Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་གསུམ་པ།

54 occurrences of བདག་མེད་པ་
[Clear Hits]


46  collapse section
 
ལེའུ་དགུ་པ། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་རྒྱ་ཆེར་བཤད་པ།
 
 
 
 
 
 
 
10   
 


54 occurrences of བདག་མེད་པ་
[Clear Hits]

 
no previousལེའུ་དགུ་པ། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་རྒྱ་ཆེར་བཤད་པ།next

ལེའུ་དགུ་པ། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་རྒྱ་ཆེར་བཤད་པ།


DTG033_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པས་ལེའུ་དགུ་པའི་བཤད་པ་བརྩམ་པར་བྱ་སྟེ། རྨད་དུ་བྱུང་བའི་བྱ་བས་ཀྱང་ཞེས་པ་ནི་འཇིག་རྟེན་དང་འགལ་བའི་སྤྱོད་པའི་བྱ་བས་སོ། །བྱང་ཆུབ་སྒྲུབ་པ་ཞེས་པ་ནི་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་རྫོགས་པའོ། །དགོས་པ་ནི་འདི་ཡིན་ཏེ་གསང་བའི་དབང་བསྐུར་བ་ཐོབ་ནས་དེའི་དུས་སུ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་འགྲུབ་པའི་ཕྱིར། སྟོབས་ཀྱི་སྦྱོར་བས་བྱང་ཆུབ་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་ལེའུ་བརྒྱད་པའི་ཡན་ལག་ཏུ་གྱུར་བའི་ལེའུ་དགུ་པ་ཡིན་ནོ། །ནམ་མཁའ་བཞིའི་བདག་ཉིད་ཅན་གྱིས་ན་ཞེས་པ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་དང་ཐམས་ཅད་སྟོང་པ་སྟེ་སྟོང་པ་བཞིའི་བདག་ཉིད་ཅན་ནོ། །ཡང་ན་རུས་སྦལ་མ་དང་ཟླ་བ་མ་དང་ལྷ་སྦྱིན་མ་དང་ནོར་རྒྱལ་མ་སྟེ་བྷ་གའི་ཤར་ཕྱོགས་ལ་སོགས་པའི་ཕྱོགས་རྣམས་ལ་གནས་པ་སྟེ་འབྱུང་བའི་རྩའོ། །དབུས་སུ་འདོད་པའི་གདུགས་ཏེ་དཔལ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནོ། །དེ་ལྟར་ནམ་མཁའ་བཞིའི་བདག་ཉིད་ཅན་ནོ། །ཇི་སྐད་དུ། བྷ་གའི་དབུས་སུ་ནམ་མཁའ་གང༌། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བ་དང་ནི་ཟེའུ་འབྲུར་ལྡན། །འདབ་


DTG033_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམ་པ་བརྒྱད་ཀྱིས་མཛེས། །ཐིག་ལེའི་གཟུགས་ཅན་བདུད་རྩི་ནི། །དེར་གནས་རྟག་ཏུ་འཛག་པར་བྱེད། །ཅེས་འབྱུང་ངོ༌། །དེ་བཞིན་དུ། ནམ་མཁའ་ནམ་མཁའ་དང་སྦྱོར་བ། །ཐམས་ཅད་ནམ་མཁའ་ནམ་མཁའ་ཆེ། །ཞེས་འབྱུང་བས་སོ། །དེ་ཉིད་ཀྱིས་ན་ཞེས་པ་ལ་མི་འཇིག་པའི་ཕྱིར་རོ། །བྱ་བའི་རྒྱུད་ལ་སོགས་པར་རབ་ཏུ་ཞུགས་པ་རྣམས་ཀྱི་ཞེས་པ་ནི། དཔལ་སྒྲོལ་མ་འབྱུང་བ་ལ་སོགས་པའི་རྒྱུད་རྣམས་ལ་རབ་ཏུ་ཞུགས་པ་རྣམས་ཀྱིའོ། །དབང་བསྐུར་བའི་སྤྱོད་པ་ཞེས་བྱ་བ་ནི་བྱ་བའི་རྒྱུད་དེ་ལ་འཇུག་པ་རྣམས་ཀྱི་བུམ་པ་ལ་སོགས་པའི་དབང་བསྐུར་ལྔ་དང་སྤྱོད་པའི་རྒྱུད་ལ་འཇུག་པ་རྣམས་ཀྱི་དེ་ཉིད་བརྒྱད་དང༌། རྣལ་འབྱོར་རྒྱུད་ལ་འཇུག་པ་རྣམས་ཀྱི་དེ་ཉིད་དེ་འོན་ཀྱང་སེམས་མ་རྡོ་རྗེ་ལ་སོགས་པའི་དབང་པོའི་དབང་བསྐུར་ནི་བཞིའོ། །འདིར་བཞི་ནི་རབ་ཏུ་ཕྱེ་ན་བཅུ་བཞིར་འགྱུར་རོ། །དེ་རྣམས་ཀྱི་སྟེང་ན་གནས་པས་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྤྱོད་པ་ཐམས་ཅད་ཀྱི་མཆོག་ཡིན་པས་སོ། །དངོས་གྲུབ་འདོད་པ་རྣམས་ཀྱིས་ཞེས་པ་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་འདོད་པས་སོ། །དེ་བཞིན་གཤེགས་པ་དྲུག་པ་ཞེས་པ་ནི་ཐམས་ཅད་བསུ་བར་བྱེད་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ། །སྦྱར་རོ་ཞེས་པ་ནི་བྱ་བ་དང་བྱེད་པ་པོའི་ཚིག་དག་གི་


DTG033_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པའོ། །བདག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལོངས་སྤྱོད་ལ་ཞེས་པ་ནི་རྣལ་འབྱོར་པའི་འབྲེལ་པ་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་བདེ་བ་ཆེན་པོ་མྱོང་བའོ། །རྣམ་པར་སྣང་མཛད་ལ་སོགས་པའོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རེ་རེའི་སྐུ་ལ་སོགས་པའི་ངོ་བོ་ཡིན་པས་སོ། །ཤིན་ཏུ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཞེས་པ་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་གཞན་གྱི་བུད་མེད་ལ་འགྲོ་བ་དང་བརྫུན་སྨྲ་བ་དང་ཚིག་རྩུབ་མོའི་སྒོ་ནས་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པའོ། །རིན་པོ་ཆེ་ལྟ་བུའི་གང་ཟག་གི་སྤྱོད་ཡུལ་ཡིན་གྱི་ཞེས་པ་ནི་དབང་པོ་རྣོ་བའི་གང་ཟག་དམ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་སོ། །གཞན་སངས་རྒྱས་ཀྱི་མུ་སྟེགས་པ་དག་ཅེས་པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །སྐྲག་པར་བྱེད་པས་ཞེས་བྱ་བ་ནི་བསྡིགས་པར་བྱེད་པས་སོ། །བསྡིགས་པ་དེ་ཡང་སྲོག་གཅོད་པ་ལ་སོགས་པའི་ཚ་བའི་རྣམ་པར་སྨིན་པ་ཐོབ་པས་སོ། །ཐབས་ལ་མཁས་པ་དང་ལྡན་པའི་བསྔགས་པ་རྣམས་ཀྱིས་འགལ་བའམ་མི་འགལ་བ་བྱེད་པས་བྱང་ཆུབ་ཉིད་ཐོབ་པར་འགྱུར་ཏེ། དགེ་བའམ་ནི་མི་དགེ་བ། །བྱང་ཆུབ་སེམས་དཔའ་བརྟགས་པ་ཡིས། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་རྣམས་ཡིད་དབང་པོ། །ཞེས་བཤད་པའི་ཕྱིར་རོ། །མི་བསྟན་པ་ནི་ཞེས་པ་ལ། དེ་རྣམས་ལ་བཤད་པར་མི་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི། བསྟན་པ་ཙམ་སོ་སོར་བསྟན་པ་ལ་སོགས་པའི་སྒྲས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་པ་ནས་བརྩམས་ཏེ། གཞན་དུ་སྡིག་པའི་ཡུལ་ཡིན་ནོ། །ཞེས་པའི་བར་དུ་ཐུགས་རྡོ་རྗེ་འཆང་གི་ཏིང་ངེ་འཛིན་གྱིས་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང་མཚམས་མེད་པ་རྣམ་པ་ལྔ་བྱེད་པ་ལ་སོགས་པ་ལ་མངོན་སྤྱོད་ཀྱི་སྒོ་ནས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་ལ་སྐྱེ་བ་བསྟན་ཏོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། རེ་ཞིག་དང་པོ་རྣལ་འབྱོར་པས། །དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱིས་དཔལ་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོའི་སྐུ་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ་སྔར་བཤད་པའི་སྐུ་མདོག་དང་ཕྱག་མཚན་འཛིན་པ་བསྒོམས་ཏེ།


DTG033_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཕྱག་ལ་འབར་པའི་ཕྲེང་བས་ཁྱབ་པ་རྩེ་ལྔ་པའི་རྡོ་རྗེ་རྣམ་པར་བསམས་ལ། གདན་གྱི་པདྨའི་ནང་ནས་གྲུ་གསུམ་པ་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་འབར་བའི་ཕྲེང་བ་རྣམ་པར་སྤྲོ་བ་བསམས་ཏེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་འབར་བའི་རྡོ་རྗེ་ཉིད་བཀོད་ལ་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པར་བྱེད་པ་གཅེར་བུ་སྐྲ་གྲོལ་བ་ཏིལ་མར་གྱིས་ཡན་ལག་བྱུགས་པ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བའི་ཕྲེང་བས་ཁྱབ་པ་ལ་འདུག་པ་ཁྲོ་བོའི་རྒྱལ་པོའི་ཚོགས་ཀྱིས་ཐོ་བ་ལ་སོགས་པས་བརྡེག་པར་གྱུར་པ། མཆེ་བ་རྣོ་བ་དང་ལྡན་པའི་ཁྱི་ལ་སོགས་པའི་སྲོག་ཆགས་མ་རུངས་པས་བསྐྲད་པར་བྱ་བ་བསམས་ལ། སྡིག་པ་ཆེན་པོ་དང་ལྡན་པ་འདི་ཡིན་ནོ་ཞེས། ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་འདེབས་ཤིང་གསན་དུ་བཅུག་ལ་ལས་ཀྱི་རྣམ་པར་སྨིན་པ་དཀའ་བ་མནར་མེད་པའི་སྡུག་བསྔལ་དེའི་རྗེས་སུ་དྲན་ནས་དེ་གདོན་པའི་བསམ་པ་དང་ལྡན་པས་རླུང་གི་དཀྱིལ་འཁོར་གྱི་གཡོ་བ་ཆོས་འབྱུང་གི་ནང་ནས་འབྱུང་བ། དེའི་དབུས་ན་གནས་པའི་གྲུ་གསུམ་པ་འབར་བའི་འོད་ཀྱིས་གདུང་བར་བྱ་བ་པདྨའི་ནང་དུ་ཞུགས་པའི་གསང་བའི་རྡོ་རྗེ་འབར་བས་ཕྱེ་མར་བརླག་བར་བྱ་བ་རང་གི་སྙིང་ག་ལ་གནས་པའི་འབར་བའི་རྡོ་རྗེ་ཡང་དག་གི་ལམ་ནས་སྤྲོས་ཏེ། ལྷ་མོའི་ཁར་བཅུག་ལ་དེའི་སྙིང་གར་ཕྱིན་ནས་དེ་ལས་ཀྱང་ཐོག་འབར་བ་བཞིན་དུ་བཅུག་ནས་ཕྱེ་མར་གྱུར་པ་བསྲེགས་པས་ཐལ་བར་གྱུར་བར་བསམས་ཏེ། དེའི་རྣམ་པར་ཤེས་པ་ཡང་དང་བ་མར་མེ་དང་འདྲ་བར་བལྟས་ཏེ། དེ་ཡོངས་སུ་གྱུར་བ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་ཞལ་གསུམ་པ་ལ་སོགས་པ་ལྟ་བུ་ལྷ་མོ་དང་སྙོམས་པར་ཞུགས་པར་དམིགས་ལ་དེ་ལས་སྤྲོས་ཏེ། ཞེ་སྡང་གི་སྤྱོད་པ་དང་ལྡན་པའི་སེམས་ཅན་གྱི་ཁམས་སྦྱོང་བ་སྔོན་དུ་འགྲོ་བས་མངོན་པར་དགའ་པའི་སངས་རྒྱས་ཀྱི་ཞིང་ལ་བཞུགས་པ་དཀྱིལ་འཁོར་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཆོས་སྟོན་པར་མཛད་པར་བསམ་པར་བྱའོ། །འོད་འཕྲོ་བ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་འོད་དང་བཅས་པ་འདི་བསྟན་ཏོ། །འདིས་ཞེས་བྱ་བ་ལ་སོགས་པ་ནི་སྤྱི་ལ་གཅིག་གི་ཚིག་གོ །ཁམས་གསུམ་དུ་བྱུང་བའི་དེ་


DTG033_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་རྣམས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་དབང་པོར་བྱས་ནས་སོ། །རྡོ་རྗེ་ཕྱེ་མར་བརླག་པ་སྟེ། །ཞེས་པ་ནི་རྡོ་རྗེ་གསུམ་གྱིས་གདུལ་བར་དཀའ་བའི་གདུལ་བྱ་རྣམས་སོ། །དེ་རྣམས་ཀྱིས་ཞེས་པ་ནི་གདུལ་བར་དཀའ་བའི་བསྒྲུབ་བྱ་རྣམས་ཀྱིའོ། །སྐུ་ལ་སོགས་པ་ནི་རྡོ་རྗེ་གསུམ་པོ་དེས་ཕྱེ་མར་བརླག་པར་བསམ་པར་བྱའོ། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་སྟེ་ཞེས་པ་ནི། བསྒྲུབ་བྱ་དཔལ་རྡོ་རྗེ་ཐུགས་ཀྱི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའོ། །རྡོ་རྗེ་གསང་བ་འདི་ལྟ་བུས། །ཞེས་པ་ནི་གསང་བའི་རྡོ་རྗེ་དང་སྙིང་གའི་རྡོ་རྗེ་དང་ཕྱག་མཚན་གྱི་རྡོ་རྗེ་གསུམ་གྱིས་མཚམས་མེད་པ་ལྔ་བྱེད་པའི་སེམས་ཅན་ཐམས་ཅད་བརླག་པར་བྱའོ། །བསམ་གཏན་གྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་ཞེས་པ་ནི་མངོན་པར་དགའ་བ་ལའོ། །རྒྱལ་བའི་སྲས་ཞེས་པ་ནི་རྒྱལ་བ་དང༌། རྒྱལ་བའི་སྲས་ནི་རྒྱལ་སྲས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔར་སྐྱེ་བར་འགྱུར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པའོ། །འདིར་གང་ཞིག་གཅིག་པུ་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་ཏེ། གལ་ཏེ་གཅིག་པུ་ནི་གདུལ་བར་དཀའ་བ་སྐྱེ་བོ་ཐམས་ཅད་ལ་འཚེ་བར་བྱེད་པའོ། །བསད་ན་ནི་དེ་གདོན་བའི་ཕྱིར་སྲོག་དང་བྲལ་བར་བྱ་བའོ། །མང་པོ་བདེ་བར་འགྱུར་བ་ནི་བདེ་བ་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་ཡིན་པས་སོ། །བསོད་ནམས་ཀྱི་ཕུང་པོ་ཆེན་པོར་འགྱུར་རོ། །གཞན་དུ་ནི་གལ་ཏེ་དེ་ལྟར་མ་བྱས་ན། འཕྲན་ཚེགས་ལ་དམིགས་པ་ཙམ་གྱིས་ཕ་རོལ་གྱི་སྐྱོན་མཐོང་ནས་མངོན་སྤྱོད་བྱེད་ན་དེའི་ཚེ་སྡིག་པའི་ཕུལ་དུ་འགྱུར་ཏེ་སྙིང་རྗེ་དང་ཕྲལ་བས་སོ། །སྲོག་གཅོད་པས་ནི་མནར་མེད་པའི་སྡུག་བསྔལ་འབྱུང་བར་འགྱུར་ཏེ། སྲོག་གཅོད་པ་ནི་མ་རུངས་པ། །དྲག་པོ་ལག་པ་ཁྲག་གིས་བྱུགས། །སྡིག་པའི་ལས་ནི་ཀུན་དུ་སྤྱོད། །དུ་འབོད་ལ་ནི་སྐྱེ་བར་འགྱུར། །ཞེས་འབྱུང་བས་སོ། །འོ་ན་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གསོད་པ་དེ་ཡང་དམྱལ་བའི་རྒྱུར་ཇི་ལྟར་མི་འགྱུར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེ་སྡང་ལས་བྱུང་བའི་གསོད་པ་མི་བྱེད་ཅིང་འོན་ཀྱང་སྙིང་རྗེ་ཆེན་པོ་ལས་འབྱུང་བའོ། །སྙིང་རྗེ་ཆེན་པོ་ཡང་ཚད་མེད་པའི་མཚན་ཉིད་ཅན་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཉིད་དུ་


