་དཀྲུགས་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ཏེ། ཉན་ཐོས་ལ་སོགས་པའི་ལམ་གཞན་གྱིས་འདི་དག་འདུལ་བར་མི་འགྱུར་ཏེ་ཞེས་མཁྱེན་ནས་ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་ཞེས་དགོངས་ནས་སྒེག་པ་ལ་སོགས་པའི་ཆ་ལུགས་དང་ལྡན་པའི་དེ་བཞིན་གཤེགས་པ་ལྔ་ཡེ་ཤེས་ལྔའི་ངོ་བོ་ཉིད་སྤྲོ་བར་མཛད་དེ། དེ་བཞིན་གཤེགས་པ་ད་དག་གིས་དགའ་ལྡན་གྱི་ལྷའི་གནས་སུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་གཞལ་ཡས་ཁང་པ་ལ་བཞུགས་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པར་གྱུར་པས་བཅོམ་ལྡན་འདས་ཀྱིས་ཀྱང་རིག་མའི་ཆུ་སྐྱེས་ཀྱི་ནང་དུ་དཀྱིལ་འཁོར་སྤྲོས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་རིག་མའི་དབང་བསྐུར་ནས་ཕྱི་རོལ་དུ་སྤྲོས་ཏེ། དེ་ཁོ་ན་ཉིད་བསྟན་ཏོ་ཞེས་པ་དེ་ནི་དེ་བཞིན་གཤེགས་པའི་འབྲེལ་པའོ། །བཅོམ་ལྡན་འདས་དེ་ཉིད་ཀྱིས་འདོད་ཆགས་ཀྱི་རིགས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར། ལྷ་མོ་བཞི་སྤྲོས་ཏེ། དེ་རྣམས་ཀྱིས་ཡོངས་སུ་ཞུས་པས་དེ་ཁོ་ན་ཉིད་གསུངས་པ་དེ་ནི་ལྷ་མོའི་འབྲེལ་བའོ། །དབང་པོ་རྣམས་ལ་མངོན་པར་ཞེན་པའི་ཉོན་མོངས་པ་ལ་གནས་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་


DTG032_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བྱང་ཆུབ་སེམས་དཔའི་ཚོགས་སྤྲོས་ཏེ་དེ་ཁོ་ན་ཉིད་བསྟན་པ་ནི་བྱང་ཆུབ་སེམས་དཔའི་འབྲེལ་པའོ། །བརྒྱ་བྱིན་གྱིས་ཡོངས་སུ་ཞུས་པ་ལ་སོགས་པའི་བཤད་པའི་རྒྱུད་ལ་སོགས་པ་གང་གསུངས་པ་དེ་ནི་ལྷའི་འབྲེལ་པའོ། །མིའམ་ཅི་དང་ཀླུ་དང་དྲང་སྲོང་ལ་སོགས་པ་རྣམས་ལ་སྒྲོལ་མ་འབྱུང་བ་ལ་སོགས་པའི་རྒྱུད་བསྟན་པ་གང་ཡིན་པ་དེ་ནི་མི་འམ་ཅིའི་འབྲེལ་པའོ། །རབ་གསལ་ཟླ་བ་ལ་སོགས་པའི་རྒྱལ་པོ་རྣམས་ཡུལ་དབུས་སུ་གྲོང་ཁྱེར་བཅོ་བརྒྱད་ལ་ཆོས་གསུངས་པ་དེ་ནི་མིའི་འབྲེལ་པའོ། །དེ་ལྟར་འབྲེལ་པ་དྲུག་པོ་རྒྱས་པ་དེ་མདོར་བསྡུས་པས་རྣམ་པ་གཉིས་སུ་འགྱུར་ཏེ། སྒྲ་དང་དོན་གྱི་འབྲེལ་པ་དང༌། སྟོན་པ་དང་འཁོར་གྱི་འབྲེལ་པའོ། །ཇི་སྐད་དུ། །བསྟན་བཅོས་གང་ཟག་དབྱེ་བ་ཡིས། །འབྲེལ་པ་རྣམ་པ་གཉིས་སུ་འདོད། །བསྟན་བཅོས་སྒྲ་དང་དོན་འབྲེལ་པ། །འཆད་དང་ཉན་པའི་ཅིག་ཤོས་ཡིན། །གཉིས་པའི་བྱེ་བྲག་དྲུག་ཡིན་ཏེ། །གཅིག་ནས་གཅིག་ཏུ་བརྒྱུད་རིམ་འོངས། །དེ་བཞིན་གཤེགས་སོགས་དབྱེ་བ་ཡིས། །བློ་ལྡན་གྲགས་པ་རྣམས་ཀྱིས་གསུངས། །ཞེས་འབྱུང་ངོ༌། །འདིར་ནི་དེ་བཞིན་གཤེགས་པའི་འབྲེལ་པ་གཅིག་པུ་ཡིན་ཏེ། །དེ་བཞིན་གཤེགས་པ་ལྔས་དབུས་ཀྱི་གཙོ་བོ་ལ་གསོལ་བ་བཏབ་པས་སོ་ཞེས་འབྲེལ་པ་བསྟན་ཏོ། །དགོས་པ་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་བསྒྲུབ་བྱར་གྱུར་པའི་རྡོ་རྗེ་འཆང་ཆེན་པོའི་གནས་ཐོབ་པའོ། །དེ་ཐོབ་ནས་ཁམས་གསུམ་པ་ཐམས་ཅད་ཀྱང་དེའི་གནས་སུ་དགོད་པ་ནི་བྱ་བ་བྱས་པའི་ཕྱིར་དགོས་པའི་དགོས་པའོ། །གཞན་དག་ན་རེ་ཐོས་པ་ལ་སོགས་པའི་རིམ་གྱིས་རྟོགས་པ་ནི་དགོས་པའོ། །དེ་ལས་ཀྱང་ཐ་མལ་པའི་ལུས་བཟློག་པས་འཇིག་རྟེན་ལས་འདས་པའི་ལྷའི་རྣམ་པ་བསྒྲུབ་པ་ནི་དགོས་པའི་དགོས་པ་ཡིན་ནོ་ཞེས་བརྗོད་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་དོན་སྒྲུབ་པ་ལ་འབད་པ་མ་ཡིན་ཏེ། དེ་རྣམས་ཀྱིས་ནི་གཞན་གྱི་དོན་གཙོ་བོ་ཡིན་གྱི་རང་གི་དོན་ནི་མ་ཡིན་ནོ། །ཇི་སྐད་དུ། འགྲོ་བ་མ་ལུས་རང་གཞན་དོན་མཛད་པའི། །དེ་བཞིན་གཤེགས་ཉིད་དེ་ཡི་ཞར་ལ་འབྱུང༌། །ཞེས་འབྱུང་ངོ༌། །དེའི་ཕྱིར་གཞན་གྱི་དོན་ཁོ་ན་


DTG032_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་གཙོ་བོ་ཡིན་གྱི། །གཞན་དུ་ན་རང་གི་དོན་ནི་དགོས་པ་ཉིད་དུ་མི་འགྱུར་རོ། །སྒྲུབ་པར་སྣང་བ་དང༌། དོན་གྱི་བྱ་བར་སྣང་བའི་ཤེས་པ་གཉིས་བཞིན་ནོ། །དཔེར་ན་དང་པོ་མིག་ཕྱེ་བའི་དུས་སུ་སྲེག་པ་དང་འཚེད་པ་ལ་སོགས་པའི་དོན་གྱི་བྱ་བ་བྱེད་ནུས་པ་ཡང་མེ་ལ་སོགས་པ་ཙམ་དུ་སོ་སོར་སྣང་བ་ཡིན་ཏེ། དོན་གྱི་བྱ་བ་མེད་པའི་ཕྱིར་རོ། །མེ་ལ་སོགས་པ་ཐོབ་ནས་སྲེག་པ་དང་འཚེད་པ་ལ་སོགས་པའི་བྱ་བ་དངོས་སུ་བྱེད་པའི་ཤེས་པ་ནི་དོན་གྱི་བྱ་བ་སྣང་བར་བཤད་དོ། །དེ་ཉིད་དུ་བྱ་བ་བྱས་པའི་ཕྱིར་རོ། །གང་དོན་གྱི་བྱ་བ་བྱེད་པ་དེ་ཉིད་དམ་པའི་དོན་དུ་ཡོད་ཅེས་འབྱུང་ངོ༌། །འདིར་ཡང་དགོས་པ་ནི་སྒྲུབ་པར་སྣང་བའོ། །དགོས་པའི་དགོས་པ་ནི་དོན་གྱི་བྱ་བར་སྣང་བ་ཡིན་ཞེས་རྒྱས་པས་ཆོག་གོ །དགོས་པ་ལ་སོགས་པའི་སྒོ་ནས་གདུལ་བྱ་འཇུག་པ་ཡིན་པས་དེ་དག་བསྟན་པར་བྱ་བའི་ཕྱིར་གང་ཟག་ལྔ་བརྟག་པར་བྱ་སྟེ། དེ་ཡང་ཙནྡན་ལ་སོགས་པའི་གོང་དུ་བཤད་པ་སྟེ། དེ་ལ་ཙནྡན་ཞེས་བྱ་བ་ནི་གཏི་མུག་འབའ་ཞིག་གི་རིགས་ཅན་ཐོས་པ་ཆུང་ཞིང་ང་རྒྱལ་གྱི་དབང་གིས་གཞན་རྣམས་སྐྱོ་བར་བྱེད་པ་དེ་ལས་གཞན་དང་རང་གི་དོན་སྒྲུབ་པར་མི་ནུས་ཏེ། བླུན་པོ་ཡིན་པའི་ཕྱིར་རོ། །ཨུཏྤལ་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་རིམ་གྱིས་འཇུག་པ་ཡང་བརྗེད་ངས་པའི་ངང་ཚུལ་ཅན་ཡིན་ཏེ། དབང་པོ་དམན་པ་ཡིན་པའི་ཕྱིར་རོ། །དེའི་རང་གི་དོན་སྐྱེ་བ་འདི་ལ་མེད་དེ་སྐྱེ་བ་གཞན་ལ་འབྱུང་བར་འགྱུར་བའི་ཕྱིར་རོ། །པདྨ་དཀར་པོ་ནི་ཐོས་པ་ལ་སོགས་པ་རང་གི་སེམས་ལ་འཛིན་ཅིང་གཞན་ལ་སྟོན་པར་མི་ནུས་པས་རང་གི་དོན་ཙམ་ཡོད་དེ། དབང་པོ་བར་བ་ཡིན་པའི་ཕྱིར་རོ། །པདྨ་ཞེས་བྱ་བ་ནི་གཞན་རྣམས་ལ་སྟོན་པར་བྱེད་ནུས་ཏེ། དབང་པོ་རྣོན་པོ་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་ཞེས་བྱ་བ་ནི་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་བཅས་པ་བྱང་ཆུབ་སེམས་དཔའི་རིགས་ཅན་དབང་པོ་རབ་གྱི་རབ་ཡིན་པའི་ཕྱིར་རོ། །བཞི་པོ་ནི་ཀུན་རྫོབ་ཀྱི་ཕྱོགས་ཀྱི་བཤད་པ་ལ་སྣོད་དུ་རུང་བ་དང༌། གཅིག་ནི་དོན་དམ་པའི་མཆོག་གི་བཤད་པའི་སྣོད་དུ་རུང་བའོ། །དེ་ཡང་ཤིན་ཏུ་རྒྱས་པར་


DTG032_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་འཆད་པར་འགྱུར་རོ། །གཞན་དག་ན་རེ་གང་ཟག་བཞི་ཡོད་དེ། མི་ཤེས་པ་དང༌། ཐེ་ཚོམ་ཟ་བ་དང༌། ཕྱིན་ཅི་ལོག་པའི་བློ་དང༌། ངེས་པ་ཅན་གྱི་བློ་ཅན་ནོ། །དེ་ལ་མི་ཤེས་པ་ནི་རྣམ་པ་གཉིས་ཏེ། ཚད་མའི་རྗེས་སུ་འབྲང་བ་དང༌། ཚད་མ་མ་ཡིན་པའི་རྗེས་སུ་འབྲང་བའོ། །དེ་ལ་ཚད་མའི་རྗེས་སུ་འབྲང་བ་ནི་གཞན་གྱི་རིགས་པ་ལེན་ཅིང་ཐོས་པ་ལ་སོགས་པའི་རིམ་གྱིས་ལམ་ལ་བརྟེན་པའོ། །ཚད་མ་མ་ཡིན་པའི་རྗེས་སུ་འབྲང་བ་ནི་མཁས་པའི་ཚིག་ལ་བརྟེན་ཏེ་ལམ་ལ་འཇུག་པའོ། །དེ་དག་གཉིས་ཀ་ཡང་ལམ་གྱི་སྣོད་དུ་རུང་བའོ། །ཐེ་ཚོམ་ཟ་བ་ལ་ཡང་རྣམ་པ་གཉིས་ཏེ་སྔ་མ་བཞིན་ཏེ། ཐེ་ཚོམ་ཟ་བ་ཚད་མའི་རྗེས་སུ་འབྲང་བ་ནི་ཡང་དག་པར་ཚད་མ་བརྗོད་པས་ཐེ་ཚོམ་ལས་ལོག་ཅིང་ཡང་དག་པའི་ལམ་ལ་གཞག་པར་བྱ་བ་ཞེས་རྗེས་སུ་གཟུང་བར་བྱའོ། །ཚད་མའི་རྗེས་སུ་མི་འབྲང་བའི་ཐེ་ཚོམ་ཟ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཀྱང་རྗེས་སུ་གཟུང་བར་མི་སྤྱོད་དོ། །ཇི་སྐད་དུ། མི་ཤེས་པ་ནི་བདེ་བར་མགུ་གྱུར་ཅིང༌། །ཁྱད་པར་ཤེས་པ་དེ་བས་མྱུར་བར་མགུ། །དུམ་གཅིག་ཤེས་པས་མེ་ཡིས་ཕྱེད་ཚིག་པ། །མེ་དེ་སངས་རྒྱས་ཀྱིས་ཀྱང་མགུ་བྱ་མིན། །དེ་བས་ན་བཏང་སྙོམས་ཀྱི་གནས་སུ་བཤད་དོ། །ཕྱིན་ཅི་ལོག་པའི་བློ་ཅན་ནི་རྣམ་པ་གསུམ་སྟེ། ཐེ་ཚོམ་ཟ་བ་ལ་ཕྱིན་ཅི་ལོག་པ་དང༌། མི་ཤེས་པ་ལ་ཕྱིན་ཅི་ལོག་པ་དང༌། ཤེས་པ་ལ་ཕྱིན་ཅི་ལོག་པའོ། །དེ་ལ་ཐེ་ཚོམ་ཟ་བ་ལ་ཕྱིན་ཅི་ལོག་པ་ནི་ཉན་ཐོས་ལྟ་བུ་སྔགས་ནི་ཡང་དག་པ་མ་ཡིན་ནོ་ཞེས་ཟེར་བ་ཐབས་གང་གིས་ཀྱང་རྗེས་སུ་གཟུང་བར་བྱ་བ་མ་ཡིན་པས་བཏང་སྙོམས་ཀྱི་གནས་ཁོ་ནའོ། །མི་ཤེས་པ་ལ་ཕྱིན་ཅི་ལོག་པ་ནི་ཆོས་བསྟན་པ་ཙམ་གྱིས་ཕྱིན་ཅི་ལོག་པ་ལས་ལོག་ཅིང་ལམ་དུ་འཇུག་པར་བྱའོ། །ཤེས་པ་ལ་ཕྱིན་ཅི་ལོག་པ་ལ་ཡང་གཉིས་ཏེ། ཚད་མའི་རྗེས་སུ་འབྲང་བ་དང༌། ཚད་མའི་རྗེས་སུ་འབྲང་བ་མ་ཡིན་པའོ། །དེ་ལ་ཤེས་པ་ལ་ཚད་མའི་རྗེས་སུ་འབྲང་བ་མ་ཡིན་པའི་ཕྱིན་ཅི་ལོག་པའི་བློ་ཅན་ནི་གང་གིས་ཀྱང་ལམ་དུ་འཇུག་པར་བྱེད་མི་ནུས་ཏེ། ཕྱིན་ཅི་ལོག་པའི་ལྟ་བ་དང་ལྡན་པ་ཡིན་པའི་ཕྱིར་


DTG032_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཤེས་པ་ལ་ཚད་མའི་རྗེས་སུ་འབྲང་བ་ཕྱིན་ཅི་ལོག་པའི་བློ་ཅན་ལ་རྣམ་པ་དྲུག་སྟེ། གྲངས་ཅན་པ་དང༌། རིགས་པ་པ་དང༌། འཇིག་རྟེན་རྒྱང་ཕན་པ་དང༌། མཆོད་འོས་པ་དང༌། ཞི་བ་པ་དང༌། དཔྱོད་པ་པའོ། །གཡོ་བ་དང་མི་གཡོ་བ་འདི་དག་ཐམས་ཅད་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་པའོ། །བློའི་དབང་པོ་ལྔ་ནི་མིག་ལ་སོགས་པ་ལྔའོ། །ལས་ཀྱི་དབང་པོ་ལྔ་ནི། ངག་དང༌། ལག་པ་དང༌། རྐང་པ་དང༌། བཤང་ལམ་དང༌། གསང་བའི་དབང་པོའོ། །གཟུགས་ལ་སོགས་པ་ཡུལ་ལྔ་དང༌། ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་དང༌། ནང་གི་བྱེད་པ་གསུམ་སྟེ། ཡིད་དང༌། བློ་དང༌། ང་རྒྱལ་ལོ། །གཙོ་བོའི་རྣམ་གྲངས་ཅན་རང་བཞིན་དང་སྐྱེས་བུའོ། །དེ་ལ་དེ་ཁོ་ན་ཉིད་ཉི་ཤུ་རྩ་གསུམ་ནི་འབྲས་བུ་ཡང་ཡིན་ལ་རྒྱུ་ཡང་ཡིན་ནོ། །རང་བཞིན་ནི་རྒྱུ་ཁོ་ནའོ། །སྐྱེས་བུ་ནི་རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་ནོ། །ཇི་སྐད་དུ། རྩ་བའི་རང་བཞིན་བྱ་བ་མ་ཡིན་ཏེ། །ཆེན་པོ་ལ་སོགས་བདུན་པོ་རྒྱུ་འབྲས་ཡིན། །བཅུ་དྲུག་པོ་ནི་འབྲས་བུ་ཉིད་ཡིན་ཏེ། །རྒྱུ་མིན་འབྲས་མིན་སྐྱེས་བུ་དེ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ལུས་ཅན་ཐམས་ཅད་ཀྱི་རྒྱུར་གྱུར་པའི་རང་བཞིན་ནི་གཙོ་བོའོ། །སྙིང་སྟོབས་དང༌། རྡུལ་དང་མུན་པ་གསུམ་ནི་ཡོན་ཏན་ནོ། །དེ་ལ་སྙིང་སྟོབས་ནི་ཡང་ཞིང་གསལ་བར་བྱེད་པ་དགེ་བའི་བག་ཆགས་གཙོར་གྱུར་པ་སྟེ་མཐོ་རིས་ཀྱི་རྒྱུའོ། །རྡུལ་ནི་གཡོ་བ་སྟེ་གཡོ་ཞིང་འཆིང་བར་བྱེད་པ་སྟེ་དམྱལ་བའི་རྒྱུའོ། །མུན་པ་ནི་ལྕི་ཞིང་སྒྲིབ་པར་བྱེད་པ་མི་དགེ་བའི་བདག་ཉིད་དམྱལ་བ་ཉིད་ཀྱི་རྒྱུའོ། །ཇི་སྐད་དུ། །སྙིང་སྟོབས་ཡང་ཞིང་གསལ་བར་བྱེད་པར་འདོད། །རྡུལ་ནི་འཆིང་བྱེད་གཡོ་བ་ཉིད་དུ་བཤད། །མུན་པ་ལྕི་ཞིང་སྒྲིབ་པར་བྱེད་པ་སྟེ། །དོན་ལ་མར་མེ་བཞིན་དུ་གནས་པར་འགྱུར། །ཞེས་འབྱུང་ངོ༌། །དེ་ལྟར་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་རོ་གཅིག་པར་གྱུར་པ། དབང་པོ་ལ་སོགས་པ་རྣམས་ཀྱི་རྒྱུར་གྱུར་པ་རྟག་པའི་རང་བཞིན་ནི་བྱ་བའི་སྒོ་ནས་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ་མེ་བཞིན་ནོ། །དེ་ནི་རང་གི་གཟུགས་སུ་དམིགས་པར་མི་འགྱུར་ཏེ། ཕྲ་བའི་ཕྱིར་རོ། །མི་དམིགས་པ་དེ་ཡང་རྣམ་པ་བདུན་དུ་འགྱུར་རོ།།


DTG032_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ་ཤིན་ཏུ་རིང་བས་ནམ་མཁར་འཕུར་བའི་བྱ་དང༌། ཤིན་ཏུ་ཉེ་བས་མིག་གི་དབང་པོའི་རྫི་མ་དང༌། དབང་པོ་ཉམས་པས་ལོང་བ་ལ་སོགས་པས་གཟུགས་མི་མཐོང་བ་དང༌། ཡིད་མི་བརྟན་པས་སྨྱོ་བ་ལ་སོགས་པ་རྣམས་ཀྱིས་དངོས་པོ་མི་མཐོང་བ་དང་ཕྲ་བས་ཕྲ་བ་ལ་སོགས་པ་མི་མཐོང་བ་དང༌། ཟིལ་གྱིས་གནོན་པས་རླུང་དང་མཚོན་ཆ་ལ་སོགས་པས་སྨས་པ་དང༌། མཚུངས་པ་དང་ཕྲད་པས་འོ་མ་དང༌། ཆུ་དང་ཏིལ་དང་འབྲས་ཆང་ལ་སོགས་པའོ། །འདིར་ནི་རང་བཞིན་ཕྲ་བའི་ཕྱིར་མི་དམིགས་པས་འབྲས་བུས་དཔག་པར་བྱ་བ་ཡིན་ནོ། །ཇི་སྐད་དུ། ཤིན་ཏུ་རིང་བ་དང་ནི་ཤིན་ཏུ་ཉེ་བ་ཡིས། །དབང་པོ་ཉམས་དང་ཡིད་ནི་མི་གནས་པས། །ཕྲ་བ་ཉིད་དང་ཟིལ་གྱིས་ནོན་པས་ནི། །དེ་བཞིན་མཚུངས་པ་ཕན་ཚུན་རྣམས་ཚོགས་པས། །ཕྲ་ཕྱིར་དེ་ནི་མི་དམིགས་པ་ཉིད་དེ། །དེ་ནི་མེད་མིན་བྱ་བས་དམིགས་པ་ཡིན། །བྱ་བ་དེ་ཡང་ཆེན་པོ་ལ་སོགས་ཏེ། །རང་བཞིན་དང་ནི་འདྲ་དང་མི་འདྲ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྒྱུ་དང་འབྲས་བུའི་ཚུལ་ནི་རང་བཞིན་ལས་བློ་དང༌། དེ་ལས་ཀྱང་ང་རྒྱལ་དང༌། །དེ་ཉིད་ལས་ཀྱང་བློའི་དབང་པོ་ལྔ་དང་ལས་ཀྱི་དབང་པོ་ལྔ་དང་དེ་ཙམ་ལྔ་དང་ཡིད་ཀྱང་སྐྱེ་བར་འགྱུར་རོ། །དེ་ཙམ་རྣམ་པ་ལྔ་ལས་འབྱུང་བ་ཆེན་པོ་ཡོན་ཏན་གསུམ་གྱི་བདག་ཉིད་སྐྱེ་བར་འགྱུར་ཏེ། ཡང་དང་ཡང་དུ་འཇིག་ཅིང་སླར་ཡང་སྐྱེ་བར་འགྱུར་ཞེས་རྒྱུ་དང་འབྲས་བུའི་ཚུལ་དུ་འཁོར་བ་པ་རྣམས་ཡོངས་སུ་འཁོར་བར་གྱུར་པ་སྟེ་དབྱེར་མེད་པར་ཤེས་པའི་ཕྱིར་རོ། །དབྱེར་ཡོད་པར་ཤེས་པས་རང་བཞིན་དང་སྐྱེས་བུ་དག་ལས་འདི་ནི་རང་བཞིན་དང་འདི་ནི་སྐྱེས་བུའོ་ཞེས་པས་གྲོལ་བའོ། །སྐྱེས་བུ་ནི་དྲི་མ་མེད་པ་ཤེལ་གྱི་རྣམ་པ་མཐོང་བ་པོ་སྟེ། །བཏང་སྙོམས་པ་ཉིད་ཀྱིས་རང་བཞིན་གྱི་སྒོ་ནས་ཐམས་ཅད་མཐོང་བར་བྱེད་དོ། །མཐོང་ནས་ཀྱང་རང་བཞིན་ཁ་དྲག་ཡིན་པས་མཐོང་བར་མི་འགྱུར་ཏེ། དགེ་བ་དང་མི་དགེ་བའི་རྒྱུ་གཉིས་ལས་སྐྱེ་བ་དང༌། ཚེ་དང་ལོངས་སྤྱོད་ཀྱི་མཚན་ཉིད་ཀྱི་འབྲས་བུ་མྱོང་བར་འགྱུར་རོ། །ཇི་སྐད་དུ། དགེ་བ་ཡིས་ནི་སྟེང་དུ་འགྲོ་འགྱུར་ཏེ། །མི་དགེ་བ་ཡིས་འོག་ཏུ་འགྲོ་བར་འགྱུར། །ཡེ་ཤེས་ཀྱིས་ནི་གྲོལ་བ་ཉིད་འགྱུར་ཞིང༌།།


DTG032_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་ལོག་པས་འཆིང་བ་ཉིད་དུ་འདོད། །ཅེས་འབྱུང་ངོ༌། །དེ་བས་ན་སྐྱེས་བུ་དུ་མ་ཉིད་དེ། གང་གི་ཕྱིར་གཅིག་ཡིན་ན་སྐྱེས་བུ་གཅིག་གྲོལ་བས་ཐམས་ཅད་གྲོལ་བར་ཐལ་བ་དང༌། གཅིག་སྐྱེ་བའམ་འཆི་བས་ཐམས་ཅད་དེ་བཞིན་དུ་ཐལ་བར་འགྱུར་རོ། །རང་བཞིན་ནི་བེམས་པོས་ཀྱང་ལེགས་པ་དང༌། །མི་ལེགས་པའི་ལས་དག་ཏུ་སྐྱེས་བུ་རབ་ཏུ་འཇུག་པར་བྱེད་དེ་འོ་མ་བཞིན་ནོ། །ཇི་སྐད་དུ། །བེའུ་སྐྱེད་པར་བྱེད་པའི་རྒྱུ་མཚན་གྱིས། །བེམས་པོ་འོ་མ་ཇི་བཞིན་འབྱུང་གྱུར་པ། །དེ་བཞིན་སྐྱེས་བུ་གྲོལ་བའི་ཆེད་དུ་ནི། །རང་བཞིན་གཙོ་བོས་རབ་ཏུ་འཇུག་པར་བྱེད། །ཅེས་འབྱུང་ངོ༌། །དེ་ལྟར་དེ་ཁོ་ན་ཉིད་ཉི་ཤུ་རྩ་གསུམ་རང་བཞིན་དང་ལྷན་ཅིག་ཏུ་བེམས་པོ་ཡིན་ཏེ། ཐ་དད་པ་མེད་པས་འབྱུང་པོ་རྣམ་པ་བཅུ་བཞིའི་འཁོར་བར་ཡོངས་སུ་འཁོར་བར་འགྱུར་རོ། །ཐ་དད་པར་ཡོངས་སུ་ཤེས་པ་ཙམ་གྱིས་གྲོལ་བར་འགྱུར་རོ། །རང་བཞིན་བེམས་པོ་ཡིན་ཡང་སྐྱེས་བུ་དང་འབྲེལ་བའི་དབང་གིས་དངོས་པོ་ཐམས་ཅད་ལ་འཇུག་པ་དང་ལྡོག་པར་བྱེད་དེ་འཕྱེ་བོ་དང་ལོང་བ་བཞིན་ནོ། །འཕྱེ་བོ་དང་ལོང་བའི་འབྲེལ་བ་བཞིན། །དེ་ཡིས་བྱས་པ་འདི་དག་འགྲོ་བ་ཡིན། །ཞེས་འབྱུང་ངོ༌། །བྱེ་བྲག་དེ་ཡང་ཚིག་གི་དོན་དྲུག་ཅུ་ཡོངས་སུ་ཤེས་པས་སྐྱེ་བར་འགྱུར་ཏེ། གཙོ་བོ་ཡོད་དང་གཅིག་པ་ཉིད། །དོན་ལྡན་ཉིད་དང་དེ་ལས་གཞན། །གཞན་དོན་ཉིད་དང་དུ་མ་དང༌། བྲལ་བ་དང་ནི་མ་བྲལ་ཉིད། །ལྷག་མའི་སྐབས་དང་བྱེད་མིན་ཉིད། །དོན་ནི་གཙོ་བོ་བཅུ་རུ་བཤད། །ཕྱིན་ཅི་ལོག་པའི་བྱེ་བྲག་ལྔ་ཡིན་ཏེ། །བྱེད་པ་མ་ཚང་བས་ནི་མི་ནུས་པ། །དབྱེ་བ་ཉི་ཤུ་རྩ་བརྒྱད་ཅན་ཞེས་བྱ། །དགའ་བ་དགུ་དང་དངོས་གྲུབ་རྣམ་བརྒྱད་དོ། །ཞེས་མདོར་བསྟན་པའོ། །རྒྱས་པར་བསྟན་པ་ཡང་མུན་པ་དང་གཏི་མུག་དང་གཏི་མུག་ཆེན་པོ་དང༌། མུན་པ་ཐིབས་པོ་དང༌། ཤིན་ཏུ་མུན་ནག་ཐིབས་པོ་ཞེས་ཕྱིན་ཅི་ལོག་པ་ལྔའོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་མ་ཚང་བ་དང༌། ངག་དང་ལག་པ་དང་རྐང་པ་དང་བཤང་སྒོ་དང༌། གསང་བའི་དབང་པོ་མཚང་བ་དང༌། ཡིད་མ་ཚང་བ་སྟེ་བཅུ་གཅིག་གོ །དགའ་བ་དང་དངོས་གྲུབ་མ་ཚང་བས་བློ་དྲུག་པ་ནི་བཅུ་བདུན་ནོ། །རྟོག་པ་སྒྲ་དང་


DTG032_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་འཛིན་པ་དང༌། །སྡུག་བསྔལ་སེལ་བ་གསུམ་སྟེ་བཤེས་གཉེན་ཕྲད། །སྦྱིན་པ་དད་དང་དངོས་གྲུབ་རྣམ་བརྒྱད་དོ། །ཞེས་འབྱུང་བས་སོ། །ལྷག་པའི་ལྷ་ལས་འབྱུང་བ་དང༌། འབྱུང་བ་ལྷག་པ་ལས་འབྱུང་བ་དང་ལྷག་པའི་ནང་གི་བདག་ཉིད་ལས་འབྱུང་བ་དེ་སེལ་བས་དངོས་གྲུབ་གསུམ་ནི་དགའ་བ་དག་གོ །ཕྲ་བ་ལ་སོགས་པའི་མཚན་ཉིད་དངོས་གྲུབ་བརྒྱད་དང་ནི་དགའ་བ་དགུའོ། །ཚིག་གི་དོན་དྲུག་ཅུ་གང་གི་ཚེ་སྐྱེས་བུས་བྱེ་བྲག་ཏུ་མཐོང་ན་དེའི་ཚེ་གྲོལ་བའོ། །དེ་ཡང་ཚད་མས་ངེས་པར་བྱ་བ་ཡིན་ཏེ། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ཚིག་སྟེ་ཚད་མ་གསུམ་མོ། །དེ་ལ་མངོན་སུམ་གྱིས་དེ་ཁོ་ན་ཉིད་ཉི་ཤུ་རྩ་གསུམ་ངེས་པར་བྱ་བ་སྟེ། སོ་སོའི་ཡུལ་རྣམས་ལ་རྟོག་པ་ནི་མངོན་སུམ་ཡིན་ཞེས་བཤད་པའི་ཕྱིར་རོ། །རང་བཞིན་ནི་ཡོན་ཏན་གསུམ་གྱི་བདག་ཉིད་དེ་རྗེས་སུ་དཔག་པས་ངེས་པར་བྱ་བ་སྟེ། ལྐོག་ཏུ་གྱུར་པའི་ཕྱིར་རོ། །སྐྱེ་བ་དང་ཚེ་དང་ལོངས་སྤྱོད་ནི་སྤྱིར་མཐོང་བའི་རྗེས་སུ་དཔག་པས་སོ། །ཐར་པ་ལ་སོགས་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་རྣམས་ལ་ཡིད་ཆེས་པའི་ཚིག་གིས་སོ། །དེ་ལྟར་ཚད་མ་དང་བཅས་པ་འཆིང་བ་དང་གྲོལ་བའི་ཐ་སྙད་ཀྱི་རྒྱུར་གྱུར་པ་གྲངས་ཅན་གྱི་གཞུང་ལ་འདོད་དོ། །དེ་ལ་སྨྲས་པ། རེ་ཞིག་དང་པོ་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་མེད་དེ། ཡིད་དང་བློ་དང་རྒྱལ་གཅིག་པ་ཡིན་པའི་ཕྱིར་རོ། །འདིར་ནི་ཕྱིའི་དོན་བདག་གིས་རྟོགས་སོ་ཞེས་ངེས་པར་བྱས་པ་ཙམ་གྱིས་བློ་དང་ང་རྒྱལ་དག་ཡིད་ལས་ཐ་དད་པ་མ་ཡིན་ནོ། །ཡིད་ཁོ་ན་བདག་གིས་རྟོགས་སོ་ཞེས་ངེས་པ་དང་བདག་ཉིད་དུ་སྐྱེ་བར་འགྱུར་རོ། །ལ་ལ་སྨྲ་བ་ནི་རྟོག་པར་བྱེད་པ་ཡིད་ཡིན་ནོ་ཞེས་མི་རིགས་ཏེ། ཁྱད་པར་གྱི་བདག་ཉིད་རྣམ་པར་རྟོག་པ་ནི་སྤྱིའི་བདག་ཉིད་ངེས་པ་ལ་འདུས་པའི་ཕྱིར་རོ། །དངོས་པོའི་བྱེ་བྲག་མ་ངེས་པས་རྣམ་པར་རྟོག་པ་མི་འབྱུང་ངོ༌། །བདག་གིས་རྟོགས་པ་དང་བདག་རྟོགས་པ་པོ་ཞེས་ཁྱད་པར་ནི་ངེས་པ་ལས་ཐ་དད་མ་ཡིན་ཏེ། ཡིད་ནི་ཐམས་ཅད་ངེས་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཤེས་པ་ནི་ལྡོག་པ་དུ་མ་དང་ལྡན་པ། ལྡོག་པ་གང་གིས་བརྟགས་པ་དེའི་བདག་


DTG032_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་ཡིན་ནོ། །ང་རྒྱལ་མ་ཡིན་པ་ལས་ལོག་པ་དེ་ཉིད་ང་རྒྱལ་དུ་བསྟན་པ་དང༌། རྣམ་པར་མི་རྟོག་པ་ལྡོག་པ་ལས་དེ་ཉིད་རྣམ་པར་རྟོག་པ་ཡིན་ཞེས་ཡིད་གཅིག་པུ་ཁོ་ན་ཡིན་གྱི་བློ་དང་ང་རྒྱལ་མེད་དོ། །ལས་ཀྱི་དབང་པོ་རྣམས་ཀྱང་གུད་ན་མེད་དེ། དེ་རྣམས་ལུས་ཀྱི་དབང་པོ་ལ་འདུས་པའི་ཕྱིར་རོ། །གང་འདི་ལྟར་སྨྲ་བའི་ཚིག་དང༌། ལེན་པ་དང༌། འགྲོ་བ་དང༌། འདོར་བ་དང༌། དགའ་བ་ལྔ་པོའི་དབྱེ་བས་ནི་མི་རིགས་ཏེ། མ་ཁྱབ་པ་དང་ཐལ་ཆེས་པར་འགྱུར་རོ། །གང་གི་ཕྱིར་རྐང་པ་མེད་པ་སྦྲུལ་ལ་སོགས་པ་རྣམས་ཀྱི་འགྲོ་བ་མེད་པར་ཐལ་བར་འགྱུར་རོ། །སོ་དང་མིག་གི་རྫི་མ་དག་ལྡང་པ་དང༌། བཙུམ་པ་དང༌། ཕྱེ་བ་ལས་ཡོད་པས་ལས་ཀྱི་དབང་པོར་ཐལ་བར་འགྱུར་རོ། །གཞན་ཡང་དུར་བའི་མཆི་མས་དུར་མོ་མངལ་ལེན་པའི་ཕྱིར་མཆི་མ་ཡང་ལས་ཀྱི་དབང་པོར་ཐལ་བར་འགྱུར་རོ། །དེ་བས་ལས་ཀྱི་དབང་པོ་རྣམས་ནི་མེད་དོ། །རང་བཞིན་ཡང་ནི་དེ་ཁོ་ན་ཉིད་གུད་པ་མ་ཡིན་ཏེ། དེ་ཙམ་ལས་ཀྱང་ཐམས་ཅད་སྐྱེ་བའི་ཕྱིར་རོ། །སྐྱེས་བུ་ཡང་ཚད་མས་མ་གྲུབ་པས་ངོ་བོ་ཉིད་མེད་དེ། དེའི་མཐོང་བ་ལ་སོགས་པའི་བྱ་བའི་འབྲེལ་བ་ཇི་ལྟར་འཐད་དོ། །དེ་ལྟར་གྲངས་ཕྱོགས་གཅིག་པ་མ་གྲུབ་པས་ངེས་པ་མེད་དོ། །དེའི་ཕྱིར་ན་ཕུང་པོ་ལྔ་ལས་དངོས་པོ་གང་ཡང་མེད་དོ། །རང་བཞིན་བེམས་པོ་ཡིན་པས་བྱ་བ་ཇི་ལྟར་བྱེད། །བེའུ་འོ་མས་སྐྱེད་པ་ཡིན་ཞེས་མི་རིགས་ཏེ། དེ་ལ་གང་གི་ཕྱིར་བའི་སེམས་ཀྱིས་འོ་མ་སྦྱིན་པ་ལ་འཇུག་པ་ཡིན་གྱི་འོ་མ་ནི་མ་ཡིན་ནོ། །དཔེར་ན་བ་མི་འདོད་ན་རང་གི་བེའུ་ལ་ཡང་མི་སྟེར་བའི་ཕྱིར་རོ། །དེའི་ཕྱིར་སེམས་དང་ལྡན་པ་ཁོ་ན་ལ་འཇུག་པ་དང་ལྡོག་པའོ། །གང་གི་ཕྱིར་སྐྱེས་བུས་མི་བྱེད་དོ་ཞེས་ཁྱེད་ཅག་འདོད་པས་བྱ་བ་ཐམས་ཅད་གང་ལས་འབྱུང༌། དེ་ལྟར་སྐྱེས་བུ་མེད་དེ་དམིགས་པའི་མཚན་ཉིད་དང་ལྡན་པ་མི་དམིགས་པའི་ཕྱིར་རོ། །དཔེར་ན་བུམ་པས་དབེན་པའི་ས་ཕྱོགས་བཞིན་ནོ། །མེད་པ་སྐྱེས་བུ་གང་ཡིན་པ་དེ་ལ་འཆིང་བ་འམ་ཐར་པ་ག་ལས་སྲིད་རི་བོང་རྭ་ལ་སྤོང་བ་དང་ལེན་པ་བཞིན་ནོ། །རང་བཞིན་ཡོད་པས་སྐྱེས་བུ་དང་ལྷན་ཅིག་ཏུ་བྱེ་བྲག་ཡོངས་སུ་ཤེས་པར་རིགས་སོ། །དེ་ཡུལ་


DTG032_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་སྐྱེས་བུ་དུ་མ་དང་དེ་ཐར་པའི་ཕྱིར་རང་བཞིན་དུ་འཇུག་པ་དང་ཐམས་ཅད་ཅེས་བྱ་བ་ནི་མི་རིགས་སོ། །དེ་ལྟར་གྲངས་ཅན་པ་རྣམས་བཀག་གོ །རིགས་པ་པ་དང་ཁྱད་པར་པ་རྣམས་ནི་རྟག་པ་དང་བེམས་པོ་དག་ཏུ་སྨྲ་བ་བདག་གི་ཡོན་ཏན་དགུ་ལོག་པ་ན་ཚིག་གི་དོན་བཅུ་དྲུག་ཡོངས་སུ་ཤེས་པ་ནི། ཚད་མ་བཞིས་གྲུབ་པའི་བདག་ཤེས་པས་གྲོལ་བའོ། །དེ་ལྟར་ཡོངས་སུ་མི་ཤེས་པས་འཆིང་བའོ། །དེ་རྣམས་ལ་ལན་འདི་ཡིན་ཏེ། བདག་མེད་དེ་དམིགས་པའི་མཚན་ཉིད་དང་ལྡན་པ་མི་དམིགས་པའི་ཕྱིར་ཏེ། བུམ་པས་དབེན་པའི་ས་ཕྱོགས་བཞིན་ནོ། །གང་ཡོངས་སུ་ཤེས་པས་གྲོལ་བ་ཡོན་ཏན་དགུ་པོ་དེ་གང་ཡིན། གལ་ཏེ་འདི་ལྟར་འདོད་ན་ཁྱེད་ཅག་ཕུང་པོ་ལྔ་ཁོ་ན་བདག་ཡིན་ན། དེ་ནི་མི་རིགས་ཏེ། ཕུང་པོ་མི་རྟག་པས་བདག་ཀྱང་མི་རྟག་པར་ཐལ་བར་འགྱུར་རོ། །ཡང་ན་མི་རྟག་པ་མ་ཡིན་ཏེ་དེ་དང་གཞི་མཐུན་པ་མེད་པས་འོན་ཀྱང་ཕུང་པོ་ལ་བདག་ཡོད་དོ་ཞེས་གཞི་དང་གཞི་ཅན་གྱི་ཐ་སྙད་དུ་གནས་ཞེས་འདོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། རྟག་པ་དང་མི་རྟག་པ་དག་གི་གཞི་དང་གཞི་ཅན་མི་འཐད་པའི་ཕྱིར་རོ། །ཡང་ན་གཞི་དང་གཞི་ཅན་གྱི་འབྲེལ་པ་ཡོད་མོད་ཀྱི་འོན་ཀྱང་རྒྱུ་དང་འབྲས་བུའི་འབྲེལ་པ་ཁོ་ན་གཞི་དང་གཞི་ཅན་གྱི་འབྲེལ་པ་ཡིན་གྱི་གཞན་མ་ཡིན་ནོ། །འདི་ལྟར་རྟེན་གྱིས་བརྟེན་པའི་ལྟུང་བ་འགོག་པར་བྱེད་པའི་མཚན་ཉིད་ཀྱི་གནས་སྐབས་སྐྱེད་པར་བྱེད་པ་ཡིན་ཏེ། ལྟུང་བའི་ཆོས་དང་མི་ལྟུང་བའི་ཆོས་ཅན་ཐ་དད་པ་ཡིན་ཕྱིར་རོ།། དངོས་པོའི་གནས་སྐབས་གཞན་སྐྱེད་པར་བྱེད་པ་ནི་བྱ་བ་ཡིན་ཏེ། སྐད་ཅིག་མའི་རང་བཞིན་ཡོད་པའི་ཕྱིར་རོ། །དཔེར་ན་སྣོད་ལ་འབྲས་བུ་བཞིན་ནོ། །གཞི་གང་ཡིན་པ་དེ་ཉིད་རྒྱུ་ཡིན་ཞེས་བྱ་བའི་གཞི་ཅན་ཡང་མི་རྟག་པར་འགྱུར་རོ། །དེ་ཡང་མི་རིགས་ཏེ། བདག་རྟག་པ་ཡིན་པའི་ཕྱིར་རོ། །བདག་ལ་ཕུང་པོ་ཡོད་ཅེས་ཕྱོགས་ནི་མི་རིགས་ཏེ། སྔ་མ་བཞིན་དུ་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བྱ་བའི་རབ་ཏུ་སྐྱེད་པས་རྒྱུ་ཉམས་པར་མཐོང་བའི་ཤིན་ཏུ་ཡང་བདག་མི་རྟག་པར་ཐལ་བར་འགྱུར་རོ། །རྒྱུ་དེ་རྣམས་ནི་ངེས་པར་འབྲས་བུ་དང་ལྡན་


DTG032_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་ཏེ་ཞེས་ཁྱོད་ཀྱི་བདག་གི་ཕུང་པོ་རྣམས་མི་སྐྱེད་པར་ཡང་ཡང་སྲིད་པའོ། །ཕུང་པོ་ཁོ་ན་བདག་ཡིན་ཞེས་གཞི་མཐུན་པའི་ཕྱོགས་སུ་སྔར་བཤད་པའི་སྐྱོན་ཁོ་ནར་ཐལ་བར་འགྱུར་ཏེ་ཐ་མི་དད་པའི་ཕྱིར་རོ། །ཕུང་པོ་དང་བདག་ནི་མེ་དང་བུད་ཤིང་བཞིན་དུ་ཐ་མི་དད་ཅེ་ན་དེ་ཡང་མེད་དོ། །གལ་ཏེ་དེ་ལྟར་ཡིན་ན་བུད་ཤིང་ཉམས་པ་ལས་མི་སྐྱེ་བ་ནི་མེ་ཡིན་གྱི་གཞན་མ་ཡིན་ནོ། །དེ་བཞིན་དུ་བདག་ཉམས་པ་ལས་ཕུང་པོ་སྐྱེ་བར་འགྱུར་བས་བདག་ཡོད་པ་མ་ཡིན་ནོ། །ཡང་ན་བདག་ཡོངས་སུ་གྱུར་ཞིང་ཕུང་པོ་སྐྱེ་བ་མ་ཡིན་གྱི། །འོན་ཀྱང་ཕུང་པོ་ཡོངས་སུ་གྱུར་པ་ལས་བདག་ཏུ་འགྱུར་རོ་ཞེ་ན་སྨྲས་པ། ཕུང་པོ་མ་གཏོགས་པའི་བདག་མི་དམིགས་པས་མེད་དོ་ཞེས་རྟག་པ་ཉིད་ཀྱང་མེད་དོ། །བེམས་པོ་ཉིད་ཀྱང་མི་རིགས་ཏེ་བྲག་དང་འདྲ་བའི་བེམས་པོ་ལ་འཆིང་བ་དང་གྲོལ་བའི་ཐ་སྙད་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་ཡོན་ཏན་དགུ་པོ་མཐོ་རིས་དང་དམྱལ་བ་སྒྲུབ་པར་བྱེད་པ་ཇི་ལྟར་རིགས། །ཆོས་དང་ཆོས་མིན་བདེ་སྡུག་བསྔལ། །འདོད་དང་ཞེ་སྡང་དེ་བཞིན་ཏེ། །རྩོལ་བ་ཤེས་པ་འདུ་བྱེད་རྣམས། །བདག་ཡོད་པ་ལ་རྟགས་རྣམས་སོ། །ཞེས་འབྱུང་བ་དེ་ནི་མི་རིགས་ཏེ། །གང་གི་ཕྱིར་རྟགས་ནི་རྟགས་ཅན་མཚོན་པར་བྱེད་པས་དེ་ལས་ཐ་དད་པ་ཡིན་ནམ། །ཐ་མི་དད་པ་ཡིན། །གལ་ཏེ་ཐ་དད་པ་ཡིན་ན་དངོས་པོ་ཐམས་ཅད་ལ་ཆོས་ལ་སོགས་པ་རྟགས་སུ་འགྱུར་རོ། །ཡང་ན་ཐ་མི་དད་པ་ཡིན་ན་དེའི་ཚེ། །རང་རིག་པ་ཡིན་ནམ། །གཞན་ཡིན། །དེ་ལས་གཞན་ཡིན་ན། །རང་གིས་མི་རིགས་པའི་ཆོས་ལ་སོགས་པས་དམྱལ་བ་དང་མཐོ་རིས་ལ་སོགས་པའི་འབྲས་བུ་དང་འབྲེལ་པ་མེད་དོ། །རང་རིག་པ་ཡིན་ན་བེམས་པོ་ཉིད་དུ་ཇི་ལྟར་འགྱུར་ཞེས་ཕན་ཚུན་འགལ་བའོ། །མེ་དང་དུ་བ་བཞིན་དུ་བདག་དང་རྟགས་དག་གི་འབྲེལ་པ་ཡིན་ན་དེ་ཡང་ཆོས་ལ་སོགས་པའི་བྱ་བ་རྟོགས་པར་བྱེད་པ་འབྱུང་བས་རྟོགས་པར་བྱ་བ་རྒྱུར་འགྱུར་བ་བདག་འགོག་པར་ཐལ་བར་འགྱུར་ཏེ། འབྲས་བུ་འབྱུང་བས་རྒྱུ་རྣམས་ཉམས་པར་འགྱུར་བའི་ཕྱིར་བདག་མེད་བདག་ཅེས་རིགས་པ་པ་དང་བྱེ་བྲག་སྨྲ་བ་རྣམས་ལ་ལན་ནོ། །འཇིག་རྟེན་རྒྱང་ཕན་པས་ནི་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་


DTG032_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཔག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལག་པ་རེག་པས་ལོད་པ་ཡིས། །དཀའ་བའི་ལམ་དུ་རྒྱུག་པ་ན། །རྗེས་སུ་དཔག་པ་གཙོར་གྱུར་ལ། །ལྟུང་བ་དག་ནི་དཀོན་པ་མིན། །འབད་པས་དོན་ནི་རྗེས་དཔག་པ། །མཁས་པ་མཇལ་བར་སྤྲོ་རྣམས་ཀྱི། །ཤིན་ཏུ་མཁས་པ་གཞན་རྣམས་ཀྱིས། །རྣམ་པ་གཞན་དུ་སྒྲུབ་པར་བྱེད། །དེ་བས་ན་རྗེས་སུ་དཔག་པ་མེད་དོ། །གང་མངོན་སུམ་གྱིས་ཉེ་བར་དམིགས་པ་དེ་ཡོད་དོ། ཇི་སྐད་དུ། ཇི་སྲིད་འཚོ་བར་བདེ་ཚོལ་ཞིང༌། །ཤི་ནས་འབྱུང་བ་ཁྱོད་ལ་མེད། །ཐལ་བར་འགྱུར་བའི་འཆི་བ་ལ། །སླར་ཡང་འབྱུང་བག་ལས་འགྱུར། །ཞེས་འབྱུང་ངོ༌། །དེ་བཞིན་དུ་འབྱུང་བ་ཆེན་པོ་བཞི་འགྱུར་བ་ལས་སྣ་ཚོགས་འདི་དག་སོ་སོར་སྣང་བ་ཡིན་གྱི་སེམས་པ་ཞེས་བྱ་བ་གཞན་གང་ཡང་མེད་དེ། གང་གི་ལོངས་སྤྱོད་དང་ཐར་པ་བསྒྲུབ་པར་བྱ་བའི་ཕྱིར། རྗེས་སུ་དཔག་པ་ཚད་མ་ཉིད་ཡིན་ནོ། །གལ་ཏེ་འབྱུང་བ་ཆེན་པོ་ཡོངས་སུ་གྱུར་པ་མཚུངས་པ་ཡིན་ན་ཡང༌། གཡོ་བ་ཉིད་དང་མི་གཡོ་བ་ཉིད་མི་རིགས་སོ་ཞེ་ན། དེ་ལ་ཡང་སྨྲས་པ་ངེས་པ་ཅན་གྱི་འབྲུ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཆང་གིས་ཇི་ལྟར་མྱོས་པའི་ནུས་པ་དེ་བཞིན་དུ་ཕ་དང་མ་ལས་སྐྱེས་པའི་ལུས་ཀྱི་གོང་བུའི་སེམས་ཀྱི་ནུས་པ་སྐྱེ་བར་འགྱུར་རོ། །ཤིང་ལ་སོགས་པའི་དངོས་པོ་རྣམས་དེ་ལྟར་མ་སྐྱེས་པས་སེམས་པ་མེད་དོ། །འབྱུང་བ་ཆེན་པོ་ཡོངས་སུ་གྱུར་པ་ནི་མཚུངས་པ་ཁོ་ནའོ། །དེ་ཡང་མི་རིགས་ཏེ། འབྱུང་བ་ཆེན་པོ་ནི་བེམས་པོ་དང་སེམས་པ་ནི་བེམས་པོ་མ་ཡིན་པས་ཤེས་པ་དེ་དག་ནི་ཕན་ཚུན་རྒྱུ་གཅིག་པ་ནི་མི་རིགས་སོ། །རྒྱུ་མཚུངས་པ་ཡིན་པས་ཐམས་ཅད་སེམས་པ་ཉིད་དུ་འགྱུར་བའམ་སེམས་པ་མེད་པ་ཉིད་དུ་འགྱུར་རོ། །རྒྱུ་མེད་ན་རྟག་ཏུ་ཡོད་པ་འམ་མེད་པ་ཉིད་དུ་འགྱུར་རོ། །ཇི་སྐད་དུ། རྒྱུ་མེད་གཞན་ལ་ལྟོས་མེད་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར།། དངོས་པོ་ཡི་ནི་ལྟོས་པ་ལས། །བརྒྱ་ལ་ཉིད་དུ་འབྱུང་བར་འགྱུར། །དོན་གཞན་རྒྱུ་མཚན་ཅན་ཉིད་ནི། །ཆོས་དེ་གཞན་པ་ཉིད་དུ་འགྱུར། །ཕྱི་ནས་འབྱུང་བ་རྒྱུ་མེད་ཉིད། །འབྲས་བུ་ངེས་པ་ཅན་མི་འགྱུར། །ཞེས་གསུངས་པས་སོ། །སེམས་པ་དང་འབྱུང་བ་ཆེན་པོ་རྣམས་ནི་ཐ་དད་མེད་ཅིང་ཐ་


DTG032_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དད་མེད་པའི་རྒྱུ་ཅན་ནོ། །གལ་ཏེ་འབྱུང་བ་ཆེན་པོ་ལས་ཐ་དད་པ་བདག་གིས་སེམས་པ་ཁས་མ་བླངས་ཏེ། འོན་ཀྱང་དེའི་རང་བཞིན་དེ་རྣམས་ཡིན་ཞེས་ཟེར་བ་ན། འདི་ཡང་བདེན་པ་མ་ཡིན་ཏེ། སེམས་དང་འབྱུང་བ་ཆེན་པོ་དག་ནི་ཐ་དད་པའི་ཚད་མའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དཔེར་ན་དབང་པོའི་མངོན་སུམ་གྱིས་འདི་ཉིད་དུ་སོ་སོར་སྣང་བ་ནི་འབྱུང་བ་ཆེན་པོའོ། །རང་རིག་པའི་མངོན་སུམ་གྱིས་བདག་ཉིད་དུ་སོ་སོར་སྣང་བ་ནི་སེམས་པ་ཉིད་དོ། །འདི་ཉིད་དང་བདག་ཉིད་དབང་པོ་དང་རང་རིག་པའི་མངོན་སུམ་གྱི་ཚད་མ་དག་དང་གཞལ་བྱ་རྣམས་ཕན་ཚུན་ཐ་དད་པའི་ཕྱིར་རོ། །ཆོས་རྣམས་ཀྱི་འདི་ཉིད་ཁོ་ན་དབྱེ་བའམ་དབྱེ་བའི་རྒྱུ་སྟེ། གང་འགལ་བའི་ཆོས་དང་ལྡན་པའམ་རྒྱུའི་དབྱེ་བའོ། །དེ་ལྟར་ན་བདེ་བར་གཤེགས་པ་ཁྱེད་རྣམས་ལ་དངོས་པོ་གཅིག་ལ་ནི་ཚད་མ་ཐ་དད་པ་འཇུག་པར་མཐོང་ངོ༌། །འདི་ལྟ་སྟེ། དངོས་པོ་ཉིད་དང་སྐད་ཅིག་མ་དག་བཞིན་ནོ། །དཔེར་ན་མངོན་སུམ་ཡན་ལག་ཐམས་ཅད་དང་ལྡན་པ་མ་ཉམས་པའི་དངོས་པོ་ངེས་པར་བྱས་པའམ། སླར་ཡང་དེ་ཉིད་དུ་རྗེས་སུ་དཔག་པས་སྐད་ཅིག་མའི་ངོ་བོར་དཔག་པར་བྱ་བ་དེ་བཞིན་དུ་འབྱུང་བ་དང་སེམས་པའི་བདག་ཉིད་ཅན་དབྱེར་མེད་པའི་དངོས་པོ་ཅན་ལ་ཡང་དབང་པོའི་མངོན་སུམ་དང་རང་རིག་པའི་མངོན་སུམ་འཇུག་པར་འགྱུར་ཞེ་ན། སྨྲས་པ་དབྱེར་མེད་པའི་དངོས་པོ་མངོན་སུམ་གྱིས་ཡོངས་སུ་གཅོད་པ་ཡིན་ཏེ། འོན་ཀྱང་ཡུལ་གང་དུ་གང་ལ་ཐེ་ཚོམ་ཡོད་པ་དེ་དག་ཏུ་འཇལ་བ་པོ་དེའི་འཁྲུལ་པ་ཙམ་ཡང་སྤང་བར་བྱ་བའི་ཕྱིར་རྗེས་སུ་དཔག་པ་འཇུག་པར་འགྱུར་ཏེ། དཔེར་ན་དངོས་པོ་རྟག་པར་སྨྲ་བའི་སྐད་ཅིག་མ་ཡིན་པ་ཉིད་ཀྱིའོ། །ཁྱེད་ཅག་ལ་ཡང་འཁྲུལ་བ་གང་ཡང་མི་དགོས་ཏེ། གང་བཟློག་པར་བྱ་བའི་ཕྱིར་ཚད་མ་གཞན་བཙལ་བར་བྱ་སྟེ། སེམས་པ་ཉིད་འབྱུང་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དབྱེར་མེད་པའི་དངོས་པོ་ལ་ཐ་དད་པའི་ཚད་མ་འཇུག་པར་མཐོང་བའི་ཕྱིར་སེམས་པ་ཐ་དད་པ་ཡོད་པ་ཁོ་ནའོ། །ཆང་གིས་མྱོས་པ་བཞིན་ཞེས་དཔེ་ནི་དོན་དང་མི་ལྡན་པ་སྟེ། ལྷན་ཅིག་མི་དམིགས་པའི་ཕྱིར་རོ། །གང་གི་ཚེ་ཆང་གི་རྫས་མྱོང་བར་མི་བྱེད་པ་ན་དེའི་ཚེ་མྱོས་པའི་ནུས་པ་ག་ལ་ཡོད་དེ། །ཆང་


DTG032_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མྱོས་པར་གྱུར་པ་ན་ཡང་ལུས་ཀྱི་ནང་དུ་ཐིམ་པས་མྱོང་བའི་ནུས་པ་གཅིག་ཏུ་སྣང་གི་ཆང་ནི་མ་ཡིན་ཞེས་ལྷན་ཅིག་དམིགས་པ་མེད་དོ། །དེ་བཞིན་དུ་ཡང་འབྱུང་བ་དང་སེམས་པ་དག་ལ་མེད་དོ། །དཔེར་ན་ལུས་མེད་པས་ཀྱང་ཕྲ་བའི་ལུས་དང་ལྡན་པའི་སེམས་པ་ཡོད་པ་ཉིད་དོ། །སེམས་དང་ལྡན་པ་ནི་ལུས་ཐམས་ཅད་དུ་མཐོང་ངོ༌། །གཟུགས་མེད་པའི་ཁམས་ལ་ཡང་ཏིང་ངེ་འཛིན་གྱི་ལུས་མེད་པར་མི་འབྱུང་བའོ། །གཞི་དང་གཞི་ཅན་གྱི་འབྲེལ་པ་ནི་ལུས་དང༌། སེམས་དག་ལ་འབྲེལ་པ་རིགས་པ་ཉིད་དོ། །གཞི་འཇིག་པས་གཞི་ཅན་འཇིག་པར་མ་མཐོང་སྟེ། ཤིང་བཅད་པས་བྱ་རོག་བཅད་པ་མ་མཐོང་ངོ༌། །གལ་ཏེ་དེ་ལྟ་ཡིན་ན་གསོན་པ་དང་འཆི་བའི་ཐ་སྙད་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། ཐོག་མ་མེད་པའི་དུས་ནས་སྲེད་པ་དང་མ་རིག་པའི་བག་ཆགས་ཀུན་འབྱུང་གི་བདེན་པའི་རྣམ་གྲངས་ཅན་གྱི་དབང་གིས་སྲོག་དང་དབང་པོའི་ཚོགས་གཡོ་བར་གྱུར་པས་ཚེ་གནས་པར་བྱེད་པའི་ལས་ཀྱི་དབང་གིས་ཕུང་པོ་ཟ་མ་ཏོག་གི་ནང་དུ་ཇི་སྲིད་རྣམ་པར་ཤེས་པ་གནས་པ་དེ་སྲིད་གསོན་པོ་ཡིན་ཞེས་ཐ་སྙད་འབྱུང་ངོ༌། །ཚེ་གནས་པར་བྱེད་པའི་ལས་འགོག་པས་སྲོག་ལ་སོགས་པའི་འཁོར་ལོ་འཛད་པས་འཆིའོ་ཞེས་འཇིག་རྟེན་དུ་གྲགས་སོ། །རྣམ་པར་ཤེས་པ་ནི་ཡང་དང་ཡང་དུ་སྐྱེ་ཞིང་འགོག་པར་འགྱུར་ཞེས་འབྱུང་བ་ཆེན་པོ་ལས་སེམས་ཐ་དད་པ་ཁོ་ནའོ། །དེའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡོད་དེ་དེ་རྣམས་ཀྱི་ཡང་བདེ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་དགེ་བ་དང་མི་དགེ་བ་ཡོད་པས་མཐོ་རིས་དང་དམྱལ་བ་ལ་སོགས་པ་ཡོད་ཅེས་དེ་རྟོགས་པར་བྱ་བའི་ཕྱིར་རྗེས་སུ་དཔག་པ་ཡང་ཡོད་པ་ཁོ་ནའོ་ཞེས་འཇིག་རྟེན་རྒྱང་ཕན་པ་ལ་ལན་ནོ། །མཆོད་འོས་རྣམས་ཀྱིས་ཀྱང་ཡོངས་སུ་འགྱུར་བ་དང༌། གང་ཟག་རྟག་པ་ཡིན་ཞེས་སྨྲ་བའོ། །དེ་རྣམས་ཀྱི་གཞུང་འདི་ཡིན་ཏེ། དུས་གསུམ་གྱི་དངོས་པོ་རྣམས་ནི་གང་མ་འོངས་པའི་དུས་སུ་གནས་པ་དེ་དག་དེ་ལྟར་འབྱུང་བར་འགྱུར་ཏེ། གང་ཡང་ད་ལྟར་བྱུང་བ་དེ་དག་འདས་པའི་དུས་ཉིད་དུ་འགྱུར་ཏེ། འདས་པ་རྣམས་ཀྱང་མ་འོངས་པར་འགྱུར་ཞིང༌། མ་འོངས་པ་ཡང་ད་ལྟར་བྱུང་བར་འགྱུར་


DTG032_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གང་ཡང་སྐྱེ་བ་དང་འཇིག་པར་མི་འགྱུར་ཏེ་གསེར་བཞིན་ནོ། །དཔེར་ན་རྣ་ཆ་འགྱུར་བས་གསེར་དང་གསེར་ཡང་འགྱུར་བས་རྣ་ཆ་ལྟ་བུར་འགྱུར་ཞེས་གསེར་གྱི་རང་གཟུགས་ཉམས་པར་མི་འགྱུར་རོ། །དེ་ལྟར་ཡིན་པས་ཞོ་ཡང་རྔ་མོར་འགྱུར་བ་དང་རྔ་མོ་ཡང་ཞོར་འགྱུར་རོ། །བདག་རྟག་པ་ལ་ནི་འགྱུར་བས་ཀྱང་སྐྱོན་མེད་དོ། །ཇི་སྐད་དུ། སྔ་མའི་ཆོས་གཞན་སྤངས་པ་ནི། །གང་ཚེ་ཆོས་གཞན་ལེན་གྱུར་ན། །ཆོས་ཅན་དེ་ཉིད་ལས་མ་འཕོས། །ཡོངས་སུ་གྱུར་པ་དེ་བཤད་དོ། །ཞེས་འབྱུང་ངོ༌། །དེ་ལ་སྨྲས་པ། གལ་ཏེ་འགྲོ་བ་དང་མི་འགྲོ་བའི་བདག་ཉིད་འགྲོ་བ་བདག་རྟག་པའི་ངོ་བོ་ཡིན་ན། དེའི་ཚེ་ཅིའི་ཕྱིར་ཡོངས་སུ་འགྱུར་ཏེ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནི་རང་གི་གཟུགས་འཇིག་པའི་བདག་ཉིད་མི་རྟག་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་ཁྱད་པར་རོ། །གང་མི་རྟག་པ་དེ་ཇི་ལྟར་བདག་ཡིན་གལ་ཏེ་གསེར་དང་མདུད་པ་དང་ཁུ་ཚུར་གྱི་རིགས་པས་རང་གི་ངོ་བོ་མི་འཇིག་ཅེས་ཟེར་ན། དེ་ཡང་མི་རིགས་ཏེ། གསེར་ལ་ཁྱད་པར་མཐོང་བའི་ཕྱིར་རོ། །དཔེར་ན་གསེར་ལྟར་སྣང་བ་འཇིག་པས་ཀྱང་དེ་ནི་བརྟག་པ་ཤེས་པ་རྣམས་ཀྱིས་སྲ་བ་དང་ཁ་དོག་ལ་སོགས་པས་བྱས་པའི་ཁྱད་པར་འགས་ངེས་པར་འབྱུང་ངོ༌།། གང་ཁྱད་པར་འབྱུང་བ་དེ་ཉིད་མི་རྟག་པ་ཉིད་དོ། །གལ་ཏེ་བདག་ཅེས་བྱ་བ་ཐ་དད་པ་དང་ཐ་མི་དད་པ་ཡང་རུང་སྟེ། དེའི་རང་གི་ངོ་བོ་འཇིག་པར་མི་འགྱུར་ཞེ་ན། དེ་ཡང་བདེན་པ་མ་ཡིན་ཏེ། ཐ་དད་པ་དང་ཐ་མི་དད་པ་ནི་ཕན་ཚུན་འགལ་བའོ། །གལ་ཏེ་ཐ་དད་ན་ཅིའི་ཕྱིར་ཐ་མི་དད། ཐ་མི་དད་པ་ལ་ཐ་དད་པ་ཡང་མི་རིགས་ཏེ། ཐ་མི་དད་པ་ཡང་ཡིན་ལ་ཐ་དད་པ་ཡང་ཡིན་ཞེས་འགལ་བའི་ཆོས་བརྟགས་པའི་དབང་གིས་བདག་ཇི་ལྟར་བརྟག་པར་འགྱུར་རོ། །དེའི་ཕྱིར་ན་གང་ཟག་གི་ཐ་སྙད་ནི་བརྟགས་པ་ཡིན་ནོ་ཞེས་མཆོད་འོས་པ་ལ་ལན་ནོ། །ཞི་བ་བ་ན་རེ་རྟག་ཅིང་ཐམས་ཅད་བྱེད་པ་ཀུན་ཤེས་པ་འདོད་པ་དང་བྱ་བ་དང་ཡེ་ཤེས་ཀྱི་ནུས་པ་གསུམ་གྱི་མཐུས་སྐྱེ་བ་དང་གནས་པ་དང༌། འཇིག་པར་བྱེད་པ་འཇིག་རྟེན་གསུམ་གྱི་དབང་ཕྱུག་ཁོ་ན་རྒྱུ་ཡིན་ཞེས་དེ་ཉིད་ལས་ཐམས་ཅད་འབྱུང་ཞིང་ཐིམ་པར་འགྱུར་རོ། །བརྟན་པ་དང་གཡོ་བའི་དབྱེ་བས་དབྱེ་བར་འགྱུར་བའི་


DTG032_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་དངོས་པོ་གང་ཡིན་པ་དེ་དག་ཐམས་ཅད་འཇིག་པའི་ཆོས་ཅན་དེ་ལས་འབྱུང་ཞིང༌། རང་ཉིད་ནི་མི་འཇིག་གོ །ཇི་སྐད་དུ། འདིར་ནི་གནས་སྐབས་གཉིས་ཡིན་ཏེ། །བྱ་བ་བྱེད་པ་ཉིད་དུ་གྲགས། །བྱ་བ་ཉིད་ནི་ཟད་གྱུར་པ། །བྱེད་པ་ཉིད་ནི་ཟད་མེད་དོ། །ཞེས་འབྱུང་ངོ་། །སྦྱོར་བ་ནི་གང་དང་གང་རྒྱུ་རྟག་པ་ལས་བྱུང་བ་དེ་དག་ནི་འཇིག་པའི་ཆོས་ཅན་དུ་མཐོང་སྟེ། དུག་གི་ཤིང་གི་མྱུ་གུ་དང་འདབ་མ་དང་འབྲས་བུ་དང་ཡལ་ག་བཞིན་ནོ། །རྟག་པའི་དབང་ཕྱུག་ལས་འབྱུང་བ་ཐམས་ཅད་འཇིག་པའི་ཆོས་ཅན་ཡིན་གྱི་རྩ་བར་གྱུར་པའི་དབང་ཕྱུག་ལ་འཇིག་པ་མེད་དེ་ནམ་མཁའ་བཞིན་ཞེས་རང་བཞིན་གྱི་གཏན་ཚིགས་སོ། །སྨྲས་པ། གལ་ཏེ་དེས་ཁམས་གསུམ་སྐྱེད་པར་བྱེད་ན་དེའི་ཚེ་ཇི་ལྟར་རྟག་པ་ཡིན་ཏེ། བྱེད་པ་དང་རྟག་པ་ཉིད་ཕན་ཚུན་འགལ་བའི་ཕྱིར་རོ། །བྱེད་པ་པོ་ཡིན་ན་ཅིའི་ཕྱིར་སྔོན་དུ་མི་བྱེད། ལྷན་ཅིག་བྱེད་པ་ལ་ལྟོས་པ་ཅི་དགོས་ཏེ། ལྟོས་པ་དང་བཅས་པ་ནི་ནུས་པ་མེད་པའི་ཕྱིར་རོ། །ཡང་ན་ལྟོས་པ་མི་དགོས་ན་དེའི་ཚེ་ཅི་སྟེ་བྱེད་དེ་ནམ་མཁའ་བཞིན་ནོ། །དེའི་ཕྱིར་བྱ་བའི་དུས་དང་བྱ་བ་མེད་པའི་དུས་དག་ཡོད་པས་བྱེད་པ་དང་མི་བྱེད་པས་ཕན་ཚུན་འགལ་བ་ཡིན་པས་མི་རྟག་པ་ཁོ་ནའོ། །ཡང་ན་གལ་ཏེ་དབང་ཕྱུག་དེས་རང་དབང་དུ་བྱེད་པ་ཡིན་ན་དེའི་ཚེ་སྔོན་དུ་བཤད་པའི་ནུས་པ་གསུམ་ལ་ལྟོས་པ་མི་རིགས་སོ། །ཡང་ན་དབང་ཕྱུག་ལས་ནུས་པ་ཐ་མི་དད་པ་ཞེ་ན། དེའི་ཚེ་ནུས་པ་ཁོ་ན་བྱེད་པ་ཡིན་གྱི་དབང་ཕྱུག་ནི་མ་ཡིན་ནོ། །ཡང་ན་དབང་ཕྱུག་བྱེད་པ་པོ་ཡིན་ན་ནུས་པས་ཅི་ཞིག་བྱ། །ཡང་ན་དབང་ཕྱུག་གི་ནུས་པས་ཞེས་འབྲེལ་པ་གང་ཞིག་ཡིན། །དེའི་བདག་ཉིད་ལ་སྔོན་དུ་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །རྒྱུ་འབྲས་ཀྱི་འབྲེལ་པས་ཀྱང་དབང་ཕྱུག་ལ་ནུས་བ་སྐྱེས་པས་དབང་ཕྱུག་འགོག་པར་འགྱུར་རོ། །དེ་ཡང་འདོད་པ་མ་ཡིན་ཏེ། དེ་རྟག་པའི་ཕྱིར་རོ། །རྒྱུ་རྣམས་ནི་ངེས་པར་འབྲས་བུ་དང་ལྡན་པར་མི་འགྱུར་ཞེས་ནུས་པ་ཁོ་ན་རྒྱུ་རུ་འགལ་བ་མེད་དོ། །དེ་བས་ན་དབང་ཕྱུག་བྱེད་པ་པོར་མི་འགྱུར་རོ། །འདུ་བའི་འབྲེལ་པས་དེའི་བདག་ཉིད་དུ་འཐད་ཅེ་ན། འདུ་བ་ཞེས་བྱ་བ་ཅི་ཡིན་ན་སྣམ་བུ་དང་སྣལ་མ་ཐ་དད་པ་དག་ལ་ཡང་འདིར་སྣལ་མ་ལ་སྣམ་བུ་


DTG032_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཐ་སྙད་ཡིན་ཞེ་ན། འོ་ན་ནི་སྣལ་མ་ལས་མ་གཏོགས་པའི་སྣམ་བུ་གང་ཞིག་ཡོད། གང་ལ་ལྟོས་པས་དེ་དག་གི་འདུ་བའི་འབྲེལ་པར་འགྱུར། ཆུ་དང་ཞེང་གི་བདག་ཉིད་ཁེབས་པ་ལ་སོགས་པའི་བྱ་བ་བྱེད་པ་སྣམ་བུ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། དེའི་ཚེ་དེ་དག་སྣལ་མ་མ་ཡིན་གྱི་སྣམ་བུ་གཅིག་པུ་ཁོ་ན་དོན་གྱི་བྱ་བ་བྱེད་པས་སོ། །གང་དོན་གྱི་བྱ་བ་བྱེད་པ་དེ་ཉིད་བདེན་པའི་དོན་ནོ། །གལ་ཏེ་སྣམ་བུ་མ་ཡིན་ན་དེའི་ཚེ་སྣལ་མ་མ་ཡིན་པས་འབྲེལ་པ་མེད་དེ། གཉིས་ལ་འབྲེལ་པ་ཡོད་པའི་ཕྱིར་རོ། །ཡང་ན་རྒྱུ་སྤུན་དང་སྣམ་བུ་རང་གི་བདག་ཉིད་དུ་གནས་པ་ཡིན་ན་དེའི་ཚེ། འབྲེལ་བ་མེད་དེ་རང་དབང་ཡིན་པས་སོ། །ཇི་སྐད་དུ། གང་ཕྱིར་འབྲེལ་བ་གཞན་དབང་ནི། །གྲུབ་པས་གཞན་དབང་གང་ཞིག་ཡོད། །དེ་བས་དངོས་པོ་ཐམས་ཅད་ཀྱི། །དེ་ཉིད་ཀྱིས་ནི་འབྲེལ་བ་མེད། །ཅེས་འབྱུང་ངོ༌། །གལ་ཏེ་འདུ་བའི་མཚན་ཉིད་ཀྱི་འབྲེལ་པས་སྣལ་མ་དང་སྣམ་བུའི་འབྲེལ་པ་ཡིན་ན་དེའི་ཚེ་འདུ་བ་ལ་གཞན་འདུ་བ་དང་དེ་ལ་ཡང་གཞན་དང་གཞན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ལྟོས་པ་མེད་ན་དེའི་ཚེ་འབྲེལ་པ་མེད་པ་དེས་གང་གི་འབྲེལ་པ་བྱེད། དེ་བས་ན་སྣལ་མ་རྣམས་དང་སྣམ་བུ་དག་ཐ་དད་པ་ཁོ་ནར་སྣང་བར་གྱུར་ན། དེ་ལྟར་ཡང་མ་མཐོང་སྟེ། འདིར་སྣལ་མ་ལ་སྣམ་བུ་ཡོད་ཅེས་སྒྲ་དང་རྣམ་པར་རྟོག་པ་ཙམ་ཡིན་གྱི་ཚད་མ་ཡིན་ནོ། །དེ་བས་ན་དངོས་པོ་རྣམ་པར་དཔྱོད་པ་ན་སྣམ་བུ་ཞེས་བྱ་བ་མེད་དོ། །སྣལ་མ་ཁོ་ན་ནི་ཐགས་མཁན་གྱི་ཡོངས་སུ་ལས་ཀྱི་ནུས་པས་གནས་སྐབས་དེ་ལྟ་བུ་ཐོབ་པ་གང་གིས་ཁེབས་པ་ལ་སོགས་པའི་བྱ་བ་བྱེད་པའོ། །བློ་དམན་པས་སྣམ་བུ་ཞེས་རྟོག་སྟེ། བུམ་པ་ཆག་པ་བཞིན་ནོ། །དཔེར་ན་རྫ་མཁན་གྱི་སྤྲུལ་པའི་དུས་སུ་འཇིག་པའི་ཆོས་ཅན་ཁོ་ན་བུམ་པ་སྐྱེས་པ་དེ་འཇིག་པར་བྱེད་པ་རྒྱུ་གཞན་མེད་དོ། །ཐོ་བ་ལ་སོགས་པ་ཕྲད་པའི་དུས་སུ་བུམ་པ་ཆག་གོ་ཞེས་འཇིག་རྟེན་པས་སེམས་སོ། །བུམ་པ་དེ་འཇིག་རྟེན་པ་མ་ཡིན་ཏེ། དང་པོ་ཁོ་ན་དེ་འཇིག་པས་སོ། །གྱོ་མོ་ལ་སོགས་པའི་འབྲས་བུའི་གནས་སྐབས་གཞན་སྐྱེས་པ་ཉིད་དོ། །དེ་བཞིན་དུ་སྣལ་མ་རྣམས་ནི་ཁེབས་པ་ལ་སོགས་པའི་ལས་ཅན་ལ་སྣམ་བུར་བཏགས་པའོ། །


DTG032_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་འདུ་བའི་འབྲེལ་པ་མེད་པས་དབང་ཕྱུག་དང་ནུས་པ་གཅིག་པ་མ་ཡིན་ནོ། །གལ་ཏེ་ནུས་པ་དེས་ནུས་པ་གཞན་ལ་ལྟོས་པའམ་མི་ལྟོས་པ་ཡིན་གྲང༌། གལ་ཏེ་ལྟོས་པར་བྱེད་ན་དེའི་ཚེ་དེས་ཀྱང་གཞན་ལ་ལྟོས་པ་དགོས་ཞེས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཡང་ན་ལྟོས་པ་མེད་ན་ནུས་པ་མེད་པ་ནུས་པ་ཉིད་དུ་མི་འགྱུར་རོ། །དེ་བས་ན་སྐྱེད་པར་མི་བྱེད་དོ། །ནུས་པ་དང་དབང་ཕྱུག་ཐ་དད་པས་སྐྱོན་སྔ་མ་བཞིན་ནོ། །དེ་ཉིད་ཀྱིས་ན་ཀུན་ཤེས་པ་ཉིད་ཀྱང་མི་རིགས་ཏེ་དེ་ལ་ཐམས་ཅད་ཤེས་པ་ཉིད་གང་ཡིན་ཞེ་ན། ཐམས་ཅད་ཤེས་པ་ན་ཐམས་ཅད་ཤེས་པ་ཞེ་ན། འདས་པ་ལ་སོགས་པའི་དུས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པའམ། སེམས་ཀྱི་རང་བཞིན་ཤེས་ཤེ་ན། གལ་ཏེ་འདས་པ་ལས་སོགས་པ་ཤེས་ན་དེའི་ཚེ་ཁྱུ་མཆོག་དང་འཕེལ་བ་ལ་སོགས་པས་བྱས་པའི་སྐར་མའི་བསྟན་བཅོས་ཡོངས་སུ་ཤེས་པས་ཕ་རོལ་པོའི་སེམས་ཀྱི་སྤྱོད་པ་དང་དུས་གསུམ་གྱི་མཚན་ཉིད་བདག་ཅག་གིས་ཀྱང་ཤེས་པས་ཐམས་ཅད་ཤེས་པར་ཐལ་བར་འགྱུར་རོ། །ཡང་ན་སེམས་ཀྱི་ངོ་བོ་ཉིད་ཤེས་པ་ཡིན་ན་བདག་ཡོད་པའམ་མེད་པར་ཤེས་ཤེ་ན། བདག་མེད་པར་ནི་མི་ཤེས་ཏེ། དེ་ལྟར་མི་འདོད་པའི་ཕྱིར་རོ། །བདག་ཡོད་པར་ཤེས་ཤེ་ན། དོ་མི་ཤེས་ཏེ་བདག་སྔོན་དུ་བཀག་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་བདག་མེད་པ་ཁོ་ན་དོན་དམ་པ་ཡིན་ཏེ། དེ་ཡང་ལེའུ་གཉིས་པ་ལས་འཆད་པར་འགྱུར་ཏེ་དེའི་ཕྱིར་དེ་ནི་ཐམས་ཅད་ཤེས་པ་མ་ཡིན་ནོ། །བྱེད་པ་ཡིན་དུ་འཇུག་ན་དེས་ནི་ཅིག་ཅར་དུ་ཐམས་ཅད་ཅིའི་ཕྱིར་སྐྱེ་བ་དང་འཇིག་པར་མི་བྱེད་པར་རིམ་གྱིས་པའི་ཕྱིར་མི་རྟག་པའོ། །ལྟོས་པ་མེད་པའི་དངོས་པོས་ཅིག་ཅར་དང་རིམ་གྱིས་དོན་གྱི་བྱ་བ་མ་མཐོང་བས་ནམ་མཁའ་བཞིན་དུ་དབང་ཕྱུག་མེད་དོ་ཞེས་དབང་ཕྱུག་འདོད་པ་ལ་ལན་ནོ། །སྤྱོད་པ་ལ་ཡང་རྣམ་པ་གཉིས་ཏེ། བྱ་བའི་ཕྱོགས་ལ་གནས་པ་དང༌། ཡེ་ཤེས་ཀྱི་ཕྱོགས་ལ་གནས་པའོ། །དེ་ལ་བྱ་བའི་ཕྱོགས་ལ་གནས་པ་ལ་ཚད་མ་བརྒྱད་དེ། ཇི་སྐད་དུ། མངོན་སུམ་དང་ནི་རྗེས་དཔག་དང༌། །སྒྲ་ལས་བྱུང་བ་དཔེ་དང་བཅས། །དོན་གྱི་ཤུགས་དང་མེད་ཉིད་དང༌།།


DTG032_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དང་ཡོད་སྙམ་དེ་བཞིན་ཏེ། །ཞེས་བཤད་པས་སོ། །ཚད་མེད་རྣམས་ཀྱིས་དངོས་པོ་རྣམས་ལ་སྤྱི་དང་ཁྱད་པར་དུ་འཇོག་པར་བྱེད་དོ། །མཆོད་སྦྱིན་ལ་སོགས་པ་སྲོག་གཅོད་པ་དང་བཅས་པས་ཀྱང་མཐོ་རིས་དང་ཐར་བ་དག་འདོད་དོ། །དེ་ཡང་མི་རིགས་ཏེ། དེ་རྣམས་ཀྱི་རིགས་སམ། གསལ་བའམ་སྤྱི་དང་ལྡན་པའམ་དེའི་འབྲེལ་བའི་སྒྲ་དོན་ཡིན་ཞེ་ན། དེ་ལ་སྤྱི་ཞེས་བྱ་བ་གང་ཡང་དངོས་པོ་ལས་གུད་ན་མེད་དེ་དམིགས་པའི་མཚན་ཉིད་དང་ལྡན་པ་དེ་མི་དམིགས་པའི་ཕྱིར་བུམ་པས་དབེན་པའི་ས་ཕྱོགས་བཞིན་ནོ། །དེ་ལྟ་ན་གཅིག་གི་རྣམ་པ་རྟོག་པ་དང་སྒྲ་རྟོག་པར་བྱེད་པའི་རྒྱུ་ནི་སྤྱི་ཡིན་པས་ཁྱེད་ཀྱིས་ཇི་ལྟར་སྦེད་པར་བྱེད་ཅན། དེ་ནི་བདེན་པ་མ་ཡིན་ཏེ་ཁྱད་པར་ཁོ་ན་ཁྱད་པར་གཞན་ལས་ལོག་པས་རྣམ་པར་རྟོག་པ་དང་སྒྲ་གཅིག་ཏུ་སྐྱེད་པར་བྱེད་ཅེས་པར་གཅོད་པར་བྱེད་པ་དེས་ཅི་ཞིག་བྱའོ། །ཁྱད་པར་རྣམས་ནི་སྒྲ་དང་རྣམ་པར་རྟོག་པས་སོ་སོར་བསྟན་མི་ནུས་པས་སྒྲ་དང་ཤེས་པ་གཅིག་པ་ཉིད་བསྐྱེད་པའི་ནུས་པ་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། ཁྱད་པར་གྱིས་ནི་འཇུག་པ་གཙོ་བོ་སྒྲ་དང་རྣམ་པར་རྟོག་པ་སྐྱེད་པར་མི་ནུས་ཏེ། འོན་ཀྱང་རྟོག་བཅས་ཀྱི་རྣམ་པར་ཤེས་པ་ལ་སོ་སོར་སྣང་བའི་སྤྱི་ཙམ་གྱིས་སོ། །དེ་བས་ཇི་སྐད་དུ། བྱེ་བྲག་གཞན་ནི་སོ་སོར་བཀག །མ་བཀག་པ་དང་དེ་དག་གི །བརྡ་ཡི་བྱེ་བྲག་གནས་ཡིན་ཏེ། །ཤེས་པ་པོ་ཡི་འདོད་དོར་རོ། །ཞེས་འབྱུང་ངོ༌། །དེའི་ཕྱིར་མེད་པའི་སྤྱི་ནི་ཁས་བླངས་ཏེ་ཇི་ལྟར་བདག་ཉིད་སྨོད་པར་བྱེད། དེ་བས་སྤྱི་མེད་དེ། ཁྱད་པར་ཡང་སྒྲའི་དོན་མ་ཡིན་ཏེ། ཁྱད་པར་ནི་དོན་གྱི་བྱ་བ་བྱེད་པ་འོན་ཀྱང་དེ་སྐད་ཅིག་མ་ཅན་ཡིན་པས་མི་གནས་པའི་ཆོས་ཅན་ནོ། །གང་ལ་ངོ་བོ་ཉིད་ཀྱིས་གནས་པ་མེད་པ་དེ་ཉིད་དེ་ཇི་ལྟར་རྣམ་པར་རྟོག་པའི་ཤེས་པའམ་སྒྲ་སྐྱེད་པར་ནུས་སོ། །ཇི་སྐད་དུ། སྒྲ་ཡིས་མཚོན་ཆ་བཤད་པ་སྟེ། ཐ་སྙད་ཕྱིར་ནི་དེ་བཤད་དོ། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡ་ཡང་མེད། །ཅེས་འབྱུང་ངོ༌། །འདི་ལ་འདི་ལྟར་དཔྱད་པར་བྱ་སྟེ། ཅི་རྟོག་པ་དང་བཅས་པའི་ཤེས་པ་དང་སྒྲ་དག་ལས་ཁྱད་པར་སྔོན་དུ་འབྱུང་བའམ་ཁྱད་པར་ལས་ཀྱང་སྔོན་དུ་རྣམ་པར་རྟོག་པའི་ཤེས་པ་དང་སྒྲ་དག་འབྱུང་ངམ། ཅི་


DTG032_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་སྐྱེས་པ་རྣམ་པར་རྟོག་པའི་ཤེས་པ་དང་སྒྲ་དང་ཁྱད་པར་རྣམས་ཡིན་ནམ། གལ་ཏེ་ཁྱད་པར་དང་པོ་སྐྱེས་ན་དེའི་ཚེ་དེ་གང་གི་ཡུལ་ཡིན། ཡང་ན་ཕྱིས་སྐྱེས་པ་ཡིན་ན་རྣམ་པར་རྟོག་པ་དང་སྒྲ་དག་གི་ཁྱད་པར་དང་ལྷན་ཅིག་ཏུ་ཕན་ཚུན་འབྲེལ་པ་མེད་དོ།། རྒྱུ་དེ་དག་གིས་རྒྱུ་དང་འབྲས་བུ་འབྲེལ་པ་ནི་ཚད་མ་མ་ཡིན་ཏེ། འཁྲུལ་པ་དང་མ་ངེས་པའི་ཕྱིར་རོ། །ཁྱད་པར་སྒྲ་དང་རྣམ་པར་རྟོག་པ་རྣམས་ལྷན་ཅིག་ཏུ་འབྱུང་བས་གང་གི་གང་ཡུལ་ཡིན་ཞེས་ངེས་པ་མེད་དོ། །མ་ངེས་པ་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་འབྲེལ་པ་མེད་དེ་གཽའུ་སྒྲ་དག་བཞིན་ནོ། །གཞན་ཡང་གལ་ཏེ་ཁྱད་པར་སྒྲའི་དོན་དུ་བརྟགས་ན་དེས་མེའི་སྒྲ་བརྗོད་པའི་དུས་སུ་ཁ་ཚིག་པར་འགྱུར་བ་དང༌། བུམ་པ་བརྗོད་པའི་དུས་སུ་ཡང་བུམ་པས་ཁ་ཁེངས་པར་འགྱུར་རོ། །དེ་ལྟར་ནི་མ་མཐོང་སྟེ། དེའི་ཕྱིར་ན་ཁྱད་པར་ནི་སྒྲའི་དོན་མ་ཡིན་ནོ། །སྤྱི་མེད་པས་སྤྱི་དང་ལྡན་པའང་མེད་དེ་ལྡན་པའི་སྒྲ་ནི་འབྲེལ་པ་བྱེད་པའི་ཚིག་ལས་འབྱུང་བའི་ཕྱིར་རོ། །འབྲེལ་པ་ནི་སྤྱི་བཀག་པའི་སྒོ་ནས་སེལ་བ་ཡིན་ཏེ། གཉིས་ལས་འབྲེལ་པ་འདོད་པའི་ཕྱིར་རོ། །དེའི་ཕྱིར་སྔར་བཤད་པའི་རིམ་པས་འབྲེལ་པ་རྟག་པར་བྱེད་ན་དངོས་པོ་རྣམས་ཀྱི་ཕན་ཚུན་འབྲེལ་བ་གང་ཡང་མེད་དེ་ཐམས་ཅད་རང་ཉིད་ལས་གྲུབ་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་རང་བཞིན་གྱིས། །རང་རང་ངོ་བོར་གནས་པ་སྟེ། །རང་དང་གཞན་གྱི་ངོ་བོ་ལས། །གང་ཕྱིར་ལྡོག་པ་ལ་བརྟེན་པས། །དེ་ཕྱིར་དངོས་རྣམས་གང་གང་ལས། །ལྡོག་པ་དེ་ཡི་རྒྱུ་མཚན་ནི། །སྤྱི་ཡི་དབྱེ་བར་རབ་བརྟགས་པས། །དེ་ཡི་ཁྱད་པར་གཟུང་བར་བྱེད། །དེ་ཕྱིར་གང་ཞིག་ཆོས་གཞན་གྱི། །ཁྱད་པར་ཡང་དག་རྟོགས་འགྱུར་བ། །དེ་ལས་གཞན་གྱིས་དེ་མི་རིགས། །དེས་ན་ཐ་དད་ཐ་སྙད་ཡིན། །གཞན་དབང་ཉིད་དང་འབྲེལ་བ་ཡིན། །ཞེས་བྱ་བ་ལ་སོགས་པས་འབྲེལ་པ་མེད་པར་བཤད་དོ། །དེ་ལྟར་སྤྱི་ལ་སོགས་པ་བཀག་པས་དཔྱོད་པ་པ་རྣམས་ལ་སྒྲའི་དོན་ཉིད་མེད་དོ་ཞེས་དོན་གང་ལ་ཚད་མ་བརྒྱད་དོན་དང་ལྡན་པར་མི་འགྱུར་ཏེ་གཞལ་བྱ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཚད་མ་ལས་གཞལ་བྱ་གྲུབ་ཅེས་


DTG032_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །དེ་བས་ན་ཡུལ་མེད་པའི་སྒྲ་རྣམས་ཀྱིས་དོན་གང་རྗོད་པར་བྱེད་དོ། །གཞན་ཡང་དཔྱོད་པ་པ་རྣམས་ཀྱི་སྒྲའི་དོན་མ་གྲུབ་པས་ཀྱང་ཁས་བླངས་ཏེ་ལན་སྨྲ་བར་བྱ་སྟེ། རེ་ཞིག་བྱ་བའི་ཕྱོགས་སུ་ནི་མཆོད་སྦྱིན་དང་ཁྲུས་དང་བརྟུལ་ཞུགས་དང་སྨྱུང་བ་དང་དཀའ་ཐུབ་ལ་སོགས་པའི་མཚན་ཉིད་མཐོ་རིས་དང་ཐར་པའི་འབྲས་བུ་ཐོབ་པའི་ཕྱིར། རྣམ་པར་འཚེ་བའི་བདག་ཉིད་ཀྱི་ལས་ར་གསོད་པ་ལ་སོགས་པ་འགལ་བ་མི་རིགས་ཏེ། མཐོ་རིས་ནི་བདེ་བ་ལ་ལོང་ས་སྤྱོད་པའི་མཚན་ཉིད་དེ། བདེ་བ་སྦྱིན་པས་ཐོབ་པར་འགྱུར་གྱི་སྲོག་ཆགས་གསོད་པས་ནི་མ་ཡིན་ནོ། །ཡང་ན་ཆོ་ག་མཁན་གྱི་སྔགས་ཀྱི་མཐུས་དེ་སྒྲོལ་བ་ཡིན་ན། དེ་ཅིའི་ཕྱིར་སྒོ་ཐམས་ཅད་བཀག་ནས་སྒྲོལ་བ་ཡིན་ཏེ། ཅི་སྔགས་ཀྱི་མཐུ་མེད་དམ་ཡང་ན་དབང་པོ་བཀག་པ་གཅིག་པུ་གཙོ་བོ་ཡིན་ན་དེའི་ཚེ་སྔགས་དོན་མེད་དོ། །སྔགས་དང་བཅས་པས་རླུང་བཀག་པར་བྱེད་པ་སྙིང་རྗེས་གསོད་པ་ཡིན་ཞེ་ན། དེ་ལྟ་ན་ཤིན་ཏུ་ཡིད་དུ་འོང་བ་རང་གི་ཉེ་བ་རྣམས་ཅིའི་ཕྱིར་མི་གསོད། དེ་ནི་དེས་མི་འདོད་ཅེ་ན། ཕྱུགས་ཀྱིས་ཀྱང་འདོད་པ་མ་ཡིན་ཞེས་ཅིའི་ཕྱིར་རྣམ་པར་འཚེ། དེ་བས་རྣམ་པར་འཚེ་བའི་བདག་ཉིད་ཅན་མེ་མཆོད་པའི་ལས་ལ་སོགས་པ་སྡིག་པ་ཡིན་པའི་ཕྱིར་མཐོ་རིས་ཀྱི་རྒྱུ་མ་ཡིན་ནོ། །ཇི་སྐད་དུ། སྲོག་ཆགས་གསོད་པ་མི་བཟད་པ། །དྲག་པོ་ཁྲག་གིས་ལག་བསྒོས་པ། །རྟག་ཏུ་སྡིག་པའི་ལས་སྤྱོད་པ། །དེ་དག་དུ་འབོད་སྐྱེ་བར་འགྱུར། །ཞེས་འབྱུང་ངོ༌། །གཞན་ཡང་རྟོག་པ་དང་ལྡན་པའི་ཕྱིར་ཐར་བར་མི་འགྱུར་ཏེ། གང་གི་བྱ་བའི་ཕྱོགས་ནི་མེ་མཆོད་པ་དང༌། ཁ་དོན་དང་ཁྲུས་ལ་སོགས་པ་དང་ལྡན་པའི་ཕྱིར་ཏེ་རྟོག་པ་དང་བཅས་པའོ། །ཐམས་ཅད་འདོར་བའི་རང་བཞིན་ནི་མི་རྟོག་པ་སྟེ་ཐར་བའོ། །དེ་བས་ན་རྟོག་པ་དང་བཅས་པའི་ལམ་གྱིས་མི་རྟོག་པའི་ཐར་པ་ཐོབ་པར་མི་འགྱུར་ཏེ། རྒྱུ་མི་འདྲ་བའི་ཕྱིར་རོ། །ནས་ཀྱི་ས་བོན་ལས་སཱ་ལུའི་འབྲས་བུ་མི་འབྱུང་བ་བཞིན་ནོ། །དེ་བས་ན་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པའི་ཏིང་ངེ་འཛིན་གྱིས་རྟག་ཏུ་དྲི་མ་མེད་པ་ཟག་པ་མེད་ཅིང་རྣམ་པར་མི་རྟོག་པའི་ཐར་པ་ཐོབ་པར་འགྱུར་རོ། །དེ་བས་ཁྱེད་ཅག་གི་བྱ་བའི་ཕྱོགས་སུ་འབྲས་བུ་གང་ཡང་ཐོབ་པར་མི་འགྱུར་རོ་ཞེས་དཔྱོད་པ་པ་རྣམས་