DTG033_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་བས་ན་བསམ་པའི་ཁྱད་པར་གྱི་དབང་གིས་མི་དགེ་བ་ཡང་དགེ་བར་འགྱུར་བ་དང༌། དགེ་བ་ཡང་མི་དགེ་བར་འགྱུར་ཏེ། སྦྱིན་པ་བཏང་བས་སྦྱིན་པའི་འགྱོད་པ་སྐྱེས་པ་བཞིན་ནོ། །དགེ་བའམ་ནི་མི་དགེ་བ། །བྱང་ཆུབ་སེམས་དཔའི་རྟོག་པ་ཡིས། །ཐམས་ཅད་དགེ་བ་ཉིད་གྱུར་ཏེ། །གང་ཕྱིར་དེ་རྣམས་ཡིད་དབང་བའོ། །ཞེས་འབྱུང་ངོ༌། །གཞན་ཡང་ནང་ན་སྙིང་རྗེས་ཁྱབ་པའི་ཕྱི་རོལ་དུ་གཟུགས་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྲོ་བ་འདུལ་བར་བྱེད་པ་སྟེ། །ཇི་སྐད་དུ། ཉི་མའི་འོད་ཀྱིས་གདུངས་པའི་མཚོ་ཆེན་པོ། །མཚུངས་པའི་སྐུ་ལྡན་ཁྲོས་པའི་སྙིང་རྗེ་ཆེ། །ནང་ན་གངས་ལྟར་ཤིན་ཏུ་གྲང་བ་སྟེ། །འགྲོ་བ་འདུལ་ཕྱིར་ཕྱི་རོལ་དུ་ནི་ཚ། །ཞེས་འབྱུང་བས་སོ། །གཞན་ཡང་མངོན་སྤྱོད་ཡིན་མོད་ཀྱི། འོན་ཀྱང་ཡན་ལག་ལྔ་པོའི་སྲོག་གཅོད་པའི་ཡན་ལག་གཅིག་མ་ཚང་བས་སྲོག་གཅོད་པ་མ་ཡིན་ནོ་ཞེས་ལུང་ལས་གསུངས་སོ། །རྣམ་པར་རྟོག་པའི་དྲི་མ་མ་ལུས་པ་རབ་ཏུ་བཅོམ་པ་སེམས་ཀྱི་རྒྱུད་ཐུགས་རྗེ་ཆེན་པོས་ཚིམ་པ། མནར་མེད་པའི་སྡུག་བསྔལ་ལས་གདུལ་བར་དཀའ་བའི་སེམས་ཅན་རྣམས་གདོན་པར་དཀའ་བ་འབའ་ཞིག་ཏུ་བྱང་ཆུབ་སེམས་དཔའ་མ་ཡིན་གྱི་ཇི་སྲིད་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་ལ་དེ་རྣམས་རབ་ཏུ་གནས་པར་འདོད་པ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་དེ་རྣམས་ཀྱི་སྲོག་འགུགས་པར་བྱེད་པའི་ཇི་ལྟར་སྡིག་པ་སྐྱེ་བར་འགྱུར། འོན་ཏེ་སེམས་ཅན་མ་ལུས་པའི་དོན་བསྒྲུབ་པས་ལོངས་སྤྱོད་དང་ཐར་བའི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས། བསྡུས་པའི་དོན་ཏོ། །ཡང་ན་འཁོར་གསུམ་རྣམ་པར་དག་པས་མངོན་སྤྱོད་བྱེད་ན་ཡང་སྐྱོན་མེད་དེ། དྲག་པོའི་ཉེར་འགྲོ་རྣམ་རིག་ནི། །སྐད་ཅིག་ཡིན་པས་མི་འཐད་དེ། །འོན་ཏེ་ཚུལ་འདི་ཉིད་ལ་ནི། །གང་དུ་བསད་བྱ་གསོད་བྱེད་མིན། །ཞེས་འབྱུང་བས་སོ། །གཏི་མུག་གི་དམ་ཚིག་ཅེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་དམ་ཚིག་གོ །རྨོངས་ཤིང་མ་རིག་པ་ཞེས་པ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཀྱི་རྣམ་གྲངས་སོ། །ཡང་དག་པའི་མཐའ་ཐོབ་པར་མཛད་པ་ཞེས་པ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་འོད་གསལ་བའི་གོ་འཕང་མངོན་དུ་བྱེད་པར་འགྱུར་ཏེ། རིམ་པ་གཉིས་པ་


DTG033_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཞི་པ་དག་གིས་སོ། །རང་བཞིན་གྱིས་ཡོངས་སུ་དག་པ་སྟེ་དེ་ཉིད་ཀྱི་ཕྱིར་རོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དག་གིས་མ་གོས་པ་ནི་ཞེས་པ་ལ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་བག་ཆགས་དག་གིས་མ་རེག་པའོ། །དེས་ནི་ཟུང་དུ་འཇུག་པའི་རིམ་པའི་བདག་ཉིད་བཅོམ་ལྡན་འདས་བསྟན་ཏོ། །སེར་སྣའི་ཉོན་མོངས་བ་སེལ་བའི་བདག་ཉིད་ཀྱིས་ཞེས་པ་ནི་ཉོན་མོངས་པ་སེར་སྣ་ལས་ལྡོག་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །ཕྱིན་ཅི་མ་ལོག་པས་ཞེས་པ་ནི་མི་སླུ་བའོ། །རྫས་དགུག་པ་ནི་སེར་སྣ་དང་བཅས་པའི་སྐྱེ་བོའི་ནོར་དགུག་པའོ། །བཤད་ཟིན་པ་ནི་མི་བསྐྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་བཞིན་ནོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རིམ་པས་རང་གི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྐྱེད་ལ་དེ་ཡོངས་སུ་གྱུར་པ་ལས་ཇི་ལྟར་གསུངས་པའི་དབྱིབས་དང་ཁ་དོག་ལ་སོགས་པ་དང་ལྡན་པ་རྣམ་པར་སྣང་མཛད་བསྒོམས་ལ། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་པ་རྣམས་སྤྲོས་ལ་དེ་རྣམས་ཀྱང་སེར་སྣ་ཅན་གྱི་སྐྱེས་བུའི་མཛོད་ལ་སོགས་པ་ལ་ཞུགས་ནས་རང་གི་བ་སྤུའི་བུ་གནས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དེ་རྣམས་ཀྱི་རིན་པོ་ཆེ་ལ་སོགས་པས་བཅིངས་ཏེ། རང་གི་ལྕེ་ལས་བྱུང་བའི་ཡི་གེ་ཧྲཱིཿ་ཡོངས་སུ་གྱུར་པའི་ལྕགས་ཀྱུས་བཀུག་ལ་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་ཞིང་དེ་བཞིན་གཤེགས་པ་ཁྲོ་བོའི་གཟུགས་འཛིན་པས་བསྲུང་བ། རང་གི་མཛོད་ལ་འཇུག་ཅིང་གནས་པར་བསྒོམ་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོའི་སྐུ་སྟེ་དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པའི་ཏིང་ངེ་འཛིན་ལས་བསྐྱེད་པའོ། །དེ་ཡོངས་སུ་གྱུར་པ་ལས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་བས་སོ། །རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ལ་ཞེས་པ་ནི་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རིམ་པས་རྫོགས་པའོ། །དཀྱིལ་འཁོར་ཐམས་ཅད་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པའོ། །དབྱུང་བར་བྱའོ་ཞེས་པ་ནི་ཕྱག་རྒྱ་འདུས་བྱས་པ་སྔོན་དུ་འགྲོ་བར་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་རིམ་པས་སྤྲོ་བར་བྱའོ། །དཀར་པོ་ལ་སོགས་པའི་མདོག་དང་ལྡན་པ་ཞེས་པ་ནི་དཀར་པོ་ལ་


DTG033_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་འོད་ཟེར་དང་ལྡན་པའོ། །རིན་པོ་ཆེའི་རིགས་ཞེས་པ་ནི་ཆུ་ཤེལ་ལ་སོགས་པ་རིན་པོ་ཆེའི་རིགས་སོ། །དེ་ཡི་དོན་དུ་རབ་སྦྱོར་བས། །ཞེས་པ་ནི་དེ་རྣམས་དགུག་པའི་དོན་དུའོ། །མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སུ་ཞེས་པ་ནི་རབ་ཏུ་བརྟག་ཅིང་གཏོང་བ་སྟེ། འོད་ཅེས་པ་ནི་འོད་ཟེར་གྱི་སྦྱོར་བས་སྤྲོ་བར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རིན་པོ་ཆེ་གང་དང་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོངས་པ་ནི་ཇི་ལྟར་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ལ་དམིགས་ནས་ཞི་བ་ལ་སོགས་པ་འགྲུབ་པ་དེ་བཞིན་དུ་ཁ་དོག་མཐུན་པ་ལ་དམིགས་ནས་རིན་པོ་ཆེ་རྣམས་ཀྱང་དགུག་པར་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བཀའི་འཁོར་ལོ་བསྐུལ་བ་སྔོན་དུ་འགྲོ་བར་རྣལ་འབྱོར་པའི་ཕྲིན་ལས་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་རྫས་དགུག་པ་ཞེས་པ་ནི་སེར་སྣ་ཅན་གྱི་སྐྱེས་བུའི་ནོར་དགུག་བྱའོ། །རྡོ་རྗེ་གསུམ་ནི་མདོར་བསྟན་པའོ། །སྐུ་དང་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བཤད་པའོ། །འདི་ལྟ་སྟེ་བ་སྤུའི་བུ་ག་ཞེས་པ་ལ་སོགས་པ་ཡང་བཤད་པའོ། །དེ་ཡང་གོ་སླའོ། །ཕན་ཡོན་བསྟན་པར་བྱ་བའི་ཕྱིར་མི་ཟད་པའི་ཕྱིར་ན་ཞེས་པ་ནི་སྣོད་དམ་པ་ལ་དབུལ་བའི་ཕྱིར་རོ། །སྐྱེས་བུ་གང་གིས་སངས་རྒྱས་ལ་འབུལ་ཏེ། །དེ་ཡི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མི་ཟད་འགྱུར། །ཞེས་འབྱུང་ངོ༌། །ཡིད་ལ་མངོན་པར་འདོད་པའི་དོན་རབ་ཏུ་སྐྱེད་པའི་ནོར་བུའི་བྱེ་བྲག་སྟེ་ཞེས་པ་ནི། འཁོར་ལོས་སྒྱུར་བའི་ཁྱིམ་དུ་གང་ཡོད་པའོ། །དེ་དང་འདྲ་བ་ནི་དེ་དང་མཚུངས་པ་སྟེ་ཕ་རོལ་ལ་རྣམས་ཀྱི་ཡང་དབུལ་བོའི་སྡུག་བསྔལ་བཅོམ་པར་བྱེད་པའོ། །འོ་ན་བསམ་པ་དང་དད་པ་དག་གིས་གཞན་ལ་སྦྱིན་པ་གང་ཡིན་པ་དེའི་འབྲས་བུ་དང་འབྲེལ་བ་རིགས་པ་ཡིན་ཏེ། སྦྱིན་པ་དད་པས་དབུལ་བར་བྱ། །ཞེས་འབྱུང་བས་སོ། །གང་ཞིག་དད་པའི་སེམས་མ་བྱུང་བའི་སེར་སྣ་ཅན་གྱི་ནོར་སྟོབས་ཀྱིས་ཕྲོགས་པ་དེའི་འབྲས་བུ་དང་འབྲེལ་བ་མེད་ན་མི་ཟད་པ་ཉིད་སྨོས་ཀྱང་ཅི་དགོས། གང་གི་ཕྱིར་དགེ་བ་འམ་མི་དགེ་བའི་ལས་ཐམས་ཅད་ཀྱི་བྱ་བ་ཡིད་ཀྱི་བྱ་བ་དང་འབྲེལ་པས་འབྲས་བུ་དང་ལྡན་པར་འགྱུར་གྱི། ལུས་དང་ངག་གི་རྣམ་པར་རིག་བྱེད་ཡོད་ན་


DTG033_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་མངོན་དུ་མ་གྱུར་པས་དོན་མེད་པར་འགྱུར་རོ། །བཟླས་པ་དཀའ་ཐུབ་ཐམས་ཅད་ནི། །ཡུན་རིང་དུ་ཡང་བྱས་པ་སྟེ། །གཞན་གྱི་སེམས་ཀྱིས་བྱས་པ་ན། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་འབྱུང་ངོ༌། །སེར་སྣ་ཅན་གྱི་སྦྱིན་པའི་སེམས་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་ཁྲོས་པའི་སོགས་ཀྱང་བསྐྱེད་ཏེ་རྫས་དབྲོག་པར་མཐོང་བས་སོ། །གང་ལ་སྨོད་པའི་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་ལ་སེམས་ཀྱིས་སྨོད་པས་དམྱལ་བར་སྐྱེ་བར་འགྱུར་ཏེ། དེ་ལྟར་ཡོན་བདག་རྒྱལ་བའི་སྲས་ལ་ནི། །གང་གི་རང་གི་སེམས་ཀྱིས་སྨོད་བྱེད་པ། །སྨོད་པ་རྣམས་ནི་འབྱུང་བའི་གྲངས་ཀྱི་ནི། །བསྐལ་པར་དམྱལ་བར་གནས་ཞེས་མགོན་པོས་གསུངས། །གལ་ཏེ་གང་གིས་ཡིད་ནི་དད་གྱུར་ན། །དེ་ཡི་འབྲས་བུ་དེ་ལས་ལྷག་པར་བསྐྱེད། །གང་ཕྱིར་སྟོབས་ནི་ཆེན་པོས་སྡིག་པ་ནི། །རྒྱལ་བའི་སྲས་ལ་ལྷུན་གྱིས་དགེ་བར་འགྱུར། །ཞེས་འབྱུང་ངོ༌། །དེ་བས་ན་མི་ཟད་པ་ཞེས་རིགས་པ་མ་ཡིན་ནོ་ཞེ་ན། སྨྲས་པ་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཞན་གྱི་དོན་བྱ་བ་ལས་མ་གཏོགས་པ་གཞན་ནི་མི་སྤྱོད་པ་དེ་གཞན་གྱི་དོན་ཡང་སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པ་སྔོན་དུ་འགྲོ་བ་ཡིན་ནོ། །ཇི་སྐད་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །མདོར་བསྡུས་པ་དང་རྒྱས་པ་ཡིས། །དེ་ནི་ཇི་ལྟར་མདོ་བཤད་བྱ། །ཞེས་འབྱུང་ངོ༌། །དེ་བས་ན་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེར་སྣ་ཅན་གྱི་རྣམ་པར་སྨིན་པ་ཚ་བའི་ཡི་དགས་ཉིད་རྣམ་པར་སྤྱོད་ནས་དེ་ལས་གདོན་པའི་བསམ་བས། གལ་ཏེ་དེའི་ནོར་སྔགས་དང་ཕྱག་རྒྱའི་སྦྱོར་བས་འཕྲོག་ན་དེའི་ཚེ་དེའི་སྡོམ་པ་ཉམས་པར་མི་འགྱུར་ཏེ། བསམ་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །ནོར་གྱི་བདག་པོ་རྣམས་ཀྱང་སྣོད་དམ་པའི་ལག་ཏུ་བྱིན་པས་འབྲས་བུ་དང་ལྡན་པར་འགྱུར་ཏེ། ཇི་སྐད་དུ། མེས་ཚིག་པའམ་ཆུས་ཁྱེར་བའམ། རྒྱལ་པོ་རྣམས་ཀྱིས་འཕྲོག་པའམ། །གང་ཞིག་ནོར་ནི་རང་སྦྱིན་བ། །ཚེ་ཕྱི་མ་ལ་དྲུག་འགྱུར་འགྱུར། །ཞེས་འབྱུང་བས་བེམས་པོས་ཁྱེར་བ་ཡང་ནོར་གྱི་འབྲས་བུ་དང་ལྡན་པ་ཡིན་གྱི། འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་བའི་བྱང་ཆུབ་