DTG032_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཙང་སྦྲ་ལ་སོགས་པ་ངལ་བ་དོན་མེད་དུ་འགྱུར་རོ། །ཇི་སྐད་དུ། ཁྲུས་ཀྱིས་དགེ་འདོད་རིགས་ཀྱིས་བརྙས་པ་དང༌། །རིག་བྱེད་ཚད་མར་བྱེད་པ་ཁ་ཅིག་ཡོད། །སྡིག་པ་ཟད་ཕྱིར་དཀའ་ཐུབ་ལ་བརྟེན་པ། །བློ་མེད་རྣམས་ཀྱི་བླུན་པོའི་རྟགས་ལྔའོ། །ཞེས་བྱ་བའི་ཕྱོགས་ཀྱི་དཔྱོད་པ་པ་རྣམས་ལ་ལན་ནོ། །ཡེ་ཤེས་ཀྱི་ཕྱོགས་སུ་ཡང་ཆོས་གོས་ལ་སོགས་པ་འཛིན་པ་ནི་འགལ་བའོ། །རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་བྲམ་ཟེ་རྣམས་ཀྱི་ཐམས་ཅད་འདོར་བའི་ཡེ་ཤེས་ཅན་གྱི་ཕྱོགས་སུ་ཆོས་གོས་འཛིན་པ་དང༌། གཙུག་ཕུད་འཛིན་པ་དང༌། དབྱུག་པ་གསུམ་པ་དང༌། ཐིག་ལེ་གསུམ་སྤྲས་པ་དང༌། ཀྲྀཥྞ་ས་རའི་པགས་པ་གྱོན་པ་དང༌། ཡུལ་ནས་ཡུལ་དུ་འཁྱམ་པ་ལ་སོགས་པ་ནི་འགལ་བའོ། །དང་པོ་དམ་པའི་རྣལ་འབྱོར་ལ་གནས་པའི་བརྟུལ་ཞུགས་པ་རྣམས་ཀྱིས་དེ་དག་ཐམས་ཅད་སྤྱོད་པ་ནི་ཆོས་གོས་ལ་སོགས་པས་དེ་ཁོ་ཉིད་ཐོབ་པ་མ་ཡིན་ཏེ་སྤྲོས་པ་དང་བཅས་པའི་ཕྱིར་རོ། །སྤྲོས་པ་མེད་པའི་རྒྱུས་སྤྲོས་པ་མེད་པའི་འབྲས་བུ་བསྐྱེད་པ་ཡིན་གྱི་སྤྲོས་པ་དང་བཅས་པ་ནི་མ་ཡིན་ནོ། །ཇི་སྐད་དུ། གཞན་རྐྱེན་མེད་ཅིང་ཞི་བ་སྟེ། །སྤྲོས་པ་དག་གིས་མ་སྤྲོས་པ། །ཐ་དད་དོན་མིན་རྣམ་མི་རྟོག །འདི་ནི་ཡང་དག་མཚན་ཉིད་དོ།། ཞེས་འབྱུང་ངོ༌། །དེའི་ཕྱིར་རང་གི་ཕྱོགས་ཁས་བླངས་པ་མ་གྲུབ་སྟེ་ཚད་མ་མེད་པའི་ཕྱིར་རོ། །གཞན་ཡང་དེ་རྣམས་ཀྱི་ཕྱོགས་ནི་སྣ་ཚོགས་ཀྱི་ངོ་བོ་དངོས་པོ་ཐམས་ཅད་གང་སྣང་བ་དེ་ནི་ཚངས་པ་ཉིད་ཁོ་ནའོ། །དཔེར་ན་བུམ་པ་དང་རེ་ལྡེ་ལ་སོགས་པ་ཕྱི་རོལ་དུ་སྣང་བ་གང་ཡིན་པ་དེ་དག་རྣམ་པར་དཔྱོད་པ་ན་རང་གཟུགས་སུ་ཡོད་པ་མ་ཡིན་ཏེ་སྣང་བ་གུད་ན་མེད་པའི་ཕྱིར་རོ། །སྣང་བ་ཡང་བདག་ཉིད་ཀྱིས་ཡོད་ཀྱི་འདི་ཉིད་ཀྱིས་ནི་རིག་པ་མ་ཡིན་ནོ། །བདག་ཉིད་དང་འདི་ཉིད་ཅེས་ཕན་ཚུན་འགལ་བའོ། །དེའི་ཕྱིར་སྣང་བར་གྱུར་པའི་བདག་ཉིད་ཀྱིས་བསྡུས་པའི་དངོས་པོ་སྣང་བ་གང་ཡིན་པ་དེ་ཉིད་ཚངས་པ་ཉིད་དོ། །རྟག་ཏུ་དགའ་བའི་བདག་ཉིད་བག་ཆགས་སྣ་ཚོགས་དང་བཅས་པ་དེ་ཉིད་ཀྱི་དབྱེ་བ་འདི་དག་གོ །ཇི་སྐད་དུ། ཚངས་པའི་ཚུལ་ནི་དགའ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་ཞེས་ཚངས་པས་སྨྲ་བ་རྣམས་ཀྱི་རང་གི་ཕྱོགས་ཏེ་དེ་མི་རིགས་པ་ནི་ཚད་མ་མེད་པའི་ཕྱིར་རོ། །


DTG032_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་ཉིད་ཡོད་པའི་ཚད་མ་མཐོང་བའོ། །རེ་ཞིག་མངོན་སུམ་ཡང་མ་ཡིན་ཏེ་མི་རྟོག་པའི་ཕྱིར་རོ། །ཚངས་པའི་སྣ་ཚོགས་པ་ཉིད་ནི་རྣམ་པར་རྟོག་པས་འཇོག་བར་བྱ་བས་སོ། །དེ་ལྟ་ན་གཞན་ཡང་རྟོག་པ་དང་བཅས་པའང་མངོན་སུམ་མ་ཡིན་ནམ། ཇི་སྐད་དུ། དང་པོ་མཐོང་བའི་ཤེས་ཡོད་དེ། །རྟོག་པ་ཐམས་ཅད་རྣམ་བྲལ་བ། །བྱིས་པ་ལྐུགས་པ་དང་འདྲ་བའི། །ཤེས་པ་དག་པའི་དངོས་ལས་བྱུང༌། །དེ་ལས་གཞན་པའི་དངོས་པོ་ནི། །སྐྱེས་སོགས་ཆོས་བཅས་གང་གིས་ནི། །བློ་ཡིས་རྟོགས་བ་དེ་ཉིད་ཀྱང༌། །མངོན་སུམ་ཉིད་དུ་འདོད་པ་ཡིན། །ཞེས་འབྱུང་ངོ༌། །དེ་ལ་སྨྲས་པ། དང་པོ་མི་རྟོག་པ་ཁོ་ན་ཚད་མ་ཡིན་ཏེ། གང་གི་རང་གི་མཚན་ཉིད་ཀྱི་དོན་གྱི་བྱ་བ་བྱེད་ནུས་པ་ཡུལ་དང་རྒྱུ་ཡིན་པ་དེ་ཉིད་མི་རྟོག་པ་ཚད་མའོ། །དེ་ཉིད་ཀྱིས་བྱ་བ་བྱས་པའི་ཕྱིར་གཞན་ནི་བརྟགས་པ་ལ་བརྟག་པ་དང་མཚུངས་པ་དོན་མེད་པ་ནི་ཚད་མ་མ་ཡིན་ནོ། །དོན་དང་ཕྲད་པར་བྱེད་པ་ནི་མ་ཡིན་ཏེ། བསྟན་པའི་དོན་ལ་སྐྱེས་བུ་འཇུག་པ་ན་དེ་ཐོབ་པས་ཚད་མའི་བྱ་བ་དེ་ཉིད་དུ་རྫོགས་སོ། །དེ་ལྟ་བུའི་མཚན་ཉིད་དང་པོ་ཁོ་ན་ལ་ཡོད་ཀྱི། གཉིས་པ་ལ་མ་ཡིན་ནོ། །དེའི་ཕྱིར་མི་རྟོག་པའི་བདག་ཉིད་མངོན་སུམ་གྱི་ནི་དེ་ཡུལ་མ་ཡིན་ནོ། །གང་གི་ཡུལ་ཡིན་པ་དེ་ནི་ཚད་མ་མ་ཡིན་ནོ་ཞེས་ཚངས་པ་ཉིད་ལ་ཡོད་པ་ལ་མངོན་སུམ་མི་འཇུག་གོ །རྗེས་སུ་དཔག་པ་ཡང་དེ་བཞིན་ཏེ་གང་གི་ཕྱིར་རྗེས་སུ་དཔག་པ་ནི་རྟགས་དང་རྟགས་ཅན་གྱི་འབྲེལ་པ་སྔོན་དུ་འགྲོ་བར་འཇུག་པར་འགྱུར་ཏེ། དུ་བ་དང་མེ་བཞིན་ནོ། །ཚངས་པ་དེའི་འབྲས་བུར་གྱུར་པའི་རྟགས་གང་ཡང་མ་མཐོང་སྟེ། གང་གིས་དེ་མཐོང་བ་མེད་པར་མི་འབྱུང་བས་རྟགས་ཅན་དུ་གྱུར་པ་ཚངས་པ་ཉིད་དཔག་པར་བྱའོ། །དངོས་པོ་ཐམས་ཅད་དེ་ལས་འབྱུང་བ་ཡིན་ཞེས་འབྲས་བུ་མཐོང་བས་དེ་དཔག་པར་བྱ་ཞེ་ན། དེ་ཡང་མི་རིགས་ཏེ། གང་འབྲས་བུ་སྐྱེད་པར་བྱེད་པ་དེ་ནི་རྒྱུ་ཉིད་དེ། འབྲས་བུ་བྱུང་བས་དེ་འཇིག་པར་འགྱུར་བས་རྟག་པ་མ་ཡིན་ནོ། །ཚངས་པ་ཉིད་ཀྱི་ཚུལ་ནི་ཁྱེད་ཅག་གི་ཕྱོགས་སུ་རྟག་པར་འདོད་པ་མ་ཡིན་ནམ། རེ་ཞིག་རྒྱུ་ཉིད་དུ་འདོད་ན་ཡང༌། རང་དང་འདྲ་བའི་འབྲས་བུ་ཅིའི་ཕྱིར་མི་སྐྱེད་ཕྱིན་ཅི་ལོག་པར་སྐྱེད་པ་ལ་རིགས་པ་མ་མཐོང་ངོ༌། །དཔེར་ན་ལྷ་


DTG032_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཁ་ཅིག་བདེ་བར་གྱུར་པ་དང༌། ཡི་དགས་ལ་སོགས་པ་ཁ་ཅིག་སྡུག་བསྔལ་ཅན་དུ་མཐོང་བའི་ཕྱིར་རོ། །དེའི་སྣ་ཚོགས་པ་ཉིད་དེ་ལྟ་བུ་ཡོད་ཅེ་ན། སྨྲས་པ་སྣ་ཚོགས་པ་ཉིད་ནི་དེ་དང་ཐ་དད་པ་ཡིན་ནམ། ཐ་མི་དད་པ་ཡིན། ཐ་དད་པ་ཡིན་ན་ཚངས་པ་དེ་ཉིད་ཀྱིས་དེར་མི་འགྱུར་རོ། །དབྱེར་མེད་པས་དེའི་བདག་ཉིད་དུ་གྱུར་པའི་ངོ་བོ་གང་ཡིན་པ་དེ་དང་འདྲ་བ་དགའ་བའི་གཟུགས་ཅན་དུ་འགྱུར་ཏེ། ཚངས་པའི་གཟུགས་ནི་དགའ་བ་སྟེ། །ཞེས་བཤད་པས་སོ། །དེ་ལྟར་ཡང་མ་མཐོང་སྟེ་དེའི་ཕྱིར་ན་འབྲས་བུའི་རྗེས་སུ་དཔག་པ་མེད་དོ། །ཡང་ན་སྐྱོན་དེ་བསལ་བར་བྱ་བའི་ཕྱིར་རྒྱུའི་རྗེས་སུ་དཔག་པ་རྟོག་པར་བྱེད་ན། དཔེར་ན། བུང་བ་མ་ཧེ་སྦྲུལ་དག་དང༌། །ཏ་མ་ལ་ཡི་འོད་ནག་ཅན། །སྤྲིན་རྣམས་དེ་དང་འདྲ་བ་ནི། །ཆར་འབབ་ནམ་ཡང་སླུ་མི་བྱེད། །ཅེས་འབྱུང་བ་དེ་བཞིན་དུ་ཚངས་པ་ཐམས་ཅད་ཀྱི་བདག་ཉིད་གལ་ཏེ་མེད་ན་དེའི་ཚེ་སྣ་ཚོགས་པ་ཉིད་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ལ་སྨྲས་པ། རྒྱུའི་རྗེས་སུ་དཔག་པ་ནི་སླུ་བ་ཡིན་པའི་ཕྱིར་ངེས་པ་མེད་པ་ཉིད་དོ། །དཔེར་ན། ཕྱོགས་བཅུར་ཁྱབ་པའི་ཤིན་ཏུ་ནག་པོའི་མདོག་ཅན་སྤྲིན་རྣམས་ལས་ཀྱང་ཆར་རེས་འགའ་མི་འབྱུང་ངོ༌། །ཉི་མ་དྲོ་བའི་དུས་སུ་སྤྲིན་ཆུང་དུ་ལས་ཀྱང་ཆར་པ་འབྱུང་བར་མཐོང་བས་རྒྱུའི་རྗེས་སུ་དཔག་པ་ནི་སླུ་བ་ཁོ་ནའོ། །དེས་ནི་གྲོག་མོ་འབྱུང་བ་དང་ཉ་འཕར་བ་ལ་སོགས་པ་བཀག་གོ །སྤྱི་རུ་མཐོང་བའི་རྗེས་སུ་དཔག་པ་ནི་རྟོག་པར་བྱེད་པ་ཡིན་ཞེ་ན། དཔེར་ན་ཁང་བཟངས་ལ་སོགས་པ་བརྩིགས་པའི་སྔོན་དུ་འགྲོ་བ་འཕེལ་བར་མཐོང་བས་ནགས་ཀྱི་སྨན་ལ་སོགས་པ་རྣམས་ཀྱི་སྐྱེ་བ་སྔོན་དུ་འགྲོ་བའི་འཕེལ་བ་རྗེས་སུ་དཔག་པར་བྱའོ། །དེ་ལྟར་ཚངས་པའི་སྣ་ཚོགས་པ་ཉིད་ཀྱིས་དངོས་པོ་སྣ་ཚོགས་པ་ཉིད་དོ། །ཚིག་གི་དོན་སྣ་ཚོགས་པ་ཉིད་ཀྱང་ཚངས་པའི་སྣ་ཚོགས་པ་ཉིད་རྗེས་སུ་དཔག་པར་བྱའོ། །དེ་ཡང་མི་རིགས་ཏེ། གང་གི་ཕྱིར་ཚངས་པ་སྣ་ཚོགས་པ་སྨྲ་བ་པོས་ཚངས་པའི་རང་བཞིན་ཅན་དངོས་པོ་རྣམས་འདོད་དོ། །སྤྱིར་མཐོང་བའི་རྗེས་སུ་དཔག་པའི་ཕྱོགས་སུ་ཐ་དད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཚིག་གི་དོན་


DTG032_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གུད་དུ་གྲུབ་པ་ཡིན་པས་ཚངས་པའི་སྣ་ཚོགས་པ་ཉིད་ངེས་པ་དང་ཚངས་པ་ཡང་གུད་ན་གྲུབ་པས་ཚིག་གི་དོན་སྣ་ཚོགས་ཐ་དད་པའོ། །དེ་ལས་སླུ་བ་ཉིད་ཀྱིས་ཀྱང་ངེས་པ་མེད་དེ། དེ་ཡང་དཔེར་ན་སྤྱིར་མཐོང་བའི་རྗེས་སུ་དཔག་པ་ནི་སླུ་བར་མཐོང་སྟེ། ཁང་བཟངས་ལ་སོགས་པའི་འཕེལ་བ་སྐྱེ་བ་སྔོན་དུ་འགྲོ་བས་ནགས་ཚལ་ལ་སོགས་པའི་འཕེལ་བ་རྟོགས་པར་མི་བྱེད་དོ། །ནགས་ཚལ་ལ་སོགས་པ་ཁ་ཅིག་ནི་ཆུ་འབབ་པས་ཀྱང་འཕེལ་བར་མི་འགྱུར་བ་དང༌། ཁ་ཅིག་ཀྱང་མིག་འཕྲུལ་མཁན་གྱིས་སྤྲུལ་པ་ཡང་མཐོང་ངོ༌། །དེ་བས་ན་རྗེས་སུ་དཔག་པ་དེས་དེས་པ་མེད་དོ། །སྒྲ་ལས་བྱུང་བ་ཡང་ཚད་མ་མ་ཡིན་ཏེ། ཚངས་པའི་སྣ་ཚོགས་པ་ཉིད་ལ་སྔོན་དུ་བཤད་པའི་རིགས་པས་སྒྲ་དང་དོན་དག་གི་འབྲེལ་པ་མེད་པའི་ཕྱིར་རོ། །དོན་ཙམ་ཡང་སོ་སོར་བསྟན་པར་སྒྲས་མི་ནུས་ན་དེའི་སྣ་ཚོགས་པ་ཉིད་ཇི་ལྟར་བརྗོད། སྤྱིའི་རྣམ་པས་ནུས་ཀྱང་སྒྲའི་རང་གི་མཚན་ཉིད་དང་ལྷན་ཅིག་ཏུ་དོན་གྱི་རང་གི་མཚན་ཉིད་ལ་བརྗོད་པ་དང་རྗོད་པར་བྱེད་པའི་མཚན་ཉིད་མེད་དོ། །སྤྱིའི་ཡང་གོང་དུ་བཀག་པས་ཇི་ལྟར་དེ་ཁོ་བོས་ཚད་མར་གཟུང༌། སྐད་ཅིག་མ་ཡིན་པས་ཀྱང་ངེས་པ་མེད་དེ། གང་གི་ཕྱིར་སྒྲ་ནི་གནས་དང་བྱེད་པ་དང་སྐྱེས་བུའི་རྩོལ་བ་ལས་འབྱུང་བས་བརྗོད་མ་ཐག་ཏུ་འཇིག་པར་འགྱུར་བ་དེ་རང་གཟུགས་སུ་ཡོད་པར་མི་འགྱུར་བས་ཇི་ལྟར་དོན་རྟོགས་པར་བྱེད་དེ། ག་དང་ཨུ་དང་ཚེག་དྲག་རྣམས་རེ་རེ་ལྷན་ཅིག་ཏུ་མི་དམིགས་པའི་ཕྱིར་རོ། །རྣ་བའི་དབང་པོས་གཟུང་བར་བྱ་བ་དབྱངས་ཙམ་ནི་རྟོགས་པར་བྱེད་པ་ཡིན་ཏེ། དྲིལ་བུའི་སྒྲ་བཞིན་ནོ་ཞེ་ན། སྨྲས་པ་ཡི་གེ་དང་ཚིག་དང་ངག་རྣམས་ཀྱིས་རང་གི་ངོ་བོ་དོར་ནས་དོན་གཞན་གྱི་དབྱངས་ཙམ་མི་དམིགས་སོ། །དེ་རྣམས་ཞིག་ནས་དབྱངས་ནི་མི་འཇིག་པར་ཇི་ལྟར་འགྱུར། དེའི་ཕྱིར་ན་དབྱངས་ཙམ་གྱི་ཐ་སྙད་ནི་བཏགས་པ་ཡིན་གྱི་ངེས་པའི་རྒྱུར་ནི་མ་ཡིན་ནོ། །དཔེ་ཡང་ཚད་མ་མ་ཡིན་ཏེ་གང་གི་ཕྱིར་དེ་ནི་ཆོས་གསུམ་དང་ལྡན་པ་ཡིན་ཏེ། དཔེ་དང་དཔེ་ལས་བྱུང་བ་དང་ཐུན་མོང་གི་ཆོས་ཀྱིས་སོ། །དཔེར་ན་བ་དང་འདྲ་བ་ནི་བ་མེན་ནོ། །དེ་ལ་བ་མེན་མཐོང་བའི་སྐྱེས་བུས་པ་ལ་གནས་པའི་ལྐོག་ཤལ་ལ་


DTG032_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཆོས་མཐུན་པའི་ཕྱིར་བ་མེན་མ་མཐོང་བའི་སྐྱེས་བུ་ཁ་ཅིག་རྟོགས་པར་བྱེད་དེ། བ་དང་འདྲ་བ་ནི་བ་མེན་ནོ་ཞེས་པས་སོ། །དེས་ནི་དེའི་བ་མེན་ཡིན་ཞེས་ཁོང་དུ་ཆུད་དོ། །དེ་བཞིན་དུ་འདིར་ཚངས་པའི་སྣ་ཚོགས་པ་ཉིད་དངོས་པོ་སྣ་ཚོགས་པ་ཉིད་ཀྱིས་དཔེ་མ་ཡིན་པ་དང༌། དེ་ལ་སོགས་པས་ཀྱང་མ་ཡིན་ཏེ་དེ་དང་མཐུན་པའི་ཆོས་མེད་པའི་ཕྱིར་རོ། །ཚངས་པ་ནི་གཟུགས་མེད་པ་དང༌། དངོས་པོ་རྣམས་གཟུགས་ཅན་ཡིན་པས་གང་གིས་དཔེར་བྱའོ། །དོན་གྱི་ཤུགས་ཀྱིས་ཀྱང་ངེས་པ་མེད་དོ། །དཔེར་ན་ལྷ་སྦྱིན་ཆེན་པོ་ཉིན་པར་མི་ཟ་ཞེས་བྱ་བས་དོན་གྱི་ཤུགས་ཀྱིས་མཚན་མོ་ཟ་ཞེས་ངེས་སོ། །དེ་ལྟར་ཚིག་གི་དོན་རྣམས་ལ་སྣ་ཚོགས་པ་མེད་དོ། །དོན་གྱི་ཤུགས་ཀྱིས་ཚངས་པ་ལ་ཡོད་དོ་ཞེས་མི་རིགས་ཏེ། དངོས་པོ་རྣམས་ལ་སྣ་ཚོགས་པ་ཉིད་དམིགས་པའི་ཕྱིར་རོ། །གཅིག་བཀག་པས་ཆོས་གཞན་ངེས་པར་དམིགས་པས་ནི་དོན་གྱི་ཤུགས་སོ། །དེ་ཡང་དངོས་པོ་དང་ཚངས་པ་དག་ལ་མེད་དོ། །དངོས་པོ་མེད་པ་ཡང་ཚད་མ་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་རྣམ་པ་བཞི་ཡོད་དེ། སྔ་ན་མེད་པ་དང་འཇིག་པས་མེད་པ་དང་ཕན་ཚུན་མེད་པ་དང་ཤིན་ཏུ་མེད་པའོ། །དེ་ལ་སྔ་ན་མེད་པ་ནི་འོ་མ་ཞོར་གྱུར་པའོ། །འཇིག་པས་མེད་པ་ནི་བུམ་པ་ཐོབ་དང་ཕྲད་པས་འཇིག་པའོ། །ཕན་ཚུན་མེད་པ་ནི་སྣམ་བུ་དང་བུམ་པ་དག་གོ །ཤིན་ཏུ་མེད་པ་ནི་རི་བོང་གི་རྭ་ལ་སོགས་པའོ། །དངོས་པོ་མེད་པ་ནི་ཡུལ་ལ་དངོས་པོ་མེད་པ་ཚད་མ་ཡིན་གྱི་དངོས་པོ་ཡོད་པའི་ཡུལ་དུ་ནི་མ་ཡིན་ནོ་ཞེས་ཇི་ལྟར་དེས་ནི་དངོས་པོའི་ཆོས་ནི་ཚངས་པའི་སྣ་ཚོགས་པ་ཉིད་སྒྲུབ་པར་བྱེད་དེ། དགག་པ་གཙོ་བོ་ཡིན་པའི་ཕྱིར་རོ། །ཞོ་ལ་མར་སྲིད་པ་དང༌། ཏིལ་འབྲུ་ལ་མར་ཁུ་ཞེས་སྲིད་པ་ནི་ཚད་མ་མ་ཡིན་ཏེ། ས་མི་གཤིན་པ་ལས་སྐྱེས་པའི་ཏིལ་འབྲུ་རྣམས་ལ་མར་ཁུ་མི་འབྱུང་བས་སོ། །ཕལ་ཆེར་ལ་དགོངས་པ་ནི་ངེས་པར་བྱེད་པའི་རྒྱུ་མ་ཡིན་ཏེ་སླུ་བའི་ཕྱིར་རོ་སྙམ་པས་ཡོད་པ་ཡང་ཚད་མ་མ་ཡིན་ཏེ། ཤིང་འདི་ལ་གནོད་སྦྱིན་ཡོད་པ་དང༌། ཁང་པ་འདི་ལ་ཤ་ཟ་ཡོད་དོ་ཞེས་ངེས་པ་མེད་དོ། །རེས་འགའ་དེ་ནས་གཞན་དུ་འགྲོ་བའི་ཕྱིར་དང་སྔགས་ཤེས་པའི་སྐྱེས་བུའི་ནུས་པའི་


DTG032_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པས་གནོད་སྦྱིན་ལ་སོགས་པ་བསྐྲད་པ་རྣམས་དེར་མི་གནས་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཚངས་པའི་སྣ་ཚོགས་པ་ཉིད་དངོས་པོ་རྣམས་ལ་མ་དེས་སོ། །མ་མཐོང་བ་རང་བཞིན་གྱིས་བསྐལ་པ་ཤ་ཟ་ལ་སོགས་པ་ལ་སྙམ་པ་ཞེས་བྱ་བས་ངེས་པར་བྱེད་པར་རིགས་སོ། །སྣ་ཚོགས་པ་ནི་མངོན་སུམ་གྱིས་སྣང་ན་སྙམ་པས་ཇི་ལྟར་ངེས་པར་བྱེད་དོ། །དེ་བས་ན་ཚད་མ་བརྒྱད་ཀྱིས་མ་གྲུབ་པའི་ཚངས་པ་ཉིད་དང་དེའི་སྣ་ཚོགས་པ་ཉིད་དུ་གནས་པ་དད་པ་དམ་པ་བ་རྣམས་ཇི་ལྟར་གྲོལ་བར་འགྱུར། །དེས་ནི་ཚངས་པ་ཞི་བ་སྨྲ་བའི་ཕྱོགས་ཀྱང་བཀག་གོ །གལ་ཏེ་ཚངས་བ་ཉིད་དངོས་པོའི་སྣ་ཚོགས་མ་སྐྱེས་པ་ཞི་བ་ཡིན་ནོ། །ཇི་ལྟར་དངོས་པོ་འདི་རྣམས་རྣམ་པ་སྣ་ཚོགས་སུ་སྣང་ངོ༌། །དེ་རྣམས་ཀྱང་ཞི་བ་ཡིན་ཞེས་འདོད་པ་རིགས་པ་མ་ཡིན་ཏེ། ཚད་མ་དང་འགལ་བའི་ཕྱིར་རོ། །གང་གི་ཕྱིར་མཐོང་བ་ལ་མི་རིགས་པ་ཞེས་བྱ་བ་མེད་དོ། །འཁྲུལ་པ་ཁོ་ན་དངོས་པོ་རྣམས་ཀྱི་སྣ་ཚོགས་པ་ཡིན་ཞེ་ན། འཁྲུལ་པ་ནི་ཅི་དེ་ལས་ཐ་དད་པའམ་ཐ་མི་དད་ཅེ་ན། ཐ་དད་པ་ཡིན་ན་འཁྲུལ་པ་དང་ཚངས་པ་ཉིད་གཉིས་ཀ་ཡོད་ཅེས་ཐ་དད་པའོ། །ཚངས་པ་ནི་གཉིས་སུ་མེད་པས་འགལ་ལོ། །ཐ་མི་དད་པ་ནི་ཚངས་པ་ཉིད་འཁྲུལ་པའི་རང་བཞིན་དུ་སོང་བས་དེ་ཁོ་ན་ཉིད་དུ་མི་འགྱུར་རོ། །དེ་ནི་འཁྲུལ་པ་མེད་པ་ཡིན་དུ་འཇུག་ན་ཅིའི་ཕྱིར་འཁྲུལ་པ་སྐྱེད་པར་བྱེད་པ་ཡིན་ཏེ། འགྱུར་བ་མེད་པ་ལ་སྤྲོས་པ་མེད་དེ་ནམ་མཁའ་བཞིན་ནོ། །དེ་བས་ན་ཞི་བའི་ཚངས་པ་ཉིད་སྨྲ་བའི་ཕྱོགས་ནི་མི་རིགས་སོ་ཞེས་ཚད་མ་བ་དཔྱོད་པ་པའི་ལན་ནོ། །དེ་རྣམས་བསྟན་པ་དྲུག་ལ་གནས་པ་ཕྱིན་ཅི་ལོག་པའི་བློ་ཅན་དུ་བཤད་དོ། །ངེས་པའི་བློ་ཅན་ནི་རྣམ་པ་བཞི་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་རྣལ་འབྱོར་སྤྱོད་པ་དང་དབུ་མའི་དབྱེ་བས་སོ། །དེ་ལ་ཉན་ཐོས་པའི་གཞུང་ནི་བདེན་པ་བཞི་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །དེ་ལ་བདེན་པ་གཉིས་ནི་རྒྱུ་དང་འབྲས་བུའི་དབྱེ་བས་གནས་པ་ནི་འཁོར་བའོ། །བདེན་པ་ཡང་གཉིས་ནི་རྒྱུ་དང་འབྲས་བུའི་བྱེ་བྲག་གི་མྱ་ངན་ལས་འདས་པའོ། །དེ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་དབྱེ་བས་ཉོན་མོངས་


DTG032_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགུ་བཅུ་རྩ་བརྒྱད་མཐོང་བ་དང༌། བསྒོམ་པའི་ལམ་གྱིས་སྤངས་ཏེ། འགོག་པའི་སྙོམས་པར་ཞུགས་པ་གཙོར་གྱུར་པ་རང་གི་དོན་ཙམ་དང་ལྡན་པ་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་རྣམས་ཀྱི་རེ་བ་ནི་གཞན་གྱི་དོན་གྱིས་ཅི་ཞིག་བྱ། བདག་གི་དོན་ནི་བསྒྲུབ་བྱ་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་རྣམས་གང་ཟག་ལ་བདག་མེད་པར་འདོད་ཅིང༌། ཕུང་པོ་ལ་སོགས་པ་ཆོས་རྣམས་ལ་བདག་ཡོད་པར་འདོད་ཅིང་གཟུང་བ་དང༌། འཛིན་པ་ལ་ཞེན་པའོ། །དེའི་ཕྱིར་དེ་རྣམས་ཀྱི་གྲོལ་བ་རྣམ་པར་དག་པ་མ་ཡིན་པས་སྔགས་ཀྱི་ཐེག་པ་ཆེན་པོར་སྣོད་མ་ཡིན་པར་བཤད་དོ། །ཇི་སྐད་དུ། དགེ་སློང་ཉིད་དུ་གང་གནས་པ། །གང་ཡང་རྟོག་གེ་བ་རྣམས་མི། །རྒན་པོར་གྱུར་པ་གང་རྣམས་དང༌། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་གསུངས་སོ། །མདོ་སྡེ་པ་ཞེས་བྱ་བས་རྗེས་སུ་དཔག་པས་ཕྱིའི་དོན་འདོད་དེ། ཕྱིའི་དོན་ནི་གཅིག་དང་དུ་མས་མ་གྲུབ་པས་མེད་པས་ཀྱང་རྣམ་པར་ཤེས་པའི་སྐྱེ་བ་གཞན་དུ་ན་མི་འགྱུར་བས་རྗེས་སུ་དཔག་པ་ཡིན་ཏེ། མིག་གི་དབང་པོ་བཞིན་ནོ་ཞེས་རྗེས་སུ་དཔོག་པའི་མདོ་སྡེ་པ་ཕྱིའི་དོན་སྨྲ་བ་རྣམས་ཀྱིས་སྔ་མ་བཞིན་དུ་ཐར་པ་ནི་རྣམ་པར་མ་དག་པས་དེ་དག་ཀྱང་སྔགས་ཀྱི་སྣོད་དུ་རུང་བ་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བ་ནི་རྣམ་པ་གཉིས་ཏེ། རྣམ་པ་དང་བཅས་པ་སྨྲ་བ་དང༌། རྣམ་པ་མེད་པ་སྨྲ་བའོ། །དེ་ལ་དངོས་པོ་ཐམས་ཅད་ཕྱི་རོལ་དུ་སོ་སོར་སྣང་བ་རྣམས་རང་གི་རྣམ་པ་ཡིན་ཏེ། རང་གི་རྣམ་པར་སྣང་བའི་ཕྱིར་རོ། །གང་དང་གང་རང་སྣང་བའི་དངོས་པོ་དེ་དང་དེ་ཡོད་དེ་བློ་བཞིན་ནོ། །གཞན་གྱི་སྣང་བ་བུམ་པ་ལ་སོགས་པར་རང་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། གཞན་གང་ཡིན་པ་དེ་རྣམ་པར་ཤེས་པ་ཡིན་ནོ། །དོན་ནི་གཅིག་དང་དུ་མར་མ་གྲུབ་པས་ཞེས་གྲགས་སོ་ཞེས་སྨྲ་བ་དེའི་གཞུང་ནི་མི་བདེན་ཏེ། གལ་ཏེ་དོན་མེད་ན་གང་ལ་ལྟོས་ནས་རྣམ་པར་ཤེས་པ་འབྱུང༌། རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །དེ་བས་ན་རྣམ་པར་རིག་པ་སྨྲ་བ་རང་གི་ཚིག་དང་འགལ་བ་འདི་ཡིན་ཏེ། རྣམ་པར་ཤེས་པ་འདོད་པ་དང་དོན་འགོག་པར་བྱེད་པའི་ཕྱིར་རོ། །གལ་ཏེ་གཟུང་བ་དང་འཛིན་པ་རྣམ་པར་རྟོག་པ་འཁྲུལ་པ་ཡིན་ན་དེའི་ཚེ་རྣམ་པར་རིག་པ་ཡང་འཁྲུལ་པར་འགྱུར་


DTG032_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེས་ཁས་བླངས་ན་ཡང་དེའི་ཐར་པ་མ་དག་པར་འགྱུར་རོ། །ཡང་ན་ཅིའི་ཕྱིར་རྣམ་པར་མ་དག །བདག་ཅག་རྣམས་ཀྱི་ནི་མཚན་ཉིད་གསུམ་སྟེ། ཀུན་བརྟགས་དང༌། གཞན་དབང་དང༌། ཡོངས་སུ་གྲུབ་པའོ། །དེ་ལ་ཀུན་བརྟགས་ནི་ཡང་དག་བ་མ་ཡིན་པའི་ཀུན་དུ་རྟོག་པའི་མཚན་ཉིད་དེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །གཞན་དབང་ཞེས་བྱ་བ་ནི་དེའི་རྣམ་པ་སོ་སོར་སྣང་བའི་འཁྲུལ་བའི་གཞིའོ། །ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པའི་མཚན་ཉིད་དོ། །དངོས་པོ་ཤེས་དོན་དེ་ཡི་རྣམས། །དེ་མེད་པ་ཉིད་མཁས་པ་ཡིས། །ཀུན་བརྟགས་ལ་སོགས་མཚན་ཉིད་ནི། །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་འབྱུང་ངོ༌། །དེ་ལ་མཚན་ཉིད་གཉིས་མེད་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་སྤྲོས་པའི་དྲི་མ་ཐམས་ཅད་དང་བྲལ་བ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་རྣམ་པར་དག་པའི་ཐར་པ་ཡིན་ཞེ་ན། དེ་ཡང་བདེན་པ་མ་ཡིན་ཏེ། རྣམ་པར་དག་པ་ཞེས་བྱ་བ་ནི་མདུད་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་བཤད་ཀྱི། །རྣམ་པར་རིག་པ་ནི་མ་ཡིན་ནོ། །དེའི་དམིགས་པ་ཇི་སྲིད་བློ་ལ་རྒྱུ་བ་དེའི་བར་དུ་རྣམ་པར་མ་དག་པའོ། །ཇི་སྐད་དུ། འབྱུང་བ་ཆེ་སོགས་རྣམ་ཤེས་ལ། །བསྟན་པ་དེ་དག་འགོག་པར་འགྱུར། །དེ་ནི་ཡེ་ཤེས་ལ་ཐི་མ་ཞིང༌། །ངེས་པར་ཕྱིན་ཅི་ལོག་པ་ཡིན། །ཞེས་འབྱུང་ངོ༌། །ཀམ་པ་ལའི་ཞལ་སྔ་ནས་ཀྱིས། །རེ་ཞིག་ཐམས་ཅད་བརྫུན་ཡིན་ཏེ། །ཇི་སྲིད་ཇི་སྲིད་རྣམ་པར་རྟོག །གང་ཞིག་རྟོག་པར་མི་བྱེད་པ། །དེ་ཡི་བདེན་པ་དེ་ཉིད་ཡིན། །ཞེས་གསུངས་སོ། །རྣམ་རིག་ཙམ་ཉིད་འདི་དག་ཅེས། །དེ་ལྟར་ཉེ་བར་དམིགས་གྱུར་པ། །མདུན་དུ་ཅུང་ཟད་འཇོག་བྱེད་ན། །དེ་ཙམ་ལ་ཡང་གནས་མི་འགྱུར། །ཞེས་ཁྱེད་ཅག་རྣམས་ཀྱི་རྣག་གི་ཚིག་དང་འགལ་བའོ། །འོ་ན་ཇི་ལྟར་འགལ་བ་ཡིན་ཞེས་འདོད་ན། སྨྲས་པ། གང་ཚེ་ཤེས་པའི་དམིགས་པ་ནི། །དམིགས་པ་ཉིད་དུ་མི་འགྱུར་ན། །དེ་ཚེ་རྣམ་རིག་ལ་གནས་ཤིང༌། །གཟུང་བ་མེད་པས་དེ་མི་འཛིན། །ཞེ་ན། དེ་ཡང་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ལྟ་བུས་ཀྱང་སྟོང་པ་ཉིད་ནི་མངོན་པར་རྟོགས་པ་མ་ཡིན་ཏེ། རྣམ་པར་རིག་པར་འཇིག་པར་བྱས་པའི་ཕྱིར་དེ་ཡང་སྔོན་དུ་


DTG032_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་ཟིན་ཏོ། །ཇི་སྐད་དུ། གལ་ཏེ་ཤེས་པ་ཤེས་བྱའི་སྔོན། །ཅི་ལ་དམིགས་ཏེ་དེ་བྱུང་སྟེ། །ཤེས་བྱ་ཞིག་པས་ཤེས་འབྱུང་ན། །ཅི་ལ་དམིགས་ཏེ་དེ་འབྱུང་འགྱུར། །ཞེས་འབྱུང་བས་ཤེས་པ་དང་ཤེས་བྱ་དག་ལ་འབྲེལ་པ་མེད་པས་རྣམ་པར་ཤེས་པའི་སྣང་བ་མེད་དོ། །དེའི་ཕྱིར་དེ་ལྟ་བུའི་ལྟ་བ་ཅན་སྔགས་ཀྱི་ཐེག་པ་ཆེན་པོ་ལ་མི་འཇུག་པས་རྗེས་སུ་གཟུང་བར་བྱའོ་ཞེས་རྣམ་པར་རིག་པ་སྨྲ་བ་པོ་རྣམས་ལ་ལན་ནོ། །དབུ་མ་པ་ཞེས་བྱ་བས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་འབའ་ཞིག་ཏུ་དྲི་མ་མེད་པའི་མཐའ་ཡས་པ་ནམ་མཁའ་དང་མཚུངས་པ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་འདོད་དེ་རྣམ་པར་ཐར་པ་གསུམ་གྱིས་རྟོགས་པར་བྱ་བའི་ཕྱིར་རོ། །དེ་བས་ན་དངོས་པོ་ཐམས་ཅད་སྟོང་པ་ཉིད་དེ། གཅིག་དང་དུ་མས་བྲལ་བའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པའི་རྒྱུ་མཚན་དང་བྲལ་བ་དངོས་པོ་རྣམས་ཡིན་ཏེ་དབང་ཕྱུག་ལ་སོགས་པ་དཔྱོད་པ་ན་མི་དམིགས་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་སྨོན་པ་མེད་པ་ཡིན་ཏེ། སྨོན་པར་བྱ་བ་མ་གྲུབ་པས་སོ། །འདི་ལ་སྦྱོར་བ་ནི་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཏེ་གཅིག་དང་དུ་མས་བྲལ་བའི་ཕྱིར་གཟུགས་བརྙན་བཞིན་ནོ། །དེ་ལ་གལ་ཏེ། ཆོས་མཐུན་པའི་དཔེས་ངོ་བོ་མེད་པ་ཉིད་དམིགས་ན་དེ་བཞིན་དུ་ཡང་དེ་ཙམ་ལས་གཏན་ཚིགས་ཀྱི་འབྲེལ་བ་ངེས་སོ། །རྗེས་སུ་འགྲོ་བ་ཉེ་བར་ལེན་པའི་ལྡོག་པ་དོན་གྱིས་རྟོགས་པའི་ཕྱིར་རོ། །མཁས་པ་རྣམས་ཀྱིས་གཏན་ཚིགས་གཅིག་པུ་ཙམ་གྱིས་ངེས་པ་ཡིན་གྱི་ཡན་ལག་ལྔའམ་ཡན་ལག་གསུམ་གྱི་ཚིག་གི་སྦྱོར་བ་བསྟན་མི་དགོས་སོ། །དེ་དངོས་དང་ནི་རྒྱུ་དངོས་དག །དཔེ་ཡིས་དེ་ནི་མི་རིགས་ལ། །སྨྲ་བ་ཡིན་གྱི་མཁས་པ་ལ། །གཏན་ཚིགས་གཅིག་པུ་སྨྲ་བ་ཡིན། །དེའི་ཕྱིར་ཕྱོགས་དང་དཔེ་ལ་སོགས་པའི་ཚིག་རྒྱས་པ་སྤངས་ཏེ་རྗེས་སུ་འགྲོ་བ་ཙམ་གྱིས་ཁོ་བོ་ཅག་གི་སྟོང་པ་ཉིད་དུ་འགྲུབ་པོ། །གལ་ཏེ་གཅིག་དང་དུ་མས་བྲལ་བ་ཙམ་གྱིས་སྟོང་པ་ཉིད་ངེས་པར་བྱེད་ན། དེ་ཅིའི་ཕྱིར་བྱེ་བྲག་བཅོ་བརྒྱད་པའི་སྟོང་པ་ཉིད་གསུངས་ཤེ་ན། སྨྲས་པ་འདིར་ནི་གདོད་མ་ནས་མ་རིག་པའི་བག་ཆགས་ཀྱི་ཤུགས་ཀྱི་དབང་གིས་


DTG032_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་རྣམ་པར་རྟོག་པ་དེ་དང་དེ་དག་གི་རྒྱུ་བ་སྤང་བའི་དོན་དུ་འབད་པ་བྱ་བ་ཡིན་ཏེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་མེད་པ་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། ངོ་བོ་མེད་པའི་རང་བཞིན་སྟོང་པ་ཉིད་དོ། །ནང་གི་ཆོས་ནི་མིག་ལ་སོགས་པ་ཉིད་ཀྱིས་སྟོང་པ་ཡིན་ནོ་ཞེས་སྟོང་པ་ཉིད་དོ། །ཕྱིའི་ཆོས་ནི་གཟུགས་ལ་སོགས་པ་སྟེ། དེ་དག་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱིས་སྟོང་པ་ཞེས་ཕྱི་སྟོང་པ་ཉིད་དོ། །ནང་དང་ཕྱིའི་ཆོས་ནི་ནང་དང་ཕྱིའི་ཆོས་ཉིད་ཀྱིས་སྟོང་པ་སྟེ་ཕྱི་ནང་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱིས་སྟོང་པ་གང་ཡིན་པ་དེ་ཉིད་ཀྱིས་སྟོང་པ་ཡིན་ནོ་ཞེས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ། །ཤར་ལ་སོགས་པའི་ཕྱོགས་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་ཉིད་ཀྱིས་སྟོང་པ་ཡིན་ནོ་ཞེས་སྟོང་པ་ཆེན་པོའོ། །དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་པ་ཡིན་ཞེས་དོན་དམ་པའི་སྟོང་པ་ཉིད་དོ། །འདུས་བྱས་པ་ནི་ཁམས་གསུམ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སོ། །དེ་དེ་རྣམས་ཀྱིས་སྟོང་པ་ཡིན་ནོ་ཞེས་འདུས་བྱས་སྟོང་པ་ཉིད་དོ། །སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བ་ནི་འདུས་མ་བྱས་པ་སྟེ། དེ་དེ་ཉིད་ཀྱིས་སྟོང་པ་ནི་འདུས་མ་བྱས་ཀྱི་སྟོང་པ་ཉིད་དང༌། རྟག་པ་དང་ཆད་པ་དག་ནི་མཐའོ། །དེ་དག་ཉིད་ཀྱིས་སྟོང་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །གང་ཐོག་མ་དང་མ་མེད་པ་དེ་ལ་བདེན་པའི་དངོས་པོ་མེད་དེ། འགྲོ་བ་དང་འོང་བ་མེད་ཅིང་ཐོག་མ་དང་བར་དང་མཐས་སྟོང་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་དོ། །དོར་བ་ནི་སྤང་བ་སྟེ་དེ་ལས་ལོག་པ་ནི་དོར་བ་མེད་པ་སྟེ། དེ་ཉིད་ཀྱིས་སྟོང་པས་ན་དོར་བ་མེད་པའི་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་


DTG032_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སུས་ཀྱང་མ་བྱས་པ་དང་འདུས་མ་བྱས་པ་ཡང་མ་ཡིན་ཏེ། དེ་རང་བཞིན་གྱིས་སྟོང་པས་ན། རང་བཞིན་གྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་འདུས་བྱས་པ་དང་འདུས་མ་བྱས་པ་དེ་དག་དེ་ཉིད་ཀྱིས་སྟོང་པས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ནི་རང་རང་གི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་སྟོང་པས་ན་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཉིད་ཀྱིས་སྟོང་པས་ན་མི་དམིགས་པ་སྟོང་པ་ཉིད་དོ། །སྦྱོར་བ་ལས་བྱུང་བའི་ཆོས་ཀྱི་མཚན་ཉིད་མེད་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འབྱུང་བའི་ཕྱིར་རོ། །སྦྱོར་བ་ནི་སྦྱོར་བ་ཉིད་ཀྱིས་སྟོང་པས་ན་ངོ་བོ་ཉིད་དོ། །རང་བཞིན་གྱིས་སྟོང་པས་ན་རང་གི་ངོ་བོ་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་རང་བཞིན་དངོས་པོ་དེ་དེ་ཉིད་ཀྱིས་སྟོང་པས་ན་ངོ་བོ་མེད་པའི་རང་བཞིན་སྟོང་པ་ཉིད་དོ། །དེའི་ཕྱིར་སྟོང་པ་ཉིད་བཅོ་བརྒྱད་བསྟན་ཏོ། །དེ་བས་ན་རྣམ་པར་ཐར་པ་གསུམ་ཐོབ་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ས་བཅུ་གཉིས་པ་ཀུན་ཏུ་འོད་ཀྱི་ས་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཐོབ་བོ་ཞེས་དེ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། །ཕྱོགས་དེར་ཉན་ཐོས་ལ་སོགས་པའི་འདོད་པའི་དངོས་པོའི་མངོན་པར་ཞེན་པ་མེད་དེ། དེ་རྣམས་ཀྱི་སྟོང་པ་ཉིད་མངོན་དུ་གྱུར་པ་ལ་སྤངས་པའི་ཕྱིར་རོ། །ཇི་སྐད་དུ། དངོས་པོ་གོས་དང་འདྲ་བ་རྣམས། །རྣམ་པ་དུ་མས་ཐ་དད་པ། །སྟོང་པ་ཉིད་ཀྱི་མེས་ཚིག་ན། །ཐལ་བའི་དབྱེ་བ་གང་ཡང་མེད། །སྣོད་དང་སེམས་ཅན་ཞེས་བྱ་བའི། །འཇིག་རྟེན་གཉིས་པོ་འདིས་བསྲེགས་ནས། །ད་ཡང་རང་ཉིད་དེ་ཉིད་དུ། །མེ་སྒྲོན་བཞིན་དུ་ཞི་བར་འགྱུར། །ཞེས་འབྱུང་ངོ༌། །སྔོན་གྱི་སྨོན་ལམ་དང་སྙིང་རྗེ་ཆེན་པོས་བསྐུལ་བས་སེམས་ཅན་གྱི་དོན་འགྲུབ་པ་ཡིན་པས་ཆད་པའི་ཕྱོགས་མེད་དོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ལ་རྟག་ཏུ་གཞོལ་བས་རྟག་པ་ཡང་མེད་དོ་ཞེས་སྟོང་པ་ཉིད་སྨྲ་བ་ཐེག་པ་ཆེན་པོ་བ་བདག་ཅག་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་གི་བདག་ཉིད་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ཕྱོགས་སོ། །འོ་ན་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་ཡང་ཡོད་དེ་དེ་ཅིའི་ཕྱིར་མ་བསྟན་ཞེ་ན། དེ་ནི་ཡོད་པ་བདེན་


DTG032_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འོན་ཀྱང་གསུམ་པ་ལ་གོམས་པས་འབད་པ་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ཏེ་ཆུ་ཐིགས་བཞིན་ནོ། །དེ་བས་དེ་ནི་བྱང་ཆུབ་ཀྱི་རྒྱུ་ཡིན་ཡང་ཤིན་ཏུ་ཉེ་བའི་ཕྱིར་འབྲས་བུ་ཡང་ཡིན་པ་ལ་སྐྱོན་གང་ཡང་མེད་དོ། །དབུ་མ་པ་དེ་རྣམས་གལ་ཏེ་རང་བཞིན་མེད་པར་སྨྲ་ན་ཡང་སྔགས་ཀྱི་ཐེག་པ་ཆེན་པོ་ནི་ཐབས་དུ་མས་ཁྱད་པར་དུ་འགྱུར་ཏེ། ཇི་སྐད་དུ། དོན་གཅིག་པ་ལ་མ་རྨོངས་ཕྱིར། །ཐབས་མང་བས་ནི་དཀའ་ཐུབ་མེད། །དབང་པོ་རྣོ་བའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་འབྱུང་ངོ༌། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ་ཁོ་ན་ཇི་ལྟར་ཐོབ་པ་བཞིན་དུ་སྔགས་ཀྱི་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཀྱང་ཐོབ་པར་འགྱུར་རོ་ཞེས་འབྲས་བུ་ལོག་པར་རྟོག་པ་གང་ཡང་མེད་དོ། །འོན་ཀྱང་དེ་རྣམས་ལ་རྨོངས་པ་ཡོད་དེ། དཔེར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེའི་དབང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དོན་གཉེར་བ་རྣམས་ལ་མགོ་བོ་ལ་སོགས་པ་སྦྱིན་པར་བྱེད་དེ། དེའི་དེས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་ཏེ། སེམས་ཅན་གཅིག་ལ་ཕན་པ་ཡིན་གྱི་ཀུན་ལ་མེད་པའི་ཕྱིར་རོ། །གང་གི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་དགེ་བའི་འདུ་བྱེད་དེ་དག་གིས་གཞན་དང་གཞན་དུ་སྐྱེ་ཞིང་འཆི་འཕོ་བར་འགྱུར་རོ། །དེ་བས་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པའི་བྱང་ཆུབ་ཅན་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སྔགས་ཀྱི་ཐེག་པ་ལ་གནས་པ་ལ་རྨོངས་པ་མེད་དེ། འགྲོ་བ་གསུམ་པོར་ངེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྲོ་བ་ལ་སོགས་པའི་རིམ་གྱིས་ཅིག་ཅར་དུ་རྫོགས་པའི་ཕྱིར་རོ། །སེམས་ཅན་གྱི་བསོད་ནམས་ཀྱི་བདག་པོའི་རྐྱེན་དང་དེ་རྣམས་ཀྱི་སྐལ་བ་ཉིད་ཀྱིས་ཀྱང་བསམ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་སྐད་དུ། ལྷ་ཡི་དབང་པོས་ཆར་ཕབ་ཀྱང༌། །ས་བོན་ངན་པ་སྐྱེ་མི་འགྱུར། །སངས་རྒྱས་རྣམས་ནི་བྱུང་ན་ཡང༌། །སྐལ་མེད་པས་ནི་འབྲས་མི་ཐོབ། །ཅེས་འབྱུང་ངོ༌། །དེ་ཉིད་ཀྱི་


DTG032_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེས་ནི་སྐད་ཅིག་མ་གཅིག་གིས་བྱང་ཆུབ་པ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་པ་རྣམས་ཀྱིས་འབྲས་བུ་དང་ཐབས་ཡང་དག་པ་མ་ཡིན་ཏེ། མི་སྡུག་པ་ལ་སོགས་པ་བསྒོམས་པས་ཆོས་ཀྱི་དབྱིངས་ཐོབ་པར་མི་འགྱུར་ཏེ། དེས་ཀེང་རུས་ལ་སོགས་པ་ཙམ་ཐོབ་པའི་ཕྱིར་རོ། །དེ་ཡང་དེ་ཁོ་ན་ཉིད་མ་ཡིན་ནོ། །མར་མེ་ལྟ་བུ་མྱ་ངན་ལས་འདས་པ་ཚད་མ་གཉིས་དང་བྲལ་བ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མེད་པ་གང་ཡིན་པ་དེ་ཡང་དེ་ཁོ་ན་ཉིད་དུ་བསྟན་པ་མ་ཡིན་ཏེ། མཐོང་བའི་ཆོས་ཀྱིས་དེ་ཁོ་ན་ཉིད་མི་ཐོབ་པའི་ཕྱིར་རོ། །ཐེག་པ་ཆེན་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ངོ་བོ་གཅིག་ཡིན་མོད་ཀྱི་འོན་ཀྱང་ཐབས་ནི་གཅིག་ཁོ་ན་སྟེ། རྣམ་པར་ཐར་པའི་སྒོ་ནས་སྟོང་པ་ཉིད་རྟོགས་པའི་ཕྱིར་རོ། །དེ་ཡང་བརྟགས་པ་པ་ཡིན་ཏེ། གཅིག་དང་དུ་མ་ལ་སོགས་པའི་གཏན་ཚིགས་ཀྱིས་དེ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །མེས་པ་དང་རིགས་དང་བག་ཆགས་དང་བག་ལ་ཉལ་བ་དང༌། བསམ་པ་སྣ་ཚོགས་པའི་སེམས་ཅན་གྱི་ཁམས་ལ་ལམ་གཅིག་བསྟན་པ་ནི་མི་འདོད་པའི་ཕྱིར་རོ། །དེ་བཞིན་དུ་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཀྱང་དཀའ་ཐུབ་དང་མགོ་ལ་སོགས་པ་སྦྱིན་པ་དང༌། སྟོང་པ་ཉིད་བཅོ་བརྒྱད་བསྒོམ་པ་དང༌། བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པའི་ཕྱིར་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་སྔགས་ཀྱི་ཐེག་པའི་སྤྱོད་པ་དང་ལྡན་པས་དཀའ་ཐུབ་དང་བརྟུལ་ཞུགས་ལ་མི་བརྟེན་ཏེ། དེ་རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔས་སྤྱོད་པའི་སྒོ་ནས་དེ་ཉིད་ཐོབ་པའི་ཕྱིར་རོ། །ལེའུ་ལྔ་པ་ལས་ཀྱང༌། དཀའ་ཐུབ་ཉེས་པ་མ་རུངས་ལ། །རྟེན་པར་བྱེད་པས་འགྲུབ་མི་འགྱུར། །འདོད་པའི་ཡོན་ཏན་ལོངས་སྤྱོད་ལ། །བརྟེན་པས་མྱུར་དུ་འགྲུབ་པར་འགྱུར། །ཞེས་འབྱུང་ངོ༌། །གཞན་ལས་ཀྱང༌། དཀའ་ཐུབ་ཉེས་པ་མ་རུངས་པས། སྡུག་བསྔལ་དང་ལྡན་ལུས་སྐམ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཏེ། །གཡེངས་པས་དངོས་གྲུབ་ཐོབ་མི་འགྱུར། །ཞེས་འབྱུང་ངོ༌། །དེ་བཞིན་དུ་ཐེག་པ་ཆེན་པོ་པ་རྣམས་ནི་དབང་པོ་རྣོ་བ་མ་ཡིན་ཏེ། དེ་རྣམས་ཀྱི་དད་པ་ལ་སོགས་པའི་ཡོན་ཏན་རྣམས་དམན་པ་


DTG032_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །དེ་ལྟར་ཇི་སྲིད་ཐ་མལ་པའི་ལུས་མ་སྦྱངས་པ་དེ་སྲིད་དུ་ཐ་མལ་པ་མ་ཡིན་པའི་རྡོ་རྗེའི་སྐུའི་མཚན་ཉིད་ཀྱི་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་རོ། །དེ་ཡང་ཐེག་པ་ཆེན་པོ་ལ་མེད་དེ། །ལྷའི་རྣམ་པ་བསྒོམ་པ་མེད་པའི་ཕྱིར་རོ། །དེ་མི་བསྒོམ་པ་ནི་དབང་པོ་རྣོ་བ་མ་ཡིན་པའི་ཕྱིར་རོ། །ལུས་གང་གི་ཐ་མལ་པ་འཆིང་བ་དེ་ཉིད་ཀྱི་རྣམ་པར་སྦྱང་བ་དང་ཡོངས་སུ་ཤེས་ན་གྲོལ་བར་འགྱུར་རོ། །དེ་ཡང༌། རྨོངས་པ་གང་གིས་འཆིང་བ་ནི། །མཁས་པ་དེས་ནི་རབ་ཏུ་གྲོལ། །དེ་ལྟར་བྱང་ཆུབ་བསྒོམ་པའི་ཕྱིར། །ཐབས་འདི་ཐམས་ཅད་ལོག་པ་ཡིན། །ཞེས་འབྱུང་ངོ༌། །གང་དང་གང་གིས་སྐྱེ་བོ་རྣམས། །མི་བཟད་ལས་ཀྱིས་འཆིང་འགྱུར་བ། །ཐབས་དང་བཅས་པ་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་འབྱུང་ངོ༌། །འོད་སྲུངས་འདི་ལྟ་སྟེ། བུ་རམ་གྱི་ཤིང་དང་འབྲས་ཀྱི་ཞིང་རྣམས་ལ་ལུད་ཀྱི་ཕུང་པོ་ཕན་པར་གྱུར་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡང་ཉོན་མོངས་པ་ཁོ་ན་ཕན་པར་འགྱུར་ཞེས་གསུངས་པས་སོ། །དེའི་ཕྱིར་སྔགས་ཀྱི་ཐེག་པ་ལ་སྣོད་དུ་གྱུར་པའི་རྣལ་འབྱོར་པ་རྣམས་ནི་དབང་པོ་རྣོ་བ་ཡིན་ནོ། །ཐེག་པ་ཆེན་པོ་པ་དེ་དག་ཀྱང་འདིར་རྗེས་སུ་གཟུང་བར་བྱ་བ་ཡིན་པ་དང༌། སྔགས་ཀྱི་ཐེག་པ་ཆེན་པོའི་སྣོད་དུ་རུང་བ་ཡིན་ཏེ། འབྲས་བུ་ལ་དབྱེར་མེད་པའི་ཕྱིར་རོ། །ཇི་སྐད་དུ། དགའ་བ་མི་ཟད་འོད་གསལ་ཞིང༌། །སྣ་ཚོགས་གཟུགས་ཅན་མི་རྟོག་པ། །སྙིང་རྗེ་ཆེན་པོའི་རོས་ཁྱབ་པ། །ཆོས་དབྱིངས་བདག་ཉིད་འབྲས་བུ་ཡིན། །ཞེས་གསུངས་སོ། །རེ་ཞིག་ཐེག་པ་ཆེན་པོ་འདི་བཞག་ན་གསུམ་པོ་དག་ཀྱང་སྔགས་ཀྱི་ཐེག་པ་ཆེན་པོའི་སྣོད་དུ་རུང་བར་འགྱུར་རོ། །གང་གི་ཚེ་དེ་རྣམས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱི་འཁོར་ལོས་བསྐུལ་བ་དེའི་ཚེ། དོན་དམ་པའི་བློ་ཡང་དག་པར་བསྐྱེད་པས་མི་རྟོག་པའི་ཏིང་ངེ་འཛིན་མངོན་དུ་བྱས་ནས། །དེ་ཁོ་ན་ཉིད་ལ་འཇུག་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་དབང་བསྐུར་བས་ཐ་མལ་པའི་རྒྱལ་པོ་རྒྱལ་པོ་ཆེན་པོར་འགྱུར་བ་བཞིན་ནོ། །གཞན་ཡང་ཉན་ཐོས་ལ་སོགས་པ་དེ་རྣམས་


DTG032_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་སྣོད་ཡིན་ཞེས་ངོ་མཚར་མེད་དེ། དེ་ནི་རང་གི་ཚོགས་པ་དང་བཅོམ་ལྡན་འདས་ཀྱི་ལམ་ལ་གནས་པའི་ཕྱིར་སྔགས་ཀྱི་ཐེག་པ་ཆེན་པོ་ལ་བརྟེན་ཏེ་འགྲུབ་པར་འགྱུར་རོ། །རྒྱང་ཕན་པ་ལ་སོགས་པ་གཞན་གྱི་ཚོགས་པ་རྣམས་དེ་དག་ཀྱང་བསྟན་པ་འདི་ལ་བརྟེན་ཏེ་དངོས་གྲུབ་ཐོབ་པའོ། །ཇི་སྐད་དུ། ཕ་རོལ་སྨྲ་བ་གང་དག་ནི། །རྟགས་ཀྱི་དབྱེ་བས་རྣམ་པར་གནས། །རྡོ་རྗེ་སེམས་དཔའི་སྤྲུལ་པས་སོ། །ཞེས་འབྱུང་ངོ༌། །ཚད་མའི་ལམ་ལ་གནས་པ་མཁས་པ་དེ་དག་རེ་ཞིག་ཚད་མས་གྲུབ་པའི་བསྟན་བཅོས་ཐོས་པ་ཙམ་གྱིས་ལམ་འདིར་འཇུག་པར་འདོད་པ་དེ་དག་གཞན་ན། འོན་ཀྱང་ཤིན་ཏུ་གདུག་པ་དང་རྐུ་བ་དང་གཡེམ་པའི་ཆོས་ཅན་དང་མཚམས་མེད་པའི་ལས་བྱེད་པ་དེ་རྣམས་ཀྱང་སྔགས་ཀྱི་ཐེག་པ་ཆེན་པོ་ལ་བརྟེན་ཏེ། དངོས་གྲུབ་ལྷག་པར་ཐོབ་པའོ། །ཇི་སྐད་དུ། རིགས་ངན་སྨྱུག་མ་མཁན་ལ་སོགས། གསོད་བས་ནོར་ནི་དོན་གཉེར་བ། །དེ་ཡང་ཐེག་པ་མཆོག་འདི་ལ། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །མཚམས་མེད་ལ་སོགས་ལས་བྱེད་རྣམས། །ཤིན་ཏུ་སྡིག་ཅན་སེམས་ཅན་རྣམས། །དེ་ཡང་ཐེག་པ་བླ་མེད་འདི། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་འབྱུང་ངོ་། །དེ་ལྟར་འདི་སྐྱོན་ཐམས་ཅད་ལས་ངེས་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། ཟབ་པ་དང་རྒྱ་ཆེ་བ་རྡོ་རྗེ་ཐེག་པ་ཆེན་པོ་འདི་ཡིན་ནོ། །དེ་ལ་རྣམ་པ་ལྔ་སྟེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། རྣལ་འབྱོར་ཆེན་པོའི་མཐར་ཐུག་པའི་བྱེ་བྲག་གིས་དེ་རྣམས་ཀྱི་རང་རང་གི་མཚན་ཉིད་དང༌། དབང་པོའི་དངོས་པོ་དང༌། ཡུལ་གྱི་བྱེ་བྲག་སྔོན་དུ་བཤད་ཟིན་ཏོ། །དེ་རྣམས་ཀྱི་རིམ་པ་གཉིས་འདི་ལྟར་ཡིན་ཏེ། དེ་ལ་བྱ་བའི་རྒྱུད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་བསྐྱེད་པའི་རིམ་པ་ནི་དང་པོའི་ཡི་གེ་ཙམ་ཡོངས་སུ་གྱུར་པས་སོ། །རྫོགས་པའི་རིམ་པ་ཡང་མཛོད་སྤུ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་སྤྲོ་བ་དང༌། བསྡུ་བའི་རིམ་པས་སོ། །སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་བསྐྱེད་པའི་རིམ་པ་ནི་མངོན་པར་བྱང་ཆུབ་པའི་རྣམ་པ་ལྔའི་རིམ་པས་སོ། །རྫོགས་པའི་རིམ་པ་ནི་ཕྲ་


DTG032_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྡོ་རྗེ་ལ་སོགས་པའི་བསྒོམ་པའི་རིམ་པས་སོ། །རྣལ་འབྱོར་པ་ཆེན་པོ་པ་རྣམས་ཀྱི་བསྐྱེད་པའི་རིམ་པ་ནི་རྣལ་འབྱོར་བཞི་དང་ལྡན་པའི་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རིམ་པའམ་རྡོ་རྗེ་བཞི་པས་སོ། །རྫོགས་པའི་རིམ་པ་ནི་བསྒོམ་པ་དུ་མ་སྟེ། དཔེར་ན་ཕྲ་མོའི་རྣལ་འབྱོར་ནི་སོ་སོར་སྣང་བ་ཙམ་གྱི་རང་བཞིན་ནི་ཤེལ་དག་པ་ལྟ་བུའི་རྣམ་པ་འོད་ཟེར་གྱི་སྦྱོར་བས་སོ། །ཐིག་ལེའི་རྣལ་འབྱོར་ནི་སྣ་གསུམ་གྱི་རྩེ་མོར་དགོད་པའི་ཁམས་གསུམ་མ་ལུས་པའི་ངོ་བོ་ཕྲ་ཞིང་དང་བའི་ཐིག་ལེ་ཙམ་བསྒོམ་པའི་རིམ་པས་སོ། །ཡང་ན་རྩའི་ཀུན་ཏུ་རྒྱུ་བས་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཡོ་བས་སོ། །ཡང་ན་པདྨའི་ནང་དུ་དམ་ཚིག་གི་དཀྱིལ་འཁོར་བསྒོམ་པའི་རིམ་པས་སོ། །ཡང་ན་རྩ་ཐམས་ཅད་ཀྱི་ཁུང་བུ་ནས་འཕོ་བའི་བྱང་ཆུབ་སེམས་ཀྱི་སྟེང་དུ་བཟློག་པར་འགྱུར་བས་བདེ་བ་ཆེན་པོའི་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་གྱིས་སོ། །རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་ཐིག་ལེ་ཧཱུཾ་ཕཊ་ལ་སོགས་པའི་ས་བོན་སྔོན་དུ་འགྲོ་བས་འཛིན་པའམ་སྙོམས་པར་ཞུགས་པའི་དུས་སུ་དེ་བཞིན་གཤེགས་པ་རྣམས་འཇུག་པས་རོ་གཅིག་པར་བྱེད་པའི་རྣལ་འབྱོར་གྱིས་སམ། དེ་ལས་མ་ལྷུང་བའི་བྱང་ཆུབ་ཀྱི་སེམས་དེ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བློས་ལྕེས་ཡང་དག་པར་མྱོང་བའི་རིམ་པས་སམ། ཡུལ་དང་དབང་པོ་ཕྲད་པ་དང་དེའི་རྣམ་པར་དག་པ་དང་བྱང་ཆུབ་ཀྱི་སེམས་དེ་སྤྲོ་བ་དང་དེ་འཛིན་པ་དང༌། ནམ་མཁའི་གཏོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བ་དང་། ཐམས་ཅད་ཡོངས་སུ་སྡུད་པས་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་རིམ་པ་ཞེས་བྱ་བ་ཡན་ལག་དྲུག་གི་རིམ་པས་སོ། །ཡང་ན་རིམ་པ་ལྔ་སྟེ་རྡོ་རྗེ་བཟླས་པའི་རིམ་པ་ནི་ངག་རྣམ་པར་དག་པའི་ཕྱིར་རོ། །སེམས་རྣམ་པར་དག་པ་ནི་སེམས་ལ་དམིགས་པའི་རིམ་པས་སོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་ནི་རང་བྱིན་གྱིས་རློབ་པས་སོ། །དོན་དམ་པའི་བདེན་པ་རྣམ་པར་དག་པ་ནི་མངོན་པར་བྱང་ཆུབ་པས་སོ། །མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་རིམ་པས་སོ། །སེམས་དཔའ་


DTG032_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་འཇུག་པར་བྱ་སྟེ། དེ་ཙམ་གྱི་ང་རྒྱལ་ལ་གནས་པའི་རིམ་པས་སོ། །རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་རང་བཞིན་དང་གཞན་གྱི་རྒྱུད་ལ་གནས་པའི་ལུས་ལ་སོགས་པའི་རྣམ་པར་རྟོག་པ་བཀག་པའི་སྒོ་ནས་སོ། །དེ་དང་འདྲ་བ་གཞན་ཡང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་འོག་ནས་འཆད་པར་འགྱུར་བ་དང༌། རྩ་ཡང་དག་པར་རྒྱུ་བ་ལ་སོགས་པ་གང་ཡིན་པ་དང༌། དེ་དག་ཐམས་ཅད་རིམ་པ་ལྔ་པོར་འདུས་པར་རིག་པར་བྱའོ། །རྣལ་འབྱོར་ཆེན་པོའི་ཕྱོགས་འདི་གང་ཟག་ལྔ་འདུལ་བའི་ཡུལ་ཅན་གང་ཡིན་པ་དེའི་དབྱེ་བས་འོག་ནས་ཀྱང་འཆད་པར་འགྱུར་རོ། །ད་ནི་འདི་ལྟར་དཔྱད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་དག་ལས་བསྐྱེད་པའི་རིམ་པ་བསྒོམ་པ་པོའི་གང་ཟག་གང་ཞེ་ན། སྨྲས་པ། དབང་པོ་དམན་པ་དང་བར་མ་དང༌། རབ་ནི་ཙནྡན་ལ་སོགས་པའོ། །དེའི་ཕྱིར་དེ་དག་ཚོགས་ལ་བཤད་པ་ལ་སྣོད་ཡིན་ནོ། །བསྐྱེད་པའི་རིམ་པ་ཞེས་བྱ་བ་ནི་རྟོག་པའི་རྣལ་འབྱོར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐ་མལ་པ་སྤངས་ཏེ། དེ་བཞིན་ཉིད་དང་ཕྱག་མཚན་དང་ས་བོན་ལས་སྤྲོ་བ་དང་བསྡུ་བའི་རིམ་པས་ཕྱག་རྒྱ་བསྒོམ་པ་ཡིན་ནོ། །དེ་བས་ན་སྤྲོས་པས་བསྒྲུབ་པའི་ཕྱིར་རྣལ་འབྱོར་པ་ས་བརྒྱད་པ་ལ་གནས་པར་གྱུར་ནས་དེའི་འོག་ཏུ་དད་པ་ལ་སོགས་པའི་ཆོས་ལ་མཐར་ཕྱིན་པས་དེ་རྣམས་ཁོ་ན་དབང་པོ་རྣོ་བར་འགྲོ་བས་ན་རིན་པོ་ཆེ་ལྟ་བུའི་གང་ཟག་ཏུ་འགྱུར་རོ། །ལ་ལན་རེ་གསེར་ཁུང་ལྟ་བུའི་ཐ་དད་པའི་རིགས་ཙནྡན་ལ་སོགས་པ་ཡིན་ནོ། །དེའི་ཕྱིར་གང་བསྐྱེད་པའི་རིམ་པ་སྒོམ་པ་པོ་དེ་དག་དེའི་རིགས་ཅན་ཁོ་ནའོ། །གང་རིན་པོ་ཆེ་ལྟ་བུའི་གང་ཟག་གང་ཡིན་པ་དེ་རྣམས་ཐ་དད་པ་སྟེ། རྫོགས་པའི་རིམ་པའི་སྒོམ་པ་པོ་ཁོ་ནའོ། །དེ་བས་ན་དེ་རྣམས་ཀྱིས་བསྐྱེད་པའི་རིམ་པ་མ་བསྒོམས་པས་ཀྱང་རྫོགས་པའི་རིམ་པ་གཅིག་པུ་སྒོམ་པ་ལ་དབང་པ་སྟེ། བསྐྱེད་པའི་རིམ་པ་ཚེ་སྔ་མ་ལ་གོམས་པའི་ཕྱིར་ཞེས་སྐྱོན་མེད་དོ། །ཇི་སྐད་དུ། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས།།


DTG032_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པའོ། །དེ་ལ་གལ་ཏེ་བཅོམ་ལྡན་འདས་ཀྱི་གསུང་གི་ངོ་བོ་མི་བཟོད་ནས་མྱུར་བའི་ཏིང་ངེ་འཛིན་གྱིས་ཕྱག་རྒྱ་ལ་དམིགས་ཏེ་རིམ་པ་ལ་བསླབ་པར་བྱའོ། །ཡང་ན་མེད་ན་དེའི་ཚེ་སྔ་མ་བཞིན་དུ་རྫོགས་པའི་རིམ་པ་ཉིད་བསྒོམ་པར་བྱའོ། །གོམས་པའི་རིམ་པས་ཅི་ཞིག་བྱ་ཞེས་གང་གསུངས་པ་དེ་ནི་རྫོགས་པའི་རིམ་པའི་གོ་རིམས་ལ་སློབ་པའི་ཕྱིར་ཡིན་གྱི། བསྐྱེད་པའི་རིམ་པ་ལ་ནི་མ་ཡིན་ནོ་ཞེས་སྐྱོན་གང་ཡང་མེད་དེ། དེ་ལ་འདི་ལྟར་དཔྱད་པར་བྱ་སྟེ། རྫོགས་པའི་རིམ་པ་གཙོར་གྱུར་པ་རིམ་པ་ལྔ་པོ་ཡིན་ན་དེའི་ཚེ་རིམ་པའི་གྲངས་ཀྱིས་རྣལ་འབྱོར་པའི་རིམ་པ་ལྔ་པོ་ཡིན་ནམ་གཅིག་ཡིན་ཞེ་ན། གལ་ཏེ་གཅིག་ཡིན་ན་དེའི་ཚེ་རྡོ་རྗེ་བཟླས་པའི་རིམ་པ་ཉིད་ཀྱིས་བྱ་བ་བྱས་པའི་ཕྱིར་རིམ་པ་གཞན་གྱིས་ཅི་ཞིག་བྱ། དེ་ལ་ཡང་མ་ནིང་གི་བཟླས་པ་ལ་སོགས་པའི་སྐབས་སུ་འོད་གསལ་པ་ཉིད་བསྟན་པའི་ཕྱིར་རོ། །ལྔ་ཡིན་ན་ནི་དེའི་ཚེ་རེ་རེ་དག་ལ་ངག་རྣམ་པར་དབེན་པ་ལ་སོགས་པ་ཡིན་གྱི་སེམས་རྣམ་པར་དག་པ་ལ་སོགས་པ་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་གིའོ། །སྨྲས་པ། རྣལ་འབྱོར་པ་གཅིག་པ་ཡིན་གྱི་ལྔ་ནི་མ་ཡིན་ནོ། །གང་གི་ཕྱིར་བསྐྱེད་པའི་རིམ་པས་ཏིང་ངེ་འཛིན་གསུམ་པོ་དེ་ཉིད་ལ་དམིགས་ཏེ། རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པ་ལ་འཇུག་གོ །དེའི་རྗེས་སུ་ཡི་གེ་གསུམ་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེའི་བཟླས་པ་ལ་གོམས་པས་ངག་རྣམ་པར་དབེན་པ་ལ་འཇུག་གོ །དེའི་འོག་ཏུ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་རྣམ་པར་དག་པས་དེ་རྫོགས་པ་ན་སེམས་རྣམ་པར་དབེན་པ་ལ་འཇུག་གོ །རང་བྱིན་གྱིས་རློབ་པའི་རིམ་པས་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་ལ་འཇུག་གོ །མངོན་པར་བྱང་ཆུབ་པའི་རིམ་པས་འོད་གསལ་བ་ལ་འཇུག་གོ །ཟུང་དུ་འཇུག་པའི་རིམ་པས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་གོ །དེའི་ཕྱིར་སངས་རྒྱས་ཉིད་རིམ་གྱིས་རྙེད་པ་ཡིན་པས་རྣལ་འབྱོར་པ་གཅིག་རྡོ་རྗེའི་བཟླས་པ་གཅིག་པུའམ་གང་ཡང་རུང་སྟེ་གཅིག་གིས་མི་འགྲུབ་པོ། །དེའི་ཕྱིར་ཙནྡན་ལ་སོགས་པ་ལྟ་བུའམ་རིན་པོ་ཆེ་ལྟ་བུའི་རྣལ་འབྱོར་པས་


DTG032_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལྔ་ཆར་བསྒོམ་པར་བྱའོ། །དེ་ལྟ་ན་པདྨ་ལྟ་བུ་ལ་སོགས་པའི་བསྐྱེད་པའི་རིམ་པ་གཅིག་པུའི་སྣོད་ཡིན་པས་རྫོགས་པའི་རིམ་པ་ལྔ་པོའི་ཕྱིར་སྒོམ་པར་བྱེད་ཅེ་ན། སྨྲས་པ། དྲང་བའི་དོན་དུ་ཡང་རྫོགས་པའི་རིམ་པ་གསུངས་པས་ཀུན་གྱིས་བསྒོམ་པར་བྱ་བ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་གཞན་དུ་གསུངས་ཏེ། དེ་སྐད་དུ་སྤྱོད་པ་བསྡུས་པའི་སྒྲོན་མ་ལས། རྡོ་རྗེ་སློབ་མས་གསོལ་བ། བདག་ཅག་ལྟ་བུའི་སོ་སོའི་སྐྱེ་བོ་ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་ལ་མངོན་པར་ཞེན་པས་ཡོད་པ་དང་མེད་པ་དང་གཅིག་པ་དང་དུ་མ་དང༌། གཉིས་དང་གཉིས་མ་ཡིན་པ་དང༌། ཡོད་པ་མ་ཡིན་མེད་པའང་མ་ཡིན་པ་རྟག་པ་དང་མི་རྟག་པ་ལ་སོགས་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུས་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་ལ་མ་ཞུགས་པ་རྣམས་ཀྱིས་རྫོགས་པའི་རིམ་པའི་གོ་རིམས་ཀྱི་ཏིང་ངེ་འཛིན་ལ་སློབ་པ་ན། གོ་རིམས་ཇི་ལྟ་བ་བཞིན་དུ་བསླབ་པར་བགྱི་བའམ་ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་དག་སྐད་ཅིག་ཙམ་ག་ཡིས་སོ་སོར་སྣང་བར་བགྱི། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིམ་གྱིས་འཇུག་པ་ལ་སློབ་པར་བྱའི་ཅིག་ཅར་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལང་ཀར་གཤེགས་པའི་མདོ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་གསོལ་བ་བཏབ་པ། བཅོམ་ལྡན་འདས་རང་གི་སེམས་སྣང་བའི་རྒྱུད་ཅིག་ཅར་རམ་རིམ་གྱིས་འཇུག་པས་སམ། ཇི་ལྟར་རྣམ་པར་དག་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་ནི་རིམ་གྱིས་འཇུག་པས་རྣམ་པར་དག་སྟེ་ཅིག་ཅར་ནི་མ་ཡིན་ནོ། །འདི་ལྟ་སྟེ་བློ་གྲོས་ཆེན་པོ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཀྱང་རིམ་གྱིས་རྣམ་པར་དག་པ་སྟེ། ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྫ་མཁན་གྱི་སྣོད་རྣམས་ནི་རིམ་གྱིས་བྱེད་ཀྱི། ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་


DTG032_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་རྣམ་པར་སྦྱོང་སྟེ། ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ས་ཆེན་པོ་ལས་རྩྭ་དང་ཤིང་གེལ་བ་དང༌། སྨན་དང་ནགས་ཚལ་རྣམས་རིམ་གྱིས་འཇུག་པས་སྐྱེའི་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་སྦྱོར་སྟེ་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། བཞད་གད་དང༌། རོལ་མོ་དང༌། གླུ་དང༌། པི་ཝང་དང༌། སིལ་སྙན་དང༌། རོལ་མོ་དག་ལ་མཁས་པ་ནི་རིམ་གྱིས་འབྱུང་གི་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་སྣང་བའི་རྒྱུད་རྣམས་རིམ་གྱིས་སྦྱོང་སྟེ་ཅིག་ཅར་ནི་མ་ཡིན་ནོ། །རིམ་པ་འདི་ཉིད་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་གསལ་བར་གསུངས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་སློབ་ན་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་དམིགས་པ་མ་མཆིས་པར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་འཕོང་གི་སློབ་དཔོན་ནམ་འཕོང་གི་སློབ་མ་ནི་ཐོག་མར་བ་ལང་གི་ཀོ་བ་ལ་སློབ་པར་བྱེད་དོ། །གང་གི་ཚེ་བ་ལང་གི་ཀོ་བ་ལ་ལོབས་པ་དེའི་ཚེ་ཤིང་ལེབ་ལ་འཕོག་པར་བྱེད་དོ། །གང་གི་ཚེ་ཤིང་ལེབ་ལ་ལོབས་པ་དེའི་ཚེ། འབེན་ལ་འཕོག་པར་བྱེད་དོ། །གང་གི་ཚེ་འབེན་ལ་ལོབས་པ་དེའི་ཚེ་དབྱུག་གུ་ལ་འཕོག་པར་བྱེད་དོ། །གང་གི་ཚེ་དབྱུག་གུ་ལ་ལོབས་པ་དེའི་ཚེ་སྐྲ་བརྒྱ་ལ་འཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་བརྒྱ་ལ་ལོབས་པ་དེའི་ཚེ་སྐྲ་བཅུ་ལ་འཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་བཅུ་ལ་ལོབས་པ་དེའི་ཚེ། སྐྲ་གཅིག་ལ་འཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་གཅིག་ལ་ལོབས་པ་དེའི་ཚེ། སྒྲས་མཚོན་


DTG032_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཕོག་པར་བྱེད་དོ། །གང་གི་ཚེ་སྒྲས་མཚོན་པ་ལ་འཕོག་པ་དེའི་ཚེ། མི་འཚོར་བར་འཕོག་པར་བྱེད་དོ། །གང་གི་ཚེ་མི་མཆོར་བར་འཕོག་པར་བྱེད་པ་དེའི་ཚེ་འཕོང་བསླབས་པ་མཐར་ཕྱིན་པ་ཡིན་ཏེ། དེ་འདོད་ན་ནུབ་མོ་མུན་པ་མུན་ནག་གི་ནང་ན་མི་དང་མི་མ་ཡིན་པ་གང་དང་གང་དག་གི་སྒྲ་གྲག་པ་དེ་དང་དེར་ལྷུན་གྱིས་གྲུབ་ཅིང་མི་འཆོར་བ་ཉིད་དུ་མདའ་འགྲོའོ། །སྒྲས་མཚོན་པ་འཕོག་པར་བྱེད་པར་གནས་པས་ཕྱིས་གང་དུ་ཡང་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ཕོག་པར་བྱ་བ་ཐམས་ཅད་དེ་ལ་མངོན་སུམ་དུ་འགྱུར་རོ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་ཕྱིས་ཆོས་གང་ལ་ཡང་བསླབ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་ཉིད་ལ་ལེགས་པར་བསླབས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །ཡང་ཚུལ་འདི་ཉིད་ཀྱིས་རྡོ་རྗེའི་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཀྱང་རིམ་པ་འདི་ཉིད་ཀྱིས་བསླབ་པར་བྱའོ། །དེའི་རིམ་པ་འདི་ཡིན་ཏེ། ཐོག་མ་ཉིད་དུ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་པོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་སར་པ་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །གང་གི་ཚེ་ཐེག་པ་སར་པ་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་ལོབས་པ་དེའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ་བོ། །གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་དབྱེ་བ་ལ་འཇུག་གོ །གང་གི་ཚེ་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པ་ཤེས་པ་དེའི་ཚེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །ལུས་རྣམ་པར་དབེན་པ་ལ་གནས་ནས་ཨཱ་ལི་ཀཱ་ལིའི་སྒོ་ནས་ངག་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་ཚེ་རྡོ་རྗེ་བཟླས་པའི་རིམ་གྱིས་སྲོག་དང་རྩོལ་བ་ཤེས་པར་འགྱུར་


DTG032_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་ཚེ་གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་གསལ་བར་འགྱུར་རོ། །ངག་རྣམ་པར་དབེན་པ་ལ་གནས་ནས་རང་བཞིན་གྱིས་སྣང་བའི་རིམ་གྱིས་སེམས་ཀྱི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་རོ། །སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་གནས་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པར་འགྱུར་རོ། །གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་པ་དེའི་ཚེ་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་བོ། །གང་གི་ཚེ་དབང་བསྐུར་བ་ཐོབ་པ་དེའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་སྟོང་པ་ཆེན་པོ་བཅོ་བརྒྱད་ཀྱི་རིམ་པས་དོན་དམ་པའི་བདེན་པ་ལ་འཇུག་གོ །གང་གི་ཚེ་རིལ་པོར་འཛིན་པ་དང་རྗེས་སུ་འཛིན་པའི་ཏིང་ངེ་འཛིན་གྱིས་ཡང་དག་པའི་མཐའ་ལ་འཇུག་པ་དེའི་ཚེ་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །གང་གི་ཚེ་ཡེ་ཤེས་ཀྱི་རིམ་གྱིས་ལྡང་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་བདེན་པ་གཉིས་ལ་གཉིས་སུ་མེད་པའི་རྣལ་འབྱོར་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་སློབ་པར་འགྱུར་རོ། །གང་གི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་རྣལ་འབྱོར་པས་ནི་ཡང་ཆོས་གང་ལ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་དེའི་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་མངོན་སུམ་དུ་འགྱུར་རོ་ཞེའོ། །དེའི་ཕྱིར་ན་རིམ་གྱིས་ཐོབ་པར་བྱ་བ་རྡོ་རྗེ་འཆང་ཆེན་པོ་ཉིད། རིམ་པ་ལྔ་བསྒོམ་པས་ཐོབ་པ་ཡིན་ཞེས་རྣལ་འབྱོར་པ་གཅིག་གིས་ཐམས་ཅད་བསྒོམ་མོ། །གང་ཡང་རིམ་པ་རེ་རེ་ལ་འོད་གསལ་བ་བཤད་པ་དེ་ནི་དེ་ཁོ་ན་ཉིད་ཀྱིས་ཀུན་ཁྱབ་བོ་ཞེས་བསྟན་པར་བྱ་བའི་ཕྱིར་ཡིན་གྱི། དེ་ཉིད་དུ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །བྱ་བ་བྱས་པ་ཉིད་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལའོ། །ཇི་སྐད་དུ། འདི་ནི་རྫོགས་པའི་རྣལ་འབྱོར་ཞེས། །རྡོ་རྗེ་འཆང་བ་ཆེན་པོ་ཉིད། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཐམས་ཅད་མཁྱེན་པའང་དེ་ནས་འགྱུར། །ཞེས་དང༌། དེ་བཞིན་དུ་ཡང་གསུངས་ཏེ། ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པས་སླར་ཡང་གང་ལ་མི་བསླབ་པོ་ཞེས་འབྱུང་ངོ༌། །དེའི་ཕྱིར་རིམ་


DTG032_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ་ལ་བརྟེན་ནས་རྣལ་འབྱོར་པ་གཅིག་གིས་འབྲས་བུའི་གནས་སྐབས་སུ་དངོས་གྲུབ་ཐོབ་པ་ཡིན་ནོ། །ལེའུ་བཅོ་བརྒྱད་པའི་བརྗོད་པར་བྱ་བའི་རིམ་པ་གཉིས་སྒོམ་པ་པོ་རྣལ་འབྱོར་པ་གཅིག་གིས་ཐོབ་པར་བྱ་བ་རྡོ་རྗེ་འཆང་གི་གོ་འཕང་བཞིན་ནོ། །རྩ་བའི་རྒྱུད་ཀྱི་ལེའུ་བཅོ་བརྒྱད་ལ་རྣལ་འབྱོར་པས་བཅོ་བརྒྱད་སོ་སོར་སྒོམ་པ་པོ་མ་བསྟན་ཏོ། །འོན་ཀྱང་གཅིག་པུ་ཉིད་དོ། །རིམ་པ་གཉིས་མ་གཏོགས་པར་གཞན་མ་གསུངས་སོ། །དེ་དག་གི་སྒོམ་པ་པོ་ནི་གཅིག་ཡིན་ཞེས་སྔོན་དུ་བཤད་དོ། །གང་ཟག་གི་དབྱེ་བ་ནི་བཤད་པའི་དབྱེ་བས་བཤད་དུ་རུང་བའོ། །ཐབས་ལ་མཁས་པ་དང་ལྡན་པའི་བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་བསམ་པའི་དབྱེ་བས་སེམས་ཅན་གྱི་རྒྱུད་ཀྱི་ཁྱད་པར་ཤེས་ནས་དེ་དང་རྗེས་སུ་མཐུན་པར་བསྟན་པར་མཛད་དོ། །འབྲས་བུ་ལ་དགོངས་ཏེ་དབྱེ་བ་མ་བསྟན་ཏེ། དེ་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ལམ་ནི་ཐ་དད་པ་ཁོ་ན་སྟེ། ལམ་གྱི་འབྲས་བུར་གྱུར་པའི་དེ་ཁོ་ན་ཉིད་ཀྱི་དབྱེ་བ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ལམ་དུ་མས་ཐོབ་པར་བྱ་བ་གྲོང་ཁྱེར་ཆེན་པོ་བཞིན་ནོ། །མོས་པའི་བྱེ་བྲག་གི་དེ་ཁོ་ན་ཉིད་གཅིག་པུ་ཡང་ཉན་པ་པོས་བྱེ་བྲག་ཏུ་གཟུང་ངོ༌། །དཔེར་ན་ཉན་ཐོས་རྣམས་ཀྱིས་འགོག་པའི་སྙོམས་པར་ཞུགས་པའི་སྒོ་ནས་གཟུང་བར་བྱེད་དེ། མདོ་སྡེ་པ་རྣམས་ཀྱིས་དེ་ཉིད་རྗེས་སུ་དཔག་པའི་ཕྱིའི་དོན་ཡོད་པར་སོ་སོར་སྣང་བའི་སྒོ་ནས་སོ། །རྣམ་པ་དང་བཅས་པའི་རྣམ་རིག་སྨྲ་བ་རྣམས་ཀྱིས་ཤེས་པའི་རྣམ་པ་ཕྱིའི་དོན་ཡོད་པའི་སྒོ་ནས་སོ། །རྣམ་པ་མེད་པའི་རྣམ་རིག་སྨྲ་བ་པོས་ཕྱིའི་དངོས་པོ་ལས་ངེས་པར་གྲོལ་བ་དྲི་མ་མེད་པ་མཐའ་ལས་འདས་པའི་ནམ་མཁའ་གཅིག་པུ་དང་མཚུངས་པའི་རྣམ་པར་རིག་པ་གཅིག་པུ་ཡོད་པའི་སྒོ་ན་གཟུང་ངོ༌། །ལ་ལ་ཡང་དབུ་མ་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་ལས་གྲོལ་བ་རབ་ཏུ་ཞི་ཞིང་སྤྲོས་པ་མེད་པ་འབའ་ཞིག་ཏུ་སྟོང་པ་ཉིད་ཀྱིས་ངོ་བོ་ཉིད་དངོས་པོ་སོ་སོར་སྣང་བ་ཙམ་གྱི་སྒོ་ནས་གཟུང་བ་དང༌། བྱ་བའི་རྒྱུད་ཀྱི་རྣལ་འབྱོར་པས་ལྷའི་རྣམ་པ་སྒོམ་པ་ཙམ་གྱི་སྒོ་ནས་གཟུང་བ་དང༌། སྤྱོད་པའི་རྒྱུད་ཀྱི་རྣལ་འབྱོར་པས་དངོས་གྲུབ་དང་ཏིང་


DTG032_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་དང་ཆོ་འཕྲུལ་དང་ལྡན་པ། སྔགས་ཀྱི་སྐུ་བསྒོམ་པའི་སྒོ་ནས་སོ། །རྣམ་འབྱོར་གྱི་རྒྱུད་གཙོར་གྱུར་པའི་རྣལ་འབྱོར་པས་སྔགས་དང་ཕྱག་རྒྱ་ལ་སོགས་པ་གཙོར་གྱུར་པའི་རྣལ་འབྱོར་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་བསྒོམ་པའི་རིམ་པས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྣལ་འབྱོར་པས་རིམ་པ་གཉིས་ཀྱིས་སོ། །དེ་ལ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་དེ་ཁོ་ན་ཉིད་གཟུང་བའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་གཟུང་བའི་སྒོ་ནས་དེ་ཁོ་ན་ཉིད་གཟུང་བའོ། །ལ་ལས་ཀྱང་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་རིམ་པས་འདོད་དོ། །ལ་ལས་ཀྱང་རྩ་ཀུན་ཏུ་རྒྱུ་བའི་རྩའི་བསྒོམ་པས་སོ། །ལ་ལས་ཀྱང་དམ་ཚིག་གི་དཀྱིལ་འཁོར་གྱི་སྒོ་ནས་གཟུང་ངོ༌། །ལ་ལས་ཀྱང་དེའི་ནང་དུ་གསང་བའི་དཀྱིལ་འཁོར་ལ་གསང་བའི་དབང་གིས་སོ། །གཞན་དག་གིས་ཀྱང་བྱང་ཆུབ་ཀྱི་སེམས་གཟུང་བ་གཅིག་པུས་སོ། །གཞན་ཡང་དེ་ཉིད་སྟེང་དུ་བཟློག་པའི་སྒོ་ནས་སོ། །ལ་ལས་ཀྱང་ཡུལ་དང་དབང་པོའི་ལོངས་སྤྱོད་ཅིང་སོ་སོར་སྡུད་པའི་བསྒོམ་པའི་རིམ་པས་སོ། །གཞན་དག་གིས་ཀྱང་དེའི་རྣམ་པར་དག་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རྟོག་པ་དང་དཔྱོད་པ་ལ་སོགས་པ་རྣམ་པ་ལྔའི་བསམ་གཏན་གྱི་རིམ་པས་སོ། །ཁ་ཅིག་གིས་ཀྱང་སྟེང་དང་འོག་ཏུ་རྒྱུ་བའི་རླུང་གསུམ་གྱི་བདག་ཉིད་སྲོག་དང་རྩོལ་བའི་རླུང་གི་སྒོ་ནས་དེ་ཁོ་ན་ཉིད་ངེས་པར་གཟུང་ངོ༌། །དེ་བཞིན་དུ་གཞན་རྣམས་ཀྱིས་ཀྱང་སྣ་གསུམ་གྱི་རྩེ་མོར་འཛིན་པར་གྱུར་པ་རླུང་དང་སྔགས་དང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འཛིན་པས་སོ། །ཁ་ཅིག་གིས་ཀྱང་སྤྲུལ་པ་མཐའ་ཡས་པ་སྤྲོ་བས་ནམ་མཁའི་དབྱིངས་ཡོངས་སུ་བཀང་ཞིང་རྗེས་སུ་དྲན་པའི་ཡན་ལག་བསྒོམ་པས་སོ། །ལ་ལས་ཀྱང་དངོས་པོ་ཐམས་ཅད་ཉེ་བར་སྡུད་ཅིང་གཅིག་དང་དུ་མ་ལ་སོགས་པ་སྤངས་པའི་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་རིམ་པས་སོ། །ལ་ལ་སྔགས་ཀྱི་དེ་ཁོ་ན་ཉིད་དམ་རླུང་གི་དེ་ཁོ་ན་ཉིད་བསྒོམ་པས་སོ། །ལ་ལས་ཀྱང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་རིམ་པས་སོ། །ཁ་ཅིག་གིས་ཀྱང་དེ་ལས་སྐྱེས་པའི་


DTG032_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྐུ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སོ། །གཞན་དག་གིས་ཀྱང་སྣང་བ་ཐོབ་པ་ལ་སོགས་པའི་རྣལ་འབྱོར་གྱིས་ལྷའི་སྐུར་བསྒོམས་པས་སོ། །ལ་ལས་ཀྱང་ཕྱག་རྒྱ་དང་ཏིང་ངེ་འཛིན་བསྒོམ་པའི་རིམ་པས་འོད་གསལ་བ་ལ་འཇུག་པས་སོ། །གཞན་ཡང་སྲིད་པ་དང་མྱ་ངན་ལས་འདས་པ་རོ་གཅིག་པ་གཉིས་སུ་མེད་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་སྒོ་ནས་དེ་ཁོ་ན་ཉིད་སྒོམ་པར་བྱེད་དོ། །དེ་ཁོ་ན་ཉིད་གཅིག་ཡིན་པའི་ཕྱིར་ལམ་གྱི་བྱེ་བྲག་དུ་མ་ལ་སྐྱོན་མེད་དོ། །གཞིའི་བྱེ་བྲག་གི་དབང་གིས་བྱེ་བྲག་ལྟར་སྣང་བ་སྟེ་ཆར་བཞིན་ནོ། །དཔེར་ན་ཆར་བའི་དུས་སུ་ཆུ་འཛིན་གྱི་ཚོགས་ཀྱི་ནང་ནས་འབྱུང་བའི་ཆར་བ་རྨ་བྱས་འཐུང་པ་ན་བདུད་རྩི་ཉིད་དུ་འགྱུར་རོ། །དེ་ཉིད་སྦྲུལ་གྱིས་འཐུང་བ་ན་དུག་ཏུ་འགྱུར་རོ། །བུ་རམ་གྱི་ཤིང་ལ་སོགས་པ་དེ་ཉིད་མངར་བའི་རོ་རུ་འགྱུར་རོ། །ནིམ་པའི་ཤིང་ལ་དེ་ཉིད་ཁ་བའི་རོ་རུ་འགྱུར་རོ་ཞེས་དེ་ཁོ་ན་ཉིད་ལ་དེ་བཞིན་དུ་བྱེ་བྲག་ཏུ་མེད་དོ། །འདི་ལྟར་དཔྱད་པར་བྱ་སྟེ། གལ་ཏེ་དཔལ་གསང་བ་འདུས་པའི་ཕྱོགས་སུ་རིམ་པ་ལྔ་མ་གཏོགས་པར་གཞན་རྫོགས་པའི་རིམ་པ་མེད་པ་ཡིན་ན་དེ་ཅིའི་ཕྱིར་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་ཡན་ལག་དྲུག་པའི་རྣལ་འབྱོར་བཅོམ་ལྡན་འདས་ཀྱིས་དེ་དང་དེ་རུ་གསུངས་ཤེ་ན། སྨྲས་པ། དེ་དག་གི་ནང་དུ་སོང་བས་རྫོགས་པའི་རིམ་པ་དེ་ལས་གཞན་མེད་དོ། །དེ་ལ་ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་དག་ནི་རྡོ་རྗེ་བཟླས་པའི་རིམ་པ་ལ་བསྡུས་སོ། །རྩའི་ཀུན་ཏུ་སྤྱོད་པ་དང་དམ་ཚིག་གི་དཀྱིལ་འཁོར་དང་དེའི་ནང་དུ་གསང་བའི་དབང་སེམས་ལ་དམིགས་པ་ཐོབ་པའི་བདག་ཉིད་དོ། །བྱང་ཆུབ་སེམས་འཛིན་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ལའོ། །དེ་སྟེང་དུ་བཟློག་པ་ནི་དེ་ཉིད་དུ་འདུས་སོ། །སོ་སོར་སྡུད་པ་དང་བསམ་གཏན་དག་ནི་སེམས་རྣམ་པར་དག་པ་ལའོ། །སྲོག་དང་རྩོལ་བ་དག་གིས་རྡོ་རྗེ་བཟླས་པ་མཚོན་པ་དང༌། འཛིན་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པས་མཚོན་ནོ། །རྗེས་སུ་དྲན་པས་ནི་བདག་བྱིན་གྱིས་རློབ་པའི་རིམ་པ་མཚོན་པ་དང༌། ཏིང་ངེ་འཛིན་གྱི་ཡན་ལག་ནི་ཟུང་དུ་འཇུག་པའི་རིམ་པ་ལ་བསྡུས་སོ་ཞེས་རིམ་པ་ལྔའི་བདག་ཉིད་ཁོ་ན་རྫོགས་


DTG032_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པའོ། །དེ་ལ་འདི་ལྟར་དཔྱད་པ་ཡིན་ཏེ། ཅི་རིམ་པ་འདི་དག་བཞིའམ་དྲུག་ལ་སོགས་པར་མི་འགྱུར་ཞིང་ལྔ་ཁོ་ནར་བཤད་ཅེ་ན་ཞེས་གྲངས་ལ་ལོག་པར་རྟོག་པ་བསལ་བར་བྱ་བའི་ཕྱིར་སྨྲས་པ། འདིར་ནི་རྣལ་འབྱོར་པས་ཐ་མལ་པའི་ལུས་དང་ངག་དང་ཡིད་རྣམ་པར་བྱ་བ་ཡིན་ཏེ། དེའི་དོན་དུ་བསྐྱེད་པའི་རིམ་པས་ལུས་རྣམ་པར་དག་པ་དང༌། རྫོགས་པའི་རིམ་པའི་དང་པོ་རྡོ་རྗེ་བཟླས་པའི་རིམ་པས་ངག་རྣམ་པར་དག་པ་དང༌། ཐམས་ཅད་རྣམ་པར་དག་པས་སེམས་རྣམ་པར་དག་པའོ། །ལུས་དང་ངག་དང་ཡིད་རྣམ་པར་དག་པ་ན་སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རང་བྱིན་གྱིས་རློབ་པའོ། །དེ་ལ་མངོན་པར་ཞེན་པ་ཡོངས་སུ་སྤོང་བའི་ཕྱིར་དོན་དམ་པའི་བདེན་པའི་ངོ་བོ་མངོན་པར་བྱང་ཆུབ་པའོ། །དེ་ལྟར་ན་ཆད་པར་ཐལ་བར་འགྱུར་བས་དེ་ཡོངས་སུ་སྤོང་བའི་ཕྱིར་བདེན་པ་གཉིས་གཉིས་སུ་བྱར་མེད་པའི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྡོ་རྗེའི་སྐུ་ཞེས་བྱ་བའི་རྣམ་གྲངས་ཅན་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གཞལ་ཡས་ཁང་པའི་ནང་དུ་གནས་པའི་དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་བཞུགས་པ། སར་ཞིང་སར་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པས་ནམ་མཁའི་གཏོས་མ་ལུས་པར་ཁྱབ་པ་དུས་ཐམས་ཅད་དུ་སེམས་ཅན་མ་ལུས་པ་སྒྲོལ་བ་ལ་བརྩོན་པ། ཁྱབ་འཇུག་དང་ལྷ་ཆེན་པོ་དང་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷའི་མཆོག་རྣམས་ཀྱིས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། ཡིད་བཞིན་ནོར་བུ་དང་དཔག་བསམ་ཤིང་དང༌། བུམ་པ་བཟང་པོ་ལྟར་རེ་བ་ཐམས་ཅད་སྐོང་བར་བྱེད་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་དམིགས་ནས་རྣལ་འབྱོར་པས་གནས་པར་བྱའོ། །དེ་བས་ན་ཀུན་ཏུ་འོད་ཀྱི་ས་བཅུ་གཉིས་པ་ལ་གནས་པར་འགྱུར་རོ། །དེའི་འོག་ཏུ་བསླབ་པར་བྱ་བ་མེད་པས་དེ་ཉིད་ས་བཅུ་གསུམ་པར་བཤད་དོ། །ཇི་སྐད་དུ། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་པོ། །ཞེས་འབྱུང་ངོ༌། །དེ་ལྟར་རིམ་པ་དེ་དག་གི་རྣལ་འབྱོར་པས་གལ་ཏེ་གང་ལ་ཡང་མི་སློབ་པའི་དབང་གིས་བྱ་བ་བྱས་པ་བྱེད་པ་རྫོགས་པས་རིམ་པ་དྲུག་པ་གང་ཡང་མེད་དོ། །


DTG032_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གྲངས་ལྷག་པ་བསལ་ཏོ། །ཉུང་བ་ཡང་མ་ཡིན་ཏེ། ལྔ་མེད་པས་གཞན་དང་རང་གི་དོན་མེད་པའི་ཕྱིར་ཞེས་གྲངས་ལ་ལོག་པར་རྟོག་པ་ཅན་གྱི་ལན་ནོ། །འདིར་ཡང་འདི་ལྟར་དཔྱད་པར་བྱ་སྟེ། ཏིང་ངེ་འཛིན་དེ་རྣམས་ཀྱི་ཚད་མ་མངོན་སུམ་མམ་རྗེས་སུ་དཔག་པ་ཡོད་ཅེ་ན། དེ་ལ་རེ་ཞིག་མངོན་སུམ་ནི་མི་འཐད་དེ། རྟོག་པ་མེད་པའི་ཕྱིར་རོ། །མངོན་སུམ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཡིན་ཞེས་བཤད་པས་སོ། །རྡོ་རྗེ་བཟླས་པ་ལ་སོགས་པའི་བསྒོམ་པའི་རིམ་པས་དེ་ཁོ་ན་ཉིད་ཀྱི་རྣམ་པར་རྟོག་པ་འབྱུང་བའི་ཕྱིར་རོ། །རྡོ་རྗེ་བཟླས་པའི་རིམ་པ་ལ་ནི་སྔགས་དང༌། རླུང་གི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཇི་སྲིད་མ་བྱས་པ་དེ་སྲིད་རྣམ་པ་བཅུ་གཅིག་གིས་རྡོ་རྗེ་བཟླས་པ་ཇི་ལྟར་བསྒོམ། སེམས་ལ་དམིགས་པ་ཐོབ་པ་ལ་ནི་ཡི་གེ་གསུམ་གྱི་བདག་ཉིད་སྔགས་ཆོས་འབྱུང་བའི་འཁོར་ལོའི་ནང་དུ་ཐིག་ལེ་དང་ཚེག་དྲག་གི་ནང་དུ་འཇུག་པ་དང༌། ཕྱག་རྒྱ་དང་ལྷན་ཅིག་ཏུ་སྣང་བ་ལ་སོགས་པའི་ཡེ་ཤེས་རྟོགས་པར་བྱེད་དོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་རྣམ་པར་རྟོག་པ་སྐྱེའོ། །མངོན་པར་བྱང་ཆུབ་པའི་རིམ་པ་ལ་ཕྱག་རྒྱ་དང་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའི་ཡིད་ལ་བྱེད་པ་དང༌། ཆགས་པ་དང་ཆགས་པ་དང་བྲལ་བ་དང༌། ཆགས་པ་བར་མའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་འབྱུང་ངོ༌། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་ཡང་བདེན་པ་གཉིས་གཉིས་སུ་མེད་པའི་རྟོག་པ་སྐྱེ་བར་འགྱུར་རོ། །དེ་ལྟར་རིམ་པ་གཉིས་བསྒོམ་པ་ནི་རྟོག་པ་དང་བཅས་པའི་ཕྱིར་མངོན་སུམ་དུ་མི་སྲིད་དོ། །ངེས་པའི་ཤེས་པས་འགྲུབ་པོ་ཞེ་ན་མ་ཡིན་ཏེ། ངེས་པའི་ཤེས་པ་ནི་རྟོག་པ་མེད་པའི་མངོན་སུམ་ལས་ཕྱིས་འབྱུང་བ་ཡིན་གྱི་དང་པོ་ནི་མ་ཡིན་ནོ། །རྡོ་རྗེ་བཟླས་པ་ལ་སོགས་པ་ནི་རྣམ་པར་རྟོག་པ་ལ་རྟོག་པ་མེད་པའི་མངོན་སུམ་འཇུག་པར་མི་འགྱུར་ཞེས་ཅི་ལ་བརྟེན་ཏེ། ངེས་པའི་ཤེས་པ་འབྱུང་བར་འགྱུར། །རྒྱུན་དུ་གནས་པའི་ཤེས་པ་རྣམས་ཀྱིས་ཚད་མ་ཉིད་མེད་དེ། དོན་གྱི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །རང་དབང་གི་རྟོག་པ་ཡང་ངེས་པ་མེད་དེ། དེ་ཚད་མ་མ་ཡིན་པའི་ཕྱིར་རོ། །ཚད་མ་མེད་པ་ནི་བདེན་པའི་


DTG032_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལ་བརྟེན་ཏེ་མི་འབྱུང་བའི་ཕྱིར་རོ། །སློབ་དཔོན་གྱིས་བསྟན་པའི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་རྣམས་རྣ་བའི་དབང་གིས་གཟུང་བར་བྱ་བ་ཡིན་པས་དབང་པོའི་མངོན་སུམ་ངེས་པའི་ཤེས་པ་དང་བཅས་པས་ངེས་པར་འགྱུར་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ཉེ་བར་སྟོན་པའི་དུས་སུ་དེ་ཚད་མ་ཉིད་དུ་ངེས་ན་དེ་ཕྱིས་ཀྱི་དུས་སུ་ཇི་ལྟར་ངེས། རྣམ་པར་རྟོག་པས་ཤེ་ན། བདེན་ཏེ་དོན་ལ་བརྟེན་པ་མ་ཡིན་པས་རྟོག་པ་ནི་ཚད་མ་མ་ཡིན་ནོ། །ཡང་ན་སྐྱོན་དེ་བསལ་བར་བྱ་བའི་ཕྱིར་སློབ་དཔོན་གྱིས་བསྟན་པའི་ཕྱིས་ཀྱི་དུས་སུ་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པས་ཤེས་པར་བྱེད་དེ་དཔེར་ན་མ་ག་དྷཱའི་འབྲུ་གང་ཡིན་པ་དེ་ཉིད་ཡུལ་འདིའི་ཡིན་ནོ་ཞེས་པ་དང༌། གང་མ་ག་དྷཱ་རུ་མཐོང་བ་དེ་འདི་ཉིད་ཡིན་ཞེ་ན། དེ་ལ་སྨྲས་པ། ངོ་ཤེས་པས་ནི་ཚད་མ་མ་ཡིན་ཏེ་སྒྲ་དང་དོན་འགལ་བའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མིང་གི་སྒྲས་འདས་པའི་དུས་སུ་སོ་སོར་རྟོགས་པའོ། །འདི་ཞེས་བྱ་བ་ནི་མངོན་སུམ་གྱི་དངོས་པོ་རྟོགས་པར་བྱེད་པ་ཐམས་ཅད་ཀྱི་མིང་གི་སྒྲའོ། །འདས་པ་དང་ད་ལྟར་བྱུང་བ་དུས་སོ་སོར་བསྟན་པའི་སྒྲ་གཉིས་ཀྱི་གཞི་མཐུན་པ་མེད་པའི་ཕྱིར་ཁྱད་པར་ཅན་གྱི་མཚན་ཉིད་མི་རིགས་སོ། །ཇི་ལྟར་མི་རིགས་ཏེ། རྫས་ཐ་དད་པ་སྟོན་པར་བྱེད་པའི་སྒྲ་དག་གི་དོན་གཅིག་ལ་འཇུག་པ་ནི་གཞི་མཐུན་པའོ། །དེ་ཞེས་བྱ་བའི་སྒྲ་ནི་འདས་པའི་དུས་ཀྱི་ཡུལ་གྱི་རྫས་སྟོན་པར་བྱེད་པ་དང༌། འདི་ཞེས་བྱ་བའི་སྒྲས་ཀྱང་ད་ལྟར་བྱུང་བའི་ཡུལ་གྱི་རྫས་སོ་སོར་སྟོན་ཞེས་པ་འདིར་ནི་འདི་དང་དེ་གཉིས་ཀྱི་དེ་ཉིད་འདི་ཡིན་ཞེས་གཞི་མཐུན་པར་རིགས་པ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། གཞི་མཐུན་པའི་ཐ་སྙད་འདི་བརྟགས་པ་པ་ཡིན་གྱི། དངོས་པོའི་ཡུལ་ཅན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་གང་འདས་པ་དེའི་འཇིག་པས་དེའི་རྫས་ཇི་ལྟར་རྟོགས། གང་དེ་ལྟར་བྱུང་བ་དེ་ཡང་སྐད་ཅིག་མས་མི་གནས་པའམ་ཆོས་ཅན་ཞེས་འདིའི་སྒྲས་ཇི་ལྟར་བརྗོད་ནུས། བརྗོད་མ་ཐག་ཏུ་འཇིག་པའི་སྒྲ་རྣམས་རང་གི་བདག་ཉིད་ཀྱི་ནུས་པ་ཟད་པའི་ཕྱིར་རོ། །ཇི་ལྟར་དོན་གཅིག་ལ་འདི་ཡིན་ཞེས་ཇི་ལྟར་འཇུག་ཅེས་སྒྲ་འགལ་བའོ། །སྒྲ་དང་དོན་དག་གི་འགལ་བ་ནི་འབྲེལ་པ་མེད་པའི་སྒོ་


DTG032_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སོ་སོར་བསྟན་ཏོ། །བུམ་པ་ལ་སོགས་པའི་སྒྲ་གཅིག་གིས་ཀྱང་གཙོར་འཇུག་པའི་སྒོ་ནས་དངོས་པོ་སོ་སོར་བསྟན་པ་མ་མཐོང་ངོ༌། །འདས་པ་དང་མངོན་སུམ་གྱི་དུས་ཀྱི་ཡུལ་ཅན་དག་གི་སྒྲ་གཉིས་ཀྱིས་སོ་སོར་བསྟན་པ་ཅི་མཐོང་ངམ་གཞན་ཡང་དེ་ཉིད་ལ་འདི་ཡིན་ཞེས་འཁྲུལ་པ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་གི་ཕྱིར་གང་མ་ག་དྷཱ་ལ་སོགས་པའི་ཡུལ་དུ་བ་ལང་དང༌། འབྲུ་ལ་སོགས་པ་མཐོང་བ་དང་མྱོང་བ་གང་ཡིན་པ་དེ་དག་གི་གཟུགས་ཀྱི་བྱེ་བྲག་དང་རོ་མཆོག་ལ་སོགས་པ་གཞན་ཡིན་ལ་འདི་དག་གི་ཡང་གཞན་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཡུལ་ལ་སོགས་པའི་བྱེ་བྲག་གིས། །རྫས་ཀྱི་ནུས་པ་ཐ་དད་ཡིན། །དེ་ལ་གཅིག་ནི་མཐོང་བ་ཡིས། །གཞན་དུ་དེ་དངོས་མཐོང་ངེས་མེད། །ཅེས་འབྱུང་ངོ༌། །དཔེར་ན་ལྷོའི་ཕྱོགས་ཀྱི་ཨ་རུ་ར་བདམ་པར་བྱེད་པ་ཡིན་ཏེ། གཞན་དུ་ཁྲུས་སྨན་དུ་འགྱུར་རོ། །ཡུལ་གྱི་བྱེ་བྲག་རེ་ཞིག་འཇོག་ན་དངོས་པོ་ཐམས་ཅད་རང་རང་གི་གཟུགས་སུ་ཡོད་པ་མ་ཡིན་ཏེ་ཞེས་གང་གང་གིས་བརྗོད་ཅིང་འབྲེལ་ལོ། །ཇི་སྐད་དུ། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །གང་ཡོད་དེ་ཉིད་བྱ་བ་སྟེ། །བྱེད་པ་པོ་ཡང་དེ་ཉིད་བཤད། །ཅེས་འབྱུང་ངོ༌། །དེའི་ཕྱིར་དྲན་པའི་ཤེས་པ་ལྟར་ངོ་ཤེས་པ་ཡང་དོན་གྱི་ཡུལ་ཅན་མ་ཡིན་པས་ཚད་མ་མ་ཡིན་ནོ། །རྗེས་སུ་དཔག་པས་ཀྱང་རྡོ་རྗེ་བཟླས་པ་ལ་སོགས་པ་རྣམས་ཀྱི་ངེས་པ་མེད་དེ། དེ་ནི་རྟགས་དང་རྟགས་ཅན་གྱི་དངོས་པོའི་འབྲེལ་པའི་སྒོ་ནས་རྟོགས་པ་སྟེ། མེ་དང་དུ་བ་བཞིན་ནོ། །དེ་ལྟ་བུའི་རྟགས་རྡོ་རྗེ་བཟླས་པ་ལ་སོགས་པ་རྣམས་ལ་མེད་དོ། །རླུང་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་མེད་པར་མི་འབྱུང་བའི་རྡོ་རྗེ་བཟླས་པའི་ཤེས་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་ངེས་པར་འཛིན་ཅེ་ན། དེ་ནི་མ་ཡིན་ཏེ། བྱེ་བྲག་ཏུ་དམིགས་པའི་ཕྱིར་རོ། །རླུང་གི་དེ་ཁོ་ན་ཉིད་ནི་ཐིག་ལེ་ཕྲ་མོའི་རྣལ་འབྱོར་རོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡི་གེ་གསུམ་མམ་ཡི་གེ་ཨའོ། །རྡོ་རྗེ་བཟླས་པའི་རིམ་པ་ཡང་འཇུག་པ་ལ་སོགས་པའི་བྱ་བའི་གཞི་སྲོག་དང་རྩོལ་བ་དང་མེ་དང་མཉམ་པའི་ངོ་བོ་ཡིན་ཞེས་བྱེ་བྲག་གོ །དེའི་བདག་ཉིད་ཀྱི་འབྲེལ་པས་ནི་བྱས་པ་དང༌། མི་རྟག་པ་དང་ཤིང་དང་ཤ་


DTG032_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དབྱེར་མེད་པར་ངེས་པར་བྱེད་པའོ། །མི་དམིགས་པའི་གཏན་ཚིགས་ཀྱིས་ཀྱང་རྡོ་རྗེ་བཟླས་པ་ལ་སོགས་པ་ཡང་ངེས་པར་མི་ནུས་ཏེ། དངོས་པོ་མེད་པའི་ཐ་སྙད་དེའི་ཡུལ་ཡིན་པའི་ཕྱིར་རོ། །འདིར་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ངོ་བོ་དེ་ཁོ་ན་ཉིད་དངོས་པོ་དང་དངོས་པོ་མེད་པ་དག་གིས་བརྗོད་དུ་མེད་པར་གྲགས་སོ། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གང་མ་གྲུབ་པའི་རྡོ་རྗེ་བཟླས་པ་ལ་སོགས་པའི་དེ་རྣམས་ཚད་མ་མེད་པ་ཁོ་ནའོ། །དེ་ལ་སྨྲས་པ། མངོན་སུམ་ཁོ་ནས་འགྲུབ་པ་ཡིན་ཏེ། ཡང་རྣམ་པ་བཞི་ཡིན་པས་རང་རིག་པའི་མངོན་སུམ་གྱིས་རྡོ་རྗེ་བཟླས་པ་ལ་སོགས་པ་མངོན་པར་བྱང་ཆུབ་པའི་བར་དུ་ངེས་པར་བྱེད་དོ། །རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐིག་ལེ་ཙམ་བསྒོམ་པ་ནི་རང་གི་མངོན་སུམ་གྱི་ཡུལ་ཁོ་ནའོ། །ཐིག་ལེ་བསྒོམ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཆོས་ཏེ་སེམས་ལས་བྱུང་བའོ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་རང་རིག་པའི་ཡུལ་ཡིན་ནོ། །རང་རིག་པའི་མངོན་སུམ་གྱི་མཚན་ཉིད་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རང་གིས་རིག་པའོ། །སེམས་ལ་རྣམ་པར་དག་པ་ཡང་རྣམ་པར་ཤེས་པ་གསུམ་གནས་གྱུར་པའི་མཚན་ཉིད་འོད་གསལ་བ་དེ་ཉིད་ཀྱི་རྗེས་སུ་མྱོང་ངོ༌། །བདག་བྱིན་གྱིས་བརླབ་པའི་རིམ་པ་ལ་ཡང་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པ་སྟེ། སེམས་ལས་བྱུང་བའོ། །ཐོབ་པ་དང་མ་ཐོབ་པ་དང་རིགས་གཅིག་ཅེས་བྱ་བ་ལ་སོགས་པ་སེམས་དང་མི་ལྡན་པའི་འདུ་བྱེད་ཀྱང་སེམས་ལས་བྱུང་བ་ཉིད་དོ། །མངོན་པར་བྱང་ཆུབ་པའི་རིམ་པ་ལ་ཡང་བདེ་བ་ཆེན་པོ་འོད་གསལ་བ་འདོད་ཆགས་ལ་སོགས་པ་དང་བྲལ་བ་ནི་རང་རིག་པ་ཉིད་དོ། །བཞི་པོ་དེ་དག་རང་རིག་པ་སྟེ། མ་འཁྲུལ་ཞིང་གསལ་བར་སྣང་བའི་ཕྱིར་རོ། །རང་བཞིན་གྱིས་གྲུབ་པའི་དངོས་པོ་ལས་སྐྱེས་པའི་ཕྱིར་རྟོག་པ་མེད་པའོ་ཞེས་མངོན་སུམ་གྱི་མཚན་ཉིད་ལས་མ་འདས་པའོ། །ཇི་སྐད་དུ། མངོན་སུམ་མི་རྟོག་མི་སླུ་བ། །ཞེས་འབྱུང་ངོ༌། །རིམ་པ་ཐ་མ་ནི་རྣལ་འབྱོར་གྱིས་ཐོབ་པ་ཡིན་ཏེ། གང་གི་ཕྱིར་དེ་ནི་ལྷུན་གྱིས་གྲུབ་པའི་ཡང་དག་པའི་དོན་ལ་བསྒོམ་


DTG032_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐར་ཐུག་པའི་དབང་གིས་རྡོ་རྗེའི་སྐུ་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་དངོས་པོ་ཐམས་ཅད་མཐོང་བ་ལ་བརྩོན་པ་ཐམས་ཅད་མཁྱེན་པ་ཡིན་པས་རྟོག་པ་མེད་ཅིང་མ་འཁྲུལ་པ་ཡིན་ནོ། །ཇི་སྐད་དུ། བསྒོམས་པའི་སྟོབས་ཀྱིས་གསལ་བ་ནི། །འཇིགས་པ་ལ་སོགས་གསལ་བ་བཞིན། །མི་སླུ་བ་ཡིས་ཤེས་པ་གང༌། །དེ་ནི་རྟོག་མེད་མངོན་སུམ་མོ། །ཞེས་འབྱུང་ངོ༌། །རྫོགས་པའི་རིམ་པ་ཚད་མ་ཉིད་དུ་བརྟགས་པའོ། །ད་ནི་འདི་ལྟར་དཔྱད་པར་བྱ་སྟེ། གསང་བ་འདུས་པའི་རྣལ་འབྱོར་གྱི་རྒྱུད་ཆེན་པོ་འདི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་གང་ཡིན་ཞེ་ན། སྨྲས་པ། མདོ་སྡེ་ཞེས་བྱ་བ་འདི་ཡིན་ཏེ། དེ་ཡང་ཟབ་པ་དང་རྒྱ་ཆེ་བའི་ཚིག་གི་དོན་མཚོན་པར་བྱེད་པས་མདོ་ཞེས་བྱའོ། །འོ་ན་དཔལ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་ན། ཇི་ལྟར་མདོ་ཞེས་བཤད་ཅེ་ན། སྨྲས་པ། ཡན་ལག་ཡིན་པའི་ཕྱིར་དེའི་ཐ་སྙད་ཡིན་ཏེ། རྒྱུད་ཀྱི་མདོ་ཞེས་བྱ་བ་ཡན་ལག་གཙོ་བོ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཀྱིས་བསྟན་པ་ཡིན་ཏེ། གདེངས་ཀ་ཅན་དང་སྣ་ཅན་བཞིན་ནོ། །འོ་ན་རྒྱུད་ཀྱི་ཡན་ལག་གཙོ་བོ་མདོ་སྡེ་ཞེས་སྨྲས་པས་ཡན་ལག་གཞན་རྣམས་ཀྱང་སྨྲ་བར་བྱ་བའི་རིགས་སོ་ཞེས་ཡན་ལག་དེ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། མདོ་དང་ཚད་མ་ཡན་ལག་གྲུབ་པ་དང༌། །མ་ཚང་མེད་དང་འདྲི་ལ་ལན་འདེབས་དང༌། །མདོར་བསྟན་པ་དང་རྒྱས་བཤད་གོ་རིམས་དང༌། །མིང་དང་ཉེ་བར་བསྟན་པ་རྒྱུད་ཀུན་ཡིན། །མདོ་དང་ཚད་མ་ཡན་ལག་རྣམས་ནི་མདོ་དང་ཚད་མ་དང་ཡན་ལག་རྣམས་སོ། །དེ་རྣམས་གྲུབ་པ་ནི་མདོ་དང་ཚད་མ་ཡན་ལག་གྲུབ་པའོ། །འགྲུབ་པ་ནི་ཡོད་པ་ཞེས་དོན་གཞན་མ་ཡིན་ནོ། །འགྲུབ་པའི་སྒྲ་ནི་རེ་རེ་དང་སྦྱར་ཏེ་མདོ་གྲུབ་པ་ཞེས་བྱ་བ་ལ་སོགས་པའོ། །མཚན་ཉིད་དང་ལྡན་པའི་མདོ་གྲུབ་པ་ཞེས་བཤད་པར་བྱ་སྟེ། གཞན་དུ་ན་མཚན་ཉིད་དང་མི་ལྡན་པའི་མདོ་རྒྱུད་ཀྱི་ཡན་ལག་ཏུ་འགྱུར་ཞེ་ན། སྨྲས་པ། བརྗོད་པར་མི་བྱ་སྟེ། མེད་པར་མི་འབྱུང་བའི་ཕྱིར་རོ། །མཚན་ཉིད་གྲུབ་པ་མ་གཏོགས་པར་མདོ་ཉིད་མི་འགྱུར་རོ། །དེའི་ཕྱིར་མཚན་ཉིད་བརྗོད་པར་མི་བྱ་སྟེ། ཡང་ན་མདོ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། སྨྲས་པ། དོན་


DTG032_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་པས་ན་མདོའོ། །ཁྱད་པར་གྱི་དོན་དེ་དག་སྟོན་པར་བྱེད་པས་ན་མདོའོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་དེའི་བཤད་པ་རྣམ་པ་བཞིའི་རིགས་པས་བསྐྱེད་པའི་རིམ་པ་དང༌། རྡོ་རྗེ་བཟླས་པ་དང༌། སེམས་རྣམ་པར་དག་པ་དང༌། བདག་ལ་བྱིན་གྱིས་བརླབ་པ་དང༌། འོད་གསལ་བ་དང༌། ཟུང་དུ་འཇུག་པའི་རིམ་པ་རྣམས་མཚོན་ཏོ། །དེ་བཞིན་དུ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བས་རང་གི་སེམས་ལ་དམ་བཅའ་བ་དང༌། གཏན་ཚིགས་དག་ཉིད་ཀྱིས་གསུངས་སོ། །དེ་དག་གཟུང་བས་བསྒྲུབ་བྱ་བསྒྲུབ་པར་བྱ་བའི་ཕྱིར་རོ། །དཔེ་མེད་པའི་སྒྲུབ་པར་བྱེད་པས་སྒྲུབ་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་ནས། ཇི་ལྟར་སྒྱུ་མའི་རྨི་ལམ་བཞིན། །ཇི་ལྟར་སྲིད་པ་བར་མ་དོ། །ཞེས་བྱ་བ་ལ་སོགས་པ་རྒྱུད་གཞན་ནས་གསུངས་པའི་དཔེ་རྣམས་སྟོན་པས་ན་མདོར་ཤེས་པར་བྱའོ། །ཡང་ན་གཡེང་བ་གཞན་ཉེ་བར་སྡུད་པའི་དགེ་སློང་རྩེ་གཅིག་པའི་བློ་ནི་ཚིག་དེ་དང་དེ་དག་ཏུ་སྤེལ་བར་བྱེད་པས་ན་མདོའོ། །འདི་ལྟ་སྟེ། ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་བཞི་པ་ལས། དེ་ནས་ལས་ཀྱི་ཆོ་ག་ནི། །མཐོང་བས་ཕྱག་རྒྱ་དགོད་པར་བྱ། །ཞེས་སྨོས་པ་ལས་ལས་ཀྱི་ཆོ་ག་མཐོང་བའི་རྡོ་རྗེ་སློབ་དཔོན་གྱིས་ལྷ་དང་དཀྱིལ་འཁོར་དང་ཐིག་གདབ་པ་ལ་སོགས་པའི་རྣམ་པ་དཀྱིལ་འཁོར་གྱི་ཆོ་གའི་སྤྲོས་པ་གང་ཡིན་པ་དེ་དག་ཐམས་ཅད་རྒྱུད་གཞན་ལས་འདིར་མཚོན་པའོ། །གཞན་ཡང་མདོའི་མཚན་ཉིད་དང་ལྡན་པས་ན་མདོ་སྡེ། མདོའི་མཚན་ཉིད་སློབ་དཔོན་རྣམས་ཀྱིས་ཉེ་བར་བསྟན་པ་གང་ཡིན་པ་དང༌། དེ་དང་ལྡན་བས་ན་མདོ་ནི་འདི་ལྟ་སྟེ། ཚིག་ཉུང་ཐེ་ཚོམ་མེད་པ་དང༌། །སྣ་ཚོགས་སྒོ་དང་སྙིང་པོ་ཅན། །ཟློས་མེད་ཁ་ན་མ་ཐོ་མེད། །མདོ་ཤེས་པས་ནི་མདོ་སྡེར་བཤད། །ཟློས་མེད་ཅེས་བྱ་བ་ནི་སྔ་ཕྱི་དག་ལ་ཁྱད་པར་ཡོད་པའོ། །དེ་བཞིན་དུ་ཡང༌། སྤང་བ་དེ་ནི་དོན་མཚོན་པ། །ཡི་གེ་


DTG032_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཚིག་ཉུང་བ། །ཀུན་ཏུ་སྙིང་པོར་གྱུར་པ་སྟེ། །བློ་དང་ལྡན་པས་མདོ་རུ་བཤད། །དེ་ནས་མདོ་ཞེས་བྱ་བ་ཡན་ལག་དང་པོ་གཙོ་བོ་སྟེ། མདོ་གང་གི་མིང་གིས་རྒྱུད་ཡིན་ཡང་མདོ་སྡེ་ཞེས་བྱ་བར་བསྟན་ཏོ། །ཚད་མ་ནི་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཏེ། དེ་དག་ཀྱང་འོག་ནས་འཆད་པར་འགྱུར་རོ། །དེ་བཞིན་དུ་ཡང་ལེའུ་བཅུ་བདུན་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཉམ་པ་ཉིད་མཐོང་ངམ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ་ཞེས་པ་དང༌། ལེའུ་དང་པོའི་གླེང་བཞིའི་ཚིག་ལ་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་འདིར་མཐོང་བ་དང་ཐོས་པའི་སྒྲ་དག་གིས་མངོན་སུམ་གྱི་ཚད་མར་སོ་སོར་རྟོགས་སོ། །དེ་བཞིན་དུ་ལེའུ་དགུ་པ་ལས་ཀྱང༌། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གཙུབ་ཤིང་དང་གཙུབ་སྟན་དང༌། མིའི་ལག་པ་བསྐྱོད་པའི་རྐྱེན་གྱིས་དུ་བ་རབ་ཏུ་འབྱུང་ཞིང་མེ་འབྱུང་བར་འགྱུར་མོད་ཀྱི་ཞེས་བྱ་བ་ཚོགས་པའི་རྒྱུ་ལ་བརྟེན་ནས། མེ་དང་དུ་བ་དག་གི་རྒྱུ་དང་འབྲས་བུའི་ངོ་བོའི་མཚན་ཉིད་ཅན་རྗེས་སུ་དཔག་པར་བསྟན་ཏོ། །དེ་ལྟར་ཚད་མ་ཞེས་བྱ་བའི་ཡན་ལག་གཉིས་པའོ། །ཡན་ལག་ནི་བཤད་པའི་རྒྱུད་དང༌། ཡན་ལག་གི་རྒྱུད་རྣམས་ཏེ་ལྷ་མོ་བཞིས་ཡོངས་སུ་ཞུས་པ་དང༌། དགོངས་པ་ལུང་བསྟན་པ་དང༌། རྡོ་རྗེ་ཕྲེང་བ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་སོགས་པ་དེ་རྣམས་ཀྱིས་རྒྱུད་ཀྱི་དོན་ཡོངས་སུ་རྫོགས་པར་འགྱུར་ཏེ། ལག་པ་དང་རྐང་པ་ལ་སོགས་པས་ལུས་བཞིན་ནོ། །དེ་ཡང་དེ་ནས་ལས་ཀྱི་ཆོ་ག་ནི་མཐོང་བས་ཞེས་བྱ་བ་ལ་སོགས་


DTG032_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་གིས་previous hit རྒྱུད་གཞན་ལས་མཐོང་བའི་ཡན་ལག་རྫོགས་པར་བསྟན་ཏོ། །དེ་ལྟར་ན་ཡན་ལག་ཅེས་བྱ་བ་ཡན་ལག་གསུམ next hit་པའོ། །མ་ཚང་བ་མེད་པ་ནི་ཚིག་གི་དོན་མ་ལུས་པར་གྲུབ་པའོ། །དེ་ལ་ཚིག་གི་དོན་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་དག་གི་མ་ལུས་པ་དེ་ནི་དང་པོའི་དབྱེ་བ་previous hit གསུམ་དང་གཉིས་པའི་ལྔའོ། །དེ་རྣམས་གྲུབ་པ་ནི་བཤད་པའི་རྒྱུད next hit་ཀྱི་ཚིག་གིས་བསྟན་པའོ། །དེ་བཞིན་དུ་ཡང་ལེའུ་བཅོ་བརྒྱད་པ་ལས། བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་པ་སྟེ། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་ཅན་རྣམས་ཆོས་བསྟན་པའོ། །ཞེས་རྩ་བའི་རྒྱུད་ཀྱི་ཚིག་གོ །ཡི་གེའི་དོན་དང་སྤྱི་དོན་དང༌། །སྦས་པ་དང་ནི་མཐར་ཐུག་པ། །ཞེས་བྱ་བའི་རྡོ་རྗེ་ཕྲེང་བའི་བཤད་པའི་previous hit རྒྱུད་ལས་གསུངས་པའི་ཚིག་གིས་བསྐྱེད་པའི་རིམ་པའི་དང་པོ་སྦྱོར་བ་ལ་སོགས་པ་གསུམ next hit་དང༌། རྫོགས་པའི་རིམ་པའི་རྡོ་རྗེ་བཟླས་པ་ལ་སོགས་པའི་ཚིག་གི་དོན་ལྔ་བསྟན་ཏོ། །དེ་རྣམས་ཚང་བར་བསྟན་པ་ནི་མ་ཚང་བ་མེད་པ་ཞེས་བྱ་བའི་ཡན་ལག་བཞི་པའོ། །འདྲི་བ་དང་ལན་འདེབས་པ་ནི་འདྲི་བ་དང་ལན་འདེབས་པའོ། །དེ་དག་བསྟན་པ་ནི་འདྲི་བ་དང་ལན་འདེབས་པ་བསྟན་པའོ། །ཇི་སྐད་དུ་ལེའུ་བཅོ་བརྒྱད་པ་ལས། གསང་བ་ཞེས་བྱ་བ་ཇི་ལྟར་བཤད་བྱ་བ་ནས་བརྩམས་ཏེ་ཕྲིན་ལས་ཀྱི་ཚོགས་མཆོག་ཅེས་བྱ་བའི་བར་དུ་འདྲི་བའི་ཚིག་བདུན་ཅུ་རྩ་གཉིས་སོ། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་བྱར་བཤད་པ་ཡིན། །ཞེས་བྱ་བ་ནས་བརྩམས་ཏེ། ཁྲོས་པས་དྲག་པོ་ཀུན་ཏུ་སྤྱོད། །ཅེས་བྱ་བའི་བར་དུ་ལན་འདེབས་པའི་ཚིག་ཀྱང་བདུན་ཅུ་རྩ་གཉིས་བསྟན་ཏོ། །གང་གི་ཕྱིར་སྤྱིར་སྟོན་པ་ནི་འདྲི་བ་དང་ཁྱད་པར་སྟོན་པ་ནི་ལན་འདེབས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་དོན་གྱིས་སོ། །དེ་ལ་སྒྲ་ནི། སྐུ་གསུང་ཐུགས་ནི་རྣམ་པ་གསུམ།། ཞེས་བྱ་བ་ལ་སོགས་པའོ། །དོན་གྱིས་ནི། ཡུལ་དང་དབང་པོ་རྣམ་དག་ལ། །བརྟེན་ཏེ་གང་ཞིག་ཡིད་སྐྱེས་པ། །དེ་ནི་མན་ཞེས་བཤད་པ་སྟེ། །ཏྲ་ནི་སྐྱོབ་པའི་དོན་ཡིན་ནོ། །ཞེས་བྱའོ། །དེ་ནི་འདྲི་བ་དང་ལན་བཏབ་པའི་མཚན་ཉིད་ཅན་ཡན་ལག་ལྔ་པའོ། །མདོར་བསྟན་པ་


DTG032_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱས་པར་བསྟན་པ་ནི་མདོར་བསྟན་པ་དང་རྒྱས་པར་བསྟན་པའོ། །ཟླས་དབྱེ་བ་ཐམས་ཅད་ནི་ཕྱོགས་གཅིག་ཏུ་འགྱུར་རོ་ཞེས་གཅིག་གི་ཚིག་གི་མཐའ་ཅན་ནོ། །མདོར་བསྡུས་པའི་ཚིག་ནི་མདོར་བསྟན་པའོ། །འདི་ལྟ་སྟེ། ཐ་མལ་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་ཡིན་ཏེ། །ཐ་མལ་པ་ནི་རྡོ་རྗེའི་གཞི། །ཡན་ལག་དྲུག་ནི་མཆོག་ཡིན་ནོ། །རྒྱ་ཆེ་བའི་ཚིག་ནི་རྒྱས་པར་བཤད་པ་འདི་ལྟ་སྟེ། དང་པོར་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་དང༌། །གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། །བཞི་པ་ཡིག་འབྲུ་རྣམས་དགོད་པའོ། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་ནི། །རྣལ་འབྱོར་ཡན་ལག་དྲུག་ཏུ་བཤད། །དེ་ནི་མདོར་བསྡུས་བསྟན་པ་དང༌། །རྒྱས་པར་བསྟན་པའི་མཚན་ཉིད་ཅན་ཡན་ལག་དྲུག་པའོ། །ཚིག་གི་དོན་རིམ་པས་སྟོན་པ་ནི་གོ་རིམས་སོ། །འདི་ལྟ་སྟེ། ལེའུ་དང་པོ་ལས། བཛྲ་དྷྲྀ་ཀ །ཛི་ན་ཛི་ཀ །རཏྣ་དྷྲྀ་ཀ །ཨཱ་རོ་ལི་ཀ །པྲ་ཛྙཱ་དྷྲྀ་ཀ་ཅེས་བྱ་བས་དང་པོ་དེ་བཞིན་གཤེགས་པ་ལྔ་ཕྱུང་བའོ། །དེའི་རྗེས་ལ་མོ་ཧ་ར་ཏི། དྭེ་ཥ་ར་ཏི། རཱ་ག་ར་ཏི། བཛྲ་ར་ཏི་ཞེས་བྱ་བས་དགའ་མ་རྣམས་ཕྱུང་བའོ། །དེ་ནས་ཡང་ཡ་མཱ་ནྟ་ཀྲྀ་ཏ། པྲ་ཛྙཱ་ནྟ་ཀྲྀ་ཏ། པད་མཱ་ནྟ་ཀྲྀ་ཏ། བི་གྷྣཱ་ནྟ་ཏ་ཀྲྀ་ཏ། ཅེས་བྱ་བས་ཁྲོ་བོ་ཕྱུང་བ་ཞེས་གོ་རིམས་བྱ་བའི་ཡན་ལག་བདུན་པའོ། །མིང་དང་ཉེ་བར་བསྟན་པ་ནི་མིང་དང་ཉེ་བར་བསྟན་པ་དག་གོ །མིང་ཅན་རྟོགས་པར་བྱེད་པའི་སྒྲ་ནི་མིང་ངོ༌། །དེ་ཡང་རྣམ་པ་གཉིས་ཏེ། དོན་གྱི་རྒྱུ་མཚན་ཅན་དང་། རང་གཟུགས་ཀྱི་རྒྱུ་མཚན་ཅན་ནོ། །དེ་ལ་དོན་གྱི་རྒྱུ་མཚན་ནི། །དོན་གྱི་དབང་གིས་དོན་གྱི་བྱ་བ་ལ་ལྟོས་པས་སོ། །རིགས་ལ་སོགས་པའི་དོན་རང་གཟུགས་སུ་བསྡུས་པར་བྱ་སྟེ། ཇི་ལྟར་དོན་ཡིན་པ་དེ་ལྟ་བུར་གྱུར་པའི་མིང་ཅན་རྟོགས་པར་བྱེད་དོ། །དཔེར་ན་འཚེད་པ་དང༌། བྱེད་པ་དང་དྲ་བར་བྱེད་པའོ། །རང་གཟུགས་ཀྱི་རྒྱུ་མཚན་ཅན་ནི་མིང་དང་རྟོགས་པར་བྱེད་པའི་ཐབས་ཙམ་ཡིན་ཏེ། རང་གཟུགས་ཙམ་ལ་ཕན་པར་བྱེད་པ་ཡན་ལག་གི་དོན་མ་གཏོགས་པར་རང་གི་བརྡའི་དབང་གིས་དེ་ལྟ་བུར་གྱུར་པའི་མིང་ཅན་ཡང་རྟོགས་པར་བྱེད་དོ། །དཔེར་ན་གླང་པོའི་རྣ་བ་ཅན་དང༌།


DTG032_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་རྣ་བ་ཅན་ནོ། །དེ་ལ་བཅོམ་ལྡན་འདས་ཁམས་གསུམ་མ་ལུས་པའི་བདེན་པ་མཁྱེན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དངོས་པོ་ཐམས་ཅད་ཀྱི་བདེན་པ་གཟིགས་ནས་མིང་བཏགས་པ་ལ་རང་གཟུགས་ཀྱི་རྒྱུ་མཚན་ཅན་གྱི་སྒྲ་མེད་དེ། དཔེར་ན་མི་བསྐྱོད་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱི་རླུང་གིས་མ་བསྐྱོད་པས་མི་བསྐྱོད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་པས་ན་རྣམ་པར་སྣང་མཛད་དེ་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མིང་གི་བརྡ་དོན་དང་ལྡན་པ་གཞན་དག་ཏུ་ཡང་ཤེས་པར་བྱའོ་ཞེས་མིང་བསྟན་པ་ཞེས་བྱ་བ་ཡན་ལག་བརྒྱད་པའོ། །འདི་ལྟར་བྱ་བའི་འབྲས་བུ་ཡང་དག་པར་བསྟན་པ་ནི་ཉེ་བར་བསྟན་པའོ། །འདི་ལྟ་སྟེ། དེ་ལྟར་བྱས་ན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། །ཞེས་འབྱུང་ངོ༌། །དེ་བཞིན་དུ་ཡང་རྣལ་འབྱོར་འདི་དག་ཉིད་ཀྱིས་ནི། མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་ཉེ་བར་བསྟན་པ་ཞེས་བྱ་བའི་ཡན་ལག་དགུ་པའོ། །ལྔ་པ་དང་དྲུག་པ་གཉིས་གཉིས་སུ་བྱས་ཏེ། མདོ་སྡེ་ལ་སོགས་པ་རྒྱུད་ཀྱི་ཡན་ལག་བཅུ་གཅིག་ཡིན་ནོ་ཞེས་བྱ་བའི་སྒྲ་ནི་རྣམ་པའི་དོན་ཏོ། །དེས་ན་དེ་ལྟ་བུའི་རྣམ་པ་ཅན་གཞན་རྣམས་ཀྱང་ཤེས་པར་བྱའོ། །འདི་ལྟ་སྟེ། སྤྱིང་བཏང་བ་དང༌། དམིགས་ཀྱིས་བསལ་བ་དང༌། གཞན་གྱི་ཆོས་ཡོངས་སུ་ཐོབ་པའོ། །ཇི་སྐད་དུ། ལེའུ་ལྔ་པ་ལས། རིགས་ངན་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་སྤྱིར་བཏང་བའོ། །གཞན་ཡང༌། སློབ་དཔོན་ལ་ནི་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡང་མི་འགྱུར། །ཞེས་དམིགས་ཀྱིས་བསལ་བའོ། །ལེའུ་བཅོ་བརྒྱད་པ་ལས་ཀྱང༌། །ཇི་ལྟར་སྔོན་བྱུང་དེ་བཞིན་ཀུན། །འདི་ནི་གསང་བ་ཡང་དག་སྟེར། །ཞེས་གཞན་གྱི་ཆོས་ཐོབ་པོ། །ཡང་ན་འདམ་ཁ་ཡང་རྒྱུད་ཀྱི་ཡན་ལག་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའམ། །རང་སྔགས་དོན་གྱི་ཡོན་ཏན་ནམ། །ཡང་ན་གཙུག་ཏོར་དམ་ཚིག་གིས། །བཀའ་ཡི་འཁོར་ལོ་སྦྱར་བར་བྱ། །ཞེས་འདམ་ཁའོ། །བསྡུ་བ་ཡང་རྒྱུད་ཀྱི་ཡན་ལག་ཡིན་ཏེ། རྡོ་རྗེ་ཅན་གྱི་གཟུགས་སོགས་ཀྱིས། གཙུག་


DTG032_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་མཉེས་པར་བྱེད་པར་བཤད། །ཁྲོ་བོ་རྣམས་ལའང་དེ་མཆོག་སྟེ། །སངས་རྒྱས་རྡོ་རྗེ་རབ་བསྒོམ་པའོ། །ཞེས་ལེའུ་བཅོ་ལྔ་པ་ལས་འབྱུང་ངོ༌། །ངེས་པ་ཡང་རྒྱུད་ཀྱི་ཡན་ལག་ཡིན་ཏེ། །ལེའུ་དེ་ཉིད་ལས་ཀྱང༌། །གནོད་སྦྱིན་མ་ཡི་སྔགས་རྒྱུད་ལ། །གཤིན་རྗེ་གཤེད་ནི་ཉིད་དུ་བསྒོམ། །ཞེས་འབྱུང་ངོ༌། །རྡོ་རྗེ་ཕྲེང་བ་ལས་ཀྱང༌། མིང་དང་ཡོངས་སུ་སྨྲ་བ་དང༌། །ཆོ་ག་དང་ནི་ངེས་པ་ཉིད། །སོ་སོར་བཀག་པ་དབང་བ་དང༌། །འདམ་ཁ་དང་ནི་གཞན་དག་སྡུད། །རྗེས་སུ་སྨྲ་བ་གཞན་ཆོས་ཐོབ། །མདོ་ཡི་མཚན་ཉིད་རྣམ་པ་བཅུ། །ཞེས་བྱ་བའི་ཚིག་འདུས་སོ། །དེ་ལྟར་གཞན་ཡང་རྒྱུད་ཀྱི་ཡན་ལག་འདི་ཉིད་དུ་བསྟན་པར་བྱེད་ནུས་ཏེ། འོན་ཀྱང་ཤིན་ཏུ་རྒྱས་པས་དོན་རྣལ་མ་སྒྲིབ་པར་བྱེད་པས་མ་བསྟན་ཏོ། །རྒྱུད་ཀྱི་ཡན་ལག་གྲུབ་པས་རྒྱུད་གྲུབ་པོ། །གཙོ་བོ་ཡིན་པའི་ཕྱིར་མདོར་ཡང་བསྟན་ཏོ། །གལ་ཏེ་དེ་ལྟར་ཡིན་ན་ཡན་ལག་དུ་མ་ཡོད་པས་ཚད་མ་ལ་སོགས་པ་ཅིའི་ཕྱིར་མ་བསྟན་ཞེ་ན། སྨྲས་པ། གང་གཉི་ག་ལས་སྐྱེས་པ་དེ་ནི་གཅིག་གིས་ཉེ་བར་བསྟན་དུ་ཡོད་དེ། དཔེར་ན། ཨུ་མའི་བུ་ནི་གཞོན་ནུ་དང་མ་ཧཱ་དེ་བའི་བུ་བཞིན་ནོ། །བཤད་པའི་རྒྱུད་རྣམས་ཀྱང་དེ་ལྟར་གྱུར་པའི་ཡན་ལག་ལྔ་དང་ལྡན་པའི་ཕྱིར་མདོ་སྡེའི་ཡན་ལག་གི་ནང་དུ་འདུས་སོ། །གལ་ཏེ་འདི་མདོ་སྡེར་བཤད་པ་ཡིན་ན་དེའི་ཚེ། དགོས་པ་བསྡུས་པའི་དོན་དང་བཅས། །ཚིག་དོན་དགོངས་པ་ཡང་དག་ལྡན། །རྒལ་ལན་བཅས་པ་ཉིད་དང་ནི། །མདོ་དོན་སྨྲ་བ་པོས་བཤད་བྱ། །ཞེས་འབྱུང་བས་དགོངས་པ་ལ་སོགས་པ་དྲུག་པོ་ངེས་པར་བཤད་པར་བྱ་བ་ཡིན་ཞེ་ན། སྨྲས་པ། བརྗོད་པ་ལ་སོགས་པ་རྣམ་པ་ལྔ་པོ་འདུས་པའི་ཕྱིར་ལོགས་སུ་མ་བསྟན་ཏེ། བརྗོད་པ་ལ་སོགས་པ་བཤད་པའི་དུས་ཉིད་དུ་དགོངས་པ་ལ་སོགས་པའི་དོན་རྟོགས་པས་ལོགས་སུ་མི་བཤད་དེ། མདོའི་དགོས་པ་ནི་དགོས་པའི་ནང་དུ་འདུས་པ་དང་། །རྒལ་ལན་དག་ནི་འབྲེལ་པ་བསྡུས་པའོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པའི་འབྲེལ་པ་རྣམ་པ་དྲུག་བསྟན་པའི་དུས་སུ་ཉན་པ་པོ་དང་འཆད་པ་པོ་དག་གི་དུས་སུ་ཕན་ཚུན་འདྲི་བ་དང་ལན་གྱི་བྱེ་བྲག་ངེས་པར་འབྱུང་བ་ཡིན་ཏེ། འདྲི་བ་དང་ལན་ཁོ་ན་རྒལ་ལན་དག་གོ །བརྗོད་པར་བྱ་བ་ལ་


DTG032_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་དོན་དང་འདུས་པའི་དོན་དང་དགོངས་པ་རྣམས་འདུས་པའོ། །དེ་ཡང་མ་བསྡུས་པའི་དོན་དང་དགོས་པ་མེད་པ། བརྗོད་པར་བྱ་བར་དང་བྲལ་བ་བརྗོད་པ་ཉིད་དུ་མི་འགྱུར་རོ། །བྱ་རོག་གི་སྐད་བརྟག་པ་དང་སེའུ་བཅུ་ལ་སོགས་པའི་ཚིག་བཞིན་ནོ། །དེའི་ཕྱིར་འདི་ནི་མདོ་སྡེའི་ཡན་ལག་ཁོ་ན་ཡིན་པས་སྐྱོན་མེད་དོ། །དེ་ལྟ་ན་བརྗོད་པ་ལ་སོགས་པ་ལྔ་པོ་དེ་དག་ནི་ཚད་མ་མེད་པའི་ཚིག་ལས་ཇི་ལྟར་གཟུང་ཞེ་ན། རྟག་པ་སྔོན་དུ་འགྲོ་བ་རྣམས་ཀྱིས་ཀྱང་ཚད་མ་སྔོན་དུ་འགྲོ་བས་འཇུག་པར་བྱེད་དེ་ཚིག་ལ་ནི་ཚད་མ་ཉིང་མེད་དོ། །ཇི་སྐད་དུ། དངོས་པོས་དངོས་པོ་སྟོན་མིན་ཏེ། །དངོས་པོའི་དུས་སུ་དངོས་མེད་ཡིན། །དེ་ཉིད་ཀྱིས་ནི་འདས་པ་དེ། །དེ་ནི་འདས་པ་ཞེས་བརྗོད་དོ། །བྲག་གི་ཟ་མ་ཏོག་དཔེ་ཡིས། །སྒྲ་ཡིས་བདག་དང་འཇིག་རྟེན་དང༌། །སྒྲ་ནི་སྦལ་པའི་ཕུང་པོ་ཡིས། །རང་ཉིད་ཀྱིས་ནི་དམན་པར་བྱས། །ཡི་གེ་ཚིག་དང་ངག་རྣམས་དང༌། །རྟགས་དང་ཚིག་གི་ཚོགས་དག་ཉིད། །བྱ་བ་བྱེད་པ་འབྲེལ་པ་རྣམས། །བརྫུན་ཡིན་པས་ན་རྗོད་བྱེད་མིན། །ཚིག་བཤད་ཚིག་རྐང་ལྔ་འམ་ནི། །གསུམ་གྱིས་ཀྱང་ནི་ཅིས་མི་འདོད། །ངག་ནི་བརྗོད་བྱ་རག་ལས་ཕྱིར། །མཁའ་འགྲོ་མ་ཡི་བརྡ་ལྟར་འགྱུར། །གཟུང་བར་བྱ་བའི་ཆོས་རྣམས་ལ། །སྔོན་གྱི་མཁས་པར་འདོད་རྣམས་ཀྱིས། །སྒྲ་ཡི་ལེགས་སྦྱར་གཡང་ས་རུ། །ཨེ་མའོ་འཇིག་རྟེན་ལྷུང་བར་བྱས། །འདི་ནི་སྣང་ཞེས་བརྗོད་པ་ལ། །དྲིས་པ་མཁས་པ་གང་གིས་ནི། །མགོ་ནས་བསྐོར་ནས་ལག་གཡས་ཀྱི། །དེ་ལྟར་གང་གིས་སྟོན་པར་བྱེད། །གཞན་གྱིས་གཞན་ནི་མི་རིག་སྟེ། །འབྲེལ་པ་མེད་པས་སྐྱེ་མི་འགྱུར། །གཞན་དུ་རལ་གྲི་ཕོག་པ་ལ། །གཞན་ལ་འགྱུར་བར་བྱེད་དམ་ཅི། །བྱ་བ་མེད་པའི་རང་བཞིན་གྱིས། །གང་གིས་གང་གི་འདིར་སྟོན་བྱེད། །དངོས་མེད་ལས་བྱུང་དངོས་པོ་ཡིས། །དངོས་པོ་གང་ལས་བསྐྱེད་པ་མེད། །དེ་བས་སྐྱོབ་པ་རྣམས་ཀྱིས་ནི། །འབྱུང་བ་ཆེན་པོ་ཞེས་བཤད་དོ། །འབྱུང་བ་ཀུན་གྱི་སྔོན་གྱུར་པས། །ངེས་ཚིག་མཁས་པ་རྣམས་ཀྱིས་གསུངས། །ཞེས་བྱ་བ་ལ་སོགས་པ་སྔོན་གྱི་སློབ་དཔོན་གྱི་ཚད་མའི་ཚིག་རྣམས་ཀྱིས་གསལ་བའི་སྒྲ་དང་དོན་གྱི་འབྲེལ་པ་ལ་ངག་གི་ཚད་མ་ཉིད་མེད་པའི་ཕྱིར་བརྗོད་པ་ལ་སོགས་པའི་ཚིག་ཙམ་གྱིས་


DTG032_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ངེས་པར་བྱེད་ཅེ་ན། དེ་ལ་སྨྲས་པ། ངག་ལས་ཐེ་ཚོམ་སྐྱེ་བ་ནི། དེ་ཡང་རྣམ་པ་གསུམ་སྟེ། དོན་དང་ལྡན་པའི་ཐེ་ཚོམ་དང༌། དོན་མེད་པའི་ཐེ་ཚོམ་དང༌། དོན་ཡོད་པ་དང་དོན་མེད་པའི་ཐེ་ཚོམ་མོ། །དེ་ལ་དོན་དང་ལྡན་པའི་ཐེ་ཚོམ་ནི་དཔེར་ན། ས་འོག་ན་གནས་པའི་གཏེར་འདོན་པ་བཞིན་ནོ། །དོན་མེད་པ་ནི་དཔེར་ན་ཤུགས་ཆེ་བའི་གཙང་པོ་ལ་གཅོད་པ་བཞིན་ནོ། །དོན་ཡོད་པ་དང་མེད་པའི་ཐེ་ཚོམ་ནི་དཔེར་ན་རོ་ལངས་བསླང་བ་བཞིན་ནོ། །དེ་ལ་དོན་དང་ལྡན་པ་ནི་འཇུག་པའི་ཡན་ལག་གོ །དོན་དང་མི་ལྡན་པ་དང་དོན་མེད་པ་དང༌། ཡོད་པའི་ཐེ་ཚོམ་དག་ནི་ལྡོག་པའི་ཡན་ལག་གོ །འདིར་ནི་དང་པོའི་ཚིག་ཚད་མ་མེད་པ་ལས་ཅི་འདིར་བརྗོད་པ་ལ་སོགས་པ་ཡོད་དམ་མེད་ཅེས་ཐེ་ཚོམ་ལ་འཇུག་པར་འགྱུར་ཏེ། དེའི་རྗེས་སུ་རིམ་པ་གཉིས་ཀྱིས་མཚོན་པའི་བརྗོད་པར་བྱ་བ་དང༌། དེ་རྗོད་པར་བྱེད་པའི་ཚིག་གི་ཚོགས་དང་དེ་དག་གི་འབྲེལ་པ་ཡང་ཐོས་ནས་བསམ་པ་དང་བསྒོམ་པའི་རིམ་པས་ཐ་མལ་པའི་ལུས་བཟློག་པ་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེའི་སྐུའི་མཚན་ཉིད་རྡོ་རྗེ་འཆང་ཆེན་པོའི་ཕྲིན་ལས་ཐམས་ཅད་པ་ཐོབ་ནས། དེའི་རྗེས་ཐོགས་སུ་འགྲོ་བ་ཐམས་ཅད་ཀྱང་རྡོ་རྗེ་འཛིན་པར་བྱེད་པ་ནི་དགོས་པའི་དགོས་པ་ཡང་ལ་ལ་ཡོད་པར་འདོད་པས་བསྟན་བཅོས་འདི་ལེགས་ཞེས་མགུ་ཞིང་བྱ་བ་བྱས་པར་འགྱུར་རོ། །དེའི་ཕྱིར་དོན་གྱི་ཐེ་ཚོམ་ལས་འཇུག་པ་ནི་རིགས་པ་ཁོ་ནའོ། །གཞན་དག་གིས་ཀྱང་ཁྱབ་པར་བྱེད་པ་མི་དམིགས་པས་རྒོལ་བར་བྱེད་པ་གང་ཡིན་པ་དེའི་གཏན་ཚིགས་མ་གྲུབ་པ་ཡིན་ཞེས་སྨྲ་བར་བྱ་བའི་ཕྱིར། བརྗོད་པ་ལ་སོགས་པའི་མཚན་ཉིད་འཆད་པར་འགྱུར་རོ། །འདིར་འབྲེལ་པ་རྩོམ་པའི་དུས་སུ་སློབ་དཔོན་ཟླ་གྲགས་རང་འདོད་པའི་ལྷ་ལ་ཕྱག་འཚལ་བ་རྩོམ་པ་བྱེད་དེ། དེ་ལ་རྣམ་པ་གསུམ་སྟེ། མཐུན་པ་དང་རྗེས་སུ་མཐུན་པ་དང་གཉི་གའི་རྗེས་སུ་འགྲོ་བའོ། །དེ་ལ་མཐུན་པ་ཞེས་བྱ་བ་ནི་གང་བསྟན་བཅོས་དང་མི་འགལ་བ་ཡིན་གྱི་བསྟན་བཅོས་མཁན་གྱི་ནི་མ་ཡིན་ནོ། །འདི་ལྟ་སྟེ། དཔལ་གྱི་ཕུན་སུམ་ཚོགས་པའི་ས་ལས་འདས་ཞེས་བྱ་བ་ལ་སོགས་པ་སོ་སོར་ཐར་པའི་རབ་ཏུ་བྱེད་པའི་དང་པོ་བཅོམ་ལྡན་འདས་འདོད་ཆགས་དང་བྲལ་བ་ལ་ཕྱག་འཚལ་ལོ། །


DTG032_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མཐུན་པ་ཞེས་བྱ་བ་ནི་བསྟན་བཅོས་དང་མེ་འགལ་བ་ཡིན་ཏེ། བསྟན་བཅོས་མཁན་གྱི་མངོན་པར་འདོད་པ་ཁོ་ནའོ། །འདི་ལྟ་སྟེ། ངག་ནི་རྟོགས་པར་བྱེད་པ་མཆོག །འཇིག་རྟེན་མགོན་པོ་ལ་བཏུད་ནས། །ཞེས་སྣང་བའི་ཕྲེང་བའི་འབྲེལ་པ་དང་པོ་ལ་ཕྱག་འཚལ་བ་བཞིན་ནོ། །དེ་ལ་ནི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་དང་མཐུན་པ་མ་ཡིན་ཏེ། འོན་ཀྱང་འགྲེལ་པ་མཁན་གྱི་ཡི་དམ་ཡིན་པས་རྗེས་སུ་མཐུན་པའོ། །གཉི་གའི་རྗེས་སུ་འགྲོ་བ་ནི་གང་བསྟན་བཅོས་དང་བསྟན་བཅོས་མཁན་པོ་དག་གིས་བརྗོད་པར་བྱ་བ་དང་མངོན་པར་འདོད་པས་གཉི་གའི་རྗེས་སུ་འགྲོ་བའོ། །གཞན་ཡང་འདི་ལྟ་སྟེ། ཁམས་གསུམ་སྤྱོད་པ་ལས་གྲོལ་ཞེས་བྱ་བ་ལ་སོགས་པའི་ཕྱག་འཚལ་བའི་ཚིག་ལ་བརྗོད་པར་བྱ་བ་དང༌། རང་འདོད་པའི་ལྷ་གཉི་གའི་རྗེས་སུ་འགྲོའོ། །དེ་ལྟར་འདིར་ཡང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་བ་ནི་སློབ་དཔོན་ཟླ་བ་གྲགས་པའི་དེ་ཉིད་རང་འདོད་པའི་ལྷ་ཡིན་ཏེ། དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་འདོད་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །སྒྲོན་མ་གསལ་བར་བྱེད་པ་ལས་ཀྱང༌། དེ་ཉིད་བརྗོད་པར་བྱ་བ་ཡིན་ཏེ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་ནས་དེ་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །རྗོད་པ་དང་བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་ཡིན་ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་ཕྱག་འཚལ་བ་གཉི་གའི་རྗེས་སུ་འགྲོ་བ་འདི་ཡིན་ནོ། །དེ་ལྟར་ན་ཕྱག་འཚལ་བ་བྱས་པས་ཅིར་འགྱུར། བགེགས་ཉེ་བར་ཞི་བར་འགྱུར་ཞེས་རིགས་པ་གང་ཞིག་ཡོད་ཅེ་ན། ཕྱག་འཚལ་བ་བྱས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཡོན་ཏན་བརྗོད་པ་ལས་སྐྱེས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་བསོད་ནམས་མ་ཡིན་པ་ལོག་པར་འགྱུར་རོ། །བསོད་ནམས་མ་ཡིན་པ་ལས་སྐྱེས་པའི་བགེགས་བསོད་ནམས་ཉེ་བར་དམིགས་པས་དེ་དག་མེད་དོ་ཞེས་དགག་པར་བྱ་བའི་རྒྱུ་འགལ་བ་དམིགས་པའི་ཕྱིར་རོ། །ཕྱག་འཚལ་བ་དེ་ཡང་ལ་ལས་རྣམ་པ་བཞི་རུ་འདོད་དེ་ལུས་དང་ངག་དང་ཡིད་དང་བླ་ན་མེད་པའི་མཆོད་པས་ཕྱག་འཚལ་བའོ། །དེ་ལ་ལུས་ཀྱིས་ནི་ཡན་ལག་ལྔ་པའི་ཕྱག་གོ །ངག་གིས་ནི་དེའི་ཡོན་ཏན་གྱི་ཚོགས་བརྗོད་པའི་མཚན་ཉིད་དོ། །ཡིད་ཀྱིས་ནི་དེ་ཉིད་རྗེས་སུ་དྲན་པའོ། །


DTG032_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པའི་མཆོད་པའི་ཕྱག་འཚལ་བ་ནི་དེའི་བདག་ཉིད་རྗེས་སུ་འཇུག་པའོ། །རབ་ཏུ་བྱེད་པ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་དེ་ལྟ་བུའི་ཕྱག་འཚལ་བ་ཡང་འདིར་འདུས་པ་ཁོ་ནའོ། །ད་ནི་ཕྱག་འཚལ་བ་བཤད་པར་བྱ་སྟེ། དཔལ་ལྡན་རྒྱུད་རྒྱལ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ནས། སློབ་དཔོན་ཟླ་བ་གྲགས་པས་འདུས་པ་ནི་གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་དོ། །རབ་གསལ་ཞེས་བྱ་བ་ནི་གསལ་བར་བྱེད་པའོ། །འདུས་པ་ཇི་ལྟ་བུ་ཞེ་ན། དཔལ་ལྡན་རྒྱུད་རྒྱལ་དམ་པ་ཞེས་བྱ་བ་འདི་ཉིད་ཀྱི་ཁྱད་པར་རོ། །དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །དེ་དང་ལྡན་པས་ན་དཔལ་ལྡན་ནོ། །དེ་བཞིན་དུ་ནི་དང་པོ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ་དང་པོའི་སྦྱོར་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རིམ་གྱིས་སེམས་ཅན་མ་ལུས་པའི་དོན་བྱས་ཏེ་དེའི་རྗེས་ལ་ངག་ལ་སོགས་པ་རྣམ་པར་དག་པར་བྱེད་པ་རིམ་པ་ལྔའི་མཚན་ཉིད་ཡེ་ཤེས་ཀྱི་ཚོགས་མངོན་དུ་བྱའོ། །ཡང་ན་དཔལ་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་བཞིའོ། །དེ་ཉེ་བར་བསྟན་པ་ཡོད་པས་དཔལ་ལྡན་ནོ། །དེ་ལྟར་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་དུས་སུ་རིགས་ངན་གྱི་བུ་མོ་ལ་སོགས་པ་ལས་དང་དམ་ཚིག་གི་ཕྱག་རྒྱ་མེད་པས་ཡེ་ཤེས་ཀྱི་ཕྱག་རྒྱ་བསམས་ཏེ། བདེ་བ་ཆེན་པོའི་མཚན་ཉིད་ཅན་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་ཞེས་བསྟན་ཏོ། །རྒྱུད་ནི་སྤྱོད་པ་ལ་སོགས་པའི་རྒྱུད་དོ། །དེ་རྣམས་ཀྱི་དམ་པའི་རྒྱལ་པོ་ནི་རྒྱལ་པོ་དམ་པ་སྟེ་རྣལ་འབྱོར་ཆེན་པོའི་རྒྱུད་དོ། །རྒྱུད་ཅེས་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་རྒྱུད་ཕྱི་མ་ལས་གསུངས་ཏེ། previous hit རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། རྒྱུན་དེ་རྣམ་པ་གསུམ next hit་དུ་འགྱུར། །གཞི་དང་རང་བཞིན་ཉིད་དང་ནི། །འགྱུར་བ་མེད་པ་རབ་དབྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །དེ་བཞིན་འགྱུར་མེད་འབྲས་བུ་ཡིན། །གཞི་ནི་ཐབས་ཞེས་བཤད་པ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་འདུས་སོ། །ཞེས་འབྱུང་ངོ༌། །དེའི་དགོངས་པ་ནི་རྒྱུའི་རྒྱུད་དང་འབྲས་བུའི་རྒྱུད་དང་ཐབས་ཀྱི་


DTG032_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དོ། །དེ་ལ་རྒྱུའི་རྒྱུད་ནི་གང་དུ་ཚངས་པའི་གནས་དང་རྣམ་པར་ཐར་པའི་སྒོ་ལ་སོགས་པའི་སྒོམ་པ་བསྟན་པའོ། །འབྲས་བུའི་རྒྱུད་ནི་གང་དུ་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོ་ངེས་པར་བསྟན་པའོ། །ཐབས་ཀྱི་རྒྱུད་ནི་གང་དུ་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ངེས་པར་བསྟན་པའོ། །དོན་སོ་སོར་སྟོན་པར་བྱེད་པའི་རྒྱུད་རྣམས་ཀྱི་རྒྱལ་པོ་དམ་པའོ། །དེ་ནས་ལས་འཛིན་པའི་བསྡུ་བ་བྱའོ། །དེས་ནི་རྒྱུད་ཐམས་ཅད་ཀྱི་དམ་པ་ཉིད་ཉེ་བར་བསྟན་པ་ཡིན་ནོ། །གལ་ཏེ་རྒྱུད་ཐམས་ཅད་ཀྱི་དམ་པ་ཡིན་ན། དེའི་ཚེ་དོན་ཟབ་མོ་དང་ལྡན་པའི་ཕྱིར་ཁྱོད་ཀྱིས་ཇི་ལྟར་བཤད་པར་ནུས་པ་ཞེ་ན། རྣལ་འབྱོར་རྒྱུད་རྣམས་ཀྱི་ལེགས་པར་བཤད་པ་ནི་རྣལ་འབྱོར་ཀྱི་རྒྱུད་ཡན་ལག་དང་བཤད་པའི་རྒྱུད་སྔར་བཤད་པའོ། །དེ་རྣམས་ཀྱི་ལེགས་པར་བཤད་པ་ནི་གསལ་བར་བཤད་ནུས་པའོ། །ཤིན་དུ་གསལ་བར་རྣམ་པར་ཕྱེ་ཞེས་པ་ནི་དེ་རྣམས་ནི་ཁྱད་པར་རོ། །བཤད་པ་ནི་དོན་གསལ་བར་རྟོགས་པའི་རྒྱུས་སོ། །རྩ་བའི་རྒྱུད་ནི་བཤད་པའི་རྒྱུད་ཁོ་ནས་རྟོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་གྱི་དོན་གང་ཞེ་ན། རྒྱུད་ཕྱི་མ་ལས་ཀྱང༌། ཐབས་དང་ཤེས་རབ་མཉམ་སྦྱོར་བས། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །རང་བཞིན་མེད་པ་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་འབྱུང་ངོ༌། །དེའི་དགོངས་པ་ནི་བསྐྱེད་པའི་རིམ་པས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བར་བསྒོམ་པ་ནི་ཐབས་སོ། །རྫོགས་པའི་རིམ་པ་གཉིས་པ་དང་བཞི་པ་དག་གིས་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་ཅན་སྟོང་པ་ཉིད་སྒོམ་པ་ནི་ཤེས་རབ་བོ། །དེ་དག་སྙོམས་པར་ཞུགས་པ་ནི་རྣལ་འབྱོར་རོ། །ཡང་ན་སྔ་མ་བཞིན་དུ་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ནམ། །ཡང་ན་གང་དུ་ཕྱག་རྒྱའི་མཉམ་པར་སྦྱོར་བ་དགོངས་པ་དེ་ལ་དབང་པོ་གཉིས་ཀྱིས་མཉམ་པར་སྦྱོར་བ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་རྣལ་འབྱོར་ཞེས་བཤད་དོ། །སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་པ་དག་ཏུ་བདེ་བ་ཆེན་པོ་བསྐྱེད་པའི་སླད་དུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དབྱེ་བ་ལ་དམིགས་ཏེ། ཐབས་དང་ཤེས་རབ་ཉིད་དུ་འཇོག་པར་བྱས་པ་གཉི་ག་སྙོམས་པར་ཞུགས་པའི་མཚན་


DTG032_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་རྣལ་འབྱོར་ཞེས་བྱའོ། །དེ་བཞིན་དུ་ཡང་བཤད་པའི་བྱེ་བྲག་གཞན་རྣམས་ཀྱང་འོག་ནས་སྐབས་སྐབས་སུ་འཆང་པར་འགྱུར་རོ། །གལ་ཏེ་རྣལ་འབྱོར་གྱི་རྒྱུད་ཁོ་ནས་རྩ་བའི་རྒྱུད་བཤད་པ་ཡིན་ན། དེའི་ཚེ་འགྲེལ་པ་བརྩམས་པས་ཅི་ཞིག་བྱ་ཞེ་ན། མཐའ་དྲུག་འཆིང་བ་རྣམས་ཀྱིས་བཅིངས་པ་ཞེས་བྱ་བ་སྨོས་ཏེ། མཐའ་དྲུག་ཅེས་བྱ་བའི་བཤད་པ་ནི། འོག་ནས་འཆད་པར་གྱུར་པ་དེ་ཉིད་འཆིང་བ་ནི་འབྲེལ་པའོ། །དེས་བཅིངས་པ་ནི་བཅིངས་པ་སྟེ་དེའི་ཕྱིར་རྟོགས་པར་དཀའ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་བཤད་པའི་རྒྱུད་ཀྱིས་ནི་རྩ་བའི་རྒྱུད་ཀྱི་ཚིག་དང་ངག་གི་དོན་ཙམ་སོ་སོར་བསྟན་པར་ནུས་ཀྱི་མཐའ་དྲུག་གི་བྱེ་བྲག་དང་རབ་ཏུ་དབྱེ་བ་བཤད་པར་མི་ནུས་སོ་ཞེས་འགྲེལ་པ་བྱ་བར་དོན་དང་ལྡན་ནོ། །དེ་ལྟ་ན་འདུས་པའི་རྒྱན་ལ་སོགས་པ་གཞན་ཡོད་པས་འགྲེལ་པ་འདིས་ཅི་ཞིག་བྱ་ཞེ་ན། རྒྱལ་སྲས་ཡུལ་གྱུར་ཞེས་སྨོས་པ་ལ་རྒྱལ་བའི་སྲས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བྲལ་བར་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའོ། །དེ་རྣམས་ཀྱི་ཡུལ་དུ་གྱུར་པ་ནི་བཤད་པའི་སྤྱོད་ཡུལ་འདུས་པ་འདི་ཡིན་ཞེས་འདིས་བདག་ཉིད་མངོན་པར་ཤེས་པ་ཐོབ་པ་ཉིད་ཀྱིས་སྣོད་དུ་རུང་བ་ཉིད་དུ་བསྟན་པས་འགྲེལ་པ་བྱས་པ་སྟེ། སྐྱེ་བོ་གཞན་གྱིས་འགྲེལ་པ་བྱེད་མི་ནུས་སོ། །རྒྱུད་ཀྱི་མིང་བསྟན་པར་བྱ་བའི་ཕྱིར། རྒྱལ་བ་རྣམས་ཀྱི་འདུས་པ་གང་ཡིན་པ། །ཞེས་སྨོས་ཏེ། རྒྱལ་བ་རྣམས་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་རྣམས་ཀྱི་འདུས་པ་ནི་གཅིག་ཏུ་གྱུར་པའོ། །དགོངས་པ་ནི་འདི་ལྟ་སྟེ། བསྐྱེད་པའི་རིམ་པའི་རིགས་བརྒྱའི་དབྱེ་བ་ཉེ་བར་བསྡུས་ཏེ། ཕུང་པོ་ལྔ་དང་ཉོན་མོངས་པ་དང་དབང་པོ་དང་ཡུལ་དང༌། རྣམ་པར་ཤེས་པ་དང་འབྱུང་བ་དང་རླུང་རྣམ་པ་ལྔ་ལ་སོགས་པའི་རྣམ་པར་དག་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཡེ་ཤེས་ལྔའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་སྤྲོས་ཏེ། དེ་དག་གཅིག་ཏུ་གྱུར་པ་དག་གིས་མགྲིན་པ་གཅིག་གིས་དང་པོ་ཞུ་བ་སྔོན་དུ་འགྲོ་བར་གསོལ་བ་གདབ་པོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་རྣམས་ལ་སོ་སོར་བསྟན་ཞེས་རྒྱལ་བ་རྣམས་ཀྱི་འདུས་པའོ། །ཡང་ན་དམ་ཚིག་གི་དཀྱིལ་


DTG032_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་ཐམས་ཅད་ཕྱུང་བ་ནི་འདུས་པའོ། །ཡང་ན་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་ཡི་གེ་གསུམ་པོ་འཇུག་པ་ལ་སོགས་པའི་རིམ་གྱིས་གོམས་པར་གྱུར་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་རོ་གཅིག་པར་གྱུར་པ་ནི་འདུས་པའོ། །གཞན་ཡང་ཕྱིར་མི་ལྡོག་པའི་དབང་གིས་དུས་སུ་སློབ་མའི་ཚངས་པའི་སྒོ་ནས་དེ་བཞིན་གཤེགས་པ་འཇུག་པས་གཅིག་ཏུ་གྱུར་པ་ནི་འདུས་པའོ། །རྫོགས་པའི་རིམ་པ་ལ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བུག་པ་ནས་འཕོ་བའི་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་རྡོ་རྗེའི་རྩེ་མོར་འཛིན་པའི་ཡན་ལག་གིས་གཟུང་བ་ནི་འདུས་པའོ། །ཡང་ན་དངོས་པོ་ཐམས་ཅད་ཉེ་བར་བསྡུས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་ཉིད་ཕྱག་རྒྱ་ཆེན་པོའི་གཟུགས་སྒོམ་པ་ནི་འདུས་པའོ། །དེ་ལྟ་བུའི་རྣམ་པ་དུ་མ་གཞུང་རྒྱས་པའི་འཇིགས་པས་འདིར་མ་བཤད་དོ། །གསང་བ་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་ཏེ། གསང་བ་འདུས་པ་ཞེས་བྱའོ། །ཐ་མལ་པའི་ལུས་ངག་ཡིད་འཇིག་རྟེན་ལས་འདས་པར་བྱེད་པ་ནི་གསང་བའོ། །སྐུ་ལ་སོགས་པའི་ངོ་བོ་ཉིད་ཡི་གེ་གསུམ་གྱི་འཇུག་པ་ལ་སོགས་པའི་སྒོམ་པ་ནི་གསང་བའོ། །ཡང་ན་འདོད་པའི་གདུགས་ལ་སོགས་པ་རྩ་གསུམ་དུ་བདེ་བ་ཆེན་པོ་མྱོང་བ་ནི་གསང་བའོ། །དེ་བཞིན་དུ་གཞན་ཡང་འོག་ནས་འཆད་པར་འགྱུར་རོ། །ཇི་སྐད་དུ། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་མངོན་པར་བརྗོད། །འདུས་པ་བསྡུས་པར་བརྗོད་པ་སྟེ། །སངས་རྒྱས་ཐམས་ཅད་མིང་ཞེས་བྱའོ། །ཞེས་འབྱུང་ངོ༌། །རང་གི་གླེགས་བམ་ལ་བལྟ་བ་བཀག་པ་དང་སློབ་དཔོན་གྱིས་མན་ངག་བསྟན་པར་བྱ་བའི་ཕྱིར། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ལས་རྙེད་པ། །ཞེས་བྱ་བ་སྨོས་ཏེ། དེ་ནི་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་དངོས་སུ་སློབ་མ་ཉིད་སོ་སོར་བསྟན་གྱི་བརྒྱུད་པས་ནི་མ་ཡིན་ནོ། །དེས་འདུས་པའི་ཚིག་གི་ཁྱད་པར་དང་བཅས་པར་སྨྲ་བ་ན་རྒྱུད་ཀྱི་མིང་བསྟན་ཏོ། །བརྗོད་པར་བྱ་བ་བསྟན་པར་བྱ་བའི་ཕྱིར། རིམ་པ་གཉིས་ཀྱི་གནས་ཞེས་བྱ་བ་སྨོས་པ་ལ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ནི་རིམ་པ་གཉིས་སོ།།


DTG032_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་གནས་ནི་འདུས་པའོ། །དེས་དེ་དག་ཁོ་ན་བསྟན་པར་བྱ་བ་ནི་བརྗོད་པར་བྱ་བ་ཡིན་གྱི་གཞན་མ་ཡིན་ནོ། །རིམ་པ་གཉིས་པོ་ནི་དབྱེ་བ་དང་མཚན་ཉིད་དང་བཅས་པར་བཤད་ཟིན་ཏོ། །མཐའ་དྲུག་ཀྱང་བཤད་པའི་རྒྱུད་ལས་ཤེས་པར་བྱས་ལ་རྒྱུད་གོ་བར་གྱུར་པས་འགྲེལ་པས་ཅི་ཞིག་བྱ་ཞེས་དེ་ལ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱིས་རྒྱས་བཏབ་པ། །ཞེས་སྨོས་ཏེ། དཔེར་ན་རྒྱལ་པོ་རྣམས་ཀྱིས་རང་གི་མཛོད་ལ་རྒྱས་བཏབ་པ་བཞིན་དུ་སངས་རྒྱས་ཀུན་གྱི་མན་ངག་གི་གནས་དག་ཏུ་རྡོ་རྗེའི་ཚིག་གིས་རྒྱུད་འདི་ལ་རྒྱས་བཏབ་པའོ། །དེ་བས་ན་འགྲེལ་པའི་ལྡེ་མིག་གིས་ཕྱེ་བར་བྱས་སོ། །རྡོ་རྗེ་སེམས་དཔའ་དེ་ཇི་ལྟ་བུ་ཞེ་ན། ཁྱབ་བདག་ཅེས་སྨོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཡེ་ཤེས་ལྔ་ནི་ཐ་དད་པ་ལྟར་སྣང་བ་ཡིན་ཞེས་ཀུན་རྫོབ་ཀྱི་ཕྱོགས་སོ། །དེ་དག་ནུས་པ་ཐམས་ཅད་ཉེ་བར་བསྡུས་པ་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནས་སྐབས་སུ་གྱུར་པ་ཐམས་ཅད་སྟོང་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་གང་ཡིན་པ་བཅོམ་ལྡན་འདས་ཏེ་ཡེ་ཤེས་དང་ཤེས་བྱ་རོ་གཅིག་པ་རྡོ་རྗེ་འཆང་ཆེན་པོ་ཁྱབ་བདག་ཅེས་བཤད་དོ། །དཔལ་གྱི་སྒྲ་ནི་སྔར་བཤད་དོ། །རྡོ་རྗེ་སེམས་དཔའ་བཤད་པར་བྱ་སྟེ། སྤོང་བ་ལྔ་དང་ཡེ་ཤེས་ལྔ། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །དོན་ནི་འདི་ཡིན་ཏེ། རྣམ་པར་ཤེས་པ་ལྔ་པོ་སྤོང་བར་བྱེད་པ་ཡ་ཤེས་ལྔའི་ངོ་བོ་ཉིད་སྟོང་པ་འོད་གསལ་བ་ནི་རྡོ་རྗེར་བཤད་དོ། །དེ་ཉིད་སེམས་དཔའ་སྟེ་ངོ་བོ་ཉིད་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའོ། །ཡང་ན་རྡོ་རྗེ་ནི་ཐབས་ཀྱི་ཡེ་ཤེས་སོ། །སེམས་དཔའ་ནི་ཤེས་རབ་ཀྱི་ཡེ་ཤེས་སོ། །དེ་དག་རོ་གཅིག་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །ཡང་ན་དཔལ་ནི་ཐབས་ཏེ་རྡོ་རྗེ་ཤེས་རབ་བོ། །དེས་ན་སྙིང་རྗེ་དང་སྟོང་པ་ཉིད་དབྱེར་མེད་པ་ཉིད་དཔལ་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་རྩེ་མོ་ལས་ཀྱང༌། །བརྟན་ཞིང་སྙིང་པོ་ཁོང་སྟོང་མེད། །དབྱེར་མེད་བཅད་མེད་མཚན་ཉིད་ཅན། །བསྲེག་ཏུ་མེད་དང་མི་འཇིག་ནི། །སྟོང་ཉིད་རྡོ་རྗེ་ཞེས་སུ་བཤད། །ཅེས་འབྱུང་ངོ༌། །བཏུད་དེ་ཞེས་པ་ནི་ལུས་ངག་ཡིད་ཀྱིས་འདུད་པའམ་དེའི་བདག་ཉིད་དུ་རྗེས་སུ་འཇུག་པའོ། །རིམ་པ་བཞིན་ནི་གོ་རིམས་ཀྱིས་སོ། །ཟླ་བ་གྲགས་པས་རབ་གསལ་


DTG032_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ནི། །གསལ་བར་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །རིམ་པ་གཉིས་པོའི་གནས་ཞེས་གང་བཤད་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། བསྐྱེད་པའི་རིམ་པ་དང་པོ་ཡིན། །ཞེས་སྨོས་ཏེ། བསྐྱེད་པའི་གཙོར་གྱུར་པའི་རིམ་པ་ནི་བསྐྱེད་པའི་རིམ་པ་སྟེ་དེ་བཞིན་དུ་བཟླ་བ་དང་རྡོ་རྗེ་དང་ས་བོན་དང་སྤྲོ་བ་དང་བསྡུ་བས་ལྷའི་གཟུགས་ཀྱིས་ཐ་མལ་པའི་ལུས་བཟློག་པས་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ལྟ་བུའི་སྐུ་འབྱུང་བའི་ཕྱིར་རོ། །དེ་ལ་དང་པོའི་སྦྱོར་བ་ལ་སོགས་པ་དབྱེ་བ་གསུམ་སྔར་བཤད་ཟིན་ཏོ། །རིགས་བརྒྱའི་བྱེ་བྲག་གི་མཐའ་ཅན་ཞེས་སྨྲ་བར་བྱ་བ་ཡིན་ཏེ། བསྐྱེད་པའི་རིམ་པ་གཅིག་པུས་ཐ་མལ་པའི་ལུས་རྣམ་པར་དག་པར་བྱེད་མི་ནུས་ཏེ། འོན་ཀྱང་ཏིང་ངེ་འཛིན་གསུམ་གྱི་འོག་ཏུ་གང་གི་ཚེ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་ལུས་ཆ་ཤས་ཀྱི་དབྱེ་བས་ཡེ་ཤེས་ལྔའི་ངོ་བོ་དེ་བཞིན་གཤེགས་པ་ལྔས་རྣམ་པར་དཔེན་པར་བྱེད་པ་དེའི་ཚེ་ཐ་མལ་པའི་ལུས་ཀྱི་ཉེ་བར་དམིགས་པ་སྤངས་ནས། ཐ་མལ་པ་མ་ཡིན་པའི་སྐུ་བྱུང་བ་དེ་ཉིད་བསྐྱེད་པའི་རིམ་པའི་མཐར་ཕྱིན་པའོ། །གཅིག་པུས་མི་ནུས་ཞེས་སྨྲ་བར་མི་བྱ་སྟེ། ཏིང་ངེ་འཛིན་གསུམ་བཞིན་དུ་དེ་གྲུབ་པའི་ཕྱིར་རོ། །རིགས་བརྒྱའི་དབྱེ་བའི་མཐའ་ཅན་བསྐྱེད་པའི་རིམ་པ་ཡིན་ཞེས་སྨྲ་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་previous hit གསུམ་རྩ་བའི་རྒྱུད next hit་ལས་ཇི་ལྟར་བརྟག་པ་བཞིན་དུ་རིགས་བརྒྱའི་དབྱེ་བ་ཡང་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ཏེ་གུད་པར་བསྟན་པའི་ཕྱིར་རོ། །ཏིང་ངེ་འཛིན་གསུམ་བཞིན་དུ་དེ་ཡང་གྲུབ་པོ་ཞེས་གང་སྨྲས་པ་དེ་ནི་མ་ཡིན་ནོ། །གཉི་ག་གསུངས་པའི་ཕྱིར་རོ། །འདི་ལྟ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ལ་བཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་དང་པོའི་སྦྱོར་བ་ཞེས་བྱ་བ་ཉེ་བར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་ཆེན་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནས་


DTG032_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པ་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་སོ་སོ་ཞེས་བྱ་བའི་བར་གྱིས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེའི་རྗེས་སུ་ལེའུ་དྲུག་པ་ལ་སོགས་པ་དག་ཏུ། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་བྱ་བ་ལ་སོགས་པས་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ་ཞེས་དེའི་ཕྱིར་ཏིང་ངེ་འཛིན་གསུམ་པོ་གསལ་བར་བསྟན་ཏོ། །རིགས་བརྒྱའི་བྱེ་བྲག་གི་མཐའ་ཅན་དུ་སྨྲ་བ་ཁོ་ནའོ། །དེ་ཡང་དང་པོ་ཡིན་ཞེས་པ་ནི་དང་པོ་ལུས་ཀྱི་རྣམ་པར་རྟོག་པ་རགས་པ་སྤང་པར་བྱ་བ་ཡིན་ཞེས་པའི་ཐ་ཚིག་གོ །དེ་ལས་ལུས་རྣམ་པར་དག་ནས་ངག་རྣམ་པར་དག་པར་བྱ་བའི་ཕྱིར། རིམ་པ་ལྔ་པོའི་དང་པོ་རྡོ་རྗེ་བཟླས་པ་ཞེས་བྱ་བ་བསྒོམ་པར་བྱ་སྟེ། དེའི་ཕྱིར་གསང་སྔགས་ཀྱི་སྐུ་ནི་རབ་སྒྲུབ་བྱེད་ཅེས་བྱ་བ་སྨོས་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་བསམ་པ་དང་བག་ལ་ཉལ་བ་དང་ཁམས་དང་བག་ཆགས་ཀྱི་དབྱེ་བས་སྔགས་ཀྱི་ས་ཡ་བདུན་ཅུ་རྩ་གཉིས་བཤད་དོ། །དེ་དག་ཐམས་ཅད་ཀྱི་རྩ་བ་ནི་ཡི་གེ་བཞི་བཅུ་རྩ་དགུ་པ་ཕྱི་མའོ། །དེ་ཡང་སྡེ་ཚན་བརྒྱད་ཀྱི་བདག་ཉིད་དང་པོའི་ཡི་གེ་རྣམས་ལ་ཡོངས་སུ་ཐིམ་པར་གྱུར་པའོ། །དེ་དག་ཀྱང་བཞི་པོ་ལ་ཐིམ། །བཞི་པོ་ཡང་ཡི་གེ་གསུམ་གྱི་བདག་ཉིད་དུ་གྱུར་པས་ཞེས་ཡི་གེ་དང་ཚིག་དང་ངག་དང་རབ་ཏུ་བྱེད་པ་དང་སྔགས་ཐམས་ཅད་ཀྱི་ཡི་གེ་གསུམ་པོ་ཁོ་ན་རྒྱུའི་གཙོ་བོ་ཡིན་ཏེ། རིགས་གསུམ་རྣམ་པར་དག་པས་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ་གསང་སྔགས་ཀྱི་སྐུའོ།། དེ་ཡང་གཉིས་ཏེ། རླུང་གི་བདག་ཉིད་དང༌། ཡི་གེའི་བདག་ཉིད་དོ། །དེ་ལ་འཇུག་པ་དང༌། གནས་པ་དང༌། ལྡང་བའི་རིམ་པས་ཉིན་མཚན་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དཀྱིལ་འཁོར་བཞིའི་སྦྱོར་བས་གོམས་པས་སེམས་རྩེ་གཅིག་པ་དེ་ཉིད་གང་ཡིན་པ་དེ་ནི་རླུང་གི་བདག་ཉིད་ཀྱི་སྔགས་ཀྱི་སྐུའོ། །རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྔགས་ཀྱི་བཟླས་པ་ལ་ཡི་གེ་གསུམ་པོ་ཁོ་ན་སྤྱི་བོ་ལ་སོགས་པར་གནས་པ་ཡན་ལག་མ་ཉམས་པར་བཟླས་པའི་རིམ་པ་གོམས་པར་བྱེད་པ་ན་སེམས་རྩེ་གཅིག་པ་ཉིད་གང་ཡིན་པ་དེ་ནི་ཡི་གེའི་བདག་ཉིད་གསང་སྔགས་ཀྱི་སྐུའོ། །དེ་


DTG032_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་རབ་ཏུ་སྒྲུབ་པར་བྱེད་པ་ནི་རྫོགས་པར་བྱེད་པ་རྡོ་རྗེ་བཟླས་པའི་རིམ་པ་སྟེ་གཅིག་གོ །དེས་ནི་ངག་གི་ངོ་བོ་ཤེས་ནས་བསྟོད་པ་དང་སྨད་པ་ལ་སོགས་པའི་ཚིག་གིས་རྣལ་འབྱོར་པ་མགུ་བ་དང་མི་མགུ་བར་མི་འགྱུར་རོ་ཞེས་གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའོ། །གཅིག་ཅེས་སྨྲ་བར་བྱ་བ་ཡིན་ཏེ། རྡོ་རྗེ་བཟླས་པའི་རིམ་པ་གསང་སྔགས་ཀྱི་སྐུ་རབ་ཏུ་སྒྲུབ་པར་བྱེད་པ་གཅིག་ནི་དང་པོ་སྟེ་རྫོགས་པའི་རིམ་པའི་དང་པོའོ། །ལ་ལ་ན་རེ་བསྐྱེད་པའི་རིམ་པ་ཁྱད་པར་དུ་གྱུར་པ་ཁོ་ན་གསང་སྔགས་ཀྱི་སྐུ་རབ་ཏུ་སྒྲུབ་པར་བྱེད་པ་ཞེས་འཆད་པ་དེ་ནི་མི་བདེན་ཏེ། དེ་ལྟ་ཡིན་ན་རྡོ་རྗེ་བཟླས་པ་མ་འདུས་པར་ཐལ་བར་འགྱུར་རོ། །དེ་མ་གཏོགས་པར་ངག་རྣམ་པར་དག་པ་མེད་པས་དགོས་པ་ཁོ་ནའོ། །གང་གི་ཚེ། བསྐྱེད་པའི་རིམ་པ་དང་པོ་ཡིན། །ཞེས་དང་པོ་བསྐྱེད་པའི་རིམ་པ་བསྒོམ་པ་ཡིན་ན་དེའི་ཚེ་གཅིག་ཅེས་སྨྲས་པས། རྡོ་རྗེ་བཟླས་པའི་རིམ་པའི་འོག་ཏུ་སེམས་ལ་དམིགས་པ་ཙམ་ཞིག་ནི་རིམ་པ་གཉིས་པ་ཞེས་བརྗོད་དོ་ཞེས་སྨྲས་པར་མི་རིགས་ཏེ། རྡོ་རྗེ་བཟླས་པའི་འོག་ཏུ་དེ་ཉེ་བར་བསྟན་པ་ཡིན་གྱི་བསྐྱེད་པའི་རིམ་པའི་འོག་ཏུ་ནི་མ་ཡིན་ནོ། །དེའི་ཕྱིར་གསང་སྔགས་ཀྱི་སྐུ་རབ་ཏུ་སྒྲུབ་པར་བྱེད་པའི་སྒྲ་ནི་བསྐྱེད་པའི་རིམ་པའི་ཁྱད་པར་མ་ཡིན་ཏེ་འོན་ཀྱང་རྡོ་རྗེ་བཟླས་པའི་རིམ་པ་ཁོ་ན་སྟོན་པར་བྱེད་པའོ། །དེའི་ཁྱད་པར་བྱེད་པའི་ཕྱིར་གཅིག་ཅེས་སྨྲ་བར་བྱ་བ་ཁོ་ནའོ། །ཇི་ལྟར་རིམ་པ་ཁོ་ན་མཆོག་གོ །སེམས་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ལ་ངག་རྣམ་པར་དག་པར་གྱུར་པས་རྣམ་པར་ཤེས་པ་གསུམ་གྱི་བདག་ཉིད་ཀྱི་སེམས་ལ་དམིགས་པ་ནི་མཐོང་བ་སྟེ། སྔར་བཤད་པའི་སྔགས་དང་ཕྱག་རྒྱའི་རིམ་པས་འོད་གསལ་བར་བྱའོ། །དེ་ཉིད་ནི་དེ་ཙམ་ཞིག་ཡིན་གྱི་སྔགས་ཀྱི་སྐུའི་བདག་ཉིད་གཞན་ནི་མ་ཡིན་ནོ། །སེམས་རྣམ་པར་དག་པ་ཙམ་གཅིག་པུ་རིམ་པ་གཉིས་པ་ཡིན་ཞེས་ཚིག་གི་དོན་ཏོ། །རྣམ་པར་དག་པའི་སེམས་ཀྱི་རྒྱུད་དང་ལྡན་པའི་རྣལ་འབྱོར་པས་གཞན་གྱི་དོན་བྱ་བའི་ཕྱིར། ལྷའི་སྐུ་ཡིད་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བལྟ་བར་བྱ་ཞེས་དེའི་སླད་དུ། ཀུན་རྫོབ་བདེན་པ་བསྟན་པ་ནི། །ཞེས་བྱ་བ་སྨོས་ཏེ། འོད་གསལ་བ་ལས་མྱུར་


DTG032_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཡིད་དུ་འོང་བ་ནི་དཀྱིལ་འཁོར་པའི་ལྷ་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མི་ངོམས་པའི་གཟུགས་ཡེ་ཤེས་ཀྱི་སྐུ་སྤྲས་ཏེ་གནས་པ་བསྟན་པ་ནི་སྒྱུ་མ་དང་མཚུངས་པར་བདག་དང་དངོས་པོ་ཐམས་ཅད་ལ་བལྟའོ། །ཡང་ན་ཡིད་འོང་ནི་བསྟན་པ་དང་དགེ་བའི་རྩ་བ་སྨིན་པ་དང་རྣམ་པར་གྲོལ་བ་དང༌། སྤྲོ་བའི་རིམ་པས་འགྲོ་བའི་དོན་བྱེད་པས་སོ། །དེ་བས་ན་བདག་བྱིན་གྱིས་རློབ་པ་ཞེས་བྱ་བ་རིམ་པ་གསུམ་པ་བསྟན་ཏོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་དེ་ཉིད་དུ་མངོན་པར་ཞེན་པར་བརྒྱ་ལམ་དུ་འགྱུར་བས་དེ་དག་པར་བྱ་བའི་ཕྱིར། ཀུན་རྫོབ་བདེན་པའི་དག་པ་ནི། །ཞེས་སྨོས་ཏེ་ཀུན་རྫོབ་ཀྱི་བདེན་པ་ནི་སྒྱུ་མ་ལྟ་བུར་མཐོང་བ་དེའི་དག་པ་གང་ཡིན་པ་ཐམས་ཅད་སྟོང་པ་ལ་འཇུག་པ་སྟེ་འོད་གསལ་བ་རྟོགས་པའོ། །དེ་ནི་མངོན་པར་བྱང་ཆུབ་པ། །ཞེས་བྱ་བ་རིམ་པ་བཞི་པར་བཤད་དོ། འོད་གསལ་བའི་དེ་ཁོ་ན་ཉིད་ཐོབ་པས་ཆད་པའི་ཕྱོགས་སུ་ལྷུང་བས་སྐྱོན་དེ་བསལ་བའི་ཕྱིར། བདེན་གཉིས་སྦྱོར་བ་གང་ཡིན་པ། ཞེས་སྨོས་ཏེ། བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཡེ་ཤེས་ཀྱི་སྐུ་དང་འོད་གསལ་བའི་རྣམ་གྲངས་ཅན་བདག་ལ་བྱིན་གྱིས་རློབ་པ་དང༌། མངོན་པར་བྱང་ཆུབ་པའི་རིམ་པ་གཉིས་དང༌། དེ་བཞིན་དུ་ཕན་ཚུན་འགལ་བའི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཆོས་རྣམས་ལ་སྦྱོར་བ་ནི་གཅིག་ཏུ་བྱེད་པ་སྟེ་གཉིས་སུ་མེད་པར་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཟུང་དུ་འཇུག་པའོ། །ཟུང་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་བདག་ཉིད་དུ་འཇུག་པ་ནི་དབྱེར་མེད་པའོ་ཞེས་རིམ་པ་ལྔ་པར་ཤེས་པར་བྱའོ། །དེ་ལས་གཞན་པའི་རིམ་པ་མེད་དེ་བྱ་བ་མེད་པའི་ཕྱིར་དང་མི་སློབ་པའི་ཕྱིར་རོ། །གྲངས་ལ་ལོག་པར་རྟོགས་པ་ལ་སོགས་པ་སྔོན་དུ་བཤད་ཟིན་ཏོ། །བསྡུས་པ་བསྟན་པར་བྱ་བའི་ཕྱིར། འདི་ནི་སྒྲུབ་པའི་ཡན་ལག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པ་ནི་ལྷའི་རྣལ་འབྱོར་གཉིས་ཏེ། བརྟགས་པ་དང་ཡོངས་སུ་རྫོགས་པའོ། །དེ་ལ་བརྟགས་པ་ནི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་དོ། །ཡོངས་སུ་རྫོགས་པ་ནི་རིམ་པ་ལྔའི་བདག་ཉིད་དོ། །དེ་དག་གི་ཡན་ལག་ནི་བྱེ་བྲག་སྟེ། ཏིང་ངེ་འཛིན་གསུམ་