DTG033_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཕྱག་ཏུ་ཕྱིན་ན་ཇི་ལྟར་འབྲས་བུ་དང་ལྡན་པར་མི་འགྱུར་རོ། །སེར་སྣ་ཅན་ལ་བསམ་པ་མེད་དོ་ཞེས། གད་སྨྲས་པ་དེ་ལ་ཡང་སྨྲ་བར་བྱ་སྟེ། སེར་སྣ་ཅན་གྱི་ཆོས་སྟོན་པ་ལ་སོགས་པས་བསྐལ་བ་སྟོང་གིས་ཀྱང་གཏོང་བའི་སེམས་བསྐྱེད་པར་མི་འགྱུར་རོ། །དེ་མ་སྐྱེས་པས་རྣམ་པར་སྨིན་པ་ནི་དཀའ་བ་རྙེད་པར་མི་འགྱུར་རོ། །བསྐལ་པ་སྟོང་གིས་ཉམས་སུ་མྱོང་བའི་ཡི་དགས་ཀྱི་སྡུག་བསྔལ་ལ་སྐད་ཅིག་རྫས་འཕྲོག་པའི་སྡུག་བསྔལ་སྐད་ཅིག་མ་ཡིན་པས་མི་གནོང་དེ་ཇི་སྐད་དུ། གསད་བྱའི་ལག་པ་བཅད་ནས་ནི། །གཏོང་བར་གྱུར་ན་ཇི་མ་རུང༌། །མ་ཡི་མངལ་གྱི་དམྱལ་བ་ལས། །གྲོལ་བར་གྱུར་ན་ཅི་མ་རུང༌། །ཞེས་འབྱུང་ངོ༌། །དེ་བས་ན་ཆེ་བ་དང་ཆུང་བའི་བསམ་པས་སེར་སྣ་ཅན་གྱི་སྐྱེས་བུའི་དུབ་པའི་སེམས་ཀྱི་འབྲས་བུ་མཆོག་མཐོང་བས་ལེགས་པ་ཡིན་ནོ། །ཞེས་སྐྱོན་མེད་དོ། །ཡང་ན་སེར་སྣ་ཅན་གྱི་ནོར་བཀུག་ནས། སླར་ཡང་དེ་ཉིད་ལ་བྱང་ཆུབ་སེམས་དཔས་བྱིན་ནས་ཆོས་བསྟན་པར་བྱ་སྟེ། །བུ་སྨད་ཀྱི་ཕྱིར་ནོར་བསྲུང་བ། །གང་ཞིག་མི་སྤྱོད་སྟེར་མ་ཡིན། །དེ་ལས་སྦྱིན་པར་བླང་བ་ཡི། །དད་སྤྱོད་ཡི་དགས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པའི་ཆོས་བསྟན་པའི་ཚིག་གི་རྒྱུད་དེ་ཉིད་ཀྱིས་དེ་ཉིད་བཏུལ་ལ་ཡང་དག་པར་གཟུང་ཞིང་ནོར་དེ་གཏོང་བ་ལ་འཇུག་ཅིང༌། བསོད་ནམས་ཀྱི་ཚོགས་སྔོན་དུ་འགྲོ་བར་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་ལ་རིམ་གྱིས་བྱང་ཆུབ་སེམས་དཔའ་ཉིད་དང་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་ཤིན་ཏུ་ཕལ་ཆེར་ཐལ་བས་ཆོག་གོ །རྣལ་མ་རྣམ་པར་དཔྱད་པར་བྱ་སྟེ། །རྫས་ཀྱི་བདག་པོ་ཞེས་པ་ནི། སེར་སྣ་ཅན་གྱི་སྐྱེས་བུ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །འཇིག་རྟེན་པ་ཞེས་བྱ་བ་ལ་སོགས་པས་རྫས་ཀྱི་ཕུན་སུམ་ཚོགས་པ་འགའ་ཞིག་དགག་པར་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་གཙོ་བོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་མཐོང་བ་དང༌། བསྒོམ་པ་ལ་སོགས་པའི་ལམ་གྱི་ཡང་དག་པའི་ཡེ་ཤེས་མངོན་དུ་བྱས་ལ་སླར་ཡང་རིམ་པ་གཉིས་བསྒོམས་པས་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་དུ་དེ་ཉིད་བསྟན་པར་བྱ་སྟེ་ཕྱིས་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་གཏི་མུག་གི་


DTG033_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་དམ་ཚིག་ཉེ་བར་བསྡུས་པ་བསྟན་ཏོ། །དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ཅེས་བྱ་བ་འདིས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱིས་སོ། །མ་བྱིན་པར་ལེན་པ་ཐམས་ཅད་ཅེས་པ་ནི་དམན་པ་དང་བར་མ་དང་མཆོག་ལས་སོ། །སེར་སྣ་ཅན་ལས་མ་གཏོགས་པའོ་ཞེས་པ་ནི་དེ་ལ་ལྡོག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་ལ་འཇུག་པ་ཞེས་པ་འདིས་འོད་དཔག་མེད་པའི་རིགས་བསྒོམ་པའི་སྒོ་ནས་ཕ་རོལ་གྱི་བུ་སྨད་ལ་འགྲོ་བའི་མཚན་ཉིད་ཀྱི་རྣལ་འབྱོར་གྱིས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཉིད་དུ་བསྟན་ཏོ། །རང་གི་རང་བཞིན་བསྒྱུར་བས་ཞེས་པ་ནི་མིག་ལ་སོགས་པའི་དབང་པོའི་ཚོགས་ལ་རང་གི་ངོ་བོ་སོ་སོར་སྣང་བས་སོ། །གཟུགས་ལ་སོགས་པ་ཞེས་པ་ནི་མིག་ལ་སོགས་པའི་དབང་པོའི་སྤྱོད་ཡུལ་ཏེ་ཡུལ་ལྔའོ། །ཐར་པ་འདོད་པ་ཞེས་པ་ནི་གྲོལ་བར་འདོད་པའི་རྣལ་འབྱོར་པ་རྣམས་སོ། །སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་ཞེས་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་བ་འདོད་ཆགས་ལ་སོགས་པའི་རང་བཞིན་གང་ཡིན་པ་དེ་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་ཉེ་བར་ཞི་བའི་མཚན་ཉིད་ཅན་ནི་སྤང་བའི་མཚན་ཉིད་སྒྲུབ་པར་བྱེད་པ་སྟེ་རྫོགས་པར་བྱེད་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་ མེད་པའི་བདག་ཉིད་དོ། །མི་གནས་པའི་མྱ་ངན་ལས་འདས་ next hit་ལ་གནས་པས་ནི་ཞེས་པ་ནི་གཉིས་ཀ་ལ་དམིགས་པ་ལས་རྣམ་པར་གྲོལ་བས་སོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པས་ཇི་སྐད་བཤད་པ་ཡིན་ཏེ། རེ་ཞིག་དང་པོ་རྣལ་འབྱོར་པས་རྣལ་འབྱོར་བཞིའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས། ཞལ་གསུམ་པ་ལ་སོགས་པའི་རྣམ་པ་ཅན་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་གོས་དཀར་མོ་དང་སྙོམས་པར་ཞུགས་པར་བསམས་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་རིམ་པས་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་སྤྲོས་ལ། དེ་དག་ཐམས་ཅད་དང་ཁམས་གསུམ་གྱི་ནང་ན་གནས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བུད་མེད་ཀྱི་ཚོགས་དང་ལྷན་ཅིག་


DTG033_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདུས་ཏེ་གོས་དཀར་མོའི་རྣམ་པར་བསམས་ལ། དེ་དག་ཐམས་ཅད་རང་འོད་སྣང་བའི་གོས་དཀར་མོ་ལ་བསྡུས་ཏེ། དེ་དང་ལྷན་ཅིག་ཏུ་འཁོར་ལོ་གཉིས་ཀ་རྗེས་སུ་ཆགས་པའི་རིམ་པས་སྙོམས་པར་ཞུགས་པའི་བདེ་བ་ཉམས་སུ་མྱོང་ལ། ཇི་སྲིད་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་དང་དབྱེར་མེད་པའི་ལོངས་སྤྱོད་བདེ་བ་ཆེན་པོར་མྱོང་བར་གྱུར་པ་དེ་སྲིད་དུ་གནས་པར་བྱའོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འོད་དཔག་ཏུ་མེད་པ་བསྐྱེད་པར་མཛད་པའི་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པ་བསྐྱེད་པས་སོ། །ཉེ་བར་གདགས་པས་ན་ཞེས་པ་ནི་རྒྱུ་ལ་འབྲས་བུ་ཉེ་བར་གདགས་པ་སྟེ་མར་མེ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་ནས་ཞེས་པ་ནི་སྔ་མ་བཞིན་དུ་རྣལ་འབྱོར་གྱི་ཡན་ལག་གིས་སོ། །འོད་དཔག་ཏུ་མེད་པ་རབ་ཏུ་བསྒོམས་ལ་ཞེས་པ་ནི་རྗེས་སུ་རྣལ་འབྱོར་ལ་སོགས་པ་གསུམ་གྱིས་སོ། །དཀྱིལ་འཁོར་བའི་ལྷ་རྣམས་ཀྱིས་ནི་མི་བསྐྱོད་པ་ལ་སོགས་པའོ། །གཞལ་ཡས་ཁང་གི་ནང་ཐམས་ཅད་ཅེས་པ་ནི་གཞལ་ཡས་ཁང་པའི་ནང་ན་གནས་པ་པདྨ་དང་ཟླ་བ་དང་ཉི་མ་ལ་སོགས་པའི་གདན་རྣམས་སོ། །གནས་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱ་ཞེས་པ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཕྱག་རྒྱ་ལེགས་པར་སྦྱངས་པ་སྔོན་དུ་འགྲོ་བར། དམ་ཚིག་གི་དཀྱིལ་འཁོར་གྱི་རིམ་པས་དབྱུང་བར་བྱའོ། །དཀྱིལ་འཁོར་ཐམས་ཅད་དེ་ཞེས་པ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ལའོ། །དཀྱིལ་འཁོར་ཐམས་ཅད་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རོ། །བུད་མེད་དང་སྐྱེས་པ་ལྟ་བུ་ཞེས་པ་ནི་དེ་ལ་བུད་མེད་ཀྱི་རྣམ་པ་ནི་སྤྱན་མ་ལ་སོགས་པའོ། །སྐྱེས་པའི་རྣམ་པ་ནི་མི་བསྐྱོད་པ་ལ་སོགས་པའོ། །བུད་མེད་ལྟ་བུར་སྦྱར་བར་ཞེས་པ་ནི་ཁམས་གསུམ་གྱི་ནང་ན་གནས་པའི་མ་ལུས་པ་ལུས་པ་མེད་པའི་བུད་མེད་ཀྱི་ཚོགས་དང་དབྱེར་མེད་པར་བསྒོམ་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །བུད་མེད་ལྟ་བུ་ནི་མོ་ལྟ་བུ་སྟེ་གོས་དཀར་མོའི་རྣམ་པ་ཅན་ནོ། །དེ་ལྟ་བུའི་སྦྱོར་བ་ཞེས་པ་ནི་དབྱེར་མེད་པར་བྱའོ། །བུད་མེད་ཀྱི་རྣམ་པ་ལྟ་བུ་ཡོངས་སུ་གྱུར་པ་ཞེས་པ་ནི་རང་འོད་སྣང་བ་དང་འཁྱུད་པ་ལ་སོགས་གོས་


DTG033_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོའི་རྣམ་པར་ཡོངས་སུ་གྱུར་པ་ནི་གཅིག་ཏུ་བྱ་བའོ། །ཇི་ལྟར་ཞེ་ན་ཞེས་པ་ལ་སོགས་པས་བུད་མེད་ཀྱི་ཚོགས་ཐམས་ཅད་ཀྱི་བསྐྱེད་པའི་རིམ་པ་བསྒོམ་པ་བསྟན་ཏོ། །རྣལ་འབྱོར་བཞི་སྟེ་ཞེས་པ་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའོ། །དེས་ནི་དམ་ཚིག་བཞིའི་རྣལ་འབྱོར་གྱིས་སོ། །ལྷའི་རྣམ་པ་ནི་གོས་དཀར་མོའི་གཟུགས་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །འདིས་ནི་ཞེས་པ་སོགས་པས་ཕན་ཡོན་བསྟན་ཏེ། རྡོ་རྗེ་ཚུལ་ནི་མདོར་བསྟན་པའོ། །ཐེག་པ་ཆེན་པོའི་ཚུལ་ཞེས་པ་ནི་དཔལ་རྣལ་འབྱོར་ཆེན་པོའི་རྒྱུད་འདུས་པ་ལའོ། །དེ་ནི་འདོད་པའི་དབང་ཕྱུག་གཙོ་བོ་ཡིན་པས་སོ་ཞེས་པ་ནི་ཁམས་གསུམ་གྱི་ནང་ན་གནས་པའི་ཐ་མལ་བའི་བུད་མེད་དག་པར་བྱེད་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་པའི་ལྷ་མོ་ཡོངས་སུ་གྱུར་པ་གོས་དཀར་མོ་དང་སྙོམས་པར་ཞུགས་པས་ཁམས་གསུམ་གྱི་བུད་མེད་དབང་དུ་གྱུར་པས་སོ། །རྗེས་སུ་མཉེས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ཞེས་པ་ནི་སྒྲུབ་ཐབས་ལས་གསུངས་པའི་རིམ་པས་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་གར་མཁན་མ་ལོ་བཅུ་དྲུག་ལོན་པ་ཕྱག་རྒྱ་ལེགས་པར་སྦྱངས་པའི་རིམ་པས་འདུས་བྱས་ལ། རྣལ་འབྱོར་བཞིའི་རིམ་པས་གོས་དཀར་མོའི་གཟུགས་སུ་བསྐྱེད་ལ་རྡོ་རྗེ་དང་པདྨ་སྦྱར་ཞིང་དེ་གཉི་ག་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཕན་ཚུན་ཞུགས་པས་ཡིད་ཀྱི་དགའ་བ་མྱོང་ཞིང་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བར་མཆོད་པའི་ལྷ་མོ་སྤྲོ་ཞིང་དེ་རྣམས་ཀྱིས་མཆོད་པ་སླར་ཡང་བསྡུས་ཏེ། མིག་ལ་སོགས་པའི་ཕྱག་རྒྱས་ཆོས་འབྱུང་བསྐུལ་ནས་དགའ་བ་དང་སྐྱེས་པའི་ཕྱག་རྒྱས་རང་གི་སྐེ་ལ་འཁྱུད་པ་ཁམས་གསུམ་གྱི་བུད་མེད་དང་དབྱེར་མེད་པར་བྱས་ཏེ། བདེ་བ་ཆེན་པོ་སྐད་ཅིག་མ་གཅིག་ལ་མྱོང་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་ཞེས་པ་ནི་ལེགས་པར་སྦྱངས་པའི་གསང་བའི་རྡོ་རྗེ་དང་མཚོ་སྐྱེས་སྦྱར་བས་སོ། །སྣ་ཚོགས་དགའ་ཞིང་ཞེས་པ་ནི་ཁམས་གསུམ་གྱི་ནང་ན་གནས་པའི་བུད་མེད་ཀྱི་ཚོགས་འདོད་པའི་བློས་སོ། །བདག་ཉིད་རོལ་པའི་བྱ་བ་དག་གིས་ཞེས་པ་ནི་བུད་མེད་ཐམས་ཅད་ཀྱི་གཟུགས་བསྡུས་པ་ལས་བྱུང་