DTG032_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིམ་པ་ལྔའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཅེས་སྨོས་ཏེ། གཞན་ལ་ལྟོས་པ་མེད་པ་སྟེ། བདག་དང་གཞན་གྱི་དོན་བྱེད་ནུས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་རྒྱུད་ཀུན་གྱི་དོན་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པ་མ་ལུས་པའི་བརྗོད་པར་བྱ་བ་གང་ཡིན་པ་དེ་བསྡུ་བར་བྱེད་པ་ནི་རིམ་པ་གཉིས་པོ་ཞེས་པའི་ཐ་ཚིག་གོ །ལ་ལ་ན་རེ་བསྙེན་པ་ལ་སོགས་པ་ཡན་ལག་བཞི་དང་ལྡན་པ་རྒྱུད་ཀྱི་དོན་དུ་འཆད་པ་དེ་རྣམས་ཀྱིས་རྫོགས་པའི་རིམ་པ་མ་བཟུང་སྟེ། དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་གཞུང་བཞིན་ནོ། །གང་ཡང་རྡོ་རྗེ་བཞི་པོས་རྒྱུད་ཀྱི་དོན་བཤད་པར་བྱེད་པ་དེ་རྣམས་ཀྱི་བསྐྱེད་པའི་རིམ་པའི་རིམ་པ་ཙམ་ཡང་ཡོངས་སུ་མ་རྫོགས་པའོ། །ཇི་སྐད་དུ། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ས་བོན་བསྡུ་བ་སྟེ། །གསུམ་པ་གཟུགས་བརྙན་རྫོགས་པ་ནི། །ཡི་གེ་དགོད་པ་བཞི་པའོ། །ཞེས་བྱ་བས་སྦྱོར་བ་དང་པོ་ཏིང་ངེ་འཛིན་ཁོ་ན་གཟུང་བ་ཡིན་ནོ། །ཁོ་བོས་ནི་ཇི་ལྟར་གྱུར་པ་དེ་བཞིན་དུ་འོག་ནས་བཤད་པར་བྱའོ། །ད་ནི་རིམ་པ་གཉིས་ཀྱི་ནང་ནས་རྫོགས་པའི་རིམ་པ་རྒྱས་པ་དང་མདོར་བསྡུས་པར་རྟོགས་པར་བྱེད་པས་རྒྱུད་ཤེས་པ་ཡིན་གྱི་གཞན་གྱིས་མ་ཡིན་ཞེས་དགོངས་ནས། རིམ་པ་འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྔོན་དུ་བཤད་པའི་རིམ་པ་རྣམས་ཀྱིའོ། །སྤྲོས་པའི་རིམ་པ་ནི་རྒྱ་ཆེ་བའི་རིམ་པས་སོ། །རྣམ་པ་མང་བ་ནི་བཤད་པར་བྱ་སྟེ། འདི་ལྟ་སྟེ། རྡོ་རྗེ་བཟླས་པ་ནི་རྣམ་པ་བཅུ་གཅིག་སྟེ། རྡོ་རྗེ་འཆང་ཆེན་པོའི་བཟླས་པ་དང༌། སྐུའི་བཟླས་པ་དང༌། གསུང་གི་བཟླས་པ་དང༌། ཐུགས་ཀྱི་བཟླས་པ་དང༌། རིན་པོ་ཆེའི་བཟླས་པ་དང༌། དོན་ཡོད་པའི་བཟླས་པ་དང༌། ཁྲོ་བོའི་བཟླས་པ་དང༌། ཞེ་སྡང་གི་བཟླས་པ་དང༌། འདོད་ཆགས་ཀྱི་བཟླས་པ་དང༌། གཏི་མུག་གི་བཟླས་པ་དང༌། མ་ནིང་གི་བཟླས་པའོ། །སེམས་རྣམ་པར་དག་པ་ལ་གསུམ་སྟེ། སྣང་བ་རྣམ་པར་དག་པ་དང༌། སྣང་བ་མཆེད་པ་རྣམ་པར་དག་པ་དང༌། སྣང་བ་ཉེ་བར་ཐོབ་པར་རྣམ་པར་དག་པའོ། །བདག་ལ་བྱིན་གྱིས་རློབ་པ་ལ་གསུམ་སྟེ། ཆོས་ཀྱི་སྐུར་བྱིན་གྱིས་རློབ་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་རློབ་པ་དང༌། སྤྲུལ་པའི་སྐུར་བྱིན་གྱིས་རློབ་པའོ། །མངོན་པར་བྱང་ཆུབ་པ་ལ་རྣམ་པ་


DTG032_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། ཆགས་པ་རྣམ་པར་དག་པ་དང༌། ཆགས་བྲལ་རྣམ་པར་དག་པ་དང༌། ཆགས་པ་བར་མ་རྣམ་པར་དག་པའོ། །ཟུང་དུ་འཇུག་པ་ལ་གཉིས་ཏེ། རྒྱུའི་ཟུང་དུ་འཇུག་པ་དང༌། འབྲས་བུའི་ཟུང་དུ་འཇུག་གོ །རྒྱུའི་ཟུང་དུ་འཇུག་པ་ལ་བཞི་སྟེ། ཉན་ཐོས་དང་། རྣལ་འབྱོར་སྤྱོད་པ་དང༌། དབུ་མ་དང༌། སྔགས་ཀྱི་དབྱེ་བས་སོ། །འབྲས་བུ་ལ་ཡང་བཞི་སྟེ། རིགས་དང༌། ཡོན་ཏན་དང༌། བྱ་བ་དང༌། རྫས་ཀྱི་བྱེ་བྲག་གིས་སོ། །ཀུན་ཏུ་བསྡུས་པས་དབྱེ་བ་ཉི་ཤུ་རྩ་བརྒྱད་ཀྱི་ཏིང་ངེ་འཛིན་ཏོ། །དེ་རྣམས་ཀྱི་དོན་ནི་སྔོན་དུ་བཤད་ཟིན་ཏོ། །དེ་བཞིན་དུ་ཡང་ཕུང་པོ་ལྔ་དང་འབྱུང་བ་ཆེན་པོ་དང་རྣམ་པར་ཤེས་པ་དང༌། དབང་བསྐུར་བ་དང༌། ལམ་དང་དེ་བཞིན་གཤེགས་པ་དང༌། ཡེ་ཤེས་ལྔའི་ངོ་བོ་ཉིད་རིམ་པ་ལྔའོ། །དེ་ལ་གཟུགས་ཀྱི་ཕུང་པོའི་སྐུ་རྣམ་པར་དག་པ་ནི་རྡོ་རྗེ་བཟླས་པའི་རིམ་པ་སྟེ། ངེས་ཁྲག་དང་ཁུ་བ་ལས་བྱུང་བའི་གཟུགས་ཀྱི་ཕུང་པོ་ཕྲ་མོའི་རྣལ་འབྱོར་གྱིས་སྤོང་པའི་ཕྱིར་རོ། །ཚོར་བའི་ཕུང་པོ་རྣམ་པར་དག་པས་སེམས་རྣམ་པར་དག་པ་སྟེ་བདེ་བ་ལ་སོགས་པའི་རྣམ་པ་ཅན་གྱི་སེམས་ངེས་སྤོང་བའི་ཕྱིར་རོ། །འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པས་བདག་བྱིན་གྱིས་རློབ་པ་སྟེ། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་མཚན་མ་ཐམས་ཅད་སྒྱུ་མ་ཙམ་དུ་མཐོང་བས་སོ། །འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པས་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པའི་འདུ་བྱེད་རྣམས་དེས་སྤོང་བའི་ཕྱིར་རོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ། བག་ཆགས་དང་བཅས་པའི་རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པས། འཇིག་རྟེན་ལས་འདས་པའི་རྡོ་རྗེ་ལྟ་བུའི་སྐུར་འགྱུར་བའི་ཕྱིར་རོ། །སའི་ཁམས་རྣམ་པར་དག་པས་རྡོ་རྗེ་བཟླས་པ་སྟེ་སྲ་བའི་གནས་བརྒྱད་ལ་བརྒྱབ་པ་ལས་སྔགས་སྐྱེས་པའི་ཕྱིར་རོ། །ཆུའི་ཁམས་ཀྱི་རང་བཞིན་ནི་སེམས་རྣམ་པར་དག་པ་སྟེ་དེས་རྣམ་ཤེས་དང་ཡེ་ཤེས་ཀྱི་དྲི་མ་བཀྲུས་པའི་ཕྱིར་རོ། །མེའི་ཁམས་ཀྱི་ངོ་བོ་ཉིད་ནི་བདག་ལ་བྱིན་གྱིས་རློབ་པ་སྟེ། དེས་དངོས་པོའི་མཚན་མའི་བུད་ཤིང་སྒྱུ་མ་ལྟ་བུའི་


DTG032_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་མེས་བསྲེགས་པའི་ཕྱིར་རོ། །རླུང་གི་ཁམས་ཀྱི་ངོ་བོ་ཉིད་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ། འདུ་བྱེད་ཐམས་ཅད་འོད་གསལ་བ་དེས་སྦྱངས་པའི་ཕྱིར་རོ། །ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད་ཟུང་དུ་འཇུག་པ་སྟེ། ནམ་མཁའ་དང་མཚུངས་པ་མཐའ་ཡས་ཤིང་དྲི་མ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་གཅིག་པུ་ཡིན་པའི་ཕྱིར་རོ། །དེ་ལ་རྣམ་པར་ཤེས་པ་ལྔ་ནི་གཟུགས་ལ་སོགས་པ་སོ་སོར་སྣང་བའི་རྣམ་པར་ཤེས་པ་དང༌། འཇུག་པའི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་ཤེས་པ་དང༌། ཀུན་གཞི་རྣམ་པར་ཤེས་པའོ། །དེ་ལ་གཟུགས་ལ་སོགས་པའི་སོ་སོར་སྣང་བའི་རྣམ་པར་ཤེས་པའི་ངོ་བོ་ནི་རྡོ་རྗེ་བཟླས་པའི་རིམ་པ་སྟེ་དེ་ནི་བཟླས་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གཟུགས་ལ་སོགས་པ་མཐོང་བའི་ཕྱིར་རོ། །སྒོ་ལྔ་རྣམ་པར་དག་པ་ནི་སེམས་ལ་དམིགས་པ་ཐོབ་པའི་རིམ་པ་སྟེ། སྣང་བ་ཐོབ་པ་ལ་དེ་ཐིམ་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་བདག་བྱིན་གྱིས་རློབ་པ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་གྱུར་པས་ཡིད་ཀྱི་རྣམ་པར་རྟོག་པ་ནུབ་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པ་ནི་མངོན་པར་བྱང་ཆུབ་པ་སྟེ་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་དེས་སྦྱངས་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཟུང་དུ་འཇུག་པ་སྟེ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་ཤེས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནུབ་པའི་ཕྱིར་རོ། །དབང་བསྐུར་བ་ལྔ་ནི་དེ་ལ་རིག་པའི་དབང་གི་ངོ་བོ་ནི་རྡོ་རྗེ་བཟླས་པའི་རིམ་པ་སྟེ་རིགས་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་དབང་གི་ངོ་བོ་ནི་སེམས་རྣམ་པར་དག་པའི་རིམ་པ་སྟེ་ས་བཅུ་པ་ལས་སླར་མི་ལྡོག་པའི་ཕྱིར་རོ། །གསང་བའི་དབང་གི་ངོ་བོ་ནི་བདག་ལ་བྱིན་གྱིས་རློབ་པའི་རིམ་པ་སྟེ་དེས་ནི་ཁ་དོག་དང་དབྱིབས་ཅན་ཡེ་ཤེས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །ཇི་སྐད་དུ། དེས་དུས་བརྩམས་ནས་དེ་ནི་མི་ལྡོག་པ། །དེ་ཡི་ཁ་དོག་དབྱིབས་དང་ཕྱག་མཚན་ཅན། །བསམ་གྱིས་མི་ཁྱབ་རྣམ་པར་སྨིན་པའི་སྐུ། །


DTG032_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་དེ་ལས་བྱ་བ་བྱས་པས་ཐོབ། །ཅེས་བྱུང་ངོ༌། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཉིད་ནི་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་དེས་དེ་ཐོབ་པའི་ཕྱིར་རོ། །ངག་གི་དབང་བསྐུར་བའི་ངོ་བོ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ་སྲིད་པ་དང་མྱ་ངན་ལས་འདས་པ་རོ་གཅིག་པ་སྟེ་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར་རོ། །ཚོགས་ཀྱི་ལམ་གྱི་ངོ་བོ་ཉིད་ནི་རྡོ་རྗེ་བཟླས་པ་སྟེ། བཟླས་པའི་ཡན་ལག་བཅུ་གཉིས་མངོན་དུ་བྱས་པའི་ཕྱིར་རོ། །སྦྱོར་བའི་ལམ་གྱི་ངོ་བོ་ནི་སེམས་ལ་དམིགས་པ་སྟེ་སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱི་ས་བཅུ་ལ་སྦྱོར་བའི་ཕྱིར་རོ། །མཐོང་བའི་ལམ་གྱི་ངོ་བོ་ནི་རང་བྱིན་གྱིས་རློབ་པ་སྟེ། ཡན་ལག་བདུན་དང་ལྡན་པའི་ཡིད་ཀྱི་རང་བཞིན་གྱི་སྐུ་སྒྱུ་མའི་དེ་ཁོ་ན་ཉིད་དུ་མཐོང་བའི་ཕྱིར་རོ། །བསྒོམ་པའི་ལམ་གྱི་ངོ་བོ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པའི་ལམ་གྱི་ཡན་ལག་བརྒྱད་དང་ལྡན་པའི་ཕྱིར་རོ། །མི་སློབ་པའི་ལམ་གྱི་ངོ་བོ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ། དེ་ལས་སློབ་པའི་རྒྱུ་མེད་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཀྱི་ངོ་བོ་ནི་རྡོ་རྗེ་བཟླས་པའི་ངོ་བོ་སྟེ། རླུང་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཧ་ཧུ་མེད་པར་སྣང་པའི་ཕྱིར་རོ། །རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ནི་སེམས་རྣམ་པར་དག་པ་སྟེ་རང་བཞིན་གྱིས་ཚོགས་འགོག་པས་ཐམས་ཅད་མཉམ་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །སྣང་བ་མཐའ་ཡས་ཀྱི་ངོ་བོ་ནི་བདག་ལ་བྱིན་གྱིས་རློབ་པ་སྟེ་ཆོས་ཐམས་ཅད་སྒྱུ་མ་ཉིད་དུ་སོ་སོར་རྟོག་པའི་ཕྱིར་རོ། །མི་བསྐྱོད་པའི་ངོ་བོ་ནི་མངོན་པར་བྱང་ཆུབ་པ་སྟེ་འོད་གསལ་བ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དོན་ཡོད་གྲུབ་པའི་ངོ་བོ་ཉིད་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ་བྱ་བ་བྱས་པའི་ཕྱིར་རོ། །ཡེ་ཤེས་ལྔ་ནི་འདིར་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་ཕྱིར་མ་བསྟན་ཏོ། །གཏི་མུག་རྣམ་པར་དག་པའི་ངོ་བོ་ནི་རྡོ་རྗེ་བཟླས་པ་སྟེ། སྔགས་ཐམས་ཅད་ལ་མ་རྨོངས་པའི་ཕྱིར་རོ། །ཞེ་སྡང་རྣམ་པར་དག་པ་ནི་སེམས་རྣམ་པར་དག་པ་སྟེ། ཕྱིན་ཅི་མ་ལོག་པའི་རང་བཞིན་དང་སྣང་བ་ཐམས་ཅད་ལ་རྣམ་པར་སྣང་བའི་ཕྱིར་རོ། །ང་རྒྱལ་རྣམ་པར་དག་པ་ནི་བདག་བྱིན་


DTG032_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབ་པ་སྟེ་ཐ་མལ་པའི་ང་རྒྱལ་ལོག་པས་སོ། །འདོད་ཆགས་རྣམ་པར་དག་པ་ནི་མངོན་པར་བྱང་ཆུབ་པ་སྟེ་འདོད་ཆགས་ཐམས་ཅད་སྤངས་པའི་ཕྱིར་རོ། །ལྟ་བ་རྣམ་པར་དག་པ་ནི་ཟུང་དུ་འཇུག་པ་སྟེ་ལྟ་བ་ཐམས་ཅད་ཀྱི་དྲི་མ་མེད་པའི་ཕྱིར་རོ། །ངག་རྣམ་པར་དག་པ་ནི་རྡོ་རྗེ་བཟླས་པ་སྟེ་ངག་གི་བརྗོད་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །སེམས་རྣམ་པར་དག་པ་ནི། ཐམས་ཅད་རྣམ་པར་དག་པའི་རིམ་པ་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགོག་པའི་ཕྱིར་རོ། །ལུས་རྣམ་པར་དག་པ་ནི་བདག་ལ་བྱིན་གྱིས་རློབ་པ་སྟེ་ཡིད་ཀྱི་རང་བཞིན་གྱི་སྐུ་ཐོབ་པའི་ཕྱིར་རོ། །དེས་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་སྟེ་ཐམས་ཅད་སྒྱུ་མ་ཙམ་དུ་མཐོང་བའི་ཕྱིར་རོ། །དོན་དམ་པའི་བདེན་པ་རྣམ་པར་དག་པ་ནི་མངོན་པར་བྱང་ཆུབ་པ་སྟེ་འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་ཕྱིར་རོ། །བདེན་པ་གཉིས་རོ་གཅིག་པ་ནི་ཟུང་དུ་འཇུག་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོ་ཡིན་པས་སོ། །དེ་བཞིན་དུ་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་གཏི་མུག་ལ་སོགས་པར་འདུས་པར་ཤེས་པར་བྱའོ། །དེ་རྣམས་ཡང་དག་བསྡུས་པ་ནི་ཞེས་བྱ་བ་ལ། དབྱེ་བ་ཐམས་ཅད་གཅིག་ཏུ་འདུས་པ་དེ་ཡང་རྣམ་པ་གཉིས་སོ།། རང་རང་གི་རིགས་ལ་ལྟོས་པ་དང༌། ཐ་དད་པའི་རིགས་ལ་ལྟོས་པའོ། །དེ་ལ་ཡང་རང་གི་རིགས་ལ་ལྟོས་པ་ནི་ཇི་ལྟར་རྡོ་རྗེ་བཟླས་པ་རྣམ་པ་བཅུ་མ་ནིང་གི་བཟླས་པ་གཅིག་པུ་ལ་འདུས་སོ། །དེ་བས་ན་དེ་ནི་ལེའུ་བཅུ་གསུམ་པ་ལས་ཐ་མར་བསྟན་ཏོ། །སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་པོ་ནི་འོད་གསལ་བ་ལའོ། །ཆོས་ཀྱི་སྐུ་ལ་སོགས་པ་ཡེ་ཤེ་ཀྱི་སྐུ་ལའོ། །འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་མ་འོད་གསལ་བའི་དེ་ཁོ་ན་ཉིད་ལའོ། །རྒྱུ་དང་འབྲས་བུ་དག་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་འདུས་པར་འགྱུར་རོ།། རིགས་ཐ་དད་པ་ལ་ལྟོས་པ་ནི་ཇི་ལྟར་རིམ་པ་ཐམས་ཅད་རྒྱུ་དང་འབྲས་བུའི་ངོ་བོར་གནས་ཏེ། དེ་ལ་རྡོ་རྗེ་བཟླས་པ་ལ་སོགས་པ་རིམ་པ་བཞི་པོ་ནི་རྒྱུའོ། །ཟུང་དུ་འཇུག་པ་རིམ་པ་འབྲས་བུ་ཡིན་པས་རིམ་པ་བཞི་པོ་ནི་ཟུང་དུ་འཇུག་པའི་རིམ་པ་ལྔ་པ་ལ་འདུས་ཏེ། བྱ་བ་བྱས་པ་དང༌། དེ་


DTG032_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་པ་མི་སློབ་པའི་ཕྱིར་རོ། །དེ་ལྟར་རིམ་པ་ལྔ་པོ་དེ་དག་གི་དབྱེ་བ་དང་བསྡུ་བ་གང་གིས་ཤེས་པ་དེས་རྒྱུད་ནི་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་རིག་ཅིང་ཤེས་སོ་ཞེས་ཚིག་གི་དོན་ཏོ། །ཚིགས་གི་དོན་གཅིག་པུ་ཙམ་བཤད་པ་ལ་མཁས་པས་ཤེས་པ་མ་ཡིན་ནོ། །ད་ནི་རིམ་པ་ལྔའི་བསྡུས་པའི་དོན་ཤེས་པས་མཐའ་དྲུག་གི་འགྲེལ་པ་འདི་ལ་སྣོད་དུ་རུང་བར་འགྱུར་ཞེས་བསྟན་པར་བྱ་བའི་ཕྱིར། སྔགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལ་སྔགས་དང་སྔགས་ནི་སྔགས་སོ། །གཅིག་ནི་ལྷག་མའི་བསྡུ་བ་བྱས་ནས་སྔགས་ཀྱི་སྒྲ་གཉིས་གཟུང་ངོ་། །དེ་ལ་སྔགས་ཀྱི་སྒྲ་དང་པོས་ནི་དང་པོའི་སྦྱོར་བ་ལ་སོགས་པ་ཏིང་ངེ་འཛིན་གསུམ་གྱིས་རྫོགས་པའི་སྔགས་ཀྱི་སྐུ་བརྗོད་པའོ། །གཉིས་པས་ཀྱང་སྔགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཡི་གེ་གསུམ་པོ་འཇུག་པ་ལ་སོགས་པ་གཙོར་གྱུར་པ་རྗོད་པར་བྱེད་དོ། །དེའི་རྗེས་སུ་ཡེ་ཤེས་དང་རྣམ་ཤེས་དང་རང་བཞིན་ཐམས་ཅད་འགོག་པས་སྔགས་དང་ཕྱག་རྒྱའི་རིམ་པས་རྫོགས་པ་སེམས་རྣམ་པར་དག་པའི་མཚན་ཉིད་སོ་སོར་བསྟན་པའི་རིམ་པ་ནི་སེམས་སོ། །དེ་ལ་རྣམ་པར་དག་པའི་ཚིག་མི་མངོན་པར་ཤེས་པར་བྱའོ། །དེའི་རྗེས་སུ་གྲིབ་མ་དང༌། སྒྱུ་མ་དང་འཇའ་ཚོན་ལ་སོགས་པ་སྒྱུ་མའི་དཔེ་རྣམས་ཀྱིས་མཚོན་པ་ཡེ་ཤེས་ཀྱི་སྐུ་སྟོན་པར་བྱེད་པ་ནི་ལུས་སོ། །སྒྱུ་མའི་ལུས་པོ་དེ་ལ་ཡང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པ་བསྒོམ་པའི་དབང་གིས་ཉེ་བར་ཞི་བས་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་ཀྱི་རིམ་པ་སྟོན་པར་བྱེད་པ་ནི་རྣམ་དག་གོ ། སྔར་བཤད་པའི་ཀུན་རྫོབ་དང་དོན་དམ་པ་ལ་སོགས་པ་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་གསལ་བའི་མཚན་ཉིད་ཀྱི་རིམ་པ་སོ་སོར་བསྟན་པ་ནི་ཟུང་དུ་འཇུག་གོ །དེ་དག་ལ་བརྟེན་ཏེ་རྐྱེན་དང་ལྡན་པའི་སྒྲ་ཕྱེ་བས་ལས་ཀྱི་དོན་དུ་འམ་རྒྱུ་ལྔ་པ་ལ་བྱའོ། །རིམ་པ་ལྔའི་བསྡུས་པའི་དོན་ནི་དེ་དག་སྐབས་ཀྱི་རིམ་པའི་རིགས་པས་བསྡུས་པའི་དོན་རྣམས་ཤེས་ནས་ནི་རྟོགས་ནས་སོ། །ཅི་བྱ་ཞེ་ན། མཐའ་དྲུག་ལ་འཇུག་གོ་ཞེས་སྨོས་ཏེ་དོན་དྲུག་སོ་སོར་བསྟན་པའི་འགྲེལ་པ་འདི་ལ་འཇུག་པར་བྱ་སྟེ། དེ་མཉན་པའམ་བཤད་པ་ལ་སྣོད་དུ་རུང་བར་འགྱུར་


DTG032_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཏོ། །ཇི་ལྟར་མཐའ་དྲུག་གི་འགྲེལ་པའི་རིམ་པ་ལྔ་བརྗོད་པར་བྱ་བ་དེ་བཞིན་དུ་སྔོན་དུ་བཤད་ཟིན་པ་དང་འཆད་པར་ཡང་འགྱུར་རོ། །ད་ནི་གང་ལ་བརྟེན་ཏེ་འགྲེལ་བ་བྱས་པ་དེ་ཉིད་ཡི་གེ་གསུམ་པོ་སྟོན་པར་བྱེད་པ་དཔལ་གསང་བ་འདུས་པ་ཉིད་བསྔགས་པར་བྱ་བའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཡང༌། རལ་ཝ་ལ་སོགས་པ་གསལ་བར་བྱ་བ་རྣམས་དང༌། གང་མེད་པར་མི་འབྱུང་བ་དབྱངས་ཀྱི་སྡེ་ཇི་སྲིད་ཡོད་པ་དེ་རྣམས། དེ་དེའི་རྩ་བ་ཡི་གེ་གསུམ་ལས་དེ་རྣམས་འབྱུང་ཞེས་བྱ་བའི་དོན་ཏོ། །དགོངས་པ་ནི་འདི་ཡིན་ཏེ་ལྟེ་པའི་ཕྱོགས་ནས་ལངས་པའི་སྲོག་གི་རླུང་གིས་གནས་བརྒྱད་དང་ཕྲད་པ་ལས་དབྱངས་དང་གསལ་བའི་བྱེ་བྲག་གིས་སྡེ་ཚན་བརྒྱད་སྐྱེ་བར་འགྱུར་ཏེ། དེ་དག་ཀྱང་སྡེ་ཚན་གྱི་ཡི་གེ་དང་པོ་རྣམས་ལ་ཐིམ་པར་གྱུར་ནས་སླར་ཡང་བཞི་རུ་གྱུར་ནས་དེ་ཉིད་སྐྱེས་པ་དང་བུད་མེད་དང་མ་ནིང་གི་དབྱེ་བས་ཡི་གེ་གསུམ་དུ་འགྱུར་རོ། །དེའི་ཕྱིར་འདི་ལ་གྲུབ་པའི་མཐའ་འདི་ཡིན་ཏེ། ཡི་གེ་ཧཱུཾ་ལས་ཀ་ལ་སོགས་པ་ནས་མའི་བར་དུ་སྐྱེས་པ་དང༌། ཡི་གེ་ཨོཾ་ལས་བར་ན་གནས་པ་ཡ་ལ་སོགས་པ་དང༌། ཡི་གེ་ཨ་ལ་སོགས་པ་དབྱངས་ཡི་གེ་བཅུ་དྲུག་སྐྱེ་བར་འགྱུར་རོ། །དབྱངས་ཡིག་མེད་པས་གསལ་བྱ་རྣམས་བརྗོད་པར་མི་ནུས་ཏེ། ཀེ་ཁེ་གྷེ་དེ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་ཡ་ལ་སོགས་པ་གཟུང་བས་དབྱངས་ཡིག་རྣམས་ཀྱང་འདུས་སོ། །དེ་ལྟར་ན་ཀ་ལ་སོགས་པ་དང་པོ་བརྗོད་པར་རིགས་པ་ཡིན་ན་ཇི་ལྟར་ཡ་ལ་སོགས་པ་བརྗོད་དེ། གོ་རིམས་འདོར་བའི་རྒྱུ་མེད་པའི་ཕྱིར་རོ། །སྨྲས་པ་ཡ་ལ་སོགས་པའི་རྒྱུད་ཡོད་དེ་ལས་ཀྱི་རབ་འབྱམས་གཙོ་བོ་ཡིན་པས་ན་གོང་དུ་གསུངས་སོ། །རབ་ཏུ་བྱེད་པ་ལས་ཀྱང༌། ཡ་ཡི་དོན་གྱིས་ཅི་ཡང་རུང༌། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་གྱིས་ནི། །འགྲོ་བའི་བྱ་བ་རབ་ཏུ་འཇུག །ཞེའོ། གཞན་དག་ན་རེ་དཔལ་གསང་བ་འདུས་པ་རྣལ་འབྱོར་གྱི་རྒྱུད་ཆེན་པོའི་ཡན་ལག་གི་ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་གྲངས་ཀྱིས་རྣལ་འབྱོར་ཆེན་པོའི་རྒྱུད་སུམ་ཅུ་རྩ་གཉིས་ཡོད་དེ། དེ་རྣམས་ཀྱང་ཀ་ལ་སོགས་པའི་གསལ་བྱའི་མཐའ་


DTG032_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནོ། །འདི་ལྟ་སྟེ། ཛྙཱ་ན་བཛྲ་ས་མུ་ཉྫ་ཡ་ནི་ཡའི་མཐའ་ཅན་ནོ། །བཛྲ་དྷ་ར་རྒྱུད་ནི་རའི་མཐའ་ཅན་ནོ། །བཛྲ་མ་ལ་རྒྱུད་ནི་ལའི་མཐའ་ཅན་ནོ། །བཛྲ་གྲ་ཧ་རྒྱུད་ནི་ཧའི་མཐའ་ཅན་ནོ། །དེ་ལྟར་གསལ་བྱའི་མཐའ་ཅན་previous hit རྒྱུད་གཞན་རྣམས་ཀྱང་ཤེས་པར་བྱའོ། །དེ་རྣམས་ཀྱི་ཡི་གེ་གསུམ next hit་པོ་རྗོད་པར་བྱེད་པ་དཔལ་གསང་བ་འདུས་པ་ཁོ་ན་རྩ་བའོ། །དེ་ཡང་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་རྩ་བ་གཅིག་པུར་མ་ཟད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཡང་རྩ་བར་འགྱུར་ཞེས་བསྟན་པར་བྱ་བའི་ཕྱིར། ཐུབ་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཐུབ་པ་ཆེན་པོ་ནི་ཤཱཀྱ་སེང་གེའི་འོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་དེ་དེ་དག་ཐམས་ཅད་ཀྱི་དཔལ་གསང་བ་འདུས་པ་སྣོད་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེའི་ཟ་མ་ཏོག་གོ །དེ་ལ་གནས་པའམ་དེ་ཉིད་ལས་འབྱུང་ངོ་ཞེས་ཚིག་གི་ལྷག་མའོ། །དེ་བས་འདི་ནི་རྒྱུད་ཀྱི་རྩེ། །ཞེས་བྱ་བ་ནི་དེ་ཉིད་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ཀྱི་གཙུག་ཕུད་ཡིན་ནོ། །དགོངས་པ་འདི་ཡིན་ཏེ་ལུས་དང་ངག་དང་ཡིད་དག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་གསུང་རབ་གསུངས་པ་དེ་ཉིད་previous hit རྒྱུད་འདི་རུ་མདོར་བསྡུས་ཤིང་ཐབས་བདེ་བས་བསྟན་ཏོ། །ཡང་ན་ཡི་གེ་གསུམ next hit་པོ་ཁོ་ན་ལས་སྔགས་ཀྱི་སྡེ་ཐམས་ཅད་དང་ལུས་ལ་སོགས་པའི་བྱ་བ་ཡང་འབྱུང་ངོ་ཞེས་དེ་ལ་ལྟོས་པས་དཔལ་གསང་བ་འདུས་པ་ཁོ་ན་རྒྱུད་ཀྱི་རྩེ་མོ་ཡིན་ཏེ། ཆོས་ཀྱི་ཕུང་པོའི་ཚད་ནི་གྲོ་ག་རིམ་པ་གཅིག་པ་དང་ཤིང་ཏ་ལའི་འདབ་མ་རྣམས་སུ་ཕག་ཟེའི་རྩེ་མོས་བྲིས་པའི་ཚོད་ཀྱི་ཡི་གེ་རྣམས་ཀྱིས་གང་བར་བྱས་ཏེ་གང་བར་བྱས་པའི་གྲོ་གའི་ཁུར་ཇི་སྲིད་གླང་རྒོད་ཀྱིས་ཐེག་པ་དེ་ནི་ཆོས་ཀྱི་ཕུང་པོ་གཅིག་གོ །དེའི་གྲངས་ཀྱིས་བརྒྱད་ཁྲི་བཞི་སྟོང་ངོ༌། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡིན་ནོ། །ཐེག་པ་ཆེན་པོ་ལ་དགུ་ཁྲིའོ། །སྔགས་ཀྱི་ཐེག་པ་ལ་སྟོང་ཕྲག་བརྒྱ་ཡིན་ནོ། །ད་ནི་དོན་ཟབ་པ་ཡིན་པའི་ཕྱིར་ཉན་པ་པོས་རྒྱུད་འདི་རྟོགས་པར་དཀའ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། གཞུང་ཉུང་བ་ལ་དོན་མང་བ་ཞེས་བྱ་བ་སྨོས་ཏེ། རིམ་པ་གཉིས་


DTG032_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་སྟོན་པར་བྱེད་པའོ། །རྒྱུད་འདི་གཞུང་ཉུང་བ་ཡིན་པས་མདོར་བསྡུས་པའི་བློ་ཅན་གྱི་ཉན་པ་པོ་ལ་ཕན་པའོ། །དེ་ལྟ་ཡིན་ན་རྗོད་པར་བྱེད་པའི་ཉུང་བས་བརྗོད་པར་བྱ་བ་ཡང་ཉུང་བས་བླང་བར་བྱ་བར་མི་འགྱུར་ཞེ་ན། དོན་མང་བ་ཞེས་བྱ་བ་སྨོས་ཏེ། རིམ་པ་གཉིས་ཡོངས་སུ་རྫོགས་པར་སྟོན་པར་བྱེད་པའོ། །དགོངས་པ་འདི་ཡིན་ཏེ་བྱ་བའི་རྒྱུད་ལ་སོགས་པ་མ་ལུས་པ་དང༌། ཆོས་ཀྱི་ཕུང་པོ་མ་ལུས་པའི་དོན་གང་ཡིན་པ་དེ་དག་ཐམས་ཅད་འདིར་མེ་ལོང་ལ་ཞུགས་པའི་གཟུགས་བརྙན་གྱི་རིགས་པས་ནང་དུ་འདུས་པ་ཞེས་དགོངས་པའོ། །འདུས་པའི་རྒྱུད་ནི་རྙེད་དཀའ་ཞིང༌། །ཞེས་བྱ་བ་ལས། སྔོན་དུ་བཤད་པའི་རྒྱུད་རྣམས་ཀྱི་ནང་ནས་རྙེད་པར་དཀའ་བ་སྟེ། རྟོགས་པར་དཀའ་བའོ། །ཐམས་ཅད་དུ་ནི་དུས་ཐམས་ཅད་དུའོ། །རྣམ་པར་འཁོར་བ་ནི་ཉན་པ་པོ་རྨོངས་ཤིང་གོ་བར་མི་འགྱུར་རོ་ཞེས་པའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། རྒྱན་བདུན་རྟོགས་པར་དཀའ་བས་ན། །ཞེས་སྨོས་ཏེ། རྒྱན་རྣམས་དཀའ་བས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །སྦྱོར་བ་ནི་འདུས་པ་ཞེས་ཆོས་ཅན་ནོ། །རྣམ་པར་འཁོར་བ་ཞེས་བསྒྲུབ་བྱའི་ཆོས་སོ། །རྒྱན་བདུན་རྟོགས་པར་དཀའ་བས་ན་ཞེས་གཏན་ཚིགས་སོ། །རྒྱུད་ཀྱིས་བརྗོད་པར་བྱ་བ་རྒྱན་རྣམས་དགོངས་པ་དང་བཅས་པར་བསྟན་པར་བྱ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྒྱན་རྟོགས་པར་དཀའ་བ་ཅན་ཡིན་པས་གང་གི་ཕྱིར་འདུས་པ་ལ་མཁོ་བ་དེའི་ཕྱིར་མཁོ་བས་སོ། །དེ་ཡི་རྣམ་པར་དབྱེ་བར་བྱ། །ཞེས་སྨོས་ཏེ། རྒྱན་དེ་རྣམས་ཕྱེ་ནས་བཤད་པར་བྱའོ། །ཐོས་པ་མང་བ་ཉིད་བསྟན་པར་བྱ་བའི་ཕྱིར། འབད་དེ་རྣམ་པར་ཤེས་ནས་ནི། །ཞེས་བྱ་བ་སྨོས་ཏེ། ཆོས་མང་དུ་ཐོས་པ་ལ་བརྩོན་པས་དངོས་སུ་ཕྱིན་ཅི་མ་ལོག་པར་ཤེས་ནས་སོ། །རང་བཟོ་དགག་པར་བྱ་བའི་ཕྱིར། །དེ་བས་བླ་མའི་བཀའ་དྲིན་གྱིས། །ཞེས་སྨོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཀྱི་པདྨའི་བཀའ་དྲིན་ལས་སོ། །ཅིའི་དོན་དུ་ཞེ་ན། སེམས་ཅན་རྗེས་བཟུང་འདོད་པ་ཡིས། །ཞེས་སྨོས་ཏེ་སྒྲ་ཇི་བཞིན་པའི་དོན་ཙམ་བཟུང་བས་བློ་རྣམ་པར་འཁོར་བ་རྣམས་ལ་ཡང་དག་པར་གྱུར་པའི་དེ་ཁོ་ན་ཉིད་ཀྱི་དོན་རབ་ཏུ་བསྟན་པར་འདོད་པས་སོ།།


DTG032_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དེ་ཇི་ལྟ་བུ་ཞེ་ན། བརྒྱན་པ་ནི་རྒྱན་ཏེ་དངོས་པོ་སྒྲུབ་པར་བྱེད་པར་གྱུར་པའམ། ཡང་ན་འདིས་བརྒྱན་པར་བྱེད་པས་ན་རྒྱན་ཞེས་བྱེད་པ་སྒྲུབ་པར་བྱེད་པ་ཡིན་ནམ་ཞེ་ན། གལ་ཏེ་དངོས་པོ་སྒྲུབ་པར་བྱེད་པ་ཡིན་ན་དེའི་ཚེ་དངོས་པོ་ནི་བྱ་བ་ཙམ་དུ་གཙོ་བོ་ཡིན་པས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ལས་དེ་ཐ་མི་དད་པ་ཡིན་པས་སྒྲ་དང་དོན་རྒྱན་ཉིད་དུ་ཐལ་བར་འགྱུར་རོ། །རྒྱན་ནི་ཐ་དད་པ་ཡིན་ཏེ་ལྡུམ་བུ་ལ་སོགས་པ་བཞིན་ནོ། །གལ་ཏེ་བྱེད་པ་སྒྲུབ་པར་བྱེད་པ་ཡིན་ན་དེའི་ཚེ་སྒྲ་དང་དོན་མ་གཏོགས་པར་རྒྱན་ཉིད་དུ་འགྱུར་རོ། །རྗོད་པ་དང་བརྗོད་པར་བྱ་བ་ལས་གཞན་པ་རྒྱན་ནི་མ་མཐོང་ངོ་ཞེ་ན། སྨྲས་པ་འདིས་བརྒྱན་པས་ན་རྒྱན་ཞེས་བྱ་བ་ནི་བྱེད་པ་སྒྲུབ་པར་བྱེད་པའོ། །གལ་ཏེ་ཐ་དད་པ་ནི་མི་དམིགས་ཞེས་བཤད་ཅེ་ན། སྨྲས་པ། འདིར་སྒྲ་ནི་ནུས་པ་དུ་མས་ཁྱབ་པའི་རང་བཞིན་ཅན་གྱིས་དོན་དུ་མ་ལ་སྟོན་པར་བྱེད་པའི་ནུས་པ་ཡོད་དེ། དོན་ཡང་དེ་དང་དེ་དག་སེལ་བ་སྟོན་པའི་སྒོ་ནས་ནུས་པ་དུ་མ་ཅན་ནོ། །འདི་ལྟ་སྟེ། སྒྲའི་དོན་གཉིས་ཡོད་དེ། བརྗོད་པར་བྱ་བ་དང༌། གསལ་བར་བྱ་བ་དག་གོ །དེ་ལ་བརྗོད་པར་བྱ་བ་ནི་བུམ་པའི་འོག་རྒྱས་པ་དང་ལྟོ་བའི་རྣམ་པ་ཅན་ཚིག་གི་དོན་ཏོ། །གསལ་བར་བྱ་བ་ནི་བརྗོད་པར་བྱ་བ་ལས་ཐ་མི་དད་ཀྱང་དེ་ལྟ་བུའི་སྣ་ཚོགས་ཀྱི་སྒྲའི་སྦྱོར་བས་མཚོན་པར་བྱ་སྟེ། དཔེར་ན་གོ་དང་ཝ་རིའི་ཡུལ་དུ་ཆུ་བོའི་འགྲམ་ན་གནས་པའི་སེང་གེས་ཁྱི་དེ་བསད་དོ་ཞེས། ཀྱེ་དགེ་སློང་བདེ་བར་སོང་ཤིག་ཅེས་པ་བཞིན་ནོ། །དེ་ལ་སོང་ཤིག་ཅེས་སྒྲའི་དོན་འགྲོ་བ་གཙོ་བོ་སྟེ། འགྲོ་པ་བཀག་པ་ནི་གསལ་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཡང་བྱེད་པ་སྒྲུབ་པའི་ཕྱོགས་སུ་ཐ་མི་དད་པ་ཡང་བརྗོད་པར་བྱ་བ་ནི་གསལ་བར་བྱ་བ་ཡིན་ཏེ། རབ་ཏུ་གྲགས་པའི་ཡན་ལག་ལ་གནས་པའི་མཛེས་པ་ཉིད་བུད་མེད་དམ་སྐྱེས་བུའི་ཐ་མི་དད་པ་ལྟར་རོ། །དེའི་དབྱེ་བ་སྒྲ་དང་དོན་ལ་སོགས་པའི་བྱེ་བྲག་གིས་འོག་ནས་འཆད་པར་འགྱུར་རོ། །མདོར་བསྟན་པ་དང་རྒྱས་པར་བསྟན་པ་དང་ཡོངས་སུ་བརྟག་པ་ཞེས་འགྲེལ་པ་བྱེད་པ་པོ་རྣམས་ཀྱི་ལུགས་སོ། །དང་པོ་མདོར་བསྟན་པ་ཡིན་ཏེ་དེ་ཡང་གྲངས་སྔོན་དུ་འགྲོ་བར་བསྟན་པར་བྱའོ། །གྲངས་མ་བསྟན་པས་ཀྱང་མདོར་


DTG032_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་མ་ངེས་པར་འགྱུར་རོ། །རྒྱས་པར་བསྟན་པ་དེ་ལྟ་བུས་བརྗོད་པས་ནི་བསྟན་བཅོས་མཁན་དུ་མི་འགྱུར་རོ། །གླེང་བསླང་བའི་གྲངས་ནི་ལྔ་ཞེས་བྱ་བ་ལ། །རྣལ་མོས་བསྒྲུབ་པར་བྱ་བའི་ཕྱིར། །སེམས་དཔའ་གླེང་བསླང་པ་རུ་བཤད། །ཅེས་འབྱུང་བ་ལས་བསྟན་བཅོས་རྩོམ་པའི་དུས་སུ་རྗོད་པར་བྱེད་པ་ལ་སོགས་པ་ཇི་ལྟ་བུ་ཡིན་ཞེས་དཔྱོད་པའོ། །དེ་ལ་རྣམ་པ་ལྔའོ། །དེའི་རྗེས་ལ་དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་ཕྱེར་དང་ནང་གི་བྱེ་བྲག་གིས་ཚད་མ་ཉེ་བར་སྟོན་པའི་མཚན་ཉིད་ཅན་རིགས་པ་སྟེ་རྣམ་པ་བཞིའོ། །དེའི་རྗེས་ལ་སྒྲ་དོན་རྒྱན་གྱི་དབྱེ་བས་རྒྱས་བཤད་མཐའ་ནི་རྣམ་པ་དྲུག་གོ །དེ་ནས་དེའི་ཡན་ལག་ཁོ་ན་རིམ་པ་གཉིས་གཙོར་གྱུར་པའི་བཤད་པ་ནི་རྣམ་པ་བཞིའོ། །འཆད་པའི་རྒྱན་ལྔ་པ་སྟེ་རྣམ་པ་གཉིས་སོ། །ཉན་པ་པོའི་རྒྱན་དྲུག་པ་སྟེ་རྣམ་པ་ལྔའོ། །བདུན་པའི་དབྱེ་བ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་བརྗོད་པར་བྱ་བའི་དོན་མ་ལུས་པ་བསྡུས་པའི་རྒྱན་ཡིན་ཏེ་རིམ་པ་གཉིས་གཙོར་གྱུར་པའི་ཕྱིར་རོ། །དེ་ལས་གཞན་པ་རྒྱན་མེད་དེ་མི་དགོས་པའི་ཕྱིར་རོ། །མདོར་བསྡུས་པ་ནི་མདོར་བསྟན་པས་སོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་དག་ཇི་སྲིད་གསུམ་པ་དེ་དག་ཟབ་པ་དང་རྒྱ་ཆེ་བ་དང༌། སྣ་ཚོགས་ཀྱི་དོན་སྟོན་པར་བྱེད་པའི་ཕྱིར། །རྒྱན་དུ་མ་དང་ལྡན་པ་ཡིན་པས་མདོར་བསྡུས་པ་ནི་འདིར་བདུན་གཟུང་བར་བྱས་སོ། །རྒྱས་པར་བསྟན་པར་བྱ་བའི་ཕྱིར། །བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ལ་སོགས་པ་ལ། དགོངས་བ་ལུང་བསྟན་པ་ལ་སོགས་པའི་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཞེས་བྱ་བ་འདིས་རང་བཟོར་བཀག་པ་བསྟན་ཏོ། །རྒྱན་ནི་བདུན་པོ་རྣམས་ཀྱི་ནི། །ཞེས་བྱ་བ་ངེས་པར་བཟུང་བའི་དྲུག་པའོ། །རིམ་པ་བཞིན་དུ་ནི་མདོར་བསྟན་པའི་ཚིག་གི་རྗེས་སུ་འབྲང་བས་སོ། །རེ་རེ་ཡི་ནི་གླེང་བསླངས་པ་ལ་སོགས་པ་རྣམས་ཀྱིའོ། །བསྟན་པ་དག་ཅེས་པ་ནི་ཁོ་བོས་འཆད་དོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་པས་དྲི་ཚིག་ལྔ་བསྟན་ཏོ། །ལན་སྨྲས་པ། །རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། ཞེས་པ་ནི་མཚན་


DTG032_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མིང་སྟེ། དེ་ཡང་རྒྱུད་རྗོད་པར་བྱེད་པ་དཔལ་གསང་བ་འདུས་པ་ཞེས་བྱའོ། །ཇི་སྐད་དུ། བསྟན་བཅོས་དག་ནི་ཐམས་ཅད་ཀྱི། །ལས་རྣམས་གང་ཅི་འང་རུང་བ་ཡི། །མིང་མེད་པས་ནི་འཇིག་རྟེན་འདི། །ལོང་བ་འམ་ལྐུགས་པ་འདྲ་བར་འགྱུར། །ཞེས་འབྱུང་ངོ་། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་པ་ནི་དོན་དུ་རྒྱུ་མཚན་ཏེ་རྒྱུའོ། །གང་ལ་བརྟེན་ཏེ་བཅོམ་ལྡན་འདས་ཀྱིས་རྒྱུད་གསུངས་སོ། །འདོད་ཆགས་ཅན་ཞེས་ཉེ་བར་མཚོན་པ་སྟེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔས་དཀྲུགས་པའི་སྐྱེ་བོ་རྣམས་ལ་གཟིགས་ནས་དེ་རྣམས་སྦྱང་བར་བྱ་བའི་ཕྱིར་རིམ་པ་གཉིས་སྟོན་པར་བྱེད་པའི་རྒྱུད་གསུངས་ཏེ། ཇི་སྐད་དུ། ཞེ་སྡང་གཏི་མུག་འདོད་ཆགས་དང༌། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་ཐར་པ་རབ་བསྒྲུབ་པའོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་འདོད་ཆགས་ལ་སོགས་པའི་རིགས་ཅན་གྱི་སྐྱེ་བོ་རྗེས་སུ་གཟུང་བར་བྱེད་པ་རིམ་པ་གཉིས་པོ་ནི་བརྗོད་པར་བྱའོ། །ཇི་སྐད་དུ། བརྗོད་བྱ་མེད་པའི་དག་རྣམས་ནི། །གང་ཕྱིར་བྱ་རོག་སྐད་བཞིན་ནོ། །དེའི་ཕྱིར་བསྟན་བཅོས་བརྩམས་དུས་སུ། །བརྗོད་བྱ་སྔོན་དུ་མངོན་པར་བརྗོད། །ཅེས་འབྱུང་ངོ༌། །བརྗོད་བྱ་དང་རྗོད་པར་བྱེད་པ་འདི་དག་གི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱི་འགྲེལ་པ་མ་བཤད་ཀྱང་ཤེས་པར་བྱ་སྟེ། དེ་དག་གནས་པའི་ཕྱིར་རོ། །འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་བྱེད་པ་པ་ཡིན་པས་ཉན་པ་པོ་རྣམས་བཀུར་སྟི་དང་བཅས་པར་འཇུག་པར་འགྱུར་བ་དེ་ཉིད་ཀྱི་ཕྱིར་ཟུར་གྱིས་འབྲེལ་པ་ཡང་བསྟན་ཏོ། །དཔེར་ན་དགའ་ལྡན་གྱི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་གསང་བ་འདུས་པའི་རྒྱུད་གསུངས་པ་ན་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པར་གྱུར་ཏོ་ཞེས་དོན་གྱི་ཤུགས་ཀྱིས་ཉན་པ་པོ་དང་འཆད་པ་པོའི་འབྲེལ་པ་ཡིན་ནོ། །གང་ལ་བརྟེན་ཏེ་འཆད་པ་པོས་བཤད་པ་དང༌། ཉན་པ་པོས་ཉན་པ་དེ་ནི་སྒྲ་དང་དོན་གྱི་འབྲེལ་པ་རྟོགས་པར་བྱའོ། །ཇི་སྐད་དུ། གང་ཕྱིར་འབྲེལ་པ་ཡོད་པས་ན། །ཉན་པ་པོ་ཡི་འཇུག་འགྲུབ་པ། །དེ་ཕྱིར་བསྟན་བཅོས་


DTG032_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི། །སྔོན་དུ་འབྲེལ་པ་རྟོགས་པར་བྱ། །ཞེས་འབྱུང་ངོ༌། །ཚད་དག་ཀྱང་ནི་བཤད་བྱ་སྟེ། །ཞེས་བྱ་བ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་བསྟན་བཅོས་ཀྱི་ཁྱད་པར་རོ། །དེ་ཡང་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཡན་ལག་ལས་གཞན་མ་ཡིན་ནོ། །ལེའུ་དེ་བཞིན་ཆོ་ག་དང༌། །ཞེས་པ་ནི་ལེའུ་ལ་སོགས་པ་བཞི་པོ་ནི་གཞུང་རྫོགས་པའི་གནས་ཡིན་ཏེ། གང་གི་ཕྱིར་ཡོངས་སུ་གཅོད་ཅིང་གཞལ་བྱ་གང་དུ་རྫོགས་པར་བྱེད་པ་དེ་ནི་ལེའུ་འོ། །གཞན་དུ་ནི་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཀྱི་རྒྱུད་ངེས་པར་མི་འགྱུར་ཏེ། མང་ཉུང་གི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཆོ་ག་ལ་སོགས་པ་ཡང་ཤེས་པར་བྱའོ། །ཇི་སྐད་དུ། ཡོངས་སུ་གཅོད་པས་ལེའུ་སྟེ། སྟོང་པ་ཉིད་ཀྱི་ཆོ་གར་འགྱུར། །སྤྲོས་པ་མང་བས་དུམ་བུ་སྟེ། །སྒྲིབ་པ་མེད་པས་རིམ་པ་ཕྱེ། །ཞེས་འབྱུང་ངོ༌། །གཞུང་ཉིད་ཀྱིས་ནི་གྲངས་ཀྱང་ངོ༌། །ཞེས་པ་ལ་ཀྱང་གི་སྒྲ་ནི་དོན་གྱིས་ཡིན་ཏེ། གང་དུ་དོན་ཡང་ཡོངས་སུ་རྫོགས་པ་དེ་ཡང་ལེའུ་ལ་སོགས་པ་ཡིན་ནོ། །དགོས་པ་བསྟན་པར་བྱ་བའི་ཕྱིར། དགོས་པ་ཡང་ནི་ཞེས་བྱ་བ་སྨོས་ཏེ་དེ་ཡང་རྣམ་པ་གཉིས་ཏེ། དགོས་པ་དང༌། དགོས་པའི་དགོས་པའོ། །དེ་དག་རང་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་མཚན་ཉིད་དོ། །སྒྲུབ་པ་བརྒྱད་ནི་རང་གི་དོན་ཕུན་སུམ་ཚོགས་པ་གཙོར་གྱུར་བའོ། །སངས་རྒྱས་ཉིད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །གྲུབ་པ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པ་ནི་ཞི་བ་ལ་སོགས་པའི་ཆོ་གའོ། །འཇིག་རྟེན་ལས་འདས་པ་ནི་ཕྲ་བ་ལ་སོགས་པའོ། །དེ་ལ་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་དང་རྣམ་པར་སྡང་བ་དང་གསོད་པ་དང༌། སྐྲོད་པ་དང་རེངས་པའོ། །ཡང་ན་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་རྡོ་རྗེ་དང་རི་ལུ་དང་མིག་སྨན་དང་རྐང་མགྱོགས་ཏེ་བརྒྱད་དོ། །ཕྲ་བ་ལ་སོགས་པ་ནི་གཟུགས་ཕྲ་བ་དང་རེག་པ་ཡང་བ་དང་ཁྱབ་པ་དང་ཡང་དག་པར་ཐོབ་པ་ཉིད་དང་རབ་ཏུ་སྣང་བ་ཉིད་དང་བརྟན་པ་དང་དབང་དུ་གྱུར་པ་དང་འདོད་དགུར་གྱུར་པའོ། །ཡང་ན། སྐུ་ཡི་དབང་ཕྱུག་གསུང་


DTG032_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག །དེ་བཞིན་ཐུགས་ཀྱི་དབང་ཕྱུག་སྟེ། །རྫུ་འཕྲུལ་ཡོན་ཏན་ཀུན་དབང་ཕྱུག །བཟའ་བ་བྱེད་པ་ཡོན་ཏན་བརྒྱད། །དེ་ལྟར་རང་གི་དོན་ཕུན་སུམ་ཚོགས་པ་གཙོར་གྱུར་པ་ནི་དགོས་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་གཙོར་གྱུར་པ་ནི་དགོས་པའི་དགོས་པའོ། །དགོས་པའི་ཚིག་གཅིག་གིས་གཉིས་ཀ་གཟུང་བ་སྟེ། རྒྱུད་ཀྱི་རིགས་པ་ལས། ཤིན་ཏུ་དང་བ་དེ་ནི་ཁྱི་དང་དཀར་པོ་འགྲོ་བ་ལ་ཡང་འཇུག་པ་བཞིན་ནོ། །དེས་ན་དགོས་པ་དང་དེའི་ཡང་དགོས་པ་ཡང་དག་པར་བསྡུས་སོ། །གླེང་བསླང་བ་ནི་འདས་ཟིན་ཏེ། ཞེས་བྱ་བ་འདིས་ཉེ་བར་སྡུད་པ་བསྟན་ཏོ། །གཉིས་པ་ཞེས་པ་ལ་སོགས་པ་འདིས་གཉིས་པ་མདོར་བསྟན་པའོ། །རྒྱུད་ཅེས་བྱ་བ་ལ་སོགས་པ་འདིས་རྒྱས་པར་བསྟན་པའོ། །མི་ཡི་སྐྱེ་བར་འཁྲུངས་པ་ནི། ཞེས་བྱ་བ་ལ་སོགས་པས་སོ་སོར་བསྟན་པའོ། །དེ་ལ་མདོ་སྡེ་དང་འདུལ་བ་དང་མངོན་པ་རྣམས་ཀྱི་རིགས་པ་ངེས་པར་བསྟན་ནས་སླར་ཡང་སྔགས་ཀྱི་ཐེག་པ་ཆེན་པོའི་སྒོ་ནས་སྟོན་པ་ཡིན་ཏེ། དེ་ལ་རེ་ཞིག་དང་པོ་ནི་བཅོམ་ལྡན་འདས་ཀྱིས་མིའི་སྐྱེ་བར་འཁྲུངས་པར་བསྟན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་སེང་གེས་འགྲོ་བ་གདོན་པར་བྱ་བའི་ཕྱིར་རྗེས་སུ་མཐུན་པའི་མིའི་སྐྱེ་བར་འཁྲུངས་སོ། །རིགས་པ་དེ་ཉིད་འཐད་པ་ཡིན་ཏེ་མི་འགལ་བའི་ཕྱིར་རོ། །གང་གི་ཕྱིར་རིགས་མི་མཐུན་པ་རྣམས་ལ་དེའི་ལུས་ལ་སོགས་པ་དང་མཚུངས་པ་མ་ཡིན་ཏེ། བ་ལང་ལ་སོགས་པ་དང་བྱ་རྣམས་ལ་སོགས་པ་བཞིན་ནོ། །དེ་བས་ན་མཚུངས་པ་ནི་རྒྱུད་ཡིན་ཏེ། རྒྱལ་རིགས་ཀྱི་སྐྱེས་བུ་ཆེན་པོ་འམ་བྲམ་ཟེའི་སྐྱེས་བུ་ཆེན་པོར་འཁྲུངས་པའོ། །དེ་ཙམ་གྱིས་དོན་མི་འགྲུབ་པས་ཆགས་པ་དང་བྲལ་ཞིང་དབེན་པ་ལ་མ་བསྟེན་པའི་བར་དུ་མི་འགྲུབ་པས་བཙུན་མོའི་འཁོར་གྱི་ནང་ནས་ཞེས་སྨོས་ཏེ། བཅོམ་ལྡན་འདས་དེ་ཉིད་ཀྱིས་བཙུན་མོའི་འཁོར་གྱི་ནང་དུ་བཞུགས་པས་མཚན་ཕྱེད་ཀྱི་དུས་བཙུན་མོ་ཐམས་ཅད་གཉིད་ལོག་པས་དུར་ཁྲོད་འདི་ཉིད་ཡིན་ཞེས་མི་སྡུག་པའི་བསྒོམ་པ་མངོན་དུ་བྱས་ཏེ་དེའི་ཚེ་མཁའ་ལ་བྱོན་པའི་སངས་རྒྱས་ཀྱི་ཚོགས་འདོད་ཆགས་དང་བྲལ་བདག་རྒྱལ་པོའི་ཕོ་བྲང་གི་ནང་དུ་


DTG032_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ལ་བལྟས་ཏེ། དེ་རྣམས་ཀྱིས་སྐུ་བསྟན་པ་མཐོང་ནས་སྐྱོ་བ་སྐྱེས་པར་གྱུར་པས་དེ་རྣམས་ཀྱི་ཆོས་གོས་ཀྱི་མཐའ་བཟུང་ཞིང༌། བཅོམ་ལྡན་འདས་རང་སངས་རྒྱས་གང་གིས་བཞུད་པའི་ལམ་དེ་ཉིད་ནས་ངེས་པར་འབྱུང་བར་གྱུར་ཏོ། །བྱུང་ནས་དགོན་པ་དབེན་པ་ལ་དྲང་སྲོང་དམ་པ་ལས་ཆགས་བྲལ་གྱི་ལམ་བླངས་ཏེ། རལ་གྲིས་དབུ་སྐྲ་བྲེགས་ཏེ་ཆོས་གོས་འཛིན་པར་གྱུར་ཏོ་ཞེས་བཙུན་མོའི་འཁོར་གྱི་ནང་ནས་ནི་ངེས་པར་བྱུང་བ་ནི་གླེང་གཞི་ཡིན་ཏེ། འདོད་ཆགས་དང་བྲལ་བའི་སྔོན་བྱུང་བའི་བཅས་གཞིའོ། །དགོན་པར་གནས་པས་ཀྱང་གལ་ཏེ་འདོད་ཆགས་ལ་སོགས་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱིམ་ནས་འབྱུང་བ་དོན་མེད་པར་འགྱུར་བས་དེའི་ཕྱིར་གསུམ་པ་ཡིན་ཏེ། འདུལ་ལས་ཞེས་བྱ་བ་ལ་སོགས་པ་འདུལ་བ་ལས་བསྟན་པ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ནས་གསུངས་པའི་བསླབ་པའི་ཚིག་གི་ཚོགས་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་བླངས་སོ། །དེས་ནི་དོན་མཐུན་པ་བསྡུ་བའི་དངོས་པོ་བསྟན་ཏོ། །གཞན་དུ་ན་སྡོམ་པ་མ་བླངས་པས་ཕ་རོལ་པོ་རྣམས་ལ་དེ་བསྟན་པ་དོན་མེད་པར་འགྱུར་རོ། །དེ་བས་ན་དེ་རིགས་པ་ཡིན་ཏེ། །སེམས་ཅན་གྱི་དོན་གྱི་ཡན་ལག་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ནི་ངེས་པའི་ཚིག་ཅེས་བྱ་བ་ལ་སོགས་པར་གསུངས་པའི་སྡོམ་པའི་ཚིག་ངེས་པར་བསྲུང་བའི་ཕྱིར་རོ། །འབྲས་བུ་ནི་སངས་རྒྱས་ཉིད་དོ། །དེ་འདོད་པས་ནི་དེ་ཐོབ་པར་བྱ་བའི་འདུན་པས་སོ། །ཆོས་སྤྱོད་པ་ནི་དཀའ་ཐུབ་ཀྱི་སྤྱོད་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གང་མཛད་པ་དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། འབྲས་བུ་ཐོབ་པ་ལ་ཐབས་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རིགས་པ་ཡིན་ཏེ། གང་གི་ཕྱིར་ལུས་དང་ངག་དང་ཡིད་སྡོམ་པར་བྱེད་པ་བརྟུལ་ཞུགས་ཀྱི་ཁྱད་པར་འདི་བྱང་ཆུབ་འདོད་པར་བྱ་བ་ཡིན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ཉེ་བར་སྡུད་བ་བསྟན་ཏོ། །འདོད་ཆགས་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་རྣམ་པར་དག་པར་བྱེད་པའི་སྔགས་ཀྱི་བསྟན་པ་ལའོ། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །ཞེས་པ་ནི་མི་སླུ་བའི་དོན་ཡོངས་སུ་ཤེས་པའི་རྒྱུ་བཤད་པར་བྱའོ། །རིགས་ལྔའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པ་ལྔ་དང་ཁམས་དང་དབང་པོ་དང་ཡུལ་


DTG032_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པར་ཤེས་པ་དང་ཕུང་པོ་ལྔ་རྣམ་པར་དག་པའི་སླད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གཟུགས་གཅིག་པུ་ཡང་ཡེ་ཤེས་ལྔའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ལྔའི་རིགས་སུ་སྤྲུལ་པར་མཛད་དེ། དེ་ཉིད་ཀྱིས་སྔོན་དུ་བཤད་པའི་ཉོན་མོངས་པ་ལ་སོགས་པ་འགོག་པའི་ཕྱིར་རོ། །དེ་ཉིད་རིགས་པ་ཡིན་ཏེ། གང་གི་ཕྱིར་ལྷའི་སྐུ་ནི་ཐ་མལ་པའི་ལུས་དང་འགལ་བ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་ཕྱོགས་འདི་ཡིན་གྱི་དོན་དམ་པ་མ་ཡིན་པར་བསྟན་པར་བྱ་བའི་ཕྱིར། རྒྱུད་ཅེས་བྱ་བ་ཡིན་པར་བརྗོད་ཅེས་སྨོས་སོ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། རིགས་ལྔ་པོ་རྡོ་རྗེ་འཆང་ཆེན་པོའི་རིགས་སུ་གཅིག་ཏུ་གྱུར་ཏེ། དེ་ཡང་བསྐྱེད་པའི་རིམ་པ་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་བར་དུ་ཕྱིའི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་ལ་བསྡུས་ཏེ་བདེ་བ་ཆེན་པོའི་རང་བཞིན་དཔའ་བོ་གཅིག་པུ་གནས་པ་བཞིན་ནོ། །རྫོགས་པའི་རིམ་པ་ལ་ཡང་གཉིས་པ་དང༌། བཞི་པའི་རིམ་པ་ལས་གསུངས་པའི་འོད་གསལ་བ་ལ་འཇུག་པའམ། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནི་རིགས་གཅིག་ཏུ་གྱུར་པའོ། །དེ་ཉིད་གླེང་གཞི་ཡིན་པར་བསྟན་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་བསྐལ་པའི་བར་དུ་གནས་པ་དང༌། རང་བཞིན་གྱིས་རྟག་པ་ཡིན་གྱི་གཞན་ནི་མ་ཡིན་པའི་ཕྱིར་རོ། །རིགས་པ་འདི་ཡང་ཡིན་ཏེ། དབྱེ་བ་ཐམས་ཅད་སྟོང་པར་ནུབ་པའི་ཕྱིར་རོ། །རྡོ་རྗེ་ལ་སོགས་པ་ཞེས་བྱ་བ་ལ། མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བའི་ཕྱིར། དེ་བཞིན་གཤེགས་པ་རིགས་ལྔ་པོ་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་གཟུང་བར་བྱ་བར་གསུངས་སོ། །དེ་རྣམས་ཀྱང་རྣམ་པར་དག་པ་དང་བཅས་པར་བསྟན་ཏེ། སྤོང་བ་ལྔ་དང་རིག་པ་ལྔ། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །ཇི་ལྟར་པདྨ་དམར་པོ་འདི། །གནས་ཀྱི་སྐྱོན་གྱིས་མགོས་པ། །དངོས་པོ་སྣ་ཚོགས་སྐྱོན་རྣམས་ཀྱིས། །མ་གོས་དེ་ལྟར་ཁམས་གསུམ་ཡིན། །ཞེས་འབྱུང་བ་དང༌། དེ་བཞིན་དུ་ཡང་རིག་པའི་དབང་བསྐུར་བའི་དུས་སུ་སློབ་མའི་ལག་པ་དག་ཏུ་རྡོ་རྗེ་དང་དྲིལ་བུ་བྱིན་ནས། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །ཞེས་


DTG032_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ༌། །འདིར་ཡང་རིགས་པ་སྟེ། དོན་དང་རྗེས་སུ་ལྡན་པའི་མིང་དང་ལྡན་པ་འཛིན་པའི་ཕྱིར་རོ། །གཞན་དུ་ན་ལྕགས་ལ་སོགས་པས་འཛིན་པ་མེད་དོ། །དེ་ཉིད་ཀྱི་ཕྱིར། ངེས་པའི་ཚིག་ནི་ཡིན་པར་བཤད། །ཅེས་སྨོས་ཏེ། སྒེག་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི། བདེ་བས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་ཚིག་ལས་སྒེག་པ་ལ་སོགས་པའི་གར་གྱི་ཉམས་དགུ་དང་ལྡན་པའི་སྤྱོད་པས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཞེས་འབྲས་བུ་ཐོབ་པའི་ཕྱིར་སྤྱོད་པ་ལྔ་ནི་སྔ་མ་བཞིན་ཁོ་ནའོ། །དེ་ལ། སྒེག་པ་དཔའ་བ་འཇིགས་རུང་དང་། །དགོད་དང་གཤེ་དང་འཇིགས་བྱེད་དང༌། །སྙིང་རྗེ་རྔམ་དང་ཞི་བ་ནི། །གར་གྱི་ཉམས་ནི་དགུ་རུ་བཤད། །དེ་ལ་སྒེག་པའི་སྤྱོད་པ་ནི། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་བསྟེན་པའོ། །དཔའ་བའི་སྤྱོད་པ་ནི་ཐམས་ཅད་དུ་མི་འཇིགས་པའོ། །འཇིགས་སུ་རུང་བའི་སྤྱོད་པ་ནི་གོ་ཀུ་ད་ཧ་ན་བཟའ་བའི་མཚན་ཉིད་དོ། །སྨད་པ་དང་འཇིགས་པར་བྱེད་པ་ནི་འཇིགས་སུ་རུང་བ་ཞེས་བཤད་དོ། །དགོད་པའི་སྤྱོད་པ་ནི་རོ་ལངས་བསླང་བ་ལ་སོགས་པའི་མཚན་ཉིད་དམ་སྒེག་པའི་ཉམས་ཀྱི་བྱེ་བྲག་གོ །གཤེག་པའི་སྤྱོད་པ་ནི་མངོན་སྤྱོད་ལ་སོགས་པའི་ལས་དྲག་པོའི་རབ་འབྱམས་བྱེད་པའི་མཚན་ཉིད་དོ། །འཇིགས་པར་བྱེད་པའི་སྤྱོད་པ་ནི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཁྲོ་བོའི་འཁོར་ལོ་སྤྲོས་ཏེ་བགེགས་རྣམ་པར་གནོན་པ་དང་ཕུར་བུས་གདབ་པ་དང་བརྡུང་བའི་མཚན་ཉིད་དོ། །སྙིང་རྗེའི་སྤྱོད་པ་ནི་སེམས་ཅན་རྗེས་སུ་བཟུང་བའི་མཚན་ཉིད་དོ། །རྔམ་པའི་སྤྱོད་པ་ནི་བསྟན་པ་ལ་སོགས་པའི་རྫུ་འཕྲུལ་ལམ། ཆོས་འདི་རུ་བསྟན་པའི་དུས་སུ་གཞན་དུ་ཡང་བསྟན་པ་ལྟར་སྣང་བའོ། །འགལ་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་དོ། །ཞི་བའི་སྤྱོད་པ་ནི་རང་བཞིན་གྱིས་གྲུབ་པའི་འོད་གསལ་བ་ལ་འཇུག་པའི་ཏིང་ངེ་འཛིན་ཏོ། །འདི་ཡང་རིགས་པ་ཡིན་ཏེ། ཐབས་བདེ་བས་འདོད་ཆགས་ཅན་ལ་སོགས་པ་འདུལ་བའི་ཕྱིར་རོ། །རིགས་པ་བསྟན་ནས་previous hit གསུམ་པ་རྒྱན་བཤད་པའི་རྒྱུད next hit་ལས་བྱ་བའི་ཕྱིར། རྒྱན་ནི་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐའ་དྲུག་ནི་མཐའི་སྒྲས་བྱེ་བྲག་བཤད་དོ། དེས་


DTG032_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་དྲུག་གི་བཤད་པའི་རིམ་པ་ཡིན་ཞེས་བཤད་དོ། །རྣལ་འབྱོར་རྒྱུད་ཚུལ་ལས་བཤད་པའི། །ཞེས་པ་ནི་རྡོ་རྗེ་ཕྲེང་བ་ལ་སོགས་པའི་བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །རྒྱས་བཏབ་དོན་ནི་རབ་རྟོགས་པ། །ཞེས་བྱ་བ་ནི་ཕྱེད་པར་དཀའ་བའི་དོན་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་ཤིང་བར་ཏུ་གསལ་བ་ཞེས་ཐ་ཚིག་གོ །ཇི་ལྟ་བུ་ཞེ་ན། མཐའ་དྲུག་གི་ནི་ཚིག་ངེས་ཤིང༌། །ཞེས་སྨོས་པ་ནི་མཐའ་དྲུག་གིས་ཚིག་རྣམས་ངེས་པར་བྱེད་པའོ། །ཚིག་རྣམས་ཀྱི་དོན་ཡང་ངེས་བར་བྱ་ཞེས་སྨྲ་བ་ཡང་ཡིན་ཏེ། མཐའ་དྲུག་ནི་དོན་དང་སྒྲའི་རྒྱན་ཡིན་པའི་ཕྱིར་རོ། །དྲང་བ་དང་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་དོ། །སྐལ་ངན་རྣམས་ལ་ཞེས་བྱ་བ་ལ་སོགས་པས་སོ་སོར་བསྟན་པར་བཤད་དོ། །སྐལ་ངན་ནི་སེམས་ལ་གཡོ་སྒྱུ་ཡོད་པ་དང༌། ཐེ་ཚོམ་རྒོལ་བ་ལ་དགའ་བའི་ཕྱིར་རོ། །དེ་ལྟ་བུ་ཉན་པ་པོ་གང་ཡིན་པ་དེ་རྣམས་ལ་རྒྱལ་བ་སྟེ་རྡོ་རྗེ་འཆང་ཆེན་པོས་དྲང་བའི་དོན་དུ་གསུངས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ལས་བསྐྱེད་པའི་རིམ་བཅོམ་གཞན་དུ་དྲངས་པས་ན་དྲང་བའི་དོན་ཏོ། །དེ་ཁོ་ན་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །སྦས་ཏེ་ཞེས་པ་ནི་དོན་དམ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་དག་དོན་ནི་རབ་སྟོན་ཕྱིར། །ཞེས་པ་ནི་རྩ་ཀུན་ཏུ་སྤྱོད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་དོན་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བའི་ཕྱིར་རོ། །ངེས་པའི་དོན་ནི་ངེས་པར་བཤད་པའི་དོན་ནོ། །གནས་པ་ནི་བཤད་པའོ། །རྗོད་པར་བྱེད་པ་གཅིག་གིས་དོན་གཉིས་བརྗོད་པ་ལ་ནུས་པ་ཇི་ལྟར་ཡོད་ཅེ་ན། སྨྲས་པ། སྣ་ཚོགས་སེལ་བ་དང་ལྡན་པའི་སྒྲ་ཡིན་པའི་ཕྱིར་རོ། །དཔེར་ན་གོའི་སྒྲ་གཅིག་པུས་དོན་བཅུ་བརྗོད་དེ། ཇི་སྐད་དུ། ངག་ཕྱོགས་ས་འོད་རྡོ་རྗེ་མདའ། །ཕྱུགས་མིག་མཐོ་རིས་ཆུ་དག་ཏུ། །དོན་བཅུ་ལ་ནི་བློ་ཅན་གྱིས། །གོ་ཡི་སྒྲ་ནི་བརྟག་པར་བྱ། །ཞེས་འབྱུང་ངོ༌། །དོན་གྱི་རྒྱན་དེ་དག་ཡིན་ཏེ། སྒྲའི་བྱེ་བྲག་མེད་པའི་ཕྱིར་རོ། །མཆོག་འདོད་ཅེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་འདོད་པའི་སློབ་མ་རྣམས་ལའོ། །དེ་རྣམས་ལ་ཆོས་ཀྱི་དེ་ཉིད་རབ་སྟོན་པ་ཞེས་པ་ནི་འོད་གསལ་བའི་


DTG032_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་བཤད་པའོ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །ཞེས་པ་ལ་འཇིག་རྟེན་དང་འགལ་བའི་སྒྲའི་སྒོ་ནས་སོ། །གསུངས་པ་གང་ཡིན་དགོངས་བཤད་དེ། །ཞེས་པ་ནི་དགོངས་པ་དང་བཅས་པའི་སྒྲའི་སྦྱོར་བ་བསྟན་ཏེ་ཞེས་ཐ་ཚིག་གོ །འདི་ནི་སྒྲ་ཡི་རྒྱན་ཡིན་ཏེ། དེ་ལྟ་བུར་གྱུར་པའི་སྒྲ་གཙོ་བོ་ཡིན་པའི་ཕྱིར་རོ། །དབང་པོ་དམན་པའི་སེམས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་མཐར་ཐུག་པ་མེད་པ་དེ་བས་དད་པ་ཆེ་བའི་ཕྱིར་དེ་ཁོ་ན་ཉིད་སྟོན་པ་ལ་སྣོད་དུ་གྱུར་པ་དབང་པོ་དམན་པའོ། །རྟོགས་ཕྱིར་ཞེས་པ་ནི་དེ་རྣམས་དེ་ཁོ་ན་ཉིད་དུ་རྟོགས་སུ་འཇུག་པའོ། །མཆོག་ཏུ་གསལ་བ་ཡིས་ཞེས་པ་ནི་གསལ་ཞིང་འཇམ་པའི་ཚིག་གིས་སྟོན་པའོ། །དེ་ཉིད་གསལ་བར་སྟོན་པ་ནི་ཞེས་པ་ལ་རབ་ཏུ་གྲགས་པའི་དེ་ཁོ་ན་ཉིད་བཤད་པའོ། །དགོངས་པ་མིན་པས་བཤད་པའོ། །ཞེས་པ་ནི་འགལ་བའི་སྒྲ་མེད་པར་གསུངས་ཞེས་ཐ་ཚིག་གོ །འདི་ནི་དོན་གྱི་རྒྱན་ཡིན་ཏེ། དོན་ཁོ་ན་བརྒྱན་པར་བྱ་བ་ཡིན་པས་སོ། །དཀྱིལ་འཁོར་ལ་སོགས་དང་ཞེས་པ་ནི་དཀྱིལ་འཁོར་སྣ་ཚོགས་འདྲི་བ་དང༌། ཚད་ལ་སོགས་པའི་ཚིག་རྣམས་ལའོ། །དེ་བཞིན་དུ་རྟོག་པ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྒོམ་པས་རྣམ་པར་སྡང་བ་ལ་སོགས་པ་ལས་ཀྱི་རབ་འབྱམས་སྟོན་པར་བྱེད་པ་ལའོ། །སྤྱོད་པ་ནི་སྤྲོས་བཅས་ལ་སོགས་པའོ། །ཇི་ལྟར་ཇི་ལྟར་གསུངས་ཞེས་པ་ནི་དེ་དང་དེ་སྟོན་པར་བྱེད་པའི་ཚིག་དག་ལའོ། །དོན་ཟབ་མིན་བཤད་གང་ཡིན་པ། ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་དང་བྲལ་ཞིང་ཕྱིའི་སྤྲོས་པ་ཙམ་སྟོན་པར་བྱེད་པའོ། །དེ་ནི་ཇི་བཞིན་སྒྲར་གསུངས་པའོ། །ཞེས་པ་ལ་སྒྲ་ཇི་ལྟར་ཡོད་པ་དེ་དང་འདྲ་བའི་དོན་སྟོན་པའོ། །འདི་ཡང་སྒྲ་ཡི་རྒྱན་ཡིན་ཏེ། །ཇི་སྐད་དུ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་གསུངས་པས་དེ་ལས་མང་བའམ་ཉུང་བར་མེ་བྱའོ། །དེ་བཞིན་དུ་རྟོག་པ་དང་དཔྱོད་པ་དག་ལས་ཤེས་པར་བྱའོ། །ཀོ་ཊ་ཀྵ་ལ་སོགས་པ་ནི་འདིར་སྒྲ་གཉིས་ཏེ། འཇིག་རྟེན་པ་དང༌། བསྟན་བཅོས་པའོ། །དེ་ལ་འཇིག་རྟེན་པ་ནི། དཔེར་ན་བ་ལང་


DTG032_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྟ་དང་སྐྱེས་པ་དང་བྱ་དང་རི་དགས་དང་གླང་པོ་ཆེ་དང་བྲམ་ཟེ་ཞེས་བྱ་བ་དང༌། བསྟན་བཅོས་པ་ནི་དཔེར་ན་བདེན་པ་དང་དཀོན་མཆོག་གསུམ་དང༌། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་སྟོང་པ་ཉིད་དོ་ཞེའོ། །ཀོ་ཊ་ཀྵ་ལ་སོགས་པ་ནི་འཇིག་རྟེན་པ་ཡང་མ་ཡིན་ལ། བསྟན་བཅོས་པ་ཡང་མ་ཡིན་ནོ། །དེ་ལྟ་ཡིན་ན་ཅིའི་ཕྱིར་བརྗོད་ཅེ་ན། དེ་བཞིན་གཤེགས་པ་ཞེས་པ་ནི་རང་གིས་གླེགས་བམ་ལྟ་བ་རྣམས་ལ་འཁྲུལ་པ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྩ་བ་དང་ཡན་ལག་གི་རླུང་རྣམས་ཀྱི་དེ་དག་བརྡར་གསུངས་སོ། །དཔེར་ན་བྷུ་སུ་ཀོ་བཞིན་ནོ། །ཟ་བ་དང་ཉལ་བ་དང་འཆག་ཏུ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཇི་བཞིན་མིན་སྒྲར་གྲགས། །ཞེས་པ་ནི་དོན་བརྗོད་པ་ལ་སྒྲ་མི་འདྲ་བའི་ཕྱིར་རོ། །འདི་ཡང་སྒྲ་ཡི་རྒྱན་ཡིན་ཏེ། བརྡ་ཡང་སྒྲ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་སྒྲ་ཇི་བཞིན་པ་དང་དྲང་བའི་དོན་ལ་བྱེ་བྲག་གང་ཞེ་ན། སྨྲས་པ། སྒྲ་དང་དོན་གྱི་རྒྱན་གྱི་དབྱེ་བས་སོ། །དྲང་བའི་དོན་དད་དགོས་པ་མ་ཡིན་པ་དག་གི་ཁྱད་པར་གང་ཞེ་ན། མི་གསལ་བ་དང་གསལ་བའི་བྱེ་བྲག་གིས་སོ། །སྒྲ་ཇི་བཞིན་པ་དང༌། དགོངས་པས་བཤད་པ་དག་གི་ནི། །མི་འགལ་བ་དང་འགལ་བའི་སྒྲའི་དབྱེ་བས་སོ། །ངེས་པའི་དོན་དང༌། དགོངས་པ་མ་ཡིན་པ་དག་གི་ནི། །དབང་པོ་རྣོ་བ་དང་དབང་པོ་དམན་པའི་གང་ཟག་གི་དབྱེ་བས་སོ། །དགོངས་པ་དང་སྒྲ་ཇི་བཞིན་མ་ཡིན་པ་དག་གི་ནི་འགལ་བ་དང་མ་གྲགས་པ་དག་གི་སྒྲའི་དབྱེ་བས་སོ། །དེ་ལྟར་དྲང་བ་དང་ངེས་པའི་དོན་དང་དགོངས་པ་མ་ཡིན་པ་ནི་དོན་གྱི་རྒྱན་ནོ། །དགོངས་པས་བཤད་པ་དང་སྒྲ་ཇི་བཞིན་མ་ཡིན་པ་ནི་སྒྲའི་རྒྱན་ཞེས་མཐའ་དྲུག་གི་དབྱེ་བ་ཞེས་བྱ་བ་བཤད་པའི་བྱེ་བྲག་བསྟན་ཏོ། །རིམ་པ་གཉིས་པོ་གཅིག་པུ་སྟོན་པར་བྱེད་པ་བཤད་པའི་རྣམ་པ་བསྟན་པར་བྱ་བའི་ཕྱིར། བཤད་པའི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡི་གེ་དོན་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པའོ། །དང་པོ་གཅིག་པུ་ཁོ་ན་ཉིད། །ཅེས་བྱ་བ་ལ་སོགས་པས་གྲངས་སྔོན་དུ་འགྲོ་བས་རྒྱས་པར་བཤད་པའོ། །ཀུན་དུ་བསྡུས་ཏེ་རྣམ་པ་བརྒྱད་དུ་འགྱུར་རོ། །སོ་སོར་བསྟན་


DTG032_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར། སྒྲ་ཙམ་ལ་ནི་རབ་གཞོལ་བ། །ཞེས་པ་ནི་སྒྲ་ཙམ་ལ་མངོན་པར་ཞེན་པའོ། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །ཞེས་པ་ནི་རྟོག་གེ་དང་སྒྲའི་བསྟན་བཅོས་ལ་སོགས་པར་བྱེད་པའི་ཚིག་དང་བྱེད་པ་པོ་དང་རྟགས་དང་བསྡུ་བ་ལ་སོགས་ལ་མཁས་པའོ།། དེ་ཡི་སྒྲུབ་པ་རབ་སྟོན་པ། །ཞེས་པ་ནི་དེ་དང་རྗེས་སུ་མཐུན་པའི་བསྟན་པ་བཅོམ་ལྡན་འདས་ཀྱིས་གང་བསྟན་པ་དེ་ནི་ཡི་གེའི་དོན་ཏེ། ཡི་གེ་ཙམ་གྱི་དོན་བརྗོད་ཅིང་བརྗོད་པར་བྱ་བ་གང་ཡང་རུང་བ་སྟེ། རྫོགས་པའི་རིམ་པ་སྤངས་པའི་བསྐྱེད་པའི་རིམ་པའི་ཕྱོགས་གཅིག་གི་མཚན་ཉིད་དོ། །དེ་བས་འདི་སྒྲའི་རྒྱན་ཡིན་ཏེ། སྒྲ་སྣ་ཚོགས་པ་ཙམ་ཡིན་པའི་ཕྱིར་རོ། །སྤྱིའི་དོན་བསྟན་པར་བྱ་བའི་ཕྱིར། མདོ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་སྡེ་ལ་སོགས་པ་ནི་ཉན་ཐོས་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་དང༌། དབུ་མ་པ་རྣམས་སོ། །གང་གི་ཚེ་སྔོན་གྱི་བག་ཆགས་ཀྱི་འབྲེལ་པའམ། དགེ་བའི་བཤེས་གཉེན་དང་ཕྲད་པས་སྔགས་ཀྱི་ཐེག་པ་ཆེན་པོ་བསྟན་པར་གྱུར་པ་དེའི་ཚེ་རང་གི་སྡོམ་པ་དང་འགལ་བའི་དམ་ཚིག་དང་སྡོམ་པ་ཐོས་ནས་འགྱོད་པར་གྱུར་པས་གསང་སྔགས་ཀྱི་གསུང་ལ་སྐུར་བ་བཏབ་པའི་སྡིག་པ་མེ་ལ་ཕྱེ་མ་ལེབ་བཞིན་དུ་ལྟུང་བར་འགྱུར་རོ། །དེ་རྣམས་ཀྱི་འགྱོད་པ་བཟློག་པར་བྱ་བའི་ཕྱིར་དེ་དང་མཐུན་པར་བཅོམ་ལྡན་འདས་ཀྱི་བསྟན་པ་གསུངས་སོ། །གང་གིས་འདི་ནི་རིགས་པ་ཡིན། །ཞེས་ལམ་དེ་ཉིད་དུ་ཞུགས་ཤིང་སྐུར་བ་མི་འདེབས་སོ། །མདོ་སྡེ་ལ་སོགས་པ་ལ་ཞུགས་པའི་འགྱོད་པ་ཟློག་པར་བྱེད་པའི་མཚན་ཉིད་ནི་སྤྱིའི་དོན་གྱི་ཡན་ལག་དང་པོའོ། །དེ་བཞིན་དུ་ཡང་བསྐྱེད་པའི་རིམ་པ་དང་ལྡན་པས་ན་ཞེས་པ་ནི་ཡན་ལག་གཉིས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་གྲགས་པ་དང་བསྟན་བཅོས་པའོ། །དེ་ལ་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་དང་ལས་ཀྱི་རྒྱལ་བའི་ཏིང་ངེ་འཛིན་གསུམ་སྟོན་པར་བྱེད་པ་ནི་ཡོངས་སུ་གྲགས་པའོ། །བྱང་ཆུབ་ཀྱི་སེམས་ཁོ་ན་ལས་ཁམས་གསུམ་ཐམས་ཅད་སྐྱེ་བ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་དབང་པོ་གཉིས་


DTG032_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས་པ་ལས་འབྱུང་ངོ་ཞེས་པ་ནི་བསྟན་བཅོས་པའོ། །གཉི་ག་དེ་དག་ཀྱང་སྤྱིའི་དོན་ཞེས་བཤད་པའི་བྱེ་བྲག་སྟེ་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་སོ་སོར་བསྟན་པར་བྱ་བའི་ཕྱིར། །འདོད་ཆགས་ཆོས་ཞེས་བྱ་བ་ལ་སོགས་པ་འདོད་ཆགས་ཀྱི་ཆོས་ནི་འདོད་ཆགས་ཀྱི་ཆོས་ཏེ་དེའི་ཆོས་ཉིད་དོ། །བཟླས་པའི་གནས་སྐབས་སུ་ནི་འདོད་ཆགས་ལ་སོགས་པའི་བཟླས་པས་འདོད་ཆགས་ལ་སོགས་གང་གིས་འདོད་ཆགས་རྣམ་པར་དག་པར་གྱུར་པའོ། །འདི་ནི་ཉེ་བར་མཚོན་པ་སྟེ། ཞེ་སྡང་ལ་སོགས་པའི་རྣམ་པར་དག་པ་ཡང་ཤེས་པར་བྱའོ། །དེ་རབ་ཏུ་སྟོན་པ་ནི་སྦས་པའི་དོན་གཅིག་པའོ། །དེ་ཡིས་རྡོ་རྗེ་བཟླས་པའི་རིམ་པ་བཤད་དོ། །བཟླས་པའི་གནས་སྐབས་སུ་ནི་འདོད་ཆགས་ལ་སོགས་པའི་བཟླས་པས་འདོད་ཆགས་ལ་སོགས་པ་རྣལ་འབྱོར་བས་དག་པར་བྱེད་དོ། །ཀུན་རྫོབ་བདེན་པ་རྟོགས་པ་དང༌། །ཞེས་པ་ནི་མྱུར་བའི་ཏིང་ངེ་འཛིན་ནམ་སྣང་བ་ལ་སོགས་པའི་རྣལ་འབྱོར་གྱིས་སྐྱེད་པའི་ལྷའི་སྐུ་སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་མཐོང་བ་ཞེས་བྱ་བ་འདིས་བདག་ལ་བྱིན་གྱིས་རློབ་པའི་རིམ་པ་སྦས་པའི་དོན་གཉིས་པའོ། །ཡེ་ཤེས་གསུམ་པོ་རྣམ་དཔྱད་པའི། །ཞེས་པ་ནི་འདིས་སེམས་རྣམ་པར་དག་པའི་རིམ་པ་བསྟན་ཏོ། །དེ་ལྟར་རྡོ་རྗེ་བཟླས་པ་དང་སེམས་རྣམ་པར་དག་པ་དང་རང་བྱིན་གྱིས་བརླབ་པ་སྟེ་རིམ་པ་གསུམ་ནི་སྦས་པའོ། །སྦས་པ་ནི་སྦས་པའི་མཚན་ཉིད་ཅན་རིམ་པ་གསུམ་པོ་གང་ལ་ཡོད་པ་དེ་ནི་སྦས་པའོ། །རིམ་པ་ཐ་མ་གཉིས་པོ་སོ་སོར་སྟོན་པར་བྱེད་པ་ན་མཐར་ཐུག་པ་བསྟན་པར་བྱ་བའི་ཕྱིར། འོད་གསལ་བ་ལ་རབ་འཇུག་དང༌། །ཞེས་སྨོས་ཏེ། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་རིམ་པ་དག་གིས་ཡང་དག་པར་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་བཞི་པ་མངོན་དུ་བྱེད་པའོ། །དེས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ། །དེ་བཞིན་དུ། ཟུང་དུ་འཇུག་པ་རྟོགས་པ་སྟེ། །ཞེས་བྱ་བ་འདིས་ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་པ་ནི་དེ་ལས་གཞན་པའི་རིམ་པ་མེད་པའི་


DTG032_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ལྟར་བཤད་པ་རྣམ་པ་བཞིས་རིམ་པ་གཉིས་པོ་ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་ལྟར་ཡི་གེའི་དོན་ནི་སྒྲའི་རྒྱན་ནོ། །སྤྱིའི་དོན་དང་སྦས་པ་དང་མཐར་ཐུག་པའི་དོན་ནི་དོན་གྱི་རྒྱན་ནོ། །དེ་རྣམས་ཀྱིས་རིམ་པ་གཉིས་པོ་བརྒྱན་པར་བྱེད་ཅེས་པའི་ཐ་ཚིག་གོ ། གལ་ཏེ་བཤད་པ་རྣམ་པ་བཞི་པོས་རིམ་པ་གཉིས་པོ་བསྟན་པ་ཡིན་ན། དེའི་ཚེ་སྒྲ་དང་དོན་གྱི་དབྱེ་བས་ཅི་ཞིག་བྱ་ཞེ་ན། སྨྲས་པ། ངེས་པ་མེད་པའི་ཕྱིར་མཐའ་དྲུག་ཏུ་གསུངས་ཏེ། བཤད་པ་རྣམ་པ་བཞི་པོ་བཞིན་དུ་མཐའ་དྲུག་གིས་ངེས་པར་རིམ་པ་གཉིས་པ་བཤད་པ་མ་ཡིན་ཏེ། དྲང་བའི་དོན་གྱིས་རྫོགས་པའི་རིམ་པ་བཀག་ནས་བསྐྱེད་པའི་རིམ་པའི་ཡན་ལག་ཙམ་སྟོན་པར་བྱེད་དེ། དེ་བས་ན་སྤྱིའི་དོན་ལས་ཁྱད་པར་ཡོད་པའོ། །ངེས་པའི་དོན་ནི་རྫོགས་པའི་རིམ་པ་སྟོན་པར་བྱེད་པ་ཡང་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་སྟོན་པ་ལ་ངེས་པ་མེད་དེ། སྟོང་པ་ཉིད་ཙམ་མམ་གཞན་གང་ཅི་ཡང་རུང་བ་དེས་སྟོན་པར་བྱེད་པའི་ཕྱིར་རོ། །རེས་འགའ་ཞིག་བསྟན་པས་ཀྱང་དེའི་ཐ་སྙད་མི་རིགས་སོ། །དགོངས་པ་བཤད་པས་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་སོ་སོར་སྟོན་པར་བྱེད་པ་སྔ་མ་བཞིན་ནོ། །ཁྱད་པར་ནི་འགལ་བའི་སྒྲ་རབ་ཏུ་སྦྱོར་བས་སོ། །དགོངས་པ་མ་ཡིན་པ་དེ་བཞིན་ཡིན་ནོ། །སྒྲ་ཇི་བཞིན་པས་ནི་ཕྱིའི་སྤྲོས་པ་ཙམ་སྟོན་པར་བྱེད་པའི་ནུས་པ་ཡོད་ཀྱི་གཞན་ནི་མ་ཡིན་ནོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་རྫོགས་པའི་རིམ་པའི་ཡན་ལག་ཡིན་ཡང་སྒྲ་ཇི་བཞིན་པས་དེ་བསྒྲུབ་པར་བྱ་བ་མ་ཡིན་གྱི་འོན་ཀྱང་དེའི་མཚན་ཉིད་ཙམ་རྗོད་པར་བྱེད་པས་སྐྱོན་མེད་དོ། །སྒྲ་ཇི་བཞིན་མ་ཡིན་པ་ནི་འཇིག་རྟེན་དང་བསྟན་བཅོས་ལས་ཕྱིར་གྱུར་པས་བསྐྱེད་པའི་རིམ་པ་ཙམ་ལ་ཡང་སྟོན་པར་བྱེད་པའི་ནུས་པ་མེད་ན་ཡང༌། ཡན་ལག་ལྔ་དང་ལྡན་པའི་རྫོགས་པའི་རིམ་པ་ལག་ལས་འགྱུར་ཏེ། བརྡ་ཙམ་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་མཐའ་དྲུག་ལས་བཤད་པ་རྣམ་པ་བཞི་པོ་ཐ་དད་པ་ཁོ་ནའོ། །འཆད་པས་ཞེས་བྱ་བ་ལ་སོགས་པ་འདིས་འཆད་པ་པོའི་རྒྱུན་བཤད་པ་ཡིན་ཏེ། གལ་ཏེ་འཆད་པ་པོས་གཞལ་བྱ་མ་ཤེས་ནས་སློབ་མ་རྣམས་ཀྱི་བསམ་པ་མ་ལོངས་ཤིང་བཤད་པར་བྱེད་ན། དེའི་


DTG032_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཐམས་ཅད་དཀྲུགས་པར་འགྱུར་རོ། །སློབ་མའི་དབྱེ་བ་ཡོངས་སུ་ཤེས་པས་བཤད་པ་སྣ་ཚོགས་པ་བྱེད་པ་ལ་བརྩོན་པའི་འཆད་པ་པོ་ཡོད་ན། ཐམས་ཅད་མཛེས་པར་བྱེད་པས་འཆད་པ་པོའི་རྒྱན་ཡིན་ནོ། །འདོད་པ་ནི་སྨོན་པ་སྟེ་སྲིད་པའི་དོན་དུ་ལུང་སྦྱར་རོ། །གལ་ཏེ་འཆད་པ་པོས་བཤད་པར་འདོད་པ་དེའི་ཚེ་དབྱེ་པ་གཉིས་ཀྱིས་ཉན་དུ་གཞུག་པའི་ཕྱིར་བཤད་པར་བྱའོ། །དེ་ལ་དབྱེ་བ་གཉིས་ནི་ཚོགས་པ་ལ་བཤད་པ་དང༌། སློབ་མ་ལ་བཤད་པར་བསྟན་པའོ། །དེ་ལ་ཚོགས་ཀྱི་ནང་དུ་གསང་བའི་དོན་གབ་པར་བྱས་ལ་བཤད་པ་གང་ཡིན་པ་དེ་ནི་ཚོགས་ལ་བཤད་པའོ། །དབང་པོ་རྣོ་བའི་གང་ཟག་རྣམས་ལ་ཤིན་ཏུ་གསལ་བའི་དེ་ཁོ་ན་ཉིད་རབ་ཏུ་བསྟན་པ་ནི་སློབ་མ་ལ་བཤད་པའོ། །དེ་ལ་དང་པོ་རྣམ་པ་ལྔ་སྟེ། ཇི་བཞིན་སྒྲ་ནི་སྒྲའི་རྒྱན་ནོ། །དགོངས་མིན་ནི་དོན་གྱི་རྒྱན་ནོ། །དྲང་བའི་དོན་ནི་དོན་གྱི་རྒྱན་ནོ། །ཡི་གེའི་དོན་ནི་སྒྲའི་རྒྱན་ནོ། །དེ་ལྟར་ཡི་གེའི་དོན་དང་སྒྲ་ཇི་བཞིན་པ་སྒྲའི་རྒྱན་དག་དང༌། དྲང་བའི་དོན་དང་དགོངས་པ་མ་ཡིན་པ་དང༌། སྤྱིའི་དོན་རྣམས་ནི་དོན་གྱི་རྒྱན་ཏེ་ཚོགས་པ་ལ་བཤད་པ་ཡིན་ཏེ་བསྐྱེད་པའི་རིམ་པ་ཙམ་སྟོན་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དབང་པོ་དམན་པས་རྟོགས་པར་བྱེད་པའི་དེ་ཁོ་ན་ཉིད་གསལ་བར་བཤད་པ་དགོངས་པ་མ་ཡིན་ནོ། ཇི་ལྟར་ཚོགས་པ་ལ་བཤད་པར་འགྱུར། སྨྲས་པ། རྣམ་པར་དག་པ་ཙམ་སྟོན་པར་བྱེད་པས་སམ། རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པ་སྟོན་པས་ན་སྐྱོན་མེད་དོ། །གལ་ཏེ་རེས་འགའ་ཞིག་དགོངས་པ་མ་ཡིན་པས་རིམ་པ་ལྔའི་ནང་ནས་གང་ཡང་རུང་བ་སྟོན་པར་བྱེད་ན་དེའི་ཚེ་ཚོགས་པ་ལ་བཤད་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་བྱ་མཇུག་རིངས་འཕུར་བས་སྦྲུལ་དུ་མི་འགྱུར་རོ། །ཇི་བཞིན་མིན་སྒྲ་ནི་སྒྲའི་རྒྱན་ནོ། །ངེས་དོན་ནི་དོན་གྱི་རྒྱན་ནོ། །དགོངས་ཏེ་བཤད་པ་ནི་སྒྲའི་རྒྱན་ནོ། །སྦས་པ་དང་མཐར་ཐུག་པ་དག་ནི་དོན་གྱི་རྒྱན་ཡིན་ཞེས་སློབ་མ་ལ་བཤད་པ་དབྱེ་བ་ལྔ་སྟེ། རྫོགས་པའི་རིམ་པ་བསྟན་པར་བྱེད་པའི་ཕྱིར་རོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། ཞེས་པ་འདིས་ལུང་གི་ཚད་མ་བསྟན་ཏོ། །


DTG032_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མདོར་བསྡུས་ཏེ་འདུལ་བྱ་རྣམས་ལ་ནི་གང་ཟག་རྣམས་ལ་རིམ་པ་གཉིས་ལ་བརྟེན་ཏེ་སྔོན་དུ་བཤད་པའི་དབྱེ་བ་བདེ་བར་གཤེགས་པ་རྣམས་ཀྱིས་གསུངས་སོ། །ཉན་པ་པོའི་རྒྱན་བསྟན་པར་བྱ་བའི་ཕྱིར། རྣམ་པ་ཀུན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །འཇིག་རྟེན་ན་ནི་ངེས་གྱུར་པས། །ཞེས་པ་ལ། རིགས་སོ་སོར་ངེས་པ་ཅན་ནོ། །དེ་བས་ན་ལྔ་ཡིན་ཏེ། བྱང་ཆུབ་སེམས་དཔའི་རིགས་ཅན་གཅིག་པུར་ཅིའི་ཕྱིར་མ་གསུངས་ཤེ་ན། རྣམ་པ་ཀུན་ཏུ་ཉན་འདོད་པའི། ཞེས་པས་ནི་ཐོས་པ་ལ་འཇུག་པ་བཏང་སྙོམས་བྱ་བར་མི་རིགས་པའི་ཕྱིར་རོ། །བློ་ཡི་རྣམ་པ་དཔག་མེད་ཕྱིར། །ཞེས་པ་ནི་རིགས་སོ་སོར་ངེས་པའི་རྒྱུ་ཡིན་པས་སོ། །ཨུཏྤལ་དང་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པའོ། །རང་བཞིན་ཐ་དད་མིང་ཅན་དེ། །ཞེས་པ་དོན་དང་ལྡན་པའི་མིང་འཛིན་པའོ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །ཞེས་པ་འདིས་རང་བཟོ་བཀག་པའོ། །དེ་ནི་མ་ལུས་དོན་ཐོས་ནས། །ཞེས་པ་ནི་རྒྱས་པར་བསྟན་པའོ། །དོན་མ་ལུས་པ་ནི་གཞལ་བར་བྱ་བའི་དངོས་པོ་སློབ་དཔོན་གྱི་ཞལ་ནས་ཐོས་ཏེ། འཛིན་པ་ལ་ནི་རྣམ་པར་མཁས། །ཞེས་པ་ནི་ཕྱིན་ཅི་མ་ལོག་པར་འཛིན་པར་བྱེད་དོ། །སྐད་ཅིག་གིས་ནི་བརྗེད་གྱུར་པ། །ཞེས་པ་ནི། དེ་ནས་ལངས་ཏེ་ཅང་མི་དྲན་པའོ། །དེ་བས་ན་ཨུཏྤལ་ལྟར་ཨུཏྤལ་ཏེ། གང་གི་ཕྱིར་མཚོན་གནས་པའི་ཨུཏྤལའི་དྲི་དང་ཁ་དོག་ཡོད་དེ། དེ་ནས་བཅད་མ་ཐག་ཏུ་དྲི་མེད་པ་དང་མདོག་ཡལ་ལོ། །གཟུང་བྱ་ལྷག་པར་མང་ཐོས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་འདིས་པདྨ་དཀར་པོ་བསྟན་ཏོ། །གཟུང་བྱ་ནི་ཆོས་ཀྱི་དོན་ནོ། །ལྷག་པ་ནི་ཆོས་གྲོགས་པོ་ལས་ཁྱད་པར་དུ་གྱུར་པའོ། །དེ་ཉིད་མང་དུ་ཐོས་ནས་འཛིན་ཅིང་དྲན་པས་ཀྱང་བྱེད་དོ། །སྟོན་པ་ཡིས་ནི་ནུས་མེད་པ། །ཞེས་པ་ནི་ཐོས་ནས་ཀྱང་བཤད་པའི་དུས་སུ་ཕྱོགས་དང་གཏན་ཚིགས་དང་དཔེ་དང་བཤད་པའི་རྒྱུད་དང་ཡན་ལག་གི་རྒྱུད་ཀྱི་རིམ་པས་སོ་སོར་སྟོན་པར་མི་ནུས་པ་སྟེ། སྐྱེ་བས་ཐོབ་པའི་ཤེས་རབ་མེད་པའི་ཕྱིར་དང༌། ཆོས་ལ་དམིགས་པ་ལས་བྱུང་བའི་ཤེས་རབ་དམན་པའི་ཕྱིར་ཞེས་


DTG032_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སོ། །བུམ་པའི་རས་བལ་ཞེས་བྱ་བའི་དཔེ་ཡིན་ཏེ། དེས་ན་བུམ་པ་གནས་པའི་རས་བལ་གྱི་ས་བོན་ལས། མྱུ་གུ་ལ་སོགས་པ་མི་འབྱུང་དོ་ཞེས་ཐ་ཚིག་གོ །འདྲ་བ་ནི་པདྨ་དཀར་པོའི་གང་ཟག་ཀྱང་དེ་དང་འདྲ་བ་ཡིན་ཏེ་པདྨ་དཀར་པོའི་དྲི་རང་གི་ལྟེ་བར་འཁོར་ཞིང་ཕྱིར་སྤྲོ་བ་མེད་དོ། །པདྨ་བསྟན་པར་བྱ་བའི་ཕྱིར། དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཞེས་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་དད་པའོ། །དེས་ནི་དགེ་བ་ཅན་ཡིན་བཞིན་དུ་རྣལ་འབྱོར་བ་ལ་སྲུང་བར་བྱེད་པ་སྟེ། བདེན་པ་དང་དཀོན་མཆོག་གསུམ་ལ་སོགས་པ་རྣམས་ལ་མངོན་པར་དད་པའོ། །ཤེས་པ་ནི་ཡང་དག་པར་རྟོགས་པའོ། །སྙིང་རྗེ་ནི་ཐོས་པ་ལ་སོགས་པའི་འབྲས་བུ་དེ་དང་ལྡན་པའོ། །ཐོས་པ་བློ་ལ་རྒྱས་པར་གྱུར་པ་ཞེས་པ་ནི་སློབ་དཔོན་གྱི་ཞལ་ནས་གང་ཐོས་པ་དེ་ཉིད་སེམས་ཀྱི་རྒྱུད་དུ་རིགས་པ་རྣམ་པ་བཞིས་འཕེལ་བར་གྱུར་པའི་དང་ཚུལ་ཅན་ནོ། །དེ་བཞིན་དུ་འཆད་པའི་དུས་སུ། །ཚིགས་མེད་འོད་མ་བཞིན་དུ་འཛག །ཅེས་པ་ནི་ཆོས་ཐམས་ཅད་གཏོང་བར་བྱེད་པའོ། །དེ་ནི་པདྨར་བཤད་པ་ཡིན་ཏེ། པདྨའི་ལྟེ་བར་ཡོད་པའི་ཟིལ་བ་རྣམས་ཉི་མས་ཁ་ཕྱེ་མ་ཐག་ཏུ་འཐོར་བར་བྱེད་དོ། །ཙནྡན་བསྟན་པར་བྱ་བའི་ཕྱིར། ཐོས་པ་ཉུང་ཞིང་ཞེས་སྨོས་ཏེ། སློབ་དཔོན་གྱི་ཞལ་ནས་ཐོས་པ་མང་དུ་མ་ཐོས་པའོ། །གལ་ཏེ་མཁས་པ་གཞན་གང་ཞིག་གིས་སྐུལ་བར་བྱེད་ན་ཀྱེ་གདོང་བཟང་འབད་པར་གྱིས་ཤིག །ཇི་སྲིད་འདོད་པར་བདག་གིས་ཁྱོད་ལ་ཐམས་ཅད་བཤད་པར་བྱ་ཞེས་ཐོས་ནས་སྨྲ་ན་བདག་གིས་ཐམས་ཅད་ཤེས་པས་ཆོས་གཞན་ཐོས་པས་བདག་ལ་དགོས་པ་མེད་དོ་ཞེས་ཁྲོས་ནས་ལངས་ཏེ་འགྲོ་བ་ནི་ང་རྒྱལ་ལྡན་པའོ། །ཇི་སྐད་དུ། ཐོས་པའི་རྗེས་སུ་འབྲང་བ་གང་ཞིག་བློ་ལྡན་ཉིད། །ཐོབ་ནས་ཐོས་པ་ཉིད་ལ་བཏང་སྙོམས་གང་བྱེད་པ། །ཐོས་པ་སྣ་ཚོགས་རྣམ་པ་དཔག་མེད་ལུས་པ་ན། །རྨོངས་པ་དེ་ནི་ངེས་པ་སྐྱེ་བར་ག་ལ་འགྱུར། །ཞེས་འབྱུང་ངོ༌། །གལ་ཏེ་ང་རྒྱལ་ལྡན་པ་ཡིན་ན་དེ་སྐྱོན་མེད་དུ་ཆུག་ན་གལ་ཏེ་བཤད་པའི་དུས་སུ་མང་དུ་སྨྲ་སྟེ་སྐྱོ་བ་སྐྱེད་པར་བྱེད་དོ། །གལ་ཏེ་རིགས་པ་སྨྲ་ན་དེའི་ཚེ་སྐྱོན་མེད་དོ། །འོན་ཀྱང་རྩ་བ་མེད་པར་ནི་མདོ་


DTG032_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་ཤིང་བསྟན་པ་གཞན་དང་བསྲེས་ཏེ་རང་གི་གྲུབ་པའི་མཐའ་དང་བྲལ་བར་སྨྲ་ཞེས་བྱ་བའི་ཐ་ཚིག་གོ །སྐྱོན་དེ་བསལ་བར་བྱ་བའི་ཕྱིར་ཐོས་པའི་སྣོད་དུ་རུང་བར་གལ་ཏེ་བྱས་ན་དེ་ཡང་མི་ནུས་ཏེ། ང་རྒྱལ་དང་ལྡན་པའི་ཕྱིར་རོ། །ཇི་སྐད་དུ། མི་ཤེས་པ་ནི་བདེ་བར་མགུ་བྱ་སྟེ། །ཁྱད་པར་ཤེས་པ་ཤིན་ཏུ་མགུ་བར་སླ། །དུམ་ཅིག་ཤེས་པས་ཁེངས་པ་གང་ཡིན་པ། །སངས་རྒྱས་ཀྱིས་ཀྱང་མགུ་བར་བྱེད་མི་ནུས། །ཞེས་འབྱུང་ངོ༌། །དེ་ནི་ཙནྡན་ཞེས་བྱ་བ་སྟེ་ཙནྡན་ནི་རང་བཞིན་གྱིས་འབྲས་བུ་མེད་པ་དང་མཆེ་བའི་དུག་ཅན་གྱི་སྦྲུལ་རྣམས་ཀྱིས་བསྐོར་བའི་ཕྱིར་དེའི་གམ་དུ་གང་གིས་ཀྱང་མི་ཉེ་བས་རྗེས་སུ་གཟུང་བར་མི་ནུས་སོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བྲལ་བའི་ཕྱིར་རོ། །བདག་གི་དོན་དང་གཞན་གྱི་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ། །རིན་པོ་ཆེ་བསྟན་པར་བྱ་བའི་ཕྱིར། །ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་མི་རྒྱུ་རྣམས་ཀྱི་རྟེན་ས་གཞི་བཞིན་དུ་ཡོན་ཏན་ཐམས་ཅད་ཡི་གཞི་ནི་ཚུལ་ཁྲིམས་དེ་དང་ལྡན་པའོ། །དག་པ་ནི་གཡོ་སྒྱུ་མེད་པའོ། །མཁས་པ་སྒྲིན་ཞེས་བྱ་བ་ནི་དགེ་བའི་ལས་རྣམས་ལ་བརྩོན་ཞིང་ཡོངས་སུ་ཤེས་པའོ། །ཤེས་རབ་ལྡན་ཞིང་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་ཡོད་པའི། །རྒྱུད་གཅིག་པ་ནི་ལན་གཅིག་གཞན་གྱིས་བརྗོད་པའི་གཞལ་བྱ་ཐོས་ནས་ཇི་སྲིད་འཚོ་བའི་བར་དུ་འཛིན་ཅིང་དྲན་པའོ། །ཐོས་ནས་ལེགས་པར་སྟོན་པ་ནི། །ཞེས་པ་ལ། ཇི་ལྟར་སློབ་དཔོན་གྱི་ཞལ་ནས་ཐོས་པ་དེ་བཞིན་དུ། བཤད་པའི་རྒྱུད་ལ་སོགས་པ་དང་བཅས་པ་མ་ནོར་བར་སྟོན་པ་དེ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་སྟེ་རེ་བ་ཐམས་ཅད་རྫོགས་པར་བྱེད་པ་དང་རིན་ཐང་མེད་པའི་ཕྱིར་རོ། །ཡང་ན་སྔོན་དུ་བཤད་པའི་ཡོན་ཏན་གྱི་ཚོགས་རིན་ཆེ་བའོ། །དེ་དང་ལྡན་པའི་ཕྱིར་རིན་པོ་ཆེའོ། །གང་ཟག་དེ་རྣམས་རྣམ་པ་གཉིས་སུ་བསྟན་པར་བྱ་བའི་ཕྱིར་ཨུཏྤལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཟག་བཞི་པ་འདི་དག་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །བསྐྱེད་པའི་རིམ་པ་གཙོར་གྱུར་པའི་ཚོགས་ཀྱི་བཤད་པའི་སྣོད་དུ་རུང་བ་ཡིན་གྱིས་གཞན་གྱི་ནི་མ་ཡིན་ཞེས་ཚིག་གི་ལྷག་མའོ། །དེ་ལྟ་ན་ཙནྡན་ཞེས་


DTG032_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བེམས་པའི་རིགས་ཅན་དེ་ཅིའི་ཕྱིར་བཤད་པའི་སྣོད་དུ་རུང་བར་འགྱུར་ཞེ་ན། སྨྲས་པ། རྣམ་པ་ཀུན་ཏུ་ཉན་འདོད་པ། །ཞེས་སྔོན་དུ་བཤད་དེ་ཉན་པ་ལ་འཇུག་པ་ནི་བཏང་སྙོམས་ཀྱི་གནས་མ་ཡིན་པ་དང༌། རྗེས་སུ་གཟུང་བར་བྱ་བ་ཡིན་པས་སོ། །གང་གི་ཕྱིར་གསང་བ་འདུས་པ་འདི་ལ་ནི། རིགས་ངན་དང༌། སྨྱུག་མ་མཁན་ལ་སོགས་པ་ཡང་སྣོད་དུ་རུང་བར་འགྱུར་ན། ཆོས་ཐོས་པ་ལ་སོགས་པའི་རིམ་གྱིས་འཇུག་པ་ནི་ལྟ་སྨོས་ཀྱང་ཅི་དགོས། དེའི་ལྟ་བ་ལོག་པ་ཙམ་རིམ་གྱིས་བསལ་བར་ནུས་ཀྱི་དེ་ཉིད་ཀྱི་ཕྱིར་རྫོགས་པའི་རིམ་པའི་སྣོད་མ་ཡིན་ནོ། །གང་གི་ཚེ་སྐས་ཀྱི་རིམ་པའི་རིགས་པས་བསྐྱེད་པའི་རིམ་པ་མཐར་ཕྱིན་ན་དེའི་ཚེ་ཙནྡན་ལྟ་བུ་ཡང་རྫོགས་པའི་རིམ་པའི་སྣོད་དུ་འགྱུར་རོ། །དེས་ན་རྣམ་པ་ཐམས་ཅད་དུ་དེ་ལ་བཏང་སྙོམས་བྱ་བ་མ་ཡིན་ནོ། །རྫོགས་པའི་རིམ་པའི་ཞེས་བྱ་བ་ལ་སོགས་པ་ནི་འདི་སློབ་མ་ལ་བཤད་པའི་སྣོད་དུ་རུང་བ་གཅིག་པུ་ཁོ་ན་ཞེས་དམ་བཅའ་བའོ། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ་ནི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་བརྒྱན་པ་ཞེས་ཁྱད་པར་གྱི་སྒོ་ནས་གཏན་ཚིགས་སོ། །ད་ནི་སློབ་མ་བརྟགས་པས་བཤད་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། གང་ཟག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཟག་གང་ཡིན་པ་དང་ཇི་ལྟ་བུའི་ཤེས་པ་དང་ལྡན་པ་ཞེས་ཡོངས་སུ་བརྟགས་ཏེ་སྣོད་དང་སྣོད་མིན་ཞེས་པ་ལ་ཡོན་ཏན་ཅན་དང་ཡོན་ཏན་ཅན་མ་ཡིན་པ་ཤེས་ནས། རྡོ་རྗེ་སློབ་དཔོན་མཁས་པ་ནི། །ཞེས་པ་ལ། དེ་རྣམས་ཀྱི་བསམ་པ་དང་བག་ཆགས་ལ་སོགས་པའི་དབྱེ་བཤེས་པས་སོ། །བཤད་པ་རྣམ་པ་གཉིས་བྱའོ། །ཞེས་པ་ནི་སྔར་བཤད་པའི་བཤད་པ་བྱ་བ་ཡིན་ཏེ། གཞན་དུ་ན་ཐམས་ཅད་དཀྲུགས་པར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ཁྱབ་པར་བྱེད་པ་བསྡུ་བའི་རྒྱན་བསྟན་པར་བྱ་བའི་ཕྱིར། རྒྱན་ནི་དྲུག་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གླེང་གཞི་ལ་སོགས་པ་དྲུག་གིས་རྒྱུད་ཀྱི་ལུས་ངེས་པར་བྱས་པས་སོ། །བདེན་གཉིས་རྣམ་པར་ངེས་བྱས་པ། །ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཏིང་ངེ་འཛིན་སོ་སོར་བསྟན་པའོ། །དེ་ནི་རྒྱན་འགྱུར་བདུན་པ་སྟེ། །ཞེས་པ་


DTG032_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལས་གཞན་པའི་རྒྱན་མི་དགོས་ཏེ་བསླབ་པར་བྱ་བ་མེད་པས་སོ། །རྫོགས་པའི་རིམ་པ་སྒྲུབ་བའོ། །ཞེས་པ་ནི་རྡོ་རྗེའི་སྐུ་རྣམ་གྲངས་ཅན་ཆོས་ཀྱི་དབྱིངས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཇི་ལྟར་གྱུར་པའི་ཚུལ་ཞེས་བྱ་བ་ལ་སོགས་པའི་སྒྲས་བརྗོད་པ་སྟེ་འབྲས་བུར་གྱུར་པའི་ཕྱིར་རོ། །དེ་ལྟ་ན་ཟུང་དུ་འཇུག་པ་རབ་ཏུ་བསྟན་པ་ནི་མཐར་ཐུག་པའི་རྣམ་པ་གཉིས་པ་འདི་ཡིན་ན། དེ་ཅིའི་ཕྱིར་རྫོགས་པའི་རིམ་པ་སྒྲུབ་པར་བྱེད་པའི་རྒྱན་གཞན་བཤད་ཅེ་ན། དེ་ནི་བདེན་གྱི་རྒྱས་པར་བཤད་པ་དང་མངོན་དུ་བྱེད་པ་དག་གིས་བྱེ་བྲག་ཡོད་དོ། །དགོངས་པ་ནི་མཐར་ཐུག་པས་ནི་ཟུང་དུ་འཇུག་པའི་རྒྱས་པར་བཤད་པ་དང་མཚན་ཉིད་སྟོན་ཏོ། །དེ་བས་ན་ཟུང་དུ་འཇུག་པ་ལ་རྟོགས་པ་ཞེས་བཤད་ཀྱི་ཐོབ་པ་ནི་མ་ཡིན་ནོ། །འདིར་ནི་བསྟན་བཅོས་ཀྱི་དོན་མ་ལུས་པ་ཡོངས་སུ་བརྟགས་པས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དུ་གྱུར་ཏེ། ཐོས་པ་དང་བསམ་པའི་ཤེས་རབ་དག་ལས་བསྒོམ་པའི་རང་བཞིན་ཁྱད་པར་དུ་འཕགས་པ་ཡིན་པས་མངོན་དུ་བྱེད་པའི་དབང་གིས་རྒྱན་འདི་ཐ་དད་པ་ཁོ་ནའོ། །ད་ནི་གཞུང་གི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཞེས་སྨོས་ཏེ། རྡོ་རྗེ་ཕྲེང་བ་ལ་སོགས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་བས་སོ། །སྨྲས་བཤད་ཤིན་ཏུ་རྙེད་བར་དཀའ། །ཞེས་པ་ནི་སྨྲས་པ་དེ་ཉིད་བཤད་པ་ནི་བསྟན་བཅོས་ཀྱི་དོན་མ་ལུས་པ་ཡོངས་སུ་མ་བརྟགས་ན་རྙེད་པར་དཀའ་བའོ། །དེས་ནི་སྒྲ་ཇི་བཞིན་པ་ལ་བརྟེན་ཏེ་བཤད་པ་པོ་གཞན་རྣམས་ལ་སུན་འབྱིན་པའོ། །དེའི་ཕྱིར། རྣལ་འབྱོར་རྒྱུད་རྣམས་འདི་ཉིད་ཀྱིས། །དྲངས་ཏེ་བཤད་པ་གཞན་གྱིས་མིན། །ཞེས་པ་ནི་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ནི་བཤད་པ་འདི་ཉིད་ཀྱིས་བཤད་པར་རིགས་སོ། །གཞན་དུ་མིན་སྒྲ་ཇི་བཞིན་པ་ཙམ་གྱིས་ནི་མ་ཡིན་ནོ། །ཉེ་བར་སྡུད་པའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སློབ་དཔོན་ནི་ཡང་དག་པའི་དབང་བསྐུར་བ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དང་ལྡན་པ་ལས་སོ། །བཤད་པའི་རྒྱུད་ལ་མཁས་པ་ལས་ནི་རྡོ་རྗེ་སློབ་དཔོན་གྱི་ཁྱད་པར་རོ། །གླེང་གཞི་ནི་བསྐྱེད་པའི་རིམ་པའོ། །རིམ་པ་ནི་རྫོགས་པའི་རིམ་པ་སྟེ། དེ་དག་གི་སྦྱོར་བ་ནི་


DTG032_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་འབྲེལ་པའོ། །ཡིས་ནི་བྱེད་པའི་previous hit གསུམ་པའོ། །དེའི་སྒོ་ནས་བཤད་པའི་རྒྱུད next hit་ལ་མཁས་པའི་རྡོ་རྗེ་སློབ་དཔོན་གང་ཡིན་པ་དེ་ལས་སོ། །འབད་དེ་ནི་ཐོས་པ་ལ་སོགས་པའི་རྩོལ་བས་སོ། །རྣལ་འབྱོར་རྒྱུད་རྣམས་གཟུང་ཞེས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་མཉན་པར་བྱ་བའོ། །དེ་ལྟ་ན་རིམ་པའི་སྒྲས་ནི་བསྐྱེད་པ་དང་རྫོགས་པ་གཉིས་ཀ་བརྗོད་ན། འདིར་རྫོགས་པ་གཅིག་པུ་ཇི་ལྟར་བརྗོད་ཅེ་ན། སྨྲས་པ་གླེང་གཞིའི་སྒྲ་གང་དུ་ཡོད་པས་དེའི་ཕྱིར་གླེང་གཞིའི་སྒྲས་ནི་བསྐྱེད་པའི་རིམ་པ་བརྗོད་དོ་ཞེས་དོན་གྱི་ཤུགས་ཀྱིས་རིམ་པའི་སྒྲས་རྫོགས་པའི་རིམ་བརྗོད་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་སྤྱིའི་སྒྲ་རྣམས་ནི་རྒྱུད་རྣམ་པ་བཞིས་ཁྱད་པར་ཅན་དུ་འགྱུར་ཏེ། དོན་དང་རྟགས་དང་རབ་ཏུ་བྱེད་པ་དང་སྒྲ་གཞན་དང་འགྲོགས་པས་སོ། །དེ་ལ་དོན་གྱིས་ནི་དཔེར་ན་བཟའ་བ་པོ་འདི་ཡིན་ནོ་ཞེས་འདིས་ཐམས་ཅད་བཟའ་བ་པོ་ཡིན་པས་བཟའ་བ་པོའི་སྒྲས་དོན་གྱི་ཤུགས་ལས་ཁྱད་པར་སྟོན་ཏེ། དེས་ན་མང་པོ་ཟ་ཞེས་རྟོགས་པར་བྱའོ། །རབ་ཏུ་བྱེད་པས་ནི་དཔེར་ན་སེན་ད་བ་ཁྱེར་ལ་ཤོག་ཅེས་པས་ཚང་བ་ངན་གནས་པའི་མིས་ཚྭ་འོང་ངོ༌། །གཡུལ་ངོར་གནས་པའི་མིས་སྨྲས་ན་རྟ་འདོད་པ་ཡིན་ནོ། །རྟགས་ཀྱིས་ནི་གོ་ཞེས་འདིས་རྟགས་གཉིས་ཀ་ཅན་ཡིན་ཡང་བུད་མེད་ཀྱི་རྟགས་ཀྱི་རྐྱེན་དང་གཞི་མཐུན་པས་བུད་མེད་ཀྱི་དོན་ལ་འཇུག་གོ །དཔེར་ན་གོ་ཨི་ཡཾ་ཞེས་པས་མོ་བསྟན་ཏོ། །གོ་ཨ་ཡི་ཞེས་པས་ཕོ་བསྟན་ཏོ། །སྒྲ་གཞན་དང་འགྲོགས་པ་ནི་པ་ཡང་འོངས་པ་དང་གླང་རྣམས་ཀྱང་འོངས་སོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །རྒྱན་རྣམ་པ་བདུན་བཤད་པའི་རིགས་པའོ་ཞེས་པ་འདིས་རྒྱན་གྱི་བཤད་པ་རྫོགས་ཞེས་བསྟན་པའོ། །ད་ནི་ལེའུ་བཅུ་བདུན་གྱིས་བསྡུས་པའི་དོན་བཤད་པར་བྱ་ཞེས་བྱ་བ་ལ། དེའི་དགོངས་པ་ནི་previous hit རྒྱུད་ཀྱི་དོན་ནི་རྣམ་པ་གསུམ next hit་སྟེ། ཚིག་གི་དོན་དང༌། ངག་གི་དོན་དང༌། བསྡུས་པའི་དོན་ནོ། །དེ་ལ་ཚིག་གི་དོན་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་བཤད་པའོ། །ངག་གི་དོན་ནི་ལེའུ་སོ་སོ་དག་ཏུ་ཡོད་པའི་ངག་རྣམས་ཀྱིས་བརྗོད་པར་བྱ་


DTG032_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོ་སོར་བསྟན་པའོ། །བསྡུས་པའི་དོན་ནི་ལེའུ་དེ་རྣམས་ཀྱིས་བརྗོད་པར་བྱ་བ་ནི་འདི་ཡིན་ཏེ་ཞེས་བརྟག་པ་ན་བསྡུས་ཏེ་དོན་སོ་སོར་བསྟན་པའོ། །དེ་ལ་བསྡུས་པའི་དོན་ངེས་པ་ལས་ཚིག་གི་དོན་དང་ངག་གི་དོན་དག་ནི་བདེ་བར་རྟོགས་པས་དང་པོ་བསྡུས་པའི་དོན་སྨྲ་བར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྗོད་པ་དང་བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་ཞེས་པའི་དོན་ནི་འདི་ཡིན་ཏེ། རྗོད་པ་ནི་རྒྱུད་ཀྱི་ཚིག་རྣམས་སོ། །བརྗོད་པར་བྱ་བ་ནི་རིམ་པ་གཉིས་སོ། །དེ་དག་གི་བདག་ཉིད་ནི་ངོ་བོ་གང་ལ་ཡོད་བརྗོད་པ་དང༌། བརྗོད་པར་བྱ་བའི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཞེས་བསྟན་ཏོ། །གང་གི་ཕྱིར་རྒྱུད་ཀྱི་ཚིག་རྣམས་དང་དེ་ལས་ཉེ་བར་དམིགས་པའི་དོན་གྱི་ཁྱད་པར་བསྒོམས་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་སྐུ་ཉིད་ཐོབ་པར་འགྱུར་རོ། །སྒྲ་དང་དོན་གྱི་ངོ་བོ་རྡོ་རྗེ་སེམས་དཔའ་ཁོ་ནའོ། །གང་གི་ཕྱིར་ལྟེ་བ་ན་གནས་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་འོད་གསལ་བ་ལས། སྲོག་གི་རླུང་ལངས་ཏེ་གནས་བརྒྱད་དང་ཕྲད་པས་ཡི་གེ་རྣམས་འབྱུང་བར་འགྱུར་ཏེ་དེ་དག་གི་ཚིག་རྣམས་སོ། །དེ་དག་གིས་ཀྱང་ངག་བསྐྱེད་ཅིང་དེ་ལས་ཀྱང་རྒྱུད་དང་རབ་ཏུ་བྱེད་པ་ལ་སོགས་པ་སྒྲའི་ཚོགས་ཐམས་ཅད་རྒྱུ་དང་རྗེས་སུ་མཐུན་པ་ཉིད་ཡིན་ནོ། རྒྱུ་དེ་ཡང་འོད་གསལ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །ཡང་ན་བརྗོད་པ་ནི་རྒྱུད་ཀྱི་མིང་སྟེ་གསང་བ་འདུས་པ་ཞེས་བྱའོ། །དེས་ནི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དེ་རྡོ་རྗེ་སེམས་དཔའ་ཞེས་བསྟན་པར་འགྱུར་རོ། །བརྗོད་པར་བྱ་བ་ནི་རིམ་པ་གཉིས་ཏེ། དེ་ལས་བསྐྱེད་པའི་རིམ་པ་ཞེས་བྱ་བ་དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་ངོ་བོ་རྡོ་རྗེ་འཛིན་པའོ། །རྫོགས་པའི་རིམ་པ་ཡང་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པའི་མཚན་ཉིད་དོ། །དེ་ལ་རྒྱུ་དང་འབྲས་བུའི་ངོ་བོ་ཟུང་དུ་འཇུག་པ་ལྔ་པའི་ཏིང་ངེ་འཛིན་ལས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བ་དེ་ཡང་རྡོ་རྗེ་འཆང་ཉིད་དོ། །བཅོམ་ལྡན་འདས་དེས་ལེའུ་དང་པོ་ལས་ལྷའི་རྣལ་འབྱོར་རྣམ་པ་གཉིས་བསྟན་ཏོ་ཞེས་འབྲེལ་


DTG032_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །སྤྲུལ་པའི་དཀྱིལ་འཁོར་དུ་ཞེས་པ་ནི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བར་རོ། །ཉན་པའི་བསྐལ་པ་ཞེས་བྱ་བ་ལ་སོགས་པ་ནི་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པའི་ཕྱུང་བའི་སྔགས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་སྤྲོས་ཏེ། དེ་ཉིད་ལ་རིག་མའི་དབང་བསྐུར་བ་བྱིན་ནས་ཞེས་པ་ནི་རིག་མའི་ཆོས་འབྱུང་བར་དབང་བསྐུར་བ་ནི་རིག་མའི་དབང་ངོ༌། །བྱང་ཆུབ་ཀྱི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །བྱིན་ནས་ནི་བྱིན་གྱིས་བརླབ་པར་བྱས་ནས་སོ། །དྲང་བ་དང་ངེས་པའི་དོན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བརྟགས་པའི་རིམ་པ་ནི་དྲང་བའི་དོན་གྱིས་སོ། །རྫོགས་པའི་རིམ་པ་ནི་ངེས་པའི་དོན་གྱིས་སོ། །ལེའུ་བཅུ་དྲུག་པ་ལས་དོན་གཞན་དག་རྙེད་པས་ཞེས་པ་ནི་དེ་ལ་ཡང་དོན་དེ་ཉིད་བསྟན་ཏོ། །དེ་ལྟ་ན་བཅུ་དྲུག་པ་དང་ལེའུ་དང་པོ་དག་གི་བྱེ་བྲག་གང་ཡིན་ཞེ་ན། དོན་གཞན་དག་རྙེད་ནས་ཞེས་སྨོས་ཏེ། དེ་དང་འདྲ་བའི་དོན་བླངས་པ་ཡིན་གྱི་དེ་ཉིད་ནི་མ་ཡིན་ནོ་ཞེས་དགོངས་པའོ། །ལྷའི་རྣལ་འབྱོར་རྣམ་པ་གཉིས་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་དེ་ཉིད་རྟོགས་པ་དང་རྫོགས་པའི་རིམ་པར་བྱེད་པའི་ཐབས་སོ་སོར་བསྟན་ཞིང་གསུངས་པའོ། །དེའི་དགོངས་པ་ནི་རྒྱལ་བུ་དོན་ཐམས་ཅད་གྲུབ་པས་བྱང་ཆུབ་སེམས་དཔའི་གནས་སྐབས་ལས་འདས་ཏེ་རྡོ་རྗེ་འཆང་བའི་སྐུ་ཐོབ་ནས་མ་འོངས་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ཏེ། སྤྱན་ལ་སོགས་པ་རིགས་ཀྱི་ལྷ་མོ་བཞི་དང་གཟུགས་རྡོ་རྗེ་ལ་སོགས་པའི་ཡུལ་གྱི་ལྷ་མོ་ལྔ་སྤྲོས་ཏེ། དེ་དང་ལྷན་ཅིག་ཏུ་བདེ་བ་ཆེན་པོ་དམ་པ་རྗེས་སུ་མྱོང་ནས་དེ་དག་ཁོ་ན་རང་གི་སྐུ་ལ་འཇུག་པར་མཛད་ཅིང་སླར་ཡང་དེ་བཞིན་གཤེགས་པ་ལྔའི་གཟུགས་སུ་ཕྱིར་སྤྲོས་ཏེ། རིན་པོ་ཆེ་སྣ་བདུན་གཞལ་ཡས་ཁང་པའི་ནང་དུ་བཞུགས་པ་དེ་ལ་དེ་རྣམས་ཀྱིས་གསོལ་བ་གདབ་པ་གསན་ནས་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པའི་དཀོན་པ་ཉིད་བསྟན་པར་བྱ་བའི་ཕྱིར་ཅང་མི་གསུང་བར་གྱུར་པས་སླར་ཡང་ཞུས་པར་གྱུར་ཏེ། དེ་ནས་དེ་དང་ནང་དུ་འཇུག་ཅིང་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པས་མི་བསྐྱོད་


DTG032_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ནང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྤྲོས་ནས་དེ་རྣམས་ལ་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ཏེ་དེ་ལས་ཀྱང་ཕྱིར་སྤྲོས་ཏེ། སེམས་ཅན་གྱི་དོན་བྱེད་དུ་བཅུག་ནས་ཤར་ཕྱོགས་སུ་འཁོར་གྱི་རྣམ་པར་དགོད་ཅིང༌། དབུས་ཀྱི་གཙོ་བོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་བཞུགས་པར་གྱུར་ཏོ། །ལེའུ་བཅུ་དྲུག་པ་ལས་གསང་བ་ལྔའི་ལྷའི་འཁོར་ལོའི་རིམ་པ་གཉིས་ཀྱིས་འཆད་པར་འགྱུར་རོ། །དེའི་ཕྱིར་ངག་གི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ནས་ཐུགས་ཀྱི་རྡོ་རྗེ་འཛིན་པའི་སྐུ་ལ་དམིགས་ཏེ། དཔལ་གསང་བ་འདུས་པའི་རྣལ་འབྱོར་གྱི་རྒྱུད་ཆེན་པོའི་རིམ་པ་གཉིས་རྗོད་པར་བྱེད་པ་བསྟན་པར་བྱ་བའི་ཕྱིར་དང་པོའི་ལེའུ་གསུངས་ཏེ། དེ་ལ་གཉིས་པ་ལས་ནི་ཞེས་པ་ནས་བརྩམས་ཏེ་དམ་ཚིག་དང་སྡོམ་པ་རབ་ཏུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་དོན་ནི་འདི་ཡིན་ཏེ། ལྷའི་རྣལ་འབྱོར་གཉིས་ཀྱིས་རྒོད་པ་སྐྱེས་པར་གྱུར་ན་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་འབའ་ཞིག་གཙོར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གཉིས་པ་བསྟན་ཏོ། །བསྐྱེད་པའི་རིམ་པ་ལས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་ཡན་ལག་གོ །རྫོགས་པའི་རིམ་པ་ལས་སེམས་རྣམ་པར་དག་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་གོ །དོན་དམ་པའི་བདེན་པ་འབའ་ཞིག་ལ་ཞུགས་པས་གཞན་གྱི་དོན་མི་འགྲུབ་པས་དེ་བསྒྲུབ་པར་བྱ་བའི་ཕྱིར། ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་རྗོད་པར་བྱེད་པ་ནི་ལེའུ་གསུམ་པ་བསྟན་ཏོ། །ཡོངས་སུ་དག་པའི་སྒྲ་ནི་རྣམ་པ་གཉིས་ཏེ། གཅིག་གིས་ནི་སྔགས་ཀྱི་སྐུ་བསྟན་པ་དང༌། གཉིས་པས་ཡེ་ཤེས་ཀྱི་སྐུ་བསྟན་ཏོ། །འདིར་ནི་གཉིས་ཀ་བཟུང་བ་ཡིན་ཏེ། དེས་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱི་དབུས་ཀྱི་གཙོ་བོ་བསྐྱེད་པ་ནི། །ཡན་ལག་དང་པོ་སྟེ་རྣལ་འབྱོར་དུ་བཤད་དོ། །ཡོངས་སུ་དག་པའི་སྒྲའི་ཡང་དོན་གཉིས་པ་ཉེ་བར་བླངས་པའི་ཕྱིར་ཕྲ་མོའི་རྣལ་འབྱོར་ཡང་རྣམ་པ་གསུམ་དུ་བཤད་དོ། །དེ་ཡང་རྫོགས་པའི་རིམ་པ་ལས་རྡོ་རྗེ་བཟླས་པ་ལ་འདུས་སོ། །སྐུ་རྫོགས་པ་ནི་དེ་བཞིན་གཤེགས་


DTG032_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར་ལེའུ་བཞི་པ་གསུངས་ཏེ། ཕྱིར་མི་ལྡོག་པ་དང་སློབ་མ་རྣམས་ལ་དབང་བསྐུར་བའི་ཆེད་དུ་ཐུགས་ཀྱི་དཀྱིལ་འཁོར་སོ་སོར་བསྟན་པའི་ཕྱིར་རོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཡན་ལག་གོ །དབང་བསྐུར་བ་ཐོབ་པས་རྣལ་འབྱོར་གྱི་སྤྱོད་པ་གསུམ་གྱིས་དངོས་གྲུབ་ཐོབ་པ་ཡང་ཡིན་ཞེས་དེའི་ཕྱིར་ལེའུ་ལྔ་པ་བསྟན་ཏོ། །ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཡན་ལག་གོ །ལེའུ་གསུམ་པ་ལས་བསྒྲུབས་པ་ལྷའི་རྣམ་པའི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པའི་ཕྱིར་ལེའུ་དྲུག་པ་བསྟན་ཏོ། །དད་པའི་སྦྱོར་བའི་ཡན་ལག་བཞི་པ་རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཉེ་བར་མཚོན་པ་ཡིན་ཏེ། དེ་ལ་ཡང་ཕྲ་མོའི་རྣལ་འབྱོར་ཞེས་བྱ་བ་རྫོགས་པའི་རིམ་པ་ཡང་བཤད་དོ། །ལེའུ་བདུན་པ་ལ་ནི་ཁྱད་པར་གང་ཡང་མེད་དོ། །འོན་ཀྱང་ལེའུ་ལྔ་པ་ལས་བཤད་པའི་རྣལ་འབྱོར་སྤྱོད་པའི་སྤྲོས་པ་ཉིད་བསྟན་ཏེ། ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཡན་ལག་གོ །གཙོད་པ་དང་མི་གཙོད་པའི་རྣམ་པར་རྟོག་པ་ཟློག་པ་མེད་པས་སྤྱོད་པའམ་སྔགས་ཀྱི་སྐུ་མི་འགྲུབ་པས་དེའི་ཕྱིར་གསང་བའི་དབང་བསྐུར་བ་སོ་སོར་བསྟན་པར་བྱེད་པ་ལེའུ་བརྒྱད་པ་གསུངས་སོ། །དཀྱིལ་འཁོར་གྱི་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་གི་ཡན་ལག་གོ །ནན་གྱིས་སྦྱོར་བའི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་འགྲུབ་ཅེས་ཤིན་ཏུ་རྨད་དུ་འབྱུང་བའི་ལུང་བསྟན་རྗོད་པར་བྱེད་པ་ལེའུ་དགུ་པ་བསྟན་ཏེ། ལས་ཀྱི་རྒྱལ་བ་མཆོག་གི་ཡན་ལག་གོ །དེ་བཞིན་གཤེགས་པའི་ཐུགས་ཀྱི་སྙིང་པོས་བསྐུལ་བས་སེམས་ཅན་གྱི་དོན་དང་དངོས་གྲུབ་མངོན་དུ་འགྱུར་བས་དེའི་ཆེད་དུ་བསྡུམས་དང༌། སྦྱིན་པ་དང༌། དབྱེས་དང༌། འཆད་པ་ཞེས་བྱ་བ་ཐབས་བཞི་གཙོར་གྱུར་པ་ལེའུ་བཅུ་པ་གསུངས་སོ། །དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་ཤིན་ཏུ་རྣལ་འབྱོར་ཅེས་བྱ་བ་ལ་ཡན་ལག་གསུམ་པའོ། །ལས་ཀྱི་རྒྱལ་བ་མཆོག་ཅེས་ལ་ལ་འདོད་དོ། །དེ་བཞིན་གཤེགས་པའི་བྱིན་གྱིས་རློབ་པ་ཐོབ་པས་སྔགས་ཀྱི་སྐུ་རྣམ་པ་གཉིས་ཏེ།


DTG032_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཡེ་ཤེས་ཀྱི་སྐུའོ། །དེ་དག་གི་སླད་དུ་ལེའུ་བཅུ་གཅིག་པ་བསྟན་ཏོ། །སྔགས་ཀྱི་སྐུ་ནི་དབང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཡན་ལག་གོ །ཡེ་ཤེས་ཀྱི་སྐུ་ནི་བདག་ལ་བྱིན་གྱིས་རློབ་པའི་ཡན་ལག་ཅེས་བྱའོ། །སྤྲོས་པ་སྤང་བར་བྱ་བའི་ཕྱིར་སྐུ་རྣམ་པ་གཉིས་པོ་ཡང་ཕྱག་རྒྱ་ཆེན་པོར་ཡོངས་སུ་འགྱུར་བར་བྱ་བའི་ཆེད་དུ་ལེའུ་བཅུ་གཉིས་པ་བསྟན་ཏོ། །སྔ་མ་བཞིན་དུ་དཀྱིལ་འཁོར་རྒྱལ་བ་མཆོག་གམ། ལས་ཀྱི་རྒྱལ་བ་མཆོག་གམ་བདག་ལ་བྱིན་གྱིས་རློབ་པའི་རིམ་པའི་ཡན་ལག་བསྟན་ཏོ། །རིམ་པ་གཉིས་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་པས་འགྲོ་བའི་དོན་བྱ་བའི་ཕྱིར་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རབ་འབྱམས་རྗོད་པར་བྱེད་པ་ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་དག་བསྟན་ཏོ། །རིམ་པ་གཉིས་ཀྱི་ཡན་ལག་ཏུ་ཤེས་པར་བྱའོ། །དེ་དག་ཐམས་ཅད་ཉེ་བར་མི་དམིགས་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་འགྲུབ་པར་འགྱུར་ཞེས་དེའི་སླད་དུ་ལེའུ་བཅོ་ལྔ་པ་གསུངས་སོ། །རྫོགས་པའི་རིམ་པའི་ནང་ནས་བདག་ལ་བྱིན་གྱིས་རློབ་པའི་རིམ་པའི་ཡན་ལག་ཏུ་ཤེས་པར་བྱའོ། །ལེའུ་བཅུ་དྲུག་པ་ནི་ལེའུ་བཞི་པའི་ཡན་ལག་ཡིན་ཏེ། གང་གི་ཕྱིར་བཞི་པ་ལས་ཐུགས་ཀྱི་དཀྱིལ་འཁོར་གཅིག་པུ་གསུངས་པས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་བཀང་བར་བྱ་བའི་ཕྱིར་ལེའུ་བཅུ་དྲུག་པ་ཡིན་ཏེ། ཡི་གེ་previous hit གསུམ་གྱི་རྒྱུད next hit་ནི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་ལེའུ་བཅུ་དྲུག་གིས་བདག་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཤེས་པར་བྱའོ། །དེ་ཡང་དམ་ཚིག་དང་སྡོམ་པ་མ་གཏོགས་པར་འགྲུབ་པར་མི་འགྱུར་བས་ཐབས་ཕུན་སུམ་ཚོགས་པ་གཙོར་གྱུར་པ་ལེའུ་བཅུ་བདུན་པ་གསུངས་སོ། །དང་པོའི་སྦྱོར་བའི་ཡན་ལག་ནི་རྣལ་འབྱོར་ཞེས་བྱ་བ་དང་པོ་སྟེ། དམ་ཚིག་དང་སྡོམ་པ་བླངས་ནས་རིམ་པ་གཉིས་སྒོམ་པ་ལ་དབང་བའི་ཕྱིར། །དེ་ལས་ལེའུ་གཞན་མེད་དོ། །དེ་ལྟར་ན་ལེའུ་བཅོ་བརྒྱད་པ་ཡང་ཡོད་པས་ཅིའི་ཕྱིར་བཅུ་བདུན་པོ་ཁོ་ནར་བསྟན་ཏོ་ཞེ་ན། །བདེན་ཏེ་འོན་ཀྱང་བཅོ་བརྒྱད་པ་ནི་ལེའུ་བཅུ་བདུན་པོ་རྣམས་ཀྱི་བཤད་པ་དང་འདྲ་


DTG032_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་པས་དེའི་བསྡུས་པའི་དོན་ཐ་དད་པར་མ་བསྟན་ཏེ། རྒྱུད་ཕྱི་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ནི་འདུས་པའི་ཕྱི་མ་ཞེས་གྲགས་པས་འགལ་བ་མེད་དོ། །ད་ནི་ཞེས་བྱ་བ་ལ་སོགས་པས་རྒྱུད་མ་ལུས་པའི་སྒྲ་དང་དོན་གྱི་རྒྱན་གྱི་དབྱེ་བས་གང་དོན་རྣམ་པ་བཅུ་བཤད་པ་དེ་རྣམས་ཚིག་རེ་རེ་ལ་ཇི་ལྟར་གནས་ཞེས་སོ་སོར་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འདི་སྐད་བདག་གིས་ཞེས། བྱ་བ་ནས་བཞུགས་སོ་ཞེས་བྱ་བའི་བར་དུ་ནི་བཤད་པའི་ཚུལ་རྣམ་པ་བཞི་ཞེས་བྱ་བ་ལ་ཡི་གེའི་དོན་ལ་སོགས་པ་སྟེ། རིམ་པ་གཉིས་བསྟན་པར་བྱ་བའི་ཕྱིར་འདོད་པས་སོ། །བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ནས་བརྩམས་ཏེ་དྲང་བ་དང་ངེས་པའི་དོན་ཞེས་བྱ་བའི་བར་དུ་ནི་སྔ་མ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཅན་གྱི་དོན་ཡོད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནས། རྣམ་པ་བཞིར་བཤད་ཅེས་བྱ་བའི་བར་དུ་ནི་དཔལ་གསང་བ་འདས་པའི་རྒྱུད་རིམ་པ་གཉིས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ནས། །དྲང་བ་དང་ངེས་པའི་དོན་ཞེས་བྱ་བའི་བར་དུ་ནི་སྔ་མ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཅན་གྱི་དོན་ཡོད་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཞེས་བྱ་བ་ནས། རྣམ་པ་བཞིར་བཤད་ཅེས་བྱ་བའི་བར་དུ་རིམ་པ་གཉིས་བཤད་པར་འདོད་པའི་ཕྱིར་རོ། །རིག་པ་ཆེན་པོའི་སྐྱེས་བུ་ཞེས་པ་ནས། དྲང་བ་དང་ངེས་པའི་དོན་ཞེས་བྱ་བའི་བར་དུ་ནི་ཕྱི་དང་ནང་གི་མཆོད་པ་གཉིས་འཐད་པའི་ཕྱིར་རོ། །འཕྱིའི་ནི་མཆོད་པ་རྣམ་པ་ལྔའི་མཚན་ཉིད་དོ། །ནང་གི་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཡན་ལག་མཆོག་གི་མཆོད་པའོ། །ཨེ་མའོ་ཞེས་བྱ་བ་ནས་གནས་མེད་པ་ཞེས་བྱ་བའི་བར་དུ་ནི་དགོངས་པ་མ་ཡིན་ཞེས་བྱ་བའི་དེ་ཁོ་ན་ཉིད་གསལ་བར་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནས་དགོངས་པས་བཤད་པའི་ཞེས་བྱ་བའི་བར་དུ་ནི་འགལ་བའི་སྒྲའི་སྒོ་ནས་དེའི་ཁོ་ན་ཉིད་གསུངས་པའི་ཕྱིར་རོ། །འགལ་བ་ལ་གཉིས་ཏེ། འཇིག་རྟེན་པ་དང་འགལ་བ་དང༌། །སྒྲ་དང་འགལ་བའོ། །འཇིག་རྟེན་དང་འགལ་བ་ནི། །དཔེར་ན། །ཕ་དང་མ་ནི་བསད་བྱ་ཞིང༌། །རྒྱལ་པོ་གཙང་མ་གཉིས་དང་ནི། །ཡུལ་འཁོར་འཁོར་བཅས་བསད་བྱས་ན། །མི་དེ་


DTG032_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འགྱུར་ཞེས་བཤད། །ཅེའོ། །སྒྲ་དང་འགལ་བ་ནི་དཔེར་ན་བུམ་པའི་དོན་རྗོད་པར་བྱེད་པའི་སྒྲ་སྨྲ་བ་ན་སྣམ་བུའི་སྒྲ་བཞིན་ནོ། །འདི་ནི་སྒྲ་དང་འགལ་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲས་རྣམ་པར་སྣང་མཛད་ལ་སོགས་པ་རྗོད་པར་མི་རིགས་ཏེ། འོན་ཀྱང་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་བརྗོད་དོ། །ཞེ་སྡང་གི་རིགས་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པ་ཞེས་བྱ་བའི་བར་དུ་ནི། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བཤད་པར་འོས་པའི་ཕྱིར་རོ། །བཛྲ་དྷྲཱྀ་ཀ་ཅེས་བྱ་བ་ནས། དྲང་བ་དང་ངེས་པའི་དོན་གྱི་བར་ནི་བརྟག་པའི་རྣལ་འབྱོར་དང་ཡོངས་སུ་དག་པའི་རྣལ་འབྱོར་གྱི་མཚན་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པའི་ཕྱིར་རོ། །དེ་བས་ནི་བསྐྱེད་པའི་རིམ་པའི་ཕྱོགས་སུ་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །རྫོགས་པའི་རིམ་པའི་ཕྱོགས་སུ་བདག་ལ་བྱིན་གྱིས་རློབ་པའི་རིམ་པ་བསྟན་ཏོ། །ལེའུ་དང་པོ་ཞེས་བྱ་བ་ལ་སོགས་པས་དང་པོའི་ལེའུ་བཤད་པའི་དབྱེ་བ་ཉེ་བར་བསྡུས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའི་བར་དུ་ནི་བདེ་བར་གཤེགས་པའི་གསུང་ཙམ་བསྟན་པའི་ཕྱིར་རོ། །ཁྱེད་ཀྱི་སེམས་ཞེས་བྱ་བ་ནས་དྲང་བ་དང་ངེས་པའི་དོན་ཞེས་བྱ་བའི་བར་དུ་རིམ་པ་གཉིས་བཤད་པར་འོས་པའི་ཕྱིར་རོ། །ཨེ་མའོ་ཞེས་བྱ་བ་ནས་དགོངས་པ་མ་ཡིན་པ་ཞེས་བྱ་བའི་བར་དུ་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་རོ། །དེ་ཡང་མྱུར་བའི་ཏིང་ངེ་འཛིན་གྱིས་རྫོགས་པའི་ཡེ་ཤེས་ཀྱི་སྐུ་འཆད་པར་འདོད་པའི་ཕྱིར་རོ། །དངོས་པོ་མེད་པ་ཞེས་པ་ནས་རྣམ་པ་བཞི་ཡིས་བཤད་ཅེས་བྱ་བའི་བར་དུ་ནི་ཡི་གེའི་དོན་གྱིས་སྟོང་པ་ཉིད་བསྟན་ཏེ། རྣམ་པར་ཐར་པ་བཞི་སོ་སོར་བསྟན་པའི་སྒོ་ནས་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བས་སོ། །སྤྱིའི་དོན་གྱིས་ནི་མདོ་སྡེ་ལ་སོགས་པ་རྣམས་ཀྱི་འགྱོད་པ་བཟློག་པར་བསྟན་ཏོ། །སྦས་པའི་ཕྱོགས་སུ་ནི་བདག་བྱིན་གྱིས་རློབ་པའི་རིམ་པ་བསྟན་པས་སོ། །མཐར་ཐུག་པའི་ཕྱོགས་སུ་ནི་ཟུང་དུ་འཇུག་པའི་རིམ་པ་བསྟན་ཞེས་པའི་ཐ་ཚིག་གོ །དངོས་པོ་ཐམས་ཅད་ཅེས་བྱ་བ་ནས་དགོངས་པ་མ་ཡིན་པ་ཞེས་པའི་བར་དུ་ནི་དེ་ཁོ་ན་ཉིད་གསལ་བར་བཤད་པའི་ཕྱིར་རོ། །


DTG032_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ནི་རྫོགས་པའི་རིམ་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་ལྔ་པོས་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་པོ་མ་ངེས་པར་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནས་སྒྲ་ཇི་བཞིན་ཞེས་བྱ་བའི་བར་དུ་ནི་ཕྱག་འཚལ་བཙམ་བཤད་པའི་ཕྱིར་རོ། །ལེའུ་གཉིས་པའོ་ཞེས་པས་ཉེ་བར་སྡུད་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་དྲང་བའི་དོན་དང་ཞེས་བྱ་བའི་བར་དུ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་དང་དེ་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །རིན་ཆེན་ཞེས་བསྟན་པ་ནས་རྣམ་པ་བཞི་ཡིས་བཤད་ཅེས་པའི་བར་དུ་ནི་དེ་ལ་སྤྱིའི་དོན་གྱི་ཕྱོགས་སུ་གདོང་གི་སྣ་ལ་ཐིག་ལེ་བསྒོམ་པའོ། །སྦས་པའི་ཕྱོགས་སུ་གསང་བའི་ཆུ་སྐྱེས་དང་རྡོ་རྗེའི་རྩེ་མོར་བསྒོམ་པའོ། །མཐར་ཐུག་པའི་ཕྱོགས་སུ་སྙིང་གི་པདྨའི་སྣ་ལ་བསྒོམ་པ་སྟེ། གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གི་རིགས་ཅན་རྣལ་འབྱོར་པའི་དབྱེ་བས་སོ། །ཚིག་རེ་རེའི་བསྡུ་བ་དང་ཆོས་མཐུན་པ་བཤད་པ་ནི་ཡི་གེའི་དོན་ཏེ་ཐམས་ཅད་དུ་སྦྱོར་རོ། །ནམ་མཁའི་ཞེས་པ་དྲང་བ་དང་ངེས་པའི་དོན་ཞེས་པའི་བར་དུ་ནི་རིམ་པ་གཉིས་འཆད་པར་འདོད་པའི་ཕྱིར་རོ། །དེ་ལ་བསྐྱེད་པའི་རིམ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྷའི་ཚོགས་བསྒོམ་པའི་གཙོར་གྱུར་པའོ། །རྫོགས་པའི་རིམ་པ་ནི་དཀྱིལ་འཁོར་བཞི་འཆར་བ་ན་རྡོ་རྗེ་བཟླས་པ་འཆད་པར་འདོད་པའི་ཕྱིར་རོ། །ལེའུ་གསུམ་པའི་ཞེས་པ་འདིས་ཉེ་བར་སྡུད་པ་བསྟན་ཏོ། །དེ་ནས་ཞེས་པ་ནས་སྒྲ་ཇི་བཞིན་པ་ཞེས་པའི་བར་དུ་ནི་བསྟོད་པ་ཙམ་གཙོ་བོ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་ལ་སོགས་པ་ཞེས་པའི་སྒྲས་ཤེས་པར་བྱའོ་ཞེས་དགོངས་སོ། །དེ་བཞིན་ཞེས་པ་ནས་དགོངས་པ་མ་ཡིན་ཞེས་པའི་བར་དུ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པས་སོ། །དེ་ལྟར་ན་དཀྱིལ་འཁོར་ལ་སོགས་ཞེས་བྱ་བ་འདིས་སྒྲ་ཇི་བཞིན་པར་ཇི་ལྟར་མི་འགྱུར་ཞེ་ན། སྨྲས་པ། དཀྱིལ་འཁོར་གྱི་ཚད་ཙམ་དང་དགོད་པ་དེ་དག་ཏུ་སྒྲ་ཇི་བཞིན་པའོ། །འདིར་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་སྐབས་ཡིན་པས་དགོངས་པ་མ་ཡིན་པའོ། །དེ་ནས་སྟོན་པ་ཞེས་པ་ནས། སྒྲ་ཇི་བཞིན་པ་ཞེས་པ་བྱ་བའི་བར་དུ་ནི་ཐུགས་ཀྱི་དཀྱིལ་འཁོར་ཙམ་བརྗོད་


DTG032_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡིན་པས་སོ། །དེ་ནས་ཐུགས་ཞེས་པ་ནས་དྲང་བ་དང་ངེས་པའི་དོན་ཞེས་བྱ་བའི་བར་དུ་ནི་མཚན་མའི་ཕྱག་རྒྱ་དང་བཅས་པའི་དཀྱིལ་འཁོར་དང་དེ་ཁོ་ན་ཉིད་ཀྱང་བསྟན་པའི་ཕྱིར་རོ། །ལེའུ་བཞི་པའི་ཞེས་པ་འདིས་ཉེ་བར་སྡུད་པའོ། །དེ་ནས་ཞེས་བྱ་བ་ནས་སྒྲ་ཇི་བཞིན་ཞེས་བྱ་བའི་བར་དུ་ནི་སྤྱོད་པའི་མཚན་ཉིད་བསྟན་ཏོ། །སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །ཞེས་བཤད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནས་དགོངས་པ་མ་ཡིན་པ་ཞེས་བྱ་བའི་བར་དུ་དེ་ཁོ་ན་ཉིད་གསལ་བར་བསྟན་པའི་ཕྱིར་རོ། །རིགས་དན་ཞེས་པ་ནས་སྒྲ་ཇི་བཞིན་པའི་ཞེས་པའི་བར་དུ་ནི་དངོས་གྲུབ་ཀྱི་ཆོ་ག་དགག་པ་སྒྲ་ཇི་བཞིན་པ་ཉིད་དེ། སོགས་པའི་སྒྲ་སྦྱོར་བས་སོ། །སྲོག་གཅོད་པ་ནས་དགོངས་པས་བཤད་ཅེས་བྱ་བའི་བར་དུ་ནི་འཇིག་རྟེན་དང་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །མ་དང་ཞེས་པ་ནས་དྲང་བའི་དོན་དང་ངེས་པའི་དོན་གྱི་ཞེས་བྱ་བའི་བར་དུ་ནི་ལེགས་པར་བསླབས་པའི་དམ་ཚིག་གི་ཕྱག་རྒྱ་དང་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་བརྗོད་བྱ་ཡིན་པའི་ཕྱིར་རོ། །དེ་ནས་ཞེས་པ་ནས་སྒྲ་བཞིན་ཞེས་བྱ་བའི་བར་དུ་ནི། སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །ཞེས་བྱ་བས་དེ་མཚོན་པའི་ཕྱིར་རོ། །དེ་ནས་ཞེས་པ་ནས་དྲང་བ་དང་ངེས་པའི་དོན་ཞེས་བྱ་བའི་བར་དུ་ནི་རྒྱལ་བ་དང་འོད་གསལ་བ་ལ་འཇུག་པས་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་པ་ནས་སྒྲ་ཇི་བཞིན་པ་ཞེས་བྱ་བའི་བར་དུ་ནི་ལན་བཏབ་པ་དང་འོད་ཟེར་སྤྲོ་བ་བསྟན་པའི་ཕྱིར་རོ། །དེ་ཡང་སོགས་པའི་སྒྲས་ཤེས་པར་བྱའོ། །དེ་ནས་ཞེས་པ་ནས་དྲང་བ་དང་ངེས་པའི་དོན་གྱི་བར་དུ་ནི་རང་གི་གདན་ལ་གནས་པ་དང་འོད་གསལ་བ་དང་བདག་ལ་བྱིན་གྱི་རློབ་པ་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་པ་ནས་དགོངས་པ་མ་ཡིན་པའི་ཞེས་བྱ་བའི་བར་དུ་ནི་སྤྱོད་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །ལེའུ་ལྔ་པ་ཞེས་བྱ་བ་འདིས་ཉེ་བར་བསྡུས་པ་བསྟན་ཏོ། །དེ་ནས་ཞེས་པ་ནས། དྲང་བའི་དོན་དང་ངེས་པའི་དོན་ཞེས་བྱ་བའི་བར་དུ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སུ་སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་བཀོད་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་འཇུག་པས་སྐུ་རྡོ་རྗེ་ལ་སོགས་པའི་བྱིན་གྱིས་རླབ་པ་བསྟན་པའི་ཕྱིར་རོ། །རྫོགས་པའི་རིམ་པ་ལ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་


DTG032_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྒྱུ་མའི་ལུས་སོ་སོར་བསྟན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འགལ་བའི་སྒྲ་བརྗོད་པའི་སྒོ་ནས་རིམ་པ་ལྔ་པོ་བསྟན་པའི་ཕྱིར་རོ། །དེ་ནས་དཔལ་ཞེས་པ་ནས་ངེས་པའི་དོན་དང་དྲང་བའི་དོན་ཞེས་བྱ་བའི་བར་དུ་ནི་ལོ་བཅུ་དྲུག་པའི་རོལ་བྱེད་མ་དང་སྙོམས་པར་ཞུགས་པ་དང་ཕྱི་དང་ནང་གི་མཆོད་པ་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཤེས་རབ་དང་རྗེས་སུ་མཐུན་པའི་མཆོད་པ་བསྟན་པའི་ཕྱིར་རོ། །ལེའུ་དྲུག་པ་ཞེས་བྱ་བ་འདིས་ཉེ་བར་བསྡུས་པ་བསྟན་ཏོ། །དེ་ནས་ཞེས་པ་ནས་སྒྲ་ཇི་བཞིན་པ་ཞེས་པའི་བར་དུ་ནི་སྤྱོད་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །སློང་མོ་ཟ་ཞེས་པ་ནས། དྲང་བ་དང་ངེས་པའི་དོན་ཞེས་བྱ་བའི་བར་དུ་ནི་དམན་པ་ཉིད་ཡོངས་སུ་དགག་པ་དང་རྡོ་རྗེ་བཟླས་པའི་རིམ་པ་བསྟན་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ནས། རྣམ་པ་བཞི་ཡི་ཚུལ་གྱིས་བཤད། །ཅེས་བྱ་བའི་བར་དུ་ནི་དེ་ལ་སྤྱིའི་དོན་གྱི་ཕྱོགས་སུ་གཟུགས་ལ་སོགས་པ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པ་ལ་ལོངས་སྤྱོད་པ་སྟེ། དེ་རྣམས་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །སྦས་པའི་ཕྱོགས་སུ་ནི་ཡེ་ཤེས་གསུམ་གྱི་རང་བཞིན་གྱི་གཟུགས་ལ་སོགས་པ་རྣམས་ལ་ལོངས་སྤྱོད་པའོ། །མཐར་ཐུག་པ་ལ་ཡང་འོད་གསལ་བའི་ངོ་བོ་ཉིད་དུ་གཟུགས་ལ་སོགས་པ་སྤྱོད་པའོ། །སངས་རྒྱས་རྗེས་དྲང་ཞེས་བྱ་བ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འགལ་བ་བརྗོད་པའི་སྒོ་ནས་རྫོགས་པའི་རིམ་པའི་རྣམ་གྲངས་ཅན་རིམ་པ་ལྔ་པོ་བསྟན་པའི་ཕྱིར་རོ། །བུད་མེད་ཅེས་པ་ནས་དགོངས་པ་མ་ཡིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱའི་འབྲེལ་བ་དེ་ཁོ་ན་ཉིད་ཉེ་བར་མཚོན་པ་བསྟན་པའི་ཕྱིར་རོ། །སངས་རྒྱས་ཞེས་པ་ནས་དགོངས་པས་བཤད་པའི་ཞེས་བྱ་བའི་བར་དུ་འགལ་བའི་སྒྲ་སྒོ་ནས་བདག་བྱིན་གྱིས་སློབ་པའི་རིམ་པས་དེ་བཞིན་གཤེགས་པ་ལྔའི་སྐུ་སྒོམ་པ་དང༌། ཚིམ་པར་བྱེད་པའི་ཆོ་ག་དང་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་ལས་


DTG032_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་རུང་བ་དང་སྙོམས་པར་ཞུགས་པའི་དོན་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །དེ་ལ་སྐུ་ཞེས་པ་ནས་སྒྲ་ཇི་བཞིན་པར་བཤད་པ་ཞེས་བྱ་བའི་བར་དུ་ནི་སྐུ་ལ་སོགས་པར་བྱིན་གྱིས་རློབ་པར་བྱས་ནས་དེའི་ང་རྒྱལ་ཙམ་དེའི་བརྗོད་པར་བྱ་བ་ཡིན་པས་སོ། །དེ་ཡང་སོགས་པའི་སྒྲ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཞེས་བྱ་བ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འགལ་བའི་སྒྲའི་སྦྱོར་བས་སྒོང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་རྣམ་པ་བཞིའི་ངོ་བོ་ཡོངས་སུ་ཤེས་པ་དང༌། དམ་ཚིག་གི་དཀྱིལ་འཁོར་ཕྱུང་བ་དང་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དོན་དམ་པའི་དཀྱིལ་འཁོར་བསྟན་པའི་ཕྱིར་རོ། །དེ་ལ་ཤེས་རབ་ཅེས་པ་ནས་དགོངས་པ་མ་ཡིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་འོད་གསལ་བ་བསྟན་པའི་ཕྱིར་རོ། །དེ་ལ་མ་སྐྱེས་པ་ཞེས་པ་ནས་སྒྲ་ཇི་བཞིན་པར་བཤད་པར་བྱ་བའི་བར་དུ་ནི་སྤྱོད་པ་ཉིད་ཀྱི་ཕན་ཡོན་ཙམ་རབ་ཏུ་བསྟན་པའི་ཕྱིར་རོ། །ལེའུ་བདུན་པའི་ཞེས་པ་ནི་ཉེ་བར་བསྡུ་བའོ། །དེ་ནས་ཞེས་པ་ནས་སྒྲ་ཇི་བཞིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་སོགས་པའི་སྒྲས་གསོལ་བ་གདབ་པ་ཙམ་བཤད་པས་སོ། །འདོད་ཆགས་ཞེས་པ་ནས་དྲང་བ་དང་ངེས་པའི་དོན་གྱི་བཤད་པ་ཞེས་པའི་བར་དུ་ནི་དྲང་བའི་དོན་གྱི་ཕྱོགས་སུ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པས་སོ། །ངེས་པའི་དོན་གྱི་ཕྱོགས་སུ་ཡེ་ཤེས་གསུམ་གྱི་ངོ་བོར་གྱུར་པ་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་ལ་བསྟོད་པའི་ཕྱིར་རོ། །དེ་ནས་ཞེས་པ་ནས་དགོངས་པ་མ་ཡིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པའི་ངོ་བོ་ཉིད་དེ་ཁོ་ན་ཉིད་བསྟན་པས་སོ། །དེ་བཞིན་ཞེས་པ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འགལ་བའི་སྒྲས་མྱུར་བའི་ཏིང་ངེ་འཛིན་གྱིས་གྲུབ་པའི་རྡོ་རྗེ་འཆང་ཆེན་པོའི་གཟུགས་བརྙན་བསྟན་པ་དང༌། བདག་ལ་བྱིན་གྱིས་རློབ་པའི་རིམ་པས་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །ས་ཕྱོགས་ཞེས་པ་ནས་སྒྲ་ཇི་བཞིན་པ་བཤད་པ་ཞེས་བྱ་བའི་བར་དུ་ནི་གནས་ཀྱི་དབྱེ་བ་


DTG032_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་ལེགས་པར་སྦྱངས་པ་དང༌། ལྷའི་སྐུ་བསྒོམ་པ་སྔོན་དུ་འགྲོ་བས་མཆོད་པའི་སྤྲིན་སྤྲོ་བར་བསྟན་པའི་ཕྱིར་རོ། །མཁས་པ་ཞེས་པ་ནས་དྲང་བ་དང་ངེས་པའི་དོན་དུ་བཤད་པ་ཞེས་བྱ་བའི་བར་དུ་ནི་ཕྱིའི་མེ་ཏོག་དང༌། སྲོག་ལ་སོགས་པའི་རླུང་རྣམས་བསྟན་པའོ། །དཔག་ཚད་ཅེས་པ་ནས་སྒྲ་ཇི་བཞིན་པར་བཤད་པ་ཞེས་བྱ་བའི་བར་དུ་ནི་དབང་བསྐུར་བའི་དཀྱིལ་འཁོར་དང་དེའི་ཚད་དང་དེ་ཉིད་དུ་སློབ་མ་འཇུག་པ་དང༌། དེའི་ཕན་ཡོན་གསུངས་པས་སོ། །ལེའུ་བརྒྱད་པའི་ཞེས་པ་འདིས་ཉེ་བར་སྡུད་པའོ། །དེ་ནས་རྒྱལ་པོ་ཞེས་པ་ནས་སྒྲ་ཇི་བཞིན་པར་བཤད་པ་ཞེས་པའི་བར་དུ་དམ་ཚིག་ལྔ་ཙམ་བསྟན་པས་སོ། །དེ་ཡང་སོགས་པའི་སྒྲས་ཤེས་པར་བྱའོ། །ནམ་མཁའ་ཞེས་པ་ནས་དྲང་བ་དང་ངེས་པའི་དོན་དུ་བཤད་པ་ཞེས་པའི་བར་དུ་ནི་དེ་ལ་དྲང་བའི་དོན་གྱི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་སྐུ་ལ་དམིགས་ཏེ་སེར་སྣ་དང་འདོད་ཆགས་དང་དཀོན་མཆོག་གསུམ་ལ་གནོད་པ་དང་ང་རྒྱལ་དང་ཕྲག་དོག་ཅན་རྣམས་ཀྱི་རྫས་འཕྲོག་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་ལྔ་སྤྱོད་པས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་ཞེས་རབ་ཏུ་བསྟན་པས་སོ། །ངེས་པའི་དོན་གྱི་ཕྱོགས་སུ་ཕུང་པོ་ལ་སོགས་པ་རྣམ་པར་རྟོག་པ་རྣམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རོ་གཅིག་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་པ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོད་པའི་སེམས་བཟློག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་འགལ་བའི་སྒྲའི་སྒོ་ནས་སྲུབ་ཤིང་དང་སྲུབ་གཏན་ལ་སོགས་པའི་རང་བཞིན་མེད་པའི་དཔེས་འོད་གསལ་བའི་དེ་ཁོ་ན་ཉིད་རབ་ཏུ་བསྟན་པའི་ཕྱིར་རོ། །ལེའུ་དགུ་པའི་ཞེས་པ་འདིས་ཉེ་བར་སྡུད་པ་བསྟན་ཏོ། །དེ་ནས་ཞེས་པ་ནས་དགོངས་པ་མ་ཡིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་ལུས་ལ་སོགས་པ་རྣམས་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་པས་སྟོང་པ་ཉིད་ཡིན་པར་རབ་ཏུ་བསྟན་པས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་སྒྲ་ཇི་བཞིན་པར་བཤད་ཅེས་བྱ་བའི་བར་དུ་ནི་རིམ་པ་སྤོང་བ་དང་དེ་བཞིན་གཤེགས་པའི་ཐུགས་བསྐུལ་བ་མེད་


DTG032_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པས་དངོས་གྲུབ་མེད་ཅེས་དངོས་གྲུབ་ཡོངས་སུ་བཀག་པ་ཙམ་རབ་ཏུ་བསྟན་པས་སོ། །དེ་ཡང་སོགས་པའི་སྒྲས་ཤེས་པར་བྱའོ། །དེ་ནས་རྒྱལ་པོ་ཞེས་པ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འགལ་བའི་སྒྲའི་སྦྱོར་བས་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དེ་ཁོ་ན་ཉིད་ཐོབ་པ་རབ་ཏུ་བསྟན་པས་སོ། །ལེའུ་བཅུ་པའི་ཞེས་པས་ཉེ་བར་བསྡུས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། སྒྲ་ཇི་བཞིན་པས་བཤད་ཅེས་པའི་བར་དུ་ནི་རྡོ་རྗེ་འཆང་ཆེན་པོ་དང་དེ་བཞིན་གཤེགས་པ་ལྔའི་བསྐྱེད་པའི་རིམ་པ་བརྗོད་བྱ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཞེས་པ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འཇམ་པའི་རྡོ་རྗེ་ལ་སོགས་པ་ཞེས་འགལ་བའི་སྒྲས་བརྗོད་པས་འོད་གསལ་བསྟན་པའི་ཕྱིར་རོ། །འོད་ཟེར་ཞེས་པ་ནས་དགོངས་པ་མ་ཡིན་པས་བཤད་ཅེས་པའི་བར་དུ་ནི་ཤིན་ཏུ་རྣལ་འབྱོར་གྱི་ལྷའི་དམིགས་པ་ལ་སོགས་པ་དེ་ཁོ་ན་ཉིད་བསྟན་པས་སོ། །རྣམ་པར་དབེན་པ་ཞེས་པ་ནས་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་པ་ཞེས་བྱ་བའི་བར་དུ་ནི་དེ་ལ་དྲང་བའི་དོན་གྱི་ཕྱོགས་སུ་རྣམ་པར་དབེན་པ་དང་རིའི་མཆོག་ལ་སོགས་པའི་གནས་བསྟན་པའི་ཕྱིར་རོ། །ངེས་པའི་དོན་གྱི་ཕྱོགས་སུ་ནུ་མ་རྒྱས་པ་དང༌། ཡན་ལག་མཆོག་ལ་སོགས་པ་དང་ལྡན་པའི་དམ་ཚིག་གི་ཕྱག་རྒྱ་དང་ལྷན་ཅིག་ཏུ་སྤྱོད་པ་བསྟན་པས་སོ། །མི་བསྐྱོད་པ་ཞེས་པ་ནས་སྒྲ་ཇི་བཞིན་པས་བཤད་ཅེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལ་སོགས་པ་བྱིན་གྱིས་རློབ་པ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བྱའོ་ཞེས་བསྟན་པས་སོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འགལ་བའི་སྒྲས་རྡོ་རྗེ་བཟླས་པ་ལ་སོགས་པ་རྫོགས་པའི་རིམ་པ་བསྟན་པའི་ལེའུ་བཅུ་གཅིག་པའི་ཞེས་པས་ཉེ་བར་བསྡུས་པའོ། །དེ་ནས་སྟོན་པ་ཞེས་པ་ནས་དགོངས་པ་མ་ཡིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་སྤྲོས་པ་འདི་དག་ཐམས་ཅད་རང་བཞིན་མེད་པར་བསྟན་པས་སོ། །དགོན་པ་ཞེས་པ་ནས་དྲང་བའི་དོན་ངེས་པའི་དོན་དུ་བཤད་པ་ཞེས་བྱ་བའི་བར་དུ་དྲང་བའི་དོན་གྱི་


DTG032_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་རྣམ་པར་དབེན་པའི་གནས་ཀྱི་ཁྱད་པར་རབ་ཏུ་བསྟན་པས་སོ། །ངེས་པའི་དོན་ལ་ཡང་ཆོས་ཀྱི་སྐུ་ལ་སོགས་པའི་ཉེ་བར་དམིགས་པ་བསྟན་པའི་ཕྱིར་རོ། །ལུས་དང་ཞེས་པ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་ལྕགས་གསུམ་ལ་སོགས་པའི་སྒྲའི་སྒོ་ནས་ཡེ་ཤེས་གསུམ་རྣམ་པར་དག་པའི་མཚན་ཉིད་འོད་གསལ་བའི་དེ་ཁོ་ན་ཉིད་བསྟན་པས་སོ། །འཁོར་ལོ་ཞེས་པ་ནས་སྒྲ་ཇི་བཞིན་པས་བཤད་ཅེས་བྱ་བའི་བར་དུ་ནི་འཁོར་ལོ་དང༌། རྡོ་རྗེ་དང༌། པདྨ་དང༌། རིན་པོ་ཆེ་དང༌། རལ་གྲིའི་རིག་པ་འཛིན་པའི་དངོས་གྲུབ་དང༌། རི་ལུ་དང་མིག་སྨན་གྱི་དངོས་གྲུབ་དང༌། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུ་བསྐྱེད་པ་དང༌། བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པའི་བསྙེན་པ་ལ་སོགས་པ་བཞི་པོ་བསྟན་པའི་ཕྱིར་རོ། །རྟོག་པའི་སྒྲས་ཤེས་པར་བྱ་ཞེས་དགོངས་སོ། །བསྙེན་པའི་ཡེ་ཤེས་ཞེས་པ་ནས་དགོངས་པས་བཤད་ཅེས་པའི་བར་དུ་ནི་འགལ་བའི་སྒྲས་བརྗོད་པའི་རྫོགས་པའི་རིམ་པའི་མཚན་ཉིད་ཅན་རྣལ་འབྱོར་གྱི་ཡན་ལག་དྲུག་བསྟན་པའི་ཕྱིར་རོ། །དགོན་པ་ཆེན་པོ་ཞེས་པ་ནས་དྲང་བ་དང་ངེས་པའི་དོན་དུ་བཤད་ཅེས་བྱ་བའི་བར་དུ་ནི་དྲང་བའི་དོན་གྱི་ཕྱོགས་སུ་ནི་ཕྱིའི་གནས་ཙམ་སོ་སོར་བསྟན་པས་སོ། །ངོས་པའི་དོན་གྱི་ཕྱོགས་སུ་ནི་ཡེ་ཤེས་ལྔའི་ཉེ་བར་དམིགས་པའི་གཞི་བསྟན་པའི་ཕྱིར་རོ། །དུས་བཞི་ཞེས་པ་ནས་སྒྲ་ཇི་བཞིན་པས་བཤད་ཅེས་བྱ་བའི་བར་དུ་ནི་དམན་པ་ལ་སོགས་པ་དབྱེ་བས་དུས་ཀྱི་དབྱེ་བ་གང་གིས་དངོས་གྲུབ་བསྟན་པའི་ཕྱིར་དེ་ཡང་སོགས་པའི་སྒྲས་ཤེས་པར་བྱའོ། །གསང་བ་ཞེས་པ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་ཟླ་བ་ཕྱེད་ལ་སོགས་པའི་འགལ་བའི་སྒྲས་དེ་ཁོ་ན་ཉིད་ཐོབ་པར་རབ་ཏུ་བསྟན་པས་སོ། །དེ་ལ་ཞེས་པ་ནས་སྒྲ་ཇི་བཞིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་རྣལ་འབྱོར་ཆེན་པོའི་ཡན་ལག་ཏུ་གྱུར་པ་སྐུ་རྡོ་རྗེ་ལ་སོགས་པ་གསུམ་ལ་གསོལ་བ་གདབ་པ་ཙམ་བསྟན་པའི་ཕྱིར་རོ། །སོགས་པའི་སྒྲས་ཡིན་ཞེས་དགོངས་སོ། །ལེའུ་བཅུ་གཉིས་པའི་ཞེས་པས་ནི་ཉེ་བར་སྡུད་པ་


DTG032_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། སྒྲ་ཇི་བཞིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་པ་གདབ་པར་གྱུར་པས་སོ། །ཨེ་མའོ་ཞེས་པ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་སངས་རྒྱས་ལ་སོགས་པ་ཞེས་འགལ་བའི་སྒྲས་རྣལ་འབྱོར་ཡན་ལག་དྲུག་ལ་སོགས་པའི་དེ་ཁོ་ན་ཉིད་བསྟན་པས་སོ། །མ་སྐྱེས་ཞེས་པ་ནས་དགོངས་པ་མ་ཡིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ་ཉིད་མེད་པའི་ཕྱོགས་སུ་ཡང་བསྟན་པ་དང་བསྟན་བྱའི་སྒོ་ནས་ཡེ་ཤེས་སྐྱེ་བ་བསྟན་པའི་ཕྱིར་རོ། །ཡིད་འོང་ཞེས་པ་ནས་དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འགལ་བའི་སྒྲས་རྡོ་རྗེ་བཟླས་པ་བཅུ་གཅིག་སོ་སོར་བསྟན་པས་སོ། །འདོད་ཆགས་ཞེས་པ་ནས། སྒྲ་ཇི་བཞིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་འདོད་ཆགས་ལ་སོགས་པའི་སྒྲས་རིགས་ཅན་རྣལ་འབྱོར་པ་རྣམས་ལ་རྡོ་རྗེ་བཟླས་པའི་ཕན་ཡོན་བསྟན་པས་སོ། །གཏི་མུག་ཅེས་པ་ནས་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་པ་ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་གྱི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་རང་རང་གི་ས་བོན་ལས་བསྐྱེད་པ་བསྟན་པས་སོ། །ངེས་པའི་དོན་གྱི་ཕྱོགས་སུ་ནི་རང་བཞིན་དང་སྣང་བའི་རིམ་པས་འོད་གསལ་བ་ལ་འཇུག་པ་བསྟན་པའི་ཕྱིར་རོ། །ཡེ་ཤེས་ཞེས་པ་ནས་སྒྲ་ཇི་བཞིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་སྐུའི་སྒོ་ནས་ཞི་བ་ལ་སོགས་པའི་ལས་ཀྱི་རབ་འབྱམས་ལྔ་བསྟན་པས་སོ། །རྟོག་པའི་སྒྲས་ཤེས་པར་བྱའོ། །ནམ་མཁའ་རྡོ་རྗེ་ཞེས་པ་ནས། དགོངས་པས་བཤད་ཅེས་བྱ་བའི་བར་དུ་ནི་འགལ་བའི་སྒྲའི་སྦྱོར་བས་ལུས་དང་ངག་དང་ཡིད་ཉེ་བར་སྡུད་པས་འོད་གསལ་བར་བསྟན་པའི་ཕྱིར་རོ། །རྣམ་པ་ཞེས་པ་ནས། སྒྲ་ཇི་བཞིན་བཤད་ཅེས་པའི་བར་དུ་ནི་ཆུ་རེངས་པ་བསྟན་པས་སོ། །རྟོག་པའི་སྒྲས་ཤེས་པར་བྱ་ཞེས་དགོངས་སོ། །རྐང་པ་ཞེས་པ་ནས། དགོངས་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་


DTG032_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་སྒྲའི་སྒོ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་རྡོ་རྗེའི་སྐུ་བསྟན་པས་སོ། །དབང་ཆེན་ཞེས་པ་ནས་སྒྲ་ཇི་བཞིན་པས་བཤད་པ་ཞེས་བྱ་བའི་བར་དུ་ནི་ངག་རེངས་པ་དང་དཔུང་རེངས་པ་དང་གདུག་པ་ཅན་ཕུར་བུས་གདབ་པ་དང་གྲོང་དང་གྲོང་ཁྱེར་ལ་སོགས་པ་དག་ཏུ་ཞི་བ་ལ་སོགས་པ་སྒྲུབ་པ་དང༌། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་འཁོར་ལོ་བསྐྱེད་པའི་རིམ་པ་བསྟན་པས་སོ། །རྟོག་པའི་སྒྲ་དང་སོགས་པའི་སྒྲས་ཤེས་པར་བྱའོ། །འགོག་པ་ཞེས་པ་ནས་དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་པ་ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་གྱི་ཕྱོགས་སུ་ནི་སྲུང་བའི་འཁོར་ལོའི་དབུས་ཀྱི་བདག་པོའི་ཏིང་ངེ་འཛིན་བསྲུང་བས་སོ། །ངེས་པའི་དོན་གྱི་ཕྱོགས་སུ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་སོ་སོར་བསྟན་པས་སོ། །ལེའུ་བཅུ་གསུམ་པའི་ཞེས་པས་ཉེ་བར་སྡུད་པའོ། །ལེའུ་བཅུ་བཞི་པ་ལ་སོགས་པ་ཞེས་བྱ་བ་ལ། ཕྲེང་བའི་སྔགས་རྣམས་ནི་ལས་ཀྱི་རབ་འབྱམས་སྒྲུབ་པར་བྱེད་བ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་རབ་འབྱམས་ནི་ཞི་བ་ལ་སོགས་པའོ། །སྒྲ་ཇི་བཞིན་པ་ནི་སོགས་པའི་སྒྲ་དང་རྟོག་པའི་སྒྲ་བརྗོད་པས་སོ། །བར་བར་ན་ཞེས་པ་ནི་སྐབས་སྐབས་སུའོ། །ལ་ལ་ནི་ཞེས་པ་ལ་རིམ་པ་མེད་པར་གནས་པའོ། །དགོངས་པས་བཤད་པ་ཡང་ཡོད་དོ་ཞེས་པ་ནི་གང་དུ་འགལ་བའི་སྒྲས་དེ་ཁོ་ན་ཉིད་བསྟན་པའོ། །དེ་བཞིན་དུ་ལེའུ་བཅོ་ལྔ་པ་དང་ཞེས་བྱ་བ་ལ་སོགས་པས་མཐའ་དྲུག་གི་དོན་ཁོ་ན་བསྟན་ཏོ། །ལུས་ཚད་མ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་མདོའི་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བཤད་པའི་རྒྱུད་ལས་ཞེས་པ་ནི་རྡོ་རྗེ་ཕྲེང་བ་ལས་སོ། །དགོངས་པས་བཤད་པ་ཞེས་བྱ་བ་ལ་སོགས་པས་ནི་སྔར་བཤད་ཟིན་ཏོ། །རྣལ་འབྱོར་གྱི་རྒྱུད་ཅེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་རྣལ་འབྱོར་མའི་རྒྱུད་རྣམས་ལས་ཀྱང་མཐའ་དྲུག་མཐོང་ན་རྣལ་འབྱོར་གྱི་རྒྱུད་ཁོ་ན་ལས་ཅིའི་ཕྱིར་བཤད་ཅེ་ན། དེ་ལ་བདེན་ཏེ་རྣལ་འབྱོར་གྱི་རྒྱུད་ནི་ཐུན་མོང་ཡིན་ལ་རྣལ་འབྱོར་མའི་རྒྱུད་ཐུན་མོང་མ་ཡིན་ཞེས་ཁྱད་པར་ཐམས་ཅད་སྤྱིའི་དབང་དུ་སོང་བ་ཡིན་པས་ཁྱད་པར་རྣམས་


DTG032_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བར་བྱའོ། །དེ་ལྟར་ན་རྣལ་འབྱོར་རྒྱུད་ནི་མཐའ་དྲུག་ཅན་ཡིན་ཞེས་པའི་ཚིག་ལས་འགྲེལ་བ་འདི་མཐའ་དྲུག་པ་ཞེས་མི་འཐད་དོ། །རྒྱན་བདུན་པ་ཞེས་རིགས་པ་ཡིན་ཏེ། དེ་དག་ཚང་བའི་ཕྱིར་རོ་ཞེ་ན། སྨྲས་པ་གླེང་གཞི་ཞེས་བྱ་བ་ནི་ཚིག་ཐམས་ཅད་དུ་བཤད་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་ངེས་བརྗོད་པ་ལ་སོགས་པ་ལྔ་སྟོན་གྱི་ཚིག་རེ་རེ་ལ་ནི་མི་འཇུག་གོ །རིགས་པ་ཡང་ཚིག་རེ་རེ་ལ་སྨྲ་བར་བྱ་བ་མ་ཡིན་ཏེ། གླེང་བསླང་བ་བཞིན་དུ་དེ་ཡང་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འཆད་པ་པོའི་རྒྱན་ཡང་ལོགས་པ་མ་ཡིན་ཏེ་མ་གཏོགས་པར་བཤད་པ་དབྱེ་བ་མ་འགྲུབ་པས་སོ། །ཉན་པ་པོའི་རྒྱན་ཡང་རྟེན་མེད་པ་མ་ཡིན་ཏེ་དེའི་རྟེན་མཐའ་དྲུག་ཡིན་པའི་ཕྱིར་རོ། །མཐའ་དྲུག་གི་དོན་སོ་སོར་བསྟན་པ་ཉིད་ཀྱི་རིམ་པ་གཉིས་སྡུད་པར་བྱེད་པའི་བརྗོད་པར་བྱ་བའི་དོན་མ་ལུས་པ་བསྡུ་བའི་རྒྱན་ཞེས་བྱ་བ་འགྲུབ་པོ་ཞེས་དོན་གྱི་ཤུགས་ཀྱིས་ཚིག་རེ་རེ་ལ་མཐའ་དྲུག་གིས་བཤད་པས་དེའི་མིང་གིས་འགྲེལ་བར་གྲངས་སོ། །དེ་ལྟར་ན་བཤད་པ་རྣམ་པ་བཞི་ཡང་ཚིག་རེ་རེ་ལ་ལྔ་ལྔར་ཡོད་པས་ཞེས་མཐའ་དྲུག་གིས་བཤད་པ་མི་རིགས་ཤེ་ན། སྨྲས་པ་དང༌། གཞན་གྱི་བརྗོད་པས་ཉེས་པ་མེད་དོ། །དཔེར་ན་མའི་བུ་དང་ཕའི་བུ་ཞེས་བྱ་བ་བཞིན་ནོ། །གང་གི་ཕྱིར་གཉི་ག་ལ་འབྱུང་བ་དེ་ཅིག་ཤོས་ཀྱི་མིང་གིས་ཀྱང་གྲགས་པ་ཡིན་ནོ། །དེ་བས་ན་རིམ་པ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཐའ་དྲུག་ཏུ་བཤད་པ་དང་རྣམ་པ་བཞིར་བཤད་པ་ཞེས་པ་ནི་མཐའ་དྲུག་དང་བཤད་པ་རྣམ་པ་བཞིས་བཟུང་བས་རྒྱན་གཞན་རྣམས་དེ་དག་ཏུ་འདུས་པས་སོ། །དཔལ་གསང་བ་འདུས་པའི་དོན་རྒྱས་བཏབ་པ་ཡིན་ལ་ཞེས་པ་ནི་དེ་བཞིན་གཤེགས་པའི་བདག་པོ་རྡོ་རྗེ་འཆང་ཆེན་པོས་དེ་དག་གིས་རྒྱས་བཏབ་པ་ནི་བཅིངས་པའོ། །དེས་ན་རྟོགས་པར་དཀའ་བའི་རྒྱུད་འདི་ཡིན་ཞེས་བསྟན་ཏོ། །དེ་མ་གཏོགས་པ་ཞེས་བྱ་བ་འདིས་ད་ལྟར་བྱུང་བ་རྣམས་ཀྱིས་མི་རྟོགས་ཞེས་བསྟན་ཏོ། །སྒྲ་ཇི་བཞིན་པར་བཤད་པའི་སྒྲའི་དོན་ཙམ་ལ་བརྟེན་ཏེ་ཞེས་པ་ནི་མཐའ་དྲུག་གི་དོན་མི་ཤེས་ནས་སོ། །འགལ་བ་དང་ཤིན་ཏུ་རྨད་དུ་གྱུར་པའི་བྱ་བ་བྱེད་པས་ནི་ལྟ་བ་ལ་


DTG032_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དབང་གིས་མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པ་སྒྲ་ཇི་བཞིན་དུ་གཟུང་བས་འགལ་བ་སྤྱོད་པས་སོ། །ལས་ཀྱི་དབང་དུ་འགྱུར་རོ་ཞེས་པ་ནི། སྡིག་པའི་ལས་ཀུན་ཏུ་སྤྱོད་པས་མནར་མེད་པ་ལ་སོགས་པར་སྐྱེ་བར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །གསང་བའི་བདག་པོ་ཞེས་པ་ནི་བོང་བའི་ཚིག་གོ །ཚུལ་ཆེན་འདི་ནི་རྙེད་གྱུར་ནས། །ཞེས་པ་ནི་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཟད་མིན་དོན་ནི་སྒྲ་ཇི་བཞིན་པ་ཡིན་ཞེས་ཐ་ཚིག་གོ །ལམ་ངན་པ་ཞེས་པ་ནི་སོ་སོའི་སྐྱེ་བོའི་ལམ་དུའོ། །མངོན་པའི་ང་རྒྱལ་ཞེས་བྱ་བ་ལ་སོགས་པ་ནི་རིག་པའི་དབང་ཙམ་ཐོབ་ནས་སྒྲུབ་པའི་ཐབས་ཙམ་ཡོངས་སུ་ཤེས་པས་ང་རྒྱལ་དང་ལྡན་པར་འགྱུར་རོ་ཞེས་ཐ་ཚིག་གོ །ཆོས་ནི་གཡོ་ཡིས་བྱེད་པར་འགྱུར། །ཞེས་པ་ནི་གཡོ་སྒྱུའི་དབང་གིས་ཆོས་བྱེད་པ་སྟེ་སོ་བྱ་བཞིན་ནོ། །སེམས་ཅན་སླུ་བར་བྱེད་པ་ཞེས་བྱ་བའི་དོ་ན་ཏོ། །དེས་ནི་འདུས་པ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་ཉམས་པ་དང་ཡོངས་སུ་མི་ཤེས་པ་དག་བསྟན་ཏོ། །མངོན་སུམ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སློབ་དཔོན་ལ་སྨོད་པར་བྱེད་པ་བསྟན་ཏོ། །སྐད་ཅིག་ཅེས་པ་ནས་བྱམས་པའི་སེམས་མེད་པ་དང༌། བགྲོད་མིན་ལ་འགྲོ་བ་དང༌། མཚམས་མེད་པ་བྱེད་པ་དང༌། མི་དགེ་བའི་ལས་ཀྱི་ལམ་ལ་སྤྱོད་པར་བྱེད་པ་སྟོན་པར་བྱེད་དོ། །དེ་ཉིད་ཡེ་ཤེས་པ་ནི་རྣམ་པ་གཉིས་ཏེ། བསྐྱེད་པའི་རིམ་པ་ལྷག་པར་མོས་པའི་སྦྱོར་བས་སྟོང་པ་ཉིད་མངོན་དུ་བྱེད་པ་དང༌། རྫོགས་པའི་རིམ་པ་ལ་རྡོ་རྗེ་བཟླས་པ་ལ་སོགས་པའི་མཚན་ཉིད་དོ། །ཏིང་ངེ་འཛིན་ནི་རིམ་པ་གཉིས་ཀྱི་མཚན་ཉིད་དོ། །རྟོགས་པ་མེད་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་རོ། །ཉེས་པ་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་སློང་མོའི་ཁྱིམ་ནས་གལ་ཏེ་བཟའ་བ་ཙམ་མ་རྙེད་ན་དེའི་ཚེ། ལེའུ་གསུམ་པ་ལ་སོགས་པ་ནས་གསུངས་པའི་མངོན་སྤྱོད་ཀྱི་ལས་བྱེད་པར་འགྱུར་རོ། །གལ་ཏེ་དེས་གྲུབ་པར་གྱུར་ན་དེའི་ཚེ་སྐྱོན་མེད་དོ། །འོན་ཀྱང་