DTG033_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གོས་དཀར་མོ་ལ་འདོད་པའི་བྱ་བས་སོ། །སྐད་ཅིག་ནི་དུས་གཅིག་སྟེ་ཐམས་ཅད་གཅིག་ལ་འཇུག་པས་སོ། །གཞན་དུ་ན་རྣལ་འབྱོར་བ་གཅིག་གིས་ཕྱག་རྒྱ་དུ་མ་ལ་དུས་གཅིག་ཏུ་འདོད་པ་ཇི་ལྟར་འགྱུར་རོ། །འདི་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་ཞེས་པ་ནི། གསུང་གི་རིགས་ཅན་འོད་དཔག་ཏུ་མེད་པའི་རྣལ་འབྱོར་བ་རྣམས་ཀྱིའོ། །ཆོས་ཞེས་བྱ་བ་ལ་སོགས་པས་བདེ་བ་ཆེན་པོ་མྱོང་བའི་སྒོ་ནས་ཆོས་ཀྱི་སྐུ་སྒྲུབ་པ་དང༌། འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྒོ་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་པ་དང༌། པདྨའི་ནང་ནས་སྤྲུལ་པའི་དཀྱིལ་འཁོར་སྒོམ་པའི་སྒོ་ནས་སྤྲུལ་པའི་སྐུ་སྒྲུབ་པར་འགྱུར་རོ། །སྒོམ་པ་སྟེ་ཞེས་པ་ནི་ཏིང་ངེ་འཛིན་ཅེས་བྱ་བའོ། །པདྨའི་རིགས་ཞེས་པ་ནི་གསུང་གི་དབང་ཕྱུག་གི་རིགས་ལའོ། །བསྐྱེད་པའི་རིམ་པ་ལ་བརྟན་པར་གནས་པས་ཞེས་པ་ནི་རྣལ་འབྱོར་བཞིའི་བདག་ཉིད་ཅན་གྱི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་སྒོམ་པར་བྱེད་པའི་སྒྲུབ་པ་པོས་སོ། །སྒྲུབ་པ་ཉམས་སུ་བླང་བར་བྱའོ་ཞེས་པ་ནི་བསྒོམ་པར་བྱ་བའོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་ལའོ་ཞེས་བ་ནི། ཚིག་ཕྲད་དོན་དུ་མ་ཡིན་པའི་ཕྱིར་རོ། །ངེས་པར་གཟུང་བ་ནི་ངེས་པའོ། །དེ་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ཞེས་པ་ནི་འདོད་པའི་དབང་ཕྱུག་ཐམས་ཅད་ཉིད་བསྒྲུབ་པར་བྱ་བའི་དོན་དུ་བསྒོམ་པར་བྱ་བ་ཁོ་ནའོ། །དོན་ཡོད་པར་གྲུབ་པའི་ཞེས་པ་ལ་སོགས་པས་བརྫུན་དུ་སྨྲ་བའི་སྒོ་ནས་དོན་ཡོད་གྲུབ་པའི་དམ་ཚིག་བཤད་པར་བྱ་སྟེ། འཇུག་པ་ལ་སོགས་པའི་མཚན་ཉིད་རྡོ་རྗེ་བཟླས་པའོ་ཞེས་པ་ནི་འགྲོ་བ་དང་འོང་བ་དང་གནས་པའི་སྒོ་ནས་ཡི་གེ་གསུམ་ཡང་དང་ཡང་དུ་སློབ་པའོ། །དེ་སྟོན་པས་ཞེས་པ་ནི་རྡོ་རྗེ་བཟླས་པ་སྔོན་དུ་འགྲོ་བའི་ངག་རྣམ་པར་དག་པའི་རིམ་པས་སོ། །མངོན་པར་འདོད་པའི་དོན་གྲུབ་པར་མཛད་པས་ན་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བའི་འོད་གསལ་བ་རྫོགས་པར་བྱེད་པའོ། །དེས་ནི་རྡོ་རྗེ་བཟླས་པ་དང་སེམས་རྣམ་པར་དག་པའི་རིམ་པ་གཉིས་བསྟན་ཏོ། །བདག་དང་བྲལ་བ་གང་ཡིན་པ་དེ་ནི་ཞེས་པ་ལ་འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་བར་མའི་


DTG033_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཀྱི་རྣམ་པར་རྟོག་པ་གང་དུ་previous hit མེད་དེ་ནི་བདག next hit་དང་བྲལ་བ་སྟེ། ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་ཐོབ་པར་བྱ་བ་མན་ངག་བཞི་པའོ། །བདག་མེད་པ་དེ་ཉིད་ནི་ཞེས་པ་ལ་མངོན་པར་བྱང་ཆུབ་ཀྱི་རིམ་པས་བསྟན་ཏོ། །སྒྱུ་མ་ལྟ་བུའི་སྐུ་དང་ལྡན་པས་ཞེས་པ་ནི་སྒྱུ་མ་ལྟ་བུའི་སྐུ་ལ་དམིགས་ནས་སོ། །ཆོས་ཀྱི་སྐུའོ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་ཐོབ་པར་བྱ་བའི་འོད་གསལ་བའོ། །དེ་ལས་འབྱུང་བ་ཞེས་པ་ནི་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་བདག་ཉིད་བཅོམ་ལྡན་འདས་བསྟན་ཏོ། །ཆེན་པོ་ནི་ཀུན་རྫོབ་ཀྱི་བདེན་པའོ། །རྡོ་རྗེ་ནི་དོན་དམ་པའི་བདེན་པའོ། །ཆེན་པོ་དང་ལྡན་པའི་རྡོ་རྗེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་ནི་བདེན་previous hit ་གཉིས་དབྱེར་མེད་པའི་མཚན་ཉིད་ཟུང་དུ་འཇུག་པའི་རིམ་པའི་བདག next hit་ཉིད་བཅོམ་ལྡན་འདས་བསྟན་ཏོ། །དེ་ལྟར་རིམ་པ་ལྔའི་བདག་ཉིད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་འོག་ནས་འབྱུང་བའི་ཚིག་འདིས་འཆད་པར་འགྱུར་བའི་ཚིག་བཀའ་སྩལ་བ་ནི་གསུངས་སོ། །སྡུད་པ་པོའི་ཚིག་གོ་ཞེས་པ་ནི་ལག་ན་རྡོ་རྗེའིའོ། །རྡོ་རྗེ་འཆང་ཆེན་པོའི་བསྒོམ་པ་སྟེ་ཞེས་པ་ནི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱིས་སོ་ཞེས་ཚིག་ལྷག་མའོ། །དེ་ཡོངས་སུ་གྱུར་པས་རྡོ་རྗེ་ཐོགས་མེད་དེ་ཞེས་པ་ནི་ལྷག་མ་རྣལ་འབྱོར་གསུམ་གྱིས་སོ། །དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱིས་མི་བསྐྱོད་པ་ལ་སོགས་པ་སྤྲོ་བར་བྱའོ། །སེམས་ཅན་ཐམས་ཅད་དེ་ཉིད་དུ་གནས་པ་ཞེས་previous hit ་ནི། རྡོ་རྗེའི་ཚིག་གི་དོན་སྔར་བཤད་པའི་ཆོས་ཐམས་ཅད་བདགམེད next hit་པའི་མཚན་ཉིད་སོ་སོར་སྟོན་པའི་ཚིག་གི་ཚོགས་ཀྱི་བརྗོད་པར་བྱ་བ་ལ་གནས་པ། སེམས་ཅན་ཐམས་ཅད་ཞུགས་པའི་ཡོངས་སུ་གྱུར་པའི་དཀྱིལ་འཁོར་previous hit ་རྣམས་ཆོས་ཐམས་ཅད་བདགམེད next hit་པར་སྨྲ་བ་ལ་བསྟན་པར་གནས་པ་ཞེས་པ་ནི་བསམ་པར་བྱའོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་ཞེས་པ་ནི་གཏན་ཚིག་ཡིན་ནོ། །ཆོས་ཐམས་ཅད་བརྫུན་པ་ཞེས་པ་ནི་དམ་བཅའ་བའོ། །ཉེ་བར་མཚོན་པ་ཙམ་ཡིན་ཏེ་ཆོས་ཐམས་ཅད་སྟོང་པ་ཡིན་ཏེ། རང་བཞིན་མེད་པའི་


DTG033_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ཆོས་ཐམས་ཅད་མཚན་མ་མེད་པ་ཡིན་ཏེ་དབང་ཕྱུག་ལ་སོགས་པའི་རྒྱུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་སྨོན་པ་མེད་པ་སྟེ་རྟོག་པ་ལས་འདས་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་སྒྲོགས་བཞི་ནི་འདུས་བྱས་པ་ཐམས་ཅད་མི་རྟག་པ་སྟེ་བྱས་པའི་ཕྱིར་རོ། །འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་ཏེ་བྱས་པའི་ཕྱིར་དང༌། ཡོད་པའི་ཕྱིར་དང༌། རྐྱེན་གྱི་དབྱེ་བས་ཕྱེ་བར་འགྱུར་བའི་ཕྱིར་རོ། །ཆོས་ཐམས་ཅད་previous hit བདགམེད next hit་སྟེ། དམིགས་པའི་མཚན་ཉིད་དང་ལྡན་པའི་བདག་མི་དམིགས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་ཞི་བ་སྟེ། འདུས་མ་བྱས་པ་དང་རང་རིག་པའི་ཕྱིར་རོ། །དེ་ལས་གཞན་པ་བརྫུན་པའི་ཚིག་གིས་ནི་རྡོ་རྗེའི་ཚིག་ཅེས་བྱའོ། །ཡིད་ཀྱི་བྱ་བའི་འོག་ཏུ་ངག་གི་བྱ་བ་བཤད་པར་བྱ་སྟེ། རྒྱལ་བ་ནི་དཀྱིལ་འཁོར་པ་རྣམས་སོ། །སེམས་ཅན་ཐམས་ཅད་དེ་ཤེས་པ་ནི་རང་བཞིན་གྱིས་དག་པའི་ཕྱོགས་ལ་དམིགས་ནས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །རྒྱལ་བ་ཡང་ཡིན་ལ་ཞེས་པ་ནི་ལས་འཛིན་པའོ། །དེ་དག་ནི་ཁམས་གསུམ་པ་ལ་གནས་པའི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་བ་ལ་བསྡུས་པའོ། །དེ་ཉིད་བསྟན་པའི་ཕྱིར་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །སླུ་བ་པོ་ནི་བརྫུན་པ་སྟེ་སྟོང་པའོ། །སྒྱུ་མ་ལྟ་བུའི་ངོ་བོ་ཉིད། །ཅེས་པ་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་བཞིན་དུ་སོ་སོར་སྣང་བ་ཡང་བདེན་པ་མ་ཡིན་པ་སྟེ། རྟེན་ཅིང་འབྲེལ་བ་ལས་འབྱུང་བའི་ཕྱིར་རོ། །རྟེན་ནས་འབྱུང་བ་མ་བྱུང་བ། །དེ་ཉིད་རིག་པ་མཆོག་གིས་གསུངས། རྟོག་པ་མེད་ཅིང་དམིགས་པ་མེད། །དགོད་པ་མེད་ཅིང་གནས་མེད་པ། །མ་རིག་ས་བོན་ལས་བྱུང་བའི། །ཐོག་མ་ཐ་མ་བར་མ་མེད། །ཆུ་ཤིང་ལྟ་བུར་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་དང་མཚུངས་པ། །རྨོངས་པར་བྱེད་ཅིང་མ་རུངས་པའི། །འགྲོ་བ་སྒྱུ་མ་བཞིན་དུ་སྣང༌། །ཞེས་འབྱུང་ངོ༌། །བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་ལས་ཀྱང༌། །གཟུགས་ནི་དབུ་བ་དང་མཚུངས་ལ། །ཚོར་བ་ཆུ་བུར་འདྲ་བ་ཡིན། །འདུ་ཤེས་སྨིག་རྒྱུ་དང་འདྲ་བའི། །ཆུ་ཤིང་དང་མཚུངས་འདུ་བྱེད་རྣམས། །རྣམ་པར་ཤེས་པ་སྒྱུ་མ་བཞིན། །དེ་ལྟར་ཕུང་པོ་རྣམས་


DTG033_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །ཞེས་འབྱུང་ངོ༌། །དེ་བཞིན་དུ། རང་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་དུ་ཡང༌། །སྐྱེ་བ་ནམ་ཡང་འཐད་པ་མིན། །ཞེས་འབྱུང་ངོ༌། །ཚིག་བརྗོད་པ་ནི་རང་བཞིན་མེད་པ་སྟོན་པར་བྱེད་པའི་ཚིག་བརྗོད་པ། བསྒོམ་པ་ནི་བསམ་པར་བྱའོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་ལྷའི་དབང་པོས་ཡོངས་སུ་ཞུས་པ་ལས་ལུང་ཚད་མ་ཉིད་དུ་བསྟན་ཏེ། ལྷའི་བུ་ཞེས་པ་ནི་ཀྱེ་བརྒྱ་བྱིན་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །བརྫུན་པ་ནི་ངོ་བོ་མེད་པའོ། །སྒྱུ་མ་ནི་མེད་པ་ཡང་འཁྲུལ་བའི་དབང་གིས་སྣང་བ་སྟེ། བརྟགས་པའི་ཕྱིར་དྲི་ཟའི་གྲོང་ཁྱེར་བཞིན་ནོ། །ད་ཡང་དེ་བཞིན་དུ་སྟོན་པར་བྱེད་པ་ཞེས་པ་ནི་ངས་ཀྱང་སྒྱུ་མ་ལྟ་བུ་ཉིད་ཀྱིས་ཆོས་སྟོན་པ་སྟེ། རང་མཐོང་ལམ་སྟོན་སྐྱོབ་པ་ཡིན། །ཞེས་འབྱུང་བས་སོ། །དེས་ན། ད་ནི་བརྫུན་དུ་སྨྲ་བའོ། །ཞེས་previous hit ་ནི་དངོས་པོ་ཐམས་ཅད་བདགམེད next hit་པར་སྨྲ་བའོ། །ཚིག་དོན་ཙམ་གྱིས་བཅོམ་ལྡན་འདས་ལ་བརྫུན་སྨྲ་བའི་སྐྱོན་དུ་ཐལ་བར་མི་འགྱུར་ཏེ་ངེས་པའི་ཚིག་བསྟན་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ང་ནི་ཡི་དགས་ཡིན་ནོ་ཞེས་སྟོན་པས་དེ་ལ་བཅོམ་ལྡན་འདས་ལ་ཡི་དགས་ཉིད་དུ་ཐལ་བར་མི་འགྱུར་ཏེ། གང་གི་ཕྱིར། སྡིག་པ་ཐམས་ཅད་འཇོམས་མཛད་པ། །སྲིད་པའི་རྒྱ་མཚོ་ལས་གྲོལ་ཕྱིར། །དེས་ན་ང་ནི་ཡི་དགས་ཏེ། །ངན་སོང་ལས་སྐྱེས་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །འདི་ནི་ཞེས་པ་ལ་སོགས་པས་ཕན་ཡོན་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །གསུང་ནི་ནམ་མཁའ་དང་འདྲ་བར། །ཞེས་པ་ནི་གསུང་ཡང་ཡིན་ལ་ནམ་མཁའ་དང་འདྲ་བ་གང་ཡིན་པ་སྟེ་ལས་འཛིན་པའོ། །དངོས་པོ་མེད་པས་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཆོས་སྟོན་པའི་མཚན་ཉིད་འཛིན་པས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ལས། །ཞེས་པ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལའོ། །ལྷག་པར་མོས་པ་ཞེས་པ་ནི་འདོད་པའོ། །དེས་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྔར་བཤད་པའི་ཏིང་ངེ་འཛིན་བསྟན་ཏོ། །སློབ་བཞིན་པའི་ཞེས་པ་ནི་སློབ་པར་བྱེད་པ་སྟེ་ལས་དང་པོ་པ་རྣམས་ཀྱིའོ། །རང་གི་དམ་ཚིག་ཅེས་པ་ནི་དོན་ཡོད་གྲུབ་པའི་རིགས་ཀྱི་སྡོམ་པས་སོ། །འགུགས་པ་ནི་སྒྱུ་མ་ལྟ་བུ་