DTG032_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ནི་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏོ། །སྦྱོར་བ་ནི་རྫས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྦྱོར་བའོ། །དེ་དག་གི་དམན་པ་ནི་བྲལ་བའི་ཕྱིར་འགྲུབ་པར་མི་འགྱུར་རོ། །སྔགས་པ་ནི་བཤད་པའི་ཚིག་སྟེ་བླུན་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་སྦྱོར་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་འདིས་སྒོམ་པ་མེད་པས་རང་གི་བསྟན་པ་ལ་སྐུར་བ་འདེབས་ཤིང༌། ཕྱིའི་བསྟན་བཅོས་ལ་བརྟེན་ཏེ་དེའི་སྦྱོར་བ་སློབ་པས་རང་གི་དམ་ཚིག་དང་བྲལ་ཞིང་རང་དབང་དུ་སོང་བས་སྔགས་ལ་སོགས་པའི་སྦྱོར་བས་འཚོ་བ་ཚོལ་ཞིང༌། གང་དུ་རྙེད་པ་ཡོད་པ་དེ་ཉིད་དུ་འཇུག་པར་འགྱུར་ཏེ་བཟོ་བོ་བཞིན་ནོ། །དེ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། གསང་བ་དགོངས་པས་བཤད་པ་ཡིན། །ཞེས་པ་ནི་སེམས་ཅན་དེ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དགོངས་པས་ལུང་བསྟན་ཏེ། རྩ་བའི་རྒྱུད་ཀྱི་དཀའ་བའི་ཚིག་ཕྱེ་ནས་ཇི་ལྟ་བ་བཞིན་དུ་དོན་ངེས་པར་གཟུང་བས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཡན་ལག་གི་དོན་དབྱེ་བར་བྱ་བའི་ཕྱིར་བཤད་པར་བྱེད་དེ། འདིར་ཞེས་བྱ་བ་ལ་སོགས་པས་གླེང་གཞིའི་ཚིག་གི་གནས་སྐབས་སོ། །སྡུད་པ་པོ་འཕགས་པ་ཕྱག་ན་རྡོ་རྗེ་ཞེས་པ་ནི་ལེའུ་བཅུ་བདུན་པ་ལས་ཀྱེའི་རྡོ་རྗེ་ཆོས་ཀྱི་རྣམ་གྲངས་འདི་ལོང་ཤིག་ཅེས་འཆད་པར་འགྱུར་རོ། །དེ་བས་ནི་སྡུད་པ་པོར་གྱུར་པ་ནི་ཆོས་ཀྱི་མཛོད་དེ་ཉིད་ལ་གཏད་པའི་ཕྱིར་རོ། །འདི་སྐད་བྱ་བ་ཚིག་གི་ཕྲད་ཀྱིས་རྒྱུད་ཀྱི་དོན་མ་ལུས་པ་མཚོན་པར་བྱེད་པ་ནི་རྒྱུད་ཀྱི་དོན་མ་ལུས་པ་སེམས་ལ་བཞག་ནས་འདི་སྐད་ཅེས་གསུངས་ཏེ། ཚིག་ཕྲད་རྣམས་ལ་དོན་དུ་མ་ཡོད་པའི་ཕྱིར་རོ། །བདག་ཉིད་ཀྱིས་ནི་དངོས་སུ་ཐོས་ཀྱི་བརྒྱུད་པས་ནི་མ་ཡིན་ཞེས་བྱ་བ་ལ་དངོས་སུ་ཐོས་པས་འཁྲུལ་པ་མེད་པ་ཉིད་སྟོན་ཏེ། བརྒྱུད་པའི་སྒོ་ནས་ཐོས་པ་ལ་ནི་དེ་ལས་གཞན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྟོགས་པ་མ་ཡིན་པ་ཞེས་པ་ནི་ཐོས་པ་ཙམ་གཙོ་བོ་ཡིན་པས་སོ། །རྟོགས་པ་ཡོད་ན་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་ངེས་པ་རྙེད་ནས་དེའི་ངོ་བོར་གནས་པའི་ཕྱིར་རོ། །སྡུད་པས་ཅི་ཞིག་བྱ་ཞེས་པའི་ཐ་ཚིག་གོ །དུས་གཅིག་ན་ཞེས་པ་ལ་སོགས་པ་འདིས་ཐོས་པ་མང་བ་ལ་སོགས་པ་ཡོན་ཏན་previous hit གསུམ་བསྟན་པའོ། །རྒྱུད་ཀྱི་དཀོན་པ་ཉིད་ནི་རྒྱུད next hit་ཀྱི་ཡོན་ཏན་ནོ། །


DTG032_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་མང་བ་དང་ཤེས་རབ་ཕུལ་དུ་བྱུང་བ་དག་ནི་སྡུད་པ་པོའི་ཡོན་ཏན་ནོ། །གང་ལས་ཞེས་བྱ་བ་ལ་སོགས་པས་གླེང་གཞི་གསུངས་སོ། །གང་གི་ཕྱིར་སྟོན་པ་དང་གནས་དང་ཉན་པ་ཕུན་སུམ་ཚོགས་པ་གཙོ་བོ་ཡིན་པའི་ཕྱིར་གླེང་གཞི་ཡིན་ནོ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པས་རྒྱུད་ཀྱི་ཆེ་བ་ཉིད་བསྟན་ཏོ། །གནས་ཕུན་སུམ་ཚོགས་པ་ཡོངས་སུ་དག་པས་སངས་རྒྱས་ཀྱི་ཞིང་རྣམས་སུ་ཚད་བསྟན་པས་ཚད་མ་ཉིད་དུ་འགྱུར་རོ། །འཁོར་ཕུན་སུམ་ཚོགས་པས་འདི་དང་ལྷན་ཅིག་ཐོས་ཞེས་པས་དབང་པོ་ཉིད་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བསྟན་ཏོ། །སྐལ་པ་དང་ལྡན་པའི་ཕྱིར་ཞེས་པ་ནི། ཇི་སྐད་དུ། དབང་ཕྱུག་མ་ལུས་པ་ཉིད་དང༌། །ཡེ་ཤེས་དང་ནི་གྲགས་པ་དཔལ། །ཆགས་བྲལ་རྩོལ་བ་ཉིད་དང་ནི། །བཅོམ་པ་རྣམ་པ་དྲུག་ཏུ་གྲགས། །ཞེས་པ་འབྱུང་བས་སོ། །དེ་རྣམས་དང་ལྡན་པའི་ཕྱིར་ན་བཅོམ་ལྡན་འདས་སོ། །མི་མཐུན་པ་ལ་རྣམ་པ་གཉིས་ཏེ། ཕྱི་དང་ནང་གི་དག་གོ །དེ་ལ་ཕྱིའི་ནི་ལྷའི་གུ་ལ་སོགས་པའི་བདུད་རྣམས་ཀྱིའོ། །དེ་རྣམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པའི་ཕྱིར་ན་བཅོམ་ལྡན་འདས་སོ། །ནང་གི་ནི་ཉོན་མོངས་པ་དང་ཤེས་བྱ་དང་ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་ཞེས་བྱ་བ་དེ་རྣམས་མཐོང་བ་དང༌། བསྒོམ་པ་ལ་སོགས་པའི་རིམ་གྱིས་བཅོམ་པས་ན་བཅོམ་ལྡན་འདས་སོ། །རབ་ཏུ་བྱེད་པ་ལས་ཀྱང༌། །སྐྱེ་རེངས་འཆར་བའི་དུས་སུ་ནི། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། །བྱང་ཆུབ་ཤིང་དྲུང་བཞུགས་ནས་ནི། །དེས་ནི་བདུད་རྣམས་འཇོམས་པར་མཛད། །ཅེས་འབྱུང་ངོ༌། །ཇི་སྲིད་ཡིད་ནི་གཡོ་འགྱུར་བས། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། །དེ་ལྟར་ཡོད་པས་སྐྱོན་མེད་ནི། །འདི་ནི་ཅི་ཕྱིར་རིགས་པ་མིན། །ཞེས་འབྱུང་ངོ༌། །ཀྱང་གི་སྒྲས་ནི་མ་བཤད་པ་བསྡུ་བའི་དོན་ཡིན་ཏེ། དེ་ནས་བཅོམ་ནི་ཆོས་འབྱུང་བའི་ནང་དུ་བདེ་བ་ཆེན་པོའི་ཚུལ་ལམ་ཐིག་ལེའི་གཟུགས་སུ་གནས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་སྤྱིའི་དོན་གྱི་ཕྱོགས་སུ་འཆད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ་ཞེས་པ་ནི་བཅོམ་ལྡན་འདས་གང་དུ་བཞུགས་


DTG032_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདྲི་བ་ལ། རྒྱུད་གང་དུ་བཤད་པར་དེར་བཞུགས་ཞེས་ལན་ནོ། །དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ་ཞེས་པ་ནི་འོད་གསལ་བ་ལ་འཇུག་པའམ་མཁྱེན་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྣོད་དང་བཅུད་ཀྱི་འཇིག་རྟེན་གཉིས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །མགོན་པོ་སེམས་ཅན་ཀུན་བདག་ཉིད། །ཅེས་རབ་ཏུ་བྱེད་པ་ལས་འབྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་ཕྱིར་རོ། །གང་གི་ཕྱིར་རིགས་ལྔ་ཕུང་པོ་ལྔ་རྣམ་པར་དག་པར་གསུངས་ཏེ། དེ་དག་ཁོ་ན་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་གསུམ་དུ་འགྱུར་རོ། །དེ་རྣམས་ཀྱང་འོད་གསལ་བ་ལ་ཉེ་བར་བསྡུས་པས་རྡོ་རྗེ་སེམས་དཔའི་རིགས་གཅིག་པོ་ཁོ་ནར་འགྱུར་རོ། །དེ་བས་རྡོ་རྗེ་འཆང་ཆེན་པོ་ཞེས་གསུངས་ཏེ། ཤེས་པ་དང་ཤེས་བྱའི་རྣམ་པར་དག་པའི་སྤྲོས་པ་ལས་ངེས་པར་གྲོལ་བ་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེའི་རྡོ་རྗེ་བཙུན་མོ་ནི་ཤེས་རབ་སྟེ་ཞེས་པ་ལ་འོད་གསལ་བའི་དེ་ཁོ་ཉིད་མངོན་དུ་བྱེད་པ་རྣལ་འབྱོར་གྱི་མངོན་སུམ་གྱི་ཚད་མས་ཡང་དག་པར་རྟོགས་པར་བྱ་བ་བསྒོམ་པའི་རང་བཞིན་གྱི་ཤེས་རབ་སྟེ་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཉོན་མོངས་པ་རྣམས་འཇོམས་པས་ན་བྷ་གའོ་ཞེས་གསུམ་དང་དེ་དང་འབྲེལ་བའི་ཆགས་བྲལ་ལ་སོགས་པའི་རང་བཞིན་བརྒྱ་དྲུག་ཅུ་ནི་ཉོན་མོངས་པ་རྣམས་སོ། །དེ་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་བཅོམ་ཞིང་རྣམ་པར་དག་པས་ན་བྷ་ག་ཞེས་བཤད་དོ། །འདི་སྐད་སྟོན་པ་ཡིན་ཏེ་ཞེས་པ་འདིས་ཉེ་བར་སྡུད་པར་བསྟན་ཏོ། །དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་འདིས་བགེགས་བསྐྲད་པར་བྱས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམས་ཏེ། སླར་ཡང་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡེ་ཤེས་ཀྱིས་ས་གཞི་བྱིན་གྱིས་བརླབས་ལ། དེའི་སྟེང་དུ་རི་རབ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་པའི་ནང་དུ་མྱུར་དུ་ལྷག་པར་མོས་པའི་དཀྱིལ་འཁོར་རྣམ་པར་བསམས་ལ། རྡོ་རྗེ་ཕྲེང་བ་ལས་


DTG032_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་རིམ་པས་དོན་དམ་པའི་དཀྱིལ་འཁོར་ལ་དམིགས་ཤིང་སྟོང་པ་ཉིད་ཀྱི་སྔགས་མངོན་དུ་བྱས་ཏེ། ཡི་གེ་གསུམ་སྤྲོ་བ་དང་བསྡུ་བའི་རིམ་པས་པདྨ་དང་ཟླ་བ་དང་ཉི་མ་བསམས་ལ་སླར་ཡང་དེའི་སྟེང་དུ་ཡི་གེ་གསུམ་བཀོད་ལ། དེ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་དུ་སྔར་བཤད་པའི་ཉི་མ་ལ་སོགས་པ་དེ་ཉིད་དུ་འཇུག་པར་བྱས་ལ། ཆོས་ཀྱི་དབྱིངས་ཞེས་བྱ་བའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་རང་གི་སེམས་བརྟན་པར་བྱས་ལ། སླར་ཡང་ཟླ་བ་དེ་ལ་ཡི་གེ་གསུམ་བཀོད་ཅིང་དེ་ཉིད་ལས་སྤྲོ་བ་དང་བསྡུ་བའི་རིམ་པས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ས་བོན་དང་བཅས་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྐྱེད་ལ་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྣམ་པར་བསྒོམས་ཏེ། མིག་ལ་སོགས་པའི་དབང་པོ་རྣམས་ལ་བྱང་ཆུབ་སེམས་དཔའི་ས་བོན་རྣམ་པར་དགོད་པའི་མཚན་ཉིད་ཅན་ཤིན་ཏུ་རྣལ་འབྱོར་རྫོགས་པར་བྱས་ལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབ་པའི་མཚན་ཉིད་ཅན་རྣལ་འབྱོར་ཆེན་པོ་ཡོངས་སུ་རྫོགས་པར་བྱས་པ་དང༌། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཞལ་previous hit གསུམ་ལ་སོགས་པའི་རྣམ་པ་ཅན་རྡོ་རྗེ་འཆང་ཆེན་པོས་རྒྱུད next hit་གསུངས་སོ་ཞེས་དགོངས་སོ། །ཡི་གེའི་དོན་ཏེ་ཞེས་པ་ནི་བསྐྱེད་པའི་རིམ་པ་སྟོན་པ་ལ་དང་པོའི་སྦྱོར་བ་ཙམ་ཚིག་གི་སྦྱོར་བས་སྟོན་པ་དང་སྒྲ་ལ་རྣམ་པར་ཞེན་པ་རྣམས་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པ་རྣམས་སུ་བྱ་བ་དང་བྱེད་པ་དང་བསྡུ་བ་ལ་སོགས་པ་བཤད་པའི་ཕྱིར་རོ། །ཚོགས་པ་ལ་བཤད་པའི་ཞེས་པ་ནི་ཡན་ལག་ལྔ་དང་ལྡན་པ་དེའི་ཡང་གཅིག་གིས་ཀྱང་ཐ་སྙད་དུ་རིགས་ཏེ། ཚིག་རྣམས་ལ་ཚིག་གི་ཕྱོགས་གཅིག་ཡོད་དོ་ཞེས་འབྱུང་བའི་ཕྱིར་རོ། །དཔེར་ན་ཡུལ་ཚིག་པ་དང་སྣམ་བུ་ཚིག་པ་བཞིན་ནོ། །ད་ནི་སྤྱིའི་དོན་གྱི་སྐབས་ལ་དང་པོ་རྒོལ་བ་དང་ལན་གྱི་སྒོ་ནས་སོ་སོར་བསྟན་པར་བྱ་བའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དགོངས་པ་གང་གིས་ན་ཞེས་བྱ་བ་ལ་སོགས་པས་ནི་དགོངས་པ་ནི་འདི་ཡིན་ཏེ། འདས་པ་དང་ད་ལྟར་བྱུང་བ་དག་རྗོད་པར་བྱེད་པ་དེ་དང་འདིར་ཞེས་སྒྲ་གཉིས་པོ་ཡོད་ན་འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ཅིའི་ཕྱིར་གཟུང་


DTG032_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། སྨྲས་པ་ཞེས་བྱ་བ་འདིས་ལན་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སྤྱན་ལ་སོགས་པ་ལྷ་མོ་དང་བཅས་པ་རྣམས་ཀྱིའོ། །བརྡར་གྱུར་པ་ནི་བརྡ་ཙམ་ཉིད་དུ་བཟུང་བའོ། །དེ་བས་ན་ཐབས་དང་ཤེས་རབ་སྟོན་པ་ཉིད་ཀྱིས་ན་ཞེས་པ་ནི་སྟོང་པ་ཉིང་དང་སྙིང་རྗེའི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པ་བསྒྲུབ་བྱ་དང་སྒྲུབ་བྱེད་དང༌། རྡོ་རྗེ་དང་པདྨ་དང་དེ་དག་གི་སྙོམས་པར་ཞུགས་པ་ལས་སྐྱེས་པའི་བདེ་བ་ཆེན་པོའི་རྗོད་པར་བྱེད་པ་ཞེས་བར་དུའོ། །སྨྲས་པ་གལ་ཏེ་དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པ་པོ་ཡོད་པར་མི་འགྱུར་ཏེ་ཞེས་བསྟན་ཏོ། །སྡུད་པ་པོ་མེད་ཅེས་དམ་བཅའ་བའོ། །འབྲེལ་པ་མེད་པའི་ཕྱིར་ཞེས་གཏན་ཚིགས་སོ། །དགོངས་པ་ནི་འདི་སྐད་བདག་གིས་ཐོས་པ་འདིས་ཐབས་དང་ཤེས་རབ་མཚོན་པར་བྱེད་པས་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་བྱེད་པ་པོ་དང་བྱ་བ་ལ་སོགས་པའི་རྣམ་གྲངས་ཅན་གྱི་ལས་མེད་པས་འབྲེལ་པ་མེད་དོ། །དེ་བས་ན་བདག་གིས་ཐོས་ཞེས་སྡུད་པར་བྱེད་པ་པོ་མེད་པར་ཐལ་བར་འགྱུར་རོ། །རྒྱུད་ཀྱི་དོན་ཡང་མཆོག་ཏུ་འཛིན་པར་མི་འགྱུར་རོ་ཞེས་དྲིའོ། །དེ་ནི་བདེན་ཏེ་སྨྲས་པ་ཞེས་པ་ནི་བདེན་ཏེ་ཞེས་པ་འདིས་ལན་ནོ། །འདིར་སྡུད་པར་བྱེད་པ་པོ་ནི་མེད་དོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ལོངས་སྤྱོད་དང་སྤྲུལ་པའི་སྐུ་ཉིད་ཀྱིས་འཆད་པ་པོ་ཡང་ཡིན་ལ་ཉན་པ་པོ་ཡང་ཡིན་ནོ། །གང་གི་ཕྱིར་ཐམས་ཅད་སྟོང་པའི་ངོ་བོ་ཉིད་རྡོ་རྗེ་འཆང་ཆེན་པོ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལས་མི་གཡོ་བ་དེ་དང་ཐ་མི་དད་པའི་སྤྲུལ་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་སྡུད་པ་པོ་རྣམས་ལ་ཐེ་ཚོམ་མེད་ན། གང་བཟློག་པར་བྱ་བའི་ཕྱིར་དེ་རྣམས་ལ་རྡོ་རྗེ་འཆང་ཆེན་པོས་ཆོས་བསྟན་པ་དང་དེ་རྣམས་ཀྱིས་ཀྱང་དེ་ལས་ཐོས་ནས་གཞན་རྣམས་ལ་སོ་སོར་བསྟན་པར་འགྱུར་རོ། །དེ་བས་ན་མ་འོངས་པའི་སེམས་ཅན་གྱི་ཁམས་གདོན་པར་བྱེད་པའི་བསམ་པས་སྣ་ཚོགས་པ་སངས་རྒྱས་ཀྱི་རོལ་སྟོན་འདི་བསྟན་ཏོ་ཞེས་འཆད་པ་པོ་དང་ཉན་པ་པོ་ཐ་དད་པ་གང་ཞིག་ཡོད། དེའི་ཕྱིར་སྤྲོས་པ་མེད་པ་རྡོ་རྗེ་འཆང་ཆེན་པོ་གཅིག་པུ་ཉིད་རྡོ་རྗེ་འཆང་ཆེན་པོས་དབང་དུ་བྱས་པའི་ཐུགས་ཀྱི་རྒྱུད་ཀྱི་འཆད་པ་པོ་དང༌། ཉན་པ་པོ་དང་སྡུད་


DTG032_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོའི་དབྱེ་བས་བདག་ཉིད་ཁོ་ན་རབ་ཏུ་སྟོན་པར་མཛད་དོ། །དེ་ལྟ་ན་སྨྲས་པ་ནི་འོ་ན་བཙུན་པ་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པས་སླར་ཡང་འདྲི་བའོ། །དེའི་བསམ་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བཙུན་པ་ཀུན་དགའ་བོ་ནི་སྡུད་པ་པོ་སྟེ། དེ་བཞིན་དུ་ཡང་མདོ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་ལ་ཡང་འོད་སྲུངས་དང་མོད་གལ་གྱི་བུ་ལ་སོགས་པ་སྡུད་པ་པོ་ཡོད་ཅེས་ཅིའི་ཕྱིར་འདིར་སྡུད་པ་པོ་མེད་ཅེས་སྨྲས་ཤེ་ན། སྨྲས་པ་ཞེས་བྱ་བ་ལ་སོགས་པས་ལན་ཡིན་ཏེ། ཀུན་དགའ་བོ་ནི་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟེ་ཞེས་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་རྣམས་ལ་གང་བཙུན་པ་ཀུན་དགའ་བོ་སྡུད་པ་པོ་ཡིན་པ་དེ་ཉིད་སྔགས་ཀྱི་བསྟན་པ་འདི་ལ་ཀུན་ཏུ་བཟང་པོ་ཞེས་བྱའོ། །སྔགས་ཀྱི་ཐེག་པ་ལ་སྡུད་པ་པོ་ཕྱག་ན་རྡོ་རྗེ་གང་ཡིན་པ་དེ་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། ལོངས་སྤྱོད་དང་སྤྲུལ་པའི་སྐུ་དག་ནི་དབྱེར་མེད་པའི་ཕྱིར་རོ། །གཞན་དུ་ན་ཞེས་བྱ་བ་ལ་སོགས་པས་དེ་དག་དབྱེར་མེད་པ་ལ་ཚད་མ་ཉིད་གསུངས་སོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ཚད་དོ། །ཉེ་བར་མཚོན་པ་ཡིན་པས་ཐེག་པ་ཆེན་པོ་ནི་སྟོང་ཕྲག་དགུ་བཅུ་རྡོ་རྗེ་ཐེག་པ་ཡང་ཞེས་པ་ནི་ཡང་གི་སྒྲས་ནི་ཁྲི་ཕྲག་བཅུའི་ཆད་ཅན་ནོ། །ལྷག་ཆད་མེད་པར་ལན་ཅིག་གིས་འཛིན་པར་ག་ལ་ནུས་ཞེས་པ་ནི་མི་ནུས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྡོ་རྗེ་འཆང་ཆེན་པོ་ཁོ་ནའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཞེས་པ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། འཇམ་དཔལ་ནི་རྒྱལ་པོ་ཆེན་པོ་ཟས་གཙང་མང་གྱུར་ཏོ་ཞེས་པ་ནི། ཟས་གཙང་མ་ནི་བཅོམ་ལྡན་འདས་ཀྱི་ཡབ་སྟེ་རྒྱུའི་རྡོ་རྗེ་འཆང་བའོ། །འཇམ་དཔལ་ནི་རྒྱལ་བའི་སྲས་ཏེ་སྤྲུལ་པའི་སྐུའོ། །དེ་དག་ཐ་མི་དད་པ་ཡིན་ཏེ། མཛད་པ་གཅིག་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་དུ་གྱུར་ཏོ་ཞེས་པ་ནི་འདིས་ཀྱང་བུད་མེད་དང་སྐྱེས་པ་དབྱེར་མེད་པར་སྒྱུ་མ་ལྟ་བུར་མཐོང་བས་དངོས་པོ་ཐམས་ཅད་ལ་གཉིས་སུ་མེད་པའི་མཚན་ཉིད་བསྟན་ཏོ། །དཔལ་ལྷ་མོ་ནི་གྲགས་འཛིན་ནོ་ཞེས་པ་ནི་


DTG032_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་བཙུན་མོ་དམ་པའོ། །དེ་ཉིད་དཔལ་ཀྱི་ལྷ་མོ་ནི་རིག་བྱ་རྡོ་རྗེ་མའོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ་ཞེས་པ་ནི་ཤཱ་ཀྱ་སེང་གེའི་སྲས་ཏེ་སྤྲུལ་པའི་སྐུའོ། །རྡོ་རྗེ་སེམས་དཔའ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་དེ་དག་དབྱེར་མེད་པ་ཉིད་དུ་བསྟན་ཏོ། །དེ་བཞིན་དུ་ཐམས་ཅད་དུ་ཤེས་པར་བྱའོ། །རིགས་པ་འདིས་ནི་ཞེས་བྱ་བ་ལ་བརྩོན་པས་ཉེ་བར་སྡུད་པ་བསྟན་ཏོ། །འདིར། སངས་རྒྱས་མྱ་ངན་མི་འདའ་ཞིང༌། །ཞེས་པ་ནི་རྡོ་རྗེའི་སྐུ་ཉིད་ཀྱིས་མི་ཟད་པའི་ཕྱིར་རོ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་པ་ནི་སངས་རྒྱས་ཀྱིས་བྱིན་གྱིས་རློབ་པ་དེ་ཡིན་པའི་ཕྱིར་རོ། །སེམས་ཅན་རྣམས་ནི་གདུལ་བྱའི་ཕྱིར། །ཞེས་པ་ནི་མ་འོངས་པའི་སེམས་ཅན་སྦྱོར་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་ཡོངས་སུ་མྱ་ངན་འདས་པ་དང་ནུབ་པ་ཡང་ཉེ་བར་བསྟན་ཏོ། །དེ་ལྟར་སྡུད་པ་པོ་རྣམས་དང་དབྱེར་མེད་པ་ཉིད་དུ་བསྟན་ནས། གླེང་གཞིའི་ཚིག་རབ་ཏུ་བསྟན་པར་བྱ་བའི་ཕྱིར། འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །བརྒྱ་བྱིན་གྱིས་གསོལ་པ་ནི་དྲི་བའོ། །དྲི་བ་དེ་ཉིད་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདིར་ནི་སྐད་ཀྱི་ཡི་གེའི་དོན་གང་ཡིན་པ་དང་ཅིའི་སླད་དུ་དང་པོ་སྦྱོར་བ་དང་སངས་རྒྱས་ཀྱིས་གསུངས་པའམ་ཉན་ཐོས་ཀྱིས་གསུངས་སམ་ཞེས་འདྲི་བའོ། །དམ་ཆོས་ཡོན་ཏན་སྨྲ་བ་ཡི། །ཞེས་བྱ་བ་ལ་སོགས་པས་ལན་གསུངས་སོ། །དྲི་བ་མཆོག་ཡིན་པའི་ཕྱིར་ལེགས་སོ་ཞེས་བྱ་བ་བྱིན་པའོ། །གང་ཕྱིར་ཐམས་ཅད་གཟིགས་པ་ཞེས་བྱ་བ་ལ་སོགས་པས་དང་པོར་སྦྱོར་བའི་དྲི་བའི་ལན་ནོ། །གང་གི་ཕྱིར་གྱིས་ནི་དོན་གང་ཡིན་ཞེས་དྲི་བའི་ལན་ནོ། །ཐམས་ཅད་གཟིགས་པ་ཡིས་ཞེས་པ་འདིས་ཉན་ཐོས་ཀྱིས་གསུངས་པ་བཀག་པའོ། །དོན་དེ་ཉིད་ལས་བདེ་བར་གཤེགས་པའི་གསུང་ཡིན་ཞེས་བསྟན་པར་འགྱུར་རོ། །ཇི་བཞིན་དུ་ཞེས་པ་ནི་སྤྱིའི་དོན་གྱིས་བཤད་པའི་རིམ་པས་སོ། །དེ་ནི་གོ་རིམས་ཞེས་པ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་སོ། །ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་


DTG032_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པས་མདོ་སྡེ་ལ་སོགས་པ་ཆོས་ཀྱི་ཕུང་པོ་ཐམས་ཅད་དུའོ། །ཕ་དང་མའི་ངོ་བོ་ཉིད་ཡི་གེ་གཉིས་ཡིན་ཞེས་དམ་བཅའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །ཡི་གེ་ཨེ་ནི་མར་གྱུར་ལ། །ཞེས་སྨོས་ཏེ། མ་ནི་ཤེས་རབ་སྟེ་ཨེའི་རྣམ་པ་ཅན་ཆོས་འབྱུང་བའི་ཕྱག་རྒྱས་ཉེ་བར་མཚོན་པའི་ཕྱིར་རོ། །ཝ་ནི་ཕ་ཞེས་བྱ་བར་གྲགས། །ཞེས་པ་ནི་ཐབས་ཀྱི་ངོ་བོ་ཉིད་རྣལ་འབྱོར་པ་ཡིན་ཏེ། ཡི་གེ་ཝས་ཉེ་བར་མཚོན་པའི་རྟགས་དང་ལྡན་པའི་ཕྱིར་རོ། །ཐིག་ལེ་དེ་ནི་སྦྱོར་བ་སྟེ། །ཞེས་པ་ནི་དག་འདུས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེས་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་འབྲེལ་བའི་ངོ་བོ་ཉིད་ནི་བསྙེན་པར་བསྟན་ཏོ། །སྦྱོར་ཏེ་ཤིན་ཏུ་རྨད་བྱུང་བ། །ཞེས་པ་ནི་འཁྱུད་པ་དང་ཙུམ་པ་ན་ལ་སོགས་པའི་སྣ་ཚོགས་པའི་སྐད་ཅིག་མ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་ཡན་ལག་དང་པོའོ། །ཨེ་ནི་པདྨ་ཞེས་པ་ནི། གྲུ་གསུམ་ཡིན་པའི་ཕྱིར་རོ། །ཝཾ་ནི་རྡོ་རྗེ་ཉིད་ཡིན་ནོ། །ཞེས་པ་ནི་ཡི་གེ་ཝས་གསང་བའི་རྡོ་རྗེ་མཚོན་པའི་ཕྱིར་རོ། །ཐིག་ལེ་དེར་ནི་ས་བོན་ཏེ། །ཞེས་པ་ནི་དེ་གཉིས་ཀྱི་དབུས་སུ་གནས་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་འགྲོ་བ་གསུམ་པོ་སྐྱེས། །ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་དང་ཁམས་གསུམ་ཡང་སྐྱེས་སོ། །དེས་ནི་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའི་མཚན་ཉིད་ཉེ་བར་སྒྲུབ་པ་ཞེས་བྱ་བ་ཡན་ལག་གཉིས་པ་བསྟན་ཏོ། །ཨེ་ནི་ཤེས་རབ་ཉིད་གྱུར་པ། །ཞེས་པ་ནི་ཤེས་རབ་ཀྱི་པདྨའི་ལྟེ་བར་ཆར་བཀག་པར་བྱ་བའི་ཕྱིར་ཡི་གེ་ཕཊ་རྣམ་པར་བཀོད་ནས་བསྐྱོད་པ་གང་ཡིན་པ་དེ་ནི་ཤེས་རབ་པོ། །ཝ་ནི་རབ་དགའི་བདག་པོ་ཞེས་པ་ནི་རབ་ཏུ་དགའ་བའི་བདག་པོ་རྡོ་རྗེ་ལ་ཡི་གེ་ཧཱུཾ་བཀོད་ནས་བསྐྱེད་པ་གང་ཡིན་པ་དེ་ནི་བསྒྲུབ་པ་ཞེས་བྱ་བ་ཡན་ལག་གསུམ་པའོ། །ཐིག་ལེ་ནི་མྱོང་བའི་ངང་ཚུལ་ཅན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། རྫས་ཀྱི་བདག་ཉིད་དང་བདེ་བ་ཆེན་པོའོ། །དེ་ལ་བདེ་བ་ཆེན་པོ་ནི་མི་ཤིགས་ཏེ་དེ་ཉིད་ཅེས་སྨོས་ཏེ། རང་རིག་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །རྫས་ཀྱི་བདག་ཉིད་ནི་གང་རྡོ་རྗེ་རྩེ་མོ་ནས་ཕྱིར་སྤྲོས་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་ཡི་གེ་དེ་ཉིད་ཀྱང་སྐྱེས་ཞེས་པ་ནི་ཐིག་ལེ་དེ་ལས་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པའི་


DTG032_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་གྱི་སྔགས་ལས་སྐྱེས་པའི་ཐུགས་རྡོ་རྗེ་འཛིན་པ་ལ་སོགས་པ་ཞེས་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ཡན་ལག་བཞི་པའོ། །ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །ཞེས་བྱ་བ་ལ་སོགས་པ་ལ་ཆོས་ནི་བརྒྱ་ཁྲི་བཞི་སྟོང་གི་ཚད་ཀྱི་ཕུང་པོ་དེ་ལ་གང་གིས་རྒྱས་བཏབ་ཅིང་བསྡུས་པ་དེ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ་ཨེ་ཝཾ་མོ། །དེ་བས་ན་ཆོས་ཡང་དག་པར་བརྗོད་པའི་མདོ་ལས་དགེ་སློང་རྣམས་དེའི་ཆོས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པས་སྡུད་པར་བྱའོ་ཞེས་གསུངས་སོ། །དེ་བས་ན་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ཡི་གེ་གཉིས་པོ་ཡོངས་སུ་ཤེས་པས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །འགྲོ་བ་གང་གིས་ཡི་གེ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བོ་གང་གིས་སྔོན་དུ་བཤད་པའི་ཡི་གེ་གཉིས་པོ་མི་ཤེས་ནས་ཆོས་ཀློག་པའམ་ཉན་པ་འམ་སྒོམ་པར་བྱེད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ལས་ཕྱི་རོལ་དུ་གྱུར་པ་སྦྱོར་སྤངས་ནི་རྣལ་འབྱོར་མེད་པའི་ཐུབ་པ་བཞིན། །ཞེས་པ་ནི་མུ་སྟེགས་ཀྱི་བྲམ་ཟེ་བཞིན་དུ་འགྱུར་རོ། །ཡང་ན་དགག་པར་བྱེད་པའི་སྒྲ་སྤངས་ཏེ། ཤེས་ནས་རྟག་ཏུ་འདོན་པ་དག །ཅེས་པ་ནི་འདིས་ཡི་གེ་གཉིས་པོ་ཙམ་ཡོངས་སུ་ཤེས་པས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཕྱི་རོལ་ཏུ་འགྱུར་ཞིང་སྦྱོར་བ་སྤངས་པ་ནི་ཏིང་ངེ་འཛིན་སྤང་པ་ཡང་ཐུབ་པ་བཞིན་ཞེས་པ་ནི་ཤཱཀྱ་སེང་གེ་དང་འདྲ་བར་འགྱུར་རོ། །ཨེ་ཝཾ་ཡི་གེ་གཉིས་སྒྱུ་མ་ལ་ཞེས་པ་ནི་རིག་མ་དང་སྐྱེས་བུའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་རྡོ་རྗེ་འཆང་ཆེན་པོ་བཞུགས་པས་སོ། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཞེས་བྱ་བ་ལ་སོགས་པས་རྟག་པའི་གནས་ཐོབ་པར་འདོད་པས་དང་པོ་བསྟན་བཅོས་ཀྱི་ཐོག་མར་ཨེ་ཝཾ་ཞེས་བྱ་བ་སྦྱར་བར་བྱ་བ་དང༌། བསྟན་བཅོས་ཀྱི་བཀུར་སྟི་བྱ་བ་དང༌། ཡི་གེ་གཉིས་པོ་དྲན་པར་བྱའོ་ཞེས་བརྒྱ་བྱིན་ལ་འབོད་ཅིང་གདམས་པའོ། །བདག་གིས་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་བསྟན་ཏོ། །བཤད་པའི་རྒྱུད་ལས་ཞེས་པ་ནི་རྡོ་རྗེ་ཕྲེང་བ་ལས་སོ། །འཁོར་ལོས་སྒྱུར་བའི་ངོ་བོའོ། །ཞེས་པ་ནི་དབུས་ཀྱི་བདག་པོའི་ཚུལ་གྱིས་སོ། །བདག་གིས་ཐོས་པ་ཞེས་གསུངས་པའི་ཐོས་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ས་


DTG032_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ངོ་བོས་གང་སྤྲུལ་པ། །ཞེས་པ་ནི་རྡོ་རྗེ་རྩེ་མོ་ལས་འཕྲོས་པའི་བྱང་ཆུབ་ཀྱི་སེམས་ལས་སྐྱེ་བའོ། །ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག །ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོའོ། །དུས་བཤད་པར་བྱ་སྟེ་མཆོག་ཏུ་དགའ་བའི་དུས་གང་ཡིན། །དུས་གཅིག་ན་ཞེས་བཤད་པ་ཡིན། །ཞེས་པ་ནི་སྙོམས་པར་ཞུགས་པའི་དུས་སུ་བདེ་བ་ཆེན་པོ་མྱོང་ནས་ཕྱིས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་ཡིན་ནོ། །དབུས་ཀྱི་བདག་པོའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །ཞེས་བྱ་བ་སྨོས་ཏེ། དབང་ཕྱུག་བརྒྱད་ནི་སྐུའི་དབང་ཕྱུག་ལ་སོགས་པའམ་ཕྲ་བ་ལ་སོགས་པ་སྔོན་དུ་བཤད་ཟིན་ཏོ། །བདེ་བ་ཆེན་པོ་ནི་བདེ་བ་ཆེན་པོ་རྒྱུ་མཐུན་པར་གྱུར་པ་བྱང་ཆུབ་ཀྱི་སེམས་ལས་སྐྱེས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་གནས་ཞེས་པ་ནི་བཞུགས་གནས་ཏེ་གཞིའི་དཀྱིལ་འཁོར་རོ། །དེར་བཞུགས་པ་ནི་དེར་བདག་པོ་ཉིད་དུ་བཞུགས་སོ། །འདི་ནི་ཕུང་པོ་ལྔ་རྒྱལ་བ། །ཞེས་བྱ་བ་ལ་སོགས་པ་ཕུང་པོ་ལྔ་དང་སྐུ་གསུང་ཐུགས་ཀྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཁོ་ན་བཞུགས་སོ། །དེ་ཙམ་གྱིས་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བཤད་དོ། །བཙུན་མོ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རེག་བྱ་རྡོ་རྗེ་མའོ། །བྷ་ག་ལེགས་སྦྱངས་ཞེས་པ་ནི་དེའི་པདྨའོ། །བཞུགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་བྱས་ནས། དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུས་ལ། སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ཡི་གེ་གསུམ་པོ་ཙམ་ལ་དམིགས་ཏེ། དེ་ཡང་ཆ་ཤས་ཀྱི་དབྱེ་བས་བསྡུས་ཏེ་ཐིག་ལེ་ཙམ་ལ་དམིགས་ཤིང་གནས་པར་བྱའོ། །དེ་བས་ན་འདིར་བཤད་པ་ཞེས་བྱ་བ་ལ་སོགས་པ་ནི་ཆ་གཉིས་པ་ནི་ཡི་གེ་ཨའོ། །དགུ་པ་ནི་མ་ནིང་གི་ཡི་གེ་སྤངས་ཏེ་ཨོའོ།། སུམ་ཅུ་པ་ལྔ་པའི་ས་བོན་ནི་ཧའོ། །ཆ་གཉིས་ནི་ཚེག་དྲག་གོ །ལྔ་པ་ནི་མའོ། །དེ་ཉིད་རྗེས་དབྱངས་སོ། །དྲུག་པ་ནི་ཨུའོ། །ཐིག་ལེ་ནི་རྗེས་དབྱངས་སོ། །དེ་ལྟར་ཨོཾ་ཨཱཿ་ཧཱུཾ་འབྱུང་ངོ༌། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཉེ་བར་བསྡུས་ཏེ་གནས་པར་བྱའོ། །ཡང་ན་ཡི་


DTG032_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ཨ་དགག་པར་བྱེད་པ་སྦྲེལ་ཏེ། ཐིག་ལེ་ཙམ་དུ་དམིགས་ཏེ་གནས་པར་བྱའོ། །དེའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཡི་གེའི་དོན་གྱི་ཕྱོགས་སུ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱིས་དབུས་ཀྱི་བདག་པོར་གྱུར་ནས་སྨེ་ཤ་ཅན་ལ་སོགས་པའི་རིགས་སུ་སྐྱེས་པའི་དམ་ཚིག་གི་ཕྱག་རྒྱ་བླངས་ཏེ། ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོ་སྣའི་བུག་པ་གཡས་པ་ནས་འབྱུང་བས་དེའི་ལུས་པོ་བསྲེག་པར་བྱ་སྟེ། དེའི་རྣམ་པར་ཤེས་པ་དྲི་མ་མེད་པ་རླུང་གིས་མ་བསྐྱོད་པའི་མར་མེ་ལྟ་བུ་དེ་ཉིད་ལྕགས་ཀྱུའི་རྣམ་པས་རྣམ་པར་བཅིངས་ཏེ་བཀུག་ལ་སྣའི་བུག་པ་གཡོན་པ་ནས་བཅུག་ལ་འདོད་པའི་གདུགས་ཞེས་བྱ་བའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་རྣམ་པར་སྨོས་ཏེ། རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་དེ་དང་འདྲ་བའི་སེམས་མ་གསུམ་གྱི་བདག་ཉིད་བསྐྱེད་པར་བྱས་ལ། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རིམ་པས་ལྷ་མོ་ཐམས་ཅད་ཀྱི་ངོ་བོར་བྱས་ལ་ཕྱིར་སྤྲོས་ཏེ། འཁྱུད་པའི་རེག་བྱ་རྡོ་རྗེ་མ་དང་གཉིས་སུ་མེད་པར་བྱས་ལ་རྡོ་རྗེ་དང་པདྨ་སྦྱར་བ་སྔོན་དུ་འགྲོ་བའི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་སྔགས་དག་གིས་སྙོམས་པར་ཞུགས་ཏེ་བསྐྱེད་པར་བྱས་ལ། རྗེས་སུ་ཆགས་པ་དམ་པའི་སྒྲས་ནམ་མཁའི་དབྱིངས་ཀུན་དུ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་བཀུག་ཅིང་འཇུག་པར་བྱས་ལ། སྔ་མ་བཞིན་དུ་དབུས་མའི་ལམ་ནས་ཐིག་ལེའི་གཟུགས་སུ་དམིགས་ཏེ། བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པ་ཕྱུང་བའི་སྔགས་ཀྱིས་མི་བསྐྱོད་པ་ནས་བརྩམས་ཏེ། སྒོ་སྐྱོང་གི་བར་དུ་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་དུ་སྤྲོས་ཏེ། སེམས་དཔའ་གསུམ་གྱི་བདག་ཉིད་དུ་བྱས་ནས་སླར་ཡང་རྣམ་པར་སྤྲོས་ཏེ། སེམས་ཅན་གྱི་དོན་བྱས་ནས་སླར་ཡང་གཤེགས་ཏེ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྣམ་པར་དགོད་ཅིང་དབང་བསྐུར་བ་དང་ཕྱག་རྒྱ་གདབ་པར་བསམས་ཏེ། ཕྲ་མོའི་རྣལ་འབྱོར་དང་བཟླས་པ་བྱས་ནས་བྱ་བ་བྱས་པའི་ཕྱིར་རྣམ་པར་ཞུ་བ་ལྷ་མོའི་གླུས་བསྐུལ་བས་བཞེངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པ་གསན་ནས་ཚིམ་པར་བྱེད་པའི་


DTG032_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ལ་སོགས་པ་རྫོགས་ནས་ཕྱིའི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་དུ་བཅུག་ལ། ཡི་གེ་གསུམ་གྱི་བདག་ཉིད་དུ་གྱུར་ནས་དེ་ཡང་ཡོངས་སུ་གྱུར་ཅིང་བདེ་བ་ཆེན་པོའི་རང་བཞིན་ཐིག་ལེ་ཙམ་དུ་མཐར་ཐུག་ལ་རྡོ་རྗེ་འཛིན་པར་འགྱུར་རོ་ཞེས་བྱའོ། །སྤྱིའི་དོན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པས་སོ་ཞེས་ཚིག་གི་ལྷག་མའོ། །ཡང་ལུང་གིས་བཤད་པ་ཞེས་བྱ་བ་འདིས་ལུང་ཚད་མ་ལས་སྦས་པའི་དོན་བཤད་པར་བྱ་བའི་ཕྱིར། ཨེ། ཨེ་ནི་ཤེས་རབ་དམ་པ་སྟེ། །འདོད་ཆགས་བྲལ་སོགས་སྐད་ཅིག་བདག །སྲིད་པ་གསུམ་ན་ཡོངས་ཤེས་པ། །འདི་ནི་རྩ་བར་རྣམ་པར་བསྟན། །ཞེས་སྨོས་ཏེ། འདིར་དང་པོ་ཡེ་ཤེས་གསུམ་པོ་རྣམ་པར་དཔྱད་པའི་མཚན་ཉིད་ཅན་སྦས་པའི་དོན་བཤད་པར་བྱ་སྟེ། སེམས་རྣམ་པར་དག་པར་བྱེད་པར་འདོད་པའི་རྣལ་འབྱོར་པས་དང་པོ་སྔགས་སམ་ཕྱག་རྒྱའི་རིམ་པ་ལ་དམིགས་པར་བྱའོ། །དེ་ལ་སེམས་ནི་རྣམ་གསུམ་སྟེ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་སྟེ། དེ་ཉིད་འཇུག་པའི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཀུན་གཞི་རྣམ་པར་ཤེས་པའོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་བ་ཟླ་བའི་སྣང་བ་དང་འདྲ་བའི་སྣང་བའི་ཡེ་ཤེས་སྐྱེ་བར་གྱུར་པ་དང༌། འདོད་ཆགས་བྲལ་བ་ལ་སོགས་པའི་རང་བཞིན་སུམ་ཅུ་རྩ་གསུམ་འགོག་པར་འགྱུར་རོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པས་ཉི་མའི་འོད་ཟེར་དང་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ་བ་དང༌། འདོད་ཆགས་ལ་སོགས་པ་རང་བཞི་བཅུ་འགོག་པར་འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པས་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེ་བར་འགྱུར་བ་དང༌། ཆགས་པ་བར་མ་ཞེས་བྱ་བ་ལ་སོགས་པས་རང་བཞིན་བདུན་འགོག་པར་འགྱུར་རོ། །དེ་ཡང་གང་གི་ཚེ་ཐམས་ཅད་སྟོང་པ་ལ་འཇུག་པ་དེའི་ཚེ། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་འཆད་པར་འགྱུར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་གསུམ་པོའི་རྣམ་གྲངས་ནི་ཤེས་རབ་དང་ཐབས་དང་མ་ཡིན་པའོ། །སྣང་པ་གསུམ་ནི་གཉེན་པོའི་ཕྱོགས་སོ། །སྟོང་པ་ལ་སོགས་པ་གསུམ་ནི་དེ་རྣམ་བར་དག་པའི་ཐབས་སོ། །


DTG032_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུར་གྱུར་པ་ནི་སེམས་ཀྱི་འོད་གསལ་བའོ། །ལ་ལའི་སྐབས་སུ་མི་མཐུན་པའི་ཕྱོགས་ཀྱི་མིང་གིས་གཉེན་པོ་བསྟན་པ་དང༌། གཉེན་པོའི་མིང་གིས་མི་མཐུན་པའི་ཕྱོགས་བསྟན་པ་དང༌། དེའི་ཐབས་ཀྱི་མིང་གིས་ཀྱང་དེ་དག་བསྟན་པ་དང༌། དེ་དག་གི་མིང་གིས་ཀྱང་དེ་ཉིད་བསྟན་པའོ། །དཔེར་ན་ཆར་གྱིས་བྱས་པའི་མུ་གེ་ནི་ཆར་མེད་པས་མུ་གེ་བྱུང་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་ཤེས་རབ་ཀྱི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། ཨེ་ནི་ཤེས་རབ་དམ་པ་ཞེས་སྨོས་ཏེ། ཤེས་རབ་ནི་འཇུག་པའི་རྣམ་པར་ཤེས་པའོ། །དབང་པོ་དང་ཡུལ་དང་སྣང་བ་དང་ཡིད་ལ་བྱེད་པའི་རྟེན་ཅིང་འབྲེལ་པ་ཚོགས་པ་ལས་རབ་ཏུ་ཤེས་པ་སྟེ་རྣམ་པར་ཤེས་པའི་ཚོགས་དྲུག་གོ །འདོད་ཆགས་བྲལ་སོགས་སྐད་ཅིག་བདག །ཅེས་པ་ནི་འདོད་ཆགས་བྲལ་པ་ལ་སོགས་པ་རང་བཞིན་སུམ་ཅུ་རྩ་གསུམ་གྱི་ངོ་བོའོ། །སྲིད་པ་གསུམ་ན་ཞེས་བྱ་བ་ལ་སོགས་པ་ནི་ཁམས་གསུམ་ན་གནས་པའི་གཟུགས་རྣམ་པ་གསུམ་ལ་སོགས་པ་ཡུལ་དག་ཏུའོ། །ཡོངས་སུ་ཤེས་པ་ནི་ཡུལ་གཟུང་བའི་ངོ་བོ་ཉིད་དོ། །འདི་ནི་རྩ་བར་ཞེས་པ་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །གཉིས་པ་བསྟན་པར་བྱ་བའི་ཕྱིར་ཁམས་ནི་འོད་མ་འགྲེང་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྣམ་པར་ཤེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་གཉིས་པ་སྟེ་བདག་ཏུ་ལྟ་བ་ལ་སོགས་པ་བཞི་དང་ལྡན་པའི་ཕྱིར་རོ། །ཝཾ། འོད་མ་འགྲེང་བ་ལྟར་ཞེས་པ་ནི་དཔེར་ན་ཁོང་སྟོང་འོད་མ་ཡིན་ཡང་ཚིགས་མདུད་ཀྱི་དབང་གིས་བསྟན་པ་ཉིད་དུ་གྱུར་རོ། །དེ་བཞིན་དུ་རང་བཞིན་གྱིས་སྟོང་པ་ཡིན་ཡང་ཤེས་པ་དེ་ཉིད་ཉོན་མོངས་པའི་མདུད་པ་བཞིའི་དབང་གིས་བསྟན་པར་སྣང་བར་འགྱུར་རོ། །སེམས་ལས་བྱུང་བ་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་ལ་སོགས་རབ་སྐྱེ་ལྡན། །ཞེས་པ་ནི་ཐབས་ཀྱི་ངོ་བོ་ཉིད་རང་བཞིན་བཞི་བཅུའི་སྐད་ཅིག་མ་ལ་སོགས་པའི་དབྱེ་བས་སྐྱེ་བ་གང་ཡིན་པ་དེ་དང་ལྡན་པའོ། །དེ་བཞིན་དུ་གཉེན་པོའི་མིང་གིས་སྣང་བ་མཆེད་པ་ཞེས་བརྗོད་དོ། །དེ་འགོག་པས་དེ་དམིགས་པའི་ཕྱིར་རོ། །དེ་ཉིད་ཐབས་ཞེས་པ་ནི་འཁོར་བའི་གྲོང་ཁྱེར་སྣ་ཚོགས་པ་སྤྲུལ་པའི་རྒྱུ་ཡིན་པའི་ཕྱིར་རོ། །མིང་ཞེས་པ་ནི་དེ་ཉིད་


DTG032_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བརྡ་རུ་ཤེས་པར་བྱའོ། །གསུམ་པ་བསྟན་པར་བྱ་བའི་ཕྱིར། མ། རིག་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་ཆེན་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ་འོད་གསལ་བའོ། །གང་གི་ཕྱིར་ཞེ་ན། མ་རིག་པ་ནི་ཟླ་བ་ཡི། །ཞེས་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་རང་བཞིན་བདུན་དང་བཅས་པར་འགོག་པར་བྱེད་པས་སོ། །མ་རིག་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །འདི་འབྱུང་བ་ཞེས་པ་ནི་དེ་སྤངས་པས་དེ་བས་སྣང་བ་འབྱུང་བ་ནི་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བ་ཐོབ་པ་སྐྱེ་བར་འགྱུར་རོ། །རྣམ་པར་ཤེས་པ་གསུམ་གྱི་མཚན་ཉིད་བསྟན་ནས་གཉེན་པོའི་སྒོ་ནས་འོད་གསལ་བ་ལ་འཇུག་པ་བསྟན་པར་བྱ་བའི་ཕྱིར། །ཡཱ། གང་ཡང་རྣམ་ཤེས་དང་པོ་སྟེ། །ཞེས་སྨོས་ཏེ། དང་པོའི་རྣམ་པར་ཤེས་པ་ནི་སྔགས་སམ་ཕྱག་རྒྱའི་རིམ་པས་སྦྱངས་པ་ན། སྣང་བ་མཆེད་པའི་མིང་ནི་ཡེ་ཤེས་གཉིས་པ་ཉིད་དུ་འགྱུར་རོ། །དེ་ནི་སྣང་བ་མཆེད་པ་དག་པའོ། །དེ་ནི་སྟོང་པ་ཆེར་འགྱུར་ལ། །ཞེས་པ་ནི་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་འགྱུར་རོ། །དེ་ནི་སྟོང་པ་ཆེན་པོའི་ངོ་བོ་ཉིད་སྣང་བ་མཆེད་པའི་ཡེ་ཤེས་དག་པར་འགྱུར་བས་འོད་གསལ་བ་ནི་ཐམས་ཅད་སྟོང་པ་འོད་གསལ་བར་འགྲོ་བ་ནི་འགྱུར་བའོ། །དགོངས་པ་འདིས་རབ་ཏུ་བྱེད་མཁན་གྱིས་ཀྱང་གསུངས་ཏེ། སྟོང་ཉིད་ཤིན་ཏུ་སྟོང་པ་དང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །སྣང་བ་སྣང་བ་མཆེད་པ་དང༌། །དེ་བཞིན་སྣང་བ་ཉེར་ཐོབ་པ། །སེམས་ནི་རྣམ་པ་གསུམ་བསྟན་པ། །དེ་ཡི་བསྒྲུབ་པ་བཤད་པར་བྱ། །ཞེས་འབྱུང་ངོ༌། །བསྡུ་བ་བསྟན་ནས་བསྐྱེད་པར་བྱ་བའི་ཕྱིར་རོ། །ཤྲུ། སྣང་བ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་དུ་བཤད་པའི་རྣམ་པར་ཤེས་པ་གསུམ་པོ་གང་ཡིན་པ་དེ་སྣང་བ་གསུམ་གྱི་མཚན་ཉིད་ཅན་དེ་འགོག་པས་སྣང་བ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བར་འགྱུར་རོ། །སེམས་ཅན་ཁམས་ནི་མ་ལུས་པའི། །ཞེས་པ་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་གྱི་ཁམས་ཀྱིའོ། །


DTG032_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་པ་ནི་ཤེས་རབ་དང་ཐབས་དང་མ་རིག་པའི་ངོ་བོ་ཉིད་འདོད་ཆགས་དང་བྲལ་བ་ལ་སོགས་པ་བརྒྱ་དྲུག་ཅུ་རྣམས་ཀྱི་རྩ་བ་སྟེ་རྒྱུའོ། །དེ་རྣམས་རྣམ་པར་ཤེས་པ་གསུམ་ལས་བྱུང་བའི་ཕྱིར་རོ། །ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་འབྱུང་བ་དང༌། དེ་བཞིན་དུ་ཡང༌། ཡང་དག་མ་ཡིན་ཀུན་བརྟགས་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་འབྱུང་ངོ༌། །དེ་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་སྦྱོར་བས་འགྲོ་བ་རྣམས་ཀྱི་སྐྱེ་བ་བསྟན་པར་བྱ་བའི་ཕྱིར། ཏཾ། ད་ནི་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པའི་དབང་པོའི་སྒོ་ནས། སྔོན་པོ་ལ་སོགས་པའམ་བདེ་བ་ལ་སོགས་པའི་དོན་གང་དང་གང་སྣང་པ་དེ་དང་དེ་དག་རླུང་གིས་ཁོ་ན་ཡང་དག་པར་བླངས་ནས་འཛིན་པར་བྱེད་དེ། གཡོ་འགུལ་ལ་སོགས་པའི་ངོ་བོ་དེ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པས་ནི་མ་ཡིན་ཏེ། གཡོ་འགུལ་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་བས་ན་འཕྱེ་བོ་དང་ལོང་བ་བཞིན་དུ། །རླུང་དང་ལྡན་པའི་རྣམ་ཤེས་ནི། རྟག་ཏུ་འགྲོ་ལ་གནས་པར་འགྱུར། །ཞེས་བྱ་བ་འདི་སྲིད་པ་གསུམ་གྱི་བར་དུ་ཡང་འགྲོ་བ་དང་འོང་ཞིང་འཇུག་པར་འགྱུར་རོ། །ལས་ཀྱི་ལུས་ཀྱི་སྐྱེ་བ་བསྟན་པར་བྱ་བའི་ཕྱིར། །ཨེ། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཆི་བའི་སྲིད་པ་འདས་ནས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བར་མ་དོའི་སྲིད་པ་ནམ་མཁའ་ལ་གནས་པར་འགྱུར་ཏེ། རང་གི་གཉེན་དང་གནས་ལ་སོགས་པ་དང་བདག་གི་ལུས་འདི་ཡིན་ཞེས་ཡོངས་སུ་ངོ་ཤེས་ཤིང་གནས་སོ། །དེ་བས་ན་ལས་ཀྱི་རླུང་གིས་བསྐུལ་བས་ཕ་མའི་གཡེམ་པའི་དུས་སུ་ཞེ་སྡང་དང་བཅས་པའམ་འདོད་ཆགས་དང་བཅས་པར་སྐྱེ་གནས་སུ་འཇུག་ཅིང་ལུས་ལེན་པར་བྱེད་དོ། །དེ་བས་ན་རྣམ་པར་ཤེས་པ་གསུམ་གྱི་ནི་བཞི་པ་སྟེ་སྐུལ་བར་བྱེད་པའོ། །དེ་ཡིས་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་ངེས་པར་འབྱུང༌། །ཞེས་པ་ནི་རྣམ་པར་ཤེས་པ་རྣམས་ལས། སེམས་


DTG032_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ངོ་བོ་ཉིད་ཀྱི་འདོད་ཆགས་བྲལ་བ་ལ་སོགས་པ་རང་བཞིན་རྣམས་སྐད་ཅིག་ལ་སོགས་པའི་དུས་ཀྱི་དབྱེ་བ་དང༌། ཡུལ་གྱི་སྣང་བ་ཡོད་པ་ལས་སྐྱེ་བར་འགྱུར་རོ། །མངལ་ནས་འབྱུང་བའི་ངོ་བོ་བསྟན་པར་བྱ་བའི་ཕྱིར། ཀ །སྲ་བའི་ཁམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་ཉིད་ཀྱིས་འབྱུང་བ་ཆེན་པོ་བཞི་བླངས་ཏེ། ལུས་ཅན་རྣམས་ཁམས་གསུམ་དུ་འཁོར་བར་བྱེད་དོ། །ཕུང་པོ་འབྱུང་བ་བསྟན་པར་བྱེད་པའི་ཕྱིར། སྨིན། འདི་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་འདིས་དེ་ལྟ་བུའི་ལུས་པོ་གཟུགས་ལ་སོགས་པའི་ཕུང་པོ་ལྔའི་བདག་ཉིད་དུ་སྐྱེ་བར་འགྱུར་རོ། །འདུས་བྱས་མཚན་ཉིད་ནི་དེ་དག་རྟེན་ཅིང་འབྲེལ་པ་ལས་འབྱུང་གི་རང་དབང་དུ་ནི་མ་ཡིན་ནོ། །ཇི་སྐད་དུ། དངོས་པོ་ལས་ནི་དངོས་མི་སྐྱེ། །དངོས་མེད་ལས་ཀྱང་འབྱུང་བ་ཡིན། །དངོས་པོ་རྟག་ཏུ་སྐྱེ་བ་ནི། །འཁྲུལ་པས་མཁའ་ཡི་མེ་ཏོག་བཞིན། །བདག་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་འབྱུང་བས་སོ། །དེ་བས་ན་འཁྲུལ་པ་ཙམ་གྱི་ངོ་བོ་གཟུགས་ལ་སོགས་པ་ཕུང་པོ་ལྔ་ཞེས་ཐ་ཚིག་གོ །བྱང་ཆུབ་ཀྱི་སེམས་ཀྱི་རྣམ་འགྲེལ་ལས་ཀྱང༌། གཟུགས་ནི་ལྦུ་བ་ལྟ་བུ་སྟེ། །ཚོར་བ་ཆུ་བུར་ལྟ་བུ་ཡིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཆུ་ཤིང་དང་འདྲ་ཞིང༌། །རྣམ་ཤེས་སྒྱུ་མ་ལྟ་བུ་སྟེ། །ཕུང་པོའི་བསྟན་པ་འདི་ཡིན་ནོ། །ཞེས་འབྱུང་ངོ༌། །ཀུན་ནས་ཉོན་མོངས་པའི་ཕྱོགས་བསྟན་ནས་རྣམ་པར་བྱང་བའི་ཕྱོགས་བསྟན་པར་བྱ་བའི་ཕྱིར། ས། མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལྔ་གནས་གྱུར་པས་ཡེ་ཤེས་ལྔ་ཐོབ་པའི་རྣམ་པར་ཤེས་པ་གསུམ་ཁོ་ན་རྒྱུ་ཡིན་ནོ། །དེ་མེད་པས་ཕུང་པོ་ཡང་མེད་དོ། །ཅིའི་རྣམ་པར་དག་པར་བྱ་བའི་ཕྱིར་ཡེ་ཤེས་སྐྱེའོ། །སྐྱེ་མཆེད་ཀྱི་བསྐྱེད་པ་བསྟན་པར་བྱ་བའི་ཕྱིར། མ། ཡིད་ཀྱི་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་སྟེ། གང་གིས་ལས་ཀྱི་ལུས་པོ་འདི་དང་ཡུལ་རྣམས་དང་ལེན་པར་བྱེད་དེ། འདིར་ནི་ཚིགས་སུ་བཅད་པ་གཅིག་འདོར་ཏེ་བཤད་པར་བྱ་བ་


DTG032_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ལུས་སྐྱེས་པས་ལས་ཀྱི་དབང་གིས་སྐྱེ་བ་ལེན་པ་བསྟན་པར་བྱ་བའི་ཕྱིར། བྷ། འབྱུང་བ་འདི་ལས་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ལ་སོགས་པའི་རང་བཞིན་བརྒྱ་དྲུག་ཅུའི་དབང་གིས་དགེ་བ་དང་མི་དགེ་བའི་ལས་བྱས་ནས་དེ་ནས་ཤི་འཕོས་ཏེ་ངན་སོང་དང་བདེ་འགྲོ་ལ་སོགས་པའི་མཚན་ཉིད་ཅན་སྐྱེ་བ་ཐོབ་པ་གང་ཡིན་པ་དེའི་རྒྱུ་ནི་རྣམ་པར་ཤེས་པ་གསུམ་པོ་ཁོ་ན་ལས་གཞན་མ་ཡིན་ནོ། །བསྐྱེད་པའི་རིམ་པ་ཕུང་པོ་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། ག །འགྲོ་བར་བྱེད་ཅེས་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་ནི་མི་ལ་སོགས་པའི་འགྲོ་བའོ། །དེས་ན་བདེ་འགྲོ་དང་ངན་འགྲོ་དག་ཏུ་ཉེ་བར་ལེན་པའི་ཕུང་པོ་ལྔ་གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་འབྱུང་བ་ནི་སྐྱེ་བར་འགྱུར་ཏེ་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་ངོ་བོ་ཉིད་ཀྱི་རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཅན་སྲིད་པའི་འཁོར་ལོས་ཡོངས་སུ་འཁོར་རོ། །དེ་དག་དག་པར་བྱ་བའི་ཕྱིར་བསྐྱེད་པའི་རིམ་པ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་བསྒོམ་པས་སངས་རྒྱས་ལྔའི་ངོ་བོ་ཉིད་ཐོབ་པ་གང་ཡིན་པ་དེའི་ཡང་རྒྱུ་ནི་རྣམ་པར་ཤེས་པ་གསུམ་ཡིན་ནོ། །ས་ལ་སོགས་པ་རྣམ་པར་དག་པའི་རྒྱུ་བསྟན་པར་བྱ་བའི་ཕྱིར། ཝཱན། རླུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་ལ་སོགས་པ་ཁམས་བཞི་པོ་རྣམ་པར་དག་པའི་ངོ་བོ་སྤྱན་མ་ལ་སོགས་ཀྱི་བཙུན་མོ་ཡང་རྣམ་པར་ཤེས་པ་གསུམ་པོ་ལས་འབྱུང་བ་སྟེ། དེ་ལ་དམིགས་པ་ལས་དེ་དག་རྣམ་པར་དག་པའི་ཕྱིར་རོ།། དེ་བས་ན་སངས་རྒྱས་བྱང་ཆུབ་ནི་ཞེས་སྨོས་ཏེ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་ཉིད་སྟེར་བར་བྱེད་པ་དེ་ཉིད་ཅེས་ཚིག་ལྷག་མའོ། །མིག་ལ་སོགས་པ་རྣམ་པར་དག་པའི་རྒྱུ་ཉིད་བསྟན་པར་བྱ་བའི་ཕྱིར། ས། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་པའི་རིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་སླར་བཤད་པ་དེ་ཉིད་རྣམ་པར་ཤེས་པ་གསུམ་གྱི་རྒྱུན་ཅན་ཡིན་ནོ། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང༌། །ཞེས་པ་ནི་དེ་ལས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བསྡུ་བའི་མཚན་


DTG032_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན་ཕྱག་རྒྱ་བཞི་པོའོ། །གང་གིས་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱའོ། །ཡང་ན་སྤྱན་ལ་སོགས་པ་བཞི་པོ་ནི་ཕྱག་རྒྱ་བཞི་སྟེ། དེ་རྣམས་ཀྱིས་རྒྱས་བཏབ་པ་ནི་ཡོངས་སུ་བསྐོར་ཏེ་དེས་ནི་གསང་བ་ལྔའི་དཀྱིལ་འཁོར་ཆེན་པོ་བསྟན་ཏོ། །ཡང་ན་ལས་དང་། ཆོས་དང༌། དམ་ཚིག་དང༌། ཕྱག་རྒྱ་ཆེན་པོའི་དམ་ཚིག་ཅན་བཞིའོ། །ཕྱག་རྒྱ་ཆེན་པོའི་གཟུགས་དེ་དག་གིས་འགྲུབ་པར་བྱའོ། །ཇི་སྐད་དུ། ཐམས་ཅད་མཁྱེན་པ་འཇིགས་བྱེད་ཅེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དེ་ནས་དེ་དག་རྣམས་ཀྱིས་ནི། །རྣལ་འབྱོར་གསང་བ་མཆོག་བཤད་བྱ། །དང་པོ་ཡེ་ཤེས་སེམས་བསྒོམས་ནས། །ཕྱག་རྒྱ་ཆེན་པོ་འཆང་བར་བྱ། །ཟླ་བའི་དཀྱིལ་འཁོར་དང་མཚུངས་པའི། །སྙིང་གར་གནས་པའི་བྱང་ཆུབ་སེམས། །ཕྱི་མོའི་ཡི་གེ་དང་མཚུངས་པ། །ཅུང་ཟད་སྣང་བ་ཙམ་དུ་བསྒོམ། །རྣལ་འབྱོར་ཆེན་པོའི་མཐོང་བ་བཞིན། །དམ་ཚིག་ཅེས་བྱ་བཅད་པར་བྱ། །རྟག་ཏུ་ལས་ཀྱི་རྒྱ་བཅིངས་ཏེ། །སྣ་ཚོགས་རྡོ་རྗེ་སྙིང་གར་གནས། །ངེས་པ་ཉིད་དུ་ཤེས་བྱས་ན། །དེ་ཚེ་ཐེ་ཚོམ་མེད་པར་འགྲུབ། །དང་པོ་རྡོ་རྗེ་ལྕེར་བསྒོམས་ཏེ། །ཆོས་ཀྱི་ཕྱག་རྒྱ་ཡང་དག་འཆང༌། །ཅི་འདོད་པ་ཡི་ལས་རྣམས་ནི། །མྱུར་དུ་ཐེ་ཚོམ་མེད་པར་འགྲུབ། །དེ་ལྟར་ཕྱག་རྒྱ་རྣམ་པ་བཞི། །བློ་ལྡན་གང་གིས་མི་ཤེས་ན། །སྡོམ་པའི་རྣལ་འབྱོར་མཆོག་ཉིད་ནི། །དེ་ཡིས་ངེས་པར་ཐོབ་མི་འགྱུར། །དཀོན་ཞིང་བདེ་བའི་ཐབས་འདི་ནི། སངས་རྒྱས་རོལ་སྟོན་གསང་བ་ཡིན། །དེ་ནི་བྱང་ཆུབ་སེམས་ཡིན་ཏེ། །རྟག་ཏུ་ཤེས་རབ་རྒྱ་མཚོར་གནས། །ཞེས་འབྱུང་ངོ༌། །མིག་ལ་སོགས་པའི་བདག་ཉིད་དེར། །ཞེས་པ་ནི་ལུས་དེ་ཉིད་དུ་མིག་ལ་སོགས་པ་གང་ཡོད་པ་དེ་དག་ཏུ་ཤིན་ཏུ་རྣལ་འབྱོར་གྱི་རིམ་པས་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ས་བོན་བཀོད་པས་རྣམ་པར་དག་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་པ་གསུམ་གྱི་རྒྱུ་ཅན་ཁོ་ནའོ། །རྟོག་པའི་རྣལ་འབྱོར་པའི་ཡན་ལག་ལ་འགོད་པ་ནི་ཤེས་པ་གསུམ་གྱི་ཡང་རྒྱུ་ཅན་ཡིན་པར་བསྟན་པར་བྱ་བའི་ཕྱིར། རྦ། རོལ་པས་ཤེས་པ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུ་ན་གནས་པའི་ཁྲོ་བོའི་


DTG032_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཕྱིའི་དཀྱིལ་འཁོར་དུ་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་རྣམས་ཟིལ་གྱིས་མནན་ནས་བཞུགས་པ། སྟོབས་དང་མཐུ་ཆེ་བ་གང་ཡིན་པ་དེ་རྣམས་ཞལ་ལ་སོགས་པའི་ཡན་ལག་དང་ཉིང་ལག་རྣམས་སུ་རྣམ་པར་བཀོད་པ། སྐུའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པ་གང་ཡིན་པ་དེ་ཡང་ཤེས་པ་གསུམ་གྱི་རྒྱུ་ཅན་ཡིན་ནོ། །དེའི་རྗེས་སུ་དཀྱིལ་འཁོར་ཉེ་བར་སྡུད་པ་ལ་རང་བཞིན་མེད་པ་ཉིད་ཀྱི་སྒོམ་པའི་ཡང་རྒྱུ་ཤེས་པ་གསུམ་ཡིན་པ་ཞེས་བསྟན་པར་བྱ་བའི་ཕྱིར། ཏ། དེ་དང་དེ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུགས་ཀྱི་རྡོ་རྗེ་འཛིན་པ་ལ་སོགས་པའི་རིགས་ལས་འབྱུང་བ་སྟེ། དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་སོ། །དེ་དག་ཁོ་ན་ཡོད་མིན་ཞེས་པ་ནི་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་མཐར་ཉེ་བར་བསྡུས་པས་དམིགས་པར་མི་འགྱུར་རོ། །འོན་ཀྱང་འགྲོ་བའི་དོན་དུ་བསྟན་པ་ཡིན་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་དཀྲུགས་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། དེ་དང་དེའི་མོས་པས་དབྱེ་བས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཡིན་ཀྱི། དོན་དམ་པར་དེ་དག་ཐམས་ཅད་འོད་གསལ་བ་ཉིད་དོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་སོ་སོར་སྡུད་པའི་ཡན་ལག་གིས་འཇུག་པ་ནི་ཤེས་པ་གསུམ་གྱི་རྒྱུ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐཱ། འདི་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་པའི་དུས་སུ་དམན་པ་དང་བར་མ་དང་དམ་པའི་དབྱེ་བས་སོ་སོ་ཐ་དད་པའི་གཟུགས་ལ་སོགས་པ་ཡུལ་ལྔ་མཆོག་ཏུ་གྱུར་པར་རྣམ་པར་འཇོག་ཅིང་ཤེས་པ་གསུམ་གྱི་ངོ་བོ་ཉིད་ཡིན་ཞེས་རྣམ་པར་སྤྱོད་ཅིང༌། ཡུལ་དང་དབང་པོ་བཅུ་པོ་གཉིས་སུ་མེད་པར་མཐོང་ནས། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ངོ་བོར་ལྷག་པར་མོས་ཏེ། རྣལ་འབྱོར་པས་གནས་པར་བྱའོ། །སོ་སོར་སྡུད་པ་དག་པར་བྱ་བའི་ཕྱིར་བསམ་གཏན་གྱི་ཡན་ལག་གིས་འཇུག་པ་གང་ཡིན་པ་དེ་ནི་ཡེ་ཤེས་གསུམ་གྱི་རྒྱུ་ཅན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ག །དབང་པོ་རང་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལྔ་པོ་ནི་རང་རང་གི་ཡུལ་འཛིན་པ་


DTG032_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྲེད་པ་ཅན་ཡིན་པས་གང་གི་ཚེ་དེ་རྣམས་གཟུང་བར་བྱེད་ན་དེའི་ཚེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡེ་ཤེས་ལྔའི་རང་བཞིན་གྱིས་སྣང་བས་སྤྱོད་པར་བྱའོ། །དོན་དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཏ། དབང་པོ་དེ་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པའི་དབང་པོའི་སྒོ་ནས་རང་རང་གི་ཡུལ་ཐོབ་ཅིང༌། དེ་དང་དེ་ལས་འབྱུང་བའི་དགའ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བགྱིད་དོ་ཞེས་ལྷག་པར་མོས་པས་ཤེས་པ་གསུམ་ཁོ་ནའི་རྣམ་འཕྲུལ་ཡིན་ཏེ། བདེ་བའི་རང་བཞིན་རྣམ་པར་ཤེས་པ་གསུམ་ལས་འབྱུང་བའི་ཕྱིར་རོ། །ཤེས་པ་གསུམ་བརྟག་པ་ཉེ་བར་སྡུད་པ་བསྟན་པར་བྱ་བའི་ཕྱིར། ཀཱ། སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་རིམ་པའམ་བདག་ལ་བྱིན་གྱིས་རློབ་པའི་རིམ་པས། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་བདག་ཉིད་སྐུ་གསུམ་པོ་བཅོམ་ལྡན་འདས་ཀྱིས་གང་གསུངས་པ། ཐ་དད་པར་སྐྱོབ་པས་གསུངས་པ་ནི་སོ་སོར་ངེས་པ་ཅན་གྱིས་ངེས་པར་བསྟན་པ་གང་ཡིན་པ་དེ་ཡང་ཤེས་པ་གསུམ་གྱི་རྣམ་འཕྲུལ་ཡིན་ནོ། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། ཞེས་པ་ལ། ཡེ་ཤེས་གསུམ་གྱི་རྣམ་པར་རྟོག་པ་སྤངས་པས། འོད་གསལ་བ་ཤར་བར་གྱུར་པས་རོ་གཅིག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡན་ཆད་ཡེ་ཤེས་གསུམ་པོ་རྣམ་པར་དཔྱོད་པའི་མཚན་ཉིད་ཅན་སྦས་པའི་དོན་རྣམ་པ་གཅིག་ཏུ་བསྟན་ཏོ། །ཡེ། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པ་སྔོན་དུ་བཤད་པའི་ཚིགས་སུ་བཅད་པ་བཤད་པར་བྱ་སྟེ། སྒོ་ང་ལས་སྐྱེས་པ་དང་མངལ་ནས་སྐྱེས་པ་དང་དྲོད་གཤེར་ལས་སྐྱེས་པ་དང་རྫུས་ཏེ་སྐྱེས་པའི་དབྱེ་བས་ཁམས་གསུམ་གྱི་སེམས་ཅན་ཇི་སྲིད་ཡོད་པ་དེ་སྲིད་ཐམས་ཅད་བསམ་གཏན་དང་ཀློག་པའི་ཏིང་ངེ་འཛིན་པ་དང་ཁ་ན་མ་ཐོ་བ་མེད་ཅིང་མི་ཤེས་པས་ཀྱང་རྡོ་རྗེའི་བཟླས་པས་གསང་སྔགས་ཀྱི་རྒྱལ་པོ་རང་བཞིན་གྱིས་བཟླས་པར་བྱེད་དེ། སྲོག་དང་རྩོལ་བ་དེའི་ངོ་བོར་ཟློས་པའི་ཕྱིར་རོ། །གང་གི་ཕྱིར་ཕ་མ་མཉམ་པར་སྦྱོར་བའི་དུས་སུ་འཇུག་པས་སོགས་


DTG032_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རླུང་གསུམ་གྱི་བདག་ཉིད་ཉེ་བར་སྡུད་པས་སེམས་ཅན་དེ་རྣམས་སྐྱེས་པའི་ཕྱིར་རོ། །ཉིན་དང་མཚན་དུ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱའི་རླུང་རྣམས་རྒྱུ་བ་སྟེ་ཟོ་ཆུན་བཞིན་ནོ། །འདིས་ནི་འདོད་ཆགས་ཀྱི་ཆོས་རབ་ཏུ་བསྟན་པས་སྦས་པའི་དོན་གཉིས་པ་བཤད་དོ། །ད་ནི་ཀུན་རྫོབ་ཀྱི་བདེན་པ་རྟགས་པར་བྱེད་པའི་མཚན་ཉིད་བདག་ལ་བྱིན་གྱིས་རློབ་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། ཡ། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟེ་རྣམ་པའོ། །དེ་འཇའ་ཚོན་བཞིན་དུ་གང་གིས་མཐོང་བ་དེ་མཚན་ཉིད་དོ། །ཀུན་རྫོབ་ཅེས་པ་ནི་མྱུར་བའི་ཏིང་ངེ་འཛིན་གྱིས་བཞེངས་པའི་ཡེ་ཤེས་ཀྱི་སྐུའོ། །དེའི་བདེན་པ་ནི་སྒྱུ་མ་བཅུ་གཉིས་ཀྱི་དཔེ་དང་འདྲ་བར་མཐོང་བའོ། །དེ་ཉིད་རྫོགས་པའི་རིམ་པ་ཞེས་བཤད་པ་ཡིན་ཏེ། འོད་གསལ་བ་རྣམ་པར་དག་པས་སོ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པའི་འོད་གསལ་བའི་དེ་ཁོ་ན་ཉིད་ལས་མྱུར་དུ་ཡང་དག་པར་བྱུང་བའི་ཕྱིར་རོ། །བདག་ལ་བྱིན་གྱིས་རློབ་པའི་སྒྱུ་མ་དང་མཚུངས་ཤིང་འགྲོ་བའི་དོན་བྱེད་པ་ཡང་བསྟན་པར་བྱ་བའི་ཕྱིར། ཝཱཀ །ཚིག་གི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རང་བཞིན་ཡེ་ཤེས་སྐུ། །ངག་གི་ལམ་གྱི་སྤྱོད་ཡུལ་ཡིན། །ཞེས་པ་ནི་སྤྲུལ་པ་བཞིན་དུ་ཆོས་བསྟན་པ་ལ་བརྩོན་པའོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཞེས་པ་ནི་གྲོལ་བའི་གནས་ཐོབ་པར་བྱ་བའི་ཕྱིར་འཇའ་ཚོན་བཞིན་དུ་ནི་དབང་པོའི་གཞུ་དང་འདྲ་བར་སྣང་བ་སྟེ་གདུལ་བྱ་རྣམས་ཀྱིས་མཐོང་ངོ༌། །མྱུར་བའི་རྣལ་འབྱོར་བསྟན་ནས་སྣང་བ་ཐོབ་པ་ལ་སོགས་པ་བསྟན་པའི་ཕྱིར། ཙིཏ། སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་འཇུག་པའི་རྣམ་པར་ཤེས་པའོ། །སེམས་ལས་བྱུང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །མ་རིག་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེ་རྣམས་ཀྱི་གོ་རིམས་བཞིན་དུ་ཤེས་རབ་དང་ཐབས་ཉེ་བར་ཐོབ་པ་སྟེ། མིང་གི་རྣམ་གྲངས་སོ། །སྔགས་དང་ཕྱག་རྒྱའི་རིམ་པས་རྣམ་པར་ཤེས་པ་རྣམས་ལོག་པ་ན་དེ་ཉིད་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་དང་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་


DTG032_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་འགྱུར་རོ། །དེ་ལྟར་གནས་པས་དབང་པོ་དམན་པའི་རྣལ་འབྱོར་པས་དང་པོ་འོད་གསལ་བ་ཉམས་སུ་མྱོང་ནས་དེའི་རྗེས་སུ་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བ་ཐོབ་པའི་ཡེ་ཤེས་མཐོང་ནས། དེའི་རྗེས་སུ་ཉི་མའི་སྣང་བ་དང་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་རྣམ་པར་རྟོགས་ཤིང༌། དེ་ལས་ཀྱང་ཟླ་བའི་སྣང་བ་དང་འདྲ་བའི་སྣང་བའི་ཡེ་ཤེས་ངེས་པར་བྱས་ལ། ཐམས་ཅད་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་སྐུ་རྫོགས་པར་འགྱུར་ཞེས་སྣང་བ་ཐོབ་པ་ལ་སོགས་པའི་རིམ་པས་བདག་བྱིན་གྱིས་རློབ་པ་གཉིས་པའོ། །རིམ་པ་གསུམ་པ་ལ་གནས་པའི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཏ། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་དང༌། སྣང་བ་ནི་སྣང་བའི་ཡེ་ཤེས་ལ་སོགས་པ་རྣམས་ཀྱི་དབྱེ་བ་ཤེས་པ་སྟེ། རིམ་པ་གཉིས་པས་དེ་རྣམས་ལ་གོམས་པའི་ཕྱིར་རོ། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ཞེས་པ་ནི་སྐུའི་རྣམ་པ་ཐོབ་ནས་དཀྱིལ་འཁོར་དང་མཆོད་པ་དང་སྦྱིན་སྲེག་དང་བསྟོད་པ་ལ་སོགས་པའི་མཚན་ཉིད་སྤྱོད་ལམ་རྣམ་པ་བཞི་དག་ཏུ་གང་བྱེད་པ་དེ་དག་ཐམས་ཅད་སྒྱུ་མ་བཞིན་དུ་བྱའོ། །དེ་བས་ན། སྒྱུ་མ་ལྟ་བུ་ཡོངས་ཤེས་པས། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །ཞེས་པ་ནི་དགེ་བ་དང་མི་དགེ་བའི་ལས་དང་འབྲེལ་པའི་ལུས་པོ་ཡོངས་སུ་སྤངས་པས་རྡོ་རྗེའི་སྐུ་སྟེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཉིད་ཐོབ་པར་འགྱུར་རོ། །ལོངས་སྤྱོད་རྫོགས་པའི་སྐུའི་རང་བྱིན་གྱིས་བརླབ་པ་བསྟན་ནས། སྤྲུལ་པའི་སྐུའི་བདག་བྱིན་གྱིས་རློབ་པ་བསྟན་པའི་ཕྱིར། ཧྲི། ཐུགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་སྤྱོད་པ་ནི་སེམས་ཅན་གྱི་དོན་ལ་སྤྱོད་པ་ནི་སྔོན་གྱི་སྨོན་ལམ་གྱི་བག་ཆགས་ལས་འབྱུང་བའི་འཇིག་རྟེན་པ་རྣམས་ནི་འཇིག་རྟེན་པ་དང་འདྲ་བའི་སྤྱོད་པ་ཐུགས་ལ་བཞག་ནས་སོ། །ཀུན་རྫོབ་པ་ཡི་སྐུར་སྤྲུལ་ནས། །ཞེས་པ་ནི་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ཏེ། འདོད་པ་ལ་ཞེས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་སེམས་ཅན་གྱི་དོན་མཛད་ནས་བྱ་བ་བྱས་པར་འགྱུར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ད། ཡིད་


DTG032_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ལ་བྱིན་གྱིས་རློབ་པ་ལ་གནས་པའི་རྣལ་འབྱོར་པ་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་མངོན་པར་འདོད་པའི་དོན་ཡིད་བཞིན་ནོར་བུ་ལྟར་སྟེར་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་ཕུན་ཚོགས་ཀྱང༌། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྦྱོར་བ་སྟེ། ཕྲ་བ་ལ་སོགས་པ་དང་བསྟན་པའི་ཆོ་འཕྲུལ་ལ་སོགས་པ་རྣམས་ཀྱང་སྟོབས་ཀྱིས་བླངས་ནས་སྤྱོད་པར་འགྱུར་བ་ནི་ནན་གྱིས་བདག་ཉིད་དུ་འཇོག་པར་བྱེད་དོ། །དེ་ཉིད་ཀྱིས་ཐམས་ཅད་ཀྱི་དབང་ཕྱུག་ཉིད་བསྟན་པར་བྱ་བའི་ཕྱིར། ཡ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པའི་དབང་ཕྱུག་དེས། གང་དང་གང་འདོད་པ་ནི་བདེ་བ་ཉེ་བར་སྤྱོད་པ་ལ་སོགས་པ་འགལ་བའམ་མི་འགལ་བ་གང་འདོད་པ་དེ་དང་དེ་དག་སྒྲིབ་པ་མེད་ཅིང་མ་གོས་པའི་ངོ་བོ་ཉིད་ཀྱིས་བྱེད་པ་ནི་ཐམས་ཅད་སྤྱོད་པའོ། །དེ་བས་ན། མཉམ་པར་མ་བཞག་རྣལ་འབྱོར་གྱིས། །ཞེས་བྱ་བ་སྨོས་ཏེ། བཞེངས་པ་དང་འདུག་པ་དང༌། ཉལ་བ་དང་འཆག་པའི་སྦྱོར་བས་གནས་ན་ཡང༌། རྟག་ཏུ་མཉམ་པར་གཞག་པར་གྱུར་པ་ནི་དུས་ཐམས་ཅད་དུ་རྩེ་གཅིག་པ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་མི་གཡོ་བའི་ཕྱིར་རོ། །ཇི་སྐད་དུ་འཕགས་པ་བྱམས་པས་ཀྱང༌།། ཇི་ལྟ་ཇི་ལྟར་མངོན་གསུམ་སྣ་ཚོགས་སྤྱོད་ཡུལ་ལ། །སྤྱོད་པ་ལ་གནས་སྙིང་རྗེའི་བདག་ཉིད་ཀྱིས་འཇུག་པ། །དེ་དང་དེ་ལྟར་རིགས་པ་དང་མཚུངས་ཚིག་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་ཕྱིར་མངོན་པར་འདུ་བྱེད་པའོ། །ཞེས་འབྱུང་ངོ༌། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཀྱིས་སྙོམས་པར་འཇུག་པ་བསྟན་པར་བྱ་བའི་ཕྱིར། ཝ། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོག་གི་བསྙེན་པ་ལ་སོགས་པའི་རིམ་པས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་ཞིང་སྔོན་དུ་བཤད་པའི་ཡེ་ཤེས་གསུམ་གྱི་དབྱེ་བ་ཤེས་པར་འགྱུར་རོ། །དེ་ཤེས་ནས་བདེ་བས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་རྟག་ཏུ་གནས་པར་བྱའོ། །བློ་ལ་གོས་དང་མ་གོས་པས་བྱ་བ་ནི། བློ་ལ་མ་གོས་པས་ནི་ཉོན་མོངས་པས་སོ། །བློ་ལ་གོས་པས་ནི་འོད་གསལ་བས་སོ། །དེ་ལྟར་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱིས་ཁྱབ་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་ཏོ། །འོད་གསལ་བ་


DTG032_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་རྣལ་འབྱོར་བས་སེམས་ཅན་གྱི་དོན་གྱི་བྱ་བ་བསྟན་པའི་ཕྱིར། ཛྲེ། སྒྱུ་མ་ལྟ་བུ་ཞས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་དེས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོ་ནས་དངོས་པོ་ཐམས་ཅད་དང་སངས་རྒྱས་ཀྱི་བྱ་བ་ནི་བསྟན་པ་དང༌། ཡོངས་སུ་སྨིན་པ་དང༌། རྣམ་པར་གྲོལ་བ་ལ་སོགས་པ་བྱེད་པ་ནི་མཛད་པའོ། །གཏན་ལ་དབབ་པའི་གཞི་ནི་གྲུབ་པའི་མཐའ་སྟེ། དེ་ཉིད་མི་འཕོ་བའི་ཕྱིར་གནས་པའོ། །དེ་ལ་གནས་པ་ནི་ངལ་སོ་བའོ། །རིམ་པ་གཉིས་པ་གོམས་པས་གསུམ་པ་ཐོབ་ནས་དེ་ཉིད་འདོར་བ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་བཞི་ལས་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཡོ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་པའི་རིམ་པ་རྣལ་འབྱོར་བཞི་སྟེ། གང་གིས་དང་པོའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་འགྲུབ་པར་འགྱུར་རོ། །འདིར་རྣལ་འབྱོར་ནི་ཐབས་སོ། །རྗེས་སུ་རྣལ་འབྱོར་ནི་ཤེས་རབ་བོ། །ཤིན་ཏུ་རྣལ་འབྱོར་ནི་དེ་དག་གི་སྙོམས་པར་ཞུགས་པའོ། །རྣལ་འབྱོར་ཆེན་པོ་ནི་སྙོམས་པར་ཞུགས་པ་ལས་བདེ་བ་ཆེན་པོ་ཐོབ་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དང༌། རྡོ་རྗེ་ཅན་ནི་སྐྱེས་བུའོ། །མཁའ་འགྲོ་ནི་ཤེས་རབ་བོ། །དེ་རང་ཉིད་ནི་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའོ། །ཡང་གི་སྒྲས་ནི་བདེ་བ་ཆེན་པོའོ། །རྣལ་འབྱོར་གྱི་སྒྲས་ནི་རྗེས་སུ་རྣལ་འབྱོར་དུ་ཤེས་པར་བྱའོ། །དེ་ལྟར་གྱུར་པའི་རྣལ་འབྱོར་པ་རང་དབང་དུ་སྤྱོད་པ་ནི་ཡང་མ་གོས་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཥི་ཌ། བཀག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཀག་པ་ནི་འཇིག་རྟེན་དང་འགལ་བའི་ལས་སོ། །དཔེར་ན་དཀོན་མཆོག་གསུམ་ལ་གནོད་པ་ཅན་རྣམས་ལ་རྣམ་པར་འཚེ་བ་དང༌། སེར་སྣ་ཅན་ལ་རྫས་འཕྲོག་པ་དང༌། འདོད་ཆགས་ཅན་ལ་བུ་སྨད་འཕྲོག་པ་དང༌། ང་རྒྱལ་ཅན་ལ་ང་རྒྱལ་གཅོག་པ་དང༌། ཕྲག་དོག་ཅན་ལ་རྩུབ་མོ་སྨྲ་བ་དང༌། དེ་ལ་སོགས་པ་འཇིག་རྟེན་དང་འགལ་བའི་ལས་རྣམས་ཐམས་ཅད་ཐབས་ལ་མཁས་པའི་དབང་གིས་བྱས་ཏེ་གོས་པར་མི་འགྱུར་ཏེ། སྙིང་རྗེ་ཆེན་པོའི་དབང་གིས་བྱས་པར་གྱུར་ན་སྒྲིབ་པར་མི་འགྱུར་རོ། །བྱ་དང་བྱ་མིན་རྣམ་སྤངས་ལ། །ཞེས་པ་ལ།


DTG032_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པ་དང་བགྲོད་པར་བྱ་བ་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ་ཡིན་ཏེ། ངོ་བོ་ཉིད་ཤེས་པའི་ཕྱིར་རོ། །པདྨ་ལ་ནི་འདམ་གྱིས་བཞིན། །ཞེས་བསྟན་ཏོ། །དེའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བྷ། ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་བ་ལ་སོགས་པ་ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་གམ་སྐུའི་དབང་ཕྱུག་ལ་སོགས་པ་དེ་དང་ལྡན་པའོ། །སེམས་ཅན་ཐམས་ཅད་རིག་འགྱུར་ཞེས་པ་ནི་འདས་པ་ལ་སོགས་པའི་དུས་གསུམ་གྱི་ནང་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་འཆི་འཕོ་བ་དང་སྐྱེ་བ་ལ་སོགས་པ་ཤེས་པར་འགྱུར་རོ། །དེ་བཞིན་དུ་ཡང་སེམས་ཅན་གྱི་དོན་བྱ་བའི་ཕྱིར། བདག་ཉིད་ཡེ་ཤེས་ལུས་ཀྱི་སྤྱོད། །ཅེས་པ་ནི་སྒྱུ་མ་ལྟ་བུའི་རྣམ་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་སུ་ཡོངས་སུ་སྤྱོད་དོ། །ཕྱི་དང་ནང་གི་རིམ་པས་དེའི་གཞི་བསྟན་པར་བྱ་བའི་ཕྱིར། གེ། གཙོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ནི་ནམ་མཁའི་དབྱིངས་སོ། །དེ་ཡི་ཁྱིམ་ནི་བཞུགས་གནས་སོ། །གཙོ་བོ་གང་དུ་སྤྱོད་པ་ཡི། །ཞེས་པ་ལ། མི་བསྐྱོད་པ་ལ་སོགས་པ་ལྔའི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའ། འགྲོ་བའི་དོན་མཛད་པའི་ཕྱིར་གང་དུ་སྤྱོད་པ་ཞེས་པ་ནི་བཞུགས་ཤིང་གནས་པ་འཚོ་ཞེས་བྱ་བའི་བར་དུའོ། །བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །དེ་ཉིད་དུ་ནི་རྟག་ཏུ་རོལ། །ཞེས་པ་ལ། འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་བྱས་པས། སྤྲོ་བ་དང་བསྡུ་བའི་རིམ་པས་རོལ་བར་འགྱུར་རོ་ཞེས་ཕྱིའི་དོན་ཏོ། །དེ་བཞིན་དུ་རྣལ་འབྱོར་བ་དེའི་ནམ་མཁའ་དང་འདྲ་བའི་ཁྱོད་སྟོང་པདྨ་ནི་ཁྱིམ་སྟེ། བཞུགས་པས་སོ། །གཙོ་བོ་གང་དུ་སྤྱོད་པ་ཡི། །ཞེས་པ་ལ། ཕྱག་རྒྱའི་པདྨ་གང་དུ་དཔལ་རྡོ་རྗེ་འཛིན་པ་སྟེང་དང་འོག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱིས་ཡོངས་སུ་སྤྱོད་པའོ། །ཇི་སྐད་དུ། བྷ་གའི་དབུས་སུ་ནམ་མཁའ་གང༌། །ནམ་མཁའ་ལྔ་ཡིས་རྣམ་པར་བརྒྱན། །ཞེས་འབྱུང་བས་སོ། །དེ་བཞིན་དུ་ཡང༌། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་གྲོལ་བྱེད་པ། །རང་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །དངོས་ཀུན་གྱིས་ནི་འདི་ལ་བཞུགས། །ཞེས་འབྱུང་ངོ༌།།


DTG032_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕྱག་རྒྱའི་པདྨར་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་རྣམ་པར་དག་པར་བྱེད་པ་བདེ་བ་ཆེན་པོའི་རྣམ་གྲངས་ཅན་འོད་གསལ་བ་ཉམས་སུ་མྱོང་བས་རོལ་ཏེ། རང་རིག་པའི་ངོ་བོ་ཉིད་ཀྱིས་གནས་སོ་ཞེས་ནང་གི་དོན་ཏོ། །བདག་བྱིན་གྱིས་རློབ་པའི་རིམ་པའི་རྣལ་འབྱོར་པས་བར་བར་དུ་སེམས་རྣམ་པར་དག་པ་ཡང་མངོན་དུ་བྱ་བའི་ཕྱིར། ཥྱ། འདི་ལ་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་པོ་མཚམས་ལ་སོགས་པའི་སྒྲས་ཐ་སྙད་དུ་བྱའོ། །འཇིག་རྟེན་ན་མཚམས་ལ་སོགས་པ་གཞན་མེད་དེ་ཡེ་ཤེས་གསུམ་དུ་མཐོང་བའི་ཕྱིར་རོ་ཞེས་པ་ལ། འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པའི་བཟློག་པས་སྤངས་པའི་ཕྱིར་རོ། །དེ་དང་དེའི་རྗེས་སུ་མཐུན་པ་སྣང་བ་གསུམ་བཞིན་དུ་ཕྱིའི་མཚམས་ལ་སོགས་པའི་རྣམ་པར་རྟོག་པ་བརྫུན་པ་ཉིད་དོ། །འདས་པ་ལ་སོགས་པ་ཡང་ཡེ་ཤེས་གསུམ་གྱི་རྣམ་པར་དག་པ་བསྟོད་པར་བྱ་བའི་ཕྱིར། ཝི། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཚོགས་པ་ཡི་ཐ་སྙད་ནི། །ལུས་དང་ངག་དང་ཡིད་ཀྱི་བྱ་བ་སྟེ། སྤྱོད་ལམ་བཞིའི་མཚན་ཉིད་ཅན་དེ་དག་ཆགས་པ་དང་བྲལ་བ་ལ་སོགས་པའི་རང་བཞིན་གྱི་དབྱེ་བས་སྣ་ཚོགས་ཅན་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཞེས་བྱ་བའི་བར་རོ། །འཇིག་རྟེན་པས་ནི་ཡོངས་བརྟགས་པ། །ཞེས་པས་ནི་སོ་སོའི་སྐྱེ་བོས་བརྟགས་པ་གང་ཡིན་པ་དེ་དག་དུས་གསུམ་གྱི་དབྱེ་བས་ནི། ཡེ་ཤེས་རྣམ་པ་གསུམ་ལས་འབྱུང༌། །ཞེས་རིག་པར་བྱའོ། །དེ་ལྟར་ཡིན་ན། ཡེ་ཤེས་གསུམ་ལྟར་སྤང་བར་བྱ། །ཞེས་ཐ་ཚིག་གོ །སྐྱེ་བ་ལ་སོགས་པ་ཡང་དེའི་ངོ་བོ་ཡིན་ཞེས་བསྟན་པར་བྱ་བའི་ཕྱིར། ཛ། སྐྱེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུས་བྱས་པའི་མཚན་ཉིད་གསུམ་སྟེ། སྐྱེ་བ་དང་གནས་པ་དང་འཇིག་པའོ། །དེ་བཞིན་དུ་ཡང་སྲིད་པ་བར་མ་ན་གང་དུ་བསྟན་ཏོ། །ཇི་སྙེད་འཇིག་རྟེན་གྱིས་བརྟགས་པ། །ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་ཡན་ལག་བཅུ་གཉིས་ལ་སོགས་པའི་རྣམ་པར་རྟོག་པའོ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་པ་ནི་དེ་དག་ཐམས་ཅད་རྣམ་པར་ཤེས་