DTG033_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས་གདུལ་བར་བྱ་བའོ། །ཇི་ལྟ་བའི་དམ་ཚིག་གོ་ཞེས་པ་ནི་དེ་ཁོ་ན་ཉིད་དང་ལྡན་པའི་སྡོམ་པའོ། །ཇི་ལྟ་བ་བཞིན་དུ་ཞེས་པ་ནི་སེམས་རྩེ་གཅིག་པས་སོ། །ཡང་ནས་ཡང་དུ་བསླབ་པར་བྱ་བ་སྟེ་ཞེས་པ་ནི་ལས་དང་པོ་བས་རྒྱུན་མ་ཆད་པས་བསླབ་པར་བྱའོ། །གཞན་རྣམས་བདེ་བར་བྱ་ཕྱིར་ཞེས་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་མཚན་ཉིད་ཀྱིས་བདེ་བའི་རྒྱུའོ། །བརྫུན་སྨྲ་བ་ནི་སྒྱུ་མའི་རང་བཞིན་གྱི་ཆོས་ཐམས་ཅད་སྨྲ་བ་སྟེ་བརྗོད་པར་བྱའོ། །དེ་བཞིན་སྤྱོད་པ་བདེ་བའི་རྒྱུ། །ཞེས་པ་ནི་བདེ་བར་ཕྱིར་སྤྱོད་པ་གང་ཡིན་པ་དེའི་དོན་དུ་བརྫུན་སྨྲ་བའོ། །དཔེར་ན་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་པ། སྨྱོན་པའི་བརྟུལ་ཞུགས་དང་ལྡན་པས་ད་ནི་མུ་སྟེགས་པ་ཡིན་པ་དང་ཚོགས་ཀྱི་བདག་པོ་དང་ལྡན་པ་ད་ཡིན་པ་དང་སྨྱོན་པ་ད་ཡིན་ནོ་ཞེས་བརྫུན་པའི་ཚིག་སྨྲ་སྟེ་སྦས་ནས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕྱིར་རོ། །སྨྱོན་པའི་བརྟུལ་ཞུགས་ལ་བརྟེན་ཏེ། །ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར། །ཞེས་འབྱུང་ངོ༌། །དེ་བཞིན་དུ། དཀོན་མཆོག་གསུམ་ལ་ཕན་པའི་ཕྱིར། །ཞེས་པ་ནི་དཀོན་མཆོག་གསུམ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕན་གདགས་པར་བྱ་བའི་ཕྱིར་བརྫུན་སྨྲ་བར་བྱ་སྟེ། དཔེར་ན་མཚམས་མེད་པ་བྱེད་པ་དཀོན་མཆོག་གསུམ་ལ་གནོད་པ་ལ་འཇུག་པ་བརྫུན་དུ་སྨྲ་བའི་ཚིག་གིས་སླུ་བར་བྱ་སྟེ། དེས་དེ་ལ་ཕན་འདོགས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་འདིས་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱིས་ཚིག་རྩུབ་མོའི་སྒོ་ནས་འགྲོ་བའི་དོན་བྱ་བའི་དམ་ཚིག་བཤད་པར་བྱ་སྟེ། བཅོམ་ལྡན་འདས་དེ་ཉིད་ནི་དཔལ་རྡོ་རྗེ་སེམས་དཔའོ། །སྐུ་ལ་སོགས་པའི་རྡོ་རྗེ་བསྡུས་པ་ཡིན་པའི་ཕྱིར་ཞེས་པ་ནི་གཅིག་ཏུ་གྱུར་པའི་འོད་གསལ་བའི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་སྐུ་རྡོ་རྗེ་ལ་སོགས་པ་ཐིམ་ཞིང་དེ་ལས་འབྱུང་བས་སོ། །ཐ་དད་པར་བྱས་པ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་བཞི་དང་རྡོ་རྗེ་འཆང་འདི་ཡིན་ནོ་ཞེས་བྱ་བའོ། །དེ་མེད་པས་ན་མི་ཕྱེད་པ་དེ་ཉིད་དོ། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པ་སྟེ། །རྟོག་པ་རྣམ་པར་བྲལ་བ་ནི། །ཟུང་དུ་འཇུག་པའི་མཚན་ཉིད་དོ། །ལྷ་ནི་ཡོངས་སུ་དག་པ་དང༌། །འདི་


DTG033_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡོངས་སུ་མ་དག་སྟེ། །དེ་ལྟར་རྟོག་པ་དབྱེར་མེད་པ། །གང་དུ་དེ་ནི་ཟུང་འཇུག་ཡིན། །ཞེས་འབྱུང་ངོ༌། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །ཐ་མི་དད་པའི་ངོ་བོ་ཞེས་པ་ནི་ཟུང་དུ་འཇུག་པའོ། །དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཞེས་པ་ནི་འདས་པ་ལ་སོགས་པའི་དུས་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །བསྐྱེད་པའི་གནས་ཡིན་ཞེས་པ་ནི་འོད་གསལ་བའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ལས་གྲུབ་པ་འཛིན་པ་དང་འགྲུབ་པ་དང་འགྲུབ་པར་འགྱུར་རོ་ཞེས་འབྱུང་ངོ༌། །དངོས་གྲུབ་ཕྱག་རྒྱ་ཆེ་བདག་ཉིད། །ཡོད་དང་མེད་པའི་ཕྱོགས་སྤངས་པ། གངྒཱའི་བྱེ་མ་དང་མཚུངས་པའི། །དེ་ཉིད་ཀྱིས་ནི་སངས་རྒྱས་འགྱུར། །ཞེས་འབྱུང་ངོ༌། །དེ་ནས་རྡོ་རྗེ་མི་ཕྱེད་པ་གསུམ་ཡང་ཞེས་པའི་ལས་འཛིན་པའོ། །རྡོ་རྗེ་འཆང་ཉིད་དོ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །མི་ཕྱེད་པས་ནི་རྣམ་པར་རྟོག་པའི་ཚོགས་དང༌། བདུད་བཞི་པོས་མི་ཕྱེད་པའི་ཕྱིར་རོ། དེས་མཆོག་ཏུ་སྟོན་པར་མཛད་པས་ན་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་དམིགས་པར་མཛད་པའོ། །དོན་བཤད་ཟིན་པ་ཞེས་པ་ནི་གོང་དུ་བཤད་པའོ། །རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོ་སྟེ་ཞེས་པ་ནི་ཆོས་འབྱུང་གི་ནང་ན་དམ་ཚིག་གི་དཀྱིལ་འཁོར་དེ་ལས་སྐྱེས་པའི་ཕྱིར་རོ། །དེ་ཡོངས་སུ་གྱུར་པ་ལས་ཞེས་པ་ནི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱི་འོག་ཏུའོ། །དཀོན་མཆོག་དཔལ་དུ་རྣམ་པར་བསྒོམ། །ཞེས་པ་ནི་རྣལ་འབྱོར་གསུམ་གྱིས་རྫོགས་པའོ། །གཟུགས་རྣམས་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བ་རྣམས་སྤྲོ་པར་བསྟན་ཏོ། །གཞལ་ཡས་ཁང་པའི་ནང་ཞེས་པ་ནི་གཞལ་ཡས་ཁང་པའི་ནང་ན་གནས་པ་པདྨ་ལ་སོགས་པའི་གདན་རྣམས་སོ། །སྤྲོ་བར་བྱའི་ཞེས་པ་ནི་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །བརྩེ་བ་མེད་པ་ཞེས་པ་ནི་དཔེར་ན། །འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་འདས་པས་སྲེག་པར་བྱེད། །དམ་ཚིག་བསྲུང་བས་འགྲུབ་པ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །དེ་བཞིན་དུ་དཀའ་བ་མ་འདས་པས་དུས་བྱས་ནས་དམྱལ་བར་ལྟུར་བར་འགྱུར་རོ་ཞེས་པ་ལ་སོགས་པ་རྩུབ་མོ་ཡིན་ཡང་རྩུབ་མོའི་ཚིག་མ་ཡིན་ཏེ། ཕན་འདོགས་པའི་བསམ་པ་དང་ལྡན་པའི་ཕྱིར་མེ་འབར་བའི་ཁང་བ་ལས་སྟོང་པའི་


DTG033_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཚུར་བསྟན་པའི་ཕས་བྱིས་པ་ལ་སྟོན་པ་བཞིན་ནོ། །དེ་ལ་སོགས་པ་ཚིག་ཅེས་པ་ལ་སོགས་པ་ནི་ཆགས་པས་རོལ་པའི་རོལ་པ་རྒྱ་ཆེ་བའི་ཚིག་དང་འཁྱལ་པའི་ཚིག་དང་དེ་བཞིན་དུ་དེ་ཁོ་ན་ཉིད་མཚོན་པ་ངག་གི་བརྡའི་རང་བཞིན་དང་ཕྲ་བའི་ཚིག་གིས་འགྲོ་བ་འདུལ་བ་ལ་སྤྱད་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། དེའི་ཐབས་ཀྱིས་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་པ་ནི་རྩུབ་མོའི་ཚིག་གཙོ་བོར་གྱུར་པ་དང་ཚིག་དང་སྡོམ་པ་ལ་སོགས་པ་བསྟན་པས་ཡང་དག་པའི་ལམ་ལ་བཞག་སྟེ། རིམ་གྱིས་རིམ་པ་གཉིས་ཀྱི་བསྒོམ་པས་སྟོན་པར་བྱེད་པ་དང༌། སློབ་མ་དག་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཀོད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་སྡུད་པའི་མཚན་ཉིད་དཔལ་རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ། །དྲང་བའི་དོན་ཏོ་ཞེས་པ་ནི་བསྐྱེད་པའི་རིམ་པས་དམ་ཚིག་ལྔ་སྟོན་པའི་ཕྱིར་རོ། །ལུང་གིས་བཤད་པ་ཞེས་པ་ནི་དགོངས་པ་ལུང་བསྟན་རྒྱུད་ཀྱི་ཚད་མས་ངེས་པའི་དོན་བསྟན་པར་བྱ་སྟེ། དགོངས་པའི་ཆོས་གཅིག་པུ་ཞེས་པ་ནི་སྦས་པར་བཤད་པས་དོན་ཟབ་པའི་ཚིག་གོ །དམ་ཚིག་ནི་སྔར་བཤད་པ་ལྔ་པོའོ། །དེ་ཉིད་དོན་ནི་ངེས་པའི་དོན་ཏེ་སྤས་པའི་དོན་གསུངས་པ་ནི་དེ་རྗོད་པར་བྱེད་པའི་ཚིག་བཀའ་སྩལ་ཏོ་ཞེས་སྦྱར་རོ། །གཙོ་བོ་ལྔ་པོའི་དབང་བྱེད་པས་སོ། །ཀུན་མཁྱེན་ནི་ཡེ་ཤེས་གསུམ་རྟོགས་པས་སོ། །འདས་པ་ལ་སོགས་པའི་དུས་གསུམ་གྱི་སེམས་ཀྱི་སྤྱོད་པ་མཁྱེན་པས་ན་ཀུན་རིག་གོ། ཉན་ཐོས་པ་དང༌། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟེན་པར་བྱས་ནས་མགོན་པོའོ། །ལག་ན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་དཔལ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏེ་ཞུས་སོ། །དེ་བཞིན་དུ་དངོས་གཅིག་བ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དུས་གསུམ་བྱུང་བའི་སངས་རྒྱས་ཞེས་པ་ནི་དུས་གསུམ་ལ་བཞུགས་པའི་བཅོམ་ལྡན་འདས་རྣམས་སོ། །ཆོས་སྐུ་གཅིག་པུ་ལས་འཁྲུངས་པ། །ཞེས་པ་ནི་དེ་རྣམས་ཆོས་ཀྱི་སྐུའི་རང་བཞིན་ཡང་ཡིན་ལ། དེ་ལས་སྐྱེས་པ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ཇི་ལྟར་རྡོ་རྗེས་ཕྱེ་མར་བརླག་


DTG033_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནི་ཕྱི་རོལ་གྱི་མཚོན་ཆའི་ངོ་བོས་ཇི་ལྟར་ཕྱེ་མར་བརླག་པར་འགྱུར་ཏེ། བསྒྲུབ་པ་མི་ནུས་པས་སོ། །གང་གི་ཕྱིར་ནམ་མཁའི་མེ་ཏོག་ནི་རི་བོང་གི་རྭས་ཕྱེ་མར་བརླག་པར་མི་འགྱུར་ཏེ་གཉི་ག་ཡང་མེད་པའི་ཕྱིར་རོ། །དེ་ནི་ཞེས་པ་ལ་སོགས་པས་དེས་ཕྱེ་མར་བཏགས་པས་ཐུགས་ཀྱི་དངོས་གྲུབ་ནི་མི་བསྐྱོད་པའི་གོ་འཕང་ཇི་ལྟར་ཐོབ་བར་འགྱུར་རོ། །དེ་ཉིད་སྤྲོས་པས་བཤད་པར་བྱ་སྟེ། འདས་པ་ནི་འོད་སྲུངས་ལ་སོགས་པའོ། །སྟོན་པ་ནི་བཅོམ་ལྡན་འདས་གདམས་ངག་མཛད་པའོ། །ད་ལྟར་ནི་ཤཱཀྱ་ཐུབ་པ་ལ་སོགས་པ་རྗེས་སུ་སྟོན་པར་མཛད་པ་ནི་འགྲོ་བ་ལ་ཕན་འདོགས་པར་མཛད་པའོ། །མཉེས་བྱ་ཞེས་པ་ནི་བསྙེན་བཀུར་བྱ་བ་མ་འོངས་པའི་སངས་རྒྱས་ནི་བྱམས་པ་ལ་སོགས་པའོ། །ཆོས་བསྟན་པའི་སྒོ་ནས། རྫོགས་པའི་བྱང་ཆུབ་རྩོལ་བ་བོ། །ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་མཛད་པ་གང་ཡིན་པ་དེ་རྣམས་མི་བསྐྱོད་པའི་རང་བཞིན་གྱི་ཐུགས་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཇི་ལྟར་གསོད་པར་འགྱུར་ཏེ། མཚམས་མེད་པའི་སྡིག་པར་ཐལ་བར་འགྱུར་བས་སོ། །དེ་ཉིད་སྣ་ཚོགས་དོན་ནི་དྲང་བའི་དོན་ཡིན་ནམ་ཡང་ན་ལྡན་ཚིག་ཅེས་པ་ནི་ངེས་པའི་དོན་ཡིན་ནམ་ཞེས་དེ་རྣམས་ཀྱིས་ནི་ཞེས་པ་ལ། མ་འོངས་པའི་སེམས་ཅན་རྣམས་ཀྱིས་ཇི་ལྟར་རྟོགས་པ་ནི་ཤེས་པར་འགྱུར་རོ། །དེ་བས་ན་གང་ཞིག་ཅེས་བྱ་བ་ལ་སོགས་པས་མ་འོངས་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དམ་ཚིག་གི་ཚིག་དེ་ཁོ་ན་ཉིད་གསུངས་ཤིག །གང་ཡོངས་སུ་ཤེས་པས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་པས་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་པ་ལ་སོགས་པས་ལག་ན་རྡོ་རྗེའི་ཚིག་གསན་པའི་འོག་ཏུ་འདྲི་བ་མཆོག་ཡིན་པས་ལེགས་པ་གསུམ་དེ་ལ་བྱིན་ནས་བདག་ལ་གསོལ་བ་འདེབས་པ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་དུ་རབ་ཏུ་བཤད་པར་བགྱི་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །མི་བསྐྱོད་འདི་ལ་གང་བཤད་པ་དེ་ནི་སྦྲུལ་པ་སྟེ། དེ་ནི་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཉིད་སྒྱུ་མ་ལྟ་བུ་ཉིད་དུ་མཐོང་བས་མི་ཕྱེད་པས་རྡོ་རྗེར་འགྱུར་ཞེས་བསྟན་ཏོ། །མ་རིག་པ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །དེ་ཉིད་འོད་གསལ་བའི་འབྲས་བུ་ཉེ་