DTG032_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རླུང་གི་རྒྱུ་ལས་ཀུན་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་ཤེས་ནས་དེ་དག་རྣམ་པར་དག་པར་བྱ་བའི་ཕྱིར་འབད་པར་བྱའོ། །སླར་ཡང་བདག་བྱིན་གྱིས་རློབ་པར་བྱ་བའི་ཕྱིར། ཧ། དགོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོད་པ་ནི་སྒེག་པའི་རོའི་བྱེ་བྲག་གོ །རྩེད་མོ་ནི་གར་དང་གླུ་དང་རོལ་མོ་ལ་སོགས་པའོ། །དེ་བཞིན་དུ་ཡང་གར་གྱི་རོ་དགུ་ཞེས་པ་ནི་སྔོན་དུ་བཤད་པའོ། །ལྡན་པ་ནི་དེའི་ཡན་ལག་ཏུ་གྱུར་པའི་ཐ་སྙད་དོ། །དེ་བཞིན་དུ་ཕྱག་རྒྱ་ནི་ལག་བ་དང་རྐང་པ་དང་རྐེད་པ་དང་མགྲིན་པ་ལ་སོགས་པའི་ཡན་ལག་གི་ཁྱད་པར་གྱི་བྱ་བའི་མཚན་ཉིད་དོ། །སྔགས་ནི་ཞི་བ་དང་ཁྲོ་བ་དང་གཉི་ག་མ་ཡིན་པའི་ངག་གིས་བརྗོད་པར་གྱུར་པའོ། །རྣམ་པར་རྟོག་པ་ནི་སེམས་ལས་བྱུང་བ་རྩེ་གཅིག་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཞེས་པ་ནི་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་རྣམ་པར་འཕྲུལ་པ་སྟེ། འབྱུང་ངོ་ཞེས་རྣལ་འབྱོར་པས་ཤེས་པར་བྱའོ། །དེ་ལྟར་ཤེས་པས་ཏིང་ངེ་འཛིན་དེ་ལ་ལེགས་པར་གནས་པར་འགྱུར་རོ། །ཉེ་བར་སྡུད་པ་བསྟན་པར་བྱ་བའི་ཕྱིར། ར། བདག་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་བྱིན་གྱིས་རློབ་པའི་རིམ་པ་སྤངས་ཏེ། རིན་པོ་ཆེ་གཞན་ནི་འགྲོ་བ་ཐམས་ཅད་ཀྱི་རེ་བ་རྫོགས་པར་བྱེད་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་བསྐྱེད་པའི་རིམ་པའི་སྔགས་ཀྱི་སྐུས་རེ་བ་རྫོགས་པར་བྱེད་མི་ནུས་ཏེ། བརྟགས་པ་བ་ཡིན་པའི་ཕྱིར་རོ། །རྫོགས་པའི་རིམ་པའི་སེམས་རྣམ་པར་དག་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་དག་གིས་འགྲོ་བའི་དོན་ཡང་མི་འགྲུབ་སྟེ། འོད་གསལ་བ་ཙམ་གཙོ་བོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་བཟླས་པའི་རིམ་པས་ཀྱང་སེམས་ཅན་གྱི་དོན་མེད་དེ། རླུང་ལ་དབང་བ་ཙམ་ཐོབ་པས་སོ། །དེའི་ཕྱིར་འགྲོ་བའི་དོན་ལ་བདག་བྱིན་གྱིས་རློབ་པ་ཁོ་ན་མཆོག་ཡིན་ནོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མངོན་པར་ཞེན་པ་བརྒྱ་ལ་སྲིད་པས་དེ་དགག་པར་བྱ་བའི་ཕྱིར། རིམ་པ་བཞི་བསྒོམ་པར་བྱ་བ་ཡིན་ཞེས་ཟུར་གྱིས་མཐར་ཐུག་པའི་ཕྱོགས་གཅིག་པ་འོད་གསལ་བ་ལ་འཇུག་པར་བྱ་བའི་ཕྱིར། །མེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་པ་བཞི་པས་ཐོབ་པའི་འོད་གསལ་བས་གལ་ཏེ་བདག་བྱིན་གྱིས་རློབ་པའི་སྐུ་དག་པར་འགྱུར་ན།


DTG032_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་མེས་སྦྱངས་པའི་གསེར་བཞིན་དུ་རྣམ་པར་དག་པ་དྲི་མ་མེད་ཅིང་སྤྲོས་པ་མེད་པར་འགྱུར་རོ། །དེའི་ཕྱིར་རིམ་པ་བཞིན་པ་ཡང༌། སྒོམ་པར་བྱེད་པར་རིག་པ་ཁོ་ནའོ། །ཡང་ཚད་མ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དཔལ་ལྡན་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་ཁོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ལ་བཞུགས་པའི་ཚིག་དོན་ནི་གླེང་གཞིའི་ཚིག་དོན་བཤད་པ་ཡིན་ཞེས་པ་ནི་དེ་ལྟར་གཏན་ལ་དབབ་པར་བསྟན་པའོ། །སྦས་པ་ཞེས་པ་ནི་བཤད་པའི་ཁྱད་པར་རོ། །དེ་ནས། དོན་འདི་ཡིན་ཏེ། འདོད་ཆགས་ཀྱི་ཆོས་བསྟན་པའི་སྒོ་ནས་རྡོ་རྗེ་བཟླས་པའི་རིམ་པ་དང་ཡེ་ཤེས་གསུམ་བརྟགས་པའི་སྒོ་ནས་སེམས་ལ་རྣམ་པར་རྟོག་པའི་རིམ་པ་དང༌། ཀུན་རྫོབ་ཀྱི་བདེན་པ་རྟོག་པའི་སྒོ་ནས་བདག་བྱིན་གྱིས་རློབ་པའི་རིམ་པ་བསྟེན་ཞེས་སྦས་པས་རིམ་པ་གསུམ་སོ་སོར་བསྟན་ཏོ། །ཡང་ལུང་གིས་བཤད་པ་གསུངས་པ་ཞེས་བྱ་བ་འདིས་རིམ་པ་ཐ་མ་གཉིས་པོ་སྟོན་པར་བྱེད་པ་མཐར་ཐུག་པ་ཉིད་བསྟན་པར་བྱ་བའི་ཕྱིར། རྒྱུད་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་བདག་གིས་ཐོས་ཞེས་སྡུད་པ་པོའི་ཚིག་གསལ་བ་ཁོ་ནའོ། །གསལ་བ་འགའ་ཞིག་དུས་ཡིན་ཏེ། ཞེས་པ་ནི་སྙོམས་པར་ཞུགས་པའི་དུས་སུ་བཅོམ་ལྡན་འདས་ཀྱི་ཁྱད་པར་རོ། །རྡོ་རྗེ་གསང་བ་བཅོམ་ལྡན་འདས་ཞེས་པ་ནི་གསང་བའི་རྡོ་རྗེ་ནི་རྟགས་བསྟན་པའོ། །དེའི་དབང་ཕྱུག་ནི་སྙོམས་པར་ཞུགས་པའི་དབང་གིས་བདེ་བ་ཐོབ་པའོ། །རྡོ་རྗེ་གསུམ་པོ་དམ་ཚིག་མཆོག །ཅེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཞེས་འདི་བཤད་པའོ། །དེས་ན་དོན་འདི་ཡིན་ཏེ། རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའོ། །དེ་རྣམས་ཀྱི་དམ་ཚིག་ནི་དབྱེར་མེད་པར་ཡོངས་སུ་ཤེས་པའོ། །དེས་མཆོག་ཅེས་པ་ནི་ཟུང་དུ་འཇུག་པའི་རིམ་པའི་ཡན་ལག་ཏུ་གྱུར་པ་བཅོམ་ལྡན་འདས་ཀྱི་ཁྱད་པར་རོ། །ཡེ་ཤེས་དེ་བཞིན་གཤེགས་པ་ཀུན། །ཞེས་པ་ནི་རྡོ་རྗེ་གསུམ་ནི་བཙུན་མོའི་བྷ་གའི་ཁྱད་པར་རོ། །དེ་བཞིན་གཤེགས་པ་ཀུན་ནི་ཕུང་པོ་ལྔའི་ཡེ་ཤེས་ཏེ། རོ་གཅིག་པ་ཉིད་དུ་རྟོགས་པ་ནི་འོད་


DTG032_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའོ། །ཡོན་ཏན་ཕུན་ཚོགས་བསམ་མི་ཁྱབ། །ཅེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །དེས་ནི་ཆོས་ཀྱི་སྐུའི་ངོ་བོ་རྟག་ཏུ་དགའ་བའི་རང་བཞིན་ཅན་རིམ་པ་བཞི་པ་ངེས་པར་བསྟན་ཏོ། །ཆད་པར་ལྟ་བ་སྤང་བར་བྱ་བའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་མངོན་དུ་བྱེད་པའི་མཚན་ཉིད་བསྒོམ་པར་བྱ་བ་ཡིན་པས་དེ་བསྟན་པར་བྱ་བའི་ཕྱིར། ཡོད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡོད་པ་དང་མེད་པ་དང་གཉི་ག་སྤངས་པ་དང༌། གནས་དང་གནས་མ་ཡིན་པ་གཉི་ག་བྲལ་བ་སྟེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་གཅིག་པུའི་ངོ་བོ་འདིར། །ཞེས་པ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་དབྱིངས་ཀྱི་ངོ་བོར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ། །ཞེས་པ་ནི་རྟག་ཏུ་འཆར་ཞིང་དྲི་མ་མེད་པའི་འགྲོ་བ་གསུམ་པོ་སྐད་ཅིག་མ་གཅིག་གིས་ཡོངས་སུ་ཤེས་པའོ། །འགྲོ་སྙིང་ཞེས་པ་ནི་གཡོ་བ་དང་མི་གཡོ་བའི་ངོ་བོ་ཉིད་ཁམས་གསུམ་གྱི་རྒྱུ་རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་ཅེས་འོད་གསལ་བའི་ཁྱད་པར་རོ། །རྣམ་དག་ཅེས་པ་ནི་བདེན་པ་གཉིས་ཀྱི་རྣམ་པར་རྟོག་པའི་དྲི་མ་དག་པར་བྱེད་པ་ཞེས་ཟུང་དུ་འཇུག་པའི་རིམ་པའི་ཁྱད་པར་རོ། །ཐུབ་པ་ཆེན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་བཞུགས་སོ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཏིང་ངེ་འཛིན་ལ་བཞུགས་སོ། །མཐར་ཐུག་པ་ཞེས་པ་ནི་རིམ་པ་ཐ་མ་སོ་སོར་སྟོན་པར་བྱེད་པ་ཡིན་ཏེ། དེ་ལས་གཞན་ལ་མི་སློབ་པའི་ཕྱིར་རོ།། སློབ་མ་ལ་བཤད་པའོ་ཞེས་པ་ནི་རིམ་པོ་ཆེ་ལྟ་བུའི་གང་ཟག་སྣོད་ཡིན་པའི་ཕྱིར་རོ། །དེ་ཡང་སྔར་བཤད་ཟིན་ཏོ། །བསྡུས་པའི་དོན་འདི་ཡིན་ཏེ། ཡི་གེའི་དོན་དང་སྤྱིའི་དོན་དག་གིས་བསྐྱེད་པའི་རིམ་པ་དང་སྦས་པ་དང་མཐར་ཐུག་པའི་རིམ་པ་དག་གིས་རིམ་པ་ལྔ་ཞེས་བྱ་བ་རྫོགས་པའི་རིམ་པ་བསྟན་ཏོ། །དེ་བས་ན་བཞུགས་པའི་ཚིག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཞུགས་པའི་ཕྱོགས་གཅིག་དང་ལྡན་པའི་ཚིག་ནི་བཞུགས་པའི་ཚིག་གོ །བར་གྱི་སྒྲའི་དབྱེ་བར་བྱས་པའི་ལས་འཛིན་པའོ། །རྒྱུད་མ་ལས་པའི་དགོངས་པ། ཞེས་པ་ནི་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཀྱི་


DTG032_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་དོན་རིམ་པ་གཉིས་མ་གཏོགས་པར་གཞན་མི་དམིགས་པའི་ཕྱིར་རོ། །ཡོད་ན་ཡང་དེ་ཉིད་དུ་འདུས་པའོ། །འཁོར་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། བརྗོད་ཀྱིས་མི་ལང་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་ཕུན་སུམ་ཚོགས་པ་ནི་ཉན་པ་པོ་ཕུན་སུམ་ཚོགས་པའོ། །སྟོན་ཏེ་ཞེས་པ་ནི་སྡུད་པ་པོས་ཞེས་ཚིག་ལྷག་མ་སྟེ་འཆད་པ་པོ་དང་གནས་ཕུན་སུམ་ཚོགས་པ་དག་ནི་གླེང་གཞིའི་ཚིག་ཉིད་དུ་བསྟན་པའི་ཕྱིར་རོ། །བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི་མང་བ་ཙམ་དུ་དགོངས་པའི་ཕྱིར་རོ། །ཡང་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་གཟུགས་ནི་མི་ངོམས་པའོ། །ཡོན་ཏན་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དོ། །དེ་ཡང་ངག་གི་སྤྱོད་ཡུལ་ལས་འདས་པའོ། །དེ་དག་ཅེས་ཕ་ནི་གྲངས་དང་གཟུགས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་གི་ཞེས་བྱ་བ་ལ་སོགས་པས་དཔེ་བསྟན་ཏོ། །གང་གིས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་པ་སྨོས་ཏེ། དེ་ཙམ་རྒྱུད་འདི་རུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་དེ་དག་ཁོ་ན་གསུངས་སོ། །དམ་ཚིག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ་ཞེས་པ་ལ། དམ་ཚིག་གི་རིགས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཞེ་སྡང་གཏི་མུག་འདོད་ཆགས་དང༌། །ཡིད་བཞིན་ནོར་བུ་དམ་ཚིག་ནི། །འདི་དག་རིགས་ནི་ལྔ་པོ་སྟེ། །འདོད་དང་ཐར་པ་རབ་བསྒྲུབ་པའོ། །ཞེས་འབྱུང་ངོ༌། །འདིར་ཡང་ཞེས་བྱ་བ་ལ་སོགས་པ་ནི་རིགས་དང་རིགས་ཅན་རྣམས་ལ་བྱེ་བྲག་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྒྲ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དབྱེར་མེད་པའི་ཕྱིར་རོ། །དབྱེར་མེད་པ་ཡང་བྱ་བ་གཅིག་ཡིན་པའི་ཕྱིར་རོ། །དེ་ལྟར་སྐུ་རྡོ་རྗེ་ལ་སོགས་པ་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་རྡོ་རྗེ་ནི་ནམ་མཁའ་སྙིང་པོ་ཞེས་པ་ལ། རིན་ཆེན་འབྱུང་ལྡན་གྱི་རིགས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་ཕྱིར་རོ། །རྒྱལ་བ་རྡོ་རྗེ་ནི་བྱམས་པ་ཞེས་པ་ལ། །མ་འོངས་པའི་དུས་སུ་ཆོས་ཀྱི་རྒྱལ་སྲིད་ལ་མངའ་མཛད་པའི་ཕྱིར་རོ། །ས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཁམས་བཞིའི་རྣམ་པར་དག་པའི་ངོ་བོ་སྤྱན་ལ་སོགས་པ་བསྟན་ཏོ། །དམ་ཚིག་སྒྲོལ་མ་ཞེས་པ་ནི་དོན་ཡོད་གྲུབ་པའི་


DTG032_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྒྲོལ་མ་ནི་གཉིས་ཏེ། དམ་ཚིག་གི་སྒྲོལ་མ་དང༌། དབང་གི་སྒྲོལ་མའོ། །དབང་གི་སྒྲོལ་མ་ནི་འོད་དཔག་ཏུ་མེད་པའི་རིགས་ཅན་ནོ། །དམ་ཚིག་སྒྲོལ་མ་ནི་དེ་ཉིད་ཀྱི་སྐུའི་བྱེ་བྲག་གོ །ནམ་མཁའ་རྡོ་རྗེ་ནི་འཇམ་དཔལ་ཞེས་པ་ལ་རྟག་ཏུ་དྲི་མ་མེད་ཅིང་ཟག་པ་མེད་པའི་ཤེས་རབ་དང་ལྡན་པའི་ཕྱིར་རོ། །གཟུགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་གཟུགས་ལ་སོགས་པ་རྣམ་པར་དག་པའི་མཚན་ཉིད་ཅན་མཆོད་པའི་ལྷ་མོ་དང་དབུས་ཀྱི་གཙོ་མོ་ཡང་བསྟན་ཏོ། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཀུན་ཏུ་བཟང་པོ་ཞེས་པ་ནི་ཆོས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་འཛིན་པ་དང༌། མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་དམ་ཚིག་གི་རིགས་ཅན་ནོ། །བྱང་ཆུབ་སེམས་དཔའི་ཚོགས་ཞེས་བྱ་བ་ལ་སོགས་པས་ནམ་མཁའི་དབྱིངས་དང་མཚུངས་པ། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །དེ་དག་ཅེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་བཟུང་སྟེ། དེ་དང་འདྲ་བའི་དེ་བཞིན་གཤེགས་པ་གཞན་རྣམས་ཀྱང་བསྟན་ཏོ། །རིགས་ལྔས་བསྡུས་པ་ཞེས་བྱ་བ་ལ་སོགས་པས་དེ་རྣམས་ཁོ་ན་བསྟན་ཏོ། །དེ་ལྟར་ན་གང་གིས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པ་དེ་ཙམ་ཉིད་ཀྱི་དཔེ་བསྟེན་པའི་ཕྱིར་དེ་བས་ན་སུམ་ཅུ་རྩ་གཉིས་དགོད་པར་རིགས་ན་ཅིའི་ཕྱིར་ཁྲོ་བོ་རྣམས་མ་བསྟན་ཞེ་ན། དེ་ནི་བདེན་ཏེ། འོན་ཀྱང་འགྲེལ་པ་མཁན་གྱིས་འཆད་པར་འགྱུར་ཏེ། དཔེར་ན་སྐུའི་དཀྱིལ་འཁོར་ཉིད་དུ་ལྷ་དགོད་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་བཤད་པའི་རྒྱུད་ཀྱི་ཁུངས་ལས། སྐུའི་དཀྱིལ་འཁོར་བཞིན་དུ་འབྱིན་པའི་དཀྱིལ་འཁོར་ལ་ཡང་ཡོད་པར་རིགས་སོ། །འདིར་མ་གསུངས་པ་ནི་རང་གིས་གླེགས་བམ་ལྟ་བ་རྣམས་ལ་འཁྲུལ་པ་བསྐྱེད་པར་བྱ་བའི་ཕྱིར་རོ། །འབྱིན་པའི་དཀྱིལ་འཁོར་གྱི་སྐབས་སུ་ལེའུ་དང་པོ་ལས་བཞི་པོ་གསུངས་ཏེ་ལྷག་མ་རྣམས་ལེའུ་བཅུ་གསུམ་པོ་ལས་གསུངས་པ་རྣམས་མདོ་བསྲེས་ཏེ་ཤེས་པར་བྱའོ། །ཀློག་པའི་རིམ་པ་ལས་དོན་གྱི་རིམ་པ་སྟོབས་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་གང་གིས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་འགྱུར་བ་གང་གསུངས་པ་དེ་ནི་


DTG032_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་ཁོ་ནའོ། །ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པ་ཞེས་བྱ་བ་ལ་སོགས་པས་གཞལ་ཡས་ཁང་པའི་ཕྱི་རོལ་ཏུ་བར་སྣང་ལ་བཞུགས་སོ་ཞེས་པའི་བར་དུ་འོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ཏིལ་གྱི་གང་བུའི་དཔེས་དེ་བཞིན་གཤེགས་པ་མཐའ་ཡས་པ་རྣམས་ཀྱི་གནས་པ་མི་འགལ་བ་བསྟན་པའོ། །དྲང་བའི་དོན་ཞེས་པ་ནི་ཡོད་པ་ཙམ་ཉིད་བསྟན་པའི་ཕྱིར་རོ། །བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་ཉེ་བར་བསྡུས་ནས་ཀྱང་ལྷ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་གཞལ་ཡས་ཁང་པ་དང་དཀྱིལ་འཁོར་པ་རྣམས་སྤྲུལ་ཏེ་རྒྱུད་གསུང་ཞེས་བྱ་བ་འདིས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །ངེས་པའི་དོན་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་གཞི་དང་གཞི་ཅན་གྱི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གླེང་གཞི་སྡུད་པར་བྱེད་དོ། །དེ་ནི་འདོད་པའི་ཁམས་ན་གནས་པའི་ཡུལ་ལ་ཆགས་པའི་སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ལ་དཔལ་གསང་བ་འདུས་པ་ལ་བསྟན་པའི་དུས་སུ་དང་པོ་རང་གི་སྐུ་ལ་གྲུབ་པའི་ལྷའི་འཁོར་ལོ་ཕྱི་རོལ་དུ་སྤྲོས་ཏེ། སླར་ཡང་སྐུའི་དཀྱིལ་འཁོར་གྱི་ཚུལ་དུ་བསྡུས་ལ། སླར་ཡང་ལྷ་མོ་དགུར་སྤྲོས་ཏེ། དེ་དག་གཅིག་ཏུ་སོང་བ་དང་ལྷན་ཅིག་ཏུ་བདེ་བ་ཆེན་པོ་མྱོང་ནས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་བསྡུས་ཏེ་གཞལ་ཡས་ཁང་པ་སྤྲུལ་ཞིང་དེའི་ནད་དུ་ལྷག་པར་མོས་པའི་དཀྱིལ་འཁོར་བྱིན་གྱིས་བརླབས་ལ། དེ་ཡང་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་ཉེ་བར་བསྡུས་ཏེ་དབུས་ཀྱི་གཙོ་བོར་གྱུར་ནས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་མཐར་དཀྱིལ་འཁོར་འབྱིན་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རབ་ཏུ་བསྟན་པར་གྱུར་ཏོ། །དེ་ཉིད་སྤྲོས་ཏེ་བསྟན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཟུགས་ལ་སོགས་པ་ལ་ཕྱག་རྒྱ་གཅིག་ལ་གནས་པས་གྲོལ་བར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ་ཞེས་པ་ནི་འཁོར་གྱི་ནང་དུ་གནས་


DTG032_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོག་ཏུའོ། །ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང་ལྡན་པ་ནི་སྔར་བཤད་ཟིན་ཏོ། །ཆེན་པོ་ཡང་ཡིན་ལ་རྣམ་པར་སྣང་མཛད་ཀྱང་ཡིན་པས་ན་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱིས་འདོད་ཆགས་རབ་ཏུ་སྤང་བར་བྱ་བའི་ཕྱིར་ཞེས་པ་ནི་ཕྱག་རྒྱ་བསྟན་པའི་ཆགས་པས་འདོད་ཆགས་ཀྱི་ཉོན་མོངས་པ་བཟློག་པར་བྱ་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་སྐུ་སྤངས་ནས་ཞེས་པ་ནི་སྙིགས་མ་ལྔའི་དུས་སུ་སྒེག་པའི་ཉམས་གཅོར་གྱུར་པས་སྒེག་ཅིང་གཟུགས་བསྟན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་སྨོས་སོ། །སེམས་ཅན་རྣམས་སྨིན་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱི་རྒྱུ་ཅན་ཡིན་ཞེས་བསྟན་ཏོ། །དེ་བས་ན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པས་གང་གི་ཚེ་འགྲོ་བའི་དོན་བྱེད་ན་དེའི་ཚེ་དེ་རྫོགས་པར་བྱ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ལ་དཔལ་རྡོ་རྗེ་འཆང་ཆེན་པོས་དམིགས་པར་མཛད་ཅེས་རྒྱུད་ཐམས་ཅད་ཀྱི་གཞུང་ལུགས་སོ། །དཀྱིལ་འཁོར་བ་རྣམས་ཞེས་པ་ནི་འཁོར་རྣམས་སོ། །རང་གི་ས་བོན་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པ་པདྨ་དང་ཟླ་བ་དང་རྡོ་རྗེ་ལ་གནས་པ་རྡོ་རྗེ་འཆང་ཆེན་པོའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ནམ་མཁའི་དབྱིངས་ན་བཞུགས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་ཚོགས་བཀུག་ལ་འཇུག་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སྔར་ཉེ་བར་བསྡུས་པ་གང་ཡིན་པ་དེ་རྣམས་ཀྱིས་དགའ་བ་བསྐྱེད་པར་བྱ་བའི་ཕྱིར་བུད་མེད་མཆོག་གི་གཟུགས་སུ་བཅོམ་ལྡན་འདས་ཀྱི་སྤྲོས་པ་མཛད་དོ། །དེ་ནི་དོན་དམ་པར་བུད་མེད་དང་སྐྱེས་པའི་བྱེ་བྲག་གང་ཡང་མེད་དོ་ཞེས་བསྟན་ཏོ། །གདུལ་བྱ་རྣམས་འཇུག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་རོལ་སྟོན་གྱི་སྤྲོས་པ་རྨད་དུ་བྱུང་བར་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་མཆོག་ཏུ་དགའ་བའི་བདེ་བས། ཞེས་པ་ནི་མཆོག་ཏུ་དགའ་བ་ལས་ཕྱི་མའི་དགའ་བ་ནི་མཆོག་ཏུ་དགའ་བ་སྟེ། འོད་གསལ་བ་བཞི་པ་ལ་འཇུག་གོ །ཡང་ན་མཆོག་ནི་ཐམས་ཅད་ཀྱི་ཕུལ་དུ་བྱུང་བ་སྟེ་དགའ་བ་བཞི་པ་ཁོ་ནའོ། །རྣལ་འབྱོར་པ་ལ་གྲགས་པའི་


DTG032_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་མཆོག་ཏུ་དགའ་བའི་སྒྲས་ཀྱང་བཞི་པ་བརྗོད་དོ། །དེ་ལྟ་ན་རང་གཟུགས་སུ་དེ་ཉིད་ཅིའི་ཕྱིར་མ་གཟུང་ཞེ་ན། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །བཞི་པ་ནི་བླང་བར་བྱ་བ་ཡིན་ཏེ། རྟོག་པ་མེད་པ་ཉིད་ཀྱིས་རྟག་པ་ཡིན་པའི་ཕྱིར་རོ། །དེ་བས་ན་སྟིམ་པར་བྱ་བའི་ཕྱིར་ཞེས་སྨོས་པ་ལ། དེ་ཉིད་ཀྱིས་ཚིམ་པར་བྱ་བར་རིགས་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ། །སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་བདེ་བ་ནི་འཁྲུལ་པ་དང་བཅས་པ་ཡིན་ཏེ། དེ་མ་ཡིན་པ་ལ་དེ་ཉིད་དུ་གཟུང་བའི་ཕྱིར་རོ། །རང་བཞིན་གྱིས་དག་པ་ལ་ནི་འཁྲུལ་པ་མེད་དེ། ཆོས་ཉིད་ནི་འཁྲུལ་པ་མེད་པའི་ཕྱིར་རོ། །གནས་སྐབས་ཞེས་བྱ་བ་ལ་སོགས་པས་ནི་འོག་ནས་འཆད་པར་འགྱུར་བའི་ལྷ་མོ་དགུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་རབ་ཏུ་བསྟན་ཏོ། །གཞི་དང་གཞི་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་ཉེ་བར་བསྡུས་པའི་བྱང་ཆུབ་ཀྱི་སེམས་ལས་འབྱུང་བ་ཡིན་པས་དེའི་རྒྱུ་མཐུན་པར་གྱུར་པ་བདེ་བ་ཆེན་པོའི་ངོ་བོ་ཉིད་གསལ་བར་བྱས་པ་ཡིན་ནོ། །སའི་ཁམས་ནི་ཞེས་བྱ་བ་ལ་སོགས་པས་རིགས་ཀྱི་བཙུན་མོ་བཞི་བསྟན་ཏོ། །ཡང་རྣམ་པར་སྣང་མཛད་ནི་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལས་འབྱུང་བའི་ལྷ་མོ་ལྔ་བསྟན་ཏོ། །དྲང་བའི་དོན་ཞེས་པ་ནི་སྤྲོ་བ་དང་བསྡུ་བ་ཙམ་བརྗོད་པའི་ཕྱིར་རོ། །དེས་ནི་བཅོམ་ལྡན་འདས་ནམ་མཁའི་དབྱིངས་ཐམས་ཅད་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཉེ་བར་བསྡུས་པས་ལྷ་མོ་དགུར་སྤྲོས་ཏེ། དེའི་དབུས་སུ་འདོད་པ་སྣ་ཚོགས་ཀྱི་དབང་ཕྱུག་ཉིད་དུ་བཞུགས་སོ། །དེའི་འོག་ཏུ་འདི་ལྟར་བྱ་བ་ཉིད་བསྟན་པར་བྱ་སྟེ། འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཞེས་བྱ་བ་ལ་སོགས་པ་ནི་འདོད་ཆགས་ཆེན་པོའི་ཆོས་ཞེས་ནང་དུ་སོང་བའི་དངོས་པོའི་རྐྱེན་ཉིད་ཀྱིས་འདོད་ཆགས་ཆེན་པོའི་ཆོས་ཉིད་ཀྱིས་བརྗོད་པར་བྱ་བ་ནི་འོད་གསལ་བ་ཉིད་བསྟན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་དང་འདོད་ཆགས་བྲལ་བ་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་མཆེད་པ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་རྣམ་གྲངས་ཡིན་ཞེས་བྱ་


DTG032_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐ་ཚིག་གོ །རྣམ་པར་དག་པ་ནི་མངོན་དུ་བྱ་བ་སྟེ། འོད་གསལ་བ་ཐོབ་པའོ། །ཐབས་ནི་སྔགས་དང་ཕྱག་རྒྱའི་རིམ་པའི་མཚན་ཉིད་ཀྱིས་ནི་སེམས་རྣམ་པར་དག་པའོ། །ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པའི་མཚན་ཉིད་ཅན་གྱི་རིམ་པ་ནི་མངོན་པར་བྱང་ཆུབ་པའོ། །ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་འཁོར་དེ་དག་ཏུ་དམིགས་པའི་མངོན་པར་ཞེན་པ་སྤངས་ནས་ཞེས་པ་ནི་བདག་ནི་འདི་ཡིན་པ་དང་འདི་རྣམས་དེ་བཞིན་གཤེགས་པ་ཡིན་ཞེས་དེ་དག་གིས་ནི་སེམས་རྣམ་པར་དག་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་དག་ལ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྒྲུབས་པའི་སྐུ་ནི་བདག་ཡིན་ནོ་ཞེས་བྱ་བ་འདིས་གཉིས་པའི་རིམ་པ་ལས་མྱུར་དུ་ལྷའི་གཟུགས་བདག་བྱིན་གྱིས་རློབ་པའི་རིམ་པས་སྤྲོ་བའམ། ཡང་ན་བཞི་པ་ལས་ཟུང་དུ་འཇུག་པའི་རིམ་པས་རྡོ་རྗེ་ལྟ་བུའི་སྐུ་བྱིན་གྱིས་བརླབ་པར་མཛད་དོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པས་ལུང་གི་ཚད་མ་ཉིད་བཤད་དོ། །སྔ་མ་བཞིན་ཞེས་བྱ་བ་ནི་སྤྲོ་བ་ཙམ་གྱི་དཔེ་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །གང་གི་ཕྱིར་སྔོན་དུ་ནི་རྟོག་པའི་རྣལ་འབྱོར་གྱིས་སྤྲོས་པའི་ཕྱིར་རོ། །འདི་ནི་སྒྱུ་མ་ལྟ་བུ་ཉིད་ཀྱིས་སོ། །ངེས་པའི་དོན་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་བྱིན་གྱིས་རློབ་པ་དང༌། མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པ་རྣམས་འཆད་པར་འདོད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་དབང་ཕྱུག་ཉིད་བསྟན་པར་བྱ་བའི་ཕྱིར་ལྷ་མོ་དགུའི་བདག་ཉིད་གཟུངས་ཀྱི་དཀྱིལ་འཁོར་བསྟན་ཏོ། །སེམས་གཙོ་བོ་ནི་ངག་དང་ལུས་ཀྱི་ནང་ནས་སེམས་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་རོ། །མི་བསྐྱོད་པའི་བསྡུས་པའི་དཀྱིལ་འཁོར་སྤྲུལ་པའི་བྱ་བ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་ཞུགས་པས་བསྐྱེད་པའི་ཐུགས་ཀྱི་རྡོ་རྗེའི་གཞི་དང༌། གཞི་ཅན་གྱི་མཚན་ཉིད་ཀྱི་དཀྱིལ་འཁོར་གྱི་སྤྲུལ་པ་མཛད་ཅེས་ཐ་ཚིག་གོ །སྔ་མ་བཞིན་ཏེ་ཤེས་རབ་ཀྱི་གནས། །ཞེས་པ་ནི་བགེགས་བསྐྲད་པ་དང་སྟོང་པ་ཉིད་བསྒོམ་པའི་རྗེས་སུ་ཧཱུཾ་ལས་བྱུང་བའི་ཆོས་འབྱུང་བའི་ཕྱག་རྒྱ་ལའོ། །དེར་ཆུད་པ་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱིས་གཞི་དང་རི་རབ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་གྲུ་བཞི་པ་ལ་སོགས་པའི་ཡོན་


DTG032_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དང་ལྡན་པའི་གཞིའི་དཀྱིལ་འཁོར་ཞེས་བྱ་བའི་བར་རོ། །དམ་ཚིག་ཆེན་པོ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་གང་དུ་འདུས་པ་དེ་དམ་ཚིག་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོ་ཁོ་ནའོ། །དྲི་མ་ཐམས་ཅད་དང་བྲལ་བ་ལས་ཞེས་པ་ནི་འདོད་ཆགས་ཀྱི་ཉོན་མོངས་པའི་དྲི་མས་མ་གོས་པའོ། །སྤྲུལ་པར་མཛོད་ཅེས་པ་ནི་བསྐྱེད་པའི་རིམ་པས་སྤྲུལ་ཏོ་ཞེས་ཐ་ཚིག་གོ །གཞལ་ཡས་ཁང་པའི་ཕྱི་རོལ་ན། །ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་དང་བ་ཉིད་བསྟན་ཏོ། །ཨིནྡྲ་ནཱི་ལ་ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེའི་ཁ་དོག་ལྔ་བསྟན་ཏོ། །བྱུང་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་དེའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དག་ཏུ་མྱུར་དུ་བསྒོམས་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོས་ཉེ་བར་མཛེས་པའོ། །འདིས་ནི་གཞལ་ཡས་ཁང་པ་བསྒོམ་པའི་འོག་ཏུ་ལྷག་པར་མོས་པའི་དཀྱིལ་འཁོར་བསྟན་ཏོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བའི་བར་དུ་ནི་ལྷག་པར་མོས་པའི་དཀྱིལ་འཁོར་ཉིད་ཀྱི་ཁྱད་པར་རོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལྷག་པར་མོས་པའི་དཀྱིལ་འཁོར་གྱི་བདག་པོ་དབུས་ཀྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་བརླབ་པ་བསྟན་ཏོ། །རིགས་ལྔས་བསྡུས་པའི་ཞེས་བྱ་བ་ལ་སོགས་པ་ལྷག་པར་མོས་པའི་དཀྱིལ་འཁོར་དེ་ཉིད་རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསུངས་པའི་རིམ་པས་སྐུའི་དཀྱིལ་འཁོར་ལ་འཇུག་པའི་མཚན་ཉིད་ཅན་གྱི་དོན་དམ་པའི་དཀྱིལ་འཁོར་བསྟན་ཏོ། །དྲང་བའི་དོན་ཞེས་བྱ་བ་ནི་དང་པོ་སྦྱོར་བའི་ཏིང་འཛིན་གྱི་ཕྱོགས་གཅིག་བསྟན་པའི་ཕྱིར་རོ། །ཚིག་གི་དོན་ཡང་འདི་ཡིན་ཏེ། ལེའུ་བཅོ་བརྒྱད་པ་ལས་གསུངས་པའི་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ཏེ། འདོད་པའི་དབང་ཕྱུག་ཉིད་དུ་གྱུར་པ་བསྟན་ནས་གནོད་མཛེས་ཀྱི་རྒྱལ་པོ་སྤྲོ་བ་སྔོན་དུ་འགྲོ་བས་ཁྲོ་བོའི་འཁོར་ལོས་བགེགས་བསྐྲད་ལ་ལེའུ་གཉིས་པ་ལས་གསུངས་པའི་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྟོང་པ་ཉིད་མངོན་དུ་བྱས་ལ། རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ཡོངས་


DTG032_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པའི་ཡེ་ཤེས་ཀྱིས་གཞིར་བྱིན་གྱིས་བརླབས་ཏེ། རི་རབ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་གཞལ་ཡས་ཁང་པ་བསམས་ལ། དེའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་སྟེང་དུ་མྱུར་དུ་དཀྱིལ་འཁོར་པའི་ཚོགས་བསྐྱེད་དེ། དེ་ཉིད་སླར་ཡང་རང་གི་ལུས་ལ་འཇུག་པའི་མཚན་ཉིད་ཅན་དོན་དམ་པའི་དཀྱིལ་འཁོར་དུ་རྣམ་པར་བསམས་ཏེ། བདག་པོ་དེ་ཡང་དབང་པོ་གཉིས་ཀྱིས་སྙོམས་པར་ཞུགས་པ་ལས་འབྱུང་བའི་འདོད་ཆགས་ཀྱི་སེམས་ཞུ་བར་གྱུར་པར་བསམས་ཏེ། སྟོང་པ་ཉིད་ཀྱི་སྔགས་ཀྱིས་བརྟན་པར་བྱ་ཞིང་གནས་པར་བྱའོ། །རྣམ་པར་ཤེས་པའི་བདག་ཉིད་ཅེས་པ་ནས་བརྩམས་ཏེ་སྐྱེ་གནས་ཡིན་ཏེ་ཞེས་བྱ་བའི་བར་དུ་ནི་རྫོགས་པའི་རིམ་པ་བསྟན་ཏོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པ་གཉིས་པས་འོད་གསལ་བ་ཐོབ་པ་བསྟན་ཏོ། །དགོངས་པ་ལུང་བསྟན་ཞེས་བྱ་བས་ལུང་གི་ཚིག་ཚད་མ་ཉིད་དུ་བསྟན་ཏོ། །སངས་རྒྱས་ཀུན་གྱི་གང་བསྟན་པའི། །ཞེས་པ་ནི་དེ་ཉིད་ལ་བརྟེན་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཐོབ་པའི་ཕྱིར་རོ། །སར་གྱུར་དེ་ནི་བཅུ་གསུམ་པ། ཞེས་པ་ནི་ལྷག་པར་མོས་པའི་སྤྱོད་པའི་ས་ནི་ཚོགས་ཀྱི་ལམ་མོ། །རབ་ཏུ་དགའ་བ་ནི་མཐོང་བའི་ལམ་མོ། །དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། སྦྱང་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་རྣམས་ནི་བསྒོམ་པའི་ལམ་མོ། །ཀུན་ཏུ་འོད་ཀྱིས་ནི་མི་སློབ་པའི་ལམ་མོ། །དེ་ལ་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པ་དང༌། དེའི་རྗེས་ལ་སྐྱེས་པ་སྟེ་དག་པ་འཇིག་རྟེན་པའོ། །ཇི་སྐད་དུ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུགས་ལས་ཤེས་བྱ་མ་ལུས་པའི་ཡེ་ཤེས་ཀྱིས་ནམ་མཁའི་དཀྱིལ་དང་མཚུངས་པར་ཆོས་ཐམས་ཅད་མཐོང་ངོ༌། །དེའི་རྗེས་ལས་སྐྱེས་པས་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། བྲག་ཅ་དང༌། གཟུགས་བརྙན་དང༌། མཚུངས་པར་རྣལ་འབྱོར་པས་མཐོང་ངོ༌། །དེའི་ཕྱིར་ན་ས་བཅུ་གསུམ་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་འོ། །བཙུན་མོ་ནི་ཤེས་རབ་པོ། །


DTG032_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་བྷ་ག་ནི་ནང་དུ་སོང་བའི་དངོས་པོའི་རྐྱེན་དུ་ཤེས་པར་བྱ་སྟེ། དེས་ན་ཆོས་ཉིད་ནི་ས་བཅུ་གསུམ་པའོ། །འཇོག་པར་གྱུར་པ་ནི་འོད་གསལ་བ་ལ་ཡེ་ཤེས་ཀྱི་སྐུ་འཇུག་པར་མཛད་དེ། མངོན་པར་བྱང་ཆུབ་པའི་རིམ་པས་སོ་ཞེས་ཚིག་གི་ལྷག་མའོ། །གསལ་བ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོའི་སྐུ་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་འོད་གསལ་བ་རབ་ཏུ་བཞུགས་པར་གྱུར་ཏོ་ཞེས་པ་ནི་དེའི་བདག་ཉིད་དུ་མཛད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རིམ་པ་བཞི་པའི་བསྒོམ་པས་དེ་ཁོ་ན་ཉིད་ཐོབ་པས་ན་འགྲོ་བའི་དོན་བྱ་བའི་ཕྱིར། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་རྡོ་རྗེའི་སྐུ་བླངས་སོ་ཞེས་བསྟན་ཏོ། །ཇི་སྐད་དུ། ནམ་མཁའི་ཀུན་གྱི་སྐབས་ན་དཔལ། །ཞེས་པ་ནི་ནམ་མཁའི་དབྱིངས་མ་ལུས་པ་ལས་ཁྱབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དཀྱིལ་འཁོར་ཡང་སྔ་མ་བཞིན་དུ་བཤད་པར་བྱའོ། །ངེས་པའི་དོན་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང༌། མངོན་པར་བྱང་ཆུབ་པ་དང༌། ཟུང་དུ་འཇུག་པའི་རིམ་པས་བརྗོད་པར་འདོད་པའི་ཕྱིར་རོ། །དོན་དམ་པའི་དཀྱིལ་འཁོར་གྱི་བར་དུ་བསྒོམ་པ་རྫོགས་པ་ན་དེ་ཉིད་ཡང་སྤྲོས་ཏེ། བསྟན་པར་བྱ་བའི་ཕྱིར། དོན་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདས་པ་དང༌། མ་འོངས་བ་ཞེས་པ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་སོ། །ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་གཅིག་ཏུ་མཛད་པ་ནི་ཞེས་པ་ལ། ལྷག་པར་མོས་པའི་དཀྱིལ་འཁོར་དུ་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་སྟེང་དུ་རྣམ་པར་དགོད་ཅིང་བསྒོམ་པ་གང་ཡིན་པ་དེ་ནི་ཟིལ་གྱིས་གནོན་པ་ཞེས་བྱ་བའི་དོན་ཏོ། །དེའི་དོན་དུ་རྡོ་རྗེ་ནི་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གྱི་མིང་ངོ༌། །དེ་ལ་སྙོམས་པར་ཞུགས་ཞེས་པ་ནི་ལྷག་པར་མོས་པའི་དཀྱིལ་འཁོར་དུ་བདག་པོ་ཉིད་དུ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དབུས་ཀྱི་བདག་པོ་དེ་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་


DTG032_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དཀྱིལ་འཁོར་པ་རྣམས་མྱུར་དུ་བསྒོམ་པར་བསྟན་ཏོ། །དེས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའ་ཉིད་ཐོབ་བོ་ཞེས་བྱ་བའི་བར་དུ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་བ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་བྱ་བ་བསྟན་ཏོ། །འདི་ལྟར་བཤད་པ་ཡིན་ཏེ། ལྷག་པར་མོས་པའི་དཀྱིལ་འཁོར་མྱུར་དུ་བསྒོམ་ཞིང་དེ་མ་ཐག་ཏུ་འགྲོ་བ་ཐམས་ཅད་དེའི་རང་བཞིན་དུ་བྱའོ་ཞེས་པའི་དོན་ཏོ། །སྤྱིའི་དོན་ཞེས་པ་ནི་ལྷག་པར་མོས་པའི་དཀྱིལ་འཁོར་དང་པོ་སྦྱོར་བའི་ཕྱོགས་གཅིག་བསྟན་པས་སོ། །དོན་དམ་པའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གང་གིས་ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་འགོག་པར་བྱེད་པ་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཞེས་བསྟན་ཏོ། །འདིར་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཁོང་སྟོང་ཞེས་པ་ནི་ཕུང་པོ་ལྔའི་བདག་ཉིད་ཅན་ལུས་འདི་ལ་ཇི་སྙེད་ཀྱི་བ་སྤུ་ཡོད་པ་དེ་སྲིད་ཀྱི་རྩ་རྣམས་ཀྱི་དབུས་ཀྱི་ཁོང་སྟོང་ནི་ནམ་མཁའི་ཆའོ། །ཐབས་ཀྱི་ཡེ་ཤེས་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །ཕུང་པོ་ལ་སོགས་པ་ཞེས་པ་ནི་དེའི་རྒྱུར་གྱུར་པའི་འདོད་ཆགས་ལ་སོགས་པའི་རང་བཞིན་རྣམས་སོ། །ཐབས་ཀྱི་ཡེ་ཤེས་ཤར་བས་ཞེས་པ་ནི་བཤད་མ་ཐག་པ་དེ་ཉིད་ཀྱིས་སོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པས་དམ་པ་དགའ་བའི་བདེ་བ་ཉམས་སུ་མྱོང་བ་ཐོབ་པར་གྱུར་ཏོ་ཞེས་བསྟན་ཏོ། །དེས་ནི་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་སྒོ་ནས་དོན་དམ་པའི་དཀྱིལ་འཁོར་བསྟན་ཏོ། །སྦས་པ་ཞེས་པ་ནི་འདོད་ཆགས་ཀྱི་ཆོས་ཀྱི་མཚན་ཉིད་བསྟན་པའི་ཕྱིར་རོ། །ཕུང་པོ་ལྔ་རྣམས་སོ་ཞེས་པ་ནས་དེའི་ངོ་བོར་གནས་པར་གྱུར་པའོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་གསུམ་གྱི་རིམ་པས་ཐམས་ཅད་སྟོང་པ་ལ་འཇུག་པ་བསྟན་ཏོ། །མཐར་ཐུག་པ་ནི་འོད་གསལ་བ་ལ་འཇུག་པས་སོ། །དེ་ལྟར་ལྷག་པར་མོས་པས་ཞེས་བྱ་བ་ལ་སོགས་པས་ལྷག་པར་མོས་པའི་སྦྱོར་བས་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དོན་དམ་པའི་དཀྱིལ་འཁོར་ཡང་རྫོགས་པར་མཛད་དོ། །ཡོངས་སུ་དག་པ་དང་མ་དག་པ་


DTG032_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་དང༌། བདག་བྱིན་གྱིས་རློབ་པའི་རིམ་པ་ལས་སྐྱེས་པ་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་སོ་སོར་བསྟན་པར་བྱེད་དོ་ཞེས་དགོངས་པའོ། །རྟོག་པའི་རྣལ་འབྱོར་གྱི་རིམ་པ་རྫོགས་པར་བྱ་བའི་ཕྱིར། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བསྟན་པར་བྱེད་དེ། སྐུ་ལ་སོགས་པའི་ངོ་བོ་ཉིད་ངོ་བོ་ཉིད་ཡིན་པས་ཡི་གེ་གསུམ་པོ་ཁོ་ན་སྐུ་ལ་སོགས་པ་སྟེ་དབྱེར་མེད་པར་བརྟགས་པས་སོ། །འདའ་བར་མི་བྱ་བས་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་དོར་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྔགས་ཀྱི་ཡི་གེ་རྣམས་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དཀྱིལ་འཁོར་གྱི་འོག་ཏུ་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བ་དང་ཉི་མ་དང་པདྨ་གསུམ་པོ་རྣམ་པར་བསྒོམས་ཏེ། དེའི་སྟེང་དུ་ཡི་གེ་གསུམ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཟླ་བ་ལ་སོགས་པ་འཇུག་པར་བྱས་ལ། ཆོས་ཀྱི་དབྱིངས་བརྗོད་པའི་སྔགས་ཀྱིས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སེམས་བརྟན་པར་བྱས་ལ། དེའི་སྟེང་དུ་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསྒོམས་པས་སྤྲོ་བ་དང་བསྡུ་བ་ཡང་བྱས་ཏེ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༌། ཏིང་ངེ་འཛིན་སེམས་དཔའ་བྱིན་གྱིས་བརླབས་ཏེ། མིག་ལ་སོགས་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཞལ་གསུམ་པ་དང༌། ཕྱག་དྲུག་པའི་གཟུགས་འཆང་བར་གྱུར་ཏོ། །དེས་ནི་རྣལ་འབྱོར་བཞིའི་བདག་ཉིད་ཅན་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྟན་ཏོ། །སྒྲུབ་ཐབས་ལས་བཤད་པའི་རིམ་པས་ཞེས་པ་ནི་མདོར་བསྡུས་པའི་སྒྲུབ་ཐབས་ནས་བཤད་པའི་རིམ་པས་སོ། །རྣལ་འབྱོར་བཞིའི་རིམ་གྱིས། ཞེས་པ་ནི་རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའི་རིམ་པས་སོ། །སེམས་དཔའ་གསུམ་གྱི་མཐར་ཐུག་པའི་བར་གྱིས། ཞེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོའི་སྐུ་རྫོགས་པའི་མཐར་ཐུག་པའི་བར་རོ། །བྱིན་གྱིས་བརླབས་


DTG032_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ལ་སོགས་པས་དབུས་ཀྱི་བདག་པོའི་ཞལ་དང་ཕྱག་མཚན་གྱི་ཁྱད་པར་བསྟན་ཏོ། །ཞལ་གསུམ་ལྟ་བུར་ཞེས་པ་ནི་ཕྱག་དྲུག་ལ་སོགས་པས་ཀྱང་ཉེ་བར་མཚོན་པར་བྱའོ། །འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་ཀྱིས། །ཞེས་པ་ནི་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ལ་གནས་པའི་འཁོར་ཐམས་ཅད་ཀྱིས་མཐོང་ངོ་ཞེས་བྱ་བའི་བར་རོ། །དྲང་བའི་དོན་ཞེས་པ་ནི་རྣལ་འབྱོར་བཞིའི་བདག་ཉིད་ཅན་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་དུ་བཤད་པས་སོ། །འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱི་ཐོབ་པར་བྱ་བའི་འོད་གསལ་བའི་དེ་ཁོ་ན་མངོན་དུ་བྱས་ཏེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ལྷའི་སྐུ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་བླངས་པར་གྱུར་ཏོ་ཞེས་བསྟན་ཏོ། །ཆེན་པོའི་སྒྲའི་དོན་རྣམ་པ་དྲུག་སྟེ། མཆོག་ནི་དཔེར་ན་སྐྱེས་བུ་ཆེན་པོ་བཞིན་ཏེ་སྐྱེ་དགུ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའི་དོན་ཏོ། །ཚད་མེད་པ་ནི་དཔེར་ན་རྒྱ་མཚོ་ཆེན་པོ་བཞིན་ཚང་མེད་ཅེས་བྱ་བའི་དོན་ཏོ། །མཁས་པ་ནི་དཔེར་ན་བློ་གྲོས་ཆེན་པོ་དེ་མཁས་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །བརྩོན་པ་ནི་དཔེར་ན་ཆེན་པོར་འགྲོ་བ་སྟེ་བརྩོན་འགྲུས་ཀྱིས་ཀུན་དུ་འགྲོ་བའོ། །སྤྲོ་བ་ནི་དཔེར་ན་ཆེན་པོ་དགེ་བ་སྟེ་དགེ་བའི་ལས་རྣམས་ལ་བརྩོན་པའོ། །རྨད་བྱུང་བྱེད་པ་ནི་དཔེར་ན་བསྟན་བཅོས་ཆེན་པོ་བརྩམ་པ་བཞིན་སྔར་མེད་པ་སྤྲུལ་པ་ལ་མཁས་པའོ། །འདིར་ནི་མཆོག་གི་དོན་གཙོ་བོ་ཡིན་ཏེ། ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་ཡིན་ཞེས་བྱ་བའི་དོན་ཏོ། །དོན་དམ་པའི་བདེན་པ་ཞེས་པ་ནས་སྔ་མ་བཞིན་ཞེས་བྱ་བའི་བར་དུ་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྟན་ཏོ། །ངེས་པའི་དོན་ཞེས་པ་ནི་རིམ་པ་བཞི་པ་དང་ཟུང་དུ་འཇུག་པ་རྗོད་པར་འདོད་པས་སོ། །གཞུང་དེ་ཙམ་གྱིས་ནི་དཔལ་གསང་བ་འདུས་པའི་རྒྱུད་སྟོན་པར་བཞེད་པ་དཔལ་རྡོ་རྗེ་འཆང་ཆེན་པོས་མ་འོངས་པའི་སེམས་ཅན་གྱི་ཁམས་གདུལ་བར་བྱ་བའི་དོན་དུ་གནས་དང་བགེགས་བསྐྲད་པ་དང་སྟོང་པ་ཉིད་བསྒོམ་པ་དང༌། ཡེ་ཤེས་ཀྱིས་གཞི་དང་གཞལ་ཡས་ཁང་བསྒོམ་པ་དང་ལྷག་པར་མོས་པའི་དཀྱིལ་འཁོར་དང་དོན་དམ་པའི་དཀྱིལ་འཁོར་དང་གདན་གྱི་དབྱེ་བ་དང་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱ་


DTG032_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ས་བོན་ལས་ཕྱག་མཚན་བསྒོམ་པ་དང༌། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཛིན་པ་སེམས་དཔའ་གསུམ་གྱི་བདག་ཉིད་བསྐྱེད་པ་དང༌། མིག་ལ་སོགས་པའི་བྱིན་གྱིས་རློབ་པ་དང་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་མཚན་ཉིད་དང་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལས་བསྒྲུབ་པ་རྡོ་རྗེ་འཆང་ཆེན་པོའི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་སོ་ཞེས་བསྟན་ཏོ། །དཔལ་གསང་བ་འདུས་པའི་རྒྱུད་གསུངས་པ་དང་དེ་བཞིན་གཤེགས་པ་སྤྲོ་བ་སྔོན་དུ་འགྲོ་བར་སློབ་དཔོན་དང་སློབ་མའི་འབྲེལ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དགོངས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སྤྲོས་ཏེ། དེ་རྣམས་ཀྱི་ཆེད་དུ་བརྗོད་པ་ཉིད་བསྟན་ཏོ། །ལྷའི་སྐུ་རྣམ་པ་གཉིས་ཞེས་བྱ་བ་ལ་སོགས་པས་ནི་དཔལ་རྡོ་རྗེ་འཆང་ཆེན་པོའི་ལྷའི་རྣལ་འབྱོར་གཉིས་བསྒྲུབ་པར་བྱ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་རྣམ་པ་གཉིས་བསྟན་པ་གང་ཡིན་པ་དེ་ནི་རྨད་དུ་བྱུང་བ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་དཔལ་གསང་བ་འདུས་པའི་རྒྱུད་དེ་དང་རྗེས་སུ་མཐུན་པར་བསྟན་ཏོ། །དགོངས་པ་མ་ཡིན་པ་ནི་རིམ་པ་གཉིས་གཙོར་གྱུར་པའི་རྒྱུད་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །ད་ནི་ཞེས་བྱ་བ་ལ་སོགས་པས་མཆོད་པ་སྔོན་དུ་འགྲོ་བར་གསོལ་བ་གདབ་པར་རིགས་ཏེ། དེ་བས་ན་དང་པོ་ཕྱི་དང་ནང་གི་མཆོད་པའི་བྱེ་བྲག་ཡོངས་སུ་བསྟན་ཏོ། །འདུས་པ་མཛད་ནས་ཞེས་པ་ནི་མདུན་དུ་ཐམས་ཅད་གཅིག་ཏུ་བསྡུས་པ་མཛད་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་དམ་ཚིག་རིན་པོ་ཆེའི་རྒྱ་མཚོའི་ཚོགས་ནི་ཞེས་པ་ལ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་དང་བདུད་རྩི་ལྔ་དག་ནི་སྤྲིན་དང་འདྲ་བའོ། །དེ་དག་གིས་ཡང་དག་པར་མཆོད་ནས་སོ། །དྲང་བའི་དོན་ནི་ཕྱིའི་མེ་ཏོག་ལ་སོགས་པ་དང་བདུད་རྩིའི་མཆོད་པ་བརྗོད་པར་འདོད་པས་སོ། །གཟུགས་ལ་སོགས་པ་སྟེ་ཞེས་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པས་སོ། །བུད་མེད་རིན་པོ་ཆེ་ཞེས་པ་ནི་མཆོག་ཏུ་བདེ་བ་སྟེར་བར་བྱེད་པས་ན་རིན་པོ་ཆེའོ། །དེ་རྣམས་ཀྱིས་མཆོད་དེ་


DTG032_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་དེའི་དོན་འདི་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀ་ནས་དེ་བཞིན་གཤེགས་པ་ལྔ་ཕྱུང་སྟེ། ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་ཕྱིའི་མཆོད་པ་དང༌། བདུད་རྩིའི་ལྔའི་མཚན་ཉིད་ནང་གི་གསང་བའི་མཆོད་པ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པའི་སྙོམས་པར་ཞུགས་པའི་གསང་བའི་མཆོད་པས། དེ་ཉིད་ལ་མཆོད་ཅིང་འདི་སྐད་ཅེས་གསོལ་ཏོ། །ངེས་པའི་དོན་ནི་སྙོམས་པར་ཞུགས་པའི་མཆོད་པར་བརྗོད་པར་འདོད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་གདབ་པའོ། །གཉིས་གཅིག་ཏུ་གྱུར་པ་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅེས་པའི་ཐ་ཚིག་གོ །ཡི་གེའི་དོན་ནི་དེ་ཉིད་ཙམ་སོ་སོར་བསྟན་པའི་ཕྱིར་རོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་ཞེས་པ་ལ་གསང་བའི་རྡོ་རྗེ་དང་ཆུ་སྐྱེས་སྦྱངས་པ་ལས་ཁམས་གསུམ་གྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སྐྱེ་བར་འགྱུར་རོ། །སྤྱིའི་དོན་ནི་བསྐྱེད་པའི་རིམ་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཤེས་རབ་དང༌། ཐབས་ཡང་དག་པར་སྦྱོར་བ་ནི་ཞེས་པ་ལ། ཤེས་རབ་ནི་འཇུག་པའི་རྣམ་པར་ཤེས་པ་འགོག་པར་བྱེད་པའི་མཚན་ཉིད་དེ་སྣང་བའི་ཡེ་ཤེས་སོ། །ཐབས་ནི་ཉོན་མོངས་པ་ཅན་གྱི་ཡིད་འགོག་པར་བྱེད་པའི་མཚན་ཉིད་ཅན་སྣང་བ་མཆོད་པའི་ཡེ་ཤེས་སོ། །ཡང་དག་པར་སྦྱོར་བ་ནི་ཀུན་གཞི་རྣམ་པར་ཤེས་པ་འགོག་པའི་མཚན་ཉིད་ཅན་སྣང་བ་ཐོབ་པའི་ཡེ་ཤེས་སོ། །དོན་དེ་ལྟ་བུ་སྟོན་པར་བྱེད་པའི་ཕྱིར་ན་འདུས་པའོ། །སྦས་པ་ནི་ཡེ་ཤེས་གསུམ་རྣམ་པར་དག་པའི་མཚན་ཉིད་གཙོར་གྱུར་པའི་ཕྱིར་རོ། །ཡང་ན་ཤེས་རབ་ནི་ཡི་གེ་ཨཱཿའོ། །ཐབས་ནི་ཧཱུཾ་ངོ༌། །ཡང་དག་པར་སྦྱོར་བ་ནི་མ་ནིང་གི་ངོ་བོ་ཉིད་ཡི་གེ་ཨོཾ་མོ། །དེ་རྣམས་ཀྱི་འཇུག་པ་ལ་སོགས་པའི་རིམ་པ་ལ་བརྟེན་ཏེ། དམ་ཚིག་གམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། འབྲེལ་པས་ཡན་ལག་མ་ཉམས་པའི་མཚན་ཉིད་ཅན་བཟླས་པ་ནི་འདུས་པའོ་ཞེས་འདོད་ཆགས་ཀྱིས་ཆོས་བཤད་པའི་སྒོ་ནས་རྡོ་རྗེ་བཟླས་པ་བཤད་པའོ། །ཡང་ན་ཤེས་རབ་ནི་ཟླ་བ་དང་འདྲ་བའི་སྣང་བའོ། །ཐབས་ནི་ཉི་མ་དང་འདྲ་བའི་སྣང་བ་མཆེད་པའོ། །ཡང་དག་པར་སྦྱོར་བ་ནི་མཚམས་ཀྱི་སྣང་བ་དང་འདྲ་བ་ཐོབ་པའོ། །དེ་ཡོངས་སུ་གྱུར་པ་ལས་


DTG032_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་སྐྱེས་པའི་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་སྟེ། འདུས་པའོ་ཞེས་ཀུན་རྫོབ་ཀྱི་བདེན་པ་རྟོགས་པའི་མཚན་ཉིད་ཅན་བདག་བྱིན་གྱིས་རློབ་པའི་རིམ་པ་བསྟན་ཏོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་ཏུ་འདུས་པ་ནི་ཞེས་པ་ལ་ཉེ་བར་མཚོན་པ་འདི་ཡིན་པས་ཡོང་བ་དང་མེད་པ་དང༌། དངོས་པོ་དང་དངོས་པོ་མེད་པ་དང༌། རྣམ་པ་དང༌། རྣམ་པ་མེད་པ་དང༌། རྟག་པ་དང༌། ཆད་པ་དང༌། གཅིག་པུ་དང༌། དུ་མ་དང༌། ཐབས་དང་ཤེས་རབ་ལ་སོགས་པ་གཉིས་པོ་གཅིག་ཏུ་འདུས་པའི་རང་བཞིན་ནོ། །གསལ་བ་ཞེས་པ་ནི་འོད་གསལ་བ་སྟེ་རིམ་པ་བཞི་པས་ཐོབ་པར་བྱ་བ་དེ་ཁོ་ཉིད་དོ། །དེ་ལས་བྱུང་བ་ནི་ཞེས་པ་ལ་མྱུར་བའི་རྣམ་པས་སོ་ཞེས་ཚིག་གི་ལྷག་མའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་བར་དུ་སྟེ་ཞེས་པ་ལ། ཟུང་དུ་འཇུག་པའི་རིམ་པར་ཐོབ་པར་བྱ་བ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་མཚན་ཉིད་ཡེ་ཤེས་སོ། །མཐར་ཐུག་པ་ནི་རིམ་པ་བཞི་པ་དང་ལྔ་པའི་རིམ་པས་སོ་སོར་བསྟན་པའི་ཕྱིར་རོ། །དེ་ལྟར་གསང་བ་འདུས་པའི་དོན་བཤད་པས་རིམ་པ་གཉིས་གསལ་བར་བསྟན་ཏོ། །གཅིག་ནས་གཅིག་ཏུ་བརྒྱུད་པའི་ཞེས་པ་ལ། རྡོ་རྗེ་འཆང་ཆེན་པོ་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་སོགས་པ་འབྲེལ་པ་དྲུག་གཙོར་གྱུར་པའོ། །སྦ་བར་བྱའོ་ཞེས་པ་ལ་བྱ་བ་དང་སྤྱོད་པའི་ཚུལ་ལ་གནས་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའོ། །དེ་རྣམས་ཀྱི་གཅིག་ཏུ་གྱུར་པའི་མཚན་ཉིད་ཅན་ནི་ཞེས་པ་ལ། རིགས་བརྒྱའི་དབྱེ་བ་ལ་བརྟེན་ཏེ་བསྡུས་པས་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོར་བསྡུས་པའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་འབྱུང་བ་ཞེས་པ་ནི་རིམ་པ་གཉིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་བརྡ་སྤྲོད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་རྡོ་རྗེ་འཆང་ཆེན་པོས་ལེགས་སོ་ལེགས་སོ་སྦྱིན་པ་སྔོན་དུ་འགྲོ་བ་རིན་པོ་ཆེ་ལྟ་བུ་དབང་པོ་རྣོ་བ་རྣམས་ཀྱང་སྤྱོད་ཡུལ་མ་ཡིན་ན། ཙནྡན་ལ་སོགས་པ་དབང་པོ་དམན་པ་རྣམས་ཀྱི་ག་ལས་འགྱུར་རོ་ཞེས་པས་དྲི་བ་ལ་ལན་མི་རྩོལ་ཞེས་བསྟན་ཏོ། །དེ་ལྷར་བྱ་བ་ནས་


DTG032_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་སྟོན་པ་ཡིན་ཏེ་ཞེས་པའི་བར་དུ་ནི་དབང་པོ་རྣོ་བ་དང་དམན་པ་དག་གིས་ཡུལ་མ་ཡིན་པ་ཉིད་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་མི་གསུང་བའི་ཕྱིར་ངོ་མཚར་དང་རྨད་དུ་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེ་ལྟ་བུའི་གང་ཟག་གི་ངོ་བོ་བདག་ཅག་རྣམས་འཁོར་འདི་ཡིན་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག་ཅེས་གསོལ་བ་བཏབ་པར་གྱུར་ཏོ་ཞེས་བསྟན་ཏོ། །དགོངས་པས་བཤད་པ་ནི་དེ་བཞིན་གཤེགས་པའི་སྒྲ་ནི་རིན་པོ་ཆེ་ལྟ་བུ་གང་ཟག་གི་རྣམ་གྲངས་དང་བྱང་ཆུབ་སེམས་དཔའི་སྒྲ་ཡང་ཙནྡན་ལ་སོགས་པ་རྗོད་པར་བྱེད་པ་ཡིན་པས་འགལ་བའི་ཚིག་གི་སྦྱོར་བ་དང༌། གསང་བ་འདུས་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །ད་ནི་སྣོད་དུ་རུང་བར་བྱ་བ་སྔོན་དུ་འགྲོ་བས་དཔལ་གསང་བ་འདུས་པ་རབ་ཏུ་སྟོན་ཅིག་ཅེས་སླར་ཡང་གསོལ་བ་གདབ་པར་བྱ་བའི་ཕྱིར་དམ་ཚིག་དང་སྡོམ་པ་ལ་སོགས་པ་གསུངས་ཏེ། དེ་ལ་དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །དེ་ལ་བསྲུང་བར་བྱ་བ་ནི་དེ་བཞིན་གཤེགས་པ་རིགས་ལྔའི་དམ་ཚིག་སྟེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་དང་སྲོག་གཅོད་པ་ལ་སོགས་པ་ལས་ལོག་པའོ། །རྫོགས་པའི་རིམ་པའི་ཕྱོགས་སུ་སྲོག་གཅོད་པ་ལ་སོགས་པ་ཁོ་ནའོ། །བཟའ་བར་བྱ་བ་ནི་བདུད་རྩི་དང་ལྕགས་ཀྱུ་ལ་སོགས་པ་མྱང་བར་བྱ་བ་ཁོ་ནའོ། །སོགས་པའི་སྒྲས་ནི་ཚད་མེད་པ་བཞི་བསྒོམ་པ་ལ་སོགས་པའོ། །རིགས་གསུམ་ཡོངས་སུ་གྱུར་པ་སྟེ་ཞེས་པ་ནི་དམ་ཚིག་ལ་སོགས་པ་བླངས་ནས་བསྐྱེད་པའི་རིམ་པ་ལས་ལུས་དང་ངག་དང་ཡིད་སྦྱང་བར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་གསུམ་གྱི་གཟུགས་སུ་བདག་ཉིད་ཡོངས་སུ་གྱུར་ནས་ལྷའི་ང་རྒྱལ་གྱིས་གནས་པའོ། །ཡི་གེའི་དོན་ནི་དམ་ཚིག་ལ་སོགས་པ་ཙམ་སོ་སོར་བསྟན་པས་སོ། །ཡི་གེ་གསུམ་སྟེ་ཞེས་པ་ནི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་བུའི་ལྷའི་སྐུའོ། །སྤྱིའི་དོན་ནི་བསྐྱེད་པའི་རིམ་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཡེ་ཤེས་གསུམ་ནི་རྣམ་པར་ཤེས་པ་གསུམ་གྱི་གཉེན་པོར་གྱུར་པའོ། །རང་བཞིན་གྱིས་སྣང་བ་རླུང་གི་བཞོན་པ་དང་ལྡན་པ་སྟེ། ཞེས་པ་སྟེ་འདོད་ཆགས་དང་བྲལ་བ་ལ་སོགས་པ་རང་བཞིན་གྱི་ཚོགས་


DTG032_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པ་གསུམ་པོ་ནི་མི་མཐུན་པའི་ཕྱོགས་སོ། །དེ་ལྟར་མི་མཐུན་པ་དང་གཉེན་པོའི་སྒོ་ནས་སེམས་རྣམ་པར་དག་པར་འགྱུར་རོ། །སྦས་པ་ནི་ཡེ་ཤེས་གསུམ་པོ་བརྟགས་པའི་མཚན་ཉིད་ཅན་གྱི་སེམས་རྣམ་པར་དག་པའི་རིམ་པ་སོ་སོར་བསྟན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་ཞེས་པ་ནི་ཡེ་ཤེས་ནི་བཞི་པའོ། །དེ་ལས་བྱུང་བའི་སྐུ་ནི་ཡེ་ཤེས་ཀྱི་སྐུའོ། །མཐར་ཐུག་པ་ནི་འོད་གསལ་བ་དང་ཟུང་དུ་འཇུག་པ་བསྟན་པས་སོ། །སྐུ་ལ་སོགས་པ་བཞུགས་པ་སྟེ་དེ་མཛད་པ་ཞེས་བྱ་བ་ནི་ལུས་ལ་སོགས་པ་སྣོད་དུ་རུང་བར་བྱ་བའི་ཕྱིར་པདྨའི་ནང་དུ་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བར་མཛད་ནས་སོ། །དེས་བསྐྱེད་པའི་ས་བོན་གྱི་ཡི་གེ་སྟེ། །ཞེས་པ་ནི་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པ་ཕྱུང་བའི་སྔགས་ཀྱི་ཡི་གེ་རྣམས་སོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་པར་མཛད་ནས་ཞེས་བྱ་བའི་བར་རོ། །སྤྱིའི་དོན་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པའི་དཀྱིལ་འཁོར་རྒྱལ་བ་མཆོག་བརྗོད་པར་འདོད་པའི་ཕྱིར་རོ། །དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་ཞེས་པ་ནི་གསང་བའི་རྡོ་རྗེ་དང་ཆུ་སྐྱེས་ཕྲད་པའོ། །རྡོ་རྗེའི་དམ་ཚིག་ཅེས་པ་ནི་རྡོ་རྗེ་དང་དམ་ཚིག་གོ །རྡོ་རྗེ་དང་དམ་ཚིག་སྟེ་ཟླས་དབྱེ་བའི་བསྡུ་བའི་དོན་གཅིག་པའོ། །ཡང་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པའམ་རྣལ་འབྱོར་བ་རྣམས་ཀྱིའོ། །དམ་ཚིག་ནི་དབང་པོ་གཉིས་སྙོམས་པར་ཞུགས་པ་ཁོ་ནའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཞེས་པ་ནི་སྙོམས་པར་ཞུགས་པའི་སྒྲས་ནམ་མཁའི་དབྱིངས་མ་ལུས་པ་ན་གནས་པའི་དེ་བཞིན་གཤེགས་པ་འཇུག་པས་ཡོངས་སུ་གྱུར་པའི་ཤུ་ཀྲའི་ཐིག་ལེ་རྣམས་སོ། །དབང་བསྐུར་བར་བྱ་བ་སྟེ་ཞེས་པ་ནི་ཆོས་འབྱུང་ནང་དུ་ཐིག་ལེ་རྣམས་ཀྱིས་གསང་བའི་དབང་བྱིན་ནས་སོ། །སྦས་པ་ནི་འདོད་ཆགས་ཀྱི་ཆོས་བསྟན་པས་སོ། །འོད་གསལ་བ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་བཞི་པའོ། །ཆེན་པོ་སྟོང་པ་ཞེས་བྱ་བ་ལ་སོགས་པས་ནི་ཆགས་པ་བར་མ་དང་ཆགས་པ་དང༌། ཆགས་པ་དང་བྲལ་བའོ། །དེས་བྱིན་གྱིས་རློབ་པ་ནི་ཆགས་པ་བར་པ་ལ་སོགས་པ་བཀག་ནས་སོ། །གདུལ་བྱའི་སྐྱེ་བོའི་རྒྱུད་ལ་ནི་འཁོར་གྱི་སེམས་


DTG032_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་རྣམས་སུའོ། །ལྷའི་སྐུ་རྣམ་པ་གཉིས་གསལ་བར་མཛད་ནས་ཞེས་པ་ནི་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དབྱེར་མེད་པར་བྱས་ནས་སོ། །མཐར་ཐུག་པ་ནི་འོད་གསལ་བ་ལ་འཇུག་པ་དང་ཟུང་དུ་འཇུག་པ་བསྟན་པའི་ཕྱིར་རོ། །དེ་ལྟར་གསོལ་བ་བཏབ་པ་དང༌། ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གནས་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་གསོལ་བ་བཏབ་པ་ཐོས་མ་ཐག་ཏུ་དེ་རྣམས་ལ་དབང་བསྐུར་བས་ཆོས་བསྟན་པ་ལ་དབང་བ་ཡིན་པས་དེ་དང་འབྲེལ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་དོ་ཞེས་བསྟན་ཏོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ལེགས་པར་སྦྱངས་པའི་ཡན་ལག་དང་ཉིང་ལག་དང་ལྡན་པའི་དམ་ཚིག་གི་ཕྱག་རྒྱ་པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་སྤྲུལ་པའི་དམ་ཚིག་གི་དཀྱིལ་འཁོར་རོ། །དེའི་སྤྲུལ་པ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་ཉིད་སྒྲོན་མ་ཡིན་པས་ན་ཞེས་སྨོས་ཏོ། །ཡེ་ཤེས་ནི་དཀྱིལ་འཁོར་སྤྲུལ་པའི་ཕྱིར་སེམས་རྩེ་གཅིག་པ་ཉིད་དོ། །སྒྲོན་མ་ནི་སྤྲུལ་པའི་དཀྱིལ་འཁོར་རབ་ཏུ་བསྟན་པས་སོ། །ཡི་གེའི་དོན་ནི་དེ་ཙམ་བར་དུ་བསྟན་པས་སོ། །སེམས་ཅན་རྣམས་ཀྱི་རྒྱུད་ལ་ཞེས་བྱ་བ་ལ་སོགས་པ་ནི་གདུལ་བྱའི་རྒྱུད་ལའོ། །ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱིས་རབ་ཏུ་སྣང་བ་མཛད་པས་ན་ཡེ་ཤེས་ཀྱི་སྒྲོན་མ་སྟེ་མི་བསྐྱོད་པའོ། །སྤྱིའི་དོན་ནི་མདོ་སྡེ་ལ་སོགས་པ་རྣམས་ཀྱི་འགྱོད་པ་བཟློག་པས་སོ། །རྣམ་པར་ཤེས་པ་གསུམ་གྱི་སྣང་བས་ཞེས་པ་ནི། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ངོ་བོ་ཡེ་ཤེས་གསུམ་རྣམ་པར་དག་པ་སེམས་ལ་དམིགས་པ་ཐོབ་པའོ། །ཕྱོགས་བཅུར་སྣང་བར་མཛད་པས་ཞེས་པ་ནི་གཏན་ཚིགས་སོ། །སྦས་པ་ནི་ཡེ་ཤེས་གསུམ་བརྟག་པའི་མཚན་ཉིད་ཅན་གྱི་དོན་ཡིན་པའི་ཕྱིར་རོ། །ཛྙཱ་ན་རྟོག་པའི་དོན་ཏོ། །ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཡོངས་སུ་ཤེས་པའི་མཚན་ཉིད་ནི་ཡེ་ཤེས་ཏེ་ཛྙཱའོ། །ན་ནི་དགག་པ་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཨ་མ་ནོ་ན་དགག་པའི་དོན་ཞེས་འབྱུང་བས་སོ། །དེ་གང་ཡིན་ཞེས་པ་ནི་འདོད་


DTG032_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལ་སོགས་པ་འགོག་པའི་མཚན་ཉིད་ཅན་འོད་གསལ་བའི་རྣམ་གྲངས་དེ་ཁོ་ན་ཉིད་བཞི་པ་གཟི་བརྗིད་མ་ལུས་པའི་ཟིལ་གྱིས་གནོན་པ་མི་ཕྱེད་པའི་ཏིང་ངེ་འཛིན་ཞེས་བསྟན་ཏོ། །མཐར་ཐུག་པ་ནི་མན་ངག་བཞི་པ་བརྗོད་པར་འདོད་པས་སོ། །རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་སུ་ཨུཏྤལ་སྔོན་པོའི་འདབ་མ་དང་འདྲ་བའི་ལོ་བཅུ་གཉིས་པ་སྨེ་ཤ་ཅན་གྱི་བུ་མོ་ཕྱག་རྒྱ་རྙེད་ནས་སྔོན་དུ་བཤད་པའི་རིམ་པས་དེའི་ཐ་མལ་པའི་ལུས་བསྲེགས་ཏེ། དེའི་རྣམ་པར་ཤེས་པ་ནི་འཁྱུད་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཆོས་འབྱུང་བའི་ནང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་ནག་པོ་དང་མཐིང་ག་དང་དཀར་བ་དང་དམར་པོ་སྟེ་ཞལ་གསུམ་པ། རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་གཡས་པ་དང་གཡོན་པའི་ཕྱག་ན་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་རེག་བྱ་རྡོ་རྗེ་མ་རྣམ་པར་སྤྲོས་ཏེ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ནས། དེ་ནས་ཀྱང་ཕྱི་རོལ་དུ་སྤྲོས་ཏེ་དེ་དང་ལྷན་ཅིག་ཏུ་རོ་གཅིག་པར་བྱས་ཏེ་སྤྱི་བོ་ལ་སོགས་པའི་གནས་ལྔ་ལ་རིགས་ལྔས་ཁྱབ་པར་བྱས་ཏེ་མིག་ལ་སོགས་པ་རྣམས་སུ་སའི་སྙིང་པོ་ལ་སོགས་པ་དང༌། སྙོམས་པར་ཞུགས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་ཚོགས་རྣམས་རྣམ་པར་བཀོད་ལ། སའི་ཁམས་ཀྱི་ངོ་བོ་ཡི་གེ་ལཾ་ཡོངས་སུ་གྱུར་པའི་སངས་རྒྱས་སྤྱན་ལས་སྐྱེས་པའི་དེའི་ནུ་མ་དང༌། ཡི་གེ་མཾ་ཆུའི་ཁམས་ཀྱི་ངོ་བོ་ཡོངས་སུ་གྱུར་པ་ལས་མཱ་མ་ཀཱི་དེའི་རང་བཞིན་ཆུ་དང༌། བཾ་གྱི་ས་བོན་ལས་མེའི་ཁམས་ཀྱི་ངོ་བོ་ཡོངས་སུ་གྱུར་པ་ལས་གོས་དཀར་མོའི་རང་བཞིན་དེའི་པདྨ་དང༌། ཡི་གེ་ཏཾ་ལས་རླུང་གི་ཁམས་ཀྱི་རང་བཞིན་སྒྲོལ་མ་ཡོངས་སུ་གྱུར་པའི་པདྨའི་ནང་དུ་ཁོང་སྟོང་བསམས་ལ། གསང་བ་ལ་སོགས་པའི་གནས་བཅུ་ལ་རྡོ་རྗེ་རོ་ལངས་མ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་བཙུན་མོ་བཅུ་རྣམ་པར་བཀོད་ལ་སྐུ་གསུང་ཐུགས་ཀྱང་བྱིན་གྱིས་བརླབ་པར་བྱ་སྟེ།


DTG032_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་པདྨ་ཡང་སྟོང་པ་ཉིད་བསྒོམ་པ་སྔོན་དུ་སོང་བ་ཡི་གེ་ཨ་ཡོངས་སུ་གྱུར་པའི་པདྨ་འདབ་མ་བརྒྱད་པའི་རྣམ་པར་བྱས་ལ། དེའི་ལྟེ་བ་ལ་ཨོཾ་གྱི་བྱིན་གྱིས་བརླབ་པར་བྱས་ལ། བདག་ཉིད་ཀྱི་གསང་བའི་རྡོ་རྗེ་ཡང་སྔ་མ་བཞིན་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱ་སྟེ། དེའི་ཆང་ཟུངས་ཡང་ཡི་གེ་ཨོཾ་གྱི་བྱིན་གྱིས་བརླབ་པར་བྱས་ལ། དང་པོ་རྗེས་སུ་ཆགས་པར་བྱ་བའི་ཕྱིར། དེའི་པདྨ་ལ་ཧཱུཾ་གིས་བྱིན་གྱིས་རློབ་པའི་མིག་དང་ལྕགས་ཀྱུ་དང་བ་དན་དང་སྡིགས་མཛུབ་གྱི་ཕྱག་རྒྱ་རྣམས་ལས་གང་ཡང་རུང་བ་བཅུག་ལ། གྲང་བ་མ་ཡིན་པའི་རེག་པའི་བར་དུ་བསྐྱེད་པར་བྱས་ལ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འབྱུང་བར་འགྱུར་བའི་ཚེ་འདོད་ཆགས་ཆེན་པོའི་དབང་གིས་རང་གི་མགྲིན་པ་ནས་བཟུང་སྟེ་རྣམ་པར་བསམས་ལ། དེ་དང་འཁྱུད་པ་དང་འོ་ལ་སོགས་པ་རྣམ་པ་བརྒྱད་དེའི་སྐད་འཇམ་པོ་དཀའ་བའི་རང་བཞིན་ཐོས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འདིས་ནི་རྡོ་རྗེ་དང་པདྨ་ཡང་དག་པར་བཙིར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བསྐྱོད་ཅིང༌། དམ་པ་དགའ་བའི་སྒྲས་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་བཀུག་ལ་ངག་གི་ལམ་དུ་འཇུག་པར་བྱས་ལ། རྩ་དབུ་མ་ནས་རྡོ་རྗེ་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཐིག་ལེར་བསམས་ཏེ། འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་མའི་རིམ་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་མྱོང་ནས་འཆད་པར་འགྱུར་བའི་བཛྲ་དྷྀ་ཀ་ཅེས་བྱ་བ་ལ་སོགས་པའི་ཕྱུང་བའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་སྤྲོ་བར་མཛད་དོ་ཞེས་དགོངས་སོ། །འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལས་སོ། །ཉོན་མོངས་བ་ལྔས་ཁྱབ་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ནས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་ཡོངས་སུ་ཁྱབ་པར་རྣམ་པར་གཟིགས་ནས་སོ། །ཉོན་མོངས་པའི་རང་བཞིན་ཡོངས་སུ་ཤེས་པ་ཞེས་པ་ནི་གཟོད་མ་ནས་མ་སྐྱེས་པའི་རང་བཞིན་དེ་ཁོ་ན་ཉིད་ཤེས་པའོ། །བྱང་ཆུབ་ཡིན་ལ་ནི་རྡོ་རྗེ་འཆང་ཉིད་དོ། །དེའི་ངོ་བོ་ཉིད་བདག་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཡོངས་


DTG032_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤེས་པའི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་བདག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གདུལ་བྱ་རྣམས་ཀྱིས་ཉོན་མོངས་པ་ཞེ་སྡང་རྣམ་པར་སྦྱང་བའི་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། དེའི་འབྲེལ་བ་དང་ལྡན་པའི་ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་རྣམ་པར་སྦྱང་བར་བྱ་བའི་ཕྱིར་ཞེས་པའི་ཐ་ཚིག་གོ །ཐུགས་རྗེ་ཆེན་པོའི་ཐབས་ནི་ཐུགས་རྗེ་ཆེན་པོའི་ཐབས་གང་ལ་ཡོད་པ་དེ་ནི་ཐབས་ཅན་ཏེ་ཁྲོ་བའོ། །གང་གི་ཕྱིར་བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོས་དྲག་པོའི་གཟུགས་མཛད་ཀྱིས་ཞེ་སྡང་གིས་ནི་མ་ཡིན་ནོ། །ཇི་སྐད་དུ། ཤིན་ཏུ་མ་རུངས་གདུག་པ་ལ། །ཞི་བ་ཉིད་དུ་མི་རིགས་སོ། །ཞེས་དཔལ་བདེ་མཆོག་ལས་འབྱུང་བས་སོ། །དེ་བས་ན་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ཁྱབ་པ་ཡང་གདུག་པ་འདུལ་བར་བྱ་བའི་ཕྱིར་ཕྱིའི་ཁྲོ་བོའི་གཟུགས་འཆང་པར་འགྱུར་རོ། །ཉི་མའི་འོད་ཀྱིས་བསྲོས་པའི་མཚོ་ཆེན་དང་མཚུངས་པ། །སྙིང་རྗེ་ཆེན་པོ་ཅན་རྣམས་ཁྲོ་བོའི་སྐུ་དང་ལྡན། །ནང་ནི་གངས་དང་འདྲ་སྟེ་བསིལ་བ་སྟེ། །འགྲོ་བ་འདུལ་ཞིང་ཕྱི་ཡི་ཁྲོ་བོར་སྣང༌། །ཞེས་འབྱུང་ངོ༌། །འདོད་པའི་འབྲས་བུ་བསྐྱེད་པས་ན། །ཞེས་པ་ནི་འདོད་པའི་འབྲས་བུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་བསྐྱེད་པ་ནི་ཐོབ་པར་བྱེད་པས་སོ། །སྔགས་ནི་དངོས་སུ་མི་བསྐྱེད་པ་བརྗོད་པར་བྱ་བ་ཡིན་ཞེས་སྟོན་པའོ། །བློ་ལ་གཞག་པ་ནི་སྡུད་པ་པོའི་བློ་ལ་གནས་པའོ། །སྙོམས་པར་ཞུགས་པ་ལས་ཞེས་པ་ནི་སྔར་བཤད་པའི་རེག་བྱ་རྡོ་རྗེ་མའི་པདྨ་དང་རྡོ་རྗེ་མཉམ་པར་སྦྱོར་བ་ལས་ཡང་དག་པར་འབྱིན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྒྲ་ཇི་བཞིན་པ་ནི་མི་བསྐྱོད་པ་སྤྲོ་བ་བརྗོད་པར་འདོད་པའི་ཕྱིར་རོ། །དཀྱིལ་འཁོར་ལ་སོགས་ཞེས་སོགས་པའི་སྒྲས་ཤེས་པར་བྱའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཡང་དག་པར་སྟོན་པའི་ཞེས་པ་ལ། འོག་གི་རྩེ་ལྔ་རྣམ་པར་ཤེས་པ་ལྔའི་ངོ་བོ་ཉིད་སྟེང་གི་རྩེ་ལྔ་པོ་ཡེ་ཤེས་ལྔའི་ངོ་བོ་དག་གིས་སྦྱངས་པའི་ཕྱིར་རྡོ་རྗེ་རྣམ་པར་དག་པའོ། །རྒྱུད་ཕྱི་མ་ལས་ཀྱང༌། སྤང་བྱ་ལྔ་དང་རིག་པ་ལྔ། །རྡོ་རྗེ་ཞེས་པར་བརྗོད་པའོ། །ཞེས་འབྱུང་བས་སོ། །དྲང་བའི་དོན་ནི་རྣམ་པར་དག་པ་དང་


DTG032_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཕྱག་མཚན་ཙམ་བསྟན་པས་སོ། །བདེ་བ་གཉིས་ཀྱི་བདག་ཉིད་ཅན། །ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དོ། །ངེས་པའི་དོན་ནི་འབྲས་བུར་གྱུར་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །དེས་ན་ནི་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་མཚན་ཉིད་ལྷའི་རྣལ་འབྱོར་གཉིས་བསྟན་ཏོ། །དེ་ལྟར་དཀྱིལ་འཁོར་པ་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །སྔར་བཤད་པའི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པས་རེག་བྱ་རྡོ་རྗེ་མའི་པདྨ་ནས་བྱུང་སྟེ། ཞེ་སྡང་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱངས་ཏེ། མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་བཞག་ནས་སླར་ཡང་གཤེགས་ཏེ། ཕྱོགས་བཅུ་ལ་གཟིགས་པ་སྔོན་དུ་འགྲོ་བ་རྡོ་རྗེ་འཆང་ཆེན་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་མར་ལ་མར་ཐིམ་པ་བཞིན་དུ་གྱུར་ནས་མི་བསྐྱོད་པ་ཁོ་ན་ཨི་ནྡྲ་ནཱི་ལ་དང་འདྲ་བའི་རྣམ་པ་ཞལ་གསུམ་པ་ཕྱག་དྲུག་པ་ཅུང་ཟད་མཆེ་བ་གཙིགས་པ། པདྨ་དང་ཉི་མའི་སྟེང་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་གསུམ་གྱི་ཉེ་བར་མཛེས་པ། རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་དྲིལ་བུ་དང་ཡིད་བཞིན་ནོར་བུ་དང༌། རལ་གྲི་འཛིན་པ། རྡོ་རྗེ་འཆང་ཆེན་པོའི་ཅོད་པན་ཅན་མདོག་ཁ་དོག་ལྔ་དང་ལྡན་པའི་འོད་ཟེར་གྱི་འཁོར་ལོ་སྤྲོ་བར་གྱུར་ཏོ། །དེ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན། །ཞེས་པ་ནི་ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་གྱི་སྐབས་སུ་ཟུང་དུ་འཇུག་པའི་བདག་ཉིད་ཡིན་པས་སོ། །གཅིག་ཏུ་གྱུར་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་དེའི་བདག་ཉིད་ཀྱིས་སོ། །སྔ་མ་བཞིན་ནོ་ཞེས་ཁ་དོག་གི་ཁྱད་པར་རོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་གཅིག་གི་ངོ་བོར་རབ་ཏུ་གནས་པར་བྱ་བའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཆུང་བ་ཞེས་པ་ནི་དང་པོ་སྦྱོར་བའི་ལྷག་མའི་ཏིང་ངེ་འཛིན་གྱི་ལྷག་མར་གྱུར་པ་ཕྱག་རྒྱ་སྦྱར་བ་དང་མི་བསྐྱོད་པའི་དཀྱིལ་འཁོར་གྱི་བདག་པོ་ཉིད་སྟོན་པར་བྱེད་དོ། །སྒྲ་ཇི་བཞིན་ཞེས་པ་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པ་དང་དང་པོའི་སྦྱོར་བ་སྟོན་པར་བྱེད་པས་སོ། །


DTG032_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་སྦྱོར་བའི་འོག་ཏུ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་རྒྱལ་བ་མཆོག་སྟོན་པར་བྱེད་དེ། སེམས་ཅན་རྨོངས་པ་རྣམས་རྣམ་པར་སྦྱོང་བར་བྱ་བའི་ཕྱིར་ཞེས་པ་ནི་གཏི་མུག་གི་རིགས་ཅན་གདུལ་བྱ་རྣམས་སྦྱང་བར་བྱ་བའི་ཕྱིར་རོ། །ཞི་བའི་ཚུལ་ནི་ཞི་བའི་ལས་ཀྱི་རབ་འབྱམས་ཀྱི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཡིན་ཞེས་མཚོན་པར་བྱེད་དོ། །རྒྱལ་བའི་ངང་ཚུལ་ཅན་ཞེས་པ་ནི་སོ་སོའི་སྐྱེ་བོའི་ས་ལ་གནས་པའི་སེམས་ཅན་རྣམས་ལས་རྒྱལ་བ་སྟེ་བདུད་དོ། །བདུད་ནི་ལྷའི་བུ་ལ་སོགས་པའི་བདུད་རྣམས་སོ། །དེ་དག་ལས་རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་རྒྱལ་བས་ནི་ཛི་ན་ཛི་ཀ་གོ །སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་སྟེ་བདེན་པ་བཞིའོ། །སྡུག་བསྔལ་ནི་ཤེས་པར་བྱ་བ་དང༌། ཀུན་འབྱུང་སྤང་བར་བྱ་བ་དང༌། ལམ་བསྒོམ་པར་བྱ་བ་དང༌། འགོག་པ་མངོན་དུ་བྱའོ། །སྡུག་བསྔལ་ཤེས་ཟིན་པ་དང༌། ཀུན་འབྱུང་སྤོང་པ་དང༌། ལམ་བསྒོམ་པ་དང༌། འགོག་པ་མངོན་དུ་བྱས་སོ་ཞེས་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་གྱིས་རྩིབས་བཅུ་གཉིས་པའོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་པའི་མཚན་ཉིད་ཆོས་ཀྱི་འཁོར་ལོ་ཡིན་ཞེས་ལ་འདོད་དོ། །དྲང་བའི་དོན་ནི་ཉན་ཐོས་དང་ཐེག་པ་ཆེན་པོའི་ལྟ་བ་ཙམ་བསྟན་པས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཞེས་པ་ནི་ཀུན་དུ་འོད་ཀྱི་སའི་སྐད་ཅིག་མ་དང་པོས་ཐོབ་བར་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་སོ། །ངེས་པའི་དོན་གྱི་བཞི་པ་དང་ལྔ་པའི་རིམ་པ་དག་སོ་སོར་བསྟན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་ཛི་ན་ཛི་ཀ་ཅེས་སྤྲོ་བའི་རྗེས་སུ་ཆོས་འབྱུང་བའི་ཕྱག་རྒྱ་ནས་ཕྱི་རོལ་དུ་བྱུང་སྟེ། གཏི་མུག་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་ནས་འོག་མིན་གྱི་གནས་སུ་བཞག་ནས་སླར་ཡང་གཤེགས་ཏེ། ཕྱོགས་བཅུར་གཟིགས་པ་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་ཀྱིས་ཤར་ཕྱོགས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་འཁོར་ལོའི་སྟེང་དུ་རྡོ་རྗེ་དཀྱིལ་མོ་ཀྲུང་དུ་བཞུགས་པ། འཁོར་ལོ་ལ་སོགས་པ་ཕྱག་མཚན་དྲུག་འཛིན་པ་སྐུ་མདོག་དཀར་པོ་རྣམ་པར་སྣང་མཛད་བཞུགས་སོ་ཞེས་བསྟན་ཏོ། །སྒྲ་ཇི་བཞིན་པ་ནི་སྔ་མ་བཞིན་ནོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་པ་ནི་བདེ་


DTG032_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོའི་རྒྱུ་མཐུན་པས་རིན་ཐང་མེད་པའི་ཕྱིར་རོ། །དེ་ལས་བྱུང་བ་ཞེས་པ་ནི་དམ་ཚིག་གི་དཀྱིལ་འཁོར་གྱི་ནང་དུ་སྤྲོས་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དྲང་བའི་དོན་ནི་བསྐྱེད་པའི་རིམ་པ་བརྗོད་པར་འདོད་པའི་ཕྱིར་རོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ་ཞེས་པ་ནི། འོད་གསལ་བའི་དེ་ཁོ་ན་ཉིད་དོ། །དེ་ལས་བྱུང་བས་ན་ཞེས་པ་ནི་བདག་བྱིན་གྱིས་རློབ་པ་དང་ཟུང་དུ་འཇུག་པའི་རིམ་པ་དག་བརྗོད་པར་འདོད་པའི་ཕྱིར་རོ། །ངེས་པའི་དོན་ནི་རྫོགས་པའི་རིམ་པ་སོ་སོར་བསྟན་པས་སོ། །བསམ་པ་ཐམས་ཅད་ཡོངས་སུ་ཞེས་བྱ་བ་ལ་སོགས་པས་རིན་ཆེན་འབྱུང་ལྡན་གྱི་དོན་དང་ལྡན་པའི་མཚན་སོ་སོར་བསྟན་ཏོ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་ཞེས་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་རྣམས་ལ་དབུལ་བ་ཉིད་བཅོམ་པའི་ཕྱིར་རོ། །དྲང་བའི་དོན་ནི་ལས་ཀྱི་རྒྱལ་བ་མཆོག་བརྗོད་པར་མཛད་པར་འདོད་པས་སོ། །ཡང་དག་པའི་མཐའི་རིན་པོ་ཆེ་ཞེས་པ་ནི་རིམ་པ་བཞི་པས་ཐོབ་པར་བྱ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་དོ། །ངེས་པའི་དོན་ནི་མངོན་པར་བྱང་ཆུབ་པའི་རིམ་པ། རྗོད་པར་བྱེད་པས་སོ། །ནམ་མཁའ་ལྟར་གོས་པ་མེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་ནི་སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཐ་དད་པ་རྣམས་གཅིག་ཏུ་ཡོངས་སུ་ཤེས་པའི་ཕྱིར་རོ། །ནོར་གྱིས་དྲེགས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་ནོར་མང་པའི་ཕྱིར་ང་རྒྱལ་གང་ལ་ཡོད་པ་དེ་རྣམས་ལ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས་རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པའི་སྒོ་ནས་དྲེགས་པ་བཅག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་བཞུགས་ཞེས་པ་ནི་སྔ་མ་བཞིན་དུ་རྡོ་རྗེ་དང་པདྨའི་ཏིང་ངེ་འཛིན་ལས་ཕྱུང་སྟེ། དེ་ནས་ཡང་ཕྱི་རོལ་དུ་གཤེགས་ཏེ། ང་རྒྱལ་ཅན་གྱི་སེམས་ཅན་གྱི་ཁམས་སྦྱངས་ཏེ་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་ལ་རབ་ཏུ་གནས་པར་བྱས་ནས་སླར་ཡང་གཤེགས་ཏེ། ཞལ་གསུམ་པ་ཕྱག་དྲུག་པ་རིན་པོ་ཆེ་ལ་སོགས་པའི་ཕྱག་མཚན་འཛིན་པ་སྐུ་མདོག་སེར་པོ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་སྣ་ཚོགས་པདྨ་དང་ཟླ་བ་


DTG032_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིན་པོ་ཆེའི་གདན་ལ་བཞུགས་ནས་སོ། །སྒྲ་ཇི་བཞིན་པ་ནི་སྔ་མ་བཞིན་ནོ། །འདོད་ཆགས་ཀྱི་འདོད་ཆགས་རབ་ཏུ་སྤང་བའི་དོན་དུ་ཞེས་པ་ནི་འདོད་ཆགས་ནི་དེ་ཁོ་ན་ཉིད་ལ་ཆགས་པའོ། །ཡང་འདོད་ཆགས་ནི་ཉོན་མོངས་པ་ཉིད་དོ། །དོན་དེས་སྤོང་བ་སྟེ་གསལ་བའོ། །མཆོག་ཏུ་དགའ་བ་ནི་འདོད་ཆགས་ཆེན་པོ་འོད་གསལ་བ་ཆེན་པོའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཡིན་ལ་ཞེས་པ་ནི་ཀུན་རྫོབ་པའི་རྫས་ཀྱི་ཚུལ་ཅན་ཤུ་ཀྲའོ། །དེ་ལས་བྱུང་བ་ནི་དམ་ཚིག་གི་དཀྱིལ་འཁོར་གྱི་རིམ་པས་རྫོགས་ཞེས་པའི་བར་དུའོ། །དྲང་བའི་དོན་ནི་དཀྱིལ་འཁོར་རྒྱལ་བ་མཆོག་བརྗོད་པར་འདོད་པའི་ཕྱིར་རོ། །འོད་གསལ་བ་སྟེ་ཞེས་པ་ནི་མངོན་པར་བྱང་ཆུབ་པའོ། །དེ་ལས་བྱུང་བ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དེ་ལས་བྱུང་བའི་ཕྱིར་རོ། །ངེས་པའི་དོན་ནི་ཡང་དག་པའི་དོན་བསྟན་པས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ལ་ཀུན་དུ་ཆགས་པ་ཞེས་པ་ནི་སྣང་བ་མཐའ་ཡས་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །རོ་ནི་འཁོར་བའོ་ཞེས་པ་ནི་རོའི་སྒྲའི་དོན་ཏོ་ཞེས་འབྱུང་བས་སྒྲའི་རྣམ་པར་རྟོག་པའི་ངོ་བོ་ནི་འཁོར་བ་ཡིན་པས་སོ། །ལྀ་ཀ་ཅེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འཁོར་བ་ལས་འདས་པའི་ཕྱིར་རོ། །དྲང་བའི་དོན་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་ལམ་རྗོད་པར་བྱེད་པའི་ཕྱིར་རོ། །རོ་ཞེས་པ་ནི་ཡེ་ཤེས་གསུམ་སྟེ། ར་ཨ་ཨོའོ། །དེ་ལ་ར་ནི་ཆགས་པ་སྟེ་སྣང་བ་མཆེད་པའོ། །ཨ་ནི་འདོད་ཆགས་དང་བྲལ་བ་སྟེ་སྣང་བའོ། །ཨོ་ནི་འདོད་ཆགས་པ་རབ་སྟེ་སྣང་བ་ཐོབ་པའོ། །གཅིག་ཏུ་བསྡུས་པ་ལས་སྣང་བ་མཆེད་པ་ལ་སོགས་པ་ཡེ་ཤེས་གསུམ་བཤད་དོ། །དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་གསུམ་ལ་ཉེ་བར་དམིགས་ཏེ་སླར་ཡང་འོད་གསལ་བ་ལ་འཇུག་པར་བྱའོ། །ངེས་པའི་དོན་ནི་ཡང་དག་པའི་དོན་བསྟན་པས་སོ། །དོན་ཡོད་པར་གྲུབ་པ་ཞེས་པ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སེམས་ཅན་གྱི་དོན་ཁོ་ན་དམ་ཚིག་གོ །དྲང་བའི་དོན་ནི་སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ལས་ཀྱི་རྒྱལ་བ་མཆོག་བརྗོད་པར་འདོད་པའི་ཕྱིར་རོ། །འོད་གསལ་བ་ནི་བཞི་པའོ། །མཚན་མ་མེད་པའི་འབྲས་བུ་སྟེར་བ་ཞེས་


DTG032_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ལྷུན་གྱིས་གྲུབ་པ་ཉིད་ཀྱིས་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཀྱི་འབྲས་བུ་མངོན་པར་འབྱུང་བའི་ཕྱིར་རོ། །ངེས་པའི་དོན་ནི་ཡང་དག་པའི་དོན་སྟོན་པས་སོ། །ཉོན་མོངས་པ་དམ་ཚིག་ཉམས་པ་ཞེས་བྱ་བ་ལ་སོགས་པ་ལ་ཕྲག་དོག་ཅན་རྣམས་ཀྱི་དམ་ཚིག་ཉམས་པ་ནི་སླར་ཡང་དོན་ཡོད་པར་གྲུབ་པའི་བསྒོམ་པས་བཟློག་པའི་ཕྱིར་རོ། །སོགས་པའི་སྒྲས་མཆོད་པ་ཆགས་པ་ལ་སོགས་པ་གཟུང་ངོ༌། །དྲང་བའི་དོན་ནི་སྔ་མ་བཞིན་དུ་བསྐྱེད་པའི་རིམ་པའི་བསྒོམ་པ་བརྗོད་པར་འདོད་པས་སོ། །ཁམས་ཕྲ་བ་སྟེ་ཞེས་ཤེས་པ་ནི་འོད་གསལ་བའོ། །དེས་ཤེས་པ་ནི་རྒྱུའི་གསུམ་པ་སྟེ། དེས་ཐབས་ཀྱི་ཡེ་ཤེས་དགུག་པ་ནི་སྣང་བ་མཆེད་པའི་ཡེ་ཤེས་བསྐྱེད་ནས། དེའི་རྗེས་སུ་མཆོག་ཏུ་དགའ་བ་ནི་བདེ་བ་ཆེན་པོ་བསྐྱེད་ལ་ཡོངས་སུ་སྦྱང་བའི་རིགས་ནི་འདོད་ཆགས་ལ་སོགས་པ་རང་བཞིན་ཐམས་ཅད་སྦྱོང་བར་བྱེད་པའི་རིགས་ཞེས་བྱ་བའི་བར་རོ། །ངེས་པའི་དོན་ནི་རིམ་པ་གཉིས་པ་བསྟན་པས་སོ། །རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་ཤེས་རབ་སྟེ་ཞེས་པ་ལ་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྣམ་པར་རྟོག་པ་བླ་ན་མེད་པའི་བློ་སྟེ་ཤེས་རབ་བོ། །དྲང་བའི་དོན་ནི་བསྒོམ་པའི་ཤེས་རབ་ཀྱིས་རང་བཞིན་ཡིན་པས་སོ། །ཟླ་བ་ལྟར་སྣང་བ་སྟེ་ཞེས་པ་ནི་སྣང་བའི་ཡེ་ཤེས་སོ། །དེ་ཡང་ཉེ་བར་མཚོན་པ་ཡིན་ཏེ། ཉི་མའི་སྣང་བ་དང་མཚམས་ཀྱི་སྣང་བའོ། །ཁམས་ཕྲ་བར་འཛིན་པར་མཛད་པས་ན། །ཞེས་པ་ལ། འོད་གསལ་བ་ལ་འཇུག་པར་བྱེད་དོ། །ངེས་པའི་དོན་ནི་སེམས་རྣམ་པར་དག་པ་བརྗོད་པར་འདོད་པའི་ཕྱིར་རོ། །བྱང་ཕྱོགས་སུ་བཞུགས་སོ་ཞེས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཞེ་སྡང་ཞེས་བྱ་བ་ལ་སོགས་པས་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་རྣམ་པར་དག་པའི་ངོ་བོ་དེ་བཞིན་གཤེགས་པ་ལྔ་ཡིན་ཞེས་ཉེ་བར་སྡུད་པ་བསྟན་ཏོ། །གདུལ་བྱ་རྣམས་ཀྱི་ཐར་པའི་མངོན་པར་འདོད་པ་ཞེས་བྱ་བ་ལ་སོགས་པས་འདོད་པ་དང་ཐར་པ་དག་གི་ལམ་དང་འབྲས་བུའི་བྱེ་བྲག་བསྟན་ཏོ། །དྲང་བའི་དོན་ནི་བསྐྱེད་པའི་རིམ་པའི་བསྟན་པས་སོ། །འདོད་པ་ལ་ཉེ་བར་ལོངས་སྤྱོད་པས་ཐར་པ་རབ་ཏུ་ཐོབ་པའམ་ཞེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་ཡིན་པའི་སྒོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་


DTG032_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་འདོད་པ་དང་ཐར་པ་དག་ནི་ཅིག་ཅར་དུ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་ཏོ། །སྒྲ་ཇི་བཞིན་པ་ནི་སྤྱོད་པ་བརྗོད་པར་འདོད་པས་སོ། །བཤད་པའི་རྒྱུད་ལས་ཤེས་པ་ལ། དགོངས་པ་ལུང་བསྟན་པའི་བཤད་པའི་རྒྱུད་ལས་སོ། །ཕུང་པོ་འདི་དག་སངས་རྒྱས་ཏེ། །ཞེས་པ་ལ་ཕུང་པོ་ཁོ་ན་སངས་རྒྱས་ཉིད་ཡིན་ཏེ་དམ་བཅའ་བའོ། །རྫོགས་པའི་བྱང་ཆུབ་རྐྱེན་དུ་འབྱུང༌། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་བསྒྲུབ་པར་བྱ་བའི་ཕྱིར་ཕ་དང་མའི་བདེ་བ་དང་ཡིད་བདེ་བའི་མཚན་ཉིད་བདེ་བ་ཆེན་པོའི་རྒྱུ་མཐུན་པ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་འབྱུང་བ་ནི་ཡང་དག་པར་སྐྱེས་པའོ། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །ཞེས་པ་ནི་འོད་གསལ་བ་ལས་འབྱུང་བའི་ཕྱིར་རོ། །དེ་ཡང་དེ་བཞིན་གཤེགས་ཞེས་བྱ། །ཞེས་པ་ལ་རང་བཞིན་གྱིས་གྲུབ་པའི་དེ་བཞིན་གཤེགས་པའི་རྐྱེན་ལས་བྱུང་བ་ཁོ་ནའོ། །དེ་བས་ན་ཕུང་པོ་ལྔ་རྣམ་པར་དག་པའི་ངོ་བོ་དེ་བཞིན་གཤེགས་པ་ལྔ་ཡིན་ཞེས་གསུངས་ཏེ་དགོངས་པའོ། །ངེས་པའི་དོན་ནི་འོད་གསལ་བ་ཙམ་བསྟན་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་ཕྱིར་རོ་ཞེས་པ་ནི་མཆོག་ཏུ་དགའ་བའི་བདེ་བ་མྱོང་བའི་ཕྱིར་རོ། །རྡོ་རྗེ་འཛིན་རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་ནི་མཱ་མ་ཀཱིའོ་ཞེས་པ་ལ། ཐུགས་ཀྱི་རྡོ་རྗེ་འཛིན་པའི་ཡིད་དུ་འོང་བའི་ལྷ་མོ་ཡིན་ཞེས་བྱ་བའི་དོན་ཏོ། །སྒྲ་ཇི་བཞིན་པ་ནི་ཏིང་ངེ་འཛིན་ཙམ་བསྟན་པས་སོ། །དྲང་བའི་དོན་ནི་ཐུགས་ཀྱི་རྡོ་རྗེའི་བཙུན་མོ་བསྟན་པ་ཙམ་གྱིས་སོ། །ངེས་པའི་དོན་ནི། དེ་རྣམ་པར་དག་པའི་རང་བཞིན་ལྷ་མོ་བསྟན་པས་སོ། །མཱ་མ་ཀཱིའི་གཟུགས་སུ་གྱུར་ནས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་མཱ་མ་ཀཱིའི་གཟུགས་སུ་བདག་ཉིད་སྤྲུལ་པ་ཡིན་གྱི་སྐྱེས་པ་དང་བུད་མེད་ཀྱི་དབྱེ་བ་དེ་ལ་གང་ཡང་མེད་དེ། སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ལ་གང་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །གདུལ་བྱ་རྣམས་འཇུག་པའི་ཕྱིར་སངས་རྒྱས་ཀྱི་རོལ་སྟོན་སྣ་ཚོགས་ཡིན་ཏེ་སྦྲུལ་པ་བཞིན་ནོ། །ཤར་ཕྱོགས་ཀྱི་གྲར་ཞེས་བྱ་བ་ལ་སོགས་པས་མེའི་མཚམས་སུ་ཉེ་བར་བཞུགས་སོ། །དེ་བཞིན་ཐམས་ཅད་དུ་ཤེས་པར་བྱའོ། །རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གོང་དུ་བྱུང་བའི་ཕྱིར་རོ། །སྒྲ་ཇི་བཞིན་པས་ནི་


DTG032_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྤྱན་གྱི་གཟུགས་ཙམ་བསྟན་པས་སོ། །དྲང་བའི་དོན་ནི་རྣམ་པར་སྣང་མཛད་ལ་རྗེས་སུ་ཆགས་པའི་ལྷ་མོ་བསྟན་པས་སོ། །ངེས་པའི་དོན་ནི་དེ་རྣམ་པར་དག་པ་བསྟན་པའི་ཕྱིར་རོ། །འདོད་ཆགས་འཛིན་པ་ནི་འོད་དཔག་ཏུ་མེད་པ་ཞེས་པ་ནི་འདོད་ཆགས་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གོས་དཀར་མོ་སྟེ་ཞེས་པ་ལ། གསུངས་རྡོ་རྗེའི་བཙུན་མོའོ། །དྲང་བའི་དོན་ནི་གོས་དཀར་མོའི་གཟུགས་བསྟན་པས་སོ། །ངེས་པའི་དོན་ནི་རྣམ་པར་དག་པ་བསྟན་པས་སོ། །སྒྲ་ཇི་བཞིན་པ་ནི་ཞེས་པ་ནི་སྔ་མ་བཞིན་ནོ། །མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ། ཆོས་སྒྲ་སྒྲོགས་པ་རྣམ་པ་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ་ཞེས་པ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བ་ཡིན་ནོ་ཞེས་སོ། །གཞན་དག་ལ་རབ་ཏུ་སྟོན་པ་ན་གདུལ་བྱ་རྣམས་ལ་བསྟན་པའོ། །ཡི་གེའི་དོན་ནི་ཆོས་བསྟན་པ་ཙམ་ཡིན་པས་སོ། །ཆོས་ཐམས་ཅད་སྟོང་པའོ་ཞེས་པ་ནི་རྣམ་པར་ཐར་པའི་སྒོ་ནས་ཞེས་ཚིག་གི་ལྷག་མའོ། །སྤྱིའི་དོན་ནི། མདོ་སྡེ་པ་ལ་སོགས་པའི་འགྱོད་པ་བཟློག་པས་སོ། །སྣང་བ་གསུམ་གྱི་ངོ་བོ་ཉིད་ཅེས་པ་ནི་སྣང་བ་ལ་སོགས་པའི་རང་བཞིན་ནོ། །ཁམས་ཕྲ་བ་ནི་འོད་གསལ་བའོ། །སྐད་ཅིག་རེ་རེ་ཞིང་ཞེས་པ་ལ། །སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་མིག་བཙུམས་དང་ཐལ་མོ་བརྡེབས་པ་ལ་སོགས་པའོ། །རྗེས་སུ་མྱོང་བ་ལ་སོགས་པས་འདོད་ཆགས་དང་བྲལ་བ་ལ་སོགས་པས་རང་བཞིན་གྱི་ཚོགས་བརྒྱ་དྲུག་ཅུ་དེའི་བདག་ཉིད་ཀྱིས་ཉམས་སུ་མྱོང་ནས་སླར་ཡང་འོད་གསལ་བ་ཉིད་དུ་འཇུག་པར་བྱ་ཞེས་བསྟན་ཏོ། །ཇི་སྐད་དུ། ཆུ་འཛིན་དུ་མ་སྣ་ཚོགས་པ། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་ལས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་འགྱུར་བཞིན། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་འཇུག་ནས་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་འབྱུང་ངོ༌། །སྦས་པ་ནི་ཡེ་ཤེས་གསུམ་རྣམ་པར་སྤྱོད་པས་སོ། །རིལ་པོར་འཛིན་པ་དང་


DTG032_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་གཞིག་པའི་རིམ་གྱིས་ཞེས་པ་ནི་རེ་ཞིག་དང་པོ་རྣལ་འབྱོར་བས་ལྟེ་བར་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་འོད་འབར་བའི་ཡི་གེ་རཾ་ལ་བལྟས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱི་སྤྱི་བོ་ནས་རྐང་པའི་བར་དུ་བསྲེག་པར་བྱ་སྟེ། འོད་གསལ་བའི་རང་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་རིལ་པོར་འཛིན་པ་ཞེས་བྱ་བ་ཏིང་ངེ་འཛིན་ཏོ། །འོད་ཟེར་གྱི་ཚོགས་དེ་ཉིད་ཀྱིས་བརྟན་པ་དང་གཡོ་བའི་འཇིག་རྟེན་གྱི་ཁམས་དང་པོ་སྣང་བ་མེད་པར་བྱས་ལ། ཕྱིས་བདག་ཉིད་ཀྱང་དེ་བཞིན་དུ་བྱ་བ་གང་ཡིན་པ་དེ་ཉིད་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏོ། །དེ་དག་གིས་སྣང་བ་མེད་པར་བྱས་པ་ནི་འོད་གསལ་བར་བྱེད་པའོ། །མཐར་ཐུག་པ་དེ་ཁོ་ན་ཉིད་བཞི་པ་བསྟན་པས་སོ། །དོན་ཡོད་པར་གྲུབ་པ་ཞེས་བྱ་བ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཅན་ནོ། །དམ་ཚིག་སྒྲོལ་མ་ནི་དམ་ཚིག་གི་རིགས་ལས་འབྱུང་བའི་ཕྱིར་རོ། །དེའི་རྣམ་པར་ཐུགས་རྩེ་གཅིག་པ་ཞེས་པ་ནི་སྒྲོལ་མའི་བསྐྱེད་པའི་རིམ་པའི་མཚན་ཉིད་ཅན་ནོ། །སྒྲ་ཇི་བཞིན་པ་ནི་བསྐྱེད་པའི་རིམ་པ་ཙམ་བསྟན་པའི་ཕྱིར་རོ། །དོན་ཡོད་པར་གྲུབ་པ་ཞེས་བྱ་བ་ལ། དམ་ཚིག་ཉམས་པ་ལ་སོགས་པའི་སྐྱོན་བཟློག་པའི་དོན་དུ་རྩོལ་བ་བསྟན་པའི་ཕྱིར་རོ། །དྲང་བའི་དོན་ནི་བསྐྱེད་པའི་རིམ་པ་ཙམ་འདོད་པས་སོ། །རྡོ་རྗེ་ཡེ་ཤེས་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །ངེས་པའི་དོན་ནི་རྣམ་པར་དག་པའི་ངོ་བོ་ཉིད་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །སྒྲ་ཇི་བཞིན་པ་ནི་སྔ་མ་བཞིན་ནོ། །ལྷ་མོ་བཞི་པོའི་དེ་དག་ལྷན་ཅིག་སྤྱོད་པ་སྟེ། དེ་བཞིན་གཤེགས་པ་རྣམས་སྙོམས་པར་ཞུགས་པར་མངོན་པར་འདོད་པའོ། །དེ་རྣམས་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ལ་དེ་དང་ཡང་དག་པར་སྦྱོར་བས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་རོ། །འདོད་པའི་དབང་ཕྱུག་ཡིན་པས་ཞེས་པ་ནི་འཁྱུད་པ་དང་འོ་བྱས་པ་དང་འཇིབ་པ་ལ་སོགས་པའི་མཚན་ཉིད་ཅན་ལོངས་སྤྱོད་པའི་མཆོག་གི་ཁྱད་པར་རྒྱུ་ཡིན་པས། བཙུན་མོ་མཆོག་གི་ཕུན་སུམ་ཚོགས་པའི་སྒྲས་སྤྱན་ལ་སོགས་པའི་རིགས་ཀྱི་ཡུམ་བཤད་དོ། །སྒྲ་ཇི་བཞིན་པ་ནི་ལྷ་མོ་ཉེ་བར་སྡུད་པའི་དོན་ཙམ་


DTG032_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་བསྟན་པས་སོ། །རྣམ་པར་སྣང་མཛད་ཉིད་ཀྱིས་དབང་བསྐུར་བའི་རྡོ་རྗེ་ཞེས་པ་ནི་འཕགས་པ་གཤིན་རྗེ་གཤེད་པོ་དཔལ་རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་བསྐྱེད་པ་གང་ཡིན་པ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་རྣམས་སྲུང་བའི་འཁོར་ལོ་ཡིན་པའི་ཕྱིར་རོ། །སྒྲ་ཇི་བཞིན་པ་ནི་བསྐྱེད་པའི་རིམ་པ་ཙམ་བརྗོད་པས་སོ། །དམྱལ་བ་ཞེས་པ་ནི་ཡི་དགས་ཀྱི་ལྷག་པར་བདག་པོའོ། །ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཞེས་པ་ནི་ཐབས་ལ་མཁས་པ་དང་ལྡན་པའི་ཁྲོ་བོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བའི་བར་རོ། །དྲང་བའི་དོན་ནི་ཁྲོ་བོའི་རྣམ་པ་བརྗོད་པར་འདོད་པའི་ཕྱིར་རོ།། རྨོངས་པའི་མུན་པ་སྟེ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་དོ། །མ་རིག་པ་ནི་དེའི་ཁྱད་པར་རོ། །དོན་དམ་པའི་བདེན་པ་ཤེས་པ་ནི་ཕྱག་རྒྱ་དང་སྔགས་ཀྱིས་ཐོབ་པར་བྱ་བའི་སེམས་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་འོད་གསལ་བས་སོ། །དེས་པའི་དོན་ནི་སེམས་རྣམ་པར་དག་པ་ཉིད་བསྟན་པས་སོ། །སྒྲ་ཇི་བཞིན་པ་ནི་སྔ་མ་བཞིན་ནོ། །རིན་ཆེན་འབྱུང་ལྡན་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་ན་ཆོས་ཀྱི་རྒྱལ་སྲིད་ཀྱི་བདག་པོའི་མཚན་ཉིད་ཀྱིས་མངོན་པར་བྱང་ཆུབ་ཐོབ་པའི་ཕྱིར་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་རོ། །དེའི་ཅོད་པན་དུ་རྡོ་རྗེ་གང་ལ་ཡོད་པ་ཞེས་པ་ནི་འཕགས་པ་གཞན་གྱིས་མི་ཐུབ་པ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་ཡིན་པའི་ཕྱིར་རོ། །དྲང་བའི་དོན་ནི་ཤེས་རབ་མཐར་བྱེད་ཀྱི་བསྐྱེད་པའི་རིམ་པ་ཙམ་བསྟན་པའི་ཕྱིར་རོ། །འོད་གསལ་བ་ཞེས་པ་ནི་རིམ་པ་གཉིས་པས་ཐོབ་པར་བྱ་བ་དེ་ཁོ་ན་ཉིད་དོ། །ངེས་པའི་དོན་ནི་རྫོགས་པའི་རིམ་པ་བརྗོད་པས་སོ། །ཤེས་རབ་ཀྱིས་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་མཚན་ཉིད་ཀྱི་བློས་སོ། །ཉོན་མོངས་པ་ཞེས་པ་ནི་ཁམས་གསུམ་ལ་གནས་པའི་འདོད་ཆགས་ལ་སོགས་པའོ། །དེ་ལ་མདོར་བསྡུས་པ་ནི་འདིར་བདེན་པ་བཞི་པོ་ལ་བརྟེན་ཏེ། ཉོན་མོངས་པ་སྤོང་བར་བྱེད་པ་ཡིན་ཏེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་བརྟེན་ཏེ། མཐོང་བའི་ལམ་གྱི་ཉོན་མོངས་པ་བཅུ་སྤོང་བ་ཡིན་ཏེ། འདི་ལྟ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཐེ་ཚོམ་དང་ལྔའོ། །ལྟ་བ་ཡང་རྣམ་པ་ལྔ་ཡིན་ཏེ། འཇིག་ཚོགས་ཀྱི་ལྟ་བ་དང༌། མཐར་


DTG032_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བའོ། །ཀུན་འབྱུང་གི་བདེན་པ་ལ་བརྟེན་པ་བདུན་སྤང་བར་བྱ་སྟེ། འཇིག་ཚོགས་ཀྱི་ལྟ་བ་དང༌། མཐར་འཛིན་པའི་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་མ་གཏོགས་པས་སོ། །འགོག་པའི་བདེན་པ་ལ་བརྟེན་ཏེ་བདུན་པོ་དེ་ཉིད་དོ། །ལམ་གྱི་བདེན་པ་ལ་བརྟེན་ཏེ་མཐོང་བའི་ལམ་གྱིས་སྔར་བཤད་པའི་ཉོན་མོངས་པ་བདུན་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ་སྤང་བར་བྱ་བའོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པའོ། །དེ་ལྟར་འདོད་པའི་ཁམས་སུམ་ཅུ་རྩ་དྲུག་ཉོན་མོངས་པ་སྤང་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཁོང་ཁྲོ་བཅུ་མ་གཏོགས་པར་དགུ་བཅུ་རྩ་བརྒྱད་དུ་འགྱུར་རོ། །གཅིག་ཏུ་བསྡུས་ཏེ། མཐོང་བའི་ལམ་གྱིས་བརྒྱད་ཅུ་རྩ་བརྒྱད་སྤང་བ་དང༌། བཅུ་ནི་བསྒོམ་པའི་ལམ་གྱིས་སྤང་བར་བྱའོ། །གང་ཡང་ཉོན་མོངས་པའི་ཆོས་གཞན་རྣམས་འདུ་བྱེད་ཀྱི་ཕུང་པོར་འདུས་པ་དེ་དག་ཉེ་བའི་ཉོན་མོངས་པ་ཁོ་ན་ཡིན་ཏེ། དེ་དག་གང་ཞེ་ན། སྒྱུ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། འཚིག་པ་དང༌། ཁོ་ན་འཛིན་པ་དང༌། གཡོ་ལ་སོགས་པ་རྣམ་པ་དུ་མའོ། །བཅུ་ནི་ཀུན་དུ་སྦྱོར་བ་སྟེ། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། རྒྱགས་པ་དང་། འགྱོད་པ་དང༌། གཉིད་དང༌། རྨུགས་པ་དང༌། ཁྲོ་བོ་དང༌། འཆབ་པ་དང༌། བཅུའོ། །ཉོན་མོངས་པ་དེ་དག་ནི་ཟག་པའི་སྒྲས་བཤད་པའོ། །དེ་ལ་ཟག་པ་གསུམ་དུ་འགྱུར་ཏེ། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པའོ། །དེ་ལ་འདོད་པའི་ཁམས་སུ་སོང་བའི་ཉོན་མོངས་པ་ནི་མ་རིག་པ་རྣམ་པ་ལྔ་མ་གཏོགས་པར་རྫས་སུམ་ཅུ་རྩ་གཅིག་གི་ངོ་བོ་ནི་འདོད་པའི་ཟག་པའོ། །དེ་བཞིན་དུ་ཡང་གཟུགས་དང་གཟུགས་མེད་པ་ན་གནས་པའི་ཉོན་མོངས་པ་ནི་མ་རིག་པ་རྣམ་པ་བཅུ་མ་གཏོགས་པར་རྫས་ལྔ་བཅུ་རྩ་གཉིས་ཀྱི་


DTG032_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་སྲིད་པའི་ཟག་པའོ། །ཁམས་གསུམ་པའི་མ་རིག་པ་ནི་རྫས་བཅོ་ལྔའི་བདག་ཉིད་ཅན་ནི་མ་རིག་པའི་ཟག་པའོ། །དམིགས་པ་དང་ཡང་དག་པར་སྦྱོར་བ་དག་ནི་རྗེས་སུ་འགྲོ་བས་ན་ཉོན་མོངས་པའོ། །སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་ཀུན་དུ་འཁོར་བར་ཟག་པར་བྱེད་པས་ན་ཟག་པའི་དོན་ཏོ། །ཆུ་བོ་བཞི་སྟེ། འདོད་པ་དང༌། སྲིད་པ་དང༌། ལྟ་བ་དང༌། མ་རིག་པ་ཞེས་པའོ། །དེ་ལ་འདོད་པའི་ཟག་པ་ཁོ་ན་འདོད་པའི་ཆུ་བོའོ། །སྲིད་པའི་ཟག་པ་ཉིད་ནི་སྲིད་པའི་ཆུ་བོ་སྟེ། ལྟ་བ་རྣམས་མ་གཏོགས་པའོ། །ཁམས་གསུམ་པའི་ལྟ་བ་དག་ནི་ལྟ་བའི་ཆུ་བོ་སྟེ་རྫས་སུམ་ཅུ་རྩ་དྲུག་གོ །མ་རིག་པའི་ཟག་པ་ཉིད་ནི། མ་རིག་པའི་ཆུ་བོ་སྟེ་ཁྱེར་བར་བྱེད་པས་སོ། །བཞི་པོ་དེ་ཉིད་ནི་སྦྱོར་བ་བཞི་སྟེ། སྦྱོར་བར་བྱེད་པས་ན་སྦྱོར་བའི་དོན་ཏོ། །ལེན་པ་ནི་བཞི་སྟེ། འདོད་པ་དང༌། ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། བདག་ཏུ་སྨྲ་བའི་ལེན་པའོ། །དེ་ལ་འདོད་པའི་ལེན་པ་ནི་རྫས་ཉི་ཤུ་རྩ་བཞིའོ། །གཟུགས་དང་གཟུགས་མེད་པ་ན་གནས་པའི་ཉོན་མོངས་པ་ནི་བདག་ཏུ་ལྟ་བའི་ལེན་པ་སྟེ། རྫས་སུམ་ཅུ་རྩ་བརྒྱད་དོ། །ལྟ་བའི་ལེན་པ་ནི་རྫས་སུམ་ཅུའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ལེན་པ་ནི་རྫས་སུ་དྲུག་གོ །བཟུང་བར་བྱེད་པས་ན་ལེན་པའི་དོན་ཏོ། །མདུད་པ་བཞི་སྟེ། མནར་སེམས་དང༌། གནོད་སེམས་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། འདི་བདེན་པ་ཞེས་མངོན་པར་ཞེན་པ་ནི་ལུས་ཀྱི་མདུད་པའོ། །སྒྲིབ་པ་ལྔ་སྟེ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། གཉིད་དང་རྨུགས་པ་དང༌། རྒོད་འགྱོད་དང༌། ཐེ་ཚོམ་མོ། །མཐོང་བའི་ལམ་དུ་ཤེས་པ་བཅུ་ནི་ཆོས་ཤེས་པ་དང༌། རྗེས་སུ་འགྲོ་བ་ཤེས་པ་དང༌། ཀུན་རྫོབ་ཀྱི་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའོ། །བཟོད་པ་བརྒྱད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། དེ་བཞིན་དུ་སྡུག་བསྔལ་ལ་རྗེས་སུ་འགྲོ་བ་ཤེས་པའི་བཟོད་པ་དང༌། དེ་བཞིན་དུ་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་དང་ལམ་གྱི་བདེན་


DTG032_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་ཤེས་པར་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བར་གྱུར་པས་འདོད་པ་ཐོབ་པའི་སྡུག་བསྔལ་གྱི་མཐོང་བས་སྤོང་བ་ཉོན་མོངས་པ་ལ་བརྟེན་ཏེ་འགོག་པར་འགྱུར་རོ། །ཆོས་ཤེས་པ་ཡང་དེ་རྣམས་ཀྱི་དེ་ཁོ་ན་མྱ་ངན་ལས་འདས་པ་ཐོབ་པ་ལ་བརྟེན་ཏེ་སྐྱེ་བར་འགྱུར་རོ། །སྡུག་བསྔལ་ཉིད་རྗེས་སུ་འགྲོ་བའི་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་བས་གཟུགས་དང་གཟུགས་མེད་པ་ན་གནས་པའི་སྡུག་བསྔལ་མཐོང་བས་སྤོང་བའི་ཉོན་མོངས་པ་ཐོབ་པ་བླངས་ཏེ་འགོག་པར་འགྱུར་རོ། །རྗེས་སུ་འགྲོ་བ་ཤེས་པ་ཡང་དེ་རྣམས་ཀྱི་མྱ་ངན་ལས་འདས་པའི་ཐོབ་པ་བླངས་ཏེ་སྐྱེ་བར་འགྱུར་རོ། །དེ་ལ་བཟོད་པ་རྣམས་ནི་བར་ཆད་མེད་པའི་ལམ་མོ། །ཤེས་པ་ནི་གྲོལ་བའི་ལམ་མོ། །དེ་ལྟར་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་རྣམས་སུ་སེམས་བཞི་བཞིར་ཤེས་པར་བྱའོ། །སེམས་རྣམ་པ་བཅུ་དྲུག་གིས་བག་ལ་ཉལ་བརྒྱད་ཅུ་རྩ་བརྒྱད་སྤངས་པས་བདེན་པ་བཞི་པོ་མངོན་དུ་གྱུར་བ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་ཐོབ་པར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བ་བཅུ་ལྷག་པར་གྱུར་བ་ནི་འདོད་པ་ན་གནས་པ་བཞི་དང༌། གཟུགས་དང་གཟུགས་མེད་པ་ལ་གནས་པ་གསུམ་གསུམ་མོ། །དེ་ལ་འདོད་པ་ན་གནས་པ་ནི་འདོད་ཆགས་དང༌། །ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་གཅིག་ཏུ་བྱས་ཏེ། རྣམ་པ་དགུར་འགྱུར་ཏེ། དམན་པ་དང༌། བར་བ་དང༌། རབ་ཀྱི་དབྱེ་བས་སོ། །དེ་ལ་རབ་ཀྱི་རབ་ཉོན་མོངས་པ་ལ་དམན་པའི་ཡང་དམན་པ་འཕགས་པའི་ལམ་ནི་གཉེན་པོ་ཡིན་ནོ། །ཉོན་མོངས་པའི་རྣམ་པ་དྲུག་སྤངས་པ་ལན་ཅིག་ཕྱིར་འོང་བའོ། །རྣམ་པ་དགུ་པོ་སྤངས་པས་ཕྱིར་མི་ལྡོག་པའོ། །ཇི་ལྟར་འདོད་པ་ན་གནས་པའི་ཉོན་མོངས་པ་རྣམ་པ་དགུ་དང༌། དེ་རྣམས་ཀྱི་ཡང་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་ཞེས་བྱ་བ་དགུ་གཉེན་པོ་ཡིན་པ་དེ་བཞིན་དུ་ཡང་ས་རེ་རེ་ལ་ཉོན་མོངས་པ་རྣམ་པ་དགུ་དགུ་དང༌། དེ་རྣམས་ཀྱི་གཉེན་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་སྔ་མ་སྔ་མ་སྤོང་བས་ཕྱི་མ་ཕྱི་མ་ཉེས་པ་རྣམས་མི་གནས་པས་སྲིད་པའི་རྩེ་མོ་པ་དམན་ཡང་དམན་པ་ཉོན་མོངས་པའི་རྣམ་པ་རབ་ཏུ་སྤངས་


DTG032_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགྲ་བཅོམ་པར་འགྱུར་རོ། །འབྲས་བུ་བཞིའི་བར་ན་གནས་པ་རྣམས་ནི་ལམ་དུ་ཞུགས་པར་ཤེས་པར་བྱའོ། །སྡུག་བསྔལ་བ་ལ་སོགས་པ་འཕགས་པའི་བདེན་པ་བཞིའི་ཡུལ་ཅན་སྐད་ཅིག་མ་བཅོ་ལྔའི་བདག་ཉིད་མཐོང་བའི་ལམ་དང༌། བཅུ་དྲུག་པ་བསྒོམ་པའི་ལམ་གྱིས་མདོར་བསྡུས་ཏེ། ལམ་གཉིས་ཀྱིས་ཉོན་མོངས་པ་རབ་ཏུ་སྤངས་བར་འགྱུར་རོ། །ཇི་སྐད་དུ། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དེར་ནི་སྐད་ཅིག་བཅོ་ལྔ་ཡིན། །བཅུ་དྲུག་པ་ནི་བསྒོམ་པའི་ལམ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེའི་ཕྱིར་མཐོང་བ་དང་བསྒོམ་པའི་ལམ་ལ་དམིགས་པའི་ཤེས་རབ་དེ་ལྟ་བུས་ཉོན་མོངས་པ་རྣམས་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དོ། །དྲང་བའི་དོན་ནི་མི་མཐུན་པ་དང་གཉེན་པོའི་ལམ་བརྗོད་དོ། །རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་ཤེས་རབ་སྟེ་ཞེས་པ་ལ། རྟོག་པ་ནི་གསུམ་སྟེ། སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཐོབ་པའོ། །དེ་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་འོད་གསལ་བར་འཇུག་པས་མཐར་བྱེད་པས་ཤེས་རབ་མཐར་བྱེད་དོ། །ངེས་པའི་དོན་ནི་སེམས་རྣམ་པར་དག་པ་བརྗོད་པར་འདོད་པའི་ཕྱིར་རོ། །རྡོ་རྗེ་དམ་ཚིག་གིས་ཞེས་པ་ནི་ཁྲོ་བོའི་གཟུགས་དང་ཧ་ཧ་དགོད་པ་དང་གསོད་པ་ལ་སོགས་པ་དྲག་པོ་ལས་ཀྱི་རབ་འབྱམས་རྣམས་ཀྱིས་སོ། །གདུག་པ་ནི་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་རྣམས་སོ། །དེ་རྣམས་སྐྲག་པར་མཛད་པ་ནི་དགུག་པ་དང་ཕུར་བུས་གདབ་པ་དང༌། བརྡུང་བའི་མཚན་ཉིད་དོ། །ཡང་ན་ཞེས་བྱ་བ་འདིས་ཕྱོགས་གཞན་བཤད་པ་ཡིན་ཏེ། འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ནི། ཨུ་མ་དང༌། བདེ་ཕྱོགས་མ་དང༌། དཔལ་མོ་དང༌། གྲགས་པ་མ་ལ་སོགས་པའོ། །དེ་རྣམས་སྐྲག་པར་མཛད་པ་ནི་ནན་གྱིས་ཕྲོགས་ཏེ་ལོངས་སྤྱོད་པའོ། །ཁྲོ་བོའི་གཟུགས་ཀྱིས་དེ་དག་གདུལ་བའི་ཕྱིར་རོ། །ཇི་སྐད་དུ། བདེ་མཆོག་ལས། སངས་རྒྱས་ཐམས་ཅད་ལྷག་མོས་པས། །སྡིག་མེད་སྟོབས་ཀྱིས་མནན་ནས་ཀྱང༌། །གནོད་དང་ཟིལ་གྱིས་གནོན་པ་ཡིས། །འཇིག་རྟེན་ཐམས་ཅད་རབ་འཇོམས་བྱེད། །ཤིན་དུ་གདུག་པ་དྲག་པོ་མཆོག །སེམས་ཅན་ཁམས་ནི་དུ་མ་རྣམས། །བྱི་ཤོར་རྒུ་བ་བཅིངས་པ་ཡིས།།


DTG032_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཁམས་ནི་སྦྱོར་བར་མཛད། །ནན་གྱིས་སྒྱུ་མའི་སྦྱོར་བ་ཡིས། །སྡིག་མེད་སྟོབས་ཀྱིས་བཀུག་བྱས་ནས། །མཚོན་ཆ་ལྔ་ཡི་གོ་བགོ་ཞིང༌། །འཇིག་རྟེན་ཀུན་ལས་རྒྱལ་བར་འགྱུར། །འགྲོ་བ་བརྟན་དང་གཡོ་བ་དག །འགྲུབ་པ་ཐམས་ཅད་ལས་རྒྱལ་ཞིང་། །སྣ་ཚོགས་གདུལ་བའི་ཐབས་ཀྱིས་ནི། །རང་གི་རྒྱལ་སྲིད་སྐྱོང་བར་མཛད། །འདོད་ལྡན་མ་ལ་འདོད་འགྱུར་ཞིང༌། །དྲག་པོ་རྣམས་ལ་དྲག་པོ་མཆོག །ཞི་བ་རྣམས་ལ་ཞི་བ་མཆོག །གནོད་བྱེད་རྣམས་ལ་གནོད་བྱེད་མཛད། །དབང་ཕྱུག་དམ་པ་དགུག་བྱས་ནས། །སྡིག་མེད་སྟོབས་ཀྱི་ནུས་པ་ཡིས། །ལྷ་མོ་འཇིགས་མ་དགུག་བྱས་ནས། །རང་གི་ལོངས་སྤྱོད་ཀྱིས་ནི་སྤྱོད། །ཁྱབ་འཇུག་དག་གི་བཀུག་ནས་ཀྱང༌། །སྡིག་མེད་ནུས་པའི་སྟོབས་ཀྱིས་ནི། །ལྷ་མོ་དཔལ་མོ་དགུག་བྱས་ནས། །རང་གི་ལོངས་སྤྱོད་ཀྱིས་དེ་སྤྱད། །སྐྱེ་དགུའི་བདག་པོ་བཀུག་ནས་ཀྱང༌། །སྡིག་མེད་ནུས་པའི་སྟོབས་ཀྱིས་ནི། །ནུས་པའི་ལྷ་མོ་ཕྲོགས་བྱས་ནས། །རང་གི་ལོངས་སྤྱོད་ཀྱིས་དེ་སྤྱད། །འདོད་པའི་ལྷ་ནི་དགུག་བྱས་ནས། །སྡིག་མེད་ནུས་པའི་སྟོབས་ཀྱིས་ནི། །དགའ་མ་ཆགས་མ་དབྲོག་བྱས་ནས། །རང་གི་ལོངས་སྤྱོད་ཀྱིས་དེ་སྤྱད། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཆོས་ཀྱི་དབྱིངས་དང་མཉམ་མི་མཉམ། །ནམ་མཁའི་མཐའ་ཡི་མཐར་ཐུག་པ། །རྡོ་རྗེ་ཆོས་མཆོག་དཔའ་བོ་རྣམས། །ཞེས་འབྱུང་བས་སོ། །སྒྲ་ཇི་བཞིན་པ་ནི་དྲག་པོའི་སྤྱོད་པ་སོ་སོར་བསྟན་པས་སོ། །དེ་ཉིད་འབྱུང་ནས་ནི་རིགས་སུ་གྱུར་པ་ཞེས་པ་ལ། རྟ་མགྲིན་ནི་འོད་དཔག་ཏུ་མེད་པའི་རིགས་ཡིན་པའི་ཕྱིར་རོ། །དྲང་བའི་དོན་ནི་བསྐྱེད་པའི་རིམ་པ་ཙམ་བསྟན་པས་སོ། །འོད་གསལ་བ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པས་རིན་ཐང་མེད་པའོ། །དེ་ཉིད་འབྱུང་གནས་ནི་བདག་བྱིན་གྱིས་རློབ་པའི་རིམ་པས་འབྱུང་བའི་ཕྱིར་རོ། །ངེས་པའི་དོན་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པས་སོ། །ཉོན་མོངས་པ་རྣམས་ཀྱིས་མ་གོས་ཤིང་ཞེས་པ་ནི་དེའི་དབུས་སུ་གནས་པ་དང་དེ་རྣམས་བསྙེན་ཅིང་སོ་སོར་སྡུད་པ་དང༌། བསམ་གཏན་གྱི་རིམ་པས་དེའི་སྐྱོན་གྱིས་མི་གོས་པའོ། །གང་གི་ཕྱིར་


DTG032_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་ཀྱིས་སོ་སོའི་སྐྱེ་བོ་འཇིག་པར་གྱུར་པ་དེ་རྣམས་ཁོ་ན་ཐབས་ཀྱིས་བསྟེན་པར་གྱུར་པ་ན་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་ཏེ་ཐབས་ལ་མཁས་པའི་ཕྱིར་རོ། །དོན་ཡོད་གྲུབ་པའི་རྒྱུད་ལས་ཀྱང༌། །རྨོངས་པ་གང་གིས་འཆིང་འགྱུར་བ། །མཁས་པ་དེ་ཉིད་ཀྱིས་གྲོལ་འགྱུར། །དེ་ལྟར་བྱང་ཆུབ་བསྒོམ་དོན་དུ། །འདི་དག་ཕྱིན་ཅི་ལོག་པ་ཡིན། །ཞེས་འབྱུང་ངོ༌། །དཀོན་མཆོག་བརྩེགས་པ་ལས་ཀྱང༌། འདི་ལྟ་སྟེ། འོད་སྲུངས་བུ་རམ་གྱི་ཞིང་ངམ། འབྲས་ཀྱི་ཞིང་དང་འདམ་བུའི་ཞིང་ལ་ལུད་ཀྱི་ཕུང་པོས་ཕན་པར་འགྱུར་ཏེ། དེ་བཞིན་དུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའི་ཆེན་པོའི་ཉོན་མོངས་པ་ཁོ་ན་ཕན་པར་འགྱུར་ཏེ། འདི་ལྟ་སྟེ། འོད་སྲུངས་ཀི་ཏ་ཀིའི་མེ་ཏོག་སྤོས་ཀྱི་གླང་པོས་ཟོས་པར་གྱུར་ན་གླ་རྩིའི་དངོས་པོར་འགྱུར་རོ། །དེ་ཉིད་གཞན་དག་གིས་ཟོས་པ་ན་མི་གཙང་བའི་གཟུགས་སུ་འགྱུར་རོ། །དཔལ་མཆོག་དང་པོ་ལས་ཀྱང༌། འདོད་ཆགས་ཞེ་སྡང་གཏི་མུག་ནི། །འཇིག་རྟེན་ན་ནི་དུག་ཆེན་གསུམ། །དུག་ཉིད་དུ་ནི་བསྟེན་པ་ན། །དུག་ཉིད་དུ་ནི་ཉེ་བར་འགྲོ། །བདུད་རྩི་རེམ་པས་བསྟེན་པ་ན། །དེ་བཞིན་བདུད་རྩི་ཉིད་དུ་འགྱུར། །ཞེས་འབྱུང་ངོ༌། །རབ་ཏུ་བྱེད་པ་ལས་ཀྱང་། སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་འཆིང་བ་ཉིད་དུ་འགྱུར། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་བར་གཤེགས་པའི་གནས་སུ་འགྲོ། །ཞེས་སོ། །སྦྱོར་བ་ནི་གང་དང་གང་ཁྱད་པར་ཅན་གྱི་བུད་ཤིང་སྐམ་པོའི་རྒྱུ་ལས་མེ་ལ་སོགས་པ་དེ་དང་དེ་རྣམས་སྲེག་པ་དང༌། འཚོད་པ་ལ་སོགས་པའི་བྱ་བ་བྱེད་པར་མཐོང་ངོ༌། །བསམ་པ་བཟང་པོས་ཉེ་བར་སྤྱོད་པའི་འདོད་པའི་ཡོན་ཏན་ལྔ་ཁྱད་པར་ཅན་གྱི་ཐར་པའི་མཚན་ཉིད་ཅན་གྱི་འབྲས་བུ་སྟེར་བར་འགྱུར་ཞེས་མཐུན་པའི་དཔེའོ། །གང་རྒྱུ་ཁྱད་པར་ཅན་ལས་མ་སྐྱེས་པ་མེ་ལ་སོགས་པ་དེ་དག་དོན་གྱི་བྱ་བ་སྒྲུབ་པར་བྱེད་པར་མི་ནུས་ཏེ། ཁྱད་པར་མ་ཡིན་པའི་བསམ་པས་གཟུགས་ལ་སོགས་པའི་ཡུལ་རྣམས་སྤྱད་པར་གྱུར་པ་ན་ཁྱད་པར་ཅན་གྱི་འབྲས་བུ་སྟེར་བར་བྱེད་པར་མི་འགྱུར་ཞེས་མི་མཐུན་པའི་དཔའོ། །རྒྱུ་ཁྱད་པར་ཅན་གྱི་བསམ་པས་གཟུགས་ལ་སོགས་པ་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་བྱང་ཆུབ་སེམས་


DTG032_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ཉིད་གང་གིས་ཡུལ་རྣམས་སྤྱད་པ་ན་ཡང་དེ་ཞེན་པ་ལས་བྱུང་བའི་སྐྱོན་རྣམས་ཀྱིས་གོས་པར་མི་འགྱུར་ཏེ་པདྨ་བཞིན་ནོ་ཞེས་དཔེའོ། །རིགས་པ་འདིས་དེ་ཉིད་འཇིགས་པར་མཛད་པ་ན་ཞེས་གསུངས་སོ། །དྲང་བའི་དོན་ནི་ཐབས་ལ་མཁས་པ་ཉིད་ཙམ་བསྟན་པས་སོ། །པདྨ་ནི་སྐྱེ་གནས་ཞེས་པ་ལ། ཕྱག་རྒྱའི་ཆོས་འབྱུང་བའོ། །མཐར་ནི་ནང་སྟེ། འདོད་པའི་གདུགས་སོ། །དེར་དབང་པོ་གཉིས་སྙོམས་པར་ཞུགས་པའི་ཐབས་ཀྱིས་ཞེས་པ་ནི་གསང་བའི་རྡོ་རྗེ་དང་ཆུ་སྐྱེས་དང་ཕྲད་པའི་མཚན་ཉིད་ཀྱིས་སོ། །མཆོག་ཏུ་དགའ་བའི་བདེ་བ་ཞེས་པ་ནི་ཐ་མལ་པ་མ་ཡིན་པའི་བདེ་བ་ཆེན་པོ་སྐྱེད་པར་བྱེད་ཅིང་གསལ་བར་མཛད་དོ། །དགོངས་པ་ནི་འདི་ཡིན་ཏེ། པདྨ་མཐར་བྱེད་འོད་དཔག་ཏུ་མེད་པའི་རིགས་ཅན་ཡིན་པས་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་དོ། །དེ་ཡོད་པས་མཆོག་ཏུ་དགའ་བ་ཡང་དག་པར་འགྱུར་གྱིས་གཞན་དུ་མ་ཡིན་ནོ། །པདྨ་རྡོ་རྗེའི་ཞལ་སྔ་ནས་ཀྱིས་ཀྱང༌། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་བས། །བླ་མེད་དངོས་གྲུབ་ག་ལས་འགྱུར། །ཞེས་འབྱུང་བས་སོ། །རྡོ་རྗེ་ཕྲེང་བ་ལས་ཀྱང༌། །རིན་ཆེན་རྒྱལ་པོ་དཔག་མེད་གཉིས། །འཁོར་བ་བསྒྲུབ་པའི་རྩ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་ལྟ་ན་ཡང་སྙོམས་པར་ཞུགས་པའི་ཐབས་ཀྱིས་བདེ་བ་ཆེན་པོ་སྐྱེ་བར་འགྱུར་ཞེས་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། དེ་ནམ་མཁའ་བཞིན་དུ་འདུས་མ་བྱས་པའི་ཕྱིར་རོ། །གང་གི་ཕྱིར་རྒྱུ་གང་གིས་ཀྱང་ནམ་མཁའ་མི་བསྐྱེད་ཅིང་འགོག་པར་ཡང་མི་ནུས་ཏེ། རྟག་པར་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཐབས་གང་གིས་ཀྱང་མི་བསྐྱེད་ཅིང་འགོག་པར་ཡང་མི་ནུས་སོ། །གལ་ཏེ་དེ་ནི་བསྐྱེད་པར་བྱ་བ་ཡིན་ན་ནི་དེའི་ཚེ། འདུས་བྱས་པས་འཇིག་པའི་ཆོས་ཅན་དུ་ཐལ་བར་འགྱུར་རོ། །འཇིམ་པ་ལ་སོགས་པའི་རྒྱུ་རྣམས་ཀྱིས་བསྐྱེད་པར་འགྱུར་བའི་བུམ་པ་བཞིན་ནོ། །གང་གི་ཕྱིར་ཆོས་ཉིད་ནི་ཆོས་གང་གིས་ཀྱང་འབྲེལ་བར་མི་འགྱུར་ཞིང་བྲལ་བར་ཡང་མི་འགྱུར་རོ། །དེ་དང་ལྡན་པ་ཡིན་ན་ཐ་མལ་པའི་སྐྱེས་བུ་བཞིན་དུ་བྱིས་པ་དང༌། ལང་ཚོ་དང༌། གནས་སྐབས་བར་པ་


DTG032_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྒས་པ་དང༌། ཤི་བར་ཐལ་བར་འགྱུར་རོ། །འཕགས་པ་བྱམས་པས། །ཆོས་ཀྱི་དབྱིངས་ནི་དབྱེར་མེད་ཅིང་།རིགས་ནི་ཐ་དད་རུང་མ་ཡིན། །གཞི་ཡི་ཆོས་ཀྱི་དབྱེ་བ་ཡིས། །དེ་ཡི་དབྱེ་བ་རབ་ཏུ་གྲགས། །ཞེས་འབྱུང་ངོ༌། །དེ་བཞིན་དུ། ཇི་ལྟར་རློན་པ་ཆུ་ཤིང་སྡོང་བུ་ནི། །སྙིང་པོ་འདོད་པའི་སྐྱེས་བུས་རྣམ་དཔྱད་ན། །ཕྱི་དང་ནང་མེད་སྙིང་པོ་ཡོད་མི་སྣང༌། །དེ་ལྟར་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །ཞེས་འབྱུང་ངོ༌། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། །མི་རྟག་བསླུས་པའི་ཆོས་དང་ལྡན། །ཁོང་སྟོང་སྟོང་པ་བདག་མེད་པ། །དངོས་དང་དངོས་མེད་ལ་མཁས་པས། །རྣམ་པར་དབེན་པ་ཞེས་མཐོང་ངོ༌། །རྟོག་པ་མེད་ཅིང་དམིགས་པ་མེད། །བཀོད་པ་མེད་ཅིང་གནས་མེད་པ། །མ་རིག་ས་བོན་ལས་བྱུང་བའི། །ཐོག་མ་ཐ་མ་བར་མ་མེད། །ཆི་ཤིང་ནང་ལྟར་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་དང་མཚུངས་པ། །གཞན་དག་རྨུགས་བྱེད་འཇིགས་པ་སྟེ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང༌། །ཞེས་འབྱུང་ངོ༌། །དེ་བཞིན་དུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་དུ་ཡང༌། །སྐྱེ་བ་ནམ་ཡང་འཐད་མ་ཡིན། །ཞེས་འབྱུང་ངོ༌། །རབ་ཏུ་བྱེད་པ་ལས་ཀྱང༌། །འདིར་ནི་ཁ་ཅིག་མི་སྐྱེ་ཞིང༌། །ཁ་ཅིག་ཀྱང་ནི་འཆི་མི་འགྱུར། །སེམས་ཀྱི་ངོ་བོར་རྣམ་གནས་པའི། །འཁོར་བ་ཉིད་དུ་ཤེས་པར་བྱ། །ཞེས་འབྱུང་ངོ༌། །སྲིད་པ་འཕོ་བའི་མདོ་ལས་ཀྱང༌། །དངོས་པོ་ལས་ཀྱང་དངོས་མི་སྐྱེ། །དངོས་མེད་ལས་ཀྱང་སྐྱེ་མི་འགྱུར། །དངོས་པོ་རྟག་ཏུ་སྐྱེ་བ་ནི། །འཁྲུལ་པས་ནམ་མཁའི་མེ་ཏོག་བཞིན། །ཞེས་འབྱུང་ངོ༌། །ཀམྤ་ལའི་ཞལ་སྔ་ནས་ཀྱིས་ཀྱང༌། །དེ་ཉིད་ཡང་དག་མཐའ་ཡིན་ཏེ། །དེ་ཉིད་དེ་བཞིན་དེ་སྟོང་ཉིད། །དེ་ཉིད་མཉམ་ཉིད་དེ་གྲོལ་བ། །དེ་ཉིད་རྣམ་རིག་ཙམ་ཉིད་དེ། །ཆོས་ཀུན་ནང་དུ་ཆུད་པའི་ཕྱིར། །རིང་པོར་མ་ཡིན་གམ་དུ་མིན། །དེ་ཉིད་རྟོགས་པར་དཀའ་བའི་ཕྱིར། །དེ་ཡི་ངོ་བོ་སྤྱོད་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དང་པོ་མ་སྐྱེས་པའི་རང་བཞིན་གྱི་དེ་ཁོ་ན་ཉིད་ཐབས་ཀྱི་དབང་གིས་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། འདིར་སྨྲས་པ། དེ་ཁོ་ན་ཉིད་ནི་ཐབས་གང་གིས་ཀྱང་སྐྱེ་བར་མི་འགྱུར་ཏེ། རང་བཞིན་གྱིས་གྲུབ་པའི་


DTG032_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འོན་ཀྱང་དེ་རང་བཞིན་གྱིས་གྲུབ་ཀྱང་དེའི་དབང་པོ་གཉིས་སྙོམས་པར་ཞུགས་པ་གསལ་བར་བྱེད་པའི་རྒྱུ་ཡིན་གྱི་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་རྒྱུ་ནི་རྣམ་པ་བཅུ་ཡང་ཡིན་ཏེ། སྐྱེ་དང་གནས་དང་གསལ་བྱེད་དང༌། །འགྱུར་བ་རྐྱེན་དང་ཐོབ་པ་དང༌། སྦྱོར་དང་གཞན་དང་རྟེན་དང་ནི། །རྒྱུ་ནི་རྣམ་པ་བཅུ་རུ་བཤད། །ཅེས་འབྱུང་ངོ༌། །དེ་ཉིད་ཀྱི་ཕྱིར་གསལ་བ་ཙམ་རྒྱུ་ཡིན་ན། དེ་ཁོ་ན་ཉིད་ལ་སྐྱེད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ། །འོན་ཏེ་སྐད་ཀྱི་དབྱིངས་དོན་དུ་མ་ཡིན་པས་མཛས་པའི་སྒྲ་ནི་གསལ་བར་བྱེད་པ་ཙམ་ལ་འཇུག་གི་བྱེད་པ་པོའི་ནུས་པ་ལ་མ་ཡིན་ནོ་ཞེས་ཤིན་ཏུ་རྒྱས་པས་ཆོག་གོ །ད་ནི་རྣལ་མ་དཔྱད་པར་བྱ་སྟེ། །སྒྲ་ཇི་བཞིན་པ་ནི་ཁྲོ་བོའི་རྒྱལ་པོ་དབྱིངས་ཙམ་བསྟན་པས་སོ། །དོན་ཡོད་པར་གྲུབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་ནང་དུ་འདུས་པའི་ཕྱིར་རོ། །དོན་ཡོད་གྲུབ་པ་ནི་ཕྲག་དོག་རྣམ་པར་དག་པའི་ངོ་བོ་ཕྲག་དོག་ཡང་ཞེ་སྡང་ལས་བྱུང་བ་སྟེ། ཞེ་སྡང་གི་ངོ་བོ་ཉིད་ཐུགས་རྡོ་རྗེ་འཛིན་པའི་རིགས་སུ་འདུས་པར་འགྱུར་རོ། །ཡང་ན་འདོད་ཆགས་ལས་བྱུང་བ་ཡིན་ན། སྣང་བ་མཐའ་ཡས་ཀྱི་རིགས་སུ་འདུས་པར་འགྱུར་རོ། །དེ་ཉིད་རྡོ་རྗེ་ཞེས་པ་ནི་རིགས་སམ་རྒྱས་བཏབ་པས་སོ། །དྲང་བའི་དོན་ཞེས་བྱ་བ་འཕགས་པ་བདུད་རྩི་འཁྱིལ་པ་ཁྲོ་བོ་བརྗོད་པར་འདོད་པའི་ཕྱིར་རོ། །རྣམ་པར་དག་པའི་གནས་ནི་འོད་གསལ་བ་སྟེ། སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བའི་སེམས་ཀྱི་དེ་ཁོ་ན་ཉིད་དོ། །ངེས་པའི་དོན་ཞེས་བྱ་བ་ནི་སེམས་རྣམ་པར་དག་པའི་རིམ་པས་སོ་སོར་བསྟན་པས་སོ། །བགེགས་རྣམས་མཐར་མཛད་ཅིང་འཇིགས་པར་མཛད་པས་ན་ཞེས་པ་ནི་དེ་ལ་བགེགས་ནི་བདུད་བཞི་སྟེ། དེ་རྣམས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐར་བྱེད་པས་ན་བགེགས་མཐར་བྱེད་དོ། །དྲང་བའི་དོན་ནི་བདུད་འཇོམས་པ་རྣམ་པར་བསྟན་པས་སོ། །ཁམས་བཞི་པོ་སྟེ་ཞེས་པ་ནི་ས་ལ་སོགས་པའོ། །འཕེལ་བ་དང་འགྲིབ་པ་ཞེས་པ་ནི་སྐྱེ་བ་དང་འཇིག་པ་དག་གིས་སོ། །ལུས་གཟིར་བས་ན་ཞེས་པ་ནི་ལུས་ཀྱིས་ཉེ་བར་མཚོན་པའི་སེམས་གཟིར་བས་སོ། །དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་ན། །ཞེས་པ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཡང་དག་པར་


DTG032_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བས་སོ། །སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱི་ཚོགས་ཀྱིས་རྣམ་པར་རྟོག་པའི་བདག་ཉིད་སེམས་རྣམ་པར་འཇིག་ཅིང་ཉམས་པར་མཛད་དོ། །ངེས་པའི་དོན་ནི་སེམས་རྣམ་པར་དག་པའི་རབ་ཏུ་བསྟན་པའི་ཕྱིར་རོ། །དཀྱིལ་འཁོར་པ་རྣམས་མཉེས་པར་བྱེད་པའི་ཕྱིར་ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོ་དང་བཅས་པའི་དཀྱིལ་འཁོར་བ་རྣམས་བརྒྱ་བྱིན་ལ་སོགས་པའི་བགེགས་ཀྱི་རྣམ་པར་གཡེང་བ་ལས་བསྲུང་བས་མཉེས་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བགེགས་ཐམས་ཅད་རྣམ་པར་འཇོམས་པའི་ཕྱིར་རོ་ཞེས་པ་ནི་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་རྣམས་འཇོམས་པར་མཛད་པས་སོ། །སྒྲ་ཇི་བཞིན་པ་ནི་ཁྲོ་བོའི་རྒྱལ་པོ་དང་འབྲེལ་བའི་སྐུ་ཙམ་སྟོན་པའི་ཕྱིར་རོ། །གཞུང་དེ་ཙམ་གྱིས་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དཀྱིལ་འཁོར་པ་གཞན་རྣམས་གྱི་འབྲེལ་པ་མཁན་གྱིས་ལུང་གི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལྟར་སྒོ་རྣམ་པ་བཞིར་བཀོད་ནས་ཞེས་སྨོས་ཏེ། གཤིན་རྗེ་གཤེད་དང༌། ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་དང༌། བགེགས་མཐར་བྱེད་རྣམས་ནི་ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོ་རྣམས་སུ་དགོད་པར་བྱའོ། །ཤར་གྱི་མཚམས་ནས་བརྩམས་ཏེ་ཞེས་པ་ནི་མེ་དང༌། བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུའོ། །མི་གཡོ་བ་ལ་སོགས་པ་དགོད་པར་བྱའོ་ཞེས་པ་ནི་མི་གཡོ་མགོན་དང་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་དགོད་པ་ནི་བསམ་པར་བྱའོ། །ཤར་ཕྱོགས་སུ་ནི་སྣམ་བུ་ཞེས་བྱ་བ་ལ་སོགས་པས་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྣམ་བུ་བཞི་ལ་ནི་ཤར་དུ་སའི་སྙིང་པོ་དང་བྱམས་པ་དག་གོ །ལྷོའི་སྣམ་བུ་ལ་ནམ་མཁའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དག་གོ །ནུབ་ཀྱི་སྣམ་བུ་ལ་འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་གོ །བྱང་གི་སྣམ་བུ་ལ་ནི་ཀུན་དུ་བཟང་པོ་དང་སྒྲིབ་པ་རྣམ་པར་སེལ་བ་དག་དགོད་པ་ནི་བསྒོམ་པར་བྱའོ། །ནང་གི་དཀྱིལ་འཁོར་ཞེས་པ་ནི་གང་དུ་བཅོམ་ལྡན་འདས་མི་བསྐྱོད་པ་དབུས་སུ་བཞུགས་པ་དང༌། ཤར་ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་


DTG032_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པའོ། །མཚམས་སུ་ནི་སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དགོད་པར་བྱའོ། །དེའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ནས་བརྩམས་ཏེ་ཞེས་པ་ལ་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་དང་བྱང་ཆུབ་སེམས་དཔའི་སྣམ་བུའི་བར་དུ་གྲྭ་རྣམས་ལ་གཟུགས་རྡོ་རྗེ་ལ་སོགས་པ་དགོད་དོ་ཞེས་པ་ནི་གཟུགས་རྡོ་རྗེ་མ་དང༌། སྒྲ་རྡོ་རྗེ་མ་དང༌། དྲི་རྡོ་རྗེ་མ་དང༌། རོ་རྡོ་རྗེ་མ་རྣམས་དགོད་དོ། །རེག་བྱ་རྡོ་རྗེ་མ་ནི་དབུས་ཀྱི་བདག་པོ་ལ་བརྟེན་ཏེ་བཞུགས་སོ། །སྟེང་དང་འོག་དག་ཏུ་ནི་གནོད་མཛེས་དང་གཙུག་ཏོར་དགོད་དོ་ཞེས་རིག་པར་བྱའོ། །དེ་ལྟར་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཡིན་ནོ། །ཐམས་ཅད་ཀྱི་གདན་ལ་སོགས་པའི་ངེས་པ་ནི་ཞེས་བྱ་བ་ནི་གདན་དང་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ངེས་པའོ། །སྒྲུབ་ཐབས་སུ་བྱས་པ་ཉིད་ཡིན་ནོ་ཞེས་པ་ནི་མདོར་བསྡུས་པའི་སྒྲུབ་ཐབས་སམ་ཡང་ན་རང་གིས་བྱས་པ་ལས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གང་ལས་རྟོགས་པར་བྱ་སྟེ། བཅུ་གསུམ་ལས་མ་བསྟན་ཞེ་ན། སྨྲས་པ། ལྷ་ཡི་རྣལ་འབྱོར་ཇི་ལྟ་བ། །ཞེས་བྱ་བ་ལ་སོགས་པ་ནི་ལྷའི་རྣལ་འབྱོར་ནི་བསྐྱེད་པའི་རིམ་པའོ། །དཀྱིལ་འཁོར་ནི་རྟེན་དང་བརྟེན་པའི་མཚན་ཉིད་དོ། །གཞན་དག་ཏུ་བཤད་པའི་རྒྱུད་ལ་སོགས་པར་རོ། །རྫོགས་པ་ནི་མ་ལུས་པའོ། །བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོས་སོ། །མ་གསུངས་པ་ནི་མ་བསྟན་པའོ། །སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་པ་ཡིན་ནོ་ཞེས་པ་ལ། སློབ་དཔོན་དང་སློབ་མའི་རིམ་པ་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་དགོངས་ནས་སོ། །གཞན་དུ་ན་གླེགས་བམ་ཀློག་པ་ཙམ་གྱིས་བདག་ཅག་སློབ་དཔོན་ཡིན་ཞེས་སྨོས་པ་རྣམས་ལ་ང་རྒྱལ་སྐྱེ་བར་གྱུར་པས་སོ། །དེ་བཞིན་དུ་འདིར་ཡང་ཞེས་པ་ནི། །དཔལ་གསང་བ་འདུས་པའི་ལེའུ་དང་པོ་ལས་ཀྱང་མ་བསྟན་ཏོ། །སྐུའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་ཉེ་བར་སྡུད་པའི་དུས་སུ་དཀྱིལ་འཁོར་པ་ཐམས་ཅད་སྐུའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་ཕྱུང་པའི་དཀྱིལ་འཁོར་ལ་ཡང་ཞེས་པ་ནི་ཕྱུང་བའི་དུས་སུ་ཡང་ལྷ་སུམ་ཅུ་རྩ་གཉིས་དེ་བཞིན་དུ་


DTG032_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བར་བྱའོ། །དེ་ལྟ་ན་གང་མ་གྲུབ་པས་གྲུབ་པར་བྱེད་པ་དེ་ཡང་མ་གྲུབ་པ་ཉིད་ཅེས་འབྱུང་བས་སྐུའི་དཀྱིལ་འཁོར་ཉིད་ལ་ཡང་ངེས་པ་འདི་དག་ལས་འགྱུར་ཞེ་ན། སྨྲས་པ། བཅོམ་ལྡན་འདས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ལན་བསྟན་ཏོ། །བཤད་པའི་རྒྱུད་ཅེས་པ་ནི། རྡོ་རྗེ་ཕྲེང་བ་ལས་སོ། །འདུས་པ་རྣམས་ལ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པའི་རྣལ་འབྱོར་པ་རྣམས་ལའོ། །དོན་ཐེ་ཚོམ་མེད་པར་ཞེས་པ་ནི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་བཅུ་གསུམ་གྱི་བདག་ཉིད་ཡིན་ནམ་སུམ་ཅུ་རྩ་གཉིས་ཡིན་ཞེས་ཐེ་ཚོམ་མེད་པར་བྱ་བའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དཔའ་ཆེན་པོ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ལ་བོད་པའོ། །གང་གི་ཕྱིར་རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནི་གཤིན་རྗེ་གཤེད་ཁོ་ན་ཞུ་བ་པོ་ཡིན་ནོ། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་བཤད་པའི་སྒོ་ནས་རྡོ་རྗེ་འཆང་བའི་སྐུ་ཁོ་ན་བསྟན་པར་འགྱུར་ཏེ། བདེན་པར་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་འཆང་ཆེན་པོར་དབྱེར་མེད་པ་ཡིན་ནོ། །རྒྱལ་བའི་སྐུ་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་བ་དང༌། རྒྱལ་བའི་སྲས་ནི་རྒྱལ་བའོ། །ཞེས་མི་འདྲ་བ་རྣམས་ལ་གཅིག་ལྷག་མའི་བསྡུ་བའོ། །དེ་ནས་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་ཀྱི་སྐུ་གནས་པ་ཉིད་བསྟན་ཏོ། །དང་པོ་ཞེས་བྱ་བ་ནས་བརྩམས་ཏེ་རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས་ཞེས་བྱ་བའི་བར་དུ་ནི་གོ་སླའོ། །འོན་ཀྱང་དཀྱིལ་འཁོར་པ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཚིག་གི་ཁྱད་པར་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དབྱེར་མེད་པར་བསྟན་པའོ། །གཟུགས་ལ་སོགས་པ་ཡང་རྣམ་པར་དག་པར་ཤེས་པར་བྱའོ། །གང་གི་ཕྱིར་རྡོ་རྗེ་ཕྲེང་བ་ལས། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་སྐུའི་དཀྱིལ་འཁོར་ལ་དགོད་པ་མ་བསྟན་ཏོ་ཞེས་པ་ནི་ལོགས་ནས་སྨྲ་བར་བྱའོ་ཞེ་ན། དེ་ནི་མ་ཡིན་ནོ། །དཀྱིལ་འཁོར་པ་རྣམས་ཀྱི་ཁ་དོག་ལྔ་གང་ཡིན་པ་དེ་ནི་གཟུགས་རྡོ་རྗེ་མའོ། །སྔགས་བརྗོད་པའི་སྒྲའམ་རྗེས་སུ་ཆགས་པའི་སྒྲ་རྡོ་རྗེ་མའོ། །ཞལ་གྱི་དྲི་འམ་ཆོས་འབྱུང་བའི་དྲི་ནི་དྲི་རྡོ་རྗེ་མའོ། །བདུད་རྩི་ལ་སོགས་པའི་རོ་མྱང་བ་ནི་རྡོ་རྗེ་མའོ། །རྣམ་པ་སྣ་ཚོགས་


DTG032_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སྐད་ཅིག་མས་ཐོབ་པར་བྱ་བའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་རང་རིག་པའི་རྣམ་པར་དག་པའི་ངོ་བོ་ཉིད་ནི་རེག་བྱ་རྡོ་རྗེ་མའོ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །ཞེས་བྱ་བ་ལ་སོགས་པས་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་ཚུལ་དུ་བསྟན་པའོ། །རྡོ་རྗེ་ཅན་ནི་རྡོ་རྗེ་སློབ་དཔོན་གྱི་གཟུགས་ཅན་རྡོ་རྗེ་སེམས་དཔའོ། །སྦྱངས་ཞེས་པ་ནི་དོན་དང་ལྡན་པའི་བསྟན་བཅོས་བསྟན་པའོ། །མྱ་ངན་འདས་པ་འཇུག་འགྱུར་ཞིང༌། །ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་གནས་ཐོབ་པར་བྱེད་པའོ། །ཁྱོད་ཀྱི་རིགས་ནི་ཡོངས་སྨིན་པས། །ཞེས་པ་ནི་བྱ་བ་བྱས་པའི་ཕྱིར་རོ། །བཅོམ་ལྡན་མྱུར་དུ་མྱ་ངན་འདས། །ཞེས་པ་ནི། ཀྱེ་བཅོམ་ལྡན་འདས་ཁྱོད་ཀྱི་སྐུ་རྡོ་རྗེ་སློབ་དཔོན་གྱི་སྐུར་སྣང་བར་འགྱུར་ཏེ། གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་བས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་སྐུའི་དཀྱིལ་འཁོར་ཉེ་བར་བསྡུས་པ་བསྟན་ཏོ། །མཐོང་ན་དོན་ནི་ཡོད་པ་སྐྱེ། །ཞེས་བྱ་བ་ལ་སོགས་པས་མ་འོངས་པའི་དུས་སུ་སེམས་ཅན་ཐམས་ཅད་ཀྱིས་རྡོ་རྗེ་སློབ་དཔོན་ཁོ་ན་ལ་བསྙེན་བཀུར་བྱ་ཞེས་ལུང་བསྟན་པ་ཉིད་དུ་གསུངས་སོ། །དེ་ནས་མཐོང་བ་དོན་ཡོད་བཅས། །ཞེས་པ་ནི་གཤིན་རྗེ་གཤེད་དང་ལྷན་ཅིག་ཏུའོ། །བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །གྲགས་པ་ཆེ་ཞེས་བྱ་བ་ནི་འགྲོ་བའི་དོན་བྱེད་པས་གྲགས་པ་ཐོབ་པའོ། །དགའ་ཞིང་མགུ་ལ་ཞེས་པ་ནི་སྐུའི་དཀྱིལ་འཁོར་ཐོས་པས་སོ། །རབ་དང་བ་ནི་དེ་བསམས་པས་སོ། །ཕྱག་འཚལ་ནས་ནི་མཆི་མ་བླགས། །ཞེས་པ་ནི་དེ་བསྒོམས་པས་སོ། །ཞེས་རྡོ་རྗེ་ཕྲེང་བ་ལས་གསུངས་པ་འདིས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །རིགས་པ་འདིས་ཞེས་པ་ནི་སྔར་བཤད་པས་སོ། །བྲི་བའི་དཀྱིལ་འཁོར་དུ་ཡང་ཞེས་པ་ནི་སྒྲུབ་པའི་དཀྱིལ་འཁོར་དུའོ། །ལྷ་སུམ་ཅུ་རྩ་གཉིས་དགོད་པར་བྱའོ་ཞེས་པ་ནི་སྔར་བཤད་པའི་ཞལ་དང་ཕྱག་མཚན་ལ་སོགས་པའི་དབྱེ་བ་དང་ལྡན་པའི་ལྷའི་འཁོར་ལོ་དགོད་པར་བྱ་ཞེས་བྱ་བའི་དོན་ཏོ། །བསྡུས་པའི་དོན་ནི་གླེང་གཞིའི་ཚིག་གིས་རྒྱུད་ཀྱི་དོན་མ་ལུས་པ་སོ་སོར་བསྟན་ནས་འདོད་ཆགས་ཀྱི་རིགས་ཅན་གདུལ་བར་བྱ་བའི་ཕྱིར། ལྷ་མོ་དགུའི་དབུས་སུ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་བསྟན་ཏོ། །དེའི་རྗེས་ལ་སྒྲུབ་པའི་ཐབས་ཀྱི་རིམ་པས་རྡོ་


DTG032_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་ཆེན་པོ་ལ་ཞུགས་པའི་མཚན་ཉིད་ཅན་ཐུགས་རྡོ་རྗེ་འཛིན་པ་དབུས་ཀྱི་གཙོ་བོ་ཉིད་ཡིན་པས་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྟན་ཏོ། །པདྨའི་ནང་དུ་དམ་ཚིག་གི་དཀྱིལ་འཁོར་སྤྲུལ་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་ལྷའི་འཁོར་ལོ་སྤྲོ་བ་དང་དགོད་པའི་རིམ་པས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེའི་ནང་དུ་དབང་བསྐུར་བ་ལ་སོགས་པའི་མཚན་ཉིད་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དང་རྫོགས་པའི་རིམ་པ་ཡང་བསྟན་ཏོ། །དེ་གླེང་གཞིའི་ཚིག་གི་དོན་ཡིན་ཏེ། གང་གི་ཕྱིར་གླེང་གཞི་ནི་སྟོན་པ་པོ་དང་ཉན་པ་པོ་དང༌། གནས་ཕུན་སུམ་ཚོགས་པ་གཙོ་བོར་གྱུར་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་འདིས་སྟོན་པ་པོ་ཕུན་སུམ་ཚོགས་པ་གཙོར་གྱུར་པ་སྟེ་དང་པོའི་སྦྱོར་བ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་འདིས་གཞིའི་དཀྱིལ་འཁོར་གྱི་ངོ་བོ་དེ་ཉིད་ཀྱི་ཡན་ལག་སྟེ་གཞལ་ཡས་ཁང་པ་སོ་སོར་བསྟན་པའི་ཕྱིར་རོ། བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པ་ཕྱུང་པའི་དཀྱིལ་འཁོར་སྤྲོ་བའི་སྒོ་ནས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །ངེས་པའི་དོན་གྱི་ཕྱོགས་སུ་ཡང་དབང་བསྐུར་བ་ལ་སོགས་པའི་མཚན་ཉིད་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དང༌། རྫོགས་པའི་རིམ་པ་མཚོན་པའོ། །བསྐྱེད་པ་དང་རྫོགས་པའི་རིམ་པ་དག་ལས་མ་གཏོགས་པའི་རྒྱུད་ཀྱི་དོན་གཞན་མེད་དོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གླེང་གཞི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གླེང་གཞི་ནི་དང་པོའི་ཚིག་དང་དེའི་ལྷག་མར་གྱུར་པ་ལེའུ་དང་པོའོ། །དབང་དུ་མཛད་ནས་ཀྱང་ཞེས་པ་ནི་དེ་ལ་བརྟེན་པས་སོ། །དོན་གང་ཞེས་པ་ནི་རིམ་པ་གཉིས་ཀྱི་མཚན་ཉིད་དོ། །བསྟན་པ་ཞེས་པ་ནི་སོ་སོར་བསྟན་པའོ། །དེ་ཉིད་དུ་ནི་ཞེས་པ་ནི་གླེང་གཞིའི་ཚིག་ཁོ་ན་ལའོ། །རྒྱུད་ཀྱི་དོན་ཞེས་པ་ནི་རྒྱུད་ཕྱི་མ་དང་ལྷན་ཅིག་ཏུ་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་བསྟན་ཏོ། །ཨ་རྒ་ལས་སྦྲང་ཐོབ་འགྱུར་ན། །ཅི་ཡི་ཕྱིར་ནི་རི་ལ་འགྲོ། །འདོད་པའི་དོན་ནི་རྙེད་འགྱུར་ན། །མཁས་པ་གང་གི་ཡང་འབད་བྱེད། །ཅེས་ཚིག་ལས་གླེང་གཞིའི་ཚིག་ཙམ་ཡོངས་སུ་ཤེས་པས་རྣལ་འབྱོར་བ་བྱ་བ་བྱས་པར་འགྱུར་


DTG032_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལེའུ་བཅུ་བདུན་གྱི་བདག་ཉིད་བསྟན་ཞེ་ན། སྨྲས་པ། ལྷག་མ་ཞེས་པ་ལ། གླེང་གཞིའི་ཚིག་ལས་གཞན་ཐམས་ཅད་རྒྱུད་ཀྱི་ལུས་ནི་ལྷག་མའོ། །དགོས་པ་ལས་གཞན་ནི་ལྷག་མ་ཡིན་ཞེས་འབྱུང་ངོ༌། །ཞར་ལ་བྱུང་བ་ཞེས་པ་ནི་གླེང་གཞིའི་ཚིག་གིས་རྒྱུད་ཀྱི་དོན་ཤེས་ཀྱང་དེའི་སྤོབས་པའི་མཚན་ཉིད་ནི་ཞར་ལ་བྱུང་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། སྒྲུབ་པའི་དེ་རྣམས་ནི་ལེགས་པར་གཟུང་བ་ཡིན་ཏེ། གང་གི་མཚན་ཉིད་དང་སྤྲོས་པ་ཡོད་པའོ་ཞེས་འབྱུང་ངོ༌། །དེ་བཞིན་དུ། ཡང་རྒྱས་པར་བཤད་པ་ནི་ཤིན་ཏུ་གསལ་བར་འགྱུར་རོ་ཞེས་འབྱུང་བས་སོ། །གལ་ཏེ་དེ་ལྟ་ཡིན་ན་བཤད་པའི་རྒྱུད་དང༌། རྒྱུད་ཕྱི་མ་དང༌། ཡན་ལག་གི་རྒྱུད་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཤེ་ན། སྨྲས་པ། འདིར་ནི་བསྐལ་པ་དང་པོ་འདི་ལ་བཅོམ་ལྡན་འདས་ཀྱིས་ཞལ་གྱི་མན་ངག་ཁོ་ན་གསུངས་ཏེ། དེ་ཙམ་གྱིས་གདུལ་བྱ་རྣམས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་ཞལ་གྱི་མན་ངག་འཛིན་པར་ནུས་པ་མེད་པར་གཟིགས་ནས་རྩ་བའི་རྒྱུད་རྣམས་གསུངས་པས་གླེགས་བམ་དུ་གྲགས་སོ། །དེའི་ཡང་རྗེས་སུ་རྩ་བའི་རྒྱུད་ཀྱིས་ཀྱང་རྟོགས་པ་མེད་པས་རྒྱུད་ཕྱི་མ་ཡན་ལག་གི་རྒྱུད་གསུངས་སོ། །དེའི་རྗེས་སུ་རྒྱུད་ཕྱི་མ་དང་ཡན་ལག་གི་རྒྱུད་ཀྱིས་གང་གིས་གསལ་བར་མ་གྱུར་པས་བཤད་པའི་རྒྱུད་རྣམས་ཀྱང་གསུངས་ཏེ། གང་གི་ཚེ་དེ་རྣམས་ཀྱིས་ཀྱང་རྟོགས་པར་མ་གྱུར་ན་དེའི་ཚེ་སྔོན་གྱི་སློབ་དཔོན་ཁྱད་པར་དུ་གྱུར་པ་རྣམས་ཀྱིས་འགྲེལ་པ་དང༌། དཀའ་འགྲེལ་དང༌། ཊཱི་ཀཱ་དང༌། རྒྱན་ལ་སོགས་པ་བྱས་པ་དང༌། བྱེད་པར་ཡང་འགྱུར་རོ། །དེའི་ཕྱིར་ན་དུས་ཀྱིས་དབྱེ་བ་དང༌། གདུལ་བྱའི་བློའི་བྱེ་བྲག་ལ་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་མདོར་བསྡུས་པ་དང་རྒྱས་པར་གསུངས་པ་ཞེས་ཞར་ལ་གསུངས་པ་ལ་སྐྱོན་མེད་དོ། །སྐུ་དང་གསུང་དང་ཐུགས་གསང་བ་ལ་གཟིགས་ནས་ཞེས་པ་ལ་དོན་ནི་འདི་ཡིན་ཏེ། བསྐྱེད་པའི་རིམ་པའི་ཕྱོགས་སུ་རིགས་ལྔ་ཉེ་བར་བསྡུས་པའི་རིགས་གསུམ་གྱི་ངོ་བོ་དེ་ཁོ་ན་ཉིད་བསྟན་པས་སྐུ་གསུང་ཐུགས་སོ། །གསང་བ་ནི་དེ་ཡང་ཉེ་བར་སྡུད་པར་བྱེད་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་སོ་སོར་བསྟན་པས་སོ། །རྫོགས་པའི་རིམ་པ་ལ་


DTG032_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལུས་དང་ངག་ཡིད་རྣམ་པར་དག་པའི་ངོ་བོ་ཉིད་རྡོ་རྗེ་བཟླས་པ་དང༌། སེམས་རྣམ་པར་དག་པ་དང༌། བདག་བྱིན་གྱིས་རློབ་པའི་མཚན་ཉིད་དང་མན་ངག་བཞི་པའི་འོད་གསལ་བའི་མཚན་ཉིད་མངོན་པར་བྱང་ཆུབ་པའི་རིམ་པ་སོ་སོར་བསྟན་པའི་ཕྱིར། སྐུ་གསུང་ཐུགས་གང་ཡིན་པ་ལ་དེ་ཉེ་བར་བསྡུས་པ་མྱུར་དུ་ཡང་དག་པར་སྐྱེས་པའི་བདེ་བ་གཉིས་མི་ཕྱེད་པའི་མཚན་ཉིད་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཟུང་དུ་འཇུག་པའི་རིམ་པ་སོ་སོར་བསྟན་པར་བྱེད་པའི་ཕྱིར་གསང་བ་ཡང་ཡིན་པས་སྐུ་གསུང་ཐུགས་ཀྱི་གསང་བའོ། །གཟིགས་ནས་ཞེས་པ་ནི་ཐོས་པ་དང་བསམ་པ་དག་གིས་སོ། །ཐུགས་སུ་ཆུད་པར་ཞེས་པ་ནི་བསྒོམ་པས་སོ། །མཛད་པ་ནི་རྡོ་རྗེ་འཆང་ཆེན་པོ་ལས་ཐོབ་ནས་དབྱངས་དེ་ཉིད་དང་ཚིག་དེ་ཉིད་དང༌། དེ་དང་མཐུན་པའི་དོན་གྱིས་སྡུད་པ་པོས་རྣམ་པར་མཛད་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་པདྨའི་ནང་དུ་བསྐྱེད་ཅིང་སྤྲུལ་པའི་དཀྱིལ་འཁོར་རོ། །གསང་བ་འདུས་པ་ཞེས་པ་ནི་སྔར་བཤད་པའི་དོན་དང་ལྡན་པ་ལའོ། །བྱིན་གྱིས་རློབ་པ་ཞེས་པ་ནི་སྤྲོ་བ་དང་དགོད་པ་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱའོ། །ལེའུ་ཞེས་པ་ནི་འདི་ནི་གྲགས་པའི་སྒྲ་སྟེ་རྒྱུད་ཀྱི་དོན་ཡོངས་སུ་གཅོད་པའི་མཚན་ཉིད་སོ་སོར་བསྟན་པའོ། །ཡང་ན་སྦྱོར་བ་ལ་གྲགས་པའི་སྒྲའོ། །ཡན་ལག་གི་དོན་གྱི་དབྱེ་བའི་སྒོ་ནས་གཟུང་བར་བྱའོ། །ཤ་སྦྲང་དང་མཆུ་སྙུང་ལ་སོགས་པའི་གནོད་པ་འཇོམས་པར་བྱེད་པ་གོས་སུ་གྲགས་པ་དེ་བཞིན་དུ། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཉེ་བར་འཚེ་བ་འཇོམས་པར་བྱེད་པས་ན། གོས་དང་འདྲ་བས་ན་གོས་སོ། །འདིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་པའི་མཚན་ཉིད་སྲིད་པའི་འཁོར་ལོ་གསུངས་པ་འདི་ལྟ་སྟེ། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ཉེ་བར་ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤིའོ། །དེ་ལ་དང་པོ་དང་བརྒྱད་པ་དང་དགུ་པ་ནི་མ་རིག་པ་དང༌། སྲེད་པ་དང་ལེན་པ་ནི་ཉོན་མོངས་པ་ཞེས་བྱ་བའོ། །གང་གི་ཕྱིར་ཉོན་མོངས་པ་ཐམས་


DTG032_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྩ་བ་ནི་མ་རིག་པའོ། །གང་གི་ཕྱིར་མི་རྟག་པ་དང༌། མི་གཙང་བ་དང་སྡུག་བསྔལ་བ་དང༌། བདག་མེད་པ་རྣམས་སུ་རྟག་པ་དང་གཙང་བ་དང༌། བདེ་བ་དང་བདག་ཏུ་སྣང་བ་ནི་མ་རིག་པ་སྟེ། གཏི་མུག་ཆེན་པོའི་མུན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་དང་ལྷན་ཅིག་སྤྱོད་པ་ནི་སྲིད་པ་དང་དགའ་བ་དང་ཆགས་པར་བཅས་པ་གང་གིས་སྲིད་པའི་ལོངས་སྤྱོད་རྣམས་ལ་འདོད་པ་སྐྱེ་བའོ། །དེ་དག་སྲིད་པ་སྔ་མ་མ་རིག་པ་དང་སྲིད་པ་དག་གི་འགྲོ་བ་རིགས་དྲུག་གི་སྲིད་པའི་འཁོར་ལོ་མ་ལུས་པའི་རྩ་བ་ཡིན་ནོ། །ཇི་སྐད་དུ། བདག་ཡོད་པ་ནི་གཞན་གྱི་འདུ་ཤེས་ཏེ། །རང་དང་གཞན་གྱི་དབྱེ་བས་ཆགས་སྡང་བྱུང༌། །དེ་གཉིས་ཕན་ཚུན་ཀུན་དུ་འབྲེལ་པ་ལས། །སྐྱོན་རྣམས་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་འབྱུང་ངོ༌། །ལེན་པ་ཡང་དེ་དག་རྒྱས་པའི་མཚན་ཉིད་ཕུང་པོ་སོ་སོར་ལེན་པའོ། །དེ་ལྟར་ཉོན་མོངས་པ་དེ་དག་གོ །དེ་བཞིན་དུ་གཉིས་པ་དང་བཅུ་པ་སྟེ་འདུ་བྱེད་དང་སྲིད་པ་དག་ནི་ལས་སོ། །དེ་ལ་འདུ་བྱེད་ནི་གཉིས་ཏེ། སེམས་དང་ལྡན་པ་དང་སེམས་དང་མི་ལྡན་པའོ། །དེ་ལ་སེམས་དང་ལྡན་པ་ནི་རྣམ་པ་གསུམ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ནི་རྣམ་པ་གཉིས་ཏེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །དེ་ལ་གང་ཉོན་མོངས་པ་དང་ལྡན་པ་དེ་ནི་བསྒྲིབས་ལ་ལུང་དུ་བསྟན་པའོ། །གང་དེ་དང་བྲལ་བ་དེ་ནི་མ་བསྒྲིབས་ལ་ལུང་དུ་བསྟན་པའོ། །དེ་ལ་སེམས་དང་ལྡན་པ་ནི་སེམས་པ་དང་ཚོར་བ་དང་འདུ་ཤེས་དང་འདུན་པ་དང་རེག་པ་དང༌། བློ་དང་དྲན་པ་དང་ཡིད་ལ་བྱེད་པ་དང་ལྷག་པར་མོས་པ་དང༌། ཏིང་ངེ་འཛིན་དང༌། དད་པ་དང༌། ངོ་ཚ་དང་ཁྲེལ་དང་སེར་སྣ་མེད་པ་དང་ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་དང༌། སྦྱངས་པ་དང་བག་ཡོད་པ་དང་བཏང་སྙོམས་དང་རྣམ་པར་འཚེ་བ་མེད་པ་དང༌། འདོད་ཆགས་ནས་བརྩམས་ཏེ་སྤྱོད་པའི་བར་དུ་ལྔ་བཅུ་རྩ་གཅིག་གོ །ཐོབ་པ་དང་མ་ཐོབ་པ་དང༌། སྐལ་པ་མཚུངས་པ་དང༌། འདུ་ཤེས་མེད་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མ་ཡིན་པའི་སྙོམས་པར་ཞུགས་པ་དང༌། སྲོག་གི་དབང་པོ་དང༌། སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང༌། མི་རྟག་པ་དང་མིང་གི་ཚོགས་དང་


DTG032_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཏེ་སེམས་དང་མི་ལྡན་པ་ནི་བཅུ་བཞིའོ། །སྲིད་པ་ནི་གསུམ་སྟེ། འཆི་བའི་སྲིད་པ་དང༌། བར་མ་དོའི་སྲིད་པ་དང༌། སྐྱེ་བའི་སྲིད་པའོ། །དེ་དག་ནི་ལས་ཏེ། དགེ་བ་དང་མི་དགེ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །ལྷག་མ་བདུན་ནི་སྡུག་བསྔལ་ཅན་གྱི་རྣམ་གྲངས་ཏེ་སྐྱེ་བའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྐྱེ་བ་དང༌། རྒ་ཤིའོ། །དེ་ལ་རྣམ་པར་ཤེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་བརྒྱད་དོ། །ཡང་ན་ལྔ་སྟེ། ཀུན་གཞི་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། རང་དང་གཞན་གྱི་རྒྱུད་ལ་གནས་པའི་དབང་པོའི་རྣམ་པར་ཤེས་པ་དང༌། འཇུག་པའི་རྣམ་པར་ཤེས་པ་དང༌། གཟུགས་ལ་སོགས་པའི་སོ་སོར་སྣང་བའི་རྣམ་པར་ཤེས་པའོ། །ཡང་ན་གསུམ་སྟེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། འཇུག་པའི་རྣམ་པར་ཤེས་པའོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་གཅིག་ཏུ་བྱས་ཏེ། རྣམ་པར་ཤེས་པ་གཅིག་ཅེས་ལ་ལ་འདོད་དེ། ཇི་སྐད་དུ། དོན་དང་སེམས་ཅན་བདག་རྣམ་རིག །སོ་སོར་སྣང་བ་རབ་སྐྱེ་བ། །རྣམ་པར་ཤེས་པ་དེ་དོན་མེད། །དེ་མེད་པས་ནི་དེ་ཡང་མེད། །གཅིག་ནི་རྐྱེན་གྱི་རྣམ་ཤེས་ཏེ། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ལོངས་སྤྱོད་ཡོངས་སུ་སྤྱོད་པ་དང༌། སྐུལ་བྱེད་དེ་ལ་སེམས་ལས་བྱུང༌། །ཞེས་འབྱུང་ངོ༌། །དེ་བཞིན་དུ་ཡང༌། རྣམ་བར་སྨིན་པ་ངར་སེམས་དང༌། །ཡུལ་ལ་རྣམ་པར་རིག་པའོ། །ཞེས་འབྱུང་ངོ༌། །དེ་བཞིན་དུ། གཅིག་པུ་ཉིད་ནི་གཉིས་སུ་སྣང༌། །སེམས་ཉིད་རྣམ་པར་འཁྲུལ་པས་སོ། །གཟུང་འཛིན་དག་གི་དབྱེ་བ་ཡིས། །ཤིན་ཏུ་མཁས་པས་ཅི་མིན་ནམ། །ཞེས་བྱ་བ་ལ་སོགས་པ་འབྱུང་བས་སོ། །མིང་དང་གཟུགས་ནི་རྣམ་པ་བཞི་སྟེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ནི་གཟུགས་མེད་པའི་ཕུང་པོའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། །དབང་པོ་དང་ཡུལ་དང་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་བཅུ་གཅིག་


DTG032_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གོ །དེ་ལྟར་ཕུང་པོ་བཞིའི་བདག་ཉིད་ཀྱི་མིང་དང༌། གཟུགས་ཞེས་བྱའོ། །སྐྱེ་མཆེད་དྲུག་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་སྐྱེ་མཆེད་དོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས་པ་ལས་སྐྱེས་པ་ནི་རེག་པའོ། །ཚོར་བ་ནི་མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང༌། སྡུག་བསྔལ་བ་དང༌། བཏང་སྙོམས་ཀྱི་ངོ་བོ་ཉིད་དོ། །དེ་ཡང་མིག་ལ་སོགས་པའི་དབྱེ་བས་རྣམ་པར་བཅོ་བརྒྱད་དུ་འགྱུར་རོ། །སྐྱེ་བ་ཡང་རྣམ་པ་བཞི་སྟེ། སྒོ་ང་དང༌། དྲོད་གཤེར་དང༌། མངལ་དང༌། རྫུས་ཏེ་སྐྱེས་པའོ། །དམྱལ་བ་དང༌། ཡི་དགས་དང༌། བྱོལ་སོང་དང༌། ལྷ་དང༌། ལྷ་མ་ཡིན་དང༌། མིའི་དབྱེ་བས་དྲུག་ཅེས་ལ་ལ་འདོད་དོ། །ངན་སོང་དང་བདེ་འགྲོའི་དབྱེ་བས་གཉིས་སུ་ཡང་འདོད་དོ། །རྒ་བ་ཡང་ནུས་པ་དང་བྲལ་བའི་མཚན་ཉིད་ཀྱི་ཆོས་སོ། །ཤི་བ་ནི་ཕུང་པོ་འདོར་བས་རྣམ་པར་ཤེས་པའི་སྐད་ཅིག་མཚོར་བ་ལ་གནས་པའི་ངོ་བོ་ཆོས་བདུན་པོ་དེ་དག་ནི་སྐྱེ་བ་སྟེ་སྐྱེས་པ་ལ་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་བདུན་དང་འབྲེལ་བའི་ཕྱིར་རོ། །ཉོན་མོངས་པ་དང་ལས་དང་སྐྱེ་བ་འདི་དག་གིས་ཁམས་གསུམ་ན་གནས་པའི་སེམས་ཅན་གྱི་ཚོགས་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་འཁོར་བར་བྱེད་པས་འགྲོ་བ་གཅིག་ནས་གཅིག་ཏུ་ཐོབ་པར་གྱུར་ནས་ཉོན་མོངས་པ་ཚོན་པོ་མྱོང་བར་འགྱུར་རོ། །ཐལ་ཚན་གྱི་ཆུ་བོའི་མདོ་ལས་ཀྱང༌། །ནོར་ཕྲོགས་རྐུན་མ་ལས་བདག་མི་འཇིགས། །དེ་ཡིས་ནོར་ཕྲོགས་དེ་ཡང་ཡོད་མ་ཡིན། །ཡིད་ལ་བསགས་ཤིང་བསགས་པའི་དག་པའི་ནོར། །ཐ་མལ་རྟོག་པ་དག་གིས་ངེས་པར་འཕྲོག །ཅེས་དགོན་པའི་དགེ་སློང་གིས་ལག་པ་གྱེན་དུ་བརྐྱང་ཞེས་ཉིན་མོའིའོ་འདོད་འབོད་ཅེས་འབྱུང་ངོ༌། །དེ་བས་ན་ཉོན་མོངས་པའི་དབང་གིས་ལས་འབྱུང་བ་དང༌། ལས་ཀྱི་དབང་གིས་སྐྱེ་བ་དང༌། དེ་ལས་ཀྱང་ལས་དང༌། ཡང་ཉོན་མོངས་པ་སྐྱེ་ཞེས་འཁོར་བ་ཐ་མ་མེད་པ་ལ་འཁོར་ལོ་བཞིན་དུ་ཡོངས་སུ་འཁོར་བའོ། །སྲིད་པའི་འཁོར་ལོ་འདི་ནི་བདག་ལ་སོགས་པ་གང་གིས་ཀྱང་མི་བསྐྱེད་དེ། །སྟོང་པ་ཁོ་ན་ལས་ཀྱང་ཆོས་སྟོང་པ་འབྱུང་བའི་ཕྱིར་རོ། །ཇི་སྐད་དུ། གསུམ་ལས་གཉིས་སོ་སྐྱེ་བར་འགྱུར་བ་སྟེ། །གཉིས་ལས་བདུན་པོ་


DTG032_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཞིང་བདུན་ལས་ནི། །གཉིས་པོ་ཡང་དག་སྐྱེ་འགྱུར་དེ་ཕྱིར་འདི། །ཐོག་མ་མེད་པའི་སྲིད་པའི་འཁོར་ལོ་ཡིན། །སྟོང་པ་ཁོ་ནའི་ཆོས་ལས་ཆོས་རྣམས་ནི། །སྟོང་པའི་རང་བཞིན་རབ་ཏུ་སྐྱེ་བར་འགྱུར། །ཁ་ཐོན་མར་མེ་མེ་ལོང་རྒྱ། མེ་ཤེལ་ས་བོན་སྐྱུར་དང་སྒྲ། །ཕུང་པོ་ཉིད་མཚམས་སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁན་རྟོགས་བྱ། །ཞེས་འབྱུང་ངོ༌། །དེའི་ཕྱིར་ཉོན་མོངས་པ་དང་ལས་དང་སྐྱེ་བ་ཉིད་ནི་ཉེ་བར་འཚེ་བ་སྟེ་སྐྱོན་ཆེན་པོའོ། །དེ་རྣམས་རིམ་པ་གཉིས་སྒོམ་པའི་སྒོ་ནས་བཟློག་པ་ནི་ཉེ་བར་བྱེད་པས་གོས་དང་འདྲ་བས་གོས་སོ། །དེ་ལེན་ཅིང་འཛིན་པས་ན་ཞེས་པ་ལ། བསྐྱེད་པ་དང་རྫོགས་པའི་མཚན་ཉིད་ཅན་གྱིས་བརྗོད་པར་བྱ་བའི་དོན་རྗོད་པར་བྱེད་པའི་ཚིག་གི་མཚན་ཉིད་དོ། །དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ་ཞེས་པ་ནི་རིམ་པ་གཉིས་ཀའི་ངོ་བོ་རྟོག་པ་དང་ཡོངས་སུ་རྫོགས་པའི་ལྷའི་སྐུ་སྟོན་པར་བྱེད་པའི་ཚིག་གི་ཚོགས་ནི་ལེའུ་ཞེས་བྱ་བའི་དོན་ཏོ། །ལ་ལ་ནི་རླུང་དང་ཆར་པ་ལ་སོགས་པའི་སྐྱོན་སེལ་བར་བྱེད་པའི་ཁྱིམ་གྱི་བླ་གབ་བཞིན་དུ་ཉོན་མོངས་པ་དང་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་ཞི་བར་བྱེད་པས་ལེའུ་ཞེས་སྨྲའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་འགྲེལ་བའི་ཊཱི་ཀཱ་ལས་ལེའུ་དང་པོའོ།། །།


no previousལེའུ་དང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་རྒྱ་ཆེར་བཤད་པ།next