DTG033_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལེན་པར་བྱེད་པས་ན་ལག་པ་དང་འདྲ་བས་ལག་པ་ཞེས་བྱའོ། །དེས་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཀྱི་ཡུལ་དུ་འོད་གསལ་བ་མངོན་དུ་བྱེད་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཞེས་བྱའོ། །རིམ་པ་གཉིས་པ་ཐོབ་པར་བྱ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་དེ་ལས་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་འོད་ཟེར་ལྔ་ནི་འགྱུར་བ་སྤྲོ་བར་བྱའོ། །དེ་ནས་སྒྱུ་མ་ཡང་རྟོག་པ་དང་བཅས་པས་སྤང་བར་བྱ་བ་ཡིན་ཏེ། ཅིག་ཅར་དུ་བསྐྱེད་པའི་ཕུང་པོ་ལ་སོགས་པ་སངས་རྒྱས་ནི་བདག་ཉིད་ཀྱི་ལུས་དང་འབྲེལ་བ་ཅན་གཟུགས་ལ་སོགས་པའོ། །རྡོ་རྗེ་གསུམ་སྐྱེས་དུས་གསུམ་ཤེས། །ཞེས་པ་ནི་སྐུ་ལ་སོགས་པའི་བདག་ཉིད་དེ་རྣམས་ཀྱང་སྐུའི་རྡོ་རྗེ་ནི་མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པར་བྱ་བ་འོད་གསལ་བའི་རྡོ་རྗེས་སྒྱུ་མའི་ལུས་ཐ་མལ་པའི་ཕུང་པོ་ལ་སོགས་པའི་རང་བཞིན་མ་ཡིན་པ་ཡང་མི་སྣང་བར་བྱའོ། །དེ་ནི་ཞེ་སྡང་རིགས་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་སྤོང་བར་བྱེད་པའི་རིམ་པ་བཞི་པ་ལའོ། །མི་བསྐྱོད་རྡོ་རྗེའི་ཡེ་ཤེས་ཞེས་པ་ནི་མན་ངག་བཞི་པ་ལས་བྱུང་བའི་འོད་གསལ་བ་ཞེས་བྱའོ། །དེའི་ཤེས་པ་ལ་སོགས་པས་འགྲོ་བའི་དོན་བྱ་བའི་ཕྱིར། ཞིང་ནི་མན་ངག་བཞི་པ་ལ་དམིགས་ནས་དངོས་གྲུབ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཕྱག་རྒྱ་ཆེན་པོའི་གཟུགས་སྐྱེ་བ་ནི་དེ་ལས་འབྱུང་བའོ། །མཆོག་ནི་བདེན་པ་གཉིས་དབྱེར་མེད་པའི་མཚན་ཉིད་ཅན་ཐོབ་པར་འགྱུར་ཞེས་པ་ནི་རྙེད་པར་འགྱུར་རོ་ཞེས་སེམས་རྣམ་པར་དག་པ་དང༌། བདག་ལ་བྱིན་གྱིས་བརླབ་པ་དང༌། མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པའི་རིམ་པས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་གཏི་མུག་གི་རིགས་ཀྱི་དམ་ཚིག་བསྟན་པར་བྱ་སྟེ། བཞི་པའི་བདག་ཉིད་ཡིན་པས་ན་བདེ་བ་ཆེན་པོའོ། །ཚོགས་གཉིས་དང་ལྡན་པས་ན་དཔལ་ལྡན་ནོ། །ཡེ་ཤེས་ནི་གསུམ་མོ། །ཐར་བ་ནི་འོད་གསལ་བའོ། །ཡེ་ཤེས་ཀྱི་སྒོ་ནས་ཐར་པ་སྒྲུབ་བར་མཛད་པས་ན་ཡེ་ཤེས་ཐར་པ་རབ་ཏུ་བསྒྲུབ་པའོ། །འདོད་ཆགས་དང་བྲལ་བ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་སྤང་བར་མཛད་པས་ན་རང་བཞིན་གྱིས་དག་པའོ། །གློ་བུར་གྱི་དྲི་མ་དང་བྲལ་བས་ན་གོས་མེད་པའོ། །བྱང་ཆུབ་གསུམ་དང་སྤྱོད་པ་གསུམ་མོ། །བྱང་ཆུབ་


DTG033_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་སྟེ། དེ་རྣམས་སྟོན་པར་མཛད་པས་ན་བྱང་ཆུབ་སྤྱོད་པ་རབ་བསྒྲུབ་པའོ། །གདུལ་དཀའ་ཐམས་ཅད་འདུལ་བར་མཛད་པས་ན་འོད་ཆེན་པོ་སྟེ་ལག་ན་རྡོ་རྗེའོ། །བྱ་བའི་རྒྱུད་ལ་སོགས་པ་ཐམས་ཅད་ཀྱི་གཙོ་བོ་ནི་དབང་མཛད་པའོ། །བོས་ནས་ནི་མངོན་དུ་བྱས་ནས་སོ། །རྫོགས་པའི་སངས་རྒྱས་ཀྱིས་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པས་སོ། །དམ་ཚིག་དེ་ཉིད་ཅེས་པ་ནི་གཏི་མུག་གི་རིགས་ཀྱི་སྡོམ་པ་གསུངས་སོ། །རིན་ཆེན་ཆོས་ཞེས་བ་ནི་རིམ་པ་གཉིས་པ་ལས་ཐོབ་པར་བྱ་བའི་འོད་གསལ་བའོ། །དེ་ལ་སྔགས་དང་ཕྱག་རྒྱའི་རིམ་པས་རབ་ཏུ་འཇུག་ནས་སླར་ཡང་འཆང་བའི་ཕྱོགས་མཆོག་སྤོང་བའི་ཕྱིར་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་སྣང་བ་ཐམས་ཅད་མཆོག་དང་ལྡན་པ་རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །ལུས་དེ་ཡིས་ནི་ཞེས་པ་ལ་སྒྱུ་མ་ལྟ་བུའི་ལུས་ཀྱིས་རྣམ་པར་སྨིན་པ་འཕྲོག་བ་ཞེས་པ་ནི་དཔལ་རྡོ་རྗེ་འཆང་གི་སྐུ་གཟུང་བ་གང་ཡིན་པ་དེ་ནི། རྫོགས་པའི་བྱང་ཆུབ་རབ་བསྒྲུབ་པའི། །ཞེས་པ་ནི་རིམ་པ་བཞི་པ་མྱོང་བ་སྔོན་དུ་འགྲོ་བའི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཚན་ཉིད་རྡོ་རྗེ་འཆང་གི་སྐུ་རྫོགས་པར་བྱེད་པ་དེ་ནི་རྫས་རྣམས་ཐམས་ཅད་མཆོག་གི་ངོ་བོ་ཐོབ་པའོ། །ཏིང་ངེ་འཛིན་དེས་བསམ་པ་ཐམས་ཅད་རྫོགས་པར་མཛད་པས་ན་ཡིད་བཞིན་ནོར་བུ་དང་འདྲ་བ་རྣལ་འབྱོར་བ་འགྱུར་རོ། །ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་ནོར་གྱི་རྒྱ་མཚོས་རབ་ཏུ་འགེངས་པའོ། །འདི་ནི་གཏི་མུག་རིགས་དག་གི །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱིའོ། །དམ་ཚིག་དེ་ཉིད་ཡིན་པར་བསྒྲགས། །ཞེས་པ་ནི་སྡོམ་པའི་ངེས་པའི་དོན་བཤད་པའོ། །དེས་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབས་པ་དང༌། མངོན་པར་བྱང་ཆུབ་པ་དང༌། ཟུང་དུ་འཇུག་པའི་རིམ་པ་རྣམས་བསྟན་ཏོ། །དཔག་མེད་ཅེས་པ་ལ་སོགས་པས་འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་བསྟན་པར་བྱ་སྟེ། བསྐལ་བའམ་བསྐལ་པ་སྟོང་གི་བར་དུ་བརྟན་པར་བཞུགས་པས་ན་ཚེ་དཔག་མེད་ནི་ཚེ་དཔག་ཏུ་མེད་པ་སྟེ་འོད་དཔག་ཏུ་མེད་པའོ། །སྒྱུ་མའི་སྐུ་ནི་ཡེ་ཤེས་ཀྱི་སྐུའོ།།


DTG033_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ནི་སྒྱུ་མའི་སྐུ་དེ་ལ་ཕུང་པོ་ལ་སོགས་དགང་ཞེས་པ་ནི་ཐ་མལ་པའི་ལུས་ལ་སོགས་པ་འཇུག་པར་བྱའོ། །སྒྱུ་མ་ལྟ་བུ་ཉིད་སྤང་བར་བྱ་བའི་ཕྱིར་ཡང༌། །ཤེས་དང་ཕ་རོལ་ཕྱིན་ལྡན་པའི། །ཞེས་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་འཛིན་པའི་ཏིང་ངེ་འཛིན་དག་གིས་སྟོང་པར་གྱུར་པའི་ཕུང་པོ་ལ་སོགས་པ་ཞེས་པ་ནི་སྒྱུ་མའི་ལུས་ལ་གནས་པའི་གཟུགས་ལ་སོགས་པ་དེར་བྱ་བ་ནི་མི་སྣང་བར་བྱའོ། །སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་དང་ཐམས་ཅད་སྟོང་པ་སྟེ་སྟོང་པ་བཞིའོ། །མཉམ་སྦྱོར་བའི་ཞེས་པ་ནི་རྒྱུ་དང་འབྲས་བུའི་རིམ་པའི་འབྲེལ་པས་སོ། །བྱང་ཆུབ་ཀྱི་ནི་ཚུལ་མཆོག་ཅེས་པ་ནི་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པ་ནི་བསྒོམ་པར་བྱའོ། །དེས་ན་མན་ངག་བཞི་ཐོབ་ནས་འགྲོ་བའི་དོན་བྱ་བའི་ཕྱིར་དང་ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་དང་དོན་དམ་པའི་རང་བཞིན་དབང་པོ་གཉིས་དབྱེར་མེད་པའི་མཚན་ཉིད་ཀྱི་སྦྱོར་བས་སོ། །གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ཐམས་ཅད་སོ་སོར་སྡུད་པ་དང་བསམ་གཏན་གྱི་ཡན་ལག་དག་གིས་ཉེ་བར་སྤྱོད་ཅིང་བླང་བར་བྱའོ་ཞེས་བསྟན་ཏོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའོ། །འདོད་ཆགས་ཆེན་པོའི་ཚུལ་ཞེས་པ་ནི་འགྲོ་བའི་དོན་མཛད་པའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པའི་ལམ་མོ། །ཐེག་པ་གཞན་ལ་ལྟོས་པས་མཆོག་གོ་ཞེས་པ་ནི་ཕུལ་དུ་བྱུང་བའོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པའི་རིམ་པ་རྣམས་བསྟན་ཏོ། །དེ་ནས་ཞེས་པ་ལ་སོགས་པ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དག་གི་དམ་ཚིག་བསྟན་ཏེ། བརྟན་པ་དང་གཡོ་བའི་བདག་ཉིད་ཡིན་པས་ན་སྣ་ཚོགས་སོ། །རྡོ་རྗེ་མི་ཕྱེད་གསུམ་ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ། །ཕུང་པོ་ལ་སོགས་པ་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བརྫུན་དང་རྩུབ་མོའི་ཚིག་སོ་སོའི་སྐྱེ་བོ་རྣམས་ལ་སྤྱོད་ཡུལ་མ་ཡིན་པས་ཐོས་པར་དཀའ་བ་རྣལ་འབྱོར་པས་སློབ་པ་གང་ཡིན་པ་དེས་ནི་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེས་ནི་སེམས་རྣམ་པར་དག་པའི་རིམ་པ་


DTG033_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །ངེས་པའི་དོན་ཏོ་ཞེས་པ་ནི་རྫོགས་པའི་རིམ་པ་བསྟན་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོའི་འཁོར་གྱི་ནང་ན་གནས་པ་ཞེས་བྱ་བ་ལ་སོགས་པས་མ་འོངས་པའི་སེམས་ཅན་རྣམས་ཡོངས་སུ་གཟུང་བའི་ཕྱིར། བྱང་ཆུབ་སེམས་དཔས་ཇི་ལྟར་འདྲི་བ་དེ་བསྟན་པར་བྱ་སྟེ། དམ་ཚིག་ལྔ་བསྟན་པའི་འོག་ཏུའོ་ཞེས་པ་ནི་ཁྱད་པར་གྱི་དོན་མི་ཤེས་པའི་དམ་ཚིག་ལྔ་བསྟན་པའི་ཕྱི་ནས་སོ། །དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་གྱུར་པས་ན་ཞེས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྟེ་སྡུད་པ་པོ་ཡིན་པའི་ཕྱིར་རོ། །རྡོ་རྗེས་མཚན་པས་ན་ཞེས་པ་ནི་རྡོ་རྗེའི་ཕྱག་མཚན་འཛིན་པས་སོ། །དེ་ལ་སོགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཏེ་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པའོ། །འཇིག་རྟེན་པ་དང་འགལ་བའི་ཚིག་དང་ཞེས་པ་ནི་སྲོག་གཅོད་པ་ལ་སོགས་པའི་ཚིག་གོ །ལྡན་པ་ནི་ཕ་རོལ་ལ་ཕན་འདོགས་པའི་མཚན་ཉིད་དེའི་སྒོ་ནས་ཏིང་ངེ་འཛིན་གྱི་ཁྱད་པར་ཞེས་པ་ནི། བསྐྱེད་པའི་རིམ་པ་ལ་སྔགས་དང་ཕྱག་རྒྱའི་རིམ་པས་གཞན་ལ་ཕན་འདོགས་པའི་མཚན་ཉིད་རྫོགས་པའི་རིམ་པ་ལ་ཡང་སེམས་རྣམ་པར་དག་པ་ལ་སོགས་པས་འོད་གསལ་བ་རྟོགས་པའི་མཚན་ཉིད་དོ། །སྟོན་པར་མཛད་པས་ཞེས་པ་ནི་དེ་གསལ་བར་གསུངས་པས་སོ། །དོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས་ཞེས་པ་ནི་འཇིག་རྟེན་དང་འགལ་བའི་ཚིག་ཐོས་པས་ངོ་མཚར་དུ་གྱུར་པ་དང༌། དེའི་རྣམ་པར་དག་པ་ཐོས་པས་རྨད་དུ་གྱུར་པ་ཞེས་བྱ་བ་ནི་དབྱེ་བའོ། །གལ་ཏེ་དེ་ལྟར་ཡིན་ན་སླར་ཡང་ཅིའི་ཕྱིར་འདྲི་བར་བྱེད་ཅེ་ན། སྨྲས་པ་མ་འོངས་པའི་པདྨ་ལ་སོགས་པ་དབང་པོ་དམན་པ་རྗེས་སུ་གཟུང་བའི་ཕྱིར་ཞེས་བཤད་ཟིན་ནོ། །འཁོར་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་བཅོས་པར་འདྲི་བ་ཞེས་པ་ལ་སོགས་པས། ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་རྡོ་རྗེ་འཆང་དང་དེ་བཞིན་གཤེགས་པ་རྣམས་ཐ་མི་དད་པར་བསྟན་ཏོ། །ཐ་མི་དད་པ་ཡང་བྱ་བ་གཅིག་ཡིན་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་པ་འདིས་ནི་གསུང་བ་ངན་པ་མི་སྟོན་པ་ཉིད་དུ་བསྟན་ཏོ། །རང་གི་མཚན་ཉིད་འཛིན་པ་སྟེ། །ཞེས་པ་ནི་རབ་ཏུ་རྣམ་པར་


DTG033_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པ་ཉིད་དུ་འཛིན་པས་ན་ཁམས་ནི་ཤེས་རབ་བསྟན་ཏོ། །དེ་ཉིད་བཤད་པའི་ཕྱིར། རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་ཤེས་རབ་པོ་ཞེས་པ་ནི་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་རྟོགས་པར་བྱེད་པའི་བློ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་ཆུང་བ་ལ་སོགས་པའི་དབྱེ་བས་དེ་ཉིད་རྣམ་པ་གསུམ་བསྟན་ཏོ། །དེས་ན་ཁམས་གསུམ་པ་དམན་པ་ལ་སོགས་པའི་ཤེས་རབ་དང་ལྡན་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་པ་སྟེ་ཞེས་པ་ནི་དེ་རྣམས་ཀྱིས་མི་འདའ་བའི་ཚིག་མ་ཡིན་པའོ། །རབ་འབྲིང་ཞེས་བྱ་བ་ལ་སོགས་པས་དོན་དེ་ཉིད་བསྟན་ཏོ། །མེའི་གྲང་བ་བཞིན་ནོ་ཞེས་པའི་དཔེས་སྔར་མ་བྱུང་བ་ཉིད་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར། སྔོན་ཆད་མ་བྱུང་བ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །རབ་ཏུ་འཇུག་པར་བྱེད་པ་ཡིན་པས་ན་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་གིས་ཐམས་ཅད་འཇུག་པར་འགྱུར་བས་སོ། །གཟུང་བར་བྱ་བ་ཡིན་པའི་ཕྱིར། །ཞེས་པ་ནི་དེ་བཞིན་གཤེགས་པའི་གསུང་བླང་བར་བྱ་བ་ཡིན་པའི་ཕྱིར་རོ། །འཁོར་གཉིས་ཀྱི་ནང་དུ་ཞེས་པ་ནི་རྫོགས་པ་དང་མ་རྫོགས་པའི་ཚོགས་ཀྱི་ནང་དུའོ། །འགྱོད་པ་སྐྱེད་པ་ནི་སྲོག་གཅོད་པ་ལ་སོགས་པའི་རྣམ་པར་སྨིན་པ་དཀའ་བ་ཐོས་པའི་ཡིད་མི་བདེ་བར་བྱེད་པའོ། །མ་གསུང་ཤིག་ཅེས་བྱ་བ་ནི་གསུང་བ་མི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ །བཤད་མ་ཐག་པའི་ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་དགོངས་པ་ལ་མཁས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་འོངས་པ་དབང་པོ་དམན་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་དོན་དུ་དགོངས་པས་བཤད་པའི་ཟབ་པའི་རྡོ་རྗེའི་ཚིག་རྣམས་འདྲི་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ལན་བཏབ་པོ་ཞེས་བསྟན་ཏོ། །སྦྱར་རོ་ཞེས་པ་ནི་བྱ་བ་བྱེད་པའི་ཚིག་སྦྱར་བར་བྱའོ། །དོན་བཤད་ཟིན་པ་ནི་ལེའུ་དང་པོ་ནས་སོ། །རྡོ་རྗེའི་རིགས་ལ་སོགས་པ་ཞེས་པ་ནི་རྡོ་རྗེ་དང་པདྨ་དང་བཞིན་གཤེགས་པ་དང་ཡིད་བཞིན་ནོར་བུ་དང་དམ་ཚིག་གི་རིགས་སོ། །ཇི་སྐད་དུ། ཞེ་སྡང་གཏི་མུག་འདོད་ཆགས་དང༌། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ནི་དེ་རྣམས་ལྔ་པོ་སྟེ། །འདོད་དང་ཐར་པར་བསྒྲུབ་པའོ། །ཞེས་འབྱུང་ངོ༌། །


DTG033_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་སྐྱེས་པས་ནི་ཞེས་པ་ལ། རིགས་ལྔའི་དམ་ཚིག་སྤྱོད་པ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ལ་ཐེ་ཚོམ་སྐྱེ་བའི་སྒོ་ནས་ཞེས་པ་ནི་སྒྲ་ཇི་བཞིན་པ་ཙམ་ཐོས་པ་ལས་སྐྱེས་པ་སྨོད་པའི་སྒོ་ནས་སོ། །ངན་ཅིང་དམན་པའི་འདུ་ཤེས་ནི། །ཞེས་པ་ལ་ཆུང་བའི་འདུ་ཤེས་སོ། །འཇིག་རྟེན་གྱིས་སྨད་པའི་འདུ་ཤེས་ཞེས་པ་ནི་འཇིག་རྟེན་པ་སུན་འབྱིན་པས་སོ། །དེ་ལྟ་བུའི་ཞེས་པ་ལ་སོགས་པས་རང་གིས་སྨོད་པ་དང༌། འཇིག་རྟེན་པས་སྨོད་པ་འདུ་ཤེས་གཉིས་བྱ་བ་མི་རིགས་སོ། །དམན་པའི་འདུ་ཤེས་བསྐྱེད་པའི་ཉེས་པ་བསྟན་པའི་ཕྱིར་ཞེས་པ་ལ་རྩ་བའི་ལྟུང་བའི་འཇིགས་པ་མཐོང་བའི་ཕྱིར་རོ། །རྒྱུ་གང་གིས་ན་ཞེས་པས་དེ་མི་བྱེད་པ་ཉིད་བསྟན་ཏོ། །བསྟན་པ་འདི་ལ་སྤྱོད་པ་གཉིས་ཏེ། མཆོག་གི་སྤྱོད་པ་དང༌། སྔགས་ཀྱི་སྤྱོད་པའོ། །དེ་ལ་མཆོག་གི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །འགལ་བའམ་མི་འགལ་བའི་བྱ་བས་རང་དང་གཞན་གྱི་དོན་གྲུབ་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །དེ་ལ་འགལ་བའི་སྤྱོད་པ་ནི་སྲོག་གཅོད་པ་ལ་སོགས་པའི་སྒོ་ནས་སོ། །མི་འགལ་བའི་སྤྱོད་པ་ནི་བསྟན་པ་དང་སྨིན་པ་ལ་སོགས་པའི་སྒོ་ནས་སོ། །རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་པོ་རྟོགས་པས་མཉམ་པར་བཞག་པ་དང༌། མ་བཞག་པའི་སྐབས་སུ་གཞན་གྱི་དོན་སྒྲུབ་པར་བྱེད་པའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །དེ་ལྟར་སློབ་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། རྫོགས་པའི་དུས་སུ་དེ་བཞིན་གཤེགས་པའི་སྤྱོད་པ་སྟེ་བརྟགས་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་པ་དག་གི་སྤྱོད་པ་གཉིས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་མཆོག་གི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཚེ་འདི་ཉིད་ལ་ཞེས་པ་ནི་མཐོང་བའི་ཆོས་ལའོ། །རང་གི་ངོ་བོ་ཡོངས་སུ་བརྫེ་བ་ཡིན་པས་སོ་ཞེས་པ་ནི་ཐ་མལ་བའི་ངོ་བོ་སྤངས་ནས་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྤྱོད་པ་གཉིས་ཉེ་བར་བསྡུས་ནས་དེའི་འབྲས་བུ་བསྒྲུབ་པ་བདེན་པ་གཉིས་ཀྱི་སྒོ་ནས་བསྟན་པར་བྱ་སྟེ་ཚིག་གི་ཕྲད་བསྡུ་བ་སྟེ་ཞེས་པ་ནི་ཚིག་ཕྲད་གཉིས་སོ། །དཔེར་ན་ཞེས་


DTG033_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དོན་ལ་ཞེས་པ་ནི་དཔེ་སྟོན་པའི་སྒྲ་ལ་འཇུག་སྟེ། ཚིག་ཕྲད་ཀྱི་དོན་དུ་མ་ཡིན་པའི་ཕྱིར་རོ། །ནམ་མཁའ་ནི་དོན་དམ་པའི་བདེན་པའོ་ཞེས་པ་ནི། འདུས་མ་བྱས་པ་དང་བསྟན་པ་མེད་པ་དང་ཐོགས་པ་མེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་ལ་རྗེས་སུ་སོང་ཞིང་ཁྱབ་པའོ་ཞེས་པས་ནི་དངོས་པོ་ཐམས་ཅད་ཀྱི་རང་དབང་དང་གཞན་བྱེད་པ་པོ་ཉིད་བཀག་གོ །རྒྱུ་དང་རྐྱེན་ལས་བྱུང་བའི་ཆོས་ནི་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་ཞེས་བྱའོ། །རྟེན་ཅིང་འབྲེལ་པ་ལས་འབྱུང་བ་གང་ཡིན་པ་དེ་རྣམས་མ་སྐྱེས་པ་ཉིད་དོ། །ཇི་སྐད་དུ། གང་ཞིག་རྒྱུ་ལས་བསྐྱེད་པ་ཉིད། །རྐྱེན་མེད་པས་ནི་གནས་མི་འགྱུར། །རྐྱེན་མེད་པ་ནི་འགག་འགྱུར་བ། །དེ་ནི་ཡོད་ཅེས་ཇི་ལྟར་རྟོགས། །དེ་ལྟར་གྱུར་པའི་ཆོས་རྣམས་ལ། །ནམ་མཁའ་ཁྱབ་པར་འཇུག་པ་སྟེ། །དེ་ཡི་རང་བཞིན་ཡིན་པས་སོ། །ཕུང་པོ་ལ་སོགས་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཐམས་ཅད་དེ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། ནམ་མཁའ་མེད་པས་དེ་རྣམས་ལ་གླགས་སྐབས་མི་ལྡན་པས་ཞེས་བསྟན་ཏོ། །གཏན་ཚིགས་བསྟན་པའི་ཕྱིར་ཆོས་དང་ཆོས་ཉིད་དབྱེར་མེད་པའི་ཕྱིར་ཞེས་སྨོས་ཏེ། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་པ་དང་སྟོང་པ་ཉིད་གཟུགས་དང་གཟུགས་སྟོང་པ་ཉིད་དོ་ཞེས་རྒྱལ་བའི་ཡུམ་ལས་གསུངས་པའི་ཕྱིར་རོ། །ཆོས་ཉིད་ལས་ཆོས་ཐ་དད་མིན། །རྣམ་པ་གཉིས་མིན་གཉིས་མེད་པ། །དེ་ལྟར་ཆོས་ནི་བསམ་པར་བྱ། །མེད་པར་མི་འབྱུང་ངེས་པ་ནི། །བྱས་པ་དང་ནི་མི་རྟག་བཞིན། །ཞེས་འབྱུང་ངོ༌། །འདོད་པའི་ཁམས་ལ་མི་གནས་སོ། །ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་དོན་སྤྲོས་ནས་བཤད་པར་བྱ་སྟེ། གཟུགས་ལ་སོགས་པ་ཚོལ་བ་ཞེས་པ་ནི་ཡུལ་སྤྱོད་པའི་མཚན་ཉིད་དང་ལྡན་པའི་འདོད་པའི་ཁམས་ཡིན་པས་སོ། །རྒྱལ་ཆེན་རིས་བཞི་ལ་སོགས་པའི་ལྷ་རྣམས་ཞེས་པ་ནི་ལྷའི་རིས་དྲུག་གོ །དེ་རྣམས་འཛིན་པ་ཞེས་པ་ནི་དེའི་གཞིར་གྱུར་པའི་ཕུང་པོ་ལ་སོགས་པའོ། །དེར་ཡང་མི་གནས་ཏེ་ཞེས་པ་ནི་འདོད་པའི་ཁམས་རང་བཞིན་མེད་པས་སོ། །རྟེན་མེད་བརྟེན་པ་ནི་གང་དུ་གནས་ཞེས་དགོངས་པའོ། །གཏན་ཚིགས་


DTG033_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཕྱིར། འདོད་པའི་ཁམས་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གཟུགས་ཙམ་ལ་ཆགས་པ་ཞེས་པ་ནི་གཟུགས་ཙམ་ལ་དམིགས་ནས་བསམ་གཏན་བཞི་གནས་པའོ། །རྟོག་པ་དང་བཅས་པ་ལ་སོགས་པའི་བསམ་གཏན་ལ་གནས་པས་དེ་རྣམས་ཀྱིས་ཚོར་བ་ལ་སོགས་པ་ལ་ཆགས་པ་མེད་དོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བས་རྣམ་པར་ཤེས་པ་ཙམ་དུ་གནས་པ་དེ་ནི་ཞེས་པ་ནི་གཟུགས་མེད་པ་སྟེ་འབའ་ཞིག་རྣམ་པར་རིག་པ་ཙམ་གྱི་དབྱེ་བ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་རིག་པ་ཙམ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་རིག་པ་ཙམ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་རིག་པ་ཙམ་དང༌། ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་རིག་པ་ཙམ་མོ། །དེ་དག་ན་ཡང་མི་གནས་སོ་ཞེས་པ་ནི་དོན་དམ་པའི་བདེན་པའི་ངོ་བོ་དེ་དག་ཡིན་པས་སོ། །རླུང་གི་དཀྱིལ་འཁོར་ལ་སོགས་པ་རིམ་གྱིས་གནས་པའི་ཞེས་པ་ནི་རེ་ཞིག་དང་པོ་སའི་འོག་ཁྱབ་ནས་གནས་པ་མཐའ་ཡས་པ་རླུང་གི་དཀྱིལ་འཁོར་ཡོད་དེ། དེའི་སྟེང་དུ་དེས་བུས་པས་མེའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་ཡང་ཆུའི་དཀྱིལ་འཁོར་ཟླུམ་པོའི་རྣམ་པ་ཅན་དེའི་སྟེང་དུ་སའི་དཀྱིལ་འཁོར་གླིང་བཞི་རི་རབ་དང་བཅས་པ་རོལ་པའི་མཚོ་བདུན་གྱིས་བསྐོར་བ་ཡོད་དོ་ཞེས་གོ་རིམས་པའོ། །རྒྱུ་བ་ནི་འགྲོ་བ་རིགས་དྲུག་པའི་སེམས་ཅན་གྱི་སྐྱེ་གནས་བཞིའོ། །མི་རྒྱུ་བ་ནི་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་ནོ། །གཞིར་གྱུར་པ་ཞེས་པ་ནི་གཉི་གའི་རྟེན་དུ་གྱུར་པའོ། །དེ་ལ་ཡང་མི་གནས་ཏེ་ཞེས་པ་ནི་ཕུང་པོ་ལ་སོགས་དེ་རྣམས་ལ་ཡང་གནས་པ་མ་ཡིན་ནོ། །གཏན་ཚིགས་བཤད་པའི་ཕྱིར། ཐམས་ཅད་ཀྱང་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་པ་ནི་དེ་དག་ཐམས་ཅད་སྟོང་པའི་ངོ་བོ་ཡིན་པས་སོ། །དེ་ལྟར་ཞེས་པ་ནི་དཔེ་ལས་བྱུང་བ་བསྟན་པར་བྱ་སྟེ། དཔེ་ལས་བྱུང་བ་དེ་བཞིན་ཉིད་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་གསལ་བར་བཤད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཞེས་པ་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་དངོས་པོ་རྣམས་སོ། །དོན་དམ་པའི་བདེན་པ་ཞེས་པ་ནི་དེ་རྣམས་དེ་ལ་གནས་པས་སོ། །གཞན་གྱི་རྒྱུ་དང་ཞེས་པ་ནི་ཚོགས་པ་ལས་


DTG033_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར་རང་ཉིད་མ་གྲུབ་པ་ཞེས་བྱའོ། །གང་ཡང་གཅིག་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཚོགས་པ་ལ་ནི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་འབྱུང་བས་ཁ་ཅིག་སྐྱེ་བ་འམ་འགོག་པར་མི་འགྱུར་རོ། །འདིར་ནི་ཁ་ཅིག་མི་སྐྱེ་ཞིང༌། །ཁ་ཅིག་ཀྱང་ནི་འཆི་མི་འགྱུར། །སེམས་ཀྱི་ངོ་བོ་རྣམས་གནས་པའི། །འཁོར་བ་ཉིད་དུ་ཤེས་པར་བྱ། །མ་རིག་རྐྱེན་ལས་འབྱུང་བ་ནི། །ཡང་དག་ཡེ་ཤེས་མཐོང་འགྱུར་ན། །སྐྱེ་བ་འམ་ནི་འགོག་པ་དག །གང་ཡང་འགྲུབ་པར་མི་རིགས་སོ། །ཞེས་འབྱུང་བས་སོ། །དངོས་པོའི་རང་བཞིན་དེ་ལྟར་གྱུར་པས་མཁྱེན་ཅིང་ཐུགས་སུ་ཆུད་ཅིང་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་པོ་དམན་པ་ལ་སོགས་པའི་དབྱེ་བ་ལ་དམིགས་ནས་དེ་དང་མཐུན་པར་སྟོན་པར་མཛད་དོ། །རྣམ་པར་མི་རྟོག་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་བཞིན་དུ་སེམས་ཅན་རྣམས་ལ་བསྟན་པ་དང༌། ཡོངས་སུ་སྨིན་པར་མཛད་དེ། དེ་རྣམས་ཀྱིས་ཀྱང་སྟོན་པར་བྱེད་པ་དང་བསྟན་པའི་རྣམ་པར་རྟོག་པའི་དབྱེ་བས་དམིགས་པར་མི་འགྱུར་རོ་ཞེས་བསྟན་ཏོ། །ད་ལྟར་ཞེས་བྱ་བ་ལ་སོགས་པས་སྲོག་གཅོད་པ་ལ་སོགས་པ་འགལ་བའི་སྒྲའི་ངེས་པའི་དོན་གྱི་སྒོ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ལྔའི་དོན་ཤེས་པར་བྱའོ་ཞེས་པ་ལས་འབྱུང་བའོ། །ད་ཡང་མཁྱེན་ནས་ཞེས་བྱ་བ་ནས་བརྩམས་ཏེ་རྗེས་སུ་རིག་པར་བྱའོ་ཞེས་བྱ་བའི་གཞུང་གིས་བཤད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་དམ་ཚིག་རྣམས་ཀྱི་རྣམ་པར་དག་པ་བཤད་ནས་དཔེའི་སྒོ་ནས་ཟུང་ངུ་འཇུག་པའི་ཏིང་ངེ་འཛིན་གྱིས་ཐོབ་པར་བྱ་བར་རྡོ་རྗེའི་སྐུ་བསྐྱེད་པ་བརྩམ་པར་བྱ་སྟེ། སྟེང་གི་ཤིང་བུའི་ཞེས་པ་ནི་བྱེད་པའོ། །གཞི་སྟེ་ནི་འོག་མའི་ཤིང་བུའོ། །གཉི་ག་བེམས་པོ་ཡིན་པས་མེ་སྐྱེད་པ་ལ་མི་ནུས་པའི་ཕྱིར། མིའི་ལག་པའི་རྩོལ་བ་ལྷན་ཅིག་བྱེད་པའོ། །དེས་ན་སྟེང་མ་དང་འོག་མའི་ཤིང་བུ་ནི་ཉེ་བར་ལེན་པའི་རྒྱུ་དང་མིའི་ལག་པའི་བྱ་བ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །ཡང་ན་གསུམ་པོ་དེ་དག་ཀྱང་གསལ་བའི་རྒྱུ་ཡིན་ཏེ། །དེ་རྣམས་ཀྱིས་མེ་གསལ་བར་བྱེད་


DTG033_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །དེ་ལྟར་ཤིང་ལ་གནས་པའི་མེ། །སྒྲུབ་པ་མེད་པར་མི་འབྱུང་སྟེ། །དེ་བཞིན་གོམས་པ་མེད་པས་ནི། །འདིར་ནི་བྱང་ཆུབ་ཐོབ་མི་འགྱུར། །ཞེས་འབྱུང་ངོ༌། །གསུམ་པོ་དེ་དག་གི་རྐྱེན་ལ་བརྟེན་ཅིང་ཞེས་པ་ནི་རྒྱུ་གསུམ་པོ་ལ་དམིགས་ནས་སོ། །དྲོ་བའི་འོག་ཏུ་ཞེས་བྱ་བ་ལ་སོགས་པས་མེ་བསྐྱེད་པའི་གོ་རིམས་བསྟན་ཏོ། །འདུས་ཏེ་འབྱུང་བར་འགྱུར་རོ་ཞེས་པ་ནི་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་མེའི་ཁམས་སོ། །དེས་ནི་དངོས་པོ་རྣམས་རང་དབང་འགྲུབ་པ་བཀག་གོ །གཙུབ་ཤིང་ལ་ཡང་མི་གནས་པ། །ཞེས་པ་ནི་སྟེང་གི་ཤིང་བུ་ལ་མི་གནས་པ་སྟེ་གཙུབ་སྟན་དང་མིའི་ལག་པའི་བྱ་བ་མེད་ན་གཅིག་པུ་དེ་ལས་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་གཙུབ་སྟན་མེད་པས་ཇི་ལྟར་གཉི་ག་ལས་མི་འབྱུང་སྟེ། དེ་ལྟར་གཅིག་ཅིག་མེད་པས་ཀྱང་མི་འབྱུང་བ་ཞེས་རྟོགས་པར་བྱ་སྟེ། གཅིག་ཅིག་ནི་སྐྱེད་པ་པོ་མ་ཡིན་གྱི་ཚོགས་པ་ནི་སྐྱེད་པ་པོ་ཡིན་ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སོ་སོར་དམིགས་སུ་མེད་དོ་ཞེས་པ་ནི་རེ་རེ་ལས་མི་འབྱུང་བའི་ཕྱིར་རོ། །ཚོགས་པ་ལས་ཞེས་པ་ནི་ཚོགས་པའི་འབྲེལ་པ་ལས་ཞེས་བྱ་བའོ། །དེ་དག་གོང་ནས་གོང་དུ་སྐྱེ་བར་འགྱུར་རོ་ཞེས་པ་ནི། དམན་པ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་སོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་དཔེ་ལས་འབྱུང་བ་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡིན་པའི་ཕྱིར་ཞེས་པ་ནི་འོད་གསལ་བ་ལས་སངས་རྒྱས་ཐམས་ཅད་འབྱུང་བས་སོ། །རྡོ་རྗེ་ནི་ཆེན་པོ་སྟོང་པ་ཉིད་ངོ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྤོང་བས་སོ། །དམ་ཚིག་ནི་ཤིན་ཏུ་སྤོང་བ་ཉིད་ཅེས་པ་ནི། ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པ་སྤངས་པས་སོ། །སྟོང་པ་ཉིད་དོ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་དང་པོ་རྟོགས་པས་སོ། །གསུམ་པོ་དེ་དག་གིས་ཞེས་པ་ནི་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་ཕྱི་ནས་འབྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྟོགས་པ་བསྟན་ཏོ། །སྟོང་པ་གསུམ་གྱིས་རིམ་གྱི་དོན་དམ་པའི་བདེན་པར་འགྲོ་བའོ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་རང་བཞིན་དང་སྣང་བ་སྤོང་བས་ཟླ་བ་དང་ཉི་མ་དང་


DTG033_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་སྣང་བ་མཐོང་བས་དག་པ་ནམ་མཁའ་དང་འདྲ་བ་འོད་གསལ་བ་ལ་འཇུག་པའོ། །ཡང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སྟོང་པ་ཆེན་པོ་ལ་སོགས་པའི་གོ་རིམས་ཀྱིས་འོད་གསལ་བ་ལས་ཅིག་ཅར་དུ་ཡེ་ཤེས་ཀྱི་སྐུ་སྤྲོ་བ་ནི་འོང་བའོ། །འགྲོ་བ་དང་འོང་བ་མེད་པ་ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཁོང་དུ་ཆུད་ནས་ཟུང་ངུ་འཇུག་པའི་ཏིང་ངེ་འཛིན་ལ་འགྲོ་བ་དང་འོང་བ་མེད་དེ་རྫོགས་པ་དང་མི་སློབ་པས་སོ། །ཟུང་འཇུག་ཏིང་ངེ་འཛིན་ལ་གནས་པས་སླར་ཞིང་གང་ལའང་མི་སློབ་པོ། །འདི་ནི་རྫོགས་པའི་རྣལ་འབྱོར་ཞེས། །དེ་ཡང་རྡོ་རྗེ་འཆང་ཆེན་པོ། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཐམས་ཅད་མཁྱེན་པ་དེ་ལས་འབྱུང༌། །ཞེས་བསྟན་པས་སོ། །རྫོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་རྫོགས་པའི་རིམ་པ་ཡོངས་སུ་རྫོགས་པ་ལ་ཞེས་བྱ་བའི་དོན་ཏོ། །འདིར་ནི་བསྡུས་པའི་དོན་འདི་ཡིན་ཏེ། ཇི་ལྟར་གཙུབ་ཤིང་ལ་སོགས་པའི་ཚོགས་པ་ཕྲད་པ་ལས་མེ་བསྐྱེད་དེ། འོན་ཏེ་དེ་རྣམས་རྣམ་པར་དཔྱད་ན་ལོགས་སུ་བསྐྱེད་པར་མི་འགྱུར་བ་དེ་བཞིན་དུ་འགྲོ་བ་དང་འོང་བ་ལ་སོགས་པ་རིམ་གྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་ཤེས་པར་བྱའོ། །འགྲོ་བ་ལ་སོགས་པ་རང་མེད་པས་ཀྱང་རྡོ་རྗེ་འཆང་གི་སྐུ་རྫོགས་པར་བྱེད་དེ། །དེ་བས་ན་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་འདི་རྣམ་པ་སྣ་ཚོགས་པ་དང་སངས་རྒྱས་ཀྱི་རོལ་མོ་སྣ་ཚོགས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཐོབ་ནས་དགའ་བར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་ཐོབ་པའི་དོན་མཆོག་ཏུ་འཛིན་པས་བསྟོད་པ་དེ་བསྟན་པར་བྱ་བའི་ཕྱིར་བརྩམ་པར་བྱ་སྟེ། དེ་ནས་སྐད་ཅིག་དེ་ཉིད་ལས་ཞེས་པ་ནི་དང་པོ་མྱོང་བའི་སྐད་ཅིག་མ་ལའོ། །སྣང་བ་སྐྱེས་པས་ཞེས་པ་ནི་སྟོང་པ་ལ་སོགས་པའི་རིམ་པས་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་བསྐྱེད་པས་སོ། །དེ་ནས་ཆོས་ཉིད་རྟོགས་ནས་ཞེས་པ་ནི་འོད་གསལ་བ་མངོན་དུ་བྱས་ནས་སོ། །ཡང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་མ་རིག་པ་མྱོང་བའི་འོག་ཏུ་ཐབས་ཀྱི་ཡེ་ཤེས་བསྐྱེད་ཅིང་སྣང་བའི་ཡེ་ཤེས་ཀྱི་མིག་གདངས་པ་ཞེས་པ་ནི་


DTG033_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་སྐུ་དང་ལྡན་པར་འགྱུར་རོ། །དེས་ནི་སྟོང་པ་ལ་སོགས་པའི་རིམ་པས་འོད་གསལ་བ་མྱོང་ཞིང་ཡང་སྟོང་པ་ཆེན་པོ་ལ་སོགས་པའི་རིམ་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡེ་ཤེས་ཀྱི་སྐུ་གཟུང་བ་ཉེ་བར་བསྟན་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེ་བར་སྟོན་པ་གང་ཡིན་པ་དེ་དག་དབང་པོ་རྣོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་དུ་བྱས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་དོན་འདི་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པའི་སྒྲོ་ནས་བསྟན་པར་བྱ་སྟེ། སོ་སོ་རང་གིས་རིག་པའི་ཆོས་ཉིད་སྟོན་པ་ཞེས་པ་ནི་འོད་གསལ་བ་ལ་རབ་ཏུ་གསལ་བར་བྱེད་པའོ། །རྨད་བྱུང་ཆེན་པོའི་ཆོས་རྣམས་ནི་དོན་དམ་པའི་བདེན་པའོ་ཞེས་པ་ནི་དངོས་པོ་ཐམས་ཅད་དེ་ཉིད་དུ་ཐིམ་པ་དང་དེ་ལས་བྱུང་བས་སོ། །སྤྱི་ལ་མང་པོའི་ཚིག་གིས་ཞེས་པ་ནི་དངོས་པོ་རེ་རེ་ལ་ཁྱབ་པར་བྱེད་པ་ཞེས་བྱ་བས་གསལ་བའི་ཕྱོགས་ལ་བརྟེན་ཏེ། དེའི་སྤྱི་ལ་མང་པོའི་ཚིག་བརྟེན་ནས་སྨིན་པ་བཞིན་ནོ། །ཐམས་ཅད་དུ་ཁྱབ་པས་ན་ཞེས་པས་བརྟན་པ་དང་གཡོ་བའི་དངོས་པོའི་ཚོགས་ཁྱབ་པར་བྱེད་པས་སོ། །ཇི་སྐད་དུ། བུ་རམ་མངར་བ་མེ་ཡི་ནི། །ཇི་ལྟར་དྲོ་བའི་རང་བཞིན་ཏེ། །ཆོས་ཀུན་གྱིས་ནི་སྟོང་པ་ཉིད། །དེ་བཞིན་དུ་ནི་རང་བཞིན་འདོད། །རྣམ་བ་དུ་མས་ཐ་དད་པ། །དངོས་པོ་རྣམས་ནི་གོས་དང་འདྲ། །སྟོང་པ་ཉིད་མེས་བསྲེགས་གྱུར་པའི། །ཐལ་བའི་དབྱེ་བ་གང་ཡང་མེད། །ཅེས་འབྱུང་ངོ༌། །རྟོག་གེ་ཞེས་བྱ་བ་ལ་སོགས་པ་ནི་རྟོག་གེ་པ་རྣམས་ཀྱིས་ཕྱོགས་དང་གཏན་ཚིགས་དང་དཔེའི་སྒོ་ནས་དེ་ཁོ་ན་ཉིད་རྟོགས་པར་མི་ནུས་ཏེ། དེ་སྤྲོས་པ་མེད་པས་སོ། །ཇི་སྐད་དུ། །རྣམ་པར་རྟོག་པ་གཞན་བྱེད་པ། །རྣམ་པར་རྟོག་པ་ཀུན་རྫོབ་བཤད། །དེ་ཉིད་དམ་པའི་དོན་ཡིན་ཏེ། །རྣམ་པར་རྟོག་པ་ལྡོག་པས་སོ། །ཞེས་འབྱུང་ངོ༌། །དེ་བཞིན་དུ། རྟེན་ཅིང་མ་ངེས་མི་ཁྱབ་པ། །ཀུན་རྫོབ་དང་ནི་ཐ་དད་ལྡན། །བྱིས་པས་བརྟེན་པའི་རྟོགས་གེ་ནི། །དེ་ཕྱིར་དེ་ཡི་སྤྱོད་ཡུལ་མིན། །ཞེས་བཅོམ་ལྡན་འདས་བྱམས་པས་ཀྱང་གསུངས་སོ། །རྟོག་གེ་པས་ནི་མི་ཤེས་པ། །རྣལ་འབྱོར་བྱིས་པས་རྟོགས་མི་འགྱུར། །ཞེས་དགོངས་པ་ལུང་བསྟན་པ་


DTG033_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་ངོ༌། །སྒྱུ་མ་ལྟ་བུའི་སྐུ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཡོངས་སུ་དག་པས་ན་ཞེས་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གིས་མི་སྣང་བར་བྱེད་པས་སོ། །མིག་གི་དབང་པོའི་ཡུལ་དུ་གྱུར་པས་ན་ཞེས་པ་ནི་རིམ་པ་བཞི་པ་ལས་ཅིག་ཅར་དུ་ལངས་ཏེ་གདུལ་བྱ་རྣམས་ལ་སྣང་བར་འགྱུར་རོ། །རྡོ་རྗེ་འཆང་ཆེན་པོའི་སྐུའོ་ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་རྡོ་རྗེའི་སྐུར་གྱུར་ཏོ། །དོན་དམ་པའི་བདེན་པ་ནས་བརྩམས་ཏེ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུའོ་ཞེས་པ་ནི་སྟོང་བར་གྱུར་པས་ཀྱང་སྐུ་གཟུང་བ་འཛིན་པས་འགྲོ་བའི་དོན་མཛད་པས་ངོ་མཚར་རོ། །འོད་གསལ་བའོ་ཞེས་པ་ནི་རིམ་པ་གཉིས་པ་དང་བཞི་པས་རྟོགས་པར་བྱ་བའོ། །དེས་དག་པས་ནི་རང་བཞིན་དང་སྣང་བ་སྒྱུ་མའི་སྐུ་དག་པས་སོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དམ་པའི་བདེན་པའོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་དང་དབྱེར་མེད་པའི་ངོ་བོ་ཡིན་པས་དེ་ཁོ་ན་ཉིད་ཀྱི་དོན་ནི་ཟུང་ངུ་འཇུག་པའི་རིམ་པས་ཐོབ་པར་བྱ་བ་རྡོ་རྗེའི་སྐུའོ། །དེས་ནི་སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་པ་བཞི་པའི་བདག་ཉིད་ཅན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བསྟན་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོས་ཞེས་བསྟན་ཏོ། །དེ་ཉིད་ནི་འདའ་བར་མི་བྱ་བས་ན་ཞེས་པ་ནི་རིམ་པ་གཉིས་སོམ་པར་བྱེད་པའི་རྣལ་འབྱོར་པས་ངེས་པར་བསྒོམ་པར་བྱ་བས་སོ། །དེ་སྟོན་པའི་ཞེས་བྱ་བ་ལ་སོགས་པས་དེ་ལྟར་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་སྟོན་པར་བྱེད་པའི་གཞུང་གི་ཚོགས་གང་ཡིན་པ་དེ་ནི་ལེའུ་ཞེས་བསྟན་ཏོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྦྱོར་བས་རྫོགས་པའི་རིམ་པ་སོ་སོར་བསྟན་པས་སོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་དགུ་པའི་རྒྱ་ཆེར་བཤད་པའོ།། །།


no previousལེའུ་དགུ་པ། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་རྒྱ་ཆེར་བཤད་པ།